ཐུབ་པའི་དགོངས་པའི་རྒྱན
Sanskrit title (Tibetan script, as in the text) མུ་ནི་མ་ཏ་ཨ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 109 · folio 204a
མེད་པ་ཉིད་དང་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་རྣམས་སོ་ཞེས་སོ། །བར་ཆད་མེད་པ་ཉིད་འདིས་བཙལ་བར་བྱ་བས་ན་ལམ་སྟེ། རྟོགས་པའི་རྣམ་པ་གཉིས་པའི་རྒྱུའོ་ཞེས་པ་བར་ཆད་མེད་པའི་ལམ་མོ། །དེ་ཁོ་ན་ཉིད་ཉོན་མོངས་པ་སྐྱེ་བའི་སྐད་ཅིག་གིས་ནུས་པ་མེད་པའི་
ཕྱིར། མི་སྐྱེ་བར་གྱུར་པ་ན་རྣམ་པར་གྲོལ་བར་བྱ་བས་རྣམ་པར་གྲོལ་བ་ཡིན་ལ་རྟོགས་པ་སྔ་མས་བཙལ་བར་བྱས་པས་ན་ལམ་ཡང་ངོ་ཞེས་པ་རྣམ་པར་གྲོལ་བའི་ལམ་མོ། །རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་གཉེན་པོ་སྟེ། ཉོན་མོངས་པ་མི་སྐྱེ་བའི་ངོ་བོ་ཉིད་ལས་རབ་ཏུ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་
མངོན་པ་ཀུན་ལས་བཏུས་པར་གཉེན་པོའི་རྣམ་པ་སྐྱེས་པ་དང་ཉོན་མོངས་པ་བསྐྱེད་པའི་ནུས་པའི་བག་ཆགས་ཤེས་བྱའི་གནས་ངན་ལེན་གྱི་རྣམ་པ་འགག་པ་དུས་མཉམ་སྟེ་སྣང་བ་དང་མུན་པ་སྐྱེ་བ་དང་འགག་པ་བཞིན་ནོ། །དེ་འགགས་པ་ལས་མ་འོངས་པའི་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཉིད་དུ་གནས་པར་
བྱེད་པ་དེ་ནི་སྤངས་པའོ་ཞེས་གསུངས་སོ། །དེ་བཞིན་དུ་གཉིས་པ་ལ་སོགས་པའི་རྟོགས་པའི་རྣམ་པ་རྣམས་ཀྱང་སོ་སོར་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོའོ། །རྟོགས་པའི་རྣམ་པ་ཐ་མ་ནི་རྣམ་པར་གྲོལ་བའི་ལམ་ཁོ་ན་ཡིན་གྱི་བར་ཆད་མེད་པའི་ལམ་ནི་མ་ཡིན་ཏེ་འབྲས་བུའི་
རྟོགས་པའི་རྣམ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་མཐོང་བའི་ལམ་ལ། སོ་སོར་དེ་ལྟ་བུའི་ལམ་གཉིས་ཀྱི་ངོ་བོ་སྟེ་སྐད་ཅིག་མ་ཐ་མ་ཡང་བསྒོམ་པའི་ལམ་རྟོགས་པའི་རྣམ་པ་དང་པོའི་བར་ཆད་མེད་པའི་ལམ་སྟེ། དང་པོ་རྣམ་པར་གྲོལ་བའི་ལམ་ཡང་ངོ་། །དེ་སྐད་དུ་ཡང་ཆོས་མངོན་པ་ཀུན་ལས་
བཏུས་པར་འཇིག་རྟེན་པའི་ཆོས་མཆོག་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་སྦྱོར་བའི་ལམ་སྟེ་གང་གིས་ཉོན་མོངས་པ་སྤོང་བའོ། །དེའི་དེ་མ་ཐག་པའི་དམིགས་པའི་ཏིང་ངེ་འཛིན་ནི་མཐོང་བའི་ལམ་མོ་ཞེས་གསུངས་སོ། །དེ་ལ་འདོད་པའི་ཁམས་སུ་རྣམ་པ་དང་པོ་དགུ་རྣམས་ནི་སྒྲུབ་པའི་བསྒོམ་ལམ་གྱི་ངོ་བོ་སེམས་
བསྐྱེད་པ་དྲུག་པ་ལ་སོགས་པའི་རང་བཞིན་དྲི་མ་མེད་པ་ལ་སོགས་པའི་ས་དགུ་རྣམས་སོ། །ཁྱད་པར་གྱི་ལམ་གྱི་རྣམ་པ་རྣམས་ནི་བསྒོམ་པའི་ལམ་ཤིན་ཏུ་བ་རྣམ་པར་དག་པ་ལས་དང་། རབ་ཏུ་གྱུར་པའི་རྒྱུད་དང་བཅས་པ་ཉིད་ལས་དང་སྒྲུབ་པ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ལས་བསྒོམ་པའི་
Vol. 109 · folio 204b
ལམ་རྣམ་པར་དག་པ་ཤིན་ཏུ་བར་ལམ་ཤེས་པ་ཉིད་ལ་གསུངས་སོ། །དེ་ལ་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་ཤིན་ཏུ་སྦྱང་དཀའ་བའི་སའི་ངོ་བོ་རྣམ་པ་དང་པོ་བཞི་ཁོང་དུ་ཆུད་པས་ན་རྒྱུན་དུ་ཞུགས་པ་ཁོ་ན་སྟེ། མི་དང་ལྷའི་རིགས་སུ་སྐྱེ་བ་ཉིད་ཀྱིས་རྣམ་པ་གཉིས་སོ། །དེ་ལ་དང་པོ་
ནི་ཐབས་ལ་མཁས་པས་མི་རྣམས་སུ་རྒྱལ་རིགས་དང་བྲམ་ཟེ་དང་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེད་པའོ། །གཉིས་པ་ནི་འདོད་པ་ན་སྤྱོད་པ་དྲུག་པོ་རྣམས་སུའོ། །རྣམ་པ་ལྔ་པོ་ས་ལ་མངོན་དུ་གྱུར་པའི་ངོ་བོ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པའོ། །དྲུག་པ་ས་རིང་དུ་
སོང་བའི་རང་བཞིན་ལ་ནི་ལན་ཅིག་ཕྱིར་འོང་བའོ། །དེ་ཁོ་ན་གཞན་བར་ཆད་གཅིག་པའོ། །རྣམ་པ་བདུན་པ་མི་གཡོ་བའི་སའི་ངོ་བོ་རྟོགས་པ་ན་དང་། བརྒྱད་པ་ས་ལེགས་པའི་བློ་གྲོས་ཀྱི་རང་གི་ངོ་བོ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའོ། །དགུ་པ་ཆོས་ཀྱི་སྤྲིན་གྱི་སའི་རང་བཞིན་ལ་ནི་ཕྱིར་མི་འོང་
བ་སྟེ་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་ལ་སོགས་པའི་དབྱེ་བ་རྣམ་པ་དགུའོ་ཞེས་པ་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞབས་ཀྱིས། འདོད་པའི་རྣམ་པ་དྲུག་པ་དང་། །དགུ་པའང་ཡང་དག་ཟད་པ་ལས། །ལན་ཅིག་ཕྱིར་འོང་ཕྱིར་མི་འོང་། །གང་ཟག་དག་ནི་སྐྱེ་བར་འགྱུར། །སྲིད་རྩེའི་མཐའ་
ཟད་དགྲ་བཅོམ་སྟེ། །དེ་རྣམས་ལམ་ལ་ཡང་དག་གནས། །དེ་ཡི་སྦྱོར་བ་ལ་གནས་བཞི། །དེ་ལ་ཞུགས་པ་རྣམས་སུ་བཤད། །དགྲ་བཅོམ་མི་སློབ་པ་ཡིན་ལ། །བདུན་གཞན་ཟད་པར་སློབ་ཕྱིར་རོ། །ཞེས་ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་པའི་རྗེས་སུ་འབྲངས་ནས་རྣམ་པར་གཞག་པ་མཛད་པ་
དང་། །མདོ་སྡེ་རྒྱན་དུ། དེ་བཞིན་གཤེགས་རིགས་སྐྱེ་ཐོབ་དང་། །ལུང་བསྟན་པ་དང་དབང་བསྐུར་དང་། །བྱང་ཆུབ་རབ་ཏུ་ཐོབ་པ་ཡང་། །ངོ་མཚར་ཆེ་བ་ཡིན་པར་འདོད། །ཅེས་འདི་བཤད་པ་ནི། འབྲས་བུ་ངོ་མཚར་ཆེ་བ་གསུངས་ཏེ། བཞི་རྣམས་ནི་བྱང་ཆུབ་སེམས་དཔའི་འབྲས་བུ་སྟེ། དང་པོ་
དང་བརྒྱད་པ་དང་བཅུ་པ་ལ་སློབ་པའི་འབྲས་བུ་གསུམ་དང་། སངས་རྒྱས་ཀྱི་ས་ལ་མི་སློབ་པའི་འབྲས་བུ་བཞི་པ་མཆོག་ཡིན་ནོ་ཞེས་པ་དེ་ནི་བརྒྱད་པ་མི་གཡོ་བའི་ས་ལ་ལན་ཅིག་ཕྱིར་འོང་བ་མཐར་ཕྱིན་པའི་དབང་དུ་བྱས་ནས་ལུང་བསྟན་པ་ཐོབ་པའི་འབྲས་བུ་རྗོད་པར་བྱེད་པའི་ཡི་གེའོ་ཞེས་པས་འགལ་བ་
Vol. 109 · folio 205a
མེད་དོ། །དེ་ཉིད་ཀྱི་ཕྱིར་དེས་དགེ་འདུན་དཀོན་མཆོག་ལ་གདམས་པའི་རྣམ་པར་བཤད་པར། གང་ཁོ་ན་ལན་ཅིག་ཕྱིར་འོང་བ་ཞེས་བཤད་པ་དེ་ཁོ་ན་བར་ཆད་གཅིག་པ་སྟེ་གསུངས་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དེ་ནས། ཇི་སྲིད་དུ་སྐྱེ་བ་གཅིག་གིས་ཐོགས་པར་
རིག་པར་བྱའོ་ཞེས་པའི་བར་རོ། །དེ་ནི་ཉོན་མོངས་པའི་རྣམ་པ་བདུན་དང་བརྒྱད་སྤངས་པས་དང་། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པས་དང་བ་བསྐྱེད་པ་གཅིག་ལྷག་མར་ལུས་པའི་ཕྱིར་ལན་ཅིག་ཅར་ཕྱིར་འོང་བའི་ཁྱད་པར་ཅན་ནོ་ཞེས་བྱས་ནས་སོ། །གང་འདི་ཉོན་མོངས་པའི་རྣམ་པ་དགུ་
སྤངས་པ་ལས་ཕྱིར་མི་འོང་བའོ་ཞེས་བཤད་ལ་དེ་ཡང་རྣམ་པ་ལྔ་སྟེ་དེ་ནས་ཇི་སྲིད་དུ་གང་འདི་ཕྱིར་མི་འོང་བ་ཞེས་བཤད་པ་དེ། གལ་ཏེ་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་པ་སྤངས་པར་གྱུར་ན་དེ་ལས་འདི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པའོ་ཞེས་པའི་མཐར་ཐུག་
པས་དང་། སེམས་ཅན་གྱི་དོན་གྱི་ངེས་འབྱུང་གི་རྣམ་པར་བཤད་པར་ཡང་། ས་དང་པོ་ལ་སེམས་ཅན་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་མཐོང་བའི་ལམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ལམ་ཆུང་ངུའི་ཆུང་ངུས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤངས་པར་གྱུར་པ་ན་སེམས་
ཅན་ལ་སོགས་པ་རྣམས་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནས་ས་བཅུ་པ་ལ་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་ལམ་ཆེན་པོ་ནི་ནམ་མཁའ་ལྟར་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཙམ་དུ་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་མཐར་ཐུག་པས་ཤིན་ཏུ་ཡང་རྣམ་པར་གཞག་པར་མཛད་དོ། །
ཡང་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་འདི་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཆུང་དང་འབྲིང་དང་ཆེན་པོ་རྣམས། །སླར་ཡང་ཆུང་སོགས་དབྱེ་བ་ཡིས། །རྣམ་པས་རྣམ་པ་དགུར་འདོད་དོ། །ཞེས་པའི་རྒྱན་གྱི་རྣམ་པར་བཤད་པ་
རྣམས་ཀྱིས་གསུངས་ཏེ། རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་གྲངས་ཡོད་པ་དང་གཞལ་དུ་ཡོད་པ་དང་། ཚད་ཡོད་པ་རྟོགས་པས་བསྡུས་པ། ཇི་ལྟ་བར་བསྒོམ་པའི་ལམ་གྱི་དབང་དུ་བྱས་པས་ས་དགུ་པ་ལ་དེའི་གཉེན་པོར་ལམ་གྱི་རྣམ་པ་ཆེན་པོའི་ཆེན་པོར་འགྱུར་རོ་ཞེས་སོ། །དེ་ལ་དགུ་པ་ནི་ཆོས་ཀྱི་
Vol. 109 · folio 205b
སྤྲིན་གྱི་སྟེ། སྒོམ་པའི་དབང་དུ་བྱས་ནས་དགུ་པ་ཡིན་པའི་ཕྱིར་དང་རབ་ཏུ་དགའ་བ་དང་བཅས་པས་བཅུ་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཐམས་ཅད་ལེགས་པར་གནས་སོ། །ཆོས་མངོན་པ་ཀུན་ལས་བཏུས་པར་ཡང་། བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་
པ་ལས་བཅུ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་མོས་པའི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་གང་རྣམས་བསམ་གཏན་བཞི་རྣམས་རྫོགས་པར་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་
རྣམས་ལ་སྤྱོད་ལ་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་དེ་གལ་ཏེ་འདོད་པའི་ཁམས་ལྷ་རྣམས་སུའམ་མི་རྣམས་སུ་སྐྱེས་ན། དེ་རྣམས་ཀྱི་དབང་པོ་རྣམས་རྟུལ་པོར་འགྱུར་གྱི་རྣོན་པོར་མི་འགྱུར་བ་རྣམས་ཡོད་དོ་ཞེས་སོ། །གསུང་རབ་དེ་ཉིད་ཀྱི་ཕྱིར་ན་
འཕགས་པས་རྟོགས་པར་བྱས་པ་ལས་མི་གཡོ་བ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ན་ཡང་འགའ་ཞིག་ཐབས་ལ་མི་མཁས་པ་ཉིད་དང་དབང་པོ་རྟུལ་པོ་ཡང་ས་ལེགས་པའི་བློ་གྲོས་ཀྱི་བར་དུ་འགྱུར་ལ། ཐམས་ཅད་ནི་མ་ཡིན་ཏེ་མཐོང་བས་ཐོབ་པའི་ཞུགས་པ་
གཉིས་པོ་དང་ལན་ཅིག་ཕྱིར་འོང་བ་དང་ཡོངས་སུ་རྫོགས་པའི་ལན་ཅིག་ཕྱིར་འོང་བ་ཡང་ཐབས་ལ་མཁས་པ་ཉིད་དང་དབང་པོ་རྣོན་པོ་ཉིད་དག་མངོན་པར་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་མཐོང་བས་ཐོབ་པའི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་
བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ་ནས། ཇི་སྲིད་དུ་ཐབས་ལ་མཁས་པས། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དགྱེས་པར་སྤྱོད་པ་དེ་དང་དེར་སྐྱེས་ཏེ་དེ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བས། བསྐལ་པ་བཟང་པོ་འདི་ཁོ་ན་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་མངོན་
པར་རྫོགས་པར་སངས་རྒྱའོ་ཞེས་པའི་བར་རོ། །འདིར་ཇི་སྲིད་དུ་ས་བཅུའི་དབང་ཕྱུག་བསྐལ་པ་བཟང་པོ་པ་རྣམས་ཀྱི་ལོག་པར་དད་སེལ་དང་གསེར་ཐུབ་དང་འོད་སྲུངས་དང་། ཤཱཀྱ་ཐུབ་པ་རྣམས་ཀྱིས་དམན་པའི་སྟོང་དུ་གྲངས་ངེས་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྟེ། གཞན་དུ་
Vol. 109 · folio 206a
ཐབས་ལ་མཁས་པའི་སྟོབས་ཀྱིས་སྒྲུབ་པ་དང་དགག་དུ་མེད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་དབང་དུ་བྱས་ནས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས། ཐབས་ལ་མཁས་པས་བསམ་གཏན་དང་གཟུགས་མེད་
པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་པ་རྣམས་ཡོད་དོ་ནས། ཇི་སྲིད་དུ་དགའ་ལྡན་གྱི་གནས་སུ་ཚེ་ཇི་སྲིད་པར་གནས་ནས་དེ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ཡང་དག་པར་བསྟན་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་སངས་རྒྱའོ་ཞེས་སོ། །དེ་རྣམས་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཡོངས་སུ་རྫོགས་པའི་ལན་ཅིག་ཕྱིར་འོང་བའི་དབང་དུ་བྱས་ནས། ཤཱ་རིའི་བྱང་ཆུབ་སེམས་དཔའ་གང་བསམ་གཏན་བཞི་རྣམས་ནས་ཇི་སྲིད་དུ་
འཕགས་པའི་བདེན་པ་རྣམས་ཀྱི་བར་དུ་ཐོབ་ཅིང་དེ་རྣམས་མངོན་སུམ་དུ་མི་བྱེད་པ་རྣམས་ཡོད་དེ། དེ་རྣམས་སྐྱེ་བ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་སོ། །ས་བཅུ་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད་ཐབས་ལ་མཁས་པ་དང་དབང་པོ་རྣོན་པོ་ཁོ་ན་རྣམས་སུ་འགྱུར་རོ། །
དེ་ལ་ཕྱིར་མི་འོང་བའི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་རྣམས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སུ་མི་སྐྱེ་བ་ཡོད་དེ། འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་སྙམ་ནས་ཇི་སྲིད་དུ་
གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་དེ་དང་དེར་སྐྱེའོ་ཞེས་པའི་བར་རོ། །ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཁོ་ནར་སྐྱེ་བ་གཉིས་པ་མངོན་པར་འགྲུབ་པར་བྱེད་དེ་ཁྱད་པར་དུ་འཕགས་པར་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེའི་རྣམ་པ་ལྔ་རྣམས་ཀྱི་དང་པོ་བར་མ་དོར་ཡོངས་སུ་
མྱ་ངན་ལས་འདའ་བ་སྟེ་དེ་ནི་ཚངས་རིས་པ་རྣམས་ནས་བརྩམས་ནས་འོག་མིན་ཇི་སྲིད་པ་ཞེས་པ་འདིར་བར་མ་དོ་སྟེ། ལྷའི་རིས་གང་ཡང་རུང་བར་མངོན་པར་རྫོགས་པར་སངས་རྒྱས་ནས་འདིར་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟོན་པར་བྱེད་པའོ། །གཉིས་པ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་
Vol. 109 · folio 206b
པའི་འཕྲལ་དུ་གང་སེམས་དང་པོ་བསྐྱེད་པ་འདིར་སྐྱེས་པ་སྟེ། སྐྱེས་པ་དེ་ཁོ་ནས་ཕུང་པོ་ལྷག་མ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའོ་ཞེས་པ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སེམས་དང་པོ་བསྐྱེད་པ་ཙམ་ཁོ་ནས་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་རྣམས་ཡོད་དོ་ནས། དེ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ཀྱི་དམ་པའི་ཆོས་བསྐལ་པའམ་བསྐལ་པའི་ལྷག་མར་གནས་སོ་ཞེས་པ་ཇི་སྲིད་པའོ། །དེ་ནི་མངོན་པར་བརྩོན་པའི་ལམ་ལས་ཐོབ་པའོ་ཞེས་བྱས་ནས་སོ། །
འདིར་བསྐལ་པ་ནི་བར་གྱི་བསྐལ་པ་སྟེ་དེའི་ཕྱོགས་གཅིག་ནི་བསྐལ་པའི་ལྷག་མའོ། །གང་ཆོས་མངོན་པ་ཀུན་ལས་བཏུས་པར་གསུངས་པ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཁོ་ནས་སྡུག་བསྔལ་གྱི་མཐའ་ཐོབ་པར་བྱེད་པའོ་ཞེས་པ་དེ་ནི་ཉན་
ཐོས་ཁོ་ནའི་དབང་དུ་བྱས་ནས་སོ། །གསུམ་པ་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་རྣམས་ཡོད་དེ། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་
དེ་རྣམས་སེམས་ཅན་རྣམས་ཀྱི་བྱ་བ་ལ་རྟག་ཏུ་བརྩོན་ནོ་ནས་ཇི་སྲིད་དུ་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་པའི་བར་རོ། །དེ་ནི་མངོན་པར་བརྩོན་པས་ཐོབ་པའི་ལམ་ཅན་ཞེས་བྱས་ནས་སོ། །དེ་
རྣམས་ནི་རྟག་ཏུ་སེམས་ཅན་གྱི་དོན་བྱ་བ་ལ་གནས་པ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་སྒྲོལ་མ་དང་འཇམ་པའི་དབྱངས་ལ་སོགས་པ་ལྟ་བུའོ། །འདིར་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པ་ཉིད་ནི་མངོན་པར་འདུ་བྱེད་པའོ། །བཞི་པ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་
ངན་ལས་འདའ་བ་ནི་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་རྣམས་སེམས་དང་པོ་བསྐྱེད་པ་ཁོ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་རྣམས་ཡོད་དེ་ནས། ཇི་སྲིད་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
Vol. 109 · folio 207a
པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་རོ། །དེ་ཡང་མངོན་པར་བརྩོན་པ་མེད་པར་ཐོབ་པའི་ལམ་ཅན་ནོ་ཞེས་བྱས་ནས་སོ། །འདིར་ནི་རིགས་ཀྱི་ཁྱད་པར་ལས་ཤིན་ཏུ་མྱུར་བར་རྩོལ་བ་ཆུང་ངུས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་
ངན་ལས་འདའ་བའོ། །ལྔ་པ་གོང་དུ་འཕོ་བ་ནི་གོང་དུ་འགྲོ་བའི་གོང་དུ་སྐྱེས་པ་དེ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་འོག་མིན་གྱི་མཐར་ཐུག་པ་སྟེ། གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་
ལ་སྤྱོད་ཅིང་འཁོར་ལོས་སྒྱུར་བར་གྱུར་ནས། སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པ་རྣམས་ཡོད་དོ་ནས་ཇི་སྲིད་དུ་དགེ་བ་བཅུ་རྣམས་ལ་སེམས་ཅན་རྣམས་སོ་སོར་བཀོད་ནས་ཚངས་རིས་པ་རྣམས་ནས་འོག་མིན་ཇི་སྲིད་པའི་ལྷ་རྣམས་སུ་སྐྱེ་སྟེ། སངས་རྒྱས་ཀྱི་ཞིང་སྣ་
ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་རོ། །དེ་འདིའི་འོག་མིན་གྱི་མཐར་ཐུག་པ་རྣམ་པ་གསུམ་སྟེ། འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་ལ་འཕར་བ་ནི་གང་བསམ་གཏན་གསུམ་ལས་
ཡོངས་སུ་ཉམས་པས་བསམ་གཏན་དང་པོ་བསྒྲུབས་ནས་ཚངས་རིས་པ་རྣམས་སུ་སྐྱེ་སྟེ་སྔོན་གྱི་གོམས་པའི་དབང་ལས་བསམ་གཏན་བཞི་པ་བསྐྱེད་ནས་དེ་ནས་ཤི་འཕོས་ཏེ་འོག་མིན་གྱི་ལྷ་རྣམས་སུ་སྐྱེ་བའོ། །དེ་ནི་བསམ་གཏན་ལས་ངེས་པར་རྒྱལ་བའི་ཕྱིར་འཕགས་པ་ཞེས་བརྗོད་དོ། །
ཕྱེད་དུ་འཕར་བ་ནི་གང་ཚངས་རིས་པ་རྣམས་ནས་ཤི་འཕོས་ཏེ་གནས་གཙང་མ་རྣམས་སུ་སྐྱེས་ནས་བར་གྱི་གནས་གཞན་ཅིག་ཀྱང་བརྒལ་ཏེ་འོག་མིན་དུ་འཇུག་པའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་གང་གནས་གཞན་ཐམས་ཅད་དུ་ཡང་དག་པར་བརྒྱུས་ནས་འོག་མིན་དུ་འཇུག་པའོ། །གང་གསུངས་
པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་པ་རྣམས་ནས་འོག་མིན་གྱི་བར་རྣམས་སུ་སྐྱེ་སྟེ་ཐབས་ལ་མཁས་པས་དམྱལ་བ་པ་དུད་འགྲོའི་སྐྱེ་གནས་པ་དང་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་ཕྱོགས་བཅུ་
Vol. 109 · folio 207b
རྣམས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྙེན་བཀུར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོངས་སུ་སྒྲུབ་པར་བྱེད་པ་རྣམས་ཡོད་དོ་ཞེས་པ་ལ་སོགས་པའོ། །
གོང་དུ་འཕོ་བ་གཉིས་པ་སྲིད་པའི་རྩེ་མོའི་མཐར་ཐུག་པའོ། །གང་སྙོམས་པར་འཇུག་པ་གཞན་རྣམས་བསྒྲུབས་ཤིང་གནས་གཞན་ཐམས་ཅད་དུ་སྐྱེས་ནས་གནས་གཙང་མར་མ་ཞུགས་པ་ཁོ་ནར་གཟུགས་མེད་པར་རིམ་གྱིས་སྐྱེས་ཤིང་སྲིད་པའི་རྩེ་མོར་སོན་ནས་སངས་རྒྱས་ཀྱི་ཞིང་སྣ་
ཚོགས་རྣམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །གང་ཡང་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ་དེ་ནི་འདི་ནས་ཤི་འཕོས་ཏེ། གཟུགས་མེད་པ་རྣམས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། །མཐོང་བའི་ཆོས་ལ་
ཡོངས་སུ་མྱ་ངན་ལས་འདའ་བ་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དེ་གང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ལུས་ཅན་རྣམས་ཏེ་ནས། ཇི་སྲིད་དུ་ཚེ་དཔག་དུ་མེད་པ་དང་ལྡན་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་ཕྲག་དུ་མ་རྣམས་
ཡོངས་སུ་འཛིན་ཏེ། དེ་ལ་གནས་པས་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་བསྙེན་བཀུར་ནས་ཕྱིས་འདི་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་འོ་ཞེས་པའི་བར་དུ་སྟེ། སྐྱེ་བ་ཐམས་ཅད་དུ་རྒྱུན་མི་འཆད་པར་མཐོང་བ་སྟེ་སྦྱིན་
པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་ལ་མངོན་པར་ཡང་དག་པར་བྱང་ཆུབ་པར་བྱེད་པའི་ཕྱིར་རོ། །གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་མི་འོང་བ་དེ་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བརྗོད་དེ། མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །
ཇི་ལྟར་ལུས་ཀྱིས་མངོན་སུམ་དུ་བྱེད་ཅེ་ན་སེམས་མེད་པ་ལས་ལུས་ལ་བརྟེན་པས་དེ་སྐྱེ་བའི་ཕྱིར་རོ་ཞེས་ཕྱིར་མི་ལྡོག་པ་འཁོར་ལོའི་མདོར་གསུངས་པ། ལུས་ནི་རྟེན་ཏེ་དེ་གནས་གྱུར་པས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །དཔེར་ན་འཕགས་པ་བྱམས་པ་ལྟ་
Vol. 109 · folio 208a
བུ་སྟེ། སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་མཐར་ཐུག་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་སུམ་དུ་བྱ་བས་སོ། །སེང་གེ་བཟང་པོས་ཀྱང་དགྲ་བཅོམ་པ་ཉིད་ཀྱི་
འབྲས་བུ་ལ་ཞུགས་པ་ཕྱིར་མི་འོང་བ་འགོག་པ་ཐོབ་པར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དེ་བཞིན་དུ། སངས་རྒྱས་ཉིད་ལ་ཞུགས་པ་ཉིད་ཀྱིས་འཕགས་པ་བྱམས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པར་གསལ་བར་བཤད་དོ། །གང་བཅོམ་ལྡན་འདས་མར་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་
སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་རྩེན་པ་རྣམས་ཡོད་དེ། དེ་རྣམས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་འགོག་པ་ལའོ། །དེ་ལས་ལངས་
ནས་བསམ་གཏན་གཉིས་པ་ལ་ནས་ཇི་སྲིད་དུ་ཐབས་ལ་མཁས་པས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་གང་
སློབ་དཔོན་ཟླ་བ་གྲགས་པས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོའི་རྗེས་སུ་འབྲངས་ནས། སངས་རྒྱས་ཀྱི་ཞིང་ས་ལ་སྐྱེས་པ་མེད་པ་འགག་པ་མེད་པ་ཤེས་པ་དང་ཤེས་བྱ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུ་ནི་རྣམ་པ་ཐམས་ཅད་དུ་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་
ལས་དེའི་ཡུལ་ཅན་རྣམས་འཇུག་པ་མེད་པའི་ཕྱིར་ལུས་ཁོ་ནས་མངོན་སུམ་དུ་བྱེད་པར་ཀུན་རྫོབ་ཏུ་རྣམ་པར་གཞག་ལ། ལུས་གང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་འདི་མངོན་སུམ་དུ་བྱེད་པ་དེ་ཡང་ཞི་བའི་རང་བཞིན་དུ་འདོད་དེ་སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ་ཞེས་དབུ་མ་ལ་འཇུག་
པར་གསུངས་པ་དེ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ཀྱི་རྟེན་རྡོ་རྗེ་ལྟ་བུ་ཞེས་བྱ་བ་བར་ཆད་མེད་པའི་ལམ་སེམས་བསྐྱེད་པའི་སྐད་ཅིག་གིས་ཡོངས་མཐར་གནས་གྱུར་པ་ཙམ་འགོག་པ་སྟེ་མུན་པ་མེད་པ་ཉིད་ཀྱིས་འོད་གསལ་བའི་ཆོས་ཀྱི་སྐུའི་དབང་དུ་བྱས་ནས་སོ། །དེའི་ཚེ་ནི་ལུས་ཀྱང་
Vol. 109 · folio 208b
སེམས་དང་སེམས་ལས་བྱུང་བ་བཞིན་དུ་གནས་གྱུར་པ་འགག་པའོ་ཞེས་པ་ཞི་བའོ། །དེའི་མཐར་ནི་འགོག་པའི་སྙོམས་པར་འཇུག་པ་ལས་བཞིན་དུ་འགོག་པ་ལས་ལངས་པ་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པའི་རང་གི་ངོ་བོ་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་དུ་འཇུག་པ་ལོངས་སྤྱོད་
རྫོགས་པའི་སྐུའི་བདག་ཉིད་དུ་འདི་མངོན་པར་དགོངས་པ་ཁོ་ནའོ། །བག་ཆགས་མཐའ་དག་དང་བྲལ་བ་འཁོར་བའི་བར་དུ་འཇུག་པའི་ཡེ་ཤེས་ནི་མཐར་ཕྱིན་པ་སྟེ། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐམས་ཅད་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་སོ་ཞེས་པ་ལ་སོགས་པ་ངེས་པའི་དོན་དུ་མཐའ་དྲུག་
གིས་འགྲེལ་བཤད་དུ་མངོན་པར་བརྗོད་པའི་འོ། །གང་སྔོན་པོའི་རྣམ་པ་འཛིན་པར་སྐྱེ་བཞིན་པའི་ཤེས་པ་ནི་སྔོན་པོ་ཤེས་སོ་ཞེས་ཐ་སྙད་བྱེད་པ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཤེས་པ་སྐྱེ་བཞིན་པ་ནི་ཁོ་ན་ཉིད་ཤེས་སོ། །ཉེ་བར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་གཞག་པ་སྟེ། ཆོས་
ཉིད་སངས་རྒྱས་བལྟ་བར་བྱ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རྣམ་པར་ཤེས་བྱ་མིན། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པའི་ཕྱིར། དངོས་སུ་ན་ཅུང་ཞིག་ཀྱང་གང་གིས་ཀྱང་ཤེས་པར་བྱ་བ་མ་ཡིན་ཏེ་ཤེས་པ་དང་ཤེས་བྱ་དག་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །
འགོག་པ་དེ་ནི་ཟུང་དུ་འཇུག་པ་ཉིད་ཀྱང་ངོ་ཞེས་མངོན་པར་དགོངས་ནས་དེ་བཞིན་གཤེགས་པའི་ཐུགས་དང་ཆོས་ཀྱི་སྐུ་ཐ་མི་དད་པ་ཁོ་ན་སྟེ་ཇི་སྐད་དུ་གསུངས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །སྟོང་པའོ་དེ་ཉིད་ཁྱོད་དགོངས་པ། །ཞེས་སོ། །འདི་ནི་གང་འཕགས་པ་ཞི་བའི་ལྷས་གསུངས་པ།
དམིགས་པར་མེད་པ་རབ་ཏུ་ཞི། །ཞེས་པ་དང་། རང་རིག་པ་ནི་དེ་ཡོད་མིན། །ཞེས་པ་དེ་ཡང་དོན་དམ་པར་འགོག་པ་ལ་དང་ཟུང་འཇུག་ལ་སྟེ། གང་གི་ཕྱིར་ཀུན་རྫོབ་པའི་རང་རིག་པ་སེམས་བསྐྱེད་པའི་རང་བཞིན་མདོ་དང་རྒྱུད་ལ་སོགས་པ་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱིས་མང་དུ་གསལ་
བར་མཛད་པ་སྦ་བར་དཀའ་བས་སོ་ཞེས་པ་ཐམས་ཅད་ལ་འགལ་བ་མེད་དོ། །དེ་ལ་ས་བཅུ་པའི་གནས་སྐབས་ཀྱི་ཁྱད་པར་བཅོ་ལྔ་པ་ལ་སོགས་པ་སེམས་བསྐྱེད་པ་དྲུག་རྣམས་ཁྱད་པར་གྱི་ལམ་མོ། །འདིར་འཕགས་པས་གསུངས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་ཕུལ་དུ་དབྱུང་དུ་
Vol. 109 · folio 209a
མེད་པ་ཉིད་ཀྱི་ཕྱིར་གཅིག་པུ་ཁོ་ནས་ཏེ། སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་རྣམ་པའི་དབྱེ་བས་ནི་འདིའི་ཁྱད་པར་ནི་ལམ་གྱི་མཚན་ཉིད་ཅན་ཐུན་མོང་མ་ཡིན་པའི་རྣམ་པའི་དབྱེ་བ་འབའ་ཞིག་གོ་ཞེས་སོ། །གང་
བཅོ་ལྔ་པ་ལ་སོགས་པ་སེམས་བསྐྱེད་པ་བརྒྱད་རྣམས་སངས་རྒྱས་ཀྱི་ས་ཁོ་ན་ལའོ་ཞེས་པ་དང་། གང་ཡང་ངེས་པ་མེད་པ་རྣམས་སོ་ཞེས་འདོད་པ་དེ་ནི་ཤིན་ཏུ་མི་འཐད་པས་བཏང་སྙོམས་སུ་བྱའོ། །དེ་ལ་དང་པོ་ལྔ་རྣམས་ལ་སོ་སོར་སྦྱོར་བ་དང་དངོས་གཞི་དང་མཇུག་ཉིད་ཀྱིས་དང་། དངོས་གཞི་
ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་དབྱེ་བས་དང་། སླར་ཡང་ཆུང་ངུ་ལ་སོགས་པ་རྣམས་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་གྱི་དབྱེ་བས་རྣམ་པ་བཅུ་བཞི་རྣམས་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་གི་གནས་བདུན་རྣམས་སུ་སོ་སོར་དགུ་དང་བརྒྱད་པར་ནི་བདུན་
ནོ་ཞེས་པ་རྣམ་པ་བདུན་ཅུར་འགྱུར་རོ། །དེ་ལ་སེམས་བསྐྱེད་པ་དང་པོ་གཉིས་དང་གསུམ་པའི་རྣམ་པ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ་ཅིག་ཅར་སྐྱེ་བ་དགག་པའི་ཆེད་དུ་བསྟན་པར་བྱ་བས་ཐར་པའི་ཆ་དང་མཐུན་པའི་བདག་ཉིད་གསུམ་དང་། རྟགས་དང་རྣམ་པར་འཕེལ་བ་དང་། རྣམ་
པར་མི་རྟོག་པ་རྟོགས་པའི་གནས་སྐབས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་བླ་ན་མེད་པ་བསྟན་པ་དང་། ཏིང་ངེ་འཛིན་གྱི་རང་བཞིན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་རྣམས་ཀྱི་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་བཅུ་གཉིས་དང་། སྦྱོར་
བའི་གནས་སྐབས་དང་བཅས་པས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་པ་མཐོང་བའི་ལམ་སྐད་ཅིག་གཅིག་དང་། སྦྱོར་བའི་གནས་སྐབས་དང་བཅས་པའི་བསྒོམ་པའི་ལམ་རྣམ་པ་དགུ་ཞེས་པ་རྣམ་པ་སུམ་ཅུའོ། །འདིར་ནི་ལམ་གཉིས་ཀྱི་སྦྱོར་བའི་གནས་སྐབས་རྣམ་པ་གཉིས་ཀྱི་
བདག་ཉིད་ནི། སྐད་ཅིག་གཅིག་ཀྱང་རྣམ་པ་གཉིས་ཀྱི་ངོ་བོའོ། །བསྒོམ་པའི་ལམ་གྱི་རྣམ་པ་གཉིས་དགུ་རྣམས་ནི་གཟུང་བའི་རྣམ་པར་རྟོག་པའི་གཉེན་པོ་དང་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་རོ་ཞེས་གསུངས་པས་ན་གཉེན་པོ་རྣམ་པ་བརྒྱད་རྣམས་སོ། །བསྟན་བཅོས་ཀྱང་། མཐོང་
Vol. 109 · folio 209b
དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་བརྒྱད། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་སོ། །གལ་ཏེ་ཡང་འདིའི་ཐར་པའི་ཆ་དང་མཐུན་པ་དངོས་སུ་གསུངས་པ་མེད་མོད། དེ་ལྟ་ན་ཡང་མངོན་པར་རྟོགས་པ་སྔ་མ་རྣམས་དང་ཕྱི་མར་ཡང་
བསྟན་པའི་རྗེས་སུ་འབྲངས་པ་ལས་ཤུགས་ཀྱིས་རྟོགས་པར་བྱ་སྟེ། དེ་མེད་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་མེད་པའི་ཕྱིར་རོ། །འདིར་བསྒོམ་པའི་ལམ་གྱི་དགྲ་ཟླའི་རྣམ་པ་རྣམ་པར་རྟོག་པ་རྣམ་པ་གཉིས་སྤོང་ངོ་། །རྣམ་པ་ཐ་མ་དང་དེའི་ཕྱི་མའི་རྣམ་པ་རྡོ་རྗེ་ལྟ་བུའི་བར་ཆད་
མེད་པའི་ལམ་གྱི་བར་ནི་སངས་རྒྱས་ཉིད་རྟོགས་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་དུ་རྣམ་པར་གཞག་གོ། །འགའ་ཞིག་ཏུ་མངོན་པར་རྟོགས་པ་འདི་ཡང་མཐར་ཕྱིན་པའི་ལམ་དུ་བརྗོད་པར་བྱའོ། །འགའ་ཞིག་ཏུ་ནི་མཐར་ཕྱིན་པའི་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་མ་ཐག་ཏུ་ཟད་པ་དང་མི་སྐྱེ་བ་
ཤེས་པའོ་ཞེས་སོ། །སེང་གེ་བཟང་པོས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པའོ་ཞེས་སྨྲ་བ་ནི་འཁྲུལ་པ་ཆེ་སྟེ། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་རྣམས་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་འདི་འདིར་མཐོང་བའི་ལམ། །ཞེས་པ་མངོན་
པར་རྟོགས་པའི་རྒྱན་ནི། རེ་རེས་དྲུག་པོ་རྣམས་ཀྱང་བསྡུས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པ་དྲུག་པ་རྣམས་ཁོ་ན་མཐོང་བའི་ལམ་མོ་ཞེས་པའི་དོན་རྟོགས་པར་བྱེད་པ་དང་། དེ་བཞིན་དུ་བར་མར་ཡང་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལམ་གྱི་བདེན་པས་བསྡུས་ཀྱི་སྡུག་བསྔལ་གྱི་བདེན་པས་མ་ཡིན་
