ཐུབ་པའི་དགོངས་པའི་རྒྱན

Sanskrit title (Tibetan script, as in the text) མུ་ནི་མ་ཏ་ཨ་ལཾ་ཀཱ་ར

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 109 · folio 101a

བདེ་བའི་གནས་སྐབས་དང་ཟླ་མཚན་འཛག་པའི་གནས་སྐབས་ཀྱང་དུས་མ་ཡིན་པ་ཙམ་སྟེ། རྗེས་སུ་འཇུག་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་སྨད་པར་བྱ་བ་ཉིད་ཀྱི་ཕྱིར་འདི་རྣམས་ཐལ་ཆེས་པ་སྤང་བའི་དོན་ཉིད་དུ་གསུངས་པའོ། །རང་གི་ཆུང་མ་ལ་ཡང་དུས་མ་ཡིན་པ་

མངལ་དང་ལྡན་པ་དང་ནུ་ཞོ་འཐུང་བ་དང་ངེས་པ་དང་བཅས་པ་ལ་བགྲོད་པར་བྱེད་ན་དུས་མ་ཡིན་པར་བགྲོད་ལ་འདོད་པས་ལོག་པར་སྤྱོད་པར་འགྱུར་རོ་ཞེས་པ་ལུས་ཀྱི་ལས་ཀྱི་ལམ་གསུམ་མོ། །བརྫུན་དུ་སྨྲ་བ་ནི་གཞན་ལས་རྣམ་པ་གཞན་དུ་འདུ་ཤེས་པས་ངག་གམ་ལུས་ཀྱིས་བརྗོད་པར་འདོད་

པའི་དོན་རྟོགས་པར་བྱེད་པ་སྟེ་ཡན་ལག་ལྔ་ནི་དངོས་པོ་དང་རྣམ་པ་གཞན་དུ་འདུ་ཤེས་པ་དང་གཞན་དུ་བརྗོད་པར་འདོད་པ་དང་སྦྱོར་བ་བྱས་པ་དང་གསལ་པོར་བརྗོད་པའོ། །དེ་ལ་རྣམ་པ་གཞན་དུ་བརྗོད་པར་འདོད་པ་ནི་སླུ་བའི་བསམ་པའོ། །སྦྱོར་བ་ནི་སྨྲ་བར་འདོད་པའོ། །གལ་ཏེ་

དོན་གང་རྗོད་པར་བྱེད་པ་དེ་ལ་སླུ་བའི་བསམ་པར་འགྱུར་བ་དང་། གང་གི་དབང་དུ་བྱས་ནས་སྨྲས་པ་དེས་དོན་དེ་དག་དེ་ལས་གོ་ནའོ། །འདི་ལྟ་བུ་འདི་ནི་བརྫུན་དུ་སྨྲ་བའོ། །གཞན་དུ་ན་ཚིག་འཁྱལ་པ་ཉིད་དུ་འགྱུར་རོ་ཉོན་མོངས་པ་ཅན་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་ན་རེ་བརྗོད་པ་མེད་པར་དོན་རྣམ་

པ་གཞན་དུ་རྟོགས་པར་བྱེད་པ་དེ་བརྫུན་གྱི་དོན་རྟོགས་པར་བྱེད་པར་འགྱུར་གྱི་བརྫུན་དུ་སྨྲ་བ་ནི་མ་ཡིན་ཏེ། བརྗོད་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་པ་ཉིད་དེ། སྨྲ་བའི་སྒྲས་རྟོགས་པར་བྱེད་པ་ཉེ་བར་མཚོན་པ་སྟེ་དེ་ནི་ལུས་ཀྱིས་ཀྱང་ངོ་། །དེ་ལྟ་མ་ཡིན་ན་ལུས་ཀྱི་རྣམ་པར་རིག་བྱེད་ཅི་

ལྟར་ལས་ཀྱི་ལམ་འདིའི་ནང་དུ་བསྡུ་བར་བྱ། སོ་སོར་ཐར་པའི་མདོ་འདོན་པ་ནའང་ལྟུང་བ་དང་བཅས་བཞིན་དུ་ཅང་མི་སྨྲ་བར་གྱུར་ན་བརྫུན་དུ་སྨྲ་བར་གསུངས་པ་དེ་ཅི་ལྟར་དྲང་བར་བྱ། འདིའི་ངག་གི་དོན་གོ་བ་ཉིད་ནི་ངག་གི་ལས་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ལྟར་ནི་བཅོམ་ལྡན་འདས་མར་

རྨི་ལམ་ནི་བརྫུན་དུ་སྨྲ་བ་སྟེ་ཞེས་པ་འདི་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རྣམ་པར་བཤད་པ་ནི། ཡང་དག་པའི་དོན་ཅན་མ་ཡིན་པ་ཉིད་ཀྱིས་དེ་དང་འདྲ་བའོ་ཞེས་སོ། །ཕྲ་མ་ནི་ཕ་རོལ་འགྲོགས་པ་རྣམས་སམ་འཁོན་སྐྱེས་པ་རྣམས་དབྱེ་བའི་དོན་ནམ་མི་འདུམ་པའི་དོན་དུ་ཉོན་མོངས་པ་ཅན་གྱི་

Vol. 109 · folio 101b

སེམས་ཀྱིས་འདི་དག་དབྱེ་བའམ་མི་འདུམ་པར་བྱའོ་ཞེས་མི་མཐུན་པར་བྱས་པའི་ཚིག་སྟེ། ཡན་ལག་ལྔ་ནི་དབྱེ་བ་དང་དེར་འདུ་ཤེས་པ་དང་དབྱེ་བར་འདོད་པ་དང་སྦྱོར་བ་བྱས་པ་དང་འབྱེད་པར་སྨྲས་པའོ། །གལ་ཏེ་གང་གི་དབང་དུ་བྱས་ནས་སྨྲས་པ་དེས་དོན་དེ་གོ་ནའོ། །གཞན་དུ་ན་ཚིག་འཁྱལ་

པ་ཉིད་དེ་ཉོན་མོངས་པ་ཅན་ཉིད་ཀྱི་ཕྱིར་རོ། །ཕན་པའི་བསམ་པ་ཅན་གྱིས་གྲོགས་ངན་པ་དང་དབྱེ་བའི་བསམ་པས་ནི་ཕྲ་མར་མི་འདོད་དེ་ཉོན་མོངས་པ་ཅན་གྱི་བསམ་པ་མེད་པའི་ཕྱིར་རོ། །ཚིག་རྩུབ་པོ་ནི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཕ་རོལ་པོ་རྣམས་ལ་མི་སྙན་པར་སྨྲ་བ་དང་མཚང་འདྲུ་བའམ་

སྐྱོན་འབྱིན་པ་སྟེ། ཡན་ལག་ལྔ་ནི་ཞེར་གདབ་པར་བྱ་བ་དང་དེར་འདུ་ཤེས་པ་དང་སེམས་ཁྲོས་པ་ཉིད་དང་སྦྱོར་བ་བྱས་པ་དང་མི་སྙན་པར་སྨྲས་པའོ་དེ་གལ་ཏེ་གོ་ནའོ། །གཞན་དུ་ན་ཚིག་འཁྱལ་པ་ཉིད་དེ་ཉོན་མོངས་པ་ཅན་ཉིད་ཀྱི་ཕྱིར་རོ། །ཚིག་འཁྱལ་པ་ནི་བརྫུན་དུ་སྨྲ་བ་ལ་སོགས་པའི་

ལས་རྣམ་པ་གསུམ་ལས་གཞན་པ་གང་ཉོན་མོངས་པ་ཅན་གྱི་ཚིག་སྟེ། འདོད་པ་དང་བཅས་པའམ་ཆོས་མ་ཡིན་པ་དང་བཅས་པའམ་དོན་མ་ཡིན་པ་དང་བཅས་པའམ་བྱིས་པའི་གཏམ་དང་ཚོགས་ཀྱི་དང་མྱ་ངན་གྱི་དང་གྲོང་པའི་ཉམས་དང་བཅས་པའི་གླུ་རྣམས་དང་། རྗེས་སུ་ཆགས་པའི་

དང་གར་ལ་སོགས་པའི་བརྗོད་པ་དང་བསྟན་བཅོས་ངན་པ་རྣམས་ཀྱང་སྟེ། ངག་གི་ལས་འདི་ཐམས་ཅད་དོ། །ཡན་ལག་ལྔ་ནི་དོན་མེད་པ་ལ་སོགས་པ་དང་བཅས་པའི་དོན་དང་དེར་འདུ་ཤེས་པ་དང་ཉོན་མོངས་པ་ཅན་གྱི་སེམས་ཉིད་དང་། སྦྱོར་བ་བྱས་པ་དང་འབྲེལ་པ་མེད་པར་བརྗོད་པའོ། །

ལས་ཀྱི་ལམ་གསུམ་པོ་འདི་རྣམས་ཀྱང་ལུས་ཀྱིས་ཀྱང་བྱེད་དེ་བརྫུན་དུ་སྨྲ་བ་བཞིན་ནོ་ཞེས་སློབ་དཔོན་ཟླ་བ་གྲགས་པའོ། །དེ་ལྟར་ངག་གི་ལས་ཀྱི་ལམ་བཞི་རྣམས་སོ། །བརྣབ་སེམས་ནི་ཀྱེ་མ་མ་ལ་ཕ་རོལ་པོ་རྣམས་ཀྱི་གང་ཡིན་པ་དེ་དག་གིར་གྱུར་ན་ཞེས་ཕ་རོལ་གྱི་རྫས་དང་ལོངས་སྤྱོད་རྣམས་

སམ་བུད་མེད་རྣམས་ལ་ཆགས་པ་འཛིན་པའི་ངེས་པ་སྟེ། ཡན་ལག་ལྔ་ནི་ཕ་རོལ་གྱི་རྫས་དང་དེར་འདུ་ཤེས་པ་དང་དེར་རྟོག་པ་དང་འཛིན་པ་རབ་ཏུ་འཇུག་པ་དང་འཛིན་པར་ངེས་པའོ། །གནོད་སེམས་ནི་སེམས་ཅན་ཕ་རོལ་པོ་རྣམས་ལ་ཞེ་སྡང་བ་སེམས་ཅན་འདི་རྣམས་ལ་འཚེ་བར་བྱའོ་ཞེས་

Vol. 109 · folio 102a

གནོད་པའི་རྣམ་པར་ཞུགས་པ་སྟེ་ཡན་ལག་ལྔ་ནི་སྡང་བྱ་དང་དེར་འདུ་ཤེས་པ་དང་སེམས་འཁྲུགས་པ་དང་ཞེ་སྡང་རབ་ཏུ་འཛིན་པ་དང་ཞེ་སྡང་བའོ། །ལོག་པར་ལྟ་བ་ན་རྒྱུ་དང་འབྲས་བུ་དང་བྱ་བ་དང་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའི་ལྟ་བ་སྟེ། ཡན་ལག་ལྔ་ནི་སྐུར་པ་གདབ་

བྱ་དང་དེར་འདུ་ཤེས་པ་དང་སྐུར་པ་འདེབས་པར་འདོད་པ་དང་སྐུར་པ་འདེབས་པར་ཡང་དག་པར་འཛིན་པ་དང་། སྐུར་པ་འདེབས་པར་བྱེད་པའོ། །ལྟ་བ་ནི་འདིར་ཉོན་མོངས་པ་ཅན་གྱི་ཤེས་རབ་སྟེ་གང་གིས་དགེ་བའི་རྩ་བ་རྣམས་ཡང་དག་པར་གཅོད་ཅིང་མི་དགེ་བ་ལ་འཇུག་ལ་དགེ་བ་རྣམས་ལ་མ་ཡིན་པའོ། །

གང་དེ་ལས་གཞན་པ་ལོག་པར་ལྟ་བ་ཐེག་པ་གཞན་ལ་སོགས་པར་ལྟ་བའི་མཚན་ཉིད་ཅན་དེ་ཐམས་ཅད་ནི་ལོག་པར་ཀུན་དུ་རྟོག་པ་སྟེ། དེས་དགེ་བའི་རྩ་བ་གཅོད་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་པ་ཡིད་ཀྱི་ལས་ཀྱི་ལམ་གསུམ་མོ། །ཁ་ཅིག་གསུམ་པོ་འདི་རྣམས་བསམ་པ་ཁོ་ནའི་ཁྱད་པར་ལས་རིག་

པར་བྱ་ལ་གནོད་སེམས་ནི་དམིགས་པའི་ཁྱད་པར་ལས་ཀྱང་འདོད་དོ་ཞེས་ཟེར་རོ། །མི་དགེ་བཅུ་པོ་འདི་རྣམས་ལ་སོ་སོར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་རབ་ཏུ་སྦྱོར་རོ། །གང་གི་ཕྱིར་སྲོག་གཅོད་པ་གཏི་མུག་ལས་སྐྱེས་པ་ཡོད་དེ་ཆོས་ཀྱི་བློས་མཆོད་སྦྱིན་བྱེད་པ་རྣམས་ཕྱུགས་གསོད་པ་

དང་རྒྱལ་པོ་རྣམས་མ་རུངས་པ་གསོད་པ་དང་སོག་པོ་པར་སིག་པ་རྣམས་མ་དང་ཕ་གསོད་པ་དང་། དེ་བཞིན་དུ་ཟས་མེད་པར་འཇོག་པ་དང་། དགེ་སློང་གསོད་པ་དང་། འགའ་ཞིག་སྦྲུལ་ལ་སོགས་པ་དང་རི་དགས་ལ་སོགས་པ་གསོད་པ་སྟེ། སྦྲུལ་དང་སྡིག་པ་དང་ཏམ་པ་ཀ་ལ་སོགས་པ་མི་

རྣམས་ལ་ཉེ་བར་འཚེ་བར་བྱེད་པ་རྣམས་གསོད་པར་བྱའོ། །རི་དགས་དང་ཕྱུགས་དང་བྱ་དང་ཉ་ལ་སོགས་པ་རྣམས་ལོངས་སྤྱོད་ཀྱི་དོན་དུའོ་ཞེས་ལོག་པར་ལྟ་བས་འཇུག་པ་ཐམས་ཅད་གཏི་མུག་ལས་སྐྱེས་པའི་སྦྱོར་བའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་སྟེ་འདིར་གཏི་མུག་ལས་སྐྱེས་པའི་

སྦྱོར་བ་ནི་ཆོས་ཀྱི་བློས་རྒྱལ་པོ་རྣམས་མ་རུངས་པ་ཚར་གཅད་པའི་དོན་དུ་དང་། བྲམ་ཟེ་རྣམས་ཀྱང་འདི་ཐམས་ཅད་ཚངས་པ་བྲམ་ཟེ་རྣམས་ལ་བྱིན་པ་ལ་དམངས་རྣམས་སྟོབས་ཀྱིས་ཡོངས་སུ་ལོངས་སྤྱོད་དེ། དེའི་ཕྱིར་བྲམ་ཟེ་ལེན་པ་ནི་རང་གི་ལེན་པའོ་ཞེས་སྨྲ་བ་རྣམས་ཀྱི་སྟེ་འདི་རྣམས་ལ་འདིར་ཕ་

Vol. 109 · folio 102b

རོལ་དང་རང་གི་འདུ་ཤེས་སུ་མི་འགྱུར་བ་ཡང་མེད་དོ། །དེ་བཞིན་དུ་འདོད་པས་ལོག་པར་སྤྱོད་པའི་སྦྱོར་བ་གསུམ་ལས་སྐྱེས་པ་སྟེ། གཏི་མུག་ལས་སྐྱེས་པ་ནི་ཆོས་ཀྱི་བློས་སོག་པོ་པར་སིག་པ་རྣམས་མ་ལ་བགྲོད་པ་དང་བྲམ་ཟེ་རྣམས་ཀྱི་བ་ལང་བྱིན་གྱི་མཆོད་སྦྱིན་ལ་གང་འདི་སྐད་སྨྲ་བ་སྟེ། བྲམ་

ཟེས་བ་ལང་བྱིན་གྱི་མཆོད་སྦྱིན་བྱས་ནས་ལོ་གཅིག་གིས་བ་ལང་གི་བརྟུལ་ཞུགས་སུ་འགྱུར་རོ། །ཆོ་ག་ཅན་གྱིས་ཆུ་བཏུང་ངོ་རྩྭ་རྣམས་གཅོད་དོ། །མ་དང་ཉེ་བར་འགྲོའོ། །སྲིང་མོ་དང་ཉེ་བ་དང་རིགས་གཅིག་པ་དང་ཉེ་བར་འགྲོ་སྟེ། དེ་ལྟར་གླང་བུ་འདི་འཇིག་རྟེན་ལས་རྒྱལ་བར་འགྱུར་རོ་ཞེས་སྨྲ་བ་

དང་འཇིག་རྟེན་རྒྱང་འཕེན་པ་རྣམས་ཀྱང་མ་ལ་བགྲོད་པ་ནི། གཏུན་དང་མེ་ཏོག་དང་འབྲས་བུ་དང་ཟས་ཚོས་པ་དང་འཇུག་ངོགས་དང་ལམ་དང་འདྲའོ་ཞེས་ཏེ། འདིར་ཆོས་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ་ཞེས་འཇུག་པའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བའི་སྦྱོར་བ་སྟེ། གཏི་མུག་ལས་སྐྱེས་པ་ནི་

སྐྱོན་མ་མཐོང་བ་ལས་ཏེ། དེ་བཞིན་བྲམ་ཟེ་རྣམས་བུད་མེད་རྣམས་ལ་དང་བག་མ་ལེན་པའི་དུས་དང་སྲོག་དང་ནོར་སྲུང་བའི་དོན་དུ་བརྫུན་དུ་སྨྲ་བ་ནི་ལྟུང་བ་མེད་དོ་ཞེས་སྨྲ་བ་ལྟ་བུའོ། །དེ་བཞིན་དུ་དངོས་གཞི་དང་མཇུག་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱིས་སོ། །དེ་བཞིན་དུ་

གཞན་རྣམས་ལ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྔོན་དུ་སོང་བས་སྦྱོར་བར་ཤེས་པར་བྱའོ། །ཕྲ་མའི་སྦྱོར་བ་གཏི་མུག་ལས་སྐྱེས་པ་ནི་ཕྲ་མ་བྱས་པ་ལ་ཉེས་པ་ཅི་ཡང་མེད་དོ་ཞེས་པའོ། །དེ་ལ་བྱེད་པར་འདོད་པའི་རྗེས་སུ་དེ་ལ་བྱ་བ་གང་ཡང་རུང་བ་ཅུང་ཟད་དེ་ནི་སྦྱོར་བའི་གནས་

སྐབས་སོ། །སྦྱོར་བ་དེས་དེའི་ཚེའམ་དུས་གཞན་དུ་ལས་དེ་ཡོངས་སུ་རྫོགས་པ་ནི་མཐར་ཐུག་པར་བྱེད་པའི་བདག་ཉིད་དངོས་གཞིའི་ལས་ཀྱི་ལམ་མོ། །དེའི་རྗེས་སུ་གང་རྗེས་སུ་སྒྲོགས་པ་དང་གང་ཡང་དག་པར་དགའ་བ་དང་གང་ཡང་གཞན་དེ་དང་མཐུན་པའི་བྱ་བ་དེ་ནི་རྗེས་སོ། །འོ་ན་ཡིད་

ཀྱི་བརྣབ་སེམས་ལ་སོགས་པ་རྣམས་ལ་བསམ་པ་ནི་ཅི་སྦྱོར་བ་ནི་ཅི་སྟེ་བྱེ་བྲག་མེད་པའི་ཕྱིར་རོ་ཞེ་ན། དེའི་གཞི་ལ་དེ་ལྟར་འདུ་ཤེས་པ་དང་དེ་ལྟར་འདོད་པ་ནི་བསམ་པའོ། །དེའི་བྱ་བ་ཡང་དག་པར་འཛིན་པ་ནི་སྦྱོར་བའོ། །དེ་ལྟ་ཉིད་དུ་ངེས་པ་ནི་མཐར་ཐུག་པར་བྱེད་པའི་ལས་ཀྱི་ལམ་མོ་ཞེས་པ་བྱེ་བྲག་ཡོད་

Vol. 109 · folio 103a

དོ། །མི་དགེ་བཅུའི་ལས་ཀྱི་ལམ་འདི་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ལྟུང་བ་སྟེ་ལྟུང་བ་ནི་འདའ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དགེ་བའི་བསམ་པ་ཅན་གྱི་དགེ་བའི་རྐྱེན་གྱི་དབང་འབའ་ཞིག་ལས་རྗེས་སུ་མཐུན་པའི་རྐྱེན་དེ་དང་དེ་ལས། དེ་དང་དེར་ཇི་ལྟར་ཉེ་

བར་བསྟན་པ་ལས་འདའ་བ་དང་། སྙིང་རྗེ་ཅན་སེམས་ཅན་རྣམས་ལ་བྱམས་པ་ལས་ཕན་པར་འདོད་པ་དང་། རྣམ་པར་དྲང་བར་འདོད་པ་དང་འདུལ་བར་འདོད་པ་ཉིད་ཀྱིས་འདའ་བ་ནི་ལྟུང་བ་མེད་དོ། །ལས་ནི་རྣམ་པ་གཉིས་ཏེ་ཀུན་ནས་བསླང་བར་བྱ་བ་དང་ཀུན་ནས་སློང་བ་པོའི་བྱེ་བྲག་གིས་སོ། །

དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ཀུན་ནས་བསླང་བར་བྱ་བ་སྟེ་ཡིད་ཀྱི་ནི་ཀུན་ནས་སློང་བ་པོའོ། །དེ་ཡང་རྣམ་པ་གཉིས་ཏེ་འདོད་ཆགས་མེད་པ་ལ་སོགས་པའི་ངོ་བོ་དང་དེ་ལས་ཅིག་ཤོས་སོ། །དེ་ལ་འདོད་ཆགས་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་མི་

དགེ་བའོ། །འདོད་ཆགས་མེད་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཁོ་ནའོ། །ཇི་སྐད་དུ་བཞི་བརྒྱ་པར་གསུངས་པ། བྱང་ཆུབ་སེམས་དཔའ་ཀུན་རྟོག་ལས། །དགེ་བའམ་ཡང་ན་མི་དགེ་བའོ། །གང་ཕྱིར་དེའི་ཡིད་དབང་གྱུར་ན། །ཐམས་ཅད་དགེ་བ་ཉིད་དུ་འགྲོ། །ཞེས་སོ། །

དེ་བཞིན་དུ་སློབ་དཔོན་ཙནྡྲ་གོ་མིས་ཀྱང་། སེམས་དགེ་བ་དང་བྱམས་ཉིད་ལས། །སྙིང་བརྩེ་ལྡན་ལ་ལྟུང་བ་མེད། །ཅེས་པ་དང་། སྙིང་བརྩེར་བཅས་ན་མི་དགེ་མེད། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་ཡང་། །སྙིང་རྗེ་ལྡན་དང་དོན་མཐོང་ལ། །བཀག་པ་ཡང་

ནི་རྗེས་སུ་གནང་། །ཞེས་སོ། །གཞན་ཡང་། དགེ་སློང་གིས་ནི་རང་གི་ཕ། །རྒན་པོར་མྱུར་བར་འདོད་དོ་ཞེས། །ཕུལ་བས་བུབ་སྟེ་ཤི་ན་ཡང་། །འདི་ལ་མཚམས་མེད་འབྱུང་མི་འགྱུར། །དགྲ་བཅོམ་ནང་པ་རང་ཉིད་ཀྱིས། །རང་གི་མགྲིན་པ་ཉེས་མཐོང་བ། །དེ་ནི་ཤི་ན་གཡོག་བྱེད་པའི། །

དགེ་སློང་དེ་ནི་སྐྱོན་བརྟེན་མིན། །གཞན་ལ་གཞན་གྱི་འདུ་ཤེས་ཀྱིས། །བསད་པར་གྱུར་ཀྱང་སྐྱོན་ཡོད་མིན། །ཞེས་པ་འདུལ་བར་གསལ་བར་གསུངས་སོ། །གདུག་སེམས་མེད་ལ་སྐྱོན་མ་ཡིན། །གང་ཕྱིར་གསོ་བའི་བློ་ཡིས་ནི། །མཚམས་མེད་པ་ལ་ཉེ་བྱེད་པ། །མཆོད་རྟེན་རྐོ་བ་སྐྱོན་མ་ཡིན། །

Vol. 109 · folio 103b

བསོད་ནམས་ཕུང་པོ་འབའ་ཞིག་འགྱུར། །དགེ་བའི་བསམ་པས་ཐུབ་དབུ་ལ། །མཆིལ་ལྷམ་ཟུང་ནི་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བ་དག །རྒྱལ་སྲིད་འབྲས་བུ་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བས་ནི། །སྡིག་དང་བསོད་ནམས་རྣམ་པར་གཞག །ཅེས་

པ་ལུང་དུ་གསུངས་གང་ཕྱི། །སེམས་དགེ་བ་ལ་ལྟུང་བ་མེད། །དེ་ཕྱིར་བརྩེ་བའི་བདག་རྣམས་ཀྱིས། །གཞན་ལ་ཕན་གང་ཐམས་ཅད་བྱེད། །ལས་དེ་ཐམས་ཅད་དགེ་བ་རུ། །རྫོགས་སངས་རྒྱས་ཀྱིས་ཡོངས་སུ་བསྒྲགས། །དེ་ལྟར་ཡུལ་གྱི་བྱེ་བྲག་གིས། །གང་ཚེ་ལས་ཀྱི་

ལམ་ལ་གནས། །དེ་ཚེ་གང་དུའང་མཁས་རྣམས་ལ། །འགལ་བ་ཅུང་ཟད་སྣང་མིན་ཉིད། །དེ་ལྟར་ནི་བྱང་ཆུབ་སེམས་དཔའ་ཆོམ་རྐུན་པ་སྲོག་ཆགས་དུ་མ་རྣམས་དང་བདག་ཉིད་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུར་གསོད་

པ་ལ་འབད་པ་མཚམས་མེད་པ་མང་པོའི་བྱ་བ་ལ་རབ་ཏུ་ཞེན་པ་གཟིགས་ཏེ། གཟིགས་ནས་ཀྱང་ཡང་འདི་ལྟར་སེམས་མངོན་པར་འདུ་བྱེད་དེ། གལ་ཏེ་ཡང་བདག་གིས་འདི་འཚོ་བ་དང་བྲལ་ནས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་བདག་དམྱལ་བ་རྣམས་སུ་སྐྱེ་བ་ནི་གདོང་བླའི། སེམས་

ཅན་འདི་མི་མང་པོ་བསད་ཅིང་མཚམས་མེད་པའི་ལས་བྱས་ནས་དམྱལ་བར་འགྲོ་བར་འགྱུར་ན་མི་རུང་ངོ་ཞེས་པའི་བསམ་པས་སྙིང་རྗེ་དང་ལྡན་པས་འཛེམ་བཞིན་དུ་འཚོ་བ་དང་ཕྲལ་ན་ལྟུང་བར་མི་འགྱུར་ལ་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ། །གང་ཡང་ཆོམ་རྐུན་པ་གཞན་གྱི་རྫས་འཕྲོག་པ་

རྣམས་ཀྱིས་དགེ་འདུན་གྱིའམ་མཆོད་རྟེན་གྱི་རྫས་འཕྲོགས་ཏེ་ལོངས་སྤྱོད་པར་འདོད་པ་དེ་རྣམས་ཀྱི་མདུན་ནས་བྱང་ཆུབ་སེམས་དཔས་རྫས་དེ་མ་བླངས་ན་ངེས་པར་འདི་རྫས་ཡོངས་སུ་ལོངས་སྤྱོད་པས་དེ་རྣམས་ཡུན་རིང་པོར་དོན་མ་ཡིན་པ་དང་མི་ཕན་པ་དང་མི་བདེ་བར་མ་གྱུར་ཅིག་ཅེས་པས་བླངས་

ནས་དགེ་འདུན་གྱི་དགེ་འདུན་ལ་མཆོད་རྟེན་གྱི་མཆོད་རྟེན་ལ་ཕུལ་ན། འདི་ལྟར་མ་བྱིན་པར་བླངས་པ་ནི་ལྟུང་བར་མི་འགྱུར་ལ་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ། །དེ་བཞིན་དུ་རྒྱལ་པོའམ་རྒྱལ་པོའི་བློན་པོ་མ་རུངས་པ་ཆེན་པོ་གཞན་ལ་འཁུ་བ་ལ་རབ་ཏུ་ཆགས་པ་དགེ་འདུན་དང་མཆོད་རྟེན་དག་ལ་གནོད་

Vol. 109 · folio 104a

པ་བྱེད་པའམ་ཀུན་དགའ་ར་བ་པ་དགེ་འདུན་དང་མཆོད་རྟེན་གྱི་དཀོར་འཕྲོག་པ་རྣམས་ཀྱི་རྒྱལ་སྲིད་དང་དབང་ཕྱུག་གི་བདག་པོ་ཉིད་ཉམས་པར་བྱས་པ་ལ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ལ་གཞན་གྱི་བུད་མེད་ཆགས་པས་བཅིངས་པའི་སེམས་ཀྱིས་འཁྲིག་པ་ཤིན་ཏུ་