ནོ། །ཇི་སྐད་དུ་མདོར་བསྡུས་པར་གསུངས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ་ཞེས་སོ། །འདིར་ཆོས་ཤེས་པའི་བཟོད་པའི་སྐབས་ཀྱང་མ་ཡིན་ཏེ། འདོད་པའི་ཁམས་ཀྱི་ཉོན་མོངས་པའི་རྣམ་པ་རྣམས་སྔར་སྤངས་པ་ཉིད་ཀྱི་ཕྱིར་ཁམས་གོང་མའི་ཉོན་མོངས་པའི་གཉེན་པོའི་ངོ་བོ་ཉིད་
རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པའི་ངོ་བོ་ཉིད་དུ་འཐད་དོ་ཞེས་པ་སྟེ། བདག་ཅག་ཕ་རོལ་གྱི་སྐྱོན་རབ་ཏུ་གསལ་བར་བྱས་པས་ཅི་ཞིག །རྣམ་པར་མི་རྟོག་པའི་གནས་སྐབས་འདི་ཁོ་ནར་སྙིང་རྗེ་ཆེན་པོ་ལ་སོགས་པ་མངོན་དུ་གྱུར་པར་བྱེད་པ་ལས། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་
Vol. 109 · folio 210a
ཀྱིས། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་མཐོང་བའི་ལམ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་འདི་ལྟར་སྙོམས་པར་འཇུག་གོ། །འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །ཡང་གཉིས་པ་དང་གསུམ་པ་དང་བཞི་པ་དང་།
གཟུགས་མེད་པ་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་ཡང་སྟེ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་གཟུགས་མེད་པ་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་དང་བསམ་གཏན་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་ལ་ཡང་
སྙོམས་པར་འཇུག་གོ་ཞེས་པའོ། །དེའི་རྗེས་སུ་མ་རིག་པའི་རྐྱེན་ཅན་འདུ་བྱེད་ནས་ཇི་སྲིད་དུ་སྐྱེ་བའི་རྐྱེན་ཅན་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུགས་པའི་བར་རྣམས་འབྱུང་ངོ་ཞེས་ལུགས་འབྱུང་དང་། མ་རིག་པ་འགགས་པ་ལས་འདུ་བྱེད་འགག་སྟེ། ཇི་
སྲིད་དུ་སྐྱེ་བ་འགགས་པ་ལས་རྒ་ཤི་ལ་སོགས་པ་རྣམས་འགག་གོ་ཞེས་ལུགས་ལས་བཟློག་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟའོ། །དེའི་རྗེས་སུ་བསྒོམ་པའི་ལམ་གྱི་རང་བཞིན་ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་
གོ། །གཉིས་པ་དང་གསུམ་པ་དང་བཞི་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་ཡང་སྟེ། འདི་ནི་སོང་བ་གཅིག་གོ། དེ་ལས་ལངས་ནས་བསམ་གཏན་དང་པོ་ལའོ། །དེ་ལས་འགོག་པ་ལའོ། །དེ་ལས་བསམ་གཏན་གཉིས་པ་ལའོ། །དེ་ལས་འགོག་པ་ལའོ། །དེ་ལས་བསམ་གཏན་གསུམ་པ་
ལའོ། །དེ་ནས་འགོག་པ་ལའོ། །དེ་ལས་བསམ་གཏན་བཞི་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་
ནས་འགོག་པ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །དེ་ལས་མཉམ་པར་མ་བཞག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །
Vol. 109 · folio 210b
དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་གཉིས་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་
ལའོ། །དེ་ནས་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །འོང་བ་འདི་ནི་ཐབས་ལ་མཁས་པའི་སྟོབས་ཀྱིས་མཉམ་པར་མ་བཞག་པ་ལས་མཉམ་པར་བཞག་པ་དང་། མཉམ་པར་གཞག་པ་ལས་མཉམ་པར་མ་བཞག་པ་ལ་འཕོ་བར་གྱུར་པ་ནི་རིགས་མི་མཐུན་པར་འགྲོ་བའོ། །དེ་ལ་སོང་བ་
དང་པོ་ལ་གནས་དགུ་རྣམས་སོ། །གཉིས་པ་ལ་བཅུ་བདུན་རྣམས་སོ། །འོང་བ་ལ་ནི་བཅོ་བརྒྱད་རྣམས་སོ། །འདི་ལས་རྣམ་པ་གཞན་དུ་རྣམ་པར་གཞག་པ་ནི་སེང་གེ་བཟང་པོ་ལ་སོགས་པའི་སྟེ། འཕགས་པའི་དགོངས་པ་དང་མི་འགྲིག་གོ། །ཐོད་རྒལ་དུ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་
ཡིན་ན། དེ་མཉམ་པར་མ་བཞག་པའི་སེམས་ལ་ཅི་ལྟར་མི་འགལ་ཞེ་ན། སྙོམས་པར་འཇུག་པ་ལས་འཕོ་བ་སྙོམས་པར་འཇུག་པ་བཏགས་པའོ་ཞེས་པས་འགལ་བ་མེད་པའོ། །ཏིང་ངེ་འཛིན་འདིའི་ལས་ནི་འཆད་པར་འགྱུར་རོ། །ཏིང་ངེ་འཛིན་འདི་ནི་རྩེ་མོའི་མངོན་པར་རྟོགས་པ་ལ་བསྒོམ་
པའི་ལམ་མོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་ནི་ཐབས་ལ་མི་མཁས་པའི་འདི་ལྟ་བུ་མ་ཡིན་ནོ་ཞེས་པ་སྟེ་དེས་ཅི་ཞིག །འདི་ལྟ་བུར་གྱུར་པའི་ཐབས་ལ་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་འཇུག་པ་དང་སངས་
རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བའི་རྒྱུ་ཆེན་པོ་ཉིད་ཀྱིས་བསྒོམ་པའི་ལམ་རྒྱུན་ཆགས་པ་ནི་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །མཐོང་བ་དང་བསྒོམ་པའི་ལམ་གཉིས་པོ་འདི་ལས་ཕྱི་མ་ནས་བཟུང་ནས་སེམས་བསྐྱེད་པ་ཉི་ཤུ་པའི་བར་ནི་ངེས་པར་འབྱུང་བའི་སྒྲུབ་པ་སྟེ། འདིས་མ་རྒྱལ་བ་རྒྱལ་
བ་ཐོབ་ཅིང་ངེས་པར་འབྱུང་བ་ལས་འབྲས་བུ་མཐར་ཐུག་པ་གནོན་ཏོ་ཞེས་པ་སྟེ་རྒྱས་པར་སྔར་བརྗོད་ཟིན་ཏོ། །གསུམ་པའི་རྣམ་པ་བཅུ་གཉིས་རྣམས་དང་སེམས་བསྐྱེད་པ་བཞི་པ་དང་ལྔ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ། ཐར་པའི་ཆ་དང་མཐུན་པ་གསུམ་དང་། སྔར་བཞིན་དུ་ངེས་པར་
Vol. 109 · folio 211a
འབྱེད་པའི་ཆ་དང་མཐུན་པའི་རྣམ་པ་བཅུ་གཉིས་རྣམས་དང་། མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་དང་། བསྒོམ་པའི་ལམ་རྣམ་པ་དགུ་ཞེས་པ་རྣམ་པ་བཞི་བཅུའོ། །གང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སངས་རྒྱས་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་དང་།
བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་དགེ་འདུན་དང་ཚུལ་ཁྲིམས་དང་གཏོང་བ་དང་། ལྷ་རྗེས་སུ་དྲན་པ་རྣམས་དང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་པ་སྟེ། རྣམ་པ་བཅུ་གསུམ་གསུངས་པ་དེ་རྣམས་ནི་མཐར་གྱིས་པའི་རྟོགས་པའི་རྣམ་པ་མ་ཡིན་ཏེ། རྟོགས་པའི་རྣམ་པ་རེ་རེ་ལ་ཡང་།
བཅུ་གསུམ་པོ་འདི་རྣམས་སྲིད་པས་སོ། །ཇི་སྐད་དུ་གསུངས་པ། གལ་ཏེ་འདི་ལྟར་རྟོགས་པའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མཐར་གྱིས་བགྱི་བ་དང་མཐར་གྱིས་བསླབ་པ་དང་མཐར་གྱིས་སྒྲུབ་པར་ཅི་ལྟར་
གདགས་པར་བགྱི་ཞེས་སོ། །འདིར་འཕགས་པས་བགྱི་བ་གཟུང་བས་སེམས་བསྐྱེད་པར་ཤེས་པར་བྱས་སོ། །བསླབ་པ་གཟུང་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །སྒྲུབ་པ་གཟུང་བས་མཐོང་བ་དང་བསྒོམ་པའི་ལམ་དག་གོ། །གསུམ་ཀ་གཟུང་བས་ནི་མངོན་པར་རྟོགས་པའི་མཐར་
གྱིས་པའོ་ཞེས་གསུངས་སོ། །དེ་བཞིན་དུ་རྟོགས་པ་མཐར་གྱིས་པ་རྟོགས་པར་བྱས་པས། ཅིག་ཅར་སྐྱེ་བ་དགག་པའི་ཆེད་དུ་གདགས་པར་བྱ་བཞིན་པའོ། །དྲན་པ་ཉེ་བར་གཞག་པ་དང་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་ཀྱི་བདག་ཉིད་ཐར་པའི་ཆ་དང་
མཐུན་པ་སྔོན་དུ་སོང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བདག་ཉིད་མཐོང་བའི་ལམ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་བསྒོམ་པའི་ལམ་སྟེ་རྣམ་པ་གསུམ་པོའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་ཡེ་ཤེས་ཀྱི་མཐར་ཐུག་པ་ཆོས་ཀྱི་སྐུའི་རང་བཞིན་གྱི་སངས་རྒྱས་དོན་དམ་པར་དྲན་པ་མེད་པ་ཁོ་ནར་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་ཤེས་པར་བྱ་བའི་ཆེད་དུ་གསུངས་སོ། །སེམས་བསྐྱེད་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་དང་། དྲན་པ་ཉེ་
Vol. 109 · folio 211b
བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པས་མཐོང་བའི་ལམ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡོངས་སུ་རྫོགས་པས་བསྒོམ་པའི་ལམ་མོ་ཞེས་པ་འདི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་ཡང་། མཐར་གྱིས་བྱ་བ་ལ་སོགས་པ་ཤེས་
པར་བྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་རིག་པར་བྱའོ་ཞེས་པའོ། །སེམས་བསྐྱེད་པ་དྲུག་པ་ནི་རྣམ་པ་བདུན་ཅུ་རྩ་གཅིག་པ་སངས་རྒྱས་ཀྱི་ས་ལ་བར་ཆད་མེད་པའི་ལམ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པའི་བྱང་ཆུབ་པ་མངོན་པར་རྟོགས་པ་བདུན་པའོ། །བར་དུ་གཅོད་
ཅིང་གེགས་བྱེད་པར་ནུས་པ་ནི་བར་ཆད་ཡིན་ལ། བར་ཆད་མེད་པ་ནི་བར་ཆད་མེད་པ་སྟེ། རང་གི་དོན་ལ་ཨན་ཏེ་བར་ཆད་མེད་པ་ཉིད་དོ། །ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ན། ཟག་པ་མེད་པའི་ཆོས་གཅིག་མངོན་པར་བྱང་ཆུབ་པ་ན་དུས་གཅིག་ལ་ཆོས་ཐམས་ཅད་མངོན་པར་བྱང་
ཆུབ་པ་ལས་དང་། གཉེན་པོ་བསྒོམ་པའི་རྣམ་པར་སྨིན་པ་ཉིད་དུ་རྟོགས་པའི་ཕྱིར་དང་། རྨི་ལམ་བཞིན་དུ་རང་བཞིན་མེད་པ་ཉིད་དུ་རྟོགས་པའི་ཕྱིར་དང་། གཉིས་ཀྱིས་བག་ཆགས་རྩ་བ་མེད་པ་ཉིད་ཀྱིས་ན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱིས་ངོ་བོར་རྟོགས་པའི་ཕྱིར་ལྡོག་པ་བཞིའི་བདག་ཉིད་
དོ། །འདིར་བྱང་ཆུབ་སེམས་དཔའི་ཞིང་གི་བཀོད་པ་དཔག་ཏུ་མེད་པ་རྣམས་རྣམ་པ་ཐམས་ཅད་རྫོགས་ནས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ཁོ་ན་ལ་མངོན་པར་བྱང་ཆུབ་པ་ནི་དཔེར་ན་སྐྱེས་བུ་རྡོག་ཐབས་གཅིག་གིས་བསྐུལ་བའི་ཟོ་ཆུན་གྱི་རྒྱུད་ཐམས་ཅད་ལན་ཅིག་འགུལ་བ་དེ་
བཞིན་དུ་སྦྱིན་པ་ལ་སོགས་པའི་སེམས་གཅིག་རབ་ཏུ་ལྡན་པར་མངོན་དུ་བྱེད་པ་ན་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་འགུགས་ཤིང་རྟོགས་པར་བྱེད་དེ་སྔོན་གྱི་བསྒོམ་པའི་འཕེན་པའི་ཤུགས་ལས་སོ། །གང་གསུངས་པ། རབ་འབྱོར་འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་ཡོ་
བྱད་ཐམས་ཅད་ཡིད་ཀྱིས་བསམས་པ་ཁོ་ནས་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡིད་ཀྱིས་བསམས་པ་ཁོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་ལ་སོགས་པའོ། །ས་བཅུ་པར་ཡང་གསུངས་པ། དེའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་
Vol. 109 · folio 212a
རྣམས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་རྒྱས་པར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཅན་ཏེ་རྣམ་པར་སྨིན་པའི་ཆོས་ཉིད་རང་བཞིན་ཏེ། ལྷུན་གྱིས་གྲུབ་པར་འཇུག་པ་འདིའི་གནས་སྐབས་ཡིན་ཞེས་བྱས་ནས་སོ། །
འདིར་ནི་ཟག་པ་མེད་པ་དང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཅིག་ཅར་དེ་ལྟར་ཁོ་ནར་མངོན་པར་བྱང་ཆུབ་པའོ། །གནས་སྐབས་དེ་ཡང་ས་བརྒྱད་པ་ནས་བཟུང་སྟེ་འགྱུར་མོད། འདིར་རབ་ཀྱི་མཐར་ཐུག་པ་ཐོབ་པའོ། །བཅོམ་ལྡན་འདས་མར་ཇི་སྐད་དུ་གསུངས་པ། མཚན་མ་མེད་པའི་ཚུལ་གྱིས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་སོ། །མཚན་ཉིད་མེད་པ་ནི་རྨི་ལམ་ལྟ་བུ་སྟེ། དེ་གསུངས་པ། རབ་འབྱོར་འདི་བྱང་ཆུབ་སེམས་དཔའ་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་གནས་ནས་སྦྱིན་པ་གཏོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་དུ་ཆོས་ཐམས་
ཅད་མཚན་ཉིད་མེད་པར་ཤེས་སོ་ཞེས་པའི་བར་དུའོ། །འདིར་རྨི་ལམ་ལྟ་བུ་རྣམས་ལ་སྟེ་རྨི་ལམ་གྱི་རང་བཞིན་རྣམས་ལ་མཚན་ཉིད་མེད་པ་སྟེ་རང་བཞིན་མེད་པར་རོ། །དེ་ལྟར་ནི་གང་ཆོས་མཐུན་པ་ནི་དཔེའི་དོན་ཡིན་ལ། དེ་ནི་སྦྱིན་པ་ལ་སོགས་པའི་དུས་སུ་བར་དང་བཅས་པ་དང་བར་མེད་
པར་སྟོང་པ་ཉིད་ཡིད་ལ་བྱེད་པ་ལྷག་པར་སྤྱོད་པ་ལས་ཚོགས་ཉེ་བར་མཁོ་བ་ཉིད་ཉམས་སུ་མྱོང་ནས་རྟོགས་པའི་གནས་སྐབས་སུ་ཆོས་ཉིད་དང་། རོ་གཅིག་པ་ཉིད་པས། དབྱེར་མེད་པའི་ཕྱིར་རང་བཞིན་གྱི་དོན་ཡང་དག་པར་འགྲུབ་སྟེ། ཇི་སྐད་དུ་གསུངས་པ། སྲིང་མོ་ཕུང་པོ་རྣམས་ནི་རྨི་ལམ་
ལྟ་བུ་སྟེ། ཤིན་ཏུ་མངོན་པར་མ་གྲུབ་པའོ། །བྱང་ཆུབ་ཀྱང་རྨི་ལམ་གྱི་རང་བཞིན་ཏེ་ཤིན་ཏུ་མངོན་པར་མ་གྲུབ་བོ། །དེ་ལྟར་མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་རྨི་ལམ་དང་དེ་མཐོང་བའི་བདག་ཉིད་ལ་གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་ཆོས་ཐམས་ཅད་
གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ཁོ་ནས་མཐོང་ངོ་། །ཁ་ཅིག་ནི་རིམ་གྱིས་སྐྱེ་བར་ངེས་པར་སྐད་ཅིག་བཞིའི་ངོ་བོ་ནི་སྐད་ཅིག་གཅིག་གིས་མངོན་པར་རྟོགས་པའོ་ཞེས་ཟེར་རོ། །གཞན་རྣམས་ནི་དེ་བསམ་པར་བྱའོ་ཞེས་སོ། །དེ་ལྟར་སེམས་བསྐྱེད་པ་འདི་ནི་ཡང་དག་པའི་དོན་སྒོམ་
Vol. 109 · folio 212b
པ་རབ་ཀྱི་མཐར་ཐུག་པའི་གནས་སྐབས་ཏེ་གནས་ངན་ལེན་ཐམས་ཅད་འཇིག་པའི་ཕྱིར་རྡོ་རྗེ་ལྟ་བུ་ཡང་ངོ་། །གང་རྟོགས་པའི་རྣམ་པ་བདུན་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པས་སོ་སོར་ཕིགས་པར་དཀའ་བའི་ཕྱིར་བརྗོད་དུ་མེད་པའི་རང་བཞིན་སོ་སོ་རང་གིས་རིག་པར་བྱ་བ་རྡོ་རྗེ་ལྟ་བུར་
གསུངས་པ་དང་། འདི་ནང་དུ་འདུས་ཏེ། འདིར་རྣམ་པ་བདུན་པོ་ནི་མ་ཡིན་ནོ། །དེ་ལྟར་ནི་ཐེག་པ་ཆེན་པོ་རྒྱུད་བླ་མར། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེའི་གནས་ནི་བདུན་པོ་འདི་རྣམས་
སོ། །ཞེས་གསུངས་སོ། །དེ་ལ་དཀོན་མཆོག་གསུམ་ནི་འབྲས་བུའོ། །ཁམས་ནི་ཉེ་བར་ལེན་པའི་རྒྱུའོ། །བྱང་ཆུབ་དང་ཡོན་ཏན་ཕྲིན་ལས་རྣམས་ལྷན་ཅིག་བྱེད་པའི་རྐྱེན་ནོ། །དཀོན་མཆོག་གསུམ་ཡང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་སྟེ། དེ་ཉིད་དུ་གང་གསུངས་པ། སངས་རྒྱས་དཀོན་མཆོག་
ལས་ཆོས་དཀོན་མཆོག་འབྱུང་ཞེས་པ་དང་། ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་འདི་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་འབྱུང་ངོ་ཞེས་སོ། །གསུམ་པོ་དེ་ཡང་བཞི་པོ་རྣམས་ཀྱི་འབྲས་བུར་དེ་ཉིད་དུ་གསུངས་པ། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་བྲལ་སངས་རྒྱས་ཡོན་
ཏན་རྒྱལ་བའི་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །སླར་ཡང་གསུངས་པ། དེ་ལ་གནས་བཞི་པོ་འདི་རྣམས་ཀྱི་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཉིད་ཀྱི་ཕྱིར། སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་
ལ་བརྟེན་པས་དེ་རྣམ་པར་དག་པ་བཟུང་ནས་དཀོན་མཆོག་གསུམ་འབྱུང་བའི་རྒྱུར་རྟོགས་པར་བྱའོ་ཞེས་པས་གཅིག་རྒྱུའོ། །ཅི་ལྟར་གསུམ་རྣམས་རྐྱེན་ཡིན་ཞེ་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སྟོབས་བཅུ་མི་
འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་མཛད་པ་ན། གཞན་གྱི་སྒྲ་ལ་བརྟེན་པས་དེ་རྣམ་པར་དག་པ་བཟུང་ནས། དཀོན་མཆོག་གསུམ་འབྱུང་བའི་རྐྱེན་དུ་རྟོགས་པར་བྱའོ་ཞེས་པ་དེ་ལྟར་གསུམ་རྣམས་རྐྱེན་ནོ། །ཁ་
Vol. 109 · folio 213a
ཅིག་ནི། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐའ། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་སྟོབས་སོགས། །སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་ལྡན་པ། །ཞེས་པ་འདིས་དཀོན་མཆོག་གསུམ་ལྷན་
ཅིག་བྱེད་པའི་རྒྱུའོ། །ཁམས་དེ་བཞིན་ཁོ་ནའོ། །བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་རྣམས་འབྲས་བུའོ་ཞེས་ཀྱང་རྣམ་པར་གཞག་གོ་ཞེས་ཟེར་རོ། །ཚིགས་སུ་བཅད་པ་འདིས་ཀྱང་སྔར་བརྗོད་པའི་དོན་ཁོ་ནར་སྦྱར་བར་བྱ་སྟེ། དོན་རྣམ་པ་གཉིས་སུ་འབྱུང་ན་ཡང་སྔར་བརྗོད་པའི་དོན་ཁོ་ན་
ཐེག་པ་ཆེན་པོ་རྒྱུད་བླ་མར་བརྗོད་པར་བཞེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གཞན་རྣམས་སོ། །དེ་ལྟར་དྲི་མ་མེད་པ་བྱང་ཆུབ་ལ་བར་ཆད་མེད་པའི་སེམས་བསྐྱེད་པ་འདི་ནི་ཆོས་དང་དགེ་འདུན་དཀོན་མཆོག་དག་གི་ནང་དུ་འདུས་སོ། །དེ་ལྟར་སེམས་བསྐྱེད་པ་དྲུག་གིས་རང་བཞིན་ཁྱད་པར་གྱི་ལམ་རྣམ་
པ་བདུན་ཅུ་རྩ་གཅིག་རྟོགས་པ་ན་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པར་རྣམ་པར་གཞག་ལ། སྨོན་ལམ་ལས་རང་སངས་རྒྱས་ཀྱི་ངོ་བོ་ཅན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་མི་
བཞུགས་ཤིང་ཉན་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོ་སོ་གཅིག་པུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་རྣམས་ཡོད་དེ། དེ་རྣམས་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཐེག་པ་གསུམ་རྣམས་ལ་ཡོངས་སུ་སྨིན་པར་བྱས་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སོ། །འདི་ནི་བདག་ཉིད་གཅིག་པུ་རང་ཉིད་སོ་སོར་སངས་རྒྱས་པས་རང་འབྱུང་དང་སྒྲ་མེད་པར་ཆོས་སྟོན་པ་སྟེ་རང་སངས་རྒྱས་རྣམ་པ་གཉིས་སོ། །དེ་དང་ཆོས་མཐུན་པ་ལས་གཅིག་ནི་བདག་དང་གཞན་
རྣམས་ལ་ཡང་ཐོས་པ་མེད་པར་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པའི་ཕྱིར་དང་། གཞན་ནི་རང་སངས་རྒྱས་ཀྱི་ཆ་ལུགས་སུ་ཡང་བྱེད་པའི་ཕྱིར་རོ། །ཅི་ལྟར་ན་ཆོས་སྟོན་པ་དང་ཐ་སྙད་བྱེད་པ་མེད་པ་ཉིད་ཡིན་ཞེ་ན། ཆོས་སྟོན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་ཚིག་སྨྲ་བ་ནི།
Vol. 109 · folio 213b
རྣམ་པར་མ་བརྟགས་ནས་མ་ཡིན། རྣམ་པར་མ་དཔྱད་ནས་མ་ཡིན་ནོ་ཞེས་པས་བརྗོད་པ་ནི་རྣམ་པར་གཡེང་བའི་ཆེད་དུ་བ་ཡིན་ལ་དེ་ཡང་རྒྱུད་འཁྲུག་པར་བྱེད་དོ་ཞེས་པས་བྱང་ཆུབ་སེམས་དཔས་འདི་ལྟར་སྨོན་ལམ་བཏབ་སྟེ། སངས་རྒྱས་སུ་གྱུར་ནས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་བརྗོད་པ་མེད་པར་
ཡང་སེམས་ཅན་གྱི་དོན་བྱ་བ་ནུས་པར་གྱུར་ཅིག་ཅེས་སོ། །དེས་ན་སངས་རྒྱས་ཉིད་དང་འདྲ་བ་ཉིད་ཀྱི་ཕྱིར། རང་སངས་རྒྱས་ཀྱི་གནས་སྐབས་ན་ཡང་སྨོན་ལམ་ལ་སོགས་པའི་མཐུ་ཉིད་ཀྱིས་གང་ཞིག་དོན་གང་ལ་ལ་རྣམ་པ་གང་གིས་ཉན་འདོད་པ་དེའི་རྣམ་པར་ཤེས་པ་ལ། རྣམ་པ་དེ་ཁོ་ནས་སྒྲ་མེད་
པར་བྱ་བའི་ཆོས་གདུལ་བའི་རྒྱུད་ལ་བསྐྲུན་པ་ནི་སྟོན་པ་ཞེས་བརྗོད་དོ། །ཇི་སྐད་དུ་མདོར་གསུངས་པ། ཡིད་ཀྱིས་བརྒྱ་བྱིན་ལ་ཚིགས་སུ་བཅད་པས་ལན་བཏབ་པོ་ཞེས་པ་ལ་སོགས་པའོ། །དེ་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་
བའི་འབྲས་བུ་ལ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཞེས་པ་གང་ཟག་བདུན་རྣམས་རབ་ཏུ་དབྱེ་བ་ལས་བཅུ་དགུ་སྟེ། རང་སངས་རྒྱས་དང་བཅས་པ་ཉི་ཤུ་ནི། སློབ་
པ་ཚོགས་པ་ཉིད་ཀྱི་ཕྱིར་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྷ་དང་བཅས་ཤིང་བདུད་དང་བཅས་པའི་འཇིག་རྟེན་གྱིས་དང་། དམན་པའི་བྱང་ཆུབ་སྒྲུབ་པར་བྱེད་པའི་ཆོས་རྣམས་ཀྱིས་དང་མི་དགེ་བ་རྣམས་ཀྱིས་ཀྱང་དབྱེར་མེད་
ཅིང་མི་འཕྲོགས་པའོ། །ལ་ལར་ནི་རྡོ་རྗེ་ལྟ་བུའི་སེམས་ནི་མི་སློབ་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་མི་སློབ་པར་གསུངས་སོ། །སོ་སོའི་སྐྱེ་བོ་རྣམས་ནི་སློབ་པ་ཡིན་ཡང་སློབ་པ་ཉམས་པ་ཡང་ཡིན་ཞེས་པས་སློབ་པར་ཡང་བརྗོད་པ་མ་ཡིན་ནོ། །
འོ་ན་ཅི་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བའི་སེམས་རྣམ་པར་གྲོལ་ཞེ་ན། མ་འོངས་པའི་སེམས་སྐྱེ་བཞིན་པ་མི་སློབ་པ་སྒྲིབ་པ་རྣམས་ལས་རྣམ་པར་གྲོལ་ལོ། །སྐྱེས་པས་སྒྲིབ་པ་སྤོང་བའི་ལམ་ནི་གནས་སྐབས་ཅི་ཡིན་ཞེ་ན། འགག་བཞིན་པ་ཉིད་ཀྱིས་ན་ད་ལྟར་བའོ། །འོ་ན་