དོན་དུ་གཉེར་ཏེ། འདི་སྐད་དུ་བདག་ཇི་ལྟར་འདོད་པ་ལྟར་བྱེད་པ་ཉིད་ན་ཁྱོད་ཀྱིས་གདུལ་བར་འགྱུར་ལ་གཞན་དུ་ན་ངེས་པར་བདག་སྲོག་ཀྱང་ཡོངས་སུ་གཏོང་ངོ་ཞེས་པ་ལ། འདི་ལྟར་བདག་ལ་འདི་ངེས་པར་བརྣབ་སེམས་སྐྱེས་ཏེ་བསོད་ནམས་མ་ཡིན་པ་འཕེལ་བར་གྱུར་པ་མི་རུང་ལ་འདོད་པ་ཐོབ་པ་ནི་

ཇི་ལྟར་འདོད་པར་དགེ་བ་ལ་ཡང་དག་པར་སྦྱོར་བ་དང་མི་དགེ་བ་སྤོང་དུ་འཇུག་པ་ལ་དབང་དུ་འགྱུར་རོ་ཞེས་ཐུགས་བརྩེ་བཞིན་པས་དེ་ལ་ལོག་པར་སྤྱོད་པ་སྤྱད་པའང་ལྟུང་བར་ཡང་མི་འགྱུར་ལ་བསོད་ནམས་ཤིན་ཏུ་མང་པོ་ཡང་རབ་ཏུ་སྐྱེའོ། །འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་

གསུངས་པ། གང་ཡང་བྱང་ཆུབ་སེམས་དཔས་ཞེ་སྡང་གིས་ཀུན་ནས་བསླང་བའི་ལྟུང་བ་སྤང་བར་བྱའི་འདོད་ཆགས་ཀྱིས་ཀུན་ནས་བསླང་བ་མ་ཡིན་ནོ་ཞེས་པ་དང་། དེ་བཞིན་དུ་འདོད་ཆགས་ལས་སྐྱེས་པའི་ལྟུང་བ་ནི་ལྟུང་བ་མ་ཡིན་པར་རིག་པར་བྱའོ་ཞེས་སོ། །འདོད་ཆགས་ཀྱི་སྒྲ་ནི་འདིར་བྱམས་

པ་བརྗོད་པར་བྱེད་པ་སྟེ། དེ་ཡང་བྱམས་པ་རིང་དུ་རྗེས་སུ་འཇུག་པ་སྟེ། གང་འདི་མཐའ་གཅིག་ཏུ་སེམས་ཅན་རྣམས་ལ་ཕན་པའི་ཆེད་ཉིད་དུ་འཇུག་པའོ། །དེ་བཞིན་དུ་ཉེ་བ་འཁོར་གྱིས་ཞུས་པར་ཡང་གསུངས་པ་ཉེ་བ་འཁོར། ཞེ་སྡང་ནི་སེམས་ཅན་ཡོངས་སུ་གཏོང་བ་ལ་འཇུག་གོ། །

འདོད་ཆགས་ནི་སེམས་ཅན་ཡང་དག་པར་སྡུད་པ་ལའོ། །དེའི་ཕྱིར་ཉེ་བ་འཁོར་འདོད་ཆགས་དང་མཚུངས་པར་ལྡན་པའི་ལྟུང་བ་གང་ཅི་ཡིན་པ་དེ་རྣམས་ཐམས་ཅད་ལྟུང་བ་མེད་པ་ཞེས་པ་ཡོང་ངོ་ཞེས་སོ། །འདིར་སེམས་ཅན་ཡང་དག་པར་སྡུད་པ་ལ་ཞེས་པས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་

ལྷག་པའི་བསམ་པ་དང་སྙིང་རྗེ་དང་ལྡན་པ་ལ་འདི་ཉེ་བར་བསྟན་པའོ་ཞེས་པ་དགོངས་པའོ། །གང་གི་ཕྱིར་དེ་མ་ཐག་ཏུ་གསུངས་པ། ཉེ་བ་འཁོར་དེ་ལ་གང་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་འདོད་ཆགས་དང་མཚུངས་པར་ལྡན་པའི་ལྟུང་བ་རྣམས་ལས་འཇིགས་སོ། །ཐབས་

Vol. 109 · folio 104b

ལ་མཁས་པ་རྣམས་ནི་ཞེ་སྡང་དང་མཚུངས་པར་ལྡན་པ་རྣམས་ལས་འཇིགས་ཀྱི་འདོད་ཆགས་དང་མཚུངས་པར་ལྡན་པ་རྣམས་ལས་མ་ཡིན་ནོ་ཞེས་སོ། །ཐབས་ལ་མཁས་པ་རྣམས་ཀྱང་སུ་ཞེ་ན། གང་ཤེས་རབ་དང་སྙིང་རྗེ་ཕན་ཚུན་མཚུངས་པར་ལྡན་པ་དག་གིས་སེམས་ཅན་གཏོང་བ་ལས་ཟློག་པར་

བྱེད་པ་རྣམས་སོ། །གཉིས་ཀ་ལྟར་ན་སེམས་ཅན་གཏོང་བར་འགྱུར་བའི་ཕྱིར་ཏེ་ཤེས་རབ་འབའ་ཞིག་པས་སྡུག་བསྔལ་སྟོང་པ་ཉིད་དུ་རྟོགས་པ་ལས་དང་སྙིང་རྗེ་འབའ་ཞིག་པས་ཀྱང་ཉོན་མོངས་པའི་སྟོབས་ལས་རིང་པོ་མ་ལོན་པར་སྙིང་རྗེ་ཉམས་པར་འགྱུར་བས་སོ། །ཐབས་ལ་མཁས་པའི་མདོར་

གསུངས་པ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་མངོན་པར་དགའ་བར་བྱེད་ཅིང་དེ་རྣམས་ཀྱིས་ཀུན་དུ་འདྲེ་བར་གནས་ལ། གང་གི་ཚེ་འདོད་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་

པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱད་དེ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་སོ། །ཞེ་སྡང་ལ་ཡང་འདི་ལྟར་མི་འདོད་པ་ཅི་ཞེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ཕྱིར་དང་སྙིང་རྗེ་དང་བྲལ་བ་ལ་ཐབས་ཉིད་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་གང་གཞན་གྱི་དོན་གྲུབ་

པ་ནི་རང་གི་དོན་ལས་ཆས་ལྷག་པར་མོས་པ། ཕ་རོལ་ལ་ཁྲོ་བ་འཇུག་པས་ཀྱང་ཕ་རོལ་ལ་རྗེས་སུ་བསྟན་ཏེ་རྗེས་སུ་གདུང་བ་སྔོན་དུ་སོང་བས་དེ་མ་ཐག་པར་ཕྱིས་སྡོམ་པར་བྱེད་པ། དེའི་མི་ཕན་པ་ལས་ཟློག་པར་བྱེད་པ་ན་ཁྲོ་བ་སྐྱོན་ཅི་ཡོད་ཅེ་ན། སྐབས་ཕྱེ་བས་དེའི་བག་ཆགས་ཀྱི་ཉེས་པ་ལས་

སྙིང་རྗེ་ཉམས་པའི་སྐྱོན་དུ་འགྱུར་ཏེ། དེ་ཆད་ནའང་རྩ་བ་ཆད་པའོ། །གལ་ཏེ་ཡང་སེམས་ཅན་དེ་ལ་ཕན་ནོ་ཞེ་ན། དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཉམས་པས། སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་རྒྱུན་ཉམས་པར་འགྱུར་རོ། །འཕགས་པ་བདེན་པ་གཅིག་པའི་ལེའུར་ཡང་། བུའི་

དཔེ་ནི་སྙིང་རྗེ་ལ་གནས་པ་ཉིད་ཡིན་པར་རིག་པར་བྱའོ། །གང་ཡང་དེར་ཧ་ཅང་སྙིང་རྗེ་བཀག་པ་དེ་འཇིག་རྟེན་གྱི་དོན་ཁོ་ན་ཐུན་མོང་གི་བདག་པོའི་དབང་དུ་བྱས་ཏེ་གསུངས་སོ། །བཟློག་པར་བྱ་བ་ཡང་གལ་ཏེ་ན་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བར་གྱུར་ན། དེ་ཡང་བྱང་ཆུབ་སེམས་

Vol. 109 · folio 105a

དཔའ་མ་ཡིན་པ་དང་དེར་གཉིས་ཀའི་དོན་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་འདོད་ཆགས་ལ་ཡང་སྐྱོན་མང་པོ་གསུངས་ཏེ། རང་གི་བདེ་བ་ལ་ཆགས་པས་ཕ་རོལ་གྱི་སྡུག་བསྔལ་ལ་བཏང་སྙོམས་པ་མཐོང་ངོ་ཞེ་ན། མཐོང་བ་བདེན་ཏེ་གང་གིས་གཞན་གྱི་སྡུག་བསྔལ་ཉིད་དུ་

གོམས་པ་མེད་པའོ། །དེ་ལྟ་ན་རབ་ཏུ་སྦས་ཏེ་བདག་པོ་དང་བཅས་པའམ་བདག་པོ་མེད་པ་རྣམས་དང་རིགས་དང་ཆོས་ཀྱི་རྒྱལ་མཚན་གྱིས་བསྲུང་བ་རྣམས་ལ་འདོད་པས་ལོག་པར་སྤྱོད་པར་མི་འགྱུར་རམ་ཞེ་ན། སེམས་ཅན་གྱི་དོན་ཡོད་པ་དང་སེམས་ཅན་ལ་ཉེ་བར་གནོད་པ་མེད་ན་རྗེས་སུ་

འབྲེལ་པ་ངེས་པར་བརྟགས་ཏེ་སྐྱོན་མེད་དོ། །ཡང་དག་པར་ཚངས་པར་སྤྱོད་པ་རྣམས་ལ་ནི། དོན་བྱས་པ་ཉིད་ལས་རིང་དུ་སྤང་བ་དང་མཆོད་པར་འོས་པ་ཡིན་ཏེ་མ་དང་སྲིང་མོ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་དགེ་སློང་གིས་ཀྱང་དེ་བཞིན་དུ་སྒྲུབ་པོ་ཞེ་ན། མ་ཡིན་ཏེ་དེ་རྣམ་པ་གཞན་

ཚངས་པར་སྤྱོད་པས་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཅི་སྟེ་དེ་ལས་ཀྱང་ལྷག་པའི་སེམས་ཅན་གྱི་དོན་མཐོང་ན་བསླབ་པ་ཕུལ་བས་དེ་ལ་སྐྱོན་མི་སྲིད་དོ། །གཞན་ཡང་འཇིག་རྟེན་ན་ཕ་མས་བུ་གསལ་ཤིང་ལ་བསྐྱོན་པ་མཐོང་བ་དག་ཀྱང་རང་དང་རྗེས་སུ་མཐུན་པའི་སྙིང་རྗེའི་དབང་

ལས་རང་གི་བདེ་བ་ལ་མི་ཆགས་པ་མཐོང་ན་མི་ཉུང་བའི་བསྐལ་པར་གོམས་པ་དེའི་བདག་ཉིད་དུ་གྱུར་པའི་སྙིང་རྗེ་ཆེན་པོ་དང་ཐབས་དང་ཤེས་རབ་ལ་སོགས་པ་དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་ཆགས་ཀྱིས་བར་ཆད་བྱེད་པ་ནི་ལྟ་ཅི་སྨོས་ཏེ་འདི་ནི་མི་སྲིད་

དོ། །འདི་ལྟར་སེམས་ཅན་གྱི་དོན་ལ་ཐབས་གཞན་མེད་ན་འདོད་ཆགས་ལས་སྐྱེས་པའི་ལྟུང་བ་ནི་ལྟུང་བ་མེད་པར་གསུངས་སོ། །ཐབས་ལ་མཁས་པར་ཡང་། སྨད་འཚོང་མ་བཞིན་དུ་དོན་བྱས་པའི་བྱང་ཆུབ་སེམས་དཔའ་ལྟོས་པ་མེད་པ་ནི་སེམས་ཅན་དེ་གཏོང་ངོ་། །ས་མ་ཐོབ་པས་ཀྱང་ཕ་

རོལ་ཏུ་ཕྱིན་པ་དྲུག་ལེགས་པར་སྤྱོད་པ་དང་ལྡན་པ་འདི་བསམ་པར་བྱ་སྟེ། ཅིག་ཤོས་ཀྱི་མ་ཡིན་ནོ་ཞེས་པ་ཞར་ལ་འོངས་པ་དེ་ཙམ་སྟེ་གཞག་གོ། །དེའི་ཕྱིར་ཞེ་སྡང་གི་སྐབས་སྦྱིན་པར་མི་བྱའོ། །ཉེ་བ་འཁོར་གྱིས་ཞུས་པར་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་

Vol. 109 · folio 105b

ཆེན་པོ་དང་བཅས་པའི་ལྟུང་བ་ནི་གཉིས་ཏེ། གང་དག་ཅེ་ན་ཞེ་སྡང་དང་ལྡན་པ་དང་གཏི་མུག་དང་ལྡན་པའོ་ཞེས་སོ། །གང་ཡང་བྱང་ཆུབ་སེམས་དཔའ་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་དུ་མི་སྨྲ་བ་དེ་ཕ་རོལ་པོ་རྣམས་གསོད་པ་དང་འཆིང་བ་ལ་སོགས་པ་གྲོལ་བའི་དོན་དུ་ཟང་ཟིང་

ལ་མི་ལྟ་བ་ཐུགས་བརྩེ་བ་ཉིད་ཀྱིས་བརྫུན་དུ་སྨྲ་བ་ནི་ལྟུང་བ་མེད་པར་འགྱུར་ཏེ་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ། །སྡིག་པའི་གྲོགས་པོ་དང་འབྲེལ་པའི་སེམས་ཅན་རྣམས་དེ་དག་དབྱེ་བའི་ཆེད་དུ་ཕྲ་མོ་སྤྱད་པ་ཡང་ལྟུང་བ་མེད་དེ་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ། །ལམ་ལོག་པ་ལ་སྤྱོད་

པ་རྣམས་དེ་ལས་བཟློག་པའི་ཆེད་དུ་ཡང་ཡང་ཚིག་རྩུབ་པོ་སྨྲ་བ་ཡང་ལྟུང་བ་མེད་དེ་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ། །གར་དང་གླུ་དང་རོལ་མོ་དང་སྨད་འཚོང་མ་དང་བཟའ་བ་དང་བཏུང་བ་དང་རྒྱལ་པོ་དང་ཆོམ་རྐུན་པ་ལ་སོགས་པའི་གཏམ་ལ་མོས་པ་རྣམས་དེ་རྣམས་ཀྱི་གཏམ་གྱིས་དྲངས་

ནས་དགེ་བ་ལ་རབ་ཏུ་ཞུགས་པའི་དོན་དུ་རྣམ་པ་སྣ་ཚོགས་པའི་འབྲེལ་པ་མེད་པའི་གཏམ་བྱས་ཀྱང་ལྟུང་བར་མི་འགྱུར་ལ་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ། །དེ་ལྟར་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་རྣམས་བྱས་ཀྱང་བྱང་ཆུབ་སེམས་དཔའ་ལ་མི་དགེ་བ་མེད་ཅིང་བསོད་ནམས་མང་པོ་ཡང་རབ་

ཏུ་སྐྱེ་ན་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལྟ་ཅི་སྨོས། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིས་པ་རྣམས་རྗེས་སུ་བསྲུང་བའི་དོན་དུ་འདི་ལྟ་བུ་ཀུན་དུ་སྤྱད་པར་མི་བྱ་སྟེ། གང་གི་ཕྱིར་བྱིས་པ་རང་གིས་དེ་སྲིད་དུ་བག་ལ་ཉལ་མ་སྤངས་པ་རྣམས་ཕ་རོལ་སྙིང་རྗེ་བས་འཇུག་པ་ལ་ལྟུང་

བ་མེད་ཅིང་བསོད་ནམས་མང་པོ་ཡང་རབ་ཏུ་སྐྱེའོ་ཞེས་བརྟག་པ་ཕྲ་མོ་ཙམ་བཟུང་ནས་དེ་དང་དེ་སྤྱོད་པ་རྒྱུན་དུ་འབྱུང་བ་རྣམས་ངན་འགྲོར་འགྲོ་བར་འགྱུར་ཞིང་། བསྟན་པ་འདི་ལ་ཡང་མི་གུས་པར་འགྱུར་རོ་ཞེས་པའོ། །དེ་ལྟར་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བདག་གི་དངོས་པོ་དང་

ལོངས་སྤྱོད་དང་ཕྱི་རོལ་གྱི་དངོས་པོ་རྒུད་པའི་རྒྱུ་སྟེ། ཇི་སྐད་དུ་གསུངས་པ། རིགས་ཀྱི་བུ་རྣམས་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམས་ཆེན་པོར་སྣང་བས་དམྱལ་བ་རྣམས་སུ་སྐྱེའོ། །འབྲིང་གིས་དུད་འགྲོའི་སྐྱེ་གནས་རྣམས་སུའོ། །ཆུང་ངུས་ཡི་དགས་རྣམས་སུ་སྟེ། དེ་ནི་འདི་

Vol. 109 · folio 106a

རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་འོངས་ན་གོ་རིམས་ཇི་ལྟ་བར་བཅུ་པོ་རྣམས་ཀྱིས་ཚེ་ཐུང་བ་དང་ལོངས་སྤྱོད་ཀྱིས་ཕོངས་པ་དང་འགྲན་ཟླ་དང་བཅས་པའི་ཆུང་མ་དང་སྐུར་པ་མང་བ་དང་འདིའི་གྲོགས་པོ་དབྱེ་བར་

འགྱུར་བ་དང་ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང་ངག་གཟུང་བར་མི་འོས་པ་དང་འདོད་ཆགས་དྲག་པ་དང་ཞེ་སྡང་དྲག་པ་དང་གཏི་མུག་དྲག་པའོ་ཞེས་པ་འདི་ནི་འདི་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུའོ། །ཕྱི་རོལ་གྱི་དངོས་པོ་རྣམས་མདངས་ཆུང་བར་འགྱུར་བ་དང་ལོ་དགྲ་མང་བ་དང་རྡུལ་གྱིས་གང་

བ་དང་དྲི་ང་བ་དང་མཐོན་དམན་ཅན་དང་། ཚྭ་སྒོ་ཅན་དང་དགོན་དུང་ཅན་དང་ཐ་བ་ཅན་དང་སྡིག་པ་ཅན་གྱི་ས་དང་དུས་ཚིགས་འགྱུར་བ་མི་མཉམ་པ་དང་། འབྲས་བུ་ཕྲ་བ་དང་འབྲས་བུ་མི་ཞིམ་པ་དང་འབྲས་བུ་ཉུང་བའོ་ཞེས་པ་འདི་ནི་འདི་རྣམས་ཀྱི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་དགེ་བ་

བཅུའི་ལས་ཀྱི་ལམ་རྣམས་བསྟན་པས་ལྷ་རྣམས་སུ་སྐྱེའོ་ཞེས་པ་འདི་ནི་འདི་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་བཅུ་པོ་རྣམས་ཀྱི་གོ་རིམས་བཞིན་ཚེ་ཐུང་བ་ལ་སོགས་པ་ལས་བཟློག་པ་བཅུར་འགྱུར་བ་འདི་ནི་འདི་རྣམས་ཀྱི་རྒྱུ་མཐུན་

པའི་འབྲས་བུའོ། །གཟི་མདངས་ཆུང་བ་ལ་སོགས་པ་ལས་བཟློག་པ་བཅུར་ཡང་འགྱུར་བ་འདི་ནི་འདི་རྣམས་ཀྱི་བདག་པོའི་འབྲས་བུའོ། །རྣམ་པར་གྲོལ་བ་གསུམ་གྱི་རྒྱུ་ཡང་འདི་རྣམས་ཏེ། ཇི་སྐད་དུ་གསུངས་པ། ལག་འགྲོའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ནི་ལྷ་དང་མིར་སྐྱེ་བའི་

རྟེན་ནོ། །སློབ་པ་དང་མི་སློབ་པ་ཐོབ་པ་དང་རང་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་ཇི་སྲིད་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་བར་གྱི་རྟེན་ནོ་ཞེས་སོ། །འོ་ན་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུ་ཡིན་ན། དེའི་ཕྱིར་

ལས་དང་དེའི་འབྲས་བུ་ཡོད་དོ་ཞེས་རྣམ་པར་གཞག་པ་ག་ལ་འཐད་ཅེ་ན། དེ་ལྟར་མ་ཡིན་ཏེ་སེམས་ཅན་རྣམས་ཀྱིས་ཆོས་རྣམས་རང་བཞིན་སྟོང་པར་མ་ཤེས་ལ་མི་ཤེས་པ་གང་ཟག་དང་ཆོས་སུ་རྟོག་པར་བྱེད་པ་རྣམས་ལེགས་པར་སྤྱོད་པའམ་ཉེས་པར་སྤྱོད་པའི་ལས་མངོན་པར་འདུ་བྱེད་ཅིང་།

Vol. 109 · folio 106b

ཉེས་པར་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ལ་ལེགས་པར་སྤྱོད་པ་རྣམས་ཀྱིས་ལྷ་དང་མི་རྣམས་སུ་སྐྱེའོ། །ཡང་འགའ་ཞིག་གང་ཟག་གི་བདག་མེད་པ་ཉིད་དུ་ཡོངས་སུ་ཤེས་ནས་བདེ་འགྲོ་དང་ངན་འགྲོ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་ཏུ་

ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པས་རིམ་གྱིས་ས་བཅུ་བགྲོད་དེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་ནས་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །དེ་ལྟ་མོད་ཀྱི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་

ཡིན་ན་མི་དགེ་བ་བཅུ་ལ་སོགས་པ་རྣམས་མེད་དེ་རྨི་ལམ་གྱི་གནས་སྐབས་བཞིན་དུ་སད་པའི་གནས་སྐབས་ན་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་སྐད་ཅིག་མ་ཉིད་ཀྱིས་རྒྱུ་མེད་པར་འཇིག་པ་ཡིན་པ་ན་དང་གྲུབ་པའི་མཐའ་ལས་ཀྱང་། འཇིག་རྟེན་སྣ་

ཚོགས་ལས་ལས་སྐྱེས། །ཞེས་པའི་ཕྱིར་དོན་དམ་པར་སུས་ཀྱང་སུ་ཡང་བསད་པ་ཡང་མེད་དེ། སུས་ཀྱང་སུའི་ནོར་བླངས་པ་ཡང་མེད་ཅེས་པ་ལ་སོགས་པ་ཁས་བླངས་པ་ལ་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་གསོད་པ་ལ་སོགས་པར་རྟོག་པའི་སྒོ་ནས། ཚུལ་བཞིན་མ་ཡིན་

པ་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལས་མི་དགེ་བ་ལ་སོགས་པ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་རྣམས་སད་པ་ལ་རྣམ་པར་གཞག་པ་དེ་ལྟར་རྨི་ལམ་ན་ཡང་དགེ་བ་དང་མི་དགེ་བ་བསགས་པའི་གནས་སྐབས་སུ་ཨེ་མ་བསད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པས་སྦྱོར་བའི་

གནས་སྐབས་ལ་སོགས་པར་མངོན་པར་ཞེན་པ་ཡོངས་སུ་གསོས་པས་ཡོངས་སུ་རྒྱས་པ་འཐོབ་པ་དེའི་ཕྱིར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ཀྱིས་ཀྱང་རྨི་ལམ་གྱི་གནས་སྐབས་བཞིན་ཞེས་པའི་དཔེ་མ་གྲུབ་པའོ། །དེའི་ཕྱིར་དབུ་མ་པའི་ལུགས་ཀྱིས་སད་པའི་གནས་སྐབས་སུ་ཡང་། དངོས་པོ་

རྨི་ལམ་དང་འདུ་བ་དེ་ལས་དང་རྗེས་སུ་མཐུན་པའི་དོན་དངོས་པོ་ལ་སོགས་པའི་མངོན་པར་ཞེན་པས་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་དགེ་བ་ལ་སོགས་པར་རྣམ་པར་གཞག་གོ། །འོན་ཀྱང་གཉིད་མཐུག་པོའི་འཁྲུལ་པའི་རྒྱུ་ཉིད་ཀྱིས་མི་གསལ་བ་དང་འཁྲུག་པར་

Vol. 109 · folio 107a

བསྒྲུབ་པས་རྨི་ལམ་ན་འབྲས་བུ་སྨིན་ལ། སད་པའི་སྐབས་ན་གཉིད་མཐུག་པོ་འཁྲུལ་པའི་རྒྱུ་དང་བྲལ་བའི་ཕྱིར་གསལ་བ་དང་མ་འཆོལ་བར་སྣང་བ་ཉིད་ཀྱི་འབྲས་བུ་ལྷག་པའོ། །རྨི་ལམ་གྱི་གནས་སྐབས་ནའང་ལས་དང་འབྲས་བུ་ཡོད་པར་འདོད་པའི་ཕྱིར་དགེ་སློང་

མ་ཡིན་པ་ཉིད་ལ་སོགས་པའི་སྐྱོན་བརྗོད་པར་མི་བྱ་སྟེ། བསླབ་པ་བླངས་བཞིན་དུ་བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་ཁོ་ན་ལས་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་རྣམ་པར་གཞག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་དུ་སེམས་ཅན་རྣམས་ཕྱིན་ཅི་ལོག་གི་

ལས་མངོན་པར་བྱེད་པར་འདུ་བྱེད་ཅིང་། དེ་ལས་ཀུན་ནས་ཉོན་མོངས་ཏེ། །དོན་དམ་པར་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་པའི་ཕྱི་རོལ་ལམ་རྣམ་པར་རིག་པའི་དངོས་པོ་ཅུང་ཟད་ཀྱང་མེད་ན་གང་ལ་གནས་ནས་ལས་བྱེད་དེ། དཔེར་ན་རྨི་ལམ་དང་སྒྱུ་མ་ལ་སོགས་པ་རྣམས་ཀྱི་བཞིན་ནོ། །དེ་ཉིད་

ཀྱི་ཕྱིར་དེ་རྣམས་ཀྱི་ཕྱིན་ཅི་ལོག་སྤང་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚོགས་སོགས་པ་ནས་ཇི་སྲིད་དུ་མངོན་པར་བྱང་ཆུབ་ན་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་བྱེད་དོ། །འོ་ན་བྱས་ཤིང་བསགས་པའི་ལས་སྟོབས་དང་ལྡན་པ་ལ་ཅི་ཡོངས་སུ་སྦྱོང་བ་ཡོད་དམ་

ཞེ་ན་ཡོད་དོ། །ལས་རྣམ་པ་གཉིས་ཏེ་མི་དགེ་བ་འདོད་པ་ན་སྤྱོད་པ་ཉིད་དང་། དགེ་བ་ཟག་པ་དང་བཅས་པ་ཁམས་གསུམ་པའོ། །དེའི་སྟོབས་ནི་བྱེད་པ་པོ་མི་འདོད་ཀྱང་དེའི་འབྲས་བུ་ཡང་དག་པར་སྦྱོར་བའོ། །དེ་ཡོངས་སུ་སྦྱོང་བ་ནི་ནུས་པ་མེད་པར་བྱེད་པ་སྟེ་རྒྱུ་དང་རྐྱེན་རྣམས་ཀྱིས་

གང་ལས་ཀྱི་ནུས་པ་སྐྱེད་པར་བྱེད་པ་དེ་དག་དང་འགལ་བའི་རྒྱུ་དང་རྐྱེན་ལ་སྦྱོར་བ་ལས་དེ་ནུས་པ་མེད་པར་འགྱུར་རོ། །ལས་རྣམས་ཀྱིའང་ཀུན་ནས་སློང་བ་ཉོན་མོངས་པ་རྣམས་དང་དམིགས་པ་ནི་ཡུལ་རྣམས་སོ། །ཉོན་མོངས་པ་རྣམས་ཀྱིའང་རྩ་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་

པ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའོ། །དེ་ལ་དངོས་པོར་འཛིན་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་སྟེ། དང་པོར་དེ་ལ་ཕྱི་རོལ་དང་ནང་ཞེས་པ་དང་བརྟན་པ་དང་བདེ་བ་དང་ངའི་དང་ངའོ་ཞེས་པ་ལ་སོགས་པར་སྒྲོ་འདོགས་པར་བྱ་བ་དང་ལས་ལ་ཡོན་ཏན་མཐོང་བའོ། །དེ་ལྟར་

Vol. 109 · folio 107b

ལས་བྱེད་ཅིང་བྱས་པའི་ལས་ལ་ཡོངས་སུ་དགའ་བ་དང་བསྔགས་པ་རྗེས་སུ་སྒྲོགས་པ་ལ་སོགས་པ་མཇུག་རྫོགས་པ་སྟེ། གང་གིས་ཏེ་ཉེ་བར་བསགས་པར་ཡོད་པ་འབྲས་བུ་འབྱིན་ནུས་པར་འགྱུར་རོ། །དེ་གཅོད་པ་ནི་རྣམ་པ་འདི་ལྟ་བུ་སྟེ་ལས་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པས་

སྟོབས་ཆུང་བར་འགྱུར་རོ། །གང་གི་ཚེ་ལས་དེ་བྱས་ན་དེ་མ་ཐག་ཁོ་ནར་འགྱོད་པ་དང་སྐྱོན་མཐོང་བས་སུན་འབྱིན་པར་བྱེད་པ་དེའི་ཚེའི་མཇུག་བཅོམ་པ་ཉིད་ཀྱི་ཕྱིར་སྟོབས་ཆུང་བ་སྟེ་ཀུན་ནས་སློང་མི་ནུས་པར་འགྱུར་རོ། །སྡིག་པ་ནི་མཁས་པ་རྣམས་ཀྱིས་སྨད་པའི་ཕྱིར་དང་འབྲས་བུ་འདོད་པར་

བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་སྤང་བར་བྱའོ། །དེ་ཡང་རྫོགས་པའི་སངས་རྒྱས་ལ་སོགས་པའི་མདུན་དུ་སོ་སོར་འཆགས་ཤིང་སོ་སོར་སྤོང་ངོ་དེ་ནི་བདག་གིས་མ་ལེགས་པ་བགྱིས་པའོ་ཞེས་སུན་འབྱིན་ནས་སླར་མི་བགྱིད་དོ་ཞེས་དམ་བཅས་པས་སྦྱང་བར་བྱ་བ་སྟེ་སེམས་ཀྱི་ཆོས་ཉིད་ཀྱི་ཕྱིར་རོ། །

ཁབ་ཀྱིས་ཚེར་མ་འདོན་པ་བཞིན་དུ་བསལ་བར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་གཉེན་པོའི་ཕྱོགས་ཀུན་དུ་སྤྱོད་པས་ཟིལ་གྱིས་མནན་པ་ནི་ཤིན་ཏུ་སྟོབས་ཆུང་བའོ། །གཉེན་པོ་ཀུན་དུ་སྤྱོད་པ་ནི་མི་དགེ་བའི་ལས་དང་དགེ་བ་ཟག་པ་དང་བཅས་པའི་ཡང་ཟག་པ་མེད་པའི་དགེ་བའི་ལས་ལ་ཤིན་ཏུ་

མངོན་པར་སྦྱོར་བའོ། །སླར་ལྡོག་པའི་སྟོབས་ཀྱིས་ཀྱང་ཀུན་ནས་མནན་པས་ཡོད་ཀྱང་ཅུང་ཟད་ཀྱང་མི་བྱེད་པར་འགྱུར་རོ། །སོ་སོར་ལྡོག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པ་ལས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །སྡོམ་པ་ཡང་རྣམ་པ་ལྔ་སྟེ་དགེ་བསྙེན་ཉིད་ལ་སོགས་པ་སོ་སོར་

ཐར་པའི་སྡོམ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྡོམ་པ་དང་དེ་ཉིད་ཁྱད་པར་དང་བཅས་པ་དབང་བསྐུར་གྱི་སྡོམ་པ་དང་ཟག་པ་དང་བཅས་པའི་བསམ་གཏན་གྱི་སྡོམ་པ་དང་། དེ་རྣམས་ཉིད་ཟག་པ་དང་བྲལ་བ་ཟག་པ་མེད་པའི་སྡོམ་པའོ། །དེ་ཡང་དག་པར་ལེན་པ་ནི་

ཆོ་ག་ཇི་ལྟ་བ་བཞིན་འཛིན་པ་དང་སྙོམས་པར་འཇུག་པའོ། །སྡོམ་པ་དང་པོ་གསུམ་རྣམས་ཀྱིས་དྲན་པའི་སྟོབས་ལས་མི་བྱེད་པའི་སྡོམ་པ་རང་བཞིན་གྱིས་སྡིག་པའི་ལས་མི་བྱེད་པའི་ངེས་པ་ཐོབ་པ་དང་བཞི་པ་ལས་ནི་ཀུན་ནས་སློང་བ་རྣམ་པར་གནོན་པར་བྱེད་པ་དང་ལྔ་པ་ལས་ནི་ཀུན་ནས་སློང་བ་དང་

Vol. 109 · folio 108a

བྲལ་བའོ། །རྟེན་གྱི་སྟོབས་ཀྱིས་ཀྱང་སྡིག་པ་ལས་ཀྱི་འཇིགས་པ་ལས་བཞིན་དུ་བྱེད་པ་པོ་མི་འདོད་པའི་འབྲས་བུ་འབྱིན་པས་ཟིལ་གྱིས་གནོན་མི་ནུས་སོ། །རྟེན་གྱི་སྟོབས་ནི་རེ་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འབའ་ཞིག་ཉིད་དེ། ཇི་སྐད་དུ་ཕག་མོའི་

རྟོགས་པ་བརྗོད་པར་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་འཆི་བའི་ཆོས་ཅན་དོང་གི་ཕག་མོའི་མངལ་དུ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་མཐོང་ནས་འཇིགས་སྐྲག་པ་ནས་ཇི་སྲིད་བརྒྱ་བྱིན་གྱི་ངག་ལས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ལས་དེ་

རྩད་ནས་ཕྱུང་སྟེ་དེ་ནས་ཤི་འཕོས་པ་དགའ་ལྡན་དུ་སྐྱེས་སོ་ཞེས་པའི་བར་དུའོ། །བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡང་རྟེན་གྱི་སྟོབས་སོ། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ་སྨོན་པ་དང་འཇུག་པའི་སེམས་ཀྱི་དབྱེ་བ་ལས་སོ། །འཇུག་པའི་སེམས་ཀྱང་ཀུན་རྫོབ་པ་དང་དོན་དམ་པའི་

བྱེ་བྲག་ལས་རྣམ་པ་གཉིས་སོ་ཞེས་འཆད་པར་འགྱུར་རོ། །དེ་ལ་སྨན་པའི་སེམས་ལ་བརྟན་ནས་ལས་ཀྱི་སྒྲིབ་པ་རྩད་ནས་འབྱིན་པའི་དཔེར་བརྗོད་པ་ནི། མཛའ་བོའི་བུ་གླིང་གཞན་དུ་འགྲོ་བར་འདོད་པ་མས་བརྩེ་བས་རྐང་པ་དག་ལ་འཇུས་ནས་བཟློག་པ་ན་མ་ལ་ཁྲོ་བ་དྲག་པོས་

མགོ་བོ་ལ་རྐང་པ་བརྒྱབ་ནས་གཟིངས་ལ་ཞོན་པ་ནས་ཇི་སྲིད་གཟིངས་ཞིག་ནས་རྒྱ་མཚོའི་འགྲོམ་ན་ཉི་ཚེ་བའི་དམྱལ་བ་ཡོད་པར། འདིས་མ་ལ་མ་གུས་པ་བྱས་པའི་ལས་ཟད་པས་སྡོད་ཅིག་འཁོར་ལོ་འདི་ཁྱོད་ཀྱི་སྤྱི་བོར་བསྐོར་བར་འགྱུར་རོ་ཞེས་པའི་སྒྲ་བར་སྣང་ལས་ཐོས་ནས། གང་

སུའང་རུང་བ་འགྲོ་བ་འདི་ན་མ་ལ་མི་གུས་པར་བྱས་པ་རྣམས་དང་བྱེད་པ་རྣམས་དང་བྱེད་པར་འགྱུར་བ་དེ་རྣམས་ཀྱི་ལས་དེ་བདག་ཁོ་ན་ལ་རྣམ་པར་སྨིན་པར་གྱུར་ཅིག །སུ་ཡང་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་གྱི་སྐལ་བ་ཅན་དུ་མ་གྱུར་ཅིག་ཅེས་ཤུགས་དྲག་པོས་སྨོན་པ་ལ་གནས་པ། འདི་འདྲ་

བའི་ལས་མཐོང་བའི་ཆོས་ལ་ཉམས་སུ་མྱོང་བར་འགྱུར་བ་དེ་ཡང་ཡོངས་སུ་ཟད་དེ་འཁོར་ལོ་ཡང་དེའི་སྟིང་དུ་དེ་ལྟ་ཉིད་དུ་གནས་ཤིང་སླར་འདི་སྐད་ཀྱང་ཐོས་ཏེ་ལོངས་ལ་སོང་ཤིག་ཁྱོད་ཀྱི་ལས་འདི་ནི་སྨོན་པའི་སྟོབས་ཁོ་ན་ལས་མ་ལུས་པར་ཟད་དོ་ཞེས་པ་ལྟ་བུའོ། །འཇུག་པའི་སེམས་བརྡར་

Vol. 109 · folio 108b

བཏགས་པ་ནི་ལྷག་པར་མོས་པ་སྟེ། གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ལ་དང་སེམས་ཅན་རྣམས་གདོད་ནས་དག་པ་ཉིད་ཆོས་རྣམས་རང་བཞིན་གྱིས་བདག་མེད་པ་ཉིད་དུ་ལྷག་པར་མོས་ནས་བྱང་ཆུབ་དང་སེམས་ཅན་ལ་དམིགས་ཏེ་སེམས་སྐྱེད་པར་བྱེད་དོ། །དེ་ལྟར་སེམས་

འདི་ནི་དངོས་པོར་འཛིན་པའི་གཉེན་པོ་ཡིན་ལ་དེའི་རྩ་བ་ཅན་གྱིས་ཆོས་ཐམས་ཅད་ཀྱི་གཉེན་པོར་འགྱུར་ཏེ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་བསྐྱེད་པ་འདི་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་དེ། ཇི་སྐད་དུ་གསུངས་པ། བྱང་ཆུབ་སེམས་

དཔའ་དེ་གལ་ཏེ་སྔ་དྲོ་ལྟུང་བ་བྱུང་ན་ཉི་མ་ཕྱེད་ན་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་རིགས་ཀྱི་བུ་བསྐལ་པའི་མེ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ནི་ཉེས་པར་སྤྱོད་པ་ཐམས་ཅད་སྲེག་པར་བྱེད་དོ་ཞེས་རྒྱ་ཆེར་རོ། །དེ་

བཞིན་དུ་འཕགས་པ་བྱམས་པའི་རྣམ་པར་ཐར་པར་རིགས་ཀྱི་བུ་འདི་ལྟ་སྟེ་སྒྲོན་མེ་གཅིག་ཁྱིམ་མམ་གནས་ཁང་ཅི་འདྲ་བ་ཅིག་ཏུ་རབ་ཏུ་བཅུག་ན། དེ་རབ་ཏུ་བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་

བསྐྱེད་པའི་སྒྲོན་མེ་གཅིག་སེམས་ཅན་གྱི་བསམ་པའི་ཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཅི་འདྲ་ཅིག་ཏུ་རབ་ཏུ་ཞུགས་ན་དེ་རབ་ཏུ་ཞུགས་མ་ཐག་ཏུ་བརྗོད་དུ་མེད་པའི་བསྐལ་པ་བརྒྱ་སྟོང་ཕྲག་ཏུ་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་ཡེ་ཤེས་ཀྱི་

སྣང་བ་ཡང་དག་པར་བསྐྱེད་དོ། །ཞེས་སོ། །འཕགས་པ་དཀོན་མཆོག་བརྩེབས་པར་ཡང་། འོད་སྲུངས་འདི་ལྟ་སྟེ་ཕུག་ལ་སོགས་པར་ལོ་བརྒྱ་སྟོང་ཕྲག་འདས་པ་དང་སྐྱེས་བུ་འགའ་ཞིག་གིས་ཏིལ་མར་སྒྲོན་མེ་བྱས་ན་དེ་ཅི་མུན་པ་མུན་ནག་དེ་ནི་ལོ་བརྒྱ་སྟོང་དུ་བསགས་པ་སྟེ་འདི་ནས་མི་འགྲོ་

ཞེས་པར་འགྱུར་རམ། བཅོམ་ལྡན་འདས་མ་ལགས་ཏེ་གང་གི་ཕྱིར་ཏིལ་མར་སྒྲོན་མེ་བགྱིས་ན་དེ་ལ་མི་འགྲོ་བའི་ནུས་པ་མ་མཆིས་ཏེ་དེས་གདོན་མི་འཚལ་བ་ཉིད་དུ་འགྲོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་ཁོ་ནར་ལས་དང་ཉོན་མོངས་པ་བརྒྱ་སྟོང་ཕྲག་དུ་

Vol. 109 · folio 109a

མར་བསགས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་འགྲོའོ། །ཞེས་སོ། །བྱང་ཆུབ་ཀྱི་སེམས་ལ་ཞུགས་ན་ནི་ཁ་ན་མ་ཐོ་བ་ཐམས་ཅད་འདག་པ་ལ་ཐེ་ཚོམ་མེད་དོ། །ཇི་སྐད་དུ་དེ་བཞིན་གཤེགས་པ་གསང་བའི་མདོར་གསུངས་པ་འོད་སྲུངས་དེ་གལ་ཏེ་

སེམས་ཅན་གཅིག་ཁ་ན་མ་ཐོ་བ་ཆེན་པོ་མི་དགེ་བ་བཅུ་པོ་འདི་རྣམས་ཡང་དག་པར་ལྡན་པར་གྱུར་ལ་དེ་ཡང་དེ་བཞིན་གཤེགས་པའི་ཆོས་བསྟན་པ་རྒྱུ་དང་རྐྱེན་ལྡན་པ་ལ་ཞུགས་ཏེ་འདིར་བདག་གམ་སེམས་ཅན་ནམ་སྲོག་གམ་གང་བྱེད་པ་པོའམ་གང་ཚོར་བ་པོ་ཅི་ཡང་མེད་དོ་ཞེས་མ་བྱས་མངོན་པར་འདུ་

མ་བྱས་པ་སྒྱུ་མའི་ཆོས་ཉིད་ལ་འཇུག་ནས་སེམས་ཅན་དེ་ངན་འགྲོར་འགྲོ་བར་ང་མི་སྨྲའོ་ཞེས་པའི་བར་དང་། ཇི་སྲིད་དུ་གང་འདི་ལྟར་ལྷག་པར་མོས་པར་འགྱུར་བ་དེ་ལ་ནི་ལྟུང་བ་དང་ལྟུང་བའི་གནས་ཅི་ཡང་མེད་དོ། །དེ་ཅིའི་སླད་དུ་ཞེ་ན། གནས་མེད་ཅིང་གོ་སྐབས་མེད་པ་སྟེ་གང་སྒྲིབ་པ་མེད་པ་

ལ་ལྟུང་བ་གནས་པ་འདི་ནི་གནས་ཡོད་པ་མ་ཡིན་ནོ་ཞེས་པའི་བར་དུའོ། །ལྷག་པའི་བསམ་པ་བསྐུལ་བའི་མདོར་ཡང་། མདོར་བསྡུས་ནས་དོན་མེད་པ་སྤང་བར་གསུངས་ཏེ། བྱམས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐེག་པ་པས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་ནུབ་པར་འཇུག་བཞིན་པ་ན་བདེ་

བླག་ཏུ་ཡོངས་སུ་གྲོལ་བར་འདོད་པས་འདོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་འདོད་པས་ཚོགས་ལ་མངོན་པར་དགའ་བ་མེད་པར་འབྱུང་བར་བྱ་ཞིང་དགོན་པ་དང་ནགས་དང་བས་མཐར་གནས་པས་བརྩོན་པ་དང་མི་བརྩོན་པའི་སེམས་ཅན་ཡོངས་སུ་སྤངས་པ་བདག་ཉིད་ཀྱི་འཁྲུལ་པ་རྟོག་པ་

གཞན་གྱི་འཁྲུལ་པ་མི་ཚོལ་བ་ཅང་མི་སྨྲ་བར་སྒོམ་པ་ལ་དགའ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་ལ་མངོན་པར་དགའ་བས་བསྒོམ་པར་བྱའོ། །ཞེས་སོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོར་ཡང་གསུངས་པ། འཇམ་དཔལ་ཆོས་ཐམས་ཅད་སྒྱུ་མ་དང་སྤྲུལ་པ་ལྟ་

བུར་ཡོངས་སུ་ཤེས་པ་དང་ལྡན་པ་ལ་སྒྱུ་མ་ལྟ་བུའི་སེམས་ནི་ཆོས་རྣམས་ལ་གང་དུ་ཡང་སྒྲིབ་པ་མེད་དོ། །འཇམ་དཔལ་དེ་ལྟ་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རང་གི་ཀུན་དུ་རྟོག་པས་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་ལྟུང་ངོ་། །མེད་པའི་ཆོས་ཡོངས་སུ་བརྟགས་ནས་

Vol. 109 · folio 109b

སྡུག་བསྔལ་སྟོང་ཕྲག་མང་པོ་རྣམས་ཉམས་སུ་མྱོང་ངོ་ཞེས་སོ། །གང་ཡང་མདོ་དང་རྒྱུད་དང་གསང་སྔགས་ལ་སོགས་པ་ཟབ་མོ་དེ་རྣམས་དོན་འདི་མངོན་པར་རྗོད་པར་བྱེད་དེ། །དེ་རྣམས་ལེན་པ་དང་འཛིན་པ་ལ་སོགས་པས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་ཟད་པར་བྱེད་དོ། །དེ་ལྟར་འདིའི་ཉེས་པར་

སྤྱོད་པ་དེ་འབྲས་བུ་འབྱིན་མི་ནུས་པར་འགྱུར་ན་སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཟབ་མོ་ཉན་པ་དང་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་སོ་སོར་རྟོག་པ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཡན་ལག་བསྒོམས་པ་འབྱུང་བ་ནི་ཤིན་ཏུའོ། །འདིར་དཔེར་བརྗོད་པ་ནི་དགེ་སློང་དཔའ་བྱིན་ཚུལ་

ཁྲིམས་དང་ལྡན་པ་བསོད་སྙོམས་སྤྱོད་པ་བུད་མེད་མཆོག་གིས་མཐོང་སྟེ་དེ་ཡང་ཆགས་པ་དྲག་པོས་བརྒྱབ་དེས་དབུགས་ཕྱུང་བས་རང་བཞིན་དུ་གནས་པ་གཟུགས་མཛེས་པ་དང་ལྷན་ཅིག་ཀུན་ནས་སྦྱར་ཞིང་མང་དུ་གནས་ལ། དེའི་བདག་པོ་ལ་ཡང་དུག་དང་བཅས་པའི་ཁ་ཟས་བྱིན་ནོ། །དེ་ཡང་

ཤི་ཞེས་ཐོས་ནས་འདི་ལྟར་གྱུར་ཏེ། ཀྱེ་མ་བདག་གིས་མི་བཟད་པའི་ལས་བྱས་ཏེ་གང་གི་ཕྱིར་བདག་གིས་འདོད་པ་ཡང་སྤྱད་མི་ཡང་བསད་དོ་ཞེས་པ་དང་། ཀྱེ་མ་ཀྱི་ཧུད་བདག་དམྱལ་བར་འཇུག་པར་འགྱུར་རོ་ཞེས་དེ་ལུས་དང་སེམས་གདུང་བ་དྲག་པོར་ཡོངས་སུ་གྱུར་ཏེ། སུ་ཡིས་བདག་

ཕོངས་པ་འདི་ལས་གྲོལ་བར་བྱེད་ཅེས་རྣམ་པར་རྨོངས་བཞིན་དུ་འཁོར་ཞིང་གཙུག་ལག་ཁང་གི་སྒོར་ས་ལ་འགྱེལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ངོ་མཚར་བླ་མས་དགེ་སློང་དེ་ནགས་སུ་ཁྱེར་ཏེ་བར་སྣང་ལ་གནས་ནས་ལུས་ལས་དེ་བཞིན་གཤེགས་པ་མང་པོ་སྤྲོས་པ་རྣམས་ཀྱིས་ཆོས་བསྟན་

པས། ལྷའི་བུ་སྟོང་ཕྲག་བཞི་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དེ་མ་ཐག་ཏུ་དགེ་སློང་གི་ལུས་ལ་བ་སྤུའི་བུ་ག་ཐམས་ཅད་ནས་དམྱལ་བའི་མེ་བྱུང་བ་བྱིན་རླབས་ཀྱིས་ཞིའོ། །དགེ་སློང་དེ་ཡང་ཡོངས་སུ་གདུང་བ་དང་བྲལ་ཏེ་སེམས་བྱང་ཆུབ་ཀྱི་རྣམ་པ་དང་ལྡན་པས་སྐྱེ་བ་མེད་པའི་ཆོས་

ཀྱི་ཚུལ་ལ་རབ་ཏུ་དཔྱད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ་ཞེས་སོ། །ཡངས་པ་ཅན་དུ་དགེ་སློང་དྲི་མ་མེད་པའི་འོད་ཟེར་བསོད་སྙོམས་ལ་རྒྱུ་བ་ན་སྨད་འཚོང་མ་ཡང་དག་པར་ཆགས་པས་སྔགས་ཀྱིས་བཏབ་པའི་བསོད་སྙོམས་ལྷུང་བཟེད་དུ་བླུགས་པའི་དེ་མ་ཐག་ཏུ་ཡང་དག་པར་ཆགས་ཏེ་དེ་

Vol. 109 · folio 110a

དང་ལྷན་ཅིག་ཏུ་རྩེ་དགའ་ཉམས་སུ་མྱོང་སྟེ་གཙུག་ལག་ཁང་དུ་འོངས་ནས་འགྱོད་པ་ཆེན་པོ་སྐྱེས་པས་ཡོངས་སུ་གདུངས་པ་ལ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་ལྷག་པར་མོས་པ་བསྟན་པ་ལས་དགའ་བ་མཆོག་དང་ལྡན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་སོ། །གང་ཡང་དེ་ལྟ་བུར་གྱུར་ཀྱང་ཞིང་བརྔས་པས་ན་སོག་རྩ་ལྟར་འགའ་ཞིག་ཏུ་ལུས་ཀྱི་ལྷག་མ་ཅུང་ཟད་ལུས་པ་དང་། གང་ཡང་ཉམས་སུ་མྱོང་བར་ངེས་པ་མེད་པའི་ལས་དེའི་རྣམ་པར་སྨིན་པར་མི་ནུས་པ་ཉིད་ནི། དེ་ལ་དབང་བའི་སྟོབས་ཀྱིས་རྣམ་

པར་སྨིན་པ་ཕྱིས་བསལ་ནས་ཚོགས་ཀྱི་ཡན་ལག་ཉིད་དུ་བསྐྱེད་པས་རྣམ་པར་སྦྱོང་ངོ་། །དགེ་བའི་ལས་ཟག་པ་དང་བཅས་པ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ཡང་དག་པའི་དོན་སོ་སོར་རྟོག་པས་ཟག་པ་མེད་པ་ཉིད་དུ་

བསྐྱེད་ནས་ཚོགས་ལ་མངོན་དུ་ཕྱོགས་པར་བྱེད་པས་རྣམ་པར་སྦྱོང་ངོ་། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཤེས་རབ་ཟག་པ་མེད་པ་སྟེ། དེས་ནི་ལས་དམིགས་པ་མེད་པ་དང་བྱ་བ་མེད་པ་དང་བྱེད་པ་པོ་མེད་དེ་གང་ཞིག་གང་གིས་རྣམ་པར་སྦྱང་བའོ། །

དོན་དམ་པ་ལ་གནས་པས་ནི་གང་དུ་ཡང་འཇུག་པའམ་ལྡོག་པ་མེད་དོ་ཞེས་ཆོས་ཐམས་ཅད་ནི་མི་དམིགས་པ་ཁོ་ནས་ལས་རྣམ་པར་སྦྱོང་ངོ་། །རྨི་ལམ་དུ་ཡང་སྡིག་པ་ཟད་པའི་མཚན་མ་རྣམས་མཐོང་སྟེ་འདི་ལྟ་སྟེ་ཟས་ངན་པ་ལ་སོགས་པ་སྐྱུགས་པ་དང་ཞོ་དང་འོ་མ་ལ་སོགས་པ་ཟ་བའམ་

སྐྱུགས་པ་དང་ཉི་མ་དང་། ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་སྐྱེས་བུ་གདུག་པ་དང་བཅས་པ་ནག་པོ་ཕམ་པར་བྱས་པ་དང་དགེ་སློང་དང་དགེ་སློང་མ་མཐོང་བ་དང་འོ་མ་ཅན་གྱི་ཤིང་དང་གླང་པོ་དང་། ཁྱུ་མཆོག་དང་རི་དང་སེང་གེའི་ཁྲི་དང་ཁང་བཟངས་དང་གྲུ་

ལ་འཛེགས་པ་དང་ཆོས་ཉན་པ་ལས་སྡིག་པ་ཟད་པར་ཡང་དག་པར་མཚོན་པར་བྱའོ། །དེ་ལྟར་རེ་ཞིག་པའི་ལས་རྣམ་པར་སྦྱོང་བ་བརྗོད་ཟིན་ཏོ། །གལ་ཏེ་དེ་ལྟར་རྣམ་པར་དག་པ་ཡོད་ན། བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། །ལུས་ཅན་ལས་རྣམས་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་

Vol. 109 · folio 110b

པ་དང་། །འབྲས་བུར་ངེས་པར་སྨིན་པར་འགྱུར། །ཞེས་པ་ལ་སོགས་པའི་གསུང་རབ་ཅི་ལྟར་ཞེ་ན་དེ་ནི་གཉེན་པོ་བསྒོམས་པ་ལ་སོགས་པ་མེད་ན་ཞེས་ཤེས་པར་བྱའོ། །མ་འོངས་པའི་ལས་ནི་རྐྱེན་རྣམས་མ་ཚང་བ་བསྐྱེད་པས་མི་སྐྱེ་བ་ཉིད་སྦྱོང་བ་སྟེ། མ་སྐྱེས་པ་ནི་ཅིའི་ཡང་གེགས་སུ་

འགྱུར་བ་མེད་དོ། །དེ་ལ་ཀུན་ནས་སློང་བའི་རྐྱེན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ་གང་ཀུན་ནས་གནས་པ་ལས་མི་འདོད་ཅིང་མི་ཤེས་ཀྱང་བློ་མ་སྦྱངས་པ་རྣམས་བྱ་བ་མ་ཡིན་པ་བྱེད་པའོ་བློ་སྦྱངས་པ་རྣམས་ནི་དཔའ་བོ་སྟེ་དེ་རྣམས་ཟིལ་གྱིས་མི་གནོན་ཞིང་སླར་ལ་དེ་རྣམས་

ཀྱིས་ཟིལ་གྱིས་གནོན་ནོ། །ཟིལ་གྱིས་གནོན་པ་ཡང་དག་པའི་སོ་སོར་རྟོག་པས་བརྫུན་པ་ཉིད་དུ་རྟོགས་པ་སྟེ་འདི་རྣམས་ཀྱི་སྐྱེ་གནས་ནི་ཀུན་དུ་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་ཡུལ་རྣམས་ཏེ་གང་གིས་འདི་རྣམས་འབྲོས་པ་རྣམས་བཟློག་པ་པོས་སྐྲ་ནས་འཛིན་པ་བཞིན་དུ་

སྟོབས་ཀྱིས་བཀུག་ཅིང་བཀུག་ནས་བཙོན་ཁང་བཞིན་དུ་བདུད་ཀྱི་ཡུལ་ལ་འཇོག་ལ། དོན་དམ་པ་པའི་རྩ་བ་ཉིད་ཐོབ་པའི་བརྟན་པ་རྣམས་ནི་གཞན་འཕྲུལ་དབང་བྱེད་ཀྱི་སའི་མཐར་ཐུག་པའི་འདོད་པ་རྣམས་ཀྱིས་ཀྱང་མི་ཁུགས་ཤིང་ཟིལ་གྱིས་མི་ནོན་ཏེ་སྔ་མ་བཞིན་ཞེས་པས་ལས་རྣམས་སྐྱེ་

བ་མེད་དོ་ཞེས་པ་སྡོམ་པའི་ཚུལ་ཁྲིམས་ཁྱད་པར་བཅས་པ་རྒྱས་པ་དང་བཅས་པ་བརྗོད་ཟིན་ཏོ། །དེ་ཡང་བྱང་ཆུབ་སེམས་དཔའི་སེམས་གནས་པའི་ཆེད་དུ་འགྱུར་རོ། །འཇུག་པའི་ཚུལ་ཁྲིམས་ནི་གཉིས་ཏེ་དགེ་བའི་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་

སྨིན་པའི་ཆེད་དུའོ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱང་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུའོ། །འདི་ཙམ་ཡང་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་དོ། །འདི་ལྟ་སྟེ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཆེད་དུ་སེམས་གནས་པ་དང་། ལུས་དང་སེམས་ངལ་བ་མེད་

པའི་ཡོངས་སུ་སྨིན་པ་གཉིས་སོ་ཞེས་པའོ། །འཇུག་པའི་ཚུལ་ཁྲིམས་འདིའི་རྟེན་དུ་ལྡོག་པའི་ཚུལ་ཁྲིམས་ཏེ་ཡིད་དང་རྗེས་སུ་མཐུན་པ་ཕུལ་དུ་བྱུང་བའི་ལྷ་དང་མིར་སྐྱེ་བ་རྣམས་དང་དེ་རྣམས་ཉིད་བདག་གི་དངོས་པོ་དང་། ལོངས་སྤྱོད་དང་ཕྱི་རོལ་གྱི་དངོས་པོ་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་