Vol. 109 · folio 214a
བརྒྱད་པ་ལས་ཕྱིར་མི་ལྡོག་པར་གསུངས་པ་མ་ཡིན་ནམ། ཅི་ལྟར་ཐམས་ཅད་ཡིན་ཞེ་ན་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པས་སོ་སོ་སྐྱེ་བོའི་གནས་སྐབས་ན་མོས་པ་སྤྱོད་པའི་ས་ལས་སྔོན་དུ་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་ལས་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་ལས་ཚོགས་གཉིས་རྫོགས་པར་བྱེད་པ་ལ་རྟག་ཏུ་བརྩོན་ཞིང་འདུན་པ་དང་ཕྱིར་མི་ལྡོག་པའོ། །དབང་པོ་འབྲིང་ནི་རབ་ཏུ་དགའ་བར་ཕྱིར་མི་ལྡོག་སྟེ། དེ་ནི་སྔར་ཞི་གནས་དང་ལྷག་མཐོང་བསྒོམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་གཉིས་སུ་མེད་པའི་རྣལ་འབྱོར་ཡང་དག་པར་སྐྱེས་ཀྱང་ཇི་སྲིད་དུ་ས་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་ངེས་པ་དང་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་འདི་ངེས་པ་པའི་རྒྱུ་མཚན་སྙིང་རྗེ་ཆེན་པོ་མེད་པས་ཚོགས་གཉིས་རྫོགས་པར་བྱ་བ་ལ་ཤིན་ཏུ་མངོན་པར་བརྩོན་པར་འདུན་པ་མ་ཡིན་ན། །དབང་པོ་རྟུལ་
པོ་ནི་ས་མི་གཡོ་བ་ལ་ཕྱིར་མི་ལྡོག་སྟེ། དེ་ནི་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་དང་ལྡན་པ་མེད་པ་དེས་ན། དེའི་རྒྱུ་མཚན་སྙིང་རྗེ་ཆེན་པོ་མེད་པས། ཚོགས་གཉིས་རྫོགས་པར་བྱ་བ་ལ་མངོན་པར་བརྩོན་པར་འདོད་པ་ཤིན་ཏུ་དམན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་རྣམས་སུ་ས་བརྒྱད་པ་ལ་ཐམས་
ཅད་ངེས་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་དུ་རྣམ་པར་གཞག་གོ། །རིང་དུ་སོང་བ་ལ་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་དོ་ཞེས་ཁ་ཅིག་གོ། །འོ་ན་གལ་ཏེ་སོ་སོའི་སྐྱེ་བོ་ཉིད་ལ་ཡང་ཞི་གནས་དང་ལྷག་མཐོང་དག་གིས་ཡང་དག་པའི་ཡེ་ཤེས་སྐྱེ་ན་ཅི་ལྟར་མ་ངེས་པ་ཡིན། ཅི་ལྟར་ཡང་བླ་ན་མེད་པའི་དེ་ཁོ་ན་
ཉིད་མངོན་དུ་བྱས་ན་ཡང་ངེས་པ་མེད་པ་ཙམ་ལས་ཕྱིར་ལྡོག་པར་དོགས་ཤེ་ན། དེ་ཁོ་ན་ཉིད་མངོན་དུ་མ་བྱས་པ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་གྱི། དེ་ལས་བཟློག་པའི་ངེས་པ་ཙམ་ལས་འཁོར་བ་བར་མ་བརྗོད་དོ། །དེའི་ཕྱིར་ཞི་གནས་དང་ལྷག་མཐོང་གིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་ན་དེ་དང་
རྗེས་སུ་མཐུན་པའི་ཐ་སྙད་དོ། །གལ་ཏེ་ཐམས་ཅད་ཐམས་ཅད་ཀྱི་ཚེ་ཁོ་ནར་དེ་ཁོ་ན་ཉིད་མངོན་དུ་བྱེད་ན་ཡང་དག་པའི་ཡེ་ཤེས་བསྐྱེད་པ་འདི་ཅི་ཞེ་ན། འདི་ནི་གང་དེ་དང་རྗེས་སུ་མཐུན་པའི་ཐ་སྙད་ཀྱི་བྱེད་པ་པོ་དེའོ། །འོ་ན་དེ་ཁོ་ན་ངེས་པའོ་ཞེ་ན། དེ་ལྟ་མ་ཡིན་ཏེ་བརྟན་པ་མེད་པའི་ཕྱིར་རོ། །གང་གི་
Vol. 109 · folio 214b
ཕྱིར་ངེས་པ་ནི་རྡོ་རྗེ་ལྟ་བུའི་སེམས་སོ། །དེའི་ཚེ་ཅི་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་སྐྱེ་ཞེ་ན། དེ་སྲིད་ཙམ་པ་ཁོ་ན་ཉིད་ལ་མོས་པ་ལས་སོ་ཞེས་དེ་ཁོ་ན་ཉིད་རིག་པའོ། །གང་ཡང་ཅི་ལྟར་ཕྱིར་ལྡོག་པར་དོགས་སོ་ཞེས་བརྗོད་པ་དེ་ནི་རྡོ་རྗེ་ལྟ་བུའི་སེམས་མེད་པ་ཁོ་ན་ལས་སོ་ཞེས་སྨྲའོ། །
འདི་ཉིད་ལ་དགོངས་ནས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། སོ་སོའི་སྐྱེ་བོའི་གནས་སྐབས་དང་རབ་ཏུ་དགའ་བ་ལ་སོགས་པའི་སའི་གནས་སྐབས་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པར་རྒྱས་པར་བསྟན་ཏོ། །འཕགས་པ་བྱམས་པས་ཀྱང་། ངེས་འབྱེད་
ཡན་ལག་ནས་བཟུང་ནས། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་རྣམས་གནས། །དེ་འདི་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་སོ། །ཕྱིར་ལྡོག་པའི་ཆེད་དུ་འབྱུང་བ་ནི་ཕྱིར་ལྡོག་པའོ། །དེ་ལྟ་བུ་མ་ཡིན་པས་ན་ཕྱིར་མི་ལྡོག་པ་དང་ཕྱིར་ལྡོག་པར་འོས་
པ་མ་ཡིན་པ་ཞེས་པ་དོན་གཅིག་གོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་སེམས་དཔའ་ཆེན་པོ་རྣམས་སུ་ཡང་བརྗོད་དེ་ཆེན་པོ་ཉིད་རྣམ་པ་དགུ་ཡིས་སོ། །བརྩོན་འགྲུས་ཆེན་པོ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཆེད་དུ་ཆེན་པོའི་གནས་ལ་ཡང་དག་པར་ཞུགས་
པའི་ཕྱིར་ཏེ། ཆེན་པོ་རྣམས་ཀྱི་གནས་ཐེག་པ་ཆེན་པོའོ། །རྒྱུ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་ཆེན་པོའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོས་པ་དང་བསམ་པ་དང་། བསྒོམ་པ་ལ་སོགས་པའི་རིམ་གྱིས་ངེས་པར་འབྱུང་བའི་ཕྱིར་རོ། །དམིགས་པ་ཆེན་པོ་ཉིད་ཀྱིས་ནི་སེམས་
ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཐོབ་པས་བྱམས་པ་ཆེན་པོ་ལ་སོགས་པ་དང་མཉམ་པར་ལྡན་པའི་ཕྱིར་རོ། །དུས་ཆེན་པོ་ཉིད་ཀྱིས་ནི་དུས་ཐམས་ཅད་ལ་སྐད་ཅིག་གཅིག་བཞིན་དུ་འཇུག་པས་ན་བསྐལ་པ་དང་བསྐལ་པ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་
ཕྱིར་རོ། །འདོད་པ་མེད་པ་ཆེན་པོ་ཉིད་ཀྱིས་ནི་ཡོངས་སུ་འཛིན་པ་ཐམས་ཅད་སྤངས་པ་ཉིད་ཀྱིས་བདུད་ཐམས་ཅད་ངེས་པར་འཇོམས་པའི་ཕྱིར་ཏེ། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པ་ཐམས་ཅད་ལ་དོན་དུ་མི་གཉེར་བར་འགྱུར་བ་དེའི་ཚེ་སོ་སོར་དོན་དུ་གཉེར་
Vol. 109 · folio 215a
བའི་བདུད་བཅོམ་པར་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་དམན་པ་ཡིད་ལ་བྱེད་པ་རིང་དུ་གྱུར་པ་སྤང་བའི་ཕྱིར་རོ། །ཉེ་བར་སྟོན་པ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་བཅུད་ཀྱི་དགའ་བ་དང་བདེ་བ་ཉེ་
བར་སྟོན་པའི་ཕྱིར་རོ། །ཡོངས་སུ་དག་པ་ཆེན་པོ་ཉིད་ཀྱིས་ནི་ལས་རྣམ་པ་གསུམ་ཡོངས་སུ་དག་པས། འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ཏེ། ངན་འགྲོ་ལ་སོགས་པའི་འཇིགས་པའི་རྒྱུ་ཚུལ་ཁྲིམས་འཆལ་པ་ཉིད་ལ་སོགས་པའི་མེད་པའི་ཕྱིར་རོ། །འཇིགས་
པ་རྣམས་ནི་ལྔ་པ་སྟེ། འཚོ་བ་མེད་པའི་འཇིགས་པ་དང་། གྲགས་པ་མ་ཡིན་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་སོང་གི་འཇིགས་པ་དང་། འཁོར་གྱིས་བག་ཚ་བའི་འཇིགས་པའོ། །རྟོགས་པ་ཆེན་པོ་ཉིད་ཀྱིས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ལུང་བསྟན་པའི་ས་བརྒྱད་
པ་ཐོབ་པ་ལས་བགྲོད་པ་གཅིག་ཏུ་གྱུར་པ་སྟེ། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བགྲོད་པར་བྱས་པའི་ལམ་ཐོབ་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཡང་། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉན་པ་གཡོས་ལེགས་ཁ་ཟས་བཟང་ཟ་འདྲ། །
ཕྲིན་ཡིག་ལེགས་པར་རིག་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པས་ཀྱང་དགའ་བའི་མཆོག་བསྐྱེད་དོ། །དེ་རྟོགས་པའི་དོན་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་རང་བཞིན་གྱི་ཆོས་དེ་ནི་བསྒྲུབ་པར་བྱ་བ་དང་བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་
དང་། ཡོངས་སུ་གྲུབ་པ་ཞེས་པ་རྣམ་པ་ལྔ། དཔེ་ལྔ་རྣམས་ཀྱིས་མདོ་སྡེ་རྒྱན་དུ་རྒྱས་པར་བསྟན་པར་རིག་པར་བྱའོ། །དེ་ལ་རིགས་ཕུན་སུམ་ཚོགས་པའི་ཐེག་པ་ཆེན་པོ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེས་པའི་རིམ་གྱིས་ཕྱིན་ཅི་ལོག་ཐམས་ཅད་བསལ་ཏེ། དཀོན་མཆོག་གསུམ་ལ་
སྐྱབས་སུ་འགྲོ་བ་ལ་བརྟེན་ནས། སྒྲིབ་པ་སྤངས་པའི་མངོན་པར་ཤེས་པ་ལ་སོགས་པའི་ཁྱད་པར་དུ་འཕགས་པའི་ཡོན་ཏན་འཕགས་པའི་ནོར་ལ་ལོངས་སྤྱོད་པའི་རྒྱུ་ཉིད་དུ་རྟོགས་ནས་བདུན་པ་ལ་སོགས་པའི་སེམས་སྒྲུབ་པས། མོས་པས་སྤྱོད་པའི་བར་ལ་སྒྲུབ་པའི་སེམས་བསྐྱེད་པའི་ངོ་བོའི་ཆོས་ནི་
Vol. 109 · folio 215b
གསེར་བཞིན་དུ་དགའ་བ་མཆོག་སྐྱེད་པར་བྱེད་པའོ། །རབ་ཏུ་དགའ་བ་ལྷག་པའི་བསམ་པ་དག་པའི་ས་ལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་དབེན་པའི་ཁྱད་པར་དུ་སྐྱེས་པ་མངོན་སུམ་དུ་བྱས་ཤིང་བྱེ་བྲག་ཏུ་ཤེས་པར་བྱས་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཆོས་ནི་པདྨ་རྒྱས་པ་བཞིན་ནོ། །དེ་ཁོ་ན་དྲི་མ་མེད་
པ་ལ་སོགས་པ་འབད་རྩོལ་དང་བཅས་ཤིང་མཚན་མ་མེད་པར་གནས་པའི་ས་དྲུག་རྣམས་སུ་བསམ་པར་བྱ་བ་ཚོགས་གཉིས་ཀྱིས་མཐུ་དང་ལྡན་པ་ནི་གཡོས་ལེགས་ཁ་ཟས་བཟང་པོ་བཞིན་ནོ། །མི་གཡོ་བ་ལ་སོགས་པ་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པར་གནས་པའི་ས་གསུམ་རྣམས་ལ་སྔོན་གྱི་འདུ་
བྱེད་ཡོངས་སུ་སྨིན་པ་བསམ་གྱིས་མི་ཁྱབ་པ་ཕྲིན་ཡིག་ལེགས་པོ་རིག་པ་བཞིན་ནོ། །སངས་རྒྱས་ཀྱི་ས་ལ་ཡང་ཡོངས་སུ་གྲུབ་པ་བྱང་ཆུབ་ཀྱི་རང་བཞིན་ཏེ། སྒྲིབ་པ་ཀུན་གྱིས་དྲི་མེད་པའི། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྒྲོམ་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པའི་ཆོས་རྣམས་ནི་རྣམ་པ་སྣ་ཚོགས་པར་ངེས་པར་བསྟན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱིས་རྣམ་པ་གཅིག་གོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་དང་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །
དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་གྱི་ཕྱིར་རྣམ་པ་གསུམ་ཡང་སྟེ། སོ་སོ་སྐྱེ་བོའི་གནས་སྐབས་ན་མ་དག་པའི་དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་ནོ། །བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་རྣམས་སུ་དག་ཅིང་མ་དག་པ་སྟེ། ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་