Vol. 109 · folio 111a

གྱི་འབྲས་བུ་སྐྱེད་པར་བྱེད་པ་རྣམ་པར་གྲོལ་བའི་མཚན་ཉིད་རྣམས་ཀྱང་ངོ་། །དགེ་བའི་ལས་ཀྱི་ལམ་འདི་རྣམས་ཐོས་པ་ལ་སོགས་པ་དང་སྦྱིན་པ་ལ་སོགས་པ་རྣམས་ཇི་ལྟ་ཇི་ལྟར་ཉེ་བར་བྱེད་པ་དེ་ལྟ་དེ་ལྟར་མཆོག་ཏུ་བླ་ན་མེད་པ་དང་མཆོག་ཏུ་ཡོངས་སུ་རྒྱས་པར་འགྱུར་

ཏེ་གང་གིས་རྣམ་པ་དེ་ལྟ་བུའི་འབྲས་བུ་ཐོབ་པར་བྱེད་དོ། །གཞན་གང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་དགུ་གསུངས་པ་དེ་ནི་ཚུལ་ཁྲིམས་རྣམ་པ་གསུམ་པོ་འདི་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཏེ་དེ་སྐྱོན་མེད་པ་ནི་ཇི་

ལྟར་བླངས་པའི་བསླབ་པ་གཅིག་ལས་ཀྱང་མ་འདས་པའི་ཕྱིར་རོ། །མ་ཉམས་ཤིང་མ་རལ་བ་ནི་བསླབ་པ་མང་པོ་ལས་མ་འདས་པའི་ཕྱིར་རོ། །འདྲེས་པ་མ་ཡིན་པ་ནི་མི་དགེ་བ་དང་མ་འདྲེས་པའི་ཕྱིར་རོ། །ནོག་ནོག་པོར་མ་གྱུར་པ་ནི་སྲིད་པའི་ལོངས་སྤྱོད་ཀྱི་དོན་དུ་ཡོངས་སུ་མ་

བསྔོས་པའི་ཕྱིར་རོ། །འདི་ཉིད་ཐུན་ཚགས་མ་ཡིན་པའི་ཚུལ་ཁྲིམས་ཞེས་བརྗོད་དེ་ལྟུང་བ་མེད་པའི་རྣམ་པ་གཞན་གྱིས་ནོག་ནོག་པོར་མ་གྱུར་པའི་རྣམ་པ་གཞན་བསྟན་པའི་ཕྱིར་རོ། །གང་སྐྱོན་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་དེ་རང་དབང་ཅན་དེ་སྲིད་པའི་འབངས་

ལས་གྲོལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་རྣམས་ཀྱིས་ཚུལ་ཁྲིམས་འདི་བསྔགས་པའོ། །ཏིང་ངེ་འཛིན་ཡང་འགྲུབ་པར་བྱེད་པ་སྟེ་ཚུལ་ཁྲིམས་དང་ལྡན་པ་ལས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར་འདི་འདྲ་བའི་ཚུལ་ཁྲིམས་ནི་བསྟེན་པར་བྱའོ། །དེ་འཕགས་

པ་དཔའ་བོས་གསུངས་པ། གང་ཞིག་ལུས་དང་ངག་དང་ཡིད་སྡོམ་པ། །འདི་ནི་མདོར་བསྡུས་ཚུལ་ཁྲིམས་ཡིན་གསུངས་ཏེ། །འདི་ལ་གནས་རྣམས་འགྲོ་ལ་ཕན་པའི་དོན། །སེམས་པ་ཁྱད་པར་འབྲས་བུ་དང་བཅས་འགྱུར། །ཞེས་སོ། །བཟོད་པ་ནི་བཟོད་པར་བྱེད་པ་སྟེ། དོན་དམ་

པར་ནི་རྣམ་པར་རྟོག་ཞི་བ། །བཟོད་པའི་དེ་ཉིད་རིག་པས་བཟོད་པར་གསུངས། །དེ་ཕྱིར་འཇིག་རྟེན་རྨི་ལམ་ལྟར་རྟོག་པ། །རྣམ་རྟོག་ཉེ་བར་ཞི་ལ་འབད་པར་བྱ། །བརྩོན་འགྲུས་ནི་དགེ་བའི་ལས་ལ་སྤྲོ་བ་སྟེ། ས་གཞི་མཐའ་དག་མེ་མདག་ཏུ་བྱ་བའམ། །མཚོན་གྱིས་བཀང་བ་རྐང་

Vol. 109 · folio 111b

པས་མནན་བྱས་ནས། །གང་ཞིག་ཐུབ་དབང་ལྟ་བའམ་ཞི་བའི་ཆོས། །བཅུད་ལེན་བཏུང་ཕྱིར་མཆོག་ཏུ་སྤྲོ་བའོ། །བསམ་གཏན་ནི་གཟུང་བར་བྱ་བ་ལ་སེམས་རྩེ་གཅིག་པ་ཉིད་ཡིན་ལ། དེ་ཡང་ལུས་དང་སེམས་དབེན་པ་དག་ཁོ་ན་ལས་འགྱུར་ཏེ། ཇི་སྐད་དུ་འཕགས་པ་ཟླ་བ་སྒྲོན་

མར་གསུངས་པ། །གང་རྣམས་འདོད་པ་སྤངས་ཤིང་མེ་ལྟ་བུའི། །བུ་དང་ཆུང་མ་རྣམས་ལ་སྲེད་སྤངས་ནས། །ཤིན་ཏུ་སྐྲག་པས་ཁྱིམ་ནས་ངེས་ཐོན་པ། །དེ་རྣམས་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་རྣམས་ཁྱིམ་གྱི་ནང་ན་གནས་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་

ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་བྱུང་བ་དང་། །མ་འོངས་འབྱུང་འགྱུར་གང་ཞིག་བཞུགས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པ་འདོད་པས་ནགས་ཀྱི་ནང་གནས་ན། །ཉོན་མོངས་རབ་ཏུ་སྤངས་ཤིང་བདུད་བཅོམ་ནས། །རྡུལ་བྲལ་འདུས་

མ་བྱས་པའི་བྱང་ཆུབ་རྟོགས། །ཞེས་སོ། །སླར་ཡང་། གྲོང་དང་གྲོང་ཁྱེར་ལ་དགའ་རྣམས་སྤངས་ནས། །བསེ་རུ་རྟག་ཏུ་གཉིས་པ་མེད་འབྱུང་ལྟར། །ནགས་ཁྲོད་དབེན་པ་རྟག་ཏུ་བསྟེན་བྱས་ནས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་པ་དང་། སླར་ཡང་། འཇིག་

རྟེན་དགའ་བ་རྟག་ཏུ་བདེ་མིན་པས། །གང་ལ་འདིར་མཛའ་མི་མཛའ་དགའ་མེད་པར། །གང་ཞིག་ནགས་དང་རི་སུལ་མངོན་དགའ་དེས། །ཤིན་ཏུ་བདེ་བ་དྲི་མེད་རྗེས་མྱོང་འགྱུར། །གང་འདིར་བདག་གི་འཛིན་པ་ཅི་ཡང་མེད། །གང་ལ་ཡོངས་འཛིན་ཀུན་དུ་ཡོད་མིན་པར། །འཇིག་རྟེན་

འདིར་ནི་བསེ་རུ་བཞིན་སྤྱོད་པ། །དེ་ནི་མཁའ་ལ་རླུང་བཞིན་འགྲོ་བར་འགྱུར། །གང་རྣམས་སླར་ཡང་ལོག་པར་རབ་ཞུགས་ཏེ། །བྱིས་པ་རྟག་ཏུ་འདོད་ཡོན་ལ་དགའ་རྣམས། །ཇི་ལྟར་བྱ་རྒོད་རོ་ལ་ལྷག་མོས་ལྟར། །རྟག་ཏུ་དབང་འགྱུར་གྲོལ་བར་མི་འགྱུར་རོ། །ཞེས་སོ། །འཕགས་

པ་ཡུལ་འཁོར་སྐྱོང་གི་མདོར་ཡང་། མཐའ་ཡས་སྐྱོན་གྱིས་ཐིབས་པོ་ཁྱིམ་ནི་སྤངས་ནས་སེམས་ལྟོས་མེད་པ་དེ་རྣམས་ནི། །ངེས་པ་རྟག་ཏུ་གནས་སུ་དགའ་བ་ཐོབ་ཅིང་ཡོན་ཏན་ལྡན་རྣམས་དབང་པོ་ཞི། །དེ་རྣམས་བུད་མེད་སྐྱེས་པ་རྣམས་དང་འདྲིས་པ་གང་དུའང་ཡོད་མིན་ཞིང་། །

Vol. 109 · folio 112a

བསམ་པ་དག་པ་དྲི་མ་མེད་རྣམས་བསེ་རུ་ལྟ་བུར་གཅིག་པུར་གནས། །དེ་རྣམས་རྙེད་པས་དགའ་བར་མི་འགྱུར་མ་རྙེད་པས་ཀྱང་ཡིད་མི་ཞུམ། །འདོད་པ་ཆུང་ཞིང་ངན་ངོན་རྣམས་ཀྱིས་མངོན་དགའ་རྒྱུ་དང་ཚུལ་འཆོས་སྤངས། །ཞེས་སོ། །སླར་ཡང་རིགས་པ་མ་

ཡིན་པའི་སྤྱོད་པས་དེ་རྣམས་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་རྣམས་རབ་ཏུ་བྱུང་ཞིང་བསྟན་པ་འདི་ལ་རྙེད་པ་ཙམ་གྱིས་ཚིམ་པ་སྐྱེ་བར་འགྱུར་རོ། །དེ་རྣམས་སྡིག་པ་འཆགས་པར་ཡང་མི་འགྱུར་ན་ཡེ་ཤེས་ཀྱི་མངོན་པར་རྟོགས་པ་ལྟ་ཅི་སྨོས། དེ་རྣམས་སངས་རྒྱས་ཀྱི་ཡོན་ཏན་

སྤངས་ནས་བདག་ནི་དགེ་སྦྱོང་ངོ་ཞེས་བདག་ཉིད་དམ་འཆའ་བར་འགྱུར་རོ། །ཇི་སྲིད་དུ་ལུས་དང་སྲོག་ལ་ལྟོས་པ་དང་བཅས་པ་ནི་ཆོས་ཡོངས་སུ་ཚོལ་བར་ང་མི་སྨྲའོ། །སྐྱེས་བུ་རྨོངས་པ་དེ་རྣམས་ལ་ཇི་ལྟ་བ་དེ་ལྟར་སྟོན་པ་དྲུག་ལ་མི་སྨོད་དོ། །དེ་རྣམས་ནི་གཞན་དུ་སྨྲ་བ་གཞན་དུ་བྱེད་པ་

སླུ་བར་བྱེད་པ་སྟེ། དེ་རྣམས་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱི་བདེ་འགྲོ་ཡང་རིང་ན་བྱང་ཆུབ་ལྟ་ཅི་སྨོས་ཞེས་སོ། །འཕགས་པ་དཀོན་མཆོག་བརྩེགས་པར་འོད་སྲུངས་འདི་ལྟ་སྟེ་ནོར་བུ་རིན་པོ་ཆེ་མི་གཙང་བར་ལྟུང་ན་དོན་མེད་པར་འགྱུར་བ་དང་སྨད་པར་བྱ་བར་འགྱུར་རོ། །འོད་སྲུངས་

དེ་བཞིན་དུ་མང་དུ་ཐོས་པ་རྙེད་པ་དང་བཀུར་སྟིའི་མི་གཙང་བར་ལྟུང་བ་བལྟ་བར་བྱའོ། །ཅུང་ཞིག་ཀྱང་མེད་པ་ལ་ནི་ལྷ་དང་མི་དགའ་བར་འགྱུར་རོ། །གཞན་ཡང་། རང་དོན་ཙམ་ལ་འགྲོ་བ་ཡི། །ཕྱུགས་ཀྱང་འདི་ལྟར་ཉོན་མོངས་ཏེ། །འགྲོ་བའི་དོན་སྒྲུབ་བསོད་ནམས་ཅན། །

དེ་རྣམས་སྐྱེ་བོ་ཆེན་པོའོ། །གྲང་དང་རླུང་སོགས་སྡུག་བསྔལ་རྣམས། །རང་དོན་སེམས་པས་ཀྱང་བཟོད་ན། །འགྲོ་བའི་དོན་དུ་ཞུགས་པ་རྣམས། །དེ་རྣམས་ཅི་ལྟར་བཟོད་མི་བྱེད། །དམྱལ་བའི་སྡུག་བསྔལ་རྣམས་ཀྱང་ནི། །སྙིང་རྗེ་ཅན་གྱིས་བཟོད་བྱ་ན། །གྲང་དང་རླུང་

སོགས་སྡུག་བསྔལ་རྣམས། །དེ་རྣམས་ད་ལྟ་ཅི་ཕྱིར་སེམས། །ཞེས་པས་འཇིག་རྟེན་ཕན་ལྟ་དང་། །སངས་རྒྱས་ཉིད་དུ་འགྱུར་འདོད་པས། །རྟག་ཏུ་སྦྱོར་བས་བསམ་གཏན་ནི། །རྩོམ་ལ་ཡང་དག་འབད་པ་བྱེད། །ངལ་བསོས་ངལ་བསོས་བསྲུབས་པ་ཡིས། །མེ་ནི་འབྱུང་

Vol. 109 · folio 112b

བར་མི་འགྱུར་བ། །དེ་ཉིད་སྦྱོར་དང་སྦྱོར་བ་ལའང་། །ཁྱད་པར་རྟོགས་པ་མེད་ནའོ། །དེ་བཞིན་དུའང་། ཤེས་རབ་མི་བརྩོན་བློ་ཅན་གང་ཕྱིར་ལྟ་བ་ནི། །དག་པར་མི་འགྱུར་དེ་མེད་ན་ཡང་ཚུལ་ཁྲིམས་མེད། །དེ་མེད་ན་ནི་ཡང་དག་ཏིང་འཛིན་ཐོབ་མེད་ཅིང་། །དེ་དང་བྲལ་བས་སྡུག་བསྔལ་

ཟད་པ་དེ་བཞིན་ཉིད། །ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོར་གསུངས་པ། གཞན་ཡང་ཏིང་འཛིན་འདི་ན་སྒོམ་མོད་ཀྱང་། །ཏིང་ངེ་འཛིན་གྱི་འདུ་ཤེས་མི་འཇིག་ན། །དེ་ཡི་ཉོན་མོངས་སླར་ཡང་འཁྲུག་འགྱུར་ཏེ། །ལྷག་སྤྱོད་འདིར་ནི་ཏིང་འཛིན་སྒོམ་པ་བཞིན། །ཞེས་སོ། །མི་

འཇིག་པ་ནི་རྣམ་པར་མི་དཔྱོད་པའོ། །དེ་ལྟར་ནི་སྐྱིལ་ཀྲུང་དམ་པོ་བཅས་ནས་དུས་རིང་པོར་ཞི་གནས་དེའི་བདག་ཉིད་དུ་གྱུར་པའི་དྲང་སྲོང་ལྷག་སྤྱོད་ཀྱི་རལ་པའི་བུག་པར་གནས་མི་གཡོ་བའོ་ཞེས་ཏེ་བྱི་བ་བུ་སྐྱེས་པའི་བུ་དང་ཚ་བོ་རྣམས་ཀྱིས་དུས་རིང་པོར་རལ་པ་དམ་དུམ་དུ་བྱས་ཏེ་ས་ལ་ལྟུང་ལ།

དྲང་སྲོང་དེ་ཡང་དུས་རིང་པོ་ན་ཏིང་ངེ་འཛིན་དེ་ལས་ལངས་ནས་རལ་པ་དེ་ལྟ་བུ་མཐོང་སྟེ། མཉམ་པར་གཞག་པས་ཡོངས་སུ་ཤེས་ནས་ཞེ་སྡང་ཞིང་གཏུམ་པར་གྱུར་ནས་དེར་སྨྲས་པ་བདག་གང་ན་བྱི་བ་གསོད་ཅིང་ཟ་བ་དེར་སྐྱེ་བར་གྱུར་ཅིག་ཅེས་ལོག་པའི་སྨོན་ལམ་གྱི་དབང་གིས་བྱི་ལའི་

མངལ་དུ་སྐྱེས་ནས་དེ་ལྟར་བྱེད་པ་འཕགས་པ་རྣམས་ཀྱིས་གཟིགས་ཏེ་གསུངས་པ། ཀྱེ་མ་ཏིང་ངེ་འཛིན་ཤིན་ཏུ་དེའི་བདག་ཉིད་དུ་གྱུར་ཀྱང་ལྷག་མཐོང་མེད་ན་མི་གཡོ་བའི་ཏིང་ངེ་འཛིན་བཞིན་དུ་ཉོན་མོངས་པ་རྩ་བ་ནས་འདོན་མི་ནུས་ཏེ། དེ་ལྟར་ནི་ཡུན་རིང་པོར་ཡང་ཏིང་ངེ་འཛིན་གྱིས་བསལ་བའི་ཉོན་

མོངས་པ་སླར་འཁྲུགས་པ་རྣམས་ཀྱིས་ལྷག་སྤྱོད་བྱི་ལར་བྱས་སོ། །ཞེས་སོ། །དེ་ཡང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་རབ་ཏུ་མི་གནས་པའི་སེམས་ཉིད་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕུལ་དུ་བྱུང་ཐོབ་པ་ནི་ཤེས་རབ་སྟེ། དེ་ནི་འཇིག་རྟེན་པའང་ཡོད་པས་དེའི་ཕྱིར་

ཆོས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལས་ཤེས་བྱ་དག་པའི་ཕ་རོལ་ཏུ་ཕྱིན་ཞིང་སོང་བས་ན་ཕ་རོལ་ཏུ་ཕྱིན་པའོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་སྟེ་རྟོགས་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱང་འཇིག་རྟེན་པའི་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་མེད་པ་ལ་སོགས་པས་དེ་ལས་

Vol. 109 · folio 113a

བཟློག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པར་བརྗོད་དོ། །དེ་ཁོ་ན་ཉིད་དེ་ཡང་གང་ཟག་དང་ཆོས་ཀྱི་སྟོང་པ་ཉིད་དོ། །ཡང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པ་ནི་ཕ་རོལ་ཏུ་ཕུལ་དུ་བྱུང་བའི་མཐར་

ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཤེས་རབ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ལུང་དུ་ཡང་ངོ་བོའི་རྐྱེན་གྱི་མཐའ་ཡིས་ཆོས་ཀྱང་བརྗོད་ཀྱི་ཆོས་ཉིད་ཁོ་ན་ནི་མ་ཡིན་ནོ། །དཔེར་ན་གཤེར་བ་ཆུའི་ཁམས་སོ་

གཤེར་བ་ཉིད་ཆུའི་ཁམས་ཞེས་པ་བཞིན་ནོ། །ཡང་ན་པ་ར་མ་ནི་དོན་དམ་པ་སྟེ། པ་ར་མ་ལས་བྱུང་བ་ནི་པཱ་ར་མི་ཡིན་པས་དོན་དམ་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ལ་དམིགས་ནས་སྐྱེས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་ན་ཕ་རོལ་གྱི་སྒྲས་དེ་བཞིན་ཉིད་

བརྗོད་དེ་ཐམས་ཅད་ཀྱི་ཕ་རོལ་དུ་གྱུར་པའི་ཕྱིར་རོ། །ཕ་རོལ་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་བཤད་པའི་རྣམ་པ་འདི་ཐམས་ཅད་ཀྱང་བཅོམ་ལྡན་འདས་མ་བར་མར་བཙལ་བར་བྱའོ། །ཅི་ལྟར་ན་ཆོས་ཀྱི་སྐུའི་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡིན་ཞེ་ན། དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཁམས་གསུམ་དུ་འཁོར་བ་པ་སེལ་བར་འབྱུང་བའོ། །གང་གི་ཕྱིར་འདི་ནི་རིག་པ་སྟེ་མ་རིག་པའི་གཉེན་པོར་གྱུར་པ་ཡིན་ལ་མ་རིག་པའི་རྩ་བ་ཅན་ནི་འཁོར་བའོ། །དེ་སྐད་དུ་

ཡང་གསུངས་པ། ལས་དང་ཉོན་མོངས་པས་འཕངས་པའི་སྐྱེ་བའི་རྒྱུ་ནི་འཁོར་བའོ། །ཞེས་སོ། །དེ་ལྟར་ནི་བདེན་པ་གཉིས་མི་ཤེས་པ་ནི་མ་རིག་པའོ། །མ་རིག་པའི་རྐྱེན་གྱིས་མི་དགེ་བ་འདོད་པ་ན་སྤྱོད་པ་ཁོ་ན་དང་དགེ་བ་ཟག་པ་དང་བཅས་པ་ཁམས་གསུམ་པའི་ལས་ནི་འདུ་བྱེད་དོ། །

ལས་དེའི་ས་བོན་གང་ཡིན་པ་དེས་ཡོངས་སུ་བསྒོས་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་ཟླ་བ་གྲགས་པའོ། །མཛོད་དུ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་གི་ཕུང་པོ་ལྔ་རྣམ་པར་ཤེས་པ་ཞེས་བཤད་དོ། །རྣམ་པར་ཤེས་པའི་རྐྱེན་

Vol. 109 · folio 113b

གྱིས་མིང་དང་གཟུགས་ཏེ། དེ་ཡང་ཉིང་མཚམས་སྦྱོར་བའི་གནས་སྐབས་སུ་མའི་མངལ་དུ་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་རྣམས་དང་། འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ཇི་ལྟར་སྲིད་པ་སྟེ་དེ་ཉིད་ནུར་ནུར་པོ་ཞེས་བརྗོད་ཅིང་རིམ་གྱིས་མེར་མེར་པོ་དང་གོར་གོར་པོ་དང་

ནར་ནར་པོ་དང་ཡན་ལག་འགྱུས་པ་ལ་སོགས་པའི་གནས་སྐབས་རྣམས་སོ། །དེ་ལ་ཕུང་པོ་བཞི་པོ་རྣམས་ནི་ཡང་སྲིད་པར་གཞོལ་བར་བྱེད་པའི་ཕྱིར་རམ་ཡུལ་ལ་གཞོལ་བར་བྱེད་པའི་ཕྱིར་ཉིད་མིང་ཉིད་དོ། །འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ནི་གྲང་བ་ལ་སོགས་པ་རྣམས་ཀྱིས་རྣམ་པར་

འགྱུར་བ་སྐྱེ་བའི་ཕྱིར་གཟུགས་ཉིད་དོ། །མིང་དང་གཟུགས་དེ་ཉིད་རིམ་གྱིས་འཕེལ་བར་སོན་པ་ནི་མིག་ལ་སོགས་པའི་གནས་སྐབས་སུ་སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་ཞིང་གནས་སྐབས་དེར་སྐྱེ་མཆེད་དྲུག་རྫོགས་པར་འགྱུར་ལ། སྐྱེ་མཆེད་ཉིད་ནི་སེམས་དང་སེམས་ལས་བྱུང་བ་སྐྱེ་བོའི་སྒོའི་

དོན་གྱིས་ནའོ། །སྐྱེ་མཆེད་དྲུག་པོ་དེ་རྣམས་ཡོངས་སུ་སྨིན་པ་ལས་དང་ཡུལ་ལ་མངོན་དུ་ཕྱོགས་པར་གྱུར་པ་ལས་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པའི་བདག་ཉིད་རེག་པ་སྐྱེའོ། །འདི་ནི་རྟེན་གྱི་བྱེ་བྲག་གིས་རྣམ་པ་དྲུག་གོ། །རེག་པ་བདེ་བ་ཉམས་སུ་མྱོང་བྱ་ལ་སོགས་

པའི་ངོ་བོ་གང་འདྲ་བ་དེ་འདྲ་བའི་ཚོར་བ་སྐྱེའོ། །དེ་བཞིན་དུ་འདུ་བྱེད་ཀྱིས་འཕངས་པའི་ཡན་ལག་སྲེད་པ་དང་ལེན་པས་གསོས་པས་འཆི་བའི་དུས་སུ་སྲིད་པར་འགྱུར་རོ། །དེ་ལས་ཇི་ལྟར་འཕངས་པའི་རིམ་གྱིས་སྐྱེའོ་རྒས་སོ་འཆིའོ། །དེ་ལ་སྲེད་པ་གང་ཞེ་ན། གང་བདེ་བའི་ཚོར་བ་ལ་མི་འབྲལ་

བར་མངོན་པར་འདོད་པ་དང་། སྡུག་བསྔལ་ལ་འབྲལ་བར་མངོན་པར་འདོད་པ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་གཉིས་ཀར་མངོན་པར་འདོད་པ་མེད་པའོ། །ལེན་པ་ནི་གང་འདོད་པ་ལ་སོགས་པ་རྣམས་ལ་འདུན་ཞིང་ཆགས་པའོ། །དེ་དམིགས་པའི་བྱེ་བྲག་གིས་རྣམ་པ་བཞི་

སྟེ་འདོད་པའི་ལེན་པ་དང་ལྟ་བའི་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་དང་བདག་གི་དངོས་པོའི་ཉེ་བར་ལེན་པའོ། །འདོད་ཆགས་དེས་འདོད་པ་ལ་སོགས་པ་ཉེ་བར་ལེན་པར་འགྱུར་བས་སོ། །སྲེད་པ་དང་ལེན་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་མེད་པར་ཡང་སྲིད་ལ།

Vol. 109 · folio 114a

མངོན་པར་དགའ་བ་ནི་སྲེད་པའོ། །ཁྱད་པར་གྱིས་ནི་ལེན་པའོ། །ཡང་ན་རིང་བའི་རྒྱུ་སྲེད་པ་དང་ཉེ་བའི་རྒྱུ་ལེན་པའོ། །དེའི་ཕྱིར་དེ་ལྟར་འདུ་བྱེད་ཀྱི་ས་བོན་སྲེད་པ་དང་ལེན་པས་གསོས་པས་འབྲས་བུ་བསྐྱེད་ལ་མངོན་དུ་ཕྱོགས་པ་ནི་སྲིད་པ་ཞེས་བརྗོད་དོ། །མདོ་ལས་

ནི་འདོད་པའི་སྲིད་པ་དང་གཟུགས་ཀྱི་སྲིད་པ་དང་གཟུགས་མེད་པའི་སྲིད་པ་ཞེས་གསུངས་ཏེ། འོན་ཀྱང་ལས་ཀྱི་སྲིད་པ་ཁོ་ན་ལ་དགོངས་པའོ། །སྲིད་པའི་དེ་མ་ཐག་ཏུའང་འདིར་རྣམ་པར་ཤེས་པ་གང་ཡིན་པ་དེ་སྐྱེ་བར་འགྱུར་ཏེ་མིང་དང་གཟུགས་ལ་སོགས་པ་རིམ་གྱིས་ཚོར་བ་ཇི་སྲིད་

པའོ། །སྐྱེས་པའི་དགའ་བ་དང་འཆི་བ་ལ་སོགས་པར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་བདག་མེད་པ་ཅན་གྱི་སྡུག་བསྔལ་གྱི་ཚོགས་འདི་ཀུན་དུ་འབྱུང་བར་འགྱུར་རོ། །དེ་ལྟར་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ནི་མདོར་བསྡུས་ནས་ཡན་ལག་བཞི་

རྣམས་སུ་རྣམ་པར་གཞག་པར་བྱས་སོ་ཞེས་རིག་པར་བྱའོ། །འདི་ལྟ་སྟེ་འཕེན་བྱེད་ཀྱི་ཡན་ལག་དང་འཕངས་པའི་ཡན་ལག་དང་མངོན་པར་འགྲུབ་བྱེད་ཀྱི་ཡན་ལག་དང་མངོན་པར་གྲུབ་པའི་ཡན་ལག་གོ་ཞེས་པ་སྟེ། གསུམ་དང་བཞི་དང་གསུམ་དང་གཉིས་སོ་ཞེས་པ་རིམ་པ་ཇི་ལྟ་བ་

བཞིན་ཏེ། ཡན་ལག་བཅུ་གཉིས་པོ་བསྡུས་པ་ལས་ཡན་ལག་བཞི་རྣམས་སུ་བསྒྲགས་པའོ། །གང་འདི་རྣམས་གནས་སྐབས་ཀྱི་བར་ལ་རེག་པ་ལ་སྟེ་གང་བར་སྐབས་ཁོ་ནར་ཤི་བ་ལ་མ་ཡིན་ལ་གཟུགས་དང་གཟུགས་མེད་པ་ལ་སྤྱོད་པ་ལའང་མ་ཡིན་ནོ། །དེ་ལྟར་རེ་ཞིག་སྐྱེ་

བ་གཉིས་ཀྱིས་རྣམ་པར་གཞག་པའི་དབང་དུ་བྱས་ནས་དེ་བཞིན་དུ་བརྗོད་ལ་སྐྱེ་བ་གསུམ་དུ་ཡང་རྣམ་པར་གཞག་སྟེ། དེ་ལ་མ་རིག་པ་དང་འདུ་བྱེད་འདས་པའི་སྐྱེ་བའོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་ད་ལྟར་གྱི་སྐྱེ་བའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་སྐྱེ་བའོ། །དེ་ལ་མ་རིག་