པོ་ལ་སོགས་པ་རྣམས་ཇི་ལྟར་རིགས་པར་སྲིད་པའི་ཕྱིར་རོ། །སླར་ཡང་བྱང་ཆུབ་སེམས་དཔའི་ས་རྣམས་རྣམ་པ་གཉིས་ཏེ། བདུན་པའི་བར་ནི་འབད་རྩོལ་དང་བཅས་པར་ཡིད་ལ་བྱེད་པ་ཉིད་ཀྱིས་ན་མ་དག་པའོ། །མི་གཡོ་བ་ལ་སོགས་པ་རྣམས་དག་ཅིང་མ་དག་པའོ། །དེ་བཞིན་གཤེགས་
པའི་ས་ལ་དག་པའོ། །རྣམ་པ་བཞི་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མར་རྟོགས་པའི་སྒོ་ནས་གསུངས་པ། རབ་ཏུ་དགའ་བ་ལ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའོ། །དྲི་མ་མེད་པ་ལ་སོགས་པ་དྲུག་རྣམས་ལ་གོས་པ་མེད་པའི་སྤྱད་པ་སྤྱོད་པའི་ཕྱིར་སྤྱོད་པ་ལ་ཞུགས་པའོ། །མི་
Vol. 109 · folio 216a
གཡོ་བ་ལ་ཕྱིར་མི་ལྡོག་པའོ། །ཆོས་ཀྱི་སྤྲིན་ལ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ་སངས་རྒྱས་ཀྱི་ས་ལ་སྐྱེ་བ་ཐ་མ་གཅིག་གིས་བར་དུ་ཆོད་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པ་རྣམས་ཀྱི་སེམས་དང་པོ་བསྐྱེད་པ་སྟེ། ཐོག་མར་མངོན་
པར་རྟོགས་པ་ཉིད་ཀྱིས་གཙོ་བོ་ཉིད་ཀྱི་ཕྱིར་ལོག་པར་གསུངས་ཀྱི་འདིར་སྤྱོད་པ་མི་སྲིད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་རྣམ་པར་གྲོལ་བའི་སྡེ་ཡིས། མོས་པས་སྤྱོད་པའི་ས་ལ་དང་པོར་ཐེག་པ་ལ་ཡང་དག་པར་ཞུགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་ས་བདུན་རྣམས་
ལ་སྤྱོད་པ་ལ་ཞུགས་པའོ། །མི་གཡོ་བ་ལ་སོགས་པའི་ས་གསུམ་ལ་ཕྱིར་མི་ལྡོག་པའོ། །ས་བཅུ་པ་ལ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ་ཞེས་གསུངས་སོ། །འདིར་རྣམ་པ་དང་པོ་དག་ནི་འཇུག་པའི་ས་དང་ཚོགས་ཀྱི་སྒྲུབ་པ་དག་གོ། །མདོ་སྡེ་རྒྱན་
དུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ་མོས་པས་སྤྱོད་པའི་ས་ལ་སྤྱོད་པར་མོས་པ་ལས་བྱུང་བའོ། །ས་བདུན་རྣམས་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་པའོ། །བརྒྱད་པ་ལ་སོགས་པ་རྣམས་ལ་རྣམ་པར་སྨིན་པ་པའོ། །སངས་རྒྱས་ཀྱི་ས་ལ་སྒྲིབ་པ་མེད་
པའོ་ཞེས་རྟོགས་པར་མཛད་དོ། །འཕགས་པ་ལང་ཀར་གཤེགས་པའི་མདོར་ནི། སེམས་ཙམ་སྣང་བ་མེད་པ་དང་། །གནས་པ་དེ་བཞིན་སངས་རྒྱས་ས། །འདི་རྣམས་སངས་རྒྱས་རྣམས་ཀྱིས་གསུངས། །གསུངས་དང་སྨྲ་རུ་འཇུག་པ་ཡང་། །གང་ཕྱིར་སེམས་ནི་ས་བདུན་རྣམས། །སྣང་
མེད་འདིར་ནི་བརྒྱད་པའོ། །ས་གཉིས་འདིར་ནི་གནས་པའོ། །ལྷག་མའི་ས་ནི་བདག་ཉིད་ཆེ། །ཞེས་གསུངས་སོ། །སངས་རྒྱས་རྣམས་ཀྱིས་ཞེས་པ་ནི་ཇི་སྐད་གསུངས་པ། དེ་བཞིན་གཤེགས་པ་གཅིག་གིས་གསུངས་པའི་ཆོས་གང་དེ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་མ་ཡིན་པ་ཅུང་
ཟད་ཀྱང་མེད་དོ་ཞེས་སོ། །འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་ཡང་། གཞུང་འགྲེལ་གྱི་རྣམ་པ་ལྔར་བཀྲོལ་ཏེ། རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་དག་པའོ། །དེ་ནས་བདུན་པ་ཇི་སྲིད་པར་འབད་པ་དང་བཅས་པར་མཚན་མ་མེད་པར་གནས་པའོ། །བརྒྱད་པ་ལ་ལྷུན་གྱིས་གྲུབ་པར་མཚན་མ་མེད་
Vol. 109 · folio 216b
པར་གནས་པའོ། །དེ་ནས་བཅུ་པའི་བར་ལ་སྤྱོད་པ་ངེས་པ་ལ་ཞུགས་པའོ། །དེ་ནས་གོང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ་ཞེས་སོ། །གང་གསུངས་པ། ལྷག་པར་མོས་པ་དང་། ལྷག་པའི་བསམ་པ་དག་པ་དང་། མཚན་མ་མེད་པ་ལ་སྤྱོད་པ་ས་གཉིས་པ་ནས་བཟུང་ནས་དྲུག་
པའི་བར་དང་འཇིག་རྟེན་ལས་འདས་པའི་དྲུག་པ་ལ་བར་དང་བཅས་པར་མཚན་མ་མེད་པར་གནས་པ་དང་། བདུན་པ་ལ་མཚན་མ་མེད་པར་མཐའ་གཅིག་ཏུ་གནས་པ་དང་། བརྒྱད་པ་ནས་བཟུང་ནས་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། མངོན་པར་འདུ་མི་བྱེད་ཅིང་། མཚན་མ་མེད་པར་གནས་པ་ཉིད་
ཀྱི་ཕྱིར་རོ་ཞེས་པ་རྣམ་པ་དྲུག་ཉིད་དོ། །དེ་ལ་མཚན་མ་ལ་སྤྱོད་པ་ཉིད་ནི་ཞི་གནས་ལ་སོགས་པའི་རྒྱུ་མཚན་གསུམ་ལ་མཁས་པའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེའི་རྒྱན་དུ། ལྷག་པའི་བསམ་པ་དག་པ་པ་ཉིད་ན་ཡང་ས་ལྔ་པ་ཇི་སྲིད་བར་འབད་པ་དང་བཅས་པར་གནས་པའོ། །དྲུག་པ་དང་བདུན་པ་དག་མཚན་
མ་མེད་པ་ཡང་ངོ་ཞེས་འབད་པ་དང་བཅས་ཤིང་མཚན་མ་མེད་པར་གནས་པ་ཉིད་དུའང་མངོན་པར་དགོངས་པ་ཁོ་ནར་བསྒྲུབ་པར་བྱ་བ་ལ་སོགས་པ་ལྔ་རྣམ་པར་གཞག་པ་དང་། སེམས་བསྐྱེད་པའི་གནས་སྐབས་སུ་ནི་རྣམ་པ་བཞི་ཉིད་དུ་སྟེ་དྲི་མ་མེད་པ་ལ་སོགས་པའི་ས་རྣམས་ཀྱང་ལྷག་པའི་བསམ་པ་དག་
པ་ཉིད་དུ་སོ་སོར་རྟོགས་པའི་དོན་དུའོ། །འོ་ན་བརྒྱད་པ་ནས་བཟུང་ནས་སྐྱེ་བ་གཅིག་གིས་ཐོགས་པ་ཉིད་དུ་སྔར་གསུངས་ལ། འགའ་ཞིག་ཏུ་ནི་བཅུ་པར་དང་དེའི་སྟེང་དུ་ཡང་ངོ་ཞེས་པ་ཅི་ལྟར་ཞེ་ན། ཇི་ལྟར་སྤྱོད་པ་ལ་འཇུག་པ་ནི་སྔོན་རོལ་དུ་ངེས་པ་མེད་པར་ཡིན་ལ་བརྒྱད་པ་ནས་བཟུང་ནས་
ངེས་པ་ཉིད་ན་ཡང་བཅུ་པ་ལ་ངེས་པ་མཐར་ཐུག་པས་ངེས་པ་ཉིད་དུ་གསུངས་པ་དེ་ལྟར་སྐྱེ་བ་གཅིག་གིས་ཐོགས་པ་ནི་བརྒྱད་པ་དང་དགུ་པ་དག་དང་བཅུ་པ་དང་སྟེང་དུ་རིམ་པ་ཇི་ལྟ་བར་ངེས་པ་མེད་པ་དང་། ངེས་པ་དང་ངེས་པ་མཐར་ཐུག་པ་རྣམས་ཀྱིས་རྣམ་པར་གཞག་གོ། །གཞན་ཡང་གདུལ་བྱའི་
ངོར་མཉམ་པ་མེད་པའི་སྙིང་རྗེའི་རང་བཞིན་གྱི་སྐུ་ཅན་རྣམས་ཀྱི་ཆོས་རྣམ་པར་གཞག་པ་མངོན་པར་དགོངས་པ་རྣམ་པ་སྣ་ཚོགས་པ་ཉིད་དེ། དེ་ལ་འགལ་བ་མེད་པ་ཁོ་ན་འབད་པས་བཙལ་བར་བྱའོ། །དེ་ལ་གལ་ཏེ་ཡོད་ན་ཐམས་ཅད་ལེགས་པར་གནས་སོ་ཞེས་པ་འདི་གཞག་སྟེ། དཀྱུས་མ་
Vol. 109 · folio 217a
རྗེས་སུ་སྦྲེལ་བར་བྱའོ། །བར་ཆད་མེད་པའི་ལམ་གྱིས་དེ་མ་ཐག་པ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་རྣམ་པ་བདུན་ཅུ་རྩ་གཉིས་པོ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་ལས་ཤིན་དུ་བའི་རྣམ་པར་དག་པའི་ངོ་བོ་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་དང་།
ཉི་ཤུ་རྩ་གཉིས་དང་དངོས་གཞི་དང་མཇུག་གཉིས་དག་ནི་ཀུན་དུ་བཟང་པོ་ཞེས་བྱ་བ་མིང་གཞན་དུ་ཀུན་དུ་འོད་སངས་རྒྱས་ཀྱིས་དངོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། འབྲས་བུའི་གནས་སྐབས་ཆོས་ཀྱི་སྐུ་མངོན་པར་རྟོགས་པ་བརྒྱད་པའོ། །དེ་རྟོགས་པ་ལས་བཅོམ་ལྡན་འདས་དགྲ་བཅོམ་
པའི་འབྲས་བུ་ལ་གནས་པ་མི་སློབ་པ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ཙམ་དུ་བསླབ་པར་བྱ་བ་ནི། གང་འདི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པར་རྟོག་པ་དག་སྤངས་པའི་ཆེད་དུ་ཡིན་ན་དེ་གཉིས་ཀ་མཉམ་པ་
ཉིད་དུ་རྟོགས་པ་ནི་མི་སློབ་པར་འགྱུར་རོ། །ཆོས་ཀྱི་སྐུ་དེ་ཡང་རྣམ་པ་བཞི་སྟེ། སྐུ་གསུམ་རྣམས་དང་མཛད་པའོ། །སྐུ་ནི་ལུས་ཏེ་སངས་རྒྱས་རྣམས་ཀྱི་ལུས་གསུམ་རྣམས་ནི་སྐུ་གསུམ་རྣམས་སོ། །བཅོམ་ལྡན་འདས་མ་ཆེན་མོ་དག་ཏུ་གསུངས་པ་ནི། རྣམ་པ་ཐམས་ཅད་ཡོངས་
སུ་དག་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རིག་པར་བྱའོ། །གཞན་ཡང་ཆོས་ཐམས་ཅད་པོ་དེ་རྣམས་ཁོ་ན་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་སངས་རྒྱས་ནས་མཚན་སུམ་ཅུ་རྩ་གཉིས་རྣམས་དང་དཔེ་བྱད་བརྒྱད་ཅུ་རྣམས་ཀྱིས་བརྒྱན་པའི་སྐུ་ཅན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་དམ་པ། བླ་ན་མེད་པའི་རོལ་པ་དང་དགའ་བ་
དང་མཆོག་ཏུ་དགའ་བ་དང་བདེ་བ་ལོངས་སྤྱོད་པའི་ཆེད་དུ་སྟོན་པར་བྱེད་དོ། །གཞན་ཡང་ཆོས་ཐམས་ཅད་པོ་དེ་རྣམས་དེ་ཁོ་ན་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
Vol. 109 · folio 217b
ནི་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། དུས་ཐམས་ཅད་དུ་སྤྲུལ་པ་སྣ་ཚོགས་པའི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དོ་ཞེས་སོ། །མདོ་སྡེ་དེ་དང་དེ་རྣམས་སུ་ཡང་སྐུ་གསུམ་རྣམས་ཁོ་ན་རྒྱས་པར་བསྟན་ཏོ། །མདོ་སྡེ་རྒྱན་དུ་ཡང་གསུངས་པ། སྐུ་གསུམ་རྣམས་ཀྱིས་
སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་རྣམས་ཀྱིས་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། གང་ཞིག་གཅིག་མིན་དུ་མའང་མ་ཡིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །ཞེས་
པ་ལ་སོགས་པ་སྐུ་གསུམ་ཁོ་ན་བསྟོད་དོ། །འཕགས་པ་རྣམ་གྲོལ་སྡེའི་ཞབས་ཀྱིས་ཀྱང་། ཆོས་ཀྱི་སྐུ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསལ་བར་མཛད་དོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་བྱང་
ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་སྟེ་བཞི་པའོ་ཞེས་གང་དུ་ཡང་རྣམ་པར་གཞག་པ་མེད་དེ། རྣམ་པར་གཞག་པ་དེ་ནི་སེང་གེ་བཟང་པོའི་རང་དབང་ལས་ཏེ་སྤང་བར་བྱའོ། །འོ་ན་སློབ་དཔོན་དབྱིག་གཉེན་གྱིས་སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་སྐུ་རྣམ་པ་གསུམ་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །དེ་ལ་ཆོས་ཀྱི་སྐུ་རྣམ་པ་གཉིས་ཏེ་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་གང་འདུས་མ་བྱས་པ་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་བྱུང་བ་སྟེ། དེ་ཁོ་ན་དོན་དམ་པར་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་