པའི་རྐྱེན་ཅན་གྱི་འདུ་བྱེད་འདས་པའི་སྐྱེ་བར་བྱས་པ་རྣམས་ཀྱིས་སྐྱེ་བ་འདིར་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་པོར་བྱས་ནས་ཚོར་བ་ཇི་སྲིད་པར་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་དོ། །ད་ལྟར་བའི་སྲིད་པ་དང་ལེན་པ་དང་སྲིད་པ་རྣམས་ཀྱིས་ཀྱང་མ་འོངས་པའི་སྐྱེ་བ་ལ་

Vol. 109 · folio 114b

སོགས་པ་བསྐྱེད་དོ། །སྐྱེ་བ་གསུམ་གྱི་རྣམ་པར་གཞག་པ་འདིའི་དགོས་པ་དང་སྔོན་དང་ཕྱི་མའི་མཐའ་དང་བར་མ་རྣམས་ལ་ཀུན་དུ་རྨོངས་པ་བཟློག་པའོ། །དེ་ལྟར་གསུངས་མོད་ཀྱི་འོན་ཀྱང་མ་རིག་པའི་རྐྱེན་ཅན་གྱིས་འདུ་བྱེད་རྣམས་ཀྱི་སྐྱེ་བ་བསྐྱེད་པའི་དུས་ན། སྲེད་པ་དང་ལེན་

པ་དང་སྲིད་པ་རྣམས་ཀྱང་ཡོད་ལ་དེ་རྣམས་ཀྱིས་གང་མ་འོངས་པའི་སྐྱེ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ་མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་རྣམས་ཀྱིས་ཀྱང་བྱ་བ་སྟེ། མིང་དང་གཟུགས་ལས་གཞན་པའི་སྐྱེ་བ་ལ་སོགས་པ་རྣམས་མེད་པའི་ཕྱིར་དེ་རྣམས་ཉིད་རྣམ་པ་གཞན་གྱིས་བཤད་པར་

འགྱུར་རོ། །དེའི་ཕྱིར་སྐྱེ་བའི་རྣམ་པར་གཞག་པ་གཉིས་འགལ་བ་མེད་དོ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དེ་ཡང་ཀུན་ནས་ཉོན་མོངས་པ་གསུམ་གྱི་བདག་ཉིད་དང་ལམ་གསུམ་དུ་རིག་པར་བྱའོ། །དེ་ལ་ཉོན་མོངས་པ་ནི་ཀུན་ནས་ཉོན་མོངས་པ་སྟེ་གང་གི་ཕྱིར་ཉོན་མོངས་པའི་དབང་གིས་

ལས་དང་སྐྱེ་བ་འཕེན་པར་བྱེད་ལ་བདེན་པ་མཐོང་བ་ལ་ལས་ཡོད་ཀྱང་ཡང་སྲིད་འཕེན་པ་མེད་པའི་ཕྱིར་དང་། ཉོན་མོངས་པ་ཀུན་དུ་སྤྱོད་པས་ཡང་སྲིད་པའི་ས་བོན་སྲིད་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡང་སྲིད་པར་ཉིང་མཚམས་སྦྱར་བས་འཆིང་བར་བྱེད་པའི་ཕྱིར་སྐྱེ་བའི་

ཀུན་ནས་ཉོན་མོངས་པའི་ཡང་རྒྱུ་མཚན་ནོ། །དེ་ཉིད་ཀྱི་ཕྱིར་དགྲ་བཅོམ་པ་ལ་ཉིང་མཚམས་སྦྱོར་བ་མེད་དོ་ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ཕྱིར་རོ། །ལས་དགེ་བ་དང་མི་དགེ་བ་ཡང་ཀུན་ནས་ཉོན་མོངས་པ་སྟེ། དེའི་ཚེ་ཉིད་ན་ལུས་དང་སེམས་དག་ངལ་བའི་རྒྱུ་མཚན་ཡིན་པ་ཉིད་

ཀྱི་ཕྱིར་དང་ཕྱིས་ཀྱང་རྣམ་པར་སྨིན་པ་སྦྱིན་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ཡང་ཉེ་བར་འཚེ་བ་ཐམས་ཅད་ཀྱི་གཞི་རྟེན་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པའོ། །རྣམ་པ་གཉིས་ཀྱང་སྟེ། དང་པོ་གཉིས་ནི་རྒྱུའི་ཀུན་ནས་ཉོན་མོངས་པའོ། །ཕྱི་མ་འབྲས་བུའི་ཀུན་ནས་ཉོན་མོངས་

པའོ། །མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་ཉོན་མོངས་པའི་ལམ་མོ། །འདུ་བྱེད་དང་སྲིད་པ་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་རྣམས་རྣམ་པར་སྨིན་པའི་ལམ་མོ་ཞེས་པའོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། འཁོར་བའི་འཁོར་ལོ་རྣམ་གསུམ་པ། །

Vol. 109 · folio 115a

ཐོག་མ་མཐའ་དང་དབུས་མེད་འདི། །མགལ་མེའི་འཁོར་ལོ་བཞིན་དུ་ནི། །ཕན་ཚུན་རྒྱུ་མཚན་འཁོར་བར་བྱེད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་ལ་ཐོག་མ་མེད་དེ་སྔར་མེད་པའི་སེམས་ཅན་སྐྱེ་བ་མེད་པའི་ཕྱིར་རོ། །ཐོག་མ་དང་ལྡན་པ་ཉིད་ན་རྒྱུ་མེད་

པ་ཉིད་དུ་ཐལ་བའི་ཕྱིར་རོ། །སྐྱེ་བ་རྒྱུ་ལ་རག་ལས་པའི་ཕྱིར་རྒྱུ་ཟད་པ་ལས་ཐ་མ་ནི་རིགས་ཏེ་ས་བོན་ཟད་པ་ལས་མྱུ་གུ་བཞིན་ནོ། །སངས་རྒྱས་བྱུང་བ་སོ་སོར་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རོ། །གང་གཉེན་པོ་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་

དེ་རྣམས་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་འཛད་པའི་ཆོས་སྲིད་པ་ཡིན་ཏེ་གསེར་གྱི་དྲི་མ་ལ་སོགས་པ་བཞིན། འཁོར་བ་པ་ཡང་བདག་མེད་པ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ཡོད་ན་འབྲི་བའི་ཆོས་ཅན་ཡིན་ནོ་ཞེས་པའི་

ཚད་མ་ལས་འཁོར་བའི་རྒྱུན་ཆད་པ་ཡོད་དོ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་པ་ལ་སོགས་པའི་ལུང་ལས་ཀྱང་ངོ་། །ཇི་སྐད་དུ་རིགས་པ་དྲུག་ཅུ་པར་གསུངས་པ། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །

དེ་ཕྱིར་འཇིག་རྟེན་འདི་དག་ནི། །རྣམ་པར་རྟོག་པར་ཅིས་མི་འཐད། །མ་རིག་འགགས་པར་གྱུར་པ་ན། །གང་གི་འགོག་པ་སྐྱེ་འགྱུར་བ། །དེ་ཕྱིར་མི་ཤེས་ཀུན་བརྟགས་པར། །ཅི་ཡི་ཕྱིར་ནི་གསལ་མི་འགྱུར། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །

མ་རིག་ས་བོན་ལས་བྱུང་བ། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །ཆུ་ཤིང་དབུས་བཞིན་སྙིང་པོ་མེད། །དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། །ཀུན་རྨོངས་གྲོང་ཁྱེར་འཇིགས་རུང་བ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཚངས་ལ་སོགས་པས་འཇིག་རྟེན་འདི། །གང་ཞིག་བདེན་པར་རབ་

བརྗོད་པ། །དེ་ཡང་འཕགས་རྣམས་བརྫུན་ཞེས་གསུངས། །དེ་ལས་ལྷག་མ་གཞན་ཅི་ཞིག །ཅེས་སོ། །དེ་བཞིན་དུ། དངོས་པོར་ཁས་ལེན་ཡོད་ན་ནི། །ཆགས་སྡང་དྲག་པོ་འབྱུང་འགྱུར་བའི། །ལྟ་བ་མ་རུངས་ཡོངས་སུ་འཛིན། །དེ་ཡིས་བསླངས་པའི་རྩོད་པ་བྱེད། །

Vol. 109 · folio 115b

དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་འབྱུང་མི་འགྱུར། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་ཟད། །ཅིས་དེ་ཡོངས་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྲེལ་པར་མཐོང་བ་ལས། །བརྟེན་ནས་སྐྱེས་པ་མ་སྐྱེས་པར། །དེ་ཉིད་རིག་པའི་མཆོག་གིས་གསུངས། །

ལོག་པའི་ཤེས་པས་ཟིལ་མནན་པ། །བདེན་མིན་བདེན་པར་འདུ་ཤེས་རྣམས། །ཡོངས་སུ་འཛིན་དང་རྩོད་སོགས་ཀྱི། །རིམ་པ་ཆགས་ལས་རབ་ཏུ་འཇུག །ཉོན་མོངས་ལག་འགྲོ་གཡོ་ཅན་གྱིས། །འགའ་ཞིག་ཁོ་ནའི་གནས་རྙེད་པས། །འཛིན་པར་འགྱུར་རོ་གང་གི་

སེམས། །གནས་མེད་དེ་རྣམས་འཛིན་མི་འགྱུར། །སེམས་ནི་གནས་དང་བཅས་རྣམས་ལ། །དུག་ཅན་སྐྱོན་དུ་ཅིས་མི་འགྱུར། །གང་ཚེ་ཐ་མལ་གནས་པ་ཡང་། །ཉོན་མོངས་ལག་འགྲོས་ཟ་བར་འགྱུར། །ཇི་ལྟར་བྱིས་པས་གཟུགས་བརྙན་ལ། །བདེན་པའི་འདུ་ཤེས་

ཀྱིས་ཞེན་པ། །དེ་བཞིན་ཡུལ་གྱི་དྲ་བ་རུ། །གཏི་མུག་ལས་ནི་འཇིག་རྟེན་འཆིང་། །དངོས་པོ་གཟུགས་བརྙན་ལྟ་བུར་ནི། །བཟུང་ནས་ཡེ་ཤེས་སྤྱན་རྣམས་ཀྱིས། །ཡུལ་གྱི་མིང་ཅན་འདམ་ལ་ནི། །བདག་ཉིད་ཆེན་པོ་ཐོགས་པ་མེད། །བྱིས་པ་རྣམས་ནི་གཟུགས་ལ་

ཞེན། །བར་མ་རྣམས་ནི་ཆགས་བྲལ་འགྱུར། །བློ་མཆོག་རྣམས་ཀྱིས་གཟུགས་ཀྱི་ནི། །རང་བཞིན་ཤེས་པས་རྣམ་པར་གྲོལ། །གནས་མེད་བདག་ཉིད་ཆེན་པོ་རྣམས། །ཆགས་པ་མེད་ཅིང་ཆགས་བྲལ་མིན། །གནས་ཡོད་ན་ནི་ཆགས་པ་དང་། །ཆགས་དང་བྲལ་བ་སྐྱེ་བར་

འགྱུར། །སྡུག་ཅེས་པ་ལས་ཆགས་འགྱུར་ལ། །དེ་ལས་བཟློག་ལས་ཆགས་བྲལ་ཏེ། །སྒྱུ་མའི་སྐྱེས་བུ་བཞིན་དབེན་པར། །མཐོང་ནས་མྱ་ངན་འདས་པར་འགྲོ། །ཞེས་སོ། །འཁོར་བ་དེ་ཡང་སྐྱོན་ལྔ་དང་ལྡན་པར་རིག་པར་བྱ་སྟེ་སྡུག་བསྔལ་ཉིད་དང་ལོངས་སྤྱོད་ཟད་པ་དང་

མཛའ་བ་དང་བྲལ་བ་དང་འཆིང་བ་དང་སྒྲིབ་པས་སོ། །དེ་ནི་ཕོངས་པ་འདི་རྣམས་ཏེ། ནད་མེད་པས་ཕོངས་པ་ནི་རྣམ་པ་མང་པོའི་ནད་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ངལ་བས་སོ། །ལོངས་སྤྱོད་ཀྱིས་ཕོངས་པ་ནི་དགའ་བ་ཕུན་སུམ་ཚོགས་པ་ལ་མི་དགའ་བའི་རྒུད་པ་ངེས་པར་འབྲེལ་

Vol. 109 · folio 116a

པ་ཉིད་ཀྱིས་སོ། །ཉེ་དུ་ཉམས་པ་ནི་དེ་རྒུད་པ་དང་བྲལ་བ་ལས་རྗེས་སུ་མྱ་ངན་བྱེད་པའོ། །ཚུལ་ཁྲིམས་ཉམས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ན་འཆལ་པའི་ཚུལ་ཁྲིམས་སྤངས་ཀྱང་སྡོམ་པའི་ཚུལ་ཁྲིམས་དང་འགལ་བ་འདོད་པའི་སྲེད་པའི་བག་ལ་ཉལ་གྱི་རྗེས་

སུ་འཆིང་བའོ། །ལྟ་བ་ཉམས་པ་ནི་འཇིག་རྟེན་པའི་ཡེ་ཤེས་ཐོབ་པ་རྣམས་དེ་དང་འགལ་བ་མ་རིག་པའི་བག་ལ་ཉལ་གྱི་སྒྲིབ་པ་ལས་སོ། །སྐྱེ་བའི་རྒྱུན་འདི་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་སྲིད་པར་བརྗོད་དོ། །དེ་ཡང་རྣམ་པ་བཞི་སྟེ། བར་མ་དོའི་སྲིད་པ་དང་།

སྐྱེ་བའི་སྲིད་པ་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང་། དེའི་ཕ་རོལ་སྔོན་དུས་ཀྱི་སྲིད་པ་དང་། སྐད་ཅིག་མ་ཐ་མ་ལ་འཆི་བའི་སྲིད་པའོ། །གང་ལ་ཕ་རོལ་འཆི་བ་དང་སྐྱེ་བའི་སྲིད་པའི་འགྲོ་བ་དག་གི་བར་དུ་འབྱུང་བའི་ཕྱིར་བར་མ་དོའི་སྲིད་པ་སྟེ་ཁམས་གཉིས་

སུ་འགྱུར་རོ། །གཟུགས་མེད་པའི་ཁམས་ན་གནས་གཞན་ཡོངས་སུ་བཅད་པ་མེད་དེ། གང་ཐོབ་པའི་དོན་དུ་བར་མ་དོའི་སྲིད་པ་འགྲུབ་པའོ། །བར་མ་དོའི་སྲིད་པ་དེ་ཡང་འགྲོ་བ་འཕེན་པར་བྱེད་པའི་ལས་ཉིད་ཀྱིས་འགྲོ་བ་ཐོབ་པའི་ཆེད་དུ་འཕེན་པའི་ཕྱིར་འགྲོ་བ་གང་དུ་འགྲོ་

བར་འགྱུར་བ་དེར་གང་འོང་བར་འགྱུར་བའི་སྔོན་དུས་ཀྱི་སྲིད་པ་དེ་དང་འདྲ་བའི་རྣམ་པ་སྟེ། དབང་པོ་ཀུན་ཚང་བ་ལོ་ལྔ་དྲུག་ལོན་པའི་བྱིས་པའི་ཚད་ཙམ་པ་དབང་པོ་གསལ་བ། ཐོགས་པ་མེད་པ་ཡིད་ཀྱི་རང་བཞིན་ལུས་ཤིན་ཏུ་དང་བ་འདོད་པ་ན་སྤྱོད་པ་ཉིད་ན་དྲི་ཟ་བས་དྲི་ཟ་རིགས་

མཐུན་པ་དང་ལྷའི་མིག་དག་པས་མཐོང་བ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་མི་ལྡོག་པ་སྟེ། ཉི་མ་བདུན་ནམ་ཉི་མ་བདུན་པ་བདུན་ནམ་ཇི་སྲིད་སྐྱེ་བའི་ཚོགས་པ་མ་ཐོབ་པའི་དུས་ཀྱི་བར་དུ་སྡོད་པ་ནི་བཞེད་པ་ཐ་དད་ལས་བསྡད་ནས་ཕ་མ་དག་སྦྱོར་བ་མཐོང་སྟེ། ཇི་ལྟར་རིགས་པར་

འདོད་ཆགས་སམ་ཞེ་སྡང་སྐྱེས་པས་ཕྱིན་ཅི་ལོག་ཏུ་གྱུར་ནས་རྩེ་བར་འདོད་པས་ཡུལ་དེར་ཕྱིན་ནས། གནས་སྐབས་དེ་ལ་བདག་ཉིད་ཡང་དག་པར་མོས་ཤིང་མངལ་གྱི་གནས་ཡང་དག་པར་ཐོབ་པ་ལ་དགའ་བ་སྐྱེས་ནས་གནས་སོ། །དེ་ནས་འདི་ཕ་མའི་མི་གཙང་བ་ནུར་ནུར་པོ་གྱུར་པས་ཕུང་

Vol. 109 · folio 116b

པོ་གོར་གོར་པོར་འགྱུར་རོ། །ཕོ་ནི་མའི་ལྟོ་བ་གཡས་པ་ལ་བརྟེན་ནས་རྒྱབ་ཏུ་ཁ་ཕྱོགས་ཤིང་ཙོག་ཙོག་པོར་འགྱུར་ལ། འོན་ཏེ་མོར་གྱུར་ན་ནི་གཡོན་པ་ལ་བརྟེན་ཏེ་ལྟོ་བ་ལ་ཁ་བལྟས་པའོ། །མོ་ཡིར་གྱུར་པའམ་ཕོ་ཡིར་གྱུར་པའི་འདོད་ཆགས་ཀྱིས་ཞུགས་ཏེ། གནས་ཇི་ལྟ་བས་ཕྱིས་

མ་ནིང་དུ་འགྱུར་རོ། །དེ་ལྟར་སྒོ་ང་ལས་སྐྱེས་པ་དང་མངལ་སྐྱེས་དག་སྐྱེ་གནས་སུ་འགྲོའོ། །དྲོད་གཤེར་ལས་སྐྱེ་བ་ནི་ལས་ཇི་ལྟ་བར་གཙང་དང་མི་གཙང་བའི་དྲི་མ་མངོན་པར་འདོད་པ་ལས་ཏེ། རྫུས་སྐྱེས་ནི་གནས་མངོན་པར་འདོད་པ་ལས་སོ། །དམྱལ་བ་པ་རྣམས་སུ་མངོན་པར་

འདོད་པ་ནི་བློ་ཕྱིན་ཅི་ལོག་ཉིད་ཀྱི་ཕྱིར་རོ། །དམྱལ་བའི་བར་དོའི་སྲིད་པ་ནི་སྤྱིའུ་ཚུགས་སོ། །མངལ་དུ་འཇུག་པ་བཞི་རྣམས་ཏེ་རྨོངས་པ་རྣམས་ནི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ཤེས་བཞིན་མ་ཡིན་པ་ཉིད་དེ་གཅིག་གོ། །འཁོར་ལོས་སྒྱུར་བ་བསོད་ནམས་རྒྱ་ཆེན་པོ་དང་ལྡན་

པ་རྣམས་འཇུག་པ་ཁོ་ན་ཤེས་བཞིན་དུའོ། །རང་སངས་རྒྱས་རྣམས་འཇུག་པ་དང་གནས་པ་དག་གོ། །སངས་རྒྱས་རྣམས་ནི་འཇུག་པ་དང་གནས་པ་དང་འབྱུང་བ་ཡང་སྟེ་བཞི་པའོ། །དེ་ལ་སྒོ་ང་ལས་སྐྱེས་པའི་གནས་པ་ནི་སེམས་ཅན་གང་སྒོ་ང་ལས་སྐྱེ་བ་རྣམས་ཏེ། ངང་པ་དང་རྨ་བྱ་

ལ་སོགས་པ་རྣམས་ལྟ་བུའོ། །མི་འགའ་ཞིག་རྣམས་ཀྱང་སྟེ་དཔེར་ན་ཁྲུང་ཁྲུང་མོ་ལས་སྐྱེས་པའི་བྲག་དང་ཉེ་བྲག་དང་རི་དགས་འཛིན་གྱི་མའི་བུ་སུམ་ཅུ་རྩ་གཉིས་དང་རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་རྣམས་ལྟ་བུའོ། །མངལ་སྐྱེས་ནི་སེམས་ཅན་གང་མངལ་ནས་སྐྱེས་པ་རྣམས་ཏེ། མི་དང་

གླང་པོ་ཆེ་དང་རྟ་ལ་སོགས་པ་ལྟ་བུ་དང་ཡི་དགས་ཁ་ཅིག་ཀྱང་ངོ་། །དྲོད་གཤེར་ལས་སྐྱེ་བ་ནི་གང་འབྱུང་བའི་དྲོད་གཤེར་ལས་སྐྱེས་པ་རྣམས་ཏེ་སྦྲང་བུ་ལ་སོགས་པ་ལྟ་བུའོ། །མི་འགའ་ཞིག་ཀྱང་སྟེ་ང་ལས་ནུ་དང་མཛེས་པ་དང་ཉེ་མཛེས་དང་ཐི་བའི་ཕྲེང་བ་ཅན་མ་དང་ཨ་མྲ་སྐྱོང་མ་ལ་སོགས་པ་ལྟ་

བུའོ། །རྫུས་སྐྱེས་ནི་སེམས་ཅན་རྐང་ལག་དང་ཉིང་ལག་ཐམས་ཅད་ལྡན་པ་ལ་ལན་ཅིག་ལ་སྐྱེ་བ་རྣམས་ཏེ། ལྷ་རྣམས་དང་དམྱལ་བ་རྣམས་དང་སྲིད་པ་བར་མ་རྣམས་དང་ཡི་དགས་འགའ་ཞིག་དང་། ཀླུ་དང་ནམ་མཁའ་ལྡིང་ལ་སོགས་པའི་དུད་འགྲོ་འགའ་ཞིག་དང་བསྐལ་པ་དང་པོ་པའི་མི་རྣམས་

Vol. 109 · folio 117a

ལྟ་བུའོ། །སྐྱེ་གནས་ཐམས་ཅད་ལས་རྫུས་སྐྱེས་མཆོག་གོ། །བྱང་ཆུབ་སེམས་དཔའ་མངལ་སྐྱེས་ཀྱི་སྐྱེ་གནས་ལ་བརྟེན་པ་ནི། ཉེ་དུའི་འབྲེལ་པས་ཤཱ་ཀྱའི་རིགས་ཆེན་པོ་ཆོས་ལ་གཞུག་པའི་དོན་དང་འདི་ནི་འཁོར་ལོས་སྒྱུར་བའི་རིགས་སོ་ཞེས་གཞན་རྣམས་རིམ་གྲོ་ཆེར་

བསྐྱེད་པའི་དོན་དང་མིར་གྱུར་པ་རྣམས་ཀྱིས་ཀྱང་གྲུབ་པ་འདི་ཐོབ་པོ་ཞེས་གདུལ་བྱ་རྣམས་སྤྲོ་བའི་དོན་དུའོ། །གཞན་དུ་ན་རིགས་དང་གདུང་ཡོངས་སུ་མི་ཤེས་པ་ཅི་འདི་སྒྱུ་མའི་སྐྱེས་བུའམ་ལྷའམ་ཤ་ཟ་ཞེས་པ་འདི་ལྟར་ཡོངས་སུ་རྟོག་པར་འགྱུར་རོ། །ཁ་ཅིག་ན་རེ་རྫུས་སྐྱེས་ཀྱི་སེམས་ཅན་

ཤི་བ་རྣམས་ཀྱི་ལུས་མི་གནས་ཏེ་མར་མེ་བཞིན་མི་སྣང་བར་འགྱུར་བས་སྐུ་གདུང་རྣམས་གཞག་པའི་དོན་དུའོ་ཞེས་སོ། །དེ་མ་ཡིན་ཏེ་རྫུ་འཕྲུལ་གྱི་བྱིན་རླབས་ལས་སྐུ་གདུང་རྣམས་གནས་པའི་ཕྱིར་རོ། །དངོས་པོ་ལས་ནི་སྐུ་གདུང་རྣམས་མི་འདོད་པ་ཁོ་ན་སྟེ་སྒྱུ་མ་ལྟ་བུའི་ཡེ་ཤེས་ལ་སོགས་པའི་

རང་བཞིན་ཡིན་པའི་ཕྱིར་དང་ཐུབ་པ་དྲི་མ་མེད་པའི་བློ་ཅན་རྣམས་འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་རོ། །སྐྱེ་གནས་བཞི་ཅན་གྱི་འགྲོ་བ་འདི་ཡང་ཟས་བཞིས་གནས་པའོ། །དེ་ལ་ཁམ་གྱི་ཟས་ནི་འདོད་པའི་ཁམས་ནའོ། །གསུམ་འདུས་པ་ལས་སྐྱེས་པ་རེག་པ་དང་ཡིད་ལ་

སེམས་པ་དང་། རྣམ་པར་ཤེས་པ་ཞེས་པ་ཟས་གསུམ་ནི་ཁམས་གསུམ་རྣམས་ནའོ། །དེ་ལ་རེག་པ་ནི་རྒྱ་མཚོའི་འགྲམ་དུ་སྲོག་ཆགས་རྣམས་ཀྱིས་བྱེ་མར་བཞག་པའི་སྒོ་ང་རྣམས་མའི་རེག་པ་དྲན་པ་རྣམས་འདྲུལ་བར་མི་འགྱུར་ལ་གང་མ་དྲན་པ་དེ་རྣམས་འདྲུལ་བ་ལྟ་བུའོ། །ཡིད་

ལ་སེམས་པ་ནི་དཔེར་ན་མུ་གེ་ཡོད་ན་ཐལ་བའི་ཐུམ་བུ་ལ་ཕྱིར་བརྟགས་པའི་བུ་དག་ཡུན་རིང་པོར་གནས་པ་བཤིག་པ་ནི་ཡི་ཆད་ནས་ཤི་བ་དང་། རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་སྐྱེས་བུ་རྣམས་སྒྲུབ་པའི་ཕུང་པོ་ཆེན་པོ་ལ་ཐད་དོ་ཞེས་ཏེ་དྲུང་དུ་སོང་སྟེ་ཀུན་དུ་མནམས་ནས་རེ་བ་ཆད་ནས་ཤི་བ་ལྟ་བུའོ། །

གལ་ཏེ་གང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྲིད་པ་རྣམས་གསོ་བར་བྱེད་པས་ཟས་ཡིན་ནོ། །དེ་ལྟ་ན་ཡང་གཙོ་བོ་ཡིན་ཏེ་ལུས་རྒྱས་པའི་དོན་དུ་ཁམ་དུ་བྱས་པའི་ཟས་དང་སེམས་དང་སེམས་ལས་བྱུང་བ་རྣམས་རྒྱས་པའི་ཆེད་དུ་རེག་པ་དང་ཡིད་ལ་སེམས་པས་ཡང་སྲིད་འཕེན་པ་དང་

Vol. 109 · folio 117b

འཕངས་ཟིན་པ་ནི་ལས་ཀྱིས་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་འགྲུབ་པོ། །འགྲོ་བ་གང་ན་ཟས་སུ་ཡོད་ཅེ་ན་ཐམས་ཅད་ན་ཐམས་ཅད་དོ། །དེ་བཞིན་དུ་སྐྱེ་གནས་རྣམས་ནའོ། །དམྱལ་བ་ན་ཁམ་དུ་བྱས་པའི་ཟས་ཅི་ལྟར་ཞེ་ན། ལྕགས་ཀྱི་ཐོ་ལུམ་འབར་བ་དང་ཟངས་བསྐོལ་བའོ། །

ཉམས་པར་བྱེད་པའི་ཟས་ནི་དམྱལ་བ་པ་རྣམས་ན་སྟེ་དེས་ཀྱང་བཀྲེས་པ་དང་སྐོམ་པ་འཇོམས་པར་ནུས་པའོ། །ཉི་ཚེ་བའི་དམྱལ་བ་རྣམས་ན་ཁམ་དུ་བྱས་པའི་ཟས་མི་བཞིན་ནོ། །དེ་ལྟར་སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་གནས་པ་དང་འཆི་འཕོ་བ་རྣམས་བཤད་ཟིན་ཏོ། །དེ་ལ་དགེ་

བའི་རྩ་བ་ཆད་པ་དང་མཚམས་སྦྱོར་བ་དང་ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང་ཡོངས་སུ་ཉམས་པ་དང་འཆི་འཕོ་དང་སྐྱེ་བ་ཞེས་པ་ཆོས་དྲུག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལ་འདོད་ཀྱི་གཞན་ལ་མ་ཡིན་ནོ། །འདིར་བར་མ་དོའི་སྲིད་པ་ཉིང་མཚམས་སྦྱོར་བ་ཡང་སྐྱེ་བའོ། །འཆི་འཕོ་དང་

སྐྱེ་བ་དག་ནི་ཚོར་བ་བཏང་སྙོམས་ལའོ། །འོན་ཀྱང་མཉམ་པར་གཞག་པའི་སེམས་དང་སེམས་མེད་པ་ལ་དེ་དག་མེད་དོ། །གང་གི་ཚེ་འདིའི་རྟེན་རྣམ་པར་འགྱུར་བར་རྩོམ་པ་དེའི་ཚེ་ངེས་པར་འདིའི་རྟེན་དེ་དང་འབྲེལ་པ་སྟེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་

ཙམ་ཉིད་ཡིན་པའི་ཕྱིར་དང་དེ་མ་ཐག་པ་ལ་སོགས་པའི་ཁྱད་པར་དོན་མེད་པའི་ཕྱིར་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་བཞིན་དུ་སྔར་གྱི་སེམས་ཡུན་རིང་པོ་འགགས་པ་ལས་ཀྱང་སྐྱེས་པར་གྱུར་པའི་སེམས་མངོན་དུ་གྱུར་ནས་ཕྱིས་འཆི་འཕོའི་གཞན་དུ་ནི་མ་ཡིན་ནོ། །སྐྱེ་བ་

ལས་ནི་སེམས་ཆད་པའི་རྒྱུ་མེད་པའི་ཕྱིར་དང་ཉོན་མོངས་པ་མེད་པར་མི་སྐྱེ་བའི་ཕྱིར། འདུ་ཤེས་མེད་པའི་སེམས་ཅན་གྱི་སེམས་མེད་པར་རིགས་པ་ཉིད་མ་ཡིན་ནོ། །གཞན་ཡང་གང་སྣང་བ་མེད་པའི་འགྲོ་བ་པའི་སེམས་ཅན་རྣམས་ཕྱི་རོལ་པའི་མངོན་པར་ཤེས་པ་ལྔ་ཅན་དང་ཉན་ཐོས་དང་རང་

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལམ་དུ་མི་འོང་བ་དེ་རྣམས་དེ་བཞིན་གཤེགས་པ་ལ་ཤིང་རྟའི་འཁོར་ལོའི་ཚད་ཙམ་གྱི་ཕྱོགས་ལ་སྣང་བར་འགྱུར་བ་དེ་རྣམས་ཀྱང་ཤིན་ཏུ་མང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་དེ་ཙམ་མེད་དོ། །དེ་

Vol. 109 · folio 118a

ལྟར་སེམས་ཅན་ཚད་མེད་པ་སྣང་བ་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་རིགས་པར་འདུལ་བར་བྱེད་དོ། །དེ་རྣམས་སེམས་ཅན་གཞན་རྣམས་ཀྱིས་ཤེས་པ་ཡང་མེད་དོ་ཞེས་པའོ། །འདུལ་བ་ཡང་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པས་སོ། །དེ་འཕགས་པ་

ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བར་འགྱུར། །འདི་ལས་གཞན་པའི་སེམས་ཅན་གང་། །ལམ་འབྲས་སྤྱོད་པ་མེད་པར་འདོད། །མེ་ལོང་ལ་བརྟེན་གང་འདྲ་བར། །བཞིན་གྱི་དཀྱིལ་འཁོར་སྣང་བ་ན། །དེ་ནི་དེར་

འཕོས་མ་ཡིན་ལ། །དེ་མེད་ན་ནི་དེ་མི་འབྱུང་། །དེ་བཞིན་ཕུང་པོ་སྐྱེ་འགྱུར་ཞིང་། །སྲིད་པ་བར་དོར་མཚམས་སྦྱོར་བ། །མཁས་པས་དེ་འཕོས་མ་ཡིན་པར། །ཐམས་ཅད་ཚེ་ན་ངེས་པར་བྱ། །མདོར་ན་སྟོང་པའི་ཆོས་རྣམས་ཀྱིས། །སྟོང་པའི་ཆོས་རྣམས་སྐྱེད་པར་བྱེད། །ལས་འབྲས་

བྱེད་པོ་ཟ་བ་པོ། །ཀུན་རྫོབ་ཏུ་ནི་རྒྱལ་བས་བསྟན། །ཆོས་རྣམས་རྒྱུ་ལས་སྐྱེ་བ་ལ། །འགལ་བ་ནམ་ཡང་ཡོད་མ་ཡིན། །གང་ཕྱིར་རྒྱུ་ནི་རྒྱུས་སྟོང་བས། །སྐྱེ་བ་མེད་པར་རྟོགས་པར་བྱ། །ཞེས་ཏེ་སེམས་ཅན་གྱི་འཇིག་རྟེན་བརྗོད་ཟིན་ཏོ། །སྣོད་ཀྱི་འཇིག་རྟེན་བརྗོད་པར་བྱ་སྟེ།

འདིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་གྲུབ་པ་ནམ་མཁའ་ལ་གནས་པ་འོག་ཏུ་རླུང་གི་དཀྱིལ་འཁོར་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་དྲུག་པ་རྒྱར་གྲངས་མེད་པའོ། །དེར་སྤྲིན་གྱི་ཆར་པ་ལས་ཆུའི་དཀྱིལ་འཁོར་དཔངས་སུ་འབུམ་ཕྲག་བརྒྱད་པའོ། །ཆུ་ལྷག་མ་ཡོངས་སུ་གྱུར་

པ་གསེར་གྱི་ས་གཞིའི་དཀྱིལ་འཁོར་དཔངས་སུ་སྟོང་ཕྲག་ཉི་ཤུ་ལྷག་པའི་སུམ་འབུམ་པའོ། །འདི་དག་གི་རྒྱའི་ཚད་ནི་སྟོང་ཕྲག་གསུམ་དང་ཕྱེད་དང་ལྔ་བརྒྱ་ལྷག་པའི་འབུམ་ཕྲག་བཅུ་གཉིས་སོ། །འཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །དེར་རི་རབ་ལ་བསྐོར་ཏེ་གཉའ་ཤིང་འཛིན་དང་

གཤོལ་མདའ་འཛིན་དང་སེང་ལྡེང་ཅན་དང་བལྟ་ན་སྡུག་དང་རྟ་རྣ་དང་རྣམ་འདུད་དང་མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་རྣམས་སོ། །དེ་ལས་ཕྱི་རོལ་ན་གླིང་བཞི་རྣམས་དང་། དེ་རྣམས་ཀྱི་ཕྱི་རོལ་ན་ཁོར་ཡུག་གི་ལྕགས་རི་སྟེ་བརྒྱད་པའོ། །ལྷུན་པོ་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་གྱི་

Vol. 109 · folio 118b

རང་བཞིན་ནོ། །འཛམ་བུའི་གླིང་འདིའི་ལོགས་བཻ་ཌཱུརྱའི་རང་བཞིན་དུ་སྣང་སྟེ། དེའི་འོད་འདིར་ཕོག་པས་ནམ་མཁའ་བཻ་ཌཱུརྱའི་ཁ་དོག་ཏུ་སྣང་ངོ་ཞེས་སོ། །རི་འདི་རྣམས་ཀྱང་ཆུ་ལ་སྟོང་ཕྲག་བརྒྱད་ཅུར་ནུབ་ལ། ལྷུན་པོ་ནི་ཆུ་ལས་སྟེང་དུ་ཡང་སྟོང་ཕྲག་བརྒྱད་ཅུའོ། །བརྒྱད་པོ་ནི་ཕྱེད་

ཕྱེད་ཕྲི་བ་སྟེ་དེ་རྣམས་དཔངས་དང་ཞིང་མཉམ་པའོ། །འདི་རྣམས་ཀྱི་བར་རྣམས་ནི་རོལ་མཚོ་བདུན་ཏེ། དྲི་བཟང་བ་དང་རོ་ཞིམ་པ་དང་ཡང་བ་དང་། དང་བ་དང་། འཇམ་པ་དང་། བསིལ་བ་དང་། མགྲིན་པ་དང་ལྟོ་བ་ལ་མི་གནོད་པ་ཉིད་ཀྱི་ཕྱིར་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་

བའོ། །དེ་ལ་རི་རབ་དང་གཉའ་ཤིང་འཛིན་གྱི་བར་ནི་ནང་གི་རྒྱ་མཚོ་དང་པོ་སྟེ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །ལོགས་ཀྱི་རྒྱར་ནི་གཉའ་ཤིང་འཛིན་གྱི་འགྲམ་ནས་བགྲོད་པར་བྱ་བ་ལས་སུམ་འགྱུར་རོ། །རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་དོ་མུ་ཁྱུད་འཛིན་དང་ཁོར་ཡུག་དག་གི་བར་ནི་ཕྱིའི་

རྒྱ་མཚོ་ཆེན་པོ་སྟེ་བ་ཚ་ཅན་གྱི་ཆུས་གང་བ་ཞེང་དུ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ལྷག་པའི་འབུམ་ཕྲག་གསུམ་པའི་ཚད་ཅན་ནོ། །དེ་ལ་གླིང་བཞི་སྟེ་རི་རབ་ཀྱི་ངོས་བཞི་རྣམས་ནའོ། །དེ་ལ་འཛམ་བུའི་གླིང་ངོས་གསུམ་ལ་སྟོང་ཕྲག་གཉིས་དང་གཅིག་ལ་ནི་དཔག་ཚད་ཕྱེད་དང་བཅས་པའི་དཔག་ཚད་

གསུམ་སྟེ་ཤིང་རྟའི་དབྱིབས་ལྟ་བུའོ། །དེའི་དབུས་སུ་གསེར་གྱི་རང་བཞིན་གྱི་ས་གཞི་ལ་རྡོ་རྗེའི་གདན་མངོན་པར་འགྲུབ་སྟེ་གང་དུ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པའོ། །འདིའི་ཤར་ན་ཤར་གྱི་ལུས་འཕགས་ཟླ་ཕྱེད་ལྟ་བུ་

ངོས་གསུམ་འདི་དང་འདྲ་བ་གཅིག་ལ་དཔག་ཚད་ཕྱེད་དང་བཞི་བརྒྱ་པའོ། །འདི་ནས་ནུབ་ན་ནུབ་ཀྱི་བ་ལང་སྤྱོད་སྟོང་ཕྲག་ཕྱེད་དང་བརྒྱད་པ་ཟླུམ་པ་ཟླ་བ་གང་བ་ལྟ་བུ་སྟེ་འདིའི་དབུས་ལ་ཕྱེད་དང་གསུམ་མོ། །འདིའི་བྱང་ན་བྱང་སྒྲ་མི་སྙན་གྲུ་བཞི་པ་ངོས་སོ་སོར་སྟོང་ཕྲག་གཉིས་པའོ། །གང་

གླིང་རྣམས་ཀྱི་དབྱིབས་འདྲ་བ་དེའི་དབྱིབས་ལྟ་བུ་ཁོ་ནར་དེར་མི་རྣམས་ཀྱི་གདོང་པའོ། །ཁ་ཅིག་ན་རེ་མོའི་དབང་པོའི་ཡང་ངོ་ཞེས་སོ། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་ཟླ་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །བརྒྱད་རྣམས་དེ་ཡི་བར་གྱི་གླིང་

Vol. 109 · folio 119a

ཐམས་ཅད་ན་མི་རྣམས་གནས་སོ། །གཞན་རྣམས་ན་རེ་གཅིག་ན་སྲིན་པོ་རྣམས་སོ། །ཞེའོ། །འཛམ་བུའི་གླིང་འདི་ཉིད་ན། བྱང་དུ་རི་ནག་པོ་དགུའི་ཕ་རོལ་ན་གངས་དང་ལྡན་པའི་རིའོ། །དེ་ལས་ཕ་རོལ་སྤོས་ངད་ལྡང་བ་ལས་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་པ་

ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་པ་གང་ལས་ཆུ་བོ་ཆེན་པོ་གང་གཱ་དང་སིན་དྷུ་དང་སི་ཏཱ་དང་པཀྵུ་རྣམས་འབབ་པའོ། །དེའི་དྲུང་ན་འཛམ་བུ་མངོན་པར་གྲུབ་སྟེ་གང་གི་དབང་གིས་འདི་འཛམ་བུའི་གླིང་ཞེས་བརྗོད་པའོ། །འཛམ་བུའི་གླིང་འདི་ཉིད་ཀྱི་འོག་

དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག་ན་མནར་མེད་པའི་དམྱལ་བ་ཆེན་པོ་སྟེ་དཔངས་དང་རྒྱའི་ཚད་སྟོང་ཕྲག་ཉི་ཤུ་པའོ། །མནར་མེད་པའི་སྟེང་དུ་སྟེང་ནས་སྟེང་དུ་རབ་ཏུ་ཚ་དང་ཚ་བ་དང་ངུ་འབོད་ཆེན་པོ་དང་ངུ་འབོད་དང་བསྡུས་འཇོམས་དང་ཐིག་ནག་དང་ཡང་སོས་ཏེ་དམྱལ་བ་བདུན་རྣམས་སོ། །

གཞན་རྣམས་ན་རེ་མནར་མེད་པའི་ལོགས་རྣམས་ནའོ་ཞེས་སོ། །བརྒྱད་པོ་དེ་རྣམས་ནི་སོ་སོར་བཅུ་དྲུག་ཉེ་འཁོར་ཏེ་དམྱལ་བར་ལྟུང་བ་རྣམས་འདི་རྣམས་སུ་སླར་ལྟུང་བའོ། །ཅི་དམྱལ་བའི་སྲུང་མ་དེ་རྣམས་སེམས་ཅན་ནམ་འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ནོ་བྱ་བ་བྱེད་པ་ཅི་ལྟར་ཞེ་ན་

སེམས་ཅན་རྣམས་ཀྱི་ལས་ཀྱིས་དེ་ལྟར་སྣང་བའོ། །གང་གཤིན་རྗེའི་སྲིན་པོར་སྐྱེ་བར་འགྱུར་ཞེས་གསུངས་པ་ནི། དེར་གང་གཤིན་རྗེས་བཀའ་བསྒོས་པ་རྣམས་ཀྱིས་སེམས་ཅན་རྣམས་དམྱལ་བར་ཁྲིད་པར་བྱེད་པ་དེ་རྣམས་གཤིན་རྗེའི་སྲིན་པོ་ཞེས་བརྗོད་ཀྱི་གང་ལས་བྱེད་པ་

རྣམས་མ་ཡིན་ནོ། །ཞེས་སོ། །གཞན་རྣམས་ན་རེ་སེམས་ཅན་ནོ་ཞེའོ། །དེའི་ལས་རྣམས་གང་དུ་རྣམ་པར་སྨིན་ཞེ་ན། དམྱལ་བ་དེ་རྣམས་ཉིད་དུའོ། །ཅི་ལྟར་མེར་གནས་པ་རྣམས་མི་འཚིག་ཅེ་ན། ལས་རྣམས་ཀྱི་མེ་ལས་མཚམས་བྱས་པའི་ཕྱིར་རམ་ཡང་ན་འབྱུང་བའི་ཁྱད་པར་

གྲུབ་པའི་ཕྱིར་རོ། །ཚ་བའི་དམྱལ་བ་བརྒྱད་པོ་འདི་རྣམས་ལས་གཞན་རྣམས་ནི་གྲང་བའི་དམྱལ་བ་རྣམས་ཏེ་ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་དང་སོ་ཐམས་ཐམས་པ་དང་ཨ་ཆུ་ཟེར་བ་དང་ཀྱི་ཧུད་ཟེར་བ་དང་ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་

Vol. 109 · folio 119b

གས་པ་ཞེས་པ་བརྒྱད་པོ་རྣམས་འཛམ་བུའི་གླིང་འདིའི་འོག་ན་དམྱལ་བ་ཆེན་པོ་རྣམས་ཀྱི་ལོགས་ལའོ། །འཛམ་བུའི་གླིང་འདིའི་འོག་ན་མནར་མེད་པ་ལ་སོགས་པ་རྣམས་ཀྱི་གོ་སྐབས་ཡང་ཡོད་དེ་གླིང་རྣམས་འབྲུའི་ཕུང་པོ་བཞིན་འོག་རྒྱ་ཆེ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒྱ་མཚོ་ཆེན་པོ་

རིམ་གྱིས་གཞོལ་བའོ་ཞེས་པ་དམྱལ་བ་བཅུ་དྲུག་པོ་འདི་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་གྲུབ་པའོ། །ཉི་ཚེ་བའི་དམྱལ་བ་རྣམས་ནི་རང་རང་གི་ལས་ཀྱང་མང་པོའམ་གཉིས་སམ་གཅིག་ཀྱང་རུང་སྟེ། དེ་རྣམས་ཀྱིས་རྣམ་པའི་བྱེ་བྲག་དུ་མའོ། །གནས་ཀྱང་ངེས་

པ་མེད་དེ་ཆུ་བོ་དང་རི་དང་མྱ་ངམ་གྱི་ཕྱོགས་རྣམས་དང་འོག་ནའང་ཡོད་པའི་ཕྱིར་རོ། །དུད་འགྲོ་རྣམས་ཀྱང་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་པའོ། །ཡི་དགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་སྟེ། དེའི་རྒྱལ་པོའི་ཕོ་བྲང་ནི་འཛམ་བུའི་གླིང་གི་འོག་དཔག་ཚད་ལྔ་བརྒྱས་བར་

ཡོངས་སུ་བཅད་ནས་ཏེ། དེ་རྣམས་ཀྱི་རྩ་བའི་གནས་ཡིན་ལ་དེ་ལས་གཞན་དུ་འཕོས་པ་རྣམས་སོ། །འདིའི་སྟེང་གི་བར་སྣང་ལ་འཕྲུལ་བྱེད་ཀྱི་རླུང་རྣམས་འཁོར་བ་དང་འདྲ་བར་ཟླ་བ་དང་ཉི་མ་དང་སྐར་མ་རྣམས་རི་རབ་ལ་ཡོངས་སུ་བསྐོར་བར་བྱེད་དོ། །དེ་ལ་ཟླ་བ་དང་ཉི་མ་དག་རི་རབ་ཀྱི་

ཕྱེད་གཉའ་ཤིང་འཛིན་གྱི་རིའི་སྟེང་ནས་མཉམ་པར་རྒྱུའོ། །ཚད་ནི་ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་པའོ། །ཉི་མའི་ལྔ་བཅུ་རྩ་གཅིག་པའོ། །སྐར་མའི་གཞལ་ཡས་ཁང་རྣམས་ཀྱི་གང་ཆུང་བ་དེའི་ཚད་རྒྱང་གྲགས་སོ། །ཉི་མའི་གཞལ་མེད་ཁང་གི་འོག་ཕྱི་རོལ་ནི་མེ་ཤེལ་གྱི་

དཀྱིལ་འཁོར་ཚ་ཞིང་སྣང་བར་བྱེད་པའོ། །ཟླ་བའི་གཞལ་མེད་ཁང་གི་འོག་ནི་ཆུ་ཤེལ་བསིལ་བ་དང་སྣང་བར་བྱེད་པའོ། །གླིང་བཞིར་ཉི་མ་གཅིག་དང་ཟླ་བ་གཅིག་གིས་བྱ་བ་བྱེད་དོ། །གང་གི་ཚེ་བྱང་གི་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ཤར་ལུས་འཕགས་སུ་ཉི་མ་ནུབ་པའོ། །འཛམ་བུའི་

གླིང་དུ་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་འཆར་རོ། །དེ་བཞིན་དུ་གཞན་རྣམས་སུ་ཡོང་ངོ་། །འདི་ཉི་མའི་འགྲོས་ཀྱི་བྱེ་བྲག་གིས་མཚན་མོ་དང་ཉིན་མོ་རྣམས་འཕེལ་བ་དང་ཐུང་བ་དག་གོ། །དཀར་པོའི་ཕྱོགས་ཀྱི་དང་པོར་ཟླ་བའི་དཀྱིལ་འཁོར་ཉམས་པར་མཐོང་བའི་རྒྱུ་ཅི་ཞེ་ན། ཉི་མའི་འོད་ཀྱིས་

Vol. 109 · folio 120a

ཏེ་ཟླ་བའི་གཞལ་ཡས་ཁང་གི་ལོགས་གཞན་ལ་གྲིབ་མ་ལྷུང་སྟེ་ཟླ་བའི་དཀྱིལ་འཁོར་མ་རངས་པར་མཐོང་ངོ་། །སྔོན་གྱི་སློབ་དཔོན་རྣམས་ན་རེ། གང་རེ་འགའ་གཞལ་མེད་ཁང་གི་ཕྱེད་སྣང་བ་དེ་འདྲ་བ་དེ་རྒྱུ་བའི་ཚུལ་ལོ། །ཞེས་སོ། །ཉི་མ་ལ་སོགས་པའི་གཞལ་ཡས་ཁང་

འདི་རྣམས་ལ་གནས་པའི་ལྷ་རྣམས་ནི་རྒྱལ་ཆེན་བཞིའི་རིས་པ་གཞལ་མེད་ཁང་ལ་གནས་པ་རྣམས་སོ། །ས་ལ་གནས་པ་ནི་རི་རབ་ཀྱི་བང་རིམ་ལ་སོགས་པ་རྣམས་ལ་གནས་པའོ། །རི་རབ་ཀྱི་བང་རིམ་བཞི་རྣམས་ཏེ། དེ་ལ་གཅིག་ནི་དཔག་ཚད་སྟོང་ཕྲག་བཅུ་གྱེན་དུ་སོན་པ་ནས་ཏེ་བཞི་པའི་

བར་དུ་ཡང་དེ་བཞིན་དུའོ། །སྟོང་ཕྲག་བཅུ་དྲུག་དང་བརྒྱད་དང་བཞི་དང་གཉིས་ཐོན་པའོ། །དེ་རྣམས་ལ་ལག་ན་གཞོང་ཐོགས་རྣམས་དང་ཕྲེང་ཐོགས་རྣམས་དང་རྟག་མྱོས་རྣམས་དང་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་ཏེ། གཉའ་ཤིང་འཛིན་ལ་སོགས་པ་རི་བདུན་པོ་རྣམས་ལ་ཡང་ངོ་། །

བང་རིམ་བཞི་པ་ལ་རྣམ་ཐོས་སྲས་དང་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་སྟེ་རྒྱལ་པོ་ཆེན་པོ་བཞི་རྣམས་བྱང་ལ་སོགས་པའི་ཕྱོགས་རྣམས་ལ་གནས་སོ། །ལག་ན་གཞོང་ཐོགས་ལ་སོགས་པ་འདི་རྣམས་ཐམས་ཅད་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའོ། །ལྷུན་པོའི་སྟེང་

ན་ལེགས་པར་སྤྱད་པ་ལྷན་ཅིག་བྱས་པ་སུམ་ཅུ་རྩ་གསུམ་དེར་སྐྱེས་པས་སུམ་ཅུ་རྩ་གསུམ་པའོ། །ལྷུན་པོའི་སྟེང་གི་ངོས་སོ་སོར་སྟོང་ཕྲག་བརྒྱད་ཅུ་སྟེ་ཐུར་དུ་ཇི་ལྟ་བ་བཞིན་ནོ། །གཞན་རྣམས་ན་རེ་ངོས་སོ་སོར་སྟོང་ཕྲག་ཉི་ཤུའོ་ཞེས་ཟེར་རོ། །གྲྭ་བཞི་ན་དཔག་ཚད་ལྔ་བརྒྱའི་ཚད་ཀྱིས་

བརྩེགས་པ་བཞི་རྣམས་ཏེ། གང་རྣམས་སུ་ལག་ན་རྡོ་རྗེ་ཞེས་པའི་གནོད་སྦྱིན་རྣམས་སོ་སོར་གནས་པའོ། །རི་རབ་ཀྱི་སྟེང་དེའི་དབུས་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་པ་ངོས་རེ་རེ་ལ་དཔག་ཚད་ཕྱེད་དང་སུམ་སྟོང་དུ་རིང་བ་དཔངས་སུ་དཔག་ཚད་ཕྱེད་དང་གཉིས་པ། སའི་མཐིལ་གསེར་གྱི་རང་

བཞིན་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀྲ་བ་ཤིང་བལ་ལྟར་རེག་ན་འཇམ་པ་བརྒྱ་བྱིན་གྱི་རྒྱལ་པོའི་ཕོ་བྲང་ངོ་། །དེའི་དབུས་ན་རྣམ་པར་རྒྱལ་བ་ཞེས་པའི་ཁང་བོཟངས་ངོས་སོ་སོར་དཔག་ཚད་བརྒྱ་ཕྲག་ཕྱེད་དང་གསུམ་དུ་རིང་བ་དཔངས་སུ་ཇི་ལྟར་མཛེས་པའོ། །གྲོང་ཁྱེར་གྱི་ལོགས་བཞི་རྣམས་

Vol. 109 · folio 120b

ན་ཤིང་རྟ་སྣ་ཚོགས་དང་རྩུབ་འགྱུར་དང་འདྲེས་ཚལ་དང་དགའ་བའི་ཚལ་ཞེས་པ་སྐྱེད་མོས་ཚལ་རྣམས་སོ། །གྲོང་ཁྱེར་གྱི་ཕྱི་རོལ་གྱི་ལོགས་གཉིས་ཀྱི་བྱང་ཤར་ན་ཤིང་ཡོངས་འདུས་བརྟོལ་ཏེ། དེའི་རྩ་བ་དཔག་ཚད་ལྔ་ཟུག་གོ། །དཔངས་སུ་དཔག་ཚད་བརྒྱ་པའོ། །ཡལ་ག་དང་འདབ་མ་

དང་ལོ་མ་དཔག་ཚད་ལྔ་བཅུ་ཁྱབ་སྟེ་གནས་སོ། །དེ་ཐམས་ཅད་མེ་ཏོག་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་འགྲོ་ལ་རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུའོ། །ཅི་རང་གི་འབྱུང་བ་ལ་བརྟེན་པ་ཁོ་ནས་མེ་ཏོག་གི་དྲིའི་རྒྱུན་དེ་འཇུག་གམ། འོན་ཏེ་རླུང་ལ་བསྒོས་ནས་སྐྱེ་ཞེ་ན།

འདི་ལ་ངེས་པ་མེད་ལ་སློབ་དཔོན་གྱི་འདོད་པ་གཉིས་ཀ་ལྟར་ཡང་ངོ་། །ལྷོ་ནུབ་ན་ཆོས་བཟངས་ཏེ་ལྷའི་འདུན་ས་གང་དུ་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མ་ཡིན་པ་བགྲོ་བར་བྱེད་པའོ། །དེ་ལྟ་བུ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སྣོད་གནས་པའོ། །སྐབས་གསུམ་པ་རྣམས་ལས་སྟེང་དུ་ལྷ་

རྣམས་གཞལ་མེད་ཁང་ལ་གནས་པའོ། །དེ་རྣམས་ཀྱང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དེ་འདོད་ཁམས་པ་རྣམས་དང་བསམ་གཏན་བཞི་པའི་ས་པས་སོ། །དེ་ལ་ཚ་བའི་དམྱལ་བ་བརྒྱད་དང་གླིང་བཞི་དང་རྒྱལ་ཆེན་བཞིའི་རིས་པ་ལ་སོགས་པ་ལྷ་དྲུག་

དང་། དུད་འགྲོ་དང་། ཡི་དགས་ཀྱི་དབྱེ་བས་འདོད་ཁམས་གནས་རིས་ཉི་ཤུའོ། །དེ་ལ་འདོད་པ་སྐྱེ་བ་གསུམ་རྣམས་ཏེ། འདོད་པ་ཇི་ལྟར་བསྐྱེད་པ་ལོངས་སྤྱོད་པ་ལས་མི་རྣམས་དང་ལྷའི་རིས་བཞི་རྣམས་དང་། འཕྲུལ་དགའ་བ་རྣམས་རང་གིས་སྤྲུལ་ཞིང་སྤྲུལ་ནས་འདོད་པ་རྣམས་

ལོངས་སྤྱོད་པ་དང་གཞན་འཕྲུལ་དབང་བྱེད་པ་རྣམས་གཞན་གྱི་སྤྲུལ་པའི་འདོད་པ་རྣམས་ལ་དབང་ཕྱུག་གི་དབང་བྱེད་པའོ། །འདིར་ས་དང་འབྲེལ་པར་གནས་པ་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་པ་རྣམས་མི་བཞིན་དུ་གཉིས་ཀྱིས་གཉིས་འཁྲིག་ལ། འཐབ་བྲལ་ལ་སོགས་པ་

རྣམས་གྲངས་ཇི་ལྟ་བར་འཁྱུད་པ་དང་ལག་པ་བཅངས་པ་དང་དགོད་པ་དང་ལྟ་བས་སོ། །འོན་ཀྱང་ལྷ་རྣམས་ལ་ཁུ་བ་མེད་པའི་ཕྱིར་རླུང་བཏང་བས་ཡོངས་སུ་གདུང་བ་དང་བྲལ་ལོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཐམས་ཅད་ཀྱང་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པ་སྟེ་དུས་ཡོངས་སུ་བཅད་

Vol. 109 · folio 121a

པས་འཁྱུད་པ་ལ་སོགས་པར་གདགས་པར་གསུངས་སོ་ཞེས་སོ། །ཇི་ཙམ་ཇི་ཙམ་དུ་ཡུལ་ཤས་ཆེ་བ་དེ་ཙམ་དུ་འདོད་ཆགས་ཀྱང་ཤས་ཆེ་བའོ། །ལྷའམ་ལྷ་མོ་གང་གིས་ཕང་པར་གཞོན་ནུ་མ་བྱུང་བ་དེ་ནི་དེ་དག་གི་བུ་བརྒྱུད་དེ་ལྟའི་རིས་རྣམས་སུ་ལོ་ལྔ་དང་དྲུག་དང་བདུན་དང་བརྒྱད་

དང་དགུ་པ་དང་བཅུ་པ་ལྟ་བུར་རོ། །གཟུགས་ཁམས་སུ་ནི་ལྷ་རྣམས་ལུས་ཡོངས་སུ་རྫོགས་པ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་བྲལ་བ་གོས་དང་བཅས་པར་སྐྱེའོ། །ལྷ་དེ་རྣམས་ཐམས་ཅད་ཀྱང་འཕགས་པའི་སྐད་དུ་སྨྲའོ། །དེ་ལ་བསམ་གཏན་དང་པོ་ནི་ཚངས་རིས་དང་། ཚངས་པའི་

མདུན་ན་འདོན་དང་ཚངས་ཆེན་པོ། །གཉིས་པ་ནི་འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་ལོ། །གསུམ་པ་ནི་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་ཏེ་འདི་རྣམས་ཀྱང་བདེ་བ་ཉམས་སུ་མྱོང་བའོ། །བཞི་པ་ནི་རབ་ཀྱི་མཐའ་པ་ནི་བཏང་སྙོམས་ཉམས་སུ་མྱོང་བ་སྟེ། སྤྲིན་མེད་དང་བསོད་

ནམས་སྐྱེས་དང་འབྲས་བུ་ཆེ་དང་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་བ་འོག་མིན་ནོ། །བསམ་གཏན་བཞི་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སོ་སོར་ས་གསུམ་པའོ། །བཞི་པ་ནི་ཆེན་པོ་ཉིད་ལ་ཆུང་ངུའི་ཆུང་ངུ་དང་། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོ་དང་

མཆོག་ཏུ་ཆེན་པོའི་བྱེ་བྲག་གིས་གནས་དྲུག་སྟེ་འདི་རྣམས་གནས་བཅུ་བདུན་ནོ། །དེ་ན་གནས་པའི་སེམས་ཅན་རྣམས་དང་བཅས་པ་ནི་གཟུགས་ཀྱི་ཁམས་སོ། །འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་འདུ་ཤེས་མེད་པ་པའི་སེམས་ཅན་རྣམས་སོ། །ཁ་ཅིག་འདི་རྣམས་ཀྱི་གནས་ལ་སོགས་པ་

ཁོ་ནར་འབྲས་བུ་ཆེ་བའི་སྟེང་ནའོ་ཞེས་སོ། །མི་ཆེ་བ་ཞེས་པ་འདིར་ཨ་བཱི་ཧ་ཞེས་པ་དང་མི་འདོད་པ་ཞེས་པའང་མིང་དུ་སེམས་སོ། །མི་ཆེ་བ་ལ་སོགས་པ་འོག་མིན་གྱི་བར་ལྔ་རྣམས་གཙང་མའི་གནས་ཏེ། གཙང་བ་ནི་འཕགས་པ་རྣམས་ཁོ་ན་འདི་རྣམས་སུ་སྐྱེས་ནས་གནས་པའི་ཕྱིར་རོ། །

གཟུགས་མེད་པའི་ཁམས་ན་གནས་མེད་ཅིང་བཏང་སྙོམས་ཉམས་སུ་མྱོང་བ་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་པ། སྐྱེ་བའི་བྱེ་བྲག་གི་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་

Vol. 109 · folio 121b

ཤེས་མེད་མིན་སྐྱེ་མཆེད་ཅེས་པའོ། །འདི་རྣམས་ཡུལ་གྱིས་བྱས་པའི་སྟེང་དང་འོག་ནི་མེད། ཡུལ་གང་དུ་སྙོམས་པར་འཇུག་པ་དེ་ཐོབ་པ་རྣམས་ཤི་འཕོས་པ་དེ་ཉིད་དུ་སྐྱེ་བའི་ཕྱིར་རོ། །སླར་ཡང་དེ་ནས་ཤི་འཕོས་པ་རྣམས་དེ་ཉིད་དུ་སྲིད་པ་བར་མ་འགྲུབ་པའོ། །འདིར་འདི་ལ་གཟུགས་

ཡོད་པ་མ་ཡིན་པས་གཟུགས་མེད་དེ་དེའི་དངོས་པོ་ནི་གཟུགས་མེད་པ་ཉིད་དོ། །གཟུགས་མེད་པ་ཁོ་ན་དང་གཟུགས་མེད་པ་ཉིད་ཅེས་པ་ནི་དམན་པ་ལ་དགག་པ་སྟེ། དེའི་ཕྱིར་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་ནི་གཟུགས་ཁོ་ན་ལས་སྐྱེའོ། །གཞན་རྣམས་ན་རེ་སེམས་ཁོ་ན་ལས་

སྐྱེ་སྟེ་ལུས་དེའི་རྣམ་པར་སྨིན་པ་རྒྱུས་ཡོངས་སུ་བསྒོས་པ་ཐོབ་པ་འཇུག་པ་ལས་སོ་ཞེས་སོ། །ཆོས་མངོན་པ་པ་ཁ་ཅིག་ན་རེ་དམན་པའི་དོན་ལ་དགག་སྒྲར་བརྗོད་དེ། གཟུགས་མེད་པའི་ཁམས་ན་གཟུགས་ཀྱང་ཡོད། གནས་ཀྱང་ཡོད། དེ་ནས་སྟེང་ནས་སྟེང་དུ་གནས་པའི་གཞལ་མེད་

ཁང་རྣམས་ཀྱང་ཡོད་ཅེས་ཟེར་བ་ནས་ས་ལ་སོགས་པ་རྣམས་ཀྱི་ཡང་ཚད་དང་དབྱིབས་ཀྱི་དབྱེ་བའི་བར་དུ་རྒྱས་པར་སྟོན་ནོ། །དེའི་འདོད་པ་འདིར་མ་སྤྲོས་ཏེ་མང་པོའི་འདོད་པ་མ་ཡིན་པའི་ཕྱིར་རོ། །བསམ་གཏན་ལ་སོགས་པ་དང་ཕྱོགས་གཅིག་པའི་ཕྱིར་དེས་ཡང་དག་པར་བསྡུས་པའི་ཉེར་

བསྡོགས་བརྒྱད་རྣམས་ཏེ། བསམ་གཏན་དང་གཟུགས་མེད་པ་བརྒྱད་རྣམས་ཀྱི་རེ་རེ་རེ་རེའི་སྟེ་གང་གིས་དེ་ལ་འཇུག་པའོ། །བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ཡན་ལག་བཞི་པའོ། །བསམ་གཏན་དང་པོ་ཉིད་རྟོག་པ་དང་མཚུངས་པར་མི་ལྡན་པ་འདོད་པ་རྣམས་ལ་

བཏང་སྙོམས་ཀྱི་ཚོར་བ་དང་མཚུངས་པར་ལྡན་པ་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་བསམ་གཏན་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་དེའི་འབྲས་བུ་ཚངས་པ་ཆེན་པོའོ་ཞེས་པ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སོ། །དེ་ལ་གཙོ་བོར་ཚུལ་ཁྲིམས་ཀྱི་རྣམ་པར་

སྨིན་པ་དང་ལྡན་པ་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་སོ། །ཏིང་ངེ་འཛིན་གྱི་རྣམ་པར་སྨིན་པ་དང་ལྡན་པ་ནི་ཚངས་རིས་ལ་སོགས་པ་རྣམས་སོ། །ཤེས་རབ་ཀྱི་རྣམ་པར་སྨིན་པ་དང་ལྡན་པ་རྣམས་ནི་གཙང་མའི་གནས་རྣམས་ཏེ་འཕགས་པ་རྣམས་ཁོ་ན་དེར་སྐྱེ་བའི་ཕྱིར་རོ། །འདི་རྣམས་

Vol. 109 · folio 122a

ཀྱང་བག་མེད་པའི་ས་ལ་གནས་པ་རྫོགས་པའི་བྱང་ཆུབ་དང་རྗེས་སུ་མཐུན་པའི་གདམས་ངག་གི་སྣོད་དོ། །བག་མེད་པའི་ས་ནི་རྣམ་པ་གསུམ་སྟེ། འདོད་པའི་བདེ་བའི་རོ་མྱང་བ་སྟེ་དེ་ཕལ་ཆེར་འདོད་ཁམས་ཀྱི་ལྷ་རྣམས་སོ། །བསམ་གཏན་གྱི་བདེ་བའི་རོ་མྱང་བ་

བསམ་གཏན་དུ་སྐྱེས་པ་རྣམས་སོ། །མྱ་ངན་ལས་འདས་པའི་རྒྱུ་མཚན་གྱི་རོ་མྱང་བ་ནི་གཙང་མའི་གནས་པ་རྣམས་སོ། །གཟུགས་མེད་པ་རྣམས་ནི་བགྲོད་པ་ལ་སོགས་པ་མི་རུང་བའི་ཕྱིར་རོ། །གདུལ་བྱར་ནི་བྱམས་པ་ཡོངས་སུ་བསྒོམས་ཤིང་རྫོགས་པའི་སངས་རྒྱས་ལ་

སོགས་པ་ཡིད་ལ་བྱེད་པ་ལས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་འགྱུར་བའོ་ཞེས་པའོ། །ཅི་ཁམས་གསུམ་པ་གཅིག་ཁོ་ནའམ་ཞེ་ན་ཁམས་གསུམ་པ་རྣམས་ཀྱི་མཐའ་ཡོད་པ་མ་ཡིན་ཏེ་ནམ་མཁའ་ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་རྣམས་སོ། །འཇིག་རྟེན་གྱི་ཁམས་རྣམས་ཇི་ལྟར་

གནས་ཤེ་ན། ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་དང་། སྟེང་དང་འོག་ན་ཡང་འཇིག་རྟེན་གྱི་ཁམས་འཇིག་པ་དང་འཆགས་པ་རྣམས་ཀྱི་བར་དང་མཚམས་མེད་དེ། འོག་མིན་གྱི་གོང་ན་ཡང་འདོད་པའི་ཁམས་སོ། །འདོད་པའི་ཁམས་ཀྱི་འོག་ན་ཡང་འོག་མིན་

ནོ། །གང་ཁམས་གཅིག་ལས་འདོད་ཆགས་དང་བྲལ་བ་དེ་ཐམས་ཅད་ལས་སོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ལས་ཀྱང་ངོ་། །གང་བསམ་གཏན་དང་པོ་ལ་བརྟེན་ནས་རྫུ་འཕྲུལ་སྐྱེད་པར་བྱེད་པ་དེ་ནི་འཇིག་རྟེན་གྱི་ཁམས་གང་དུ་སྐྱེ་བ་དེར་སྐྱེད་པར་བྱེད་ལ། ཚངས་པའི་འཇིག་

རྟེན་དེ་ཉིད་དུ་ངེས་འགྲོའི་གཞན་དུ་མ་ཡིན་ནོ། །གང་ལྷ་རྣམས་ཀྱི་གནས་ཉི་ཤུ་རྩ་གསུམ་པ་བརྗོད་པ་དེ་རྣམས་ཀྱི་འོག་ནས་སྟེང་དུ་ཅི་ཙམ་རིང་ཞེ་ན། གནས་དང་གནས་ནས་འོག་ཏུ་ཇི་སྲིད་པ་དེ་སྲིད་དེ་དང་དེ་ལས་སྟེང་དུ་སྟེ་ཐམས་ཅད་འཛམ་བུའི་གླིང་མཚམས་སོ། །འོ་ན་འཐབ་བྲལ་ལ་

སོགས་པ་རྣམས་ཀྱི་གཞལ་མེད་ཁང་གི་ཚད་ཅི་ཞེ་ན། ཁ་ཅིག་ན་རེ་བཞི་པོ་རྣམས་རི་རབ་ཀྱི་སྟེང་ཅི་ཙམ་པའོ་ཞེས་སོ། །གཞན་རྣམས་ན་རེ་གོང་མ་ཉིས་འགྱུར་རོ་ཞེས་སོ། །ཁ་ཅིག་ན་རེ་བསམ་གཏན་དང་པོ་ནི་གླིང་བཞི་པ་ཇི་སྲིད་པའོ། །གཉིས་པ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་

Vol. 109 · folio 122b

ཇི་ཙམ་པའོ། །གསུམ་པ་ནི་སྟོང་གཉིས་པ་ཇི་ཙམ་པའོ། །བཞི་པ་ནི་སྟོང་གསུམ་པ་ཇི་ཙམ་པའོ། །གཞན་རྣམས་ན་རེ་དང་པོ་ལ་སོགས་པ་རྣམས་ནི་སྟོང་ལ་སོགས་པའི་ཚད་ཡིན་ལ་བཞི་པ་ཚད་མེད་པའོ་ཞེས་སོ། །དེ་ལ་གླིང་བཞི་དང་ཟླ་བ་དང་ཉི་མ་དང་འདོད་པ་ན་སྤྱོད་པ་དྲུག་དང་བསམ་གཏན་

དང་པོ་རྣམས་སོ་སོར་སྟོང་ནི། སྟོང་རྣམས་ཀྱི་ཚོགས་པ་སྟེ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ། །སྤྱི་ཕུད་དེ་རྣམས་སྟོང་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གཉིས་པ་དེ་རྣམས་སྟོང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་གླིང་བཞི་པ་བྱེ་བ་ཕྲག་

བརྒྱ་རྣམས་སོ། །འདི་ཐམས་ཅད་མཉམ་དུ་འཇིག་ཅིང་མཉམ་དུ་འཆགས་སོ། །འཆགས་པ་ནི་འབྱུང་བའོ། །འདིར་དཔག་ཚད་དང་མིང་དང་ལོ་རྣམས་ཉེ་བར་མཁོ་བའི་ཕྱིར་དང་པོའི་རིམ་གྱིས་བརྩམ་པར་བྱའོ། །གཟུགས་ཀྱི་ངེས་པར་དབྱེ་བའི་མཐའ་ནི་རྡུལ་ཕྲ་རབ་པོ། །མིང་གི་མཐའ་

ནི་ཡི་གེ་སྟེ་དཔེར་ན་འོག་ཞེས་པ་ལྟ་བུའོ། །དུས་ཀྱི་མཐའ་སྐད་ཅིག་མ་སྟེ་སྐད་ཅིག་གི་ཚད་ནི་ཆོས་འགྲོ་བ་སྟེ་ཇི་སྲིད་དུ་རྡུལ་ཕྲ་རབ་ནས་རྡུལ་ཕྲ་རབ་གཞན་དུ་འགྲོ་བའོ། །ཆོས་མངོན་པ་པ་རྣམས་ན་རེ་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱི་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའོ་

ཞེས་སོ། །དེ་ལ་རྡུལ་ཕྲ་རབ་དང་རྡུལ་ཕྲན་དང་ལྕགས་དང་ཆུ་དང་རི་བོང་དང་ལུག་དང་གླང་དང་ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་ཤིག་དང་ནས་དང་སོར་མོའི་ཚིགས་ཞེས་པ་བཅུ་གཉིས་ནི་ཕྱི་མ་བདུན་འགྱུར་ཏེ་ཚིགས་གསུམ་སོར་མོའོ། །ལོག་ལ་བྱས་པའི་སོར་མོ་ཉི་ཤུ་རྩ་བཞི་ཁྲུའོ། །ཁྲུ་བཞི་

གཞུའོ། །གཞུ་ལྔ་བརྒྱ་རྣམས་རྒྱང་གྲགས་སོ། །རྒྱང་གྲགས་བརྒྱད་རྣམས་དཔག་ཚད་དོ། །སྐད་ཅིག་བརྒྱ་ཉི་ཤུ་རྣམས་དེའི་སྐད་ཅིག་གོ། །དེའི་སྐད་ཅིག་དེ་དྲུག་ཅུ་ཐང་ཅིག་གོ། །ཐང་ཅིག་སུམ་ཅུ་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ། །རྒྱལ་དང་དབོ་དང་ས་ག་དང་

ཆུ་སྟོད་དང་ཁྲུམས་དང་སྨིན་དྲུག་རྣམས་ཀྱི་ནག་པོའི་ཕྱོགས་ལ་ཚེས་རེ་རེ་ཆད་པའི་ཕྱིར་ཉིན་ཞག་ཉི་ཤུ་རྩ་དགུ་དང་ཉིན་ཞག་སུམ་ཅུ་ནི་ཟླ་བའོ། །ཟླ་བ་བཅུ་གཉིས་རྣམས་ལོའོ། །དེ་ལ་འཛམ་བུའི་གླིང་གི་མི་རྣམས་ཕལ་ཆེར་ཁྲུ་ཕྱེད་དང་བཞི་པའོ། །འགའ་ཞིག་ཁྲུ་བཞི་པའོ། །ཤར་དང་

Vol. 109 · folio 123a

བ་ལང་སྤྱོད་དང་བྱང་ཞེས་པ་རྣམས་ནི་ཁྲུ་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་པ་རིམ་པ་ཇི་ལྟ་བར་ལུས་ཀྱི་ཚད་དོ། །རྒྱང་གྲགས་ཀྱི་རྐང་པ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་རྣམས་རྒྱལ་ཆེན་བཞིའི་རིགས་ལ་སོགས་ལྷ་དྲུག་རྣམས་ཀྱིའོ། །ཚངས་

རིས་ལ་སོགས་པ་བཅུ་བདུན་པོ་རྣམས་ཀྱི་ལུས་ནི་དཔག་ཚད་ཕྱེད་དང་གཅིག་དང་ཕྱེད་དང་གཉིས་དང་གཉིས་དང་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་དང་དྲུག་ཅུ་རྩ་བཞི་དང་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་དང་ཕྱེད་དང་སུམ་བརྒྱ་དང་ལྔ་བརྒྱ་དང་སྟོང་དང་། སྟོང་ཕྲག་གཉིས་དང་བཞི་

དང་བརྒྱད་དང་བཅུ་དྲུག་རྣམས་སོ། །བྱང་སྒྲ་མི་སྙན་དང་བ་ལང་སྤྱོད་དང་ཤར་ལུས་འཕགས་པོ་རྣམས་སུ་ཚེ་ནི་ལོ་སྟོང་དང་དེའི་ཕྱེད་དོ། །འཛམ་བུའི་གླིང་དུ་བསྐལ་པ་དང་པོའི་མི་རྣམས་ཀྱི་ཚད་མེད་པ་དང་བར་དུ་མ་ངེས་པ་དང་ཐ་མར་ལོ་བཅུའོ། །མི་རྣམས་ཀྱི་ལོ་ལྔ་བཅུ་རྒྱལ་ཆེན་བཞིའི་

རིས་པ་རྣམས་ཀྱི་ཉིན་ཞག་གོ། །དེའི་ལོ་ལྔ་བརྒྱ་རྣམས་ཚེའོ། །སྟེང་མ་རྣམས་ཀྱི་ཉིན་ཞག་དང་ཚེ་ཕྱི་མ་ཉིས་འགྱུར་རོ། །གཟུགས་ཅན་རྣམས་ཀྱི་ཡང་དཔག་ཚད་ཕྱེད་ལ་སོགས་པ་བཞིན་བསྐལ་པ་ཕྱེད་ལ་སོགས་པ་ཚེའི་ཚད་དོ། །གཟུགས་མེད་ན་བསྐལ་པ་སྟོང་ཕྲག་ཉི་ཤུ་དང་བཞི་

བཅུ་དང་དྲུག་ཅུ་བརྒྱད་ཅུ་རྣམས་ཚེའོ། །འདིར་བསྐལ་པ་ཆེན་པོའི་ཕྱེད་དེ་བར་གྱི་བསྐལ་པ་བཞི་བཅུ་བསྐལ་པར་བྱས་ནས། བསྐལ་པ་དེའི་ཕྱེད་ལ་སོགས་པ་གཟུགས་ཅན་གསུམ་པོ་རྣམས་ཀྱི་ཚེའོ། །འོད་ཆུང་ནས་བརྩམས་ནས་ནི་བསྐལ་པ་ཆེན་པོས་ཚེའོ། །ངན་འགྲོ་ནི་གང་

རྒྱལ་ཆེན་བཞིའི་རིས་པ་རྣམས་ཀྱི་ཚེ་ཚད་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་སུ་ཉིན་ཞག་གཅིག་སྟེ་དེའི་ལོ་ལྔ་བརྒྱ་རྣམས་ཚེའོ། །སུམ་ཅུ་རྩ་གསུམ་པ་ལ་སོགས་པ་རྣམས་ཀྱི་ཚེ་ནི་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་། ངུ་འབོད་ཆེན་པོ་དང་ཚ་བར་ཉིན་ཞག་གཅིག་སྟེ་དེ་ཡིས་ལོ་

སྟོང་ལ་སོགས་པ་རྣམས་ཚེའོ། །རབ་ཏུ་ཚ་བ་ནི་བར་གྱི་བསྐལ་པ་ཕྱེད་ཚེའོ། །མནར་མེད་པའི་བར་གྱི་བསྐལ་པའོ། །དུད་འགྲོ་རྣམས་ཀྱི་ནི་ངེས་པ་མེད་ཅིང་མཆོག་ཏུ་ཚེ་རིང་བའི་དུད་འགྲོ་རྣམས་ཀྱི་བར་གྱི་བསྐལ་པ་སྟེ། དགའ་བོ་དང་ཉེར་དགའ་ལ་སོགས་པ་ཀླུ་རྣམས་ཀྱིའོ། །མིའི་ཟླ་བ་

Vol. 109 · folio 123b

ཡི་དགས་རྣམས་ཀྱི་ཉིན་ཞག་སྟེ་དེས་ལོ་ལྔ་བརྒྱ་རྣམས་སོ། །གྲང་བའི་དམྱལ་བ་རྣམས་ཀྱི་ཆུ་བུར་ཅན་གྱི་ཚེ་ནི་གང་མ་ག་དྷཱའི་ཏིལ་ཁཱ་རིའི་ཉི་ཤུ་པའི་སྦྱང་སྟེ་སྦྱང་དེ་ལས་ལོ་བརྒྱ་ནས་ཏིལ་རེ་ཕྱུང་བས་ཟད་པའོ། །གཞན་རྣམས་སོ་སོར་ཉི་ཤུ་འགྱུར་དུ་འཕེལ་བའི་ཚེའོ། །བར་དུ་འཆི་བ་ནི་སྒྲ་

མི་སྙན་མ་གཏོགས་པ་ཐམས་ཅད་ན་ཡོད་དོ། །མཉམ་དུ་འཇིག་གོ་ཞེས་གང་བརྗོད་པ་དེ་ལ་འཇིག་པ་གཉིས་ཏེ་འགྲོ་བ་འཇིག་པ་དང་ཁམས་འཇིག་པའོ། །ཡང་གཉིས་ཏེ་སེམས་ཅན་འཇིག་པ་དང་སྣོད་འཇིག་པའོ། །གང་དམྱལ་བ་རྣམས་སུ་སེམས་ཅན་འཆི་འཕོ་ཞིང་མི་སྐྱེ་བའི་དུས་དེར་

འགྱུར་ཏེ་དེ་འཇིག་པའི་བསྐལ་པ་རྩོམ་པའོ། །རིམ་གྱིས་དམྱལ་བ་རྣམས་སུ་སེམས་ཅན་གཅིག་ཀྱང་མ་ལུས་པར་འགྱུར་ཏེ། གང་དེའི་ཚེ་དམྱལ་བ་མྱོང་བར་ངེས་པའི་ལས་འཛིན་པ་དེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་འཕན་པར་བྱེད་དོ། །དེ་བཞིན་དུ་དུད་འགྲོ་རྣམས་དང་ཡི་དྭགས་

རྣམས་དང་འཛམ་བུའི་གླིང་དང་ཤར་ལུས་འཕགས་དང་བ་ལང་སྤྱོད་དང་སྒྲ་མི་སྙན་པའི་མི་རྣམས་དང་འདོད་པ་ན་སྤྱོད་པ་དྲུག་དང་བསམ་གཏན་དང་པོ་རྣམས་རིམ་གྱིས་འཇིག་གོ། །གང་གི་ཚེ་ཚངས་པའི་འཇིག་རྟེན་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་འགྱུར་བ་འདི་ཙམ་འདི་ལྟ་སྟེ་སེམས་

ཅན་འཇིག་པས་འཇིག་རྟེན་འཇིག་པའོ། །དེ་ནས་སྣོད་སྟོང་པ་འདི་ཉིད་ནས་ཀུན་ནས་སེམས་ཅན་རྣམས་ཀྱི་དེ་འཕེན་པའི་ལས་ཡོངས་སུ་ཟད་ནས་ལྷས་ཆར་མ་ཕབ་པ་དང་ཉི་མ་དང་པོ་ཤར་བས་ས་བོན་གྱི་གྲོང་དང་འབྱུང་བའི་གྲོང་དང་ཆུ་མིག་དང་ཆུ་ཕྲན་རྣམས་སྐམ་མོ། །ཉི་མ་གཉིས་ཤར་

བས་ཆུ་བོ་ཐམས་ཅད་སྐམ་མོ། །གསུམ་པ་ཆུ་བོ་ཆེན་པོ་བཞི་དང་མ་དྲོས་པ་ལ་སོགས་པའི་མཚོ་ཕྲན་ཆེན་པོ་རྣམས་སྐམ་མོ། །བཞི་པས་རྒྱ་མཚོ་ཆེན་པོ་དཔག་ཚད་བརྒྱའི་བར་དུ་སྐམ་མོ། །ལྔ་པས་དཔག་ཚད་ཉིས་བརྒྱ་ལ་སོགས་པའོ། །དྲུག་པས་ཆུའི་ཐིགས་པ་ཤིན་ཏུ་ཆེ་ཆུང་བ་ཡང་མི་

ལུས་ཏེ་ས་ཆེན་པོ་དང་རི་རབ་ཀྱང་དུ་བར་འཐུལ་ལོ། །ཉི་མ་བདུན་པ་ཤར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྲེགས་ཏེ་ཇི་ལྟར་ཐལ་བར་ཡང་མི་ཤེས་པར་བསྲེགས་ནས་རང་ཉིད་ཀྱང་ཞིའོ་ཞེས་པ་ཉི་མ་བདུན་གྱི་མེས་འཇིག་པས་བསམ་གཏན་དང་པོའི་བར་བསྲེག་གོ། །དེ་

Vol. 109 · folio 124a

བཞིན་དུ་ཆར་པའི་ཆུ་བ་ཚྭ་ཅན་གྱིས་བསམ་གཏན་གཉིས་པ་མྱགས་པར་བྱེད་དོ། །རྣམ་པར་བསྐྱོད་པའི་རླུང་ཆེན་པོའི་རླུང་གིས་འཇིག་པས་བསམ་གཏན་གསུམ་པ་རྣམ་པར་འཐོར་རོ། །བསམ་གཏན་བཞི་པ་ན་འཇིག་པ་མེད་དོ། །འོ་ན་དེ་རྟག་གམ་ཞེ་ན་མ་ཡིན་ཏེ་གང་གི་

ཕྱིར་བསམ་གཏན་བཞི་པ་ནི་ས་གཞི་གཅིག་ཏུ་འབྲེལ་པ་མེད་ཀྱི་འོ་ན་ཅི་ཞེ་ན། གནས་གཞན་རྣམ་པར་ཆད་པ་སྟེ་སྐར་མ་བཞིན་ནོ། །དེ་ན་སེམས་ཅན་གང་དང་གང་སྐྱེ་བའམ་འཆི་འཕོ་བ་ནི་གཞལ་མེད་ཁང་དང་བཅས་པར་ཡིན་པའི་ཕྱིར་འདི་རྟག་པ་ཉིད་མེད་དོ། །འདིར་བར་མ་ཆད་པར་མེ་ཡིས་

འཇིག་པ་ལན་བདུན་ནོ། །དེ་ནས་ཆུས་གཅིག་གོ། །དེ་ལྟར་ཆུ་ཡིས་བདུན་སོང་བ་ན་ཡང་མེས་བདུན་ནོ། །ཕྱིས་རླུང་གིས་འཇིག་པ་གཅིག་ཏུ་འགྱུར་ལ། དེ་རྣམས་ནི་མེས་འཇིག་པ་ལྔ་བཅུ་རྩ་དྲུག་དང་ཆུས་བདུན་དང་རླུང་གིས་གཅིག་སྟེ་འདི་རྣམས་སུ་འགྱུར་རོ། །དེ་ལྟར་དམྱལ་བར་སེམས་

ཅན་རྣམས་འཆི་འཕོ་བ་ནས་བཟུང་སྟེ་ཇི་སྲིད་སྣོད་ཀྱི་འཇིག་རྟེན་རྣམས་ཟད་པའི་བར་གྱི་དུས་འདི་འཇིག་པའི་བསྐལ་པ་སྟེ་བར་གྱི་བསྐལ་པ་ཉི་ཤུ་རྣམས་སོ། །དེའི་རྗེས་སུ་འཇིག་རྟེན་གྱི་ཁམས་ཞིག་པ་འདི་སྟོང་པ་ནམ་མཁའ་ཙམ་དུ་བར་གྱི་བསྐལ་པ་ཉི་ཤུ་གནས་སོ། །དེ་ནས་སླར་ཡང་

སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལས་རླུང་དལ་བུ་རྣམས་གཡོའོ། །དེ་ནས་ཇི་སྐད་བརྗོད་པ་རླུང་གི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་སྐྱེའོ། །འདི་ཙམ་འདི་ནི་སྣོད་འཆགས་པས་འཇིག་རྟེན་དུ་འགྱུར་རོ། །དེ་ནས་སེམས་ཅན་གཞན་ཞིག་འོད་གསལ་བའི་ལྷ་རྣམས་

ལས་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེའོ། །སེམས་ཅན་གཞན་རྣམས་ཀྱང་དེ་ནས་ཤི་འཕོས་ཏེ་ཚངས་པ་མདུན་ན་འདོན་དུའོ། །དེ་ནས་ཚངས་རིས་དང་གཞན་འཕྲུལ་དབང་བྱེད་རྣམས་སུ་སྟེ་རིམ་གྱིས་བྱང་སྒྲ་མི་སྙན་དང་བ་ལང་སྤྱོད་དང་ཤར་ལུས་འཕགས་དང་འཛམ་

བུའི་གླིང་དང་ཡི་དགས་དང་དུད་འགྲོ་དང་དམྱལ་བ་རྣམས་ཀྱི་བར་དུ་སྐྱེའོ། །འདི་ནི་ཆོས་ཉིད་ཡིན་ཏེ་གང་ཕྱིས་ཞིག་པ་དེ་ལ་མངོན་ལ་འཆགས་པའོ། །གང་གི་ཚེ་དམྱལ་བ་རྣམས་སེམས་ཅན་གཅིག་སྐྱེས་པར་འགྱུར་བ་དེའི་ཚེ། གང་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་འཆགས་པ་

Vol. 109 · folio 124b

ཡིན་ནོ། །ཆགས་ནས་བར་གྱི་བསྐལ་པ་ཉི་ཤུར་གནས་པར་འགྱུར་བ་དེ་ནི་ཉེ་བར་འོང་བར་འགྱུར་རོ། །འདིར་ཡང་བསྐལ་པ་དང་པོའི་མི་རྣམས་ནི་གཟུགས་ན་སྤྱོད་པ་བཞིན་དུ་ཡིད་ཀྱི་རང་བཞིན་དང་བར་པ་འོད་ཅན་ནམ་མཁའ་ལ་འགྲོ་བ་དགའ་བའི་ཟས་ཅན་རྣམས་ཏེ། དེ་རྣམས་སའི་

དྲི་བསྣམས་ནས་རོ་མྱོང་ཤིང་ཟོས་པས། དེ་རྣམས་ཀྱི་ལུས་ལ་རྩུབ་པ་ཉིད་དང་ལྕི་བ་ཉིད་ཞུགས་ཤིང་འོད་ནི་ནུབ་པར་གྱུར་ཏེ། དེ་ནས་མུན་པ་བྱུང་བ་ན་ཉི་མ་དང་ཟླ་བ་དག་བྱུང་ངོ་། །སའི་རོ་དང་སའི་ཞག་དང་མྱུ་གུའི་ཚལ་རིམ་གྱིས་སྐྱེས་པ་རྣམས་ཆགས་པ་ལས་ནུབ་པར་གྱུར་ཏོ། །མ་རྨོས་

མ་བཏབ་པའི་འབྲས་བུ་སྐྱེས་པ་དེ་ཟོས་པ་ན་གཅི་བ་དང་བཤང་བའི་ལམ་ཕོ་དང་མོའི་དབང་པོ་དང་བཅས་པ་བྱུང་ཤིང་དབྱིབས་ཀྱང་ཐ་དད་པ་བྱུང་སྟེ། སྔོན་གོམས་པའི་དབང་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འདོད་པའི་འདོད་ཆགས་རྒྱ་ཆེན་པོ་གང་ལས་ལོག་པར་ཞུགས་པར་གྱུར་

པའོ། །ལེ་ལོ་ལས་སོག་འཇོག་བྱས་ཤིང་བདག་ཏུ་འཛིན་པ་སྐྱེས་པ་ན་འབྲས་སཱ་ལུ་བརྔས་པ་སླར་མི་སྐྱེ་བར་གྱུར་ཏོ། །དེ་ནས་ཞིང་རྣམས་བགོས་ནས་རང་གི་རྣམས་ལ་ཀུན་ནས་འཛིན་པ་བྱས་ཏེ་ཕ་རོལ་གྱི་ལ་བརྐུས་སོ། །དེ་ནས་བསྲུང་བའི་དོན་དུ་སྐྱེས་བུ་ཁྱད་པར་ཅན་ཅིག་བྱུང་བ་ལ་དྲུག་

ཆ་བསྟབས་ཏེ། ཞིང་རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རྒྱལ་རིགས་ཞེས་དོན་དང་མཐུན་པའི་མིང་ངོ་། །མང་པོས་བཀུར་བ་ཉིད་ཀྱི་ཕྱིར་དང་སྐྱེ་དགུ་རྣམས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་མང་པོས་བཀུར་བ་དང་རྒྱལ་པོ་ཞེས་སོ། །ཁྱིམ་རྣམས་ལས་ཡིད་ཕྱིར་ཕྱོགས་པ་རྣམས་ནི་བྲམ་ཟེ་ཞེས་བྱ་བའི་

མིང་བྱུང་ངོ་། །རྒྱལ་པོ་གང་ཡང་རུང་བ་ཞིག་གིས་ཆད་པས་བཅད་པའི་ཆོམ་རྐུན་པ་རྣམས་ན་རེ་བདག་གིས་འདི་ལྟ་བུ་མ་བགྱིས་སོ་ཞེས་བརྫུན་དུ་སྨྲ་བར་གྱུར་ཏོ། །དེ་ལྟར་འཇིག་རྟེན་ཆགས་བཞིན་པ་རྣམས་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་སྟེ། ལས་ཀྱི་ལམ་རྣམས་འཕེལ་བར་གྱུར་པ་ན་

རིམ་གྱིས་ཐུང་བ་ཉིད་དེ། མཐར་ཚེ་ལོ་བཅུ་པ་ཆོས་མ་ཡིན་པ་ལ་ཆགས་པ། ཆགས་པ་མི་བཟད་པས་ཟིལ་གྱིས་གནོན་པ་ལོག་པའི་ཆོས་ཀྱིས་དཀྲིས་པ་རྣམས་ལ། གནོད་སེམས་མཐར་ཐུག་སྟེ་ཤིང་ལ་སོགས་པ་རྣམས་མཚོན་ཆར་འགྱུར་རོ། །དེ་རྣམས་སེམས་ཅན་གཞན་གསོད་པར་

Vol. 109 · folio 125a

བྱེད་པའི་ཕྱིར་མཚོན་གྱིས་ཏེ་སྲོག་གཅོད་པ་ཉི་མ་བདུན་འབྱུང་ངོ་། །སླར་ཡང་སྐྱོན་དེ་རྣམས་ཉིད་ཀྱིས་མི་མ་ཡིན་པ་རྣམས་ཡམས་ནད་སྤྲོ་བར་བྱེད་པ་གང་ལས་མི་དེ་རྣམས་ནད་ཀྱིས་འཆི་བར་འགྱུར་རོ་ཞེས་པ་ནད་ཟླ་བ་བདུན་དང་ཉི་མ་བདུན་འབྱུང་ངོ་། །སླར་ཡང་སྐྱོན་དེ་རྣམས་

ཉིད་ཀྱིས་ཆར་མི་འབབ་ཅིང་མུ་གེ་འབྱུང་སྟེ། མི་རྣམས་བཀྲེས་པ་དང་ཉམ་ཆུང་བས་གབ་ནས་འཆི་ལ། གཞན་རྣམས་ཀྱང་རུས་གོང་དཀར་པོ་རྣམས་བསྐོལ་ནས་འཐུང་ཞིང་། ཐུར་མའི་རྩེ་མོས་ཁྱིམ་རྣམས་སུ་ཟང་ཟིང་འགོད་པར་བྱེད་དེ། དེ་རིང་ཁྱིམ་བདག་གསོལ་བའོ་སང་ཁྱིམ་བདག་

མོའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་དང་། འབྲུའི་གནས་ཀྱི་བུག་པ་རྣམས་ནས་ཐུར་མས་འབྲུ་བ་དང་འབྲས་བུ་རྣམས་ཆུང་བ་ཆུ་མང་པོ་ལ་བསྐོལ་ནས་འཐུང་ངོ་ཞེས་པ་མུ་གེ་ལོ་དང་ཟླ་བ་དང་ཞག་བདུན་རྣམས་འབྱུང་ངོ་། །དེའི་ཚེ་ཡང་གླིང་གཉིས་དག་ཏུ་གནོད་སེམས་ལྷག་པར་ཐོབ་པར་འགྱུར་ཞིང་ཁ་

དོག་ངན་པ་དང་ཉམ་ཆུང་བ་དག་དང་། བཀྲེས་པ་དང་སྐོམ་པ་དག་ཀྱང་ངོ་ཞེས་པ་འདི་ནི་ཆགས་པ་རྣམས་གནས་པའི་བར་གྱི་བསྐལ་པ་དང་པོའོ། །ཚེ་ལོ་བཅུ་པ་དེ་རྣམས་ལས་རིམ་གྱིས་འཕེལ་བར་གྱུར་པས་ཚེ་ལོ་བརྒྱད་ཁྲིར་འགྱུར་ཞིང་སླར་ཡང་འགྲིབས་པས་ཚེ་ལོ་བཅུ་པར་གྱུར་པ་འདི་ནི་བར་གྱི་

བསྐལ་པ་གཉིས་པའོ། །དེ་བཞིན་དུ་བཅོ་བརྒྱད་ཀྱི་བར་དུའོ། །ཉི་ཤུ་པ་ནི་ཡར་སྐྱེ་བ་ཁོ་ན་སྟེ་མར་འབྲི་བ་མེད་ལ་ཚེ་ལོ་བཅུ་པ་ལས་ལོ་བརྒྱད་ཁྲི་ཇི་སྲིད་པར་རོ། །བར་གྱི་བསྐལ་པ་གཞན་རྣམས་ཀྱི་འཕེལ་བ་དང་འགྲིབ་པའི་དུས་ཇི་སྲིད་པ་དེ་སྲིད་བར་གྱི་བསྐལ་པ་དང་པོའི་འགྲིབ་པའི་

དུས་དང་ཐ་མའི་འཕེལ་བའི་དུས་ཀྱང་ངོ་ཞེས་པས་ཐམས་ཅད་དུས་མཉམ་པའོ། །དེ་ལ་བར་གྱི་བསྐལ་པ་གཅིག་གིས་སྣོད་རྣམས་འཆགས་སོ། །བར་གྱི་བསྐལ་པ་བཅུ་དགུས་སྡོད་པ་པོ་བྱེད་དོ། །འཇིག་རྟེན་ཆགས་པ་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །གཅིག་གིས་སྣོད་

རྣམས་འཇིག་གོ། །བཅུ་དགུས་སྟོང་པར་འགྱུར་རོ། །འཇིག་རྟེན་ཞིག་པ་ནི་བར་གྱི་བསྐལ་པ་ཉི་ཤུ་གནས་སོ་ཞེས་པ་བརྒྱད་ཅུ་ནི་བསྐལ་པ་ཆེན་པོ་སྟེ། བསྐལ་པ་བཟང་པོ་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ནོ། །བསྐལ་པ་འགའ་ཞིག་ནི་དེ་ལྟ་བུ་མ་ཡིན་ཏེ། སྨོན་ལམ་དང་དགེ་བའི་

Vol. 109 · folio 125b

རྩ་བའི་དབང་གིས་ཤིན་ཏུ་རིང་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་བསྐལ་པ་སྐར་མ་ལྟ་བུ་སྟེ་དེའི་འགྲིབ་པའི་དུས་ཉིད་ལས་ཇི་སྐད་བརྗོད་པའི་བར་གྱི་བསྐལ་པའི་ཚད་ཀྱི་བར་གྱི་བསྐལ་པ་སྟོང་ཕྲག་ཉི་ཤུ་ཡོད་པའི་ཕྱིར་རོ། །དེ་ལྟར་བཟང་པོ་ལ་སོགས་པ་བསྐལ་པ་ཆེན་པོ་གྲངས་ཀྱི་གནས་

གཞན་དྲུག་ཅུར་སོན་པར་ཐོབ་པ་ནི་གྲངས་མེད་པ་ཞེས་བརྗོད་དོ། །དེ་ནས་བཟླས་ནས་སླར་ཡང་བགྲང་བར་བྱ་སྟེ་དེ་ལྟ་བུ་གྲངས་མེད་པ་གསུམ་ཞེས་བརྗོད་དོ། །དེ་ལྟ་བུའི་བསྐལ་པ་གྲངས་མེད་པ་གསུམ་ལ་སངས་རྒྱས་ཉིད་འབྱུང་ངོ་། །དེ་ལྟར་བསྐལ་པ་གྲངས་མེད་པ་དང་པོས་ཚོགས་ཀྱིས་

ནས་བརྩམས་ནས་ས་དང་པོའི་བར་རྫོགས་པར་བྱེད་དོ། །གཉིས་པས་ནི་དྲི་མ་མེད་པ་ལ་སོགས་པ་ས་དྲུག་གོ། །གསུམ་པས་ནི་མི་གཡོ་བའི་ས་ནས་བརྩམས་ནས་སངས་རྒྱས་ཀྱི་སའི་བར་རོ་ཞེས་མདོ་ལས་སོ། །གཞན་རྣམས་ན་རེ་གསུམ་དུ་ཆོས་མཐུན་པའི་ཕྱིར་བསྐལ་པ་གྲངས་མེད་

པ་གསུམ་ཞེས་བརྗོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ལྟར་ནི་ཚོགས་ཀྱི་ས་རྫོགས་པར་བྱེད་པ་ལ་བསྐལ་པ་གྲངས་མེད་པ་གཅིག་འདའོ། །དེའི་དེ་མ་ཐག་པར་མོས་པར་བྱེད་པའི་ས་རྫོགས་པར་བྱེད་པ་ལ་བསྐལ་པ་གྲངས་མེད་པ་གཉིས་སོ། །དེའི་རྗེས་སུ་རབ་ཏུ་དགའ་བའི་ས་ནས་བཟུང་སྟེ་

ཆོས་ཀྱི་སྤྲིན་གྱི་བར་སོ་སོར་བསྐལ་པ་གྲངས་མེད་པ་གསུམ་གསུམ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ས་རྫོགས་ནས། སངས་རྒྱས་ཀྱི་ས་ཀུན་དུ་འོད་ཐོབ་པར་བྱེད་དོ་ཞེས་པ་དེ་ལྟར་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པོ་ཞེའོ། །སངས་རྒྱས་ནམ་འབྱུང་ཞེ་ན།

སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པ་འགྲིབ་པ་ནས་བརྩམས་ནས་མི་རྣམས་ཚེ་ལོ་བརྒྱ་པར་འགྱུར་བའི་བར་འདིར་སངས་རྒྱས་རྣམས་འདིར་འབྱུང་ངོ་། །སྔར་ནི་མ་ཡིན་ཏེ་སེམས་ཅན་ཡིད་འབྱུང་བ་དཀའ་བ་ཉིད་ཀྱི་ཕྱིར་རོ། །འཕྱི་བར་ཡང་མ་ཡིན་ཏེ་དེའི་ཚེ་དང་བསྐལ་པ་དང་ཉོན་མོངས་པ་དང་ལྟ་བ་དང་སེམས་

ཅན་གྱི་སྙིགས་མ་ལྔ་ཤིན་ཏུ་ལྷག་པར་གྱུར་པའི་ཕྱིར་རོ། །གཉིས་ཀྱིས་སྲོག་དང་ཡོ་བྱད་རྒུད་པར་བྱེད་ལ་གཉིས་ཀྱིས་དགེ་བའི་ཕྱོགས་རྒུད་པར་བྱེད་ཅིང་གཅིག་གིས་བདག་གི་དངོས་པོ་རྒུད་པ་སྟེ་གཟུགས་ཚད་དང་ནད་མེད་པ་དང་སྟོབས་དང་བློ་དང་དྲན་པ་དང་བརྩོན་འགྲུས་དང་བརྟན་པ་རྣམས་ཉམས་པའི་

Vol. 109 · folio 126a

ཕྱིར་རོ། །རང་སངས་རྒྱས་རྣམས་ནི་འཕེལ་བ་དང་འགྲིབ་པ་ལའང་འབྱུང་ངོ་། །འཁོར་ལོས་སྒྱུར་བ་རྣམས་ནི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲི་པའི་བར་ལ་སྟེ། འོག་ཏུ་མ་ཡིན་ལ་སྐྱེ་གནས་སུ་འམ་ཡང་ན་ཆུ་སྐྱེས་ཀྱི་སྙིང་པོར་རྫུས་ཏེ་སྐྱེ་བའོ། །དེ་རྣམས་ཀྱང་

བར་སྣང་ལ་འོངས་པའི་གསེར་དང་དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོ་ཅན་གླིང་བཞི་དང་གསུམ་དང་གཉིས་དང་གཅིག་གི་བདག་པོ། འཁོར་ལོ་དང་གླང་པོ་དང་རྟ་དང་ནོར་བུ་དང་བུད་མེད་དང་ཁྱིམ་བདག་དང་བློན་པོའི་རང་བཞིན་གྱི་རིན་པོ་ཆེ་བདུན་དང་ལྡན་པ། ཕས་བསུ་རང་འགྲོ་གཡུལ་

བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད་པ་སྟེ། མཚོན་གྱིས་ཀྱང་རྒྱལ་བར་བྱེད་ཅིང་གནོད་པ་མེད་ལ། རྒྱལ་ནས་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་པར་བྱེད་དོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དུས་གཅིག་ལ་འཁོར་ལོས་སྒྱུར་བ་

གཉིས་འབྱུང་བ་མེད་དེ། འགྲན་ཟླ་མེད་པའི་ལས་བྱས་པའི་ཕྱིར་སངས་རྒྱས་བཞིན་ནོ། །འོ་ན་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་དག་ལྷན་ཅིག་ཏུ་མི་འབྱུང་བ་ཅིའི་ཕྱིར་ཞེ་ན། སྐུ་དེ་ལྟ་བུ་ཚོགས་པས་གདུལ་བར་བྱ་བའི་སྐྱེ་བོ་མི་སྲིད་པའི་ཕྱིར་རོ། །གུས་པ་དང་རིངས་པའི་དོན་དུ་ཡང་སྟེ་

སངས་རྒྱས་གཅིག་ལ་ཤིན་ཏུ་གུས་པར་འགྱུར་ཏེ་འདི་འདྲ་བ་རྙེད་པར་དཀའོ་ཞེས་སེམས་ཤིང་། འདི་གཤེགས་པའམ་ཡོངས་སུ་མྱ་ངན་ལས་འདས་ན་མགོན་མེད་པར་འགྱུར་དུ་འོང་ཞེས་བསྟན་པ་སྒྲུབ་པ་ལ་ཤིན་ཏུ་རིངས་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་གཞན་རྣམས་ན་ནི་སངས་རྒྱས་

རྣམས་ཡོད་པ་ཉིད་དེ། མང་པོ་རྣམས་མཉམ་དུ་ཚོགས་ལ་འཇུག་པ་མཐོང་བའི་ཕྱིར་དང་གཅིག་ཏུ་མང་པོ་རྣམས་ཅིག་ཅར་འབྱུང་བ་མི་རུང་བ་དེ་འབྱུང་བ་ལ་གེགས་ཅི་ཡང་མེད་པས་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་ངེས་པར་འབྱུང་ངོ་། །སངས་རྒྱས་ཀྱི་སྐུ་མང་པོས་གདུལ་བར་བྱ་བ་དང་།

སེམས་ཅན་གྱི་དོན་སྲིད་ན་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་མང་པོ་རྣམས་ཅིག་ཅར་འབྱུང་བ་འགལ་བ་མེད་དེ་ཡེ་ཤེས་ཀྱི་ནུས་པ་ཐོགས་པ་མེད་པ་ཉིད་ནའང་ཅིག་ཅར་ཡང་སེམས་ཅན་གྱི་དོན་ལ་འཇུག་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྣམས་སེར་སྣ་དང་ཕྲག་དོག་ལ་སོགས་

Vol. 109 · folio 126b

པའི་དྲི་མ་དང་བྲལ་བ་དང་རྒྱུ་མཉམ་པོར་འཇུག་པ་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་ན་རེ་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་མེད་དེ་གཅིག་ཁོ་ནས་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ནུས་པའི་ཕྱིར་ཞེའོ། །རྟག་ཏུ་སངས་རྒྱས་གཅིག་ཉིད་དེ་དེ་ཁོ་ནས་སྐུ་ཚེ་མཐའ་ཡས་པར་བྱིན་གྱིས་རློབ་པར་ནུས་པའི་ཕྱིར་

རོ་ཞེས་ཅིས་མི་འདོད། རྒྱུའི་སྟོབས་ལས་གཞན་རྣམས་ཀྱང་འབྱུང་ངོ་ཞེ་ན། དེ་ལྟར་ན་རྒྱུའི་སྟོབས་ཉིད་ལས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་དེ་བཞིན་གཤེགས་པ་མཐའ་ཡས་པ་ཅིག་ཅར་འགྱུར་བས་འགལ་བ་ཅི་ཡོད་རིམ་གྱིས་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་དེ་རྣམས་

འབྱུང་བ་གནས་པ་ཁོ་ནའོ། །བྱུང་བ་དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་ཡོད་པ་ཁོ་ནའོ། །བསོད་ནམས་དང་མི་ལྡན་པ་རྣམས་ལ་སྣང་བར་མི་འགྱུར་བ་འབའ་ཞིག་ཡིན་གྱི་བསོད་ནམས་ཆུང་བའམ་ཆེ་བ་ཇི་ལྟ་བར་ཡང་དག་

པར་དམིགས་སོ། །འོ་ན་འདིར་དེ་བཞིན་གཤེགས་པ་དག་འཇིག་རྟེན་གྱི་ཁམས་ཅི་ཙམ་དུ་འདོད་ཅེ་ན་སྟོང་གསུམ་མོ། །གཞན་རྣམས་ན་རེ་གླིང་བཞི་པའོ་ཞེས་སོ། །བཅོམ་ལྡན་འདས་འོག་མིན་གྱི་ཁང་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྤྲུལ་པའི་སྐུས་སྟོང་གསུམ་གྱི་ནང་དུ་གཏོགས་

པའི་གླིང་བཞི་པ་རྣམས་ཐམས་ཅད་དུ་དགའ་ལྡན་དུ་སྐྱེ་བ་དང་འཆི་འཕོ་བ་དང་མི་རྣམས་སུ་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་ཀུན་དུ་སྟོན་ཏོ་སྙམ་དུ་སེམས་སོ། བུད་མེད་ཀྱིས་ནི་འཁོར་ལོས་སྒྱུར་བ་ཉིད་དང་བརྒྱ་བྱིན་ཉིད་ལ་སོགས་པ་ཐོབ་པ་མེད་དེ་བདག་པོ་གཞན་གྱི་དབང་ཉིད་ཀྱི་ཕྱིར་རོ། །

བུད་མེད་ལ་བུད་མེད་རིན་པོ་ཆེ་ལ་སོགས་པ་ལོངས་སྤྱོད་པའི་ནུས་པ་མེད་པའི་ཕྱིར་རོ། །རང་བྱང་ཆུབ་དང་བླ་ན་མེད་པའི་བྱང་ཆུབ་ཀྱང་རྟོགས་པར་མི་འགྱུར་ཏེ། གོ་རིམས་བཞིན་དུ་དེ་བསེ་རུ་ལྟ་བུར་འདྲེ་བ་མེད་པ་དང་། ས་གསུམ་གྱི་སྟོན་པ་ཉིད་མི་སྲིད་པའི་ཕྱིར་རོ། །དེ་ནི་སྐྱེ་བོ་གཡོན་ཅན་

ཐམས་ཅད་ཀྱིས་བགྲོད་པར་བྱ་བ་དང་། ཤེས་རབ་ཆུང་བ་ཉིད་ལས་སློབ་དཔོན་མེད་པར་མངོན་པར་བྱང་ཆུབ་པར་མི་རུང་བར་ཀུན་དུ་སྤྱོད་པ་གཞན་གྱི་དབང་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ཚུལ་དུ་ནི་ཐབས་ཀྱི་ཁྱད་པར་གྱིས་བུད་མེད་ཀྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་རྟོགས་སོ་ཞེས་གསུངས་སོ་ཞེས་ཞར་

Vol. 109 · folio 127a

ལ་འོངས་པ་གཞག་གོ། །ཁམས་གསུམ་པ་འདི་ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཀྱང་སྟེ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་རང་བཞིན་ནོ། །དེ་ལ་ཕུང་པོ་རྣམ་ལྔ་སྟེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་

ཤེས་པའོ། །དེ་ལ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཏེ་དབང་པོ་རྣམས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། ཡུལ་རྣམས་དང་བཅུ་གཟུགས་ཀྱི་ཕུང་པོའོ། །གཞན་ན་རེ་རྣམ་པར་རིག་བྱེད་མ་ཡིན་པའང་ངོ་ཞེས་སོ། །དེ་ཡང་རྣམ་པ་གཉིས་ཏེ་འབྱུང་བ་རྣམས་དང་འབྱུང་བ་ལས་

གྱུར་པ་རྣམས་སོ། །དེ་ལ་འབྱུང་བ་ཆེན་པོ་བཞི་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཏེ་རེག་བྱའི་ནང་དུ་འདུས་སོ། །ལྷག་མའི་རེག་བྱ་ནི་འཇམ་པ་ཉིད་ལ་སོགས་པའོ། །མིག་ལ་སོགས་པ་བཅུ་རྣམས་འབྱུང་བ་ལས་གྱུར་པ་ཁོ་ན་སྟེ་འབྱུང་བ་རྣམས་ལ་ཡོད་པའི་ཕྱིར་རོ། །དཔེར་ན་

རྩྭ་དང་ཤིང་ལ་སོགས་པ་རྒྱུར་བྱས་ནས་ཡོད་པ་ཁྱིམ་དང་བུད་ཤིང་རྒྱུར་བྱས་ནས་མེ་བཞིན་ཏེ། དེ་བཞིན་དུ་འབྱུང་བ་རྣམས་ལ་བརྟེན་ནས་མིག་ལ་སོགས་པ་ཉེ་བར་སྐྱེ་བ་ནི་རྒྱུར་བྱས་པའི་གཟུགས་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གང་གི་ཚེ་འབྱུང་བ་ཆེན་པོ་རྣམས་གཟུགས་བརྙན་བཞིན་རང་བཞིན་

མེད་པ་དེའི་ཚེ་དེའི་རྒྱུ་ཅན་འབྱུང་བ་ལས་གྱུར་པ་མིག་དང་གཟུགས་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་བདེ་བླག་ཏུ་རྟོགས་སོ། །གཞན་ཡང་འདོད་པའི་ཁམས་སུ་དབང་པོ་ལས་ཕྱི་རོལ་པ་ནི་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་པར་སྐྱེའོ། །དེ་ལ་རྫས་བརྒྱད་རྣམས་ནི་འདི་ལྟ་སྟེ་འབྱུང་བ་ཆེན་པོ་བཞི་དང་

གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །ནང་གི་བདག་ཉིད་ལུས་ཀྱི་དབང་པོ་ཅན་ནི་རྫས་དགུ་པའོ། །མིག་ལ་སོགས་པའི་དབང་པོ་ཅན་ནི་དབང་པོ་གཞན་ལྡན་ཏེ་རྫས་བཅུ་པའོ། །སྒྲ་དང་བཅས་པ་ནི་སླར་ཡང་འདི་རྣམས་རྡུལ་ཕྲ་རབ་ཀྱི་རྫས་དགུ་དང་བཅུ་པ་དང་བཅུ་གཅིག་པར་སྐྱེའོ། །

དེ་ལ་རྫས་བརྒྱད་པའི་རྡུལ་ཕྲ་རབ་ལ་རྫས་བརྒྱད་པོ་དེ་རྣམས་སེ་འབྲུའི་ས་བོན་ལྟར་རང་བཞིན་སོ་སོར་རྣམ་པར་གནས་པ་ནི་མེད་དོ། །འོ་ན་ཅི་ཞེ་ན་བཏུང་བ་ལ་སོགས་པ་ལ་ཀོ་ལ་དང་ཀུ་ལད་ཐ་དང་བུ་རམ་དང་བསེ་ཡབ་ལ་སོགས་པའི་ཁུ་བ་བཞིན་འདྲེས་པར་གྱུར་ནས་རྣམ་པར་གནས་སོ། །དེ་ལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words