དུ་རྟོགས་པར་བྱའོ། །གང་འདུས་བྱས་པའི་ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་རང་བཞིན་ཏེ། གང་ཡོངས་སུ་དག་པའི་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ཆོས་ཀྱི་སྐུ་རྣམ་པ་གཉིས་ཉིད་ཀྱིས་ན་སྐུ་བཞི་རྣམས་སུ་རྣམ་པར་གཞག་གོ་ཞེ་ན། མ་ཡིན་ཏེ་རྣམ་
པ་གསུམ་སྟེ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སྐུའི་ནང་དུ་ཆོས་ཀྱི་སྐུ་འདུས་བྱས་པ་བསྡུས་པ་ཁོ་ན་བརྗོད་པར་འདོད་པས་ཚུལ་ཀྱོགས་པ་ཡིན་གྱི་སྐུ་བཞི་པ་ཉིད་ནི་མ་ཡིན་ཏེ། ཇི་ལྟར་འཆད་པར་འགྱུར་བ་ལྟར་རོ། །དེའི་ཕྱིར་གསུམ་ཁོ་ན་མཛད་པའི་འཁོར་དང་བཅས་པས་ཆོས་ཀྱི་སྐུ་རྣམ་
Vol. 109 · folio 218a
པ་བཞིར་མངོན་པར་རྟོགས་པའི་རྒྱན་དུ་གསུངས་སོ། །དེ་ལ་དང་པོ་ནི་ངོ་བོའི་རང་བཞིན་ཡིན་ལ། ངོ་བོ་ཁོ་ན་ངོ་བོ་ཉིད་དེ་བི་ན་ཡ་ལ་སོགས་པ་རྣམས་ལས་ཐ་ཀའོ་ཞེས་པ་རང་གི་དོན་ལ་ཐ་ཀའོ། །དེ་ལྟར་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་རྣམས་ཀྱི་ངོ་བོ་སྐྱེ་བ་མེད་
པ་མ་བཅོས་པ་འདུས་མ་བྱས་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱ་བ་སྤྲོས་པའི་སྒྲོ་འདོགས་པ་མཐའ་དག་ལྡོག་པ་རང་བཞིན་མེད་པ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། ངོ་བོའི་རྐྱེན་ཕྱིས་པས་བསྟན་པའི་ཕྱིར་ཆོས་ཉིད་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུ་ཡང་ངོ་། །འདིར་རྣམ་པར་རྟོག་
པ་ཐམས་ཅད་ངེས་པར་འདའོ་ཞེས་མྱ་ངན་ལས་འདས་པ་དང་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཟུགས་སྐུ་གཉིས་ཀྱི་རྟེན་ཉིད་ཀྱིས་སྐལ་བ་ཇི་ལྟ་བར་ཕན་པ་སྣ་ཚོགས་པའི་མཛད་པ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་ཁྱབ་པའོ། །དེའི་ཚེ་གང་རྣམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཡིན་པ་གློ་བུར་བའི་དྲི་མ་དང་
བྲལ་བ་ལས་ཟག་པ་མེད་པ། གནས་གྱུར་པས་ཡོངས་སུ་གྱུར་པ། འཇིག་རྟེན་ལས་འདས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་སྤྲོས་པ་དང་བྲལ་བར་རྟོགས་པའི་བདག་ཉིད་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་དེ་རྣམས་སྐུ་ཅིས་བསྡུས་ཤེ་ན།
ངོ་བོ་ཉིད་ཁོ་ནས་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པས་དབེན་པས་རང་བཞིན་མེད་པ་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཉིད་ཙམ་ཡིན་པ་ཉིད་ཀྱི་ཕྱིར་ལ། དེ་རྣམས་ཀྱི་མཚན་ཉིད་ཐ་དད་པ་ནི་དེ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲང་བས་ཀུན་རྫོབ་པའོ། །དེ་ཉིད་ཀྱི་ཕྱིར། གང་
ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་པ་དང་། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་པའི་རིགས་པས་ཆོས་དང་ཆོས་ཉིད་ལ་ཐ་དད་མེད་པའི་ཕྱིར། ཆོས་དེ་རྣམས་ཀྱང་ཀུན་རྫོབ་ཏུ་ཡོད་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་སྒྱུ་མའི་རང་བཞིན་
ཅན་གྱི་ཆོས་དེ་རྣམས་རྟོགས་པས་ཁོང་དུ་ཆུད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་སོ་སོ་རང་གིས་རིག་པར་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་དབུ་མ་ལ་འཇུག་པར། སྐྱེ་མེད་དེ་བཞིན་ཉིད་དོ་གང་ཚེ་བློ་ཡང་སྐྱེ་བ་དང་བྲལ་བ་དེའི་ཚེ་དེ་ཡིས་དེ་བཞིན་ཉིད་རྟོགས་བཞིན་ཏེ་དེའི་རྣམ་པར་བསྟེན་པའི་ཕྱིར།
Vol. 109 · folio 218b
ཇི་ལྟར་སེམས་ནི་གང་གི་རྣམ་པར་འབྱུང་བ་དེ་ནི་དེས་ན་ཡུལ། ཡོངས་སུ་ཤེས་ལྟར་དེའི་ཐ་སྙད་ཉེ་བར་བླངས་ནས་རིག་པར་གྱུར་པའོ་ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་སོ། །རྒྱལ་པོའི་རིན་པོ་ཆེའི་ཕྲེང་བའི་རྣམ་པར་བཤད་པར་ཡང་ཆོས་ཉིད་ཁོ་ནའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། དེ་ཡང་ཆོས་ཐམས་
ཅད་ཀྱི་ལུས་ཉིད་ཀྱིས་ཏེ་འགྲོ་བ་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཉིད་ཀྱིས་ན་སྐུའོ། །རྟེན་གྱི་དངོས་པོ་ཡང་དེའི་འཇུག་པ་ཐོབ་པས་བལྟ་བར་བྱའོ་ཞེས་གསུངས་སོ། །དེ་ལྟར་ན་རྟེན་ཆོས་ཉིད་
དང་ཆོས་རྣམས་ནི་ཀུན་རྫོབ་ཏུ་དེ་ལས་བྱུང་བ་རྣམས་དང་དེའི་བདག་ཉིད་ཀྱིས་སོ་ཞེས་པས་ནི་ཆོས་རྣམས་ཀྱི་སྐུ་གང་ཡིན་པ་ནི་ཆོས་ཀྱི་སྐུའོ་ཞེས་སྐུ་བཞི་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ངེས་པར་བསྟན་པ་མེད་དོ། །སྔགས་ཀྱི་ཚུལ་ལས་ནི་གདུལ་བྱའི་ཁྱད་པར་གྱི་ངོར་ཆོས་ཉིད་ལོག་པ་བཞིན་དུ་རྣམ་
པར་གཞག་པས་ངེས་པར་བསྟན་ཏོ། །དངོས་པོར་ན་དེར་ཡང་ལོག་པར་གྱུར་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་འགའ་ཞིག་ཏུ་ཆོས་ཀྱི་སྐུའི་སྒྲས་ངོ་བོ་ཉིད་སྐུས་བརྗོད་པར་བྱ་ལ། འགའ་ཞིག་ཏུ་ངོ་བོ་ཉིད་ཀྱི་སྐུའི་སྒྲས་ཆོས་ཀྱི་སྐུའོ། །ཁ་ཅིག་ཏུ་ཡང་སྐུ་གཉིས་ཀྱི་རང་བཞིན་ཆོས་དང་ཆོས་ཉིད་ཟུང་ནི་
དེའི་བདག་ཉིད་ཀྱིས་འབྲེལ་པའི་ཕྱིར་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་གི་ངོ་བོ་ཉིད་ཀྱིས་འབྲེལ་པ་ཞེས་ཟུང་འཇུག་དང་ཟུང་འཇུག་གི་སྐུ་དང་ངོ་བོ་ཉིད་ཀྱི་སྐུར་ཡང་ངོ་། །གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསུངས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེར་ལོངས་སྤྱོད་རྫོགས་
པའི་སྐུ་དང་སྤྲུལ་པའི་སྐུར་ཡང་བརྗོད་པར་བྱ་སྟེ། སྔོན་གོམས་པའི་ཚོགས་ཀྱི་འཕེན་པས་ངོ་བོ་ཉིད་ཀྱི་སྐུས་སྤྲུལ་པ་ཉིད་ཀྱི་ཕྱིར་རོ། །འབའ་ཞིག་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེར་བཅོམ་ལྡན་འདས་ཀྱི་གསུང་ཁོ་ནའོ། །གང་ཡང་འདིར་སྤྲུལ་པའི་སྐུ་དེ་ནི་དེར་ཡང་ངོ་། །གང་རྟོགས་
པའི་བདག་ཉིད་ཀྱིས་ཆོས་ཀྱི་སྐུའི་རང་བཞིན་ཡང་ལྡོག་པའི་ཁྱད་པར་ཐ་དད་པ་ལས་ཐ་དད་པ་སྟེ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་ལ་སོགས་པ་སྐུ་ལྔ་པ་ཡང་གསུངས་ལ། དེ་ནི་དེ་ལ་མོས་པ་རྣམས་ཀྱིས་བདག་ཅག་གིས་བྱས་པའི་རྒྱ་ཆེར་འགྲེལ་པ་མན་ངག་སྙེ་མ་དང་འཇིགས་པ་
Vol. 109 · folio 219a
མེད་པའི་གཞུང་འགྲེལ་དུ་གསལ་བར་ཤེས་པར་བྱ་སྟེ། འདིར་བརྩམ་པའི་འབྲེལ་བ་མེད་པས་ཆོག་གོ། །དེའི་ཕྱིར་སྐབས་སུ་མ་བབ་ཅིང་མི་འཐད་པ་ཕྱོགས་གཞན་ནས་གསུངས་པའི་སྐུ་བཞི་རྣམ་པར་གཞག་པ་ནི་སེང་གེ་བཟང་པོའི་འོ་ཞེས་གནས་སོ། །གཉིས་པ་ནི་གང་སྟོན་
པ་རང་ཉིད་ཀྱིས་བསྟན་པ་ལས་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བར་འགྱུར་ཞིང་། ཉན་པ་པོ་ས་བཅུའི་དབང་ཕྱུག་རྣམས་ལའང་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྟོན་པའོ། །དེ་དེ་ལྟར་ལོངས་སྤྱོད་དེ། ཡང་དག་པར་
ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའམ། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུས་ནས་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའོ། །དེའི་ཆེད་དུ་རབ་ཏུ་འབྱུང་ངོ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལོངས་སྤྱོད་རྫོགས་པ་ཉིད་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་ཆེད་དུ་བའི་སྐུ་ནི་
ལོངས་སྤྱོད་པའི་སྐུ་ཡང་སྟེ། མཚན་དང་དཔེ་བྱད་མཆོག་ཏུ་འབར་བ་རང་གི་དོན་ཕུན་སུམ་ཚོགས་པ། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པ་ཡང་ངོ་། །ཡང་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་སྟེ་ཡོངས་སུ་སྐྱོང་བར་བྱེད་པའམ་ལོངས་སྤྱོད་དུ་
འཇུག་པ་དང་། དེ་རྣམས་ཀྱིས་འདི་དེ་དང་དེའི་བརྗོད་པར་བྱ་བ་ཡང་ཉམས་སུ་མྱོང་བ་ལས་ཡང་དག་པར་ལོངས་སྤྱད་པར་བྱའོ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །གང་སློབ་དཔོན་ཟླ་བ་གྲགས་པས་གསུངས་པ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །མཚན་དང་དཔེ་བྱད་རབ་འབར་ཞིང་། །སྐྱེ་བོ་
རྣམས་ལ་སྣ་ཚོགས་གཟུགས། །རང་མོས་དབང་གིས་འཛིན་པར་བྱེད། །བསོད་ནམས་ཚོགས་ནི་དཔག་མེད་ལས། །འབྱུང་བ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ལ་ནི་གནས་རྣམས་ཀྱི། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །འདི་དེ་ཆོས་རྫོགས་ལོངས་སྤྱོད་ལས། །རྒྱལ་སྲས་རྣམས་ཀྱིས་སྤྱད་བྱའོ། །
ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། །རྣམ་པར་རྟོག་མེད་སངས་རྒྱས་ཀྱི། །གཟུགས་ཀྱི་སྐུ་རྣམས་ཡང་དག་འབྱུང་། །སྤྲུལ་པའི་སྐུ་རྣམས་བྱང་ཆུབ་པ། །ས་ཡི་སྟེང་དུ་སྟོན་པར་བྱེད། །
Vol. 109 · folio 219b
ཅེས་སོ། །སློབ་དཔོན་ཙནྡྲ་གོ་མིས་ཀྱང་གསུངས་པ། དེ་བཞིན་ཉིད་ནི་ཆོས་སྐུའོ་འདི། །རྣམ་རྟོག་རྣམས་ཀྱི་སྤྱོད་ཡུལ་མིན། །སེམས་ཅན་ཀུན་དང་དོན་ཀུན་གྱི། །རང་བཞིན་དེ་ནི་གཉིས་མེད་པའོ། །སྣ་ཚོགས་གཟུགས་ཅན་སྐུ་རྣམས་དང་། །འགྲོ་རྣམས་དེ་བཞིན་ཉིད་ངོ་བོར། །གང་དུ་རོ་གཅིག་
གྱུར་པ་ན། །རྒྱ་མཚོ་རུ་ནི་ཆུ་བོ་བཞིན། །འདི་སྟེ་རྣམ་པ་འདི་ལྟའི་སྐུ། །སྐྱོབ་པ་འདི་ཡིས་ཆོས་སྐུའོ། །རྣམ་པ་ཐམས་ཅད་རྣམ་དག་ཕྱིར། །རྫོགས་པའི་བྱང་ཆུབ་ཁོ་ནའི་ཡུལ། །འཇིག་རྟེན་རྣམས་སུ་ལྷུན་གྲུབ་པར། །རྟག་ཏུ་དེ་ཡིས་ནུས་པ་རྣམས། །ཉི་མའི་འོད་ཟེར་རྣམས་བཞིན་དུ། །
མཐའ་ཡས་པ་ཡི་དོན་རྣམས་མཛད། །དམུས་ལོང་ལྟ་བུ་བདག་གཞག་པ། །རང་གི་བསོད་ནམས་ཀྱིས་བསྐྱེད་པའི། །མིག་ཅན་ཀུན་གྱི་གཅིག་པུ་སྟེ། །ཅིག་ཅར་ཉི་མ་བཞིན་དུ་མཐོང་། །དེའི་ཆོས་བདུད་རྩིའི་བཅུད་ཀྱིས་ལེན། །འོན་པ་ལྟ་བུ་བདག་གཞག་པའི། །སྐལ་བ་ལྡན་རྣམས་
བསོད་ནམས་ཀྱིས། །བསྐྱེད་པའི་རྣ་བས་ད་ལྟའང་ཉན། །སྐད་ཅིག་སྐད་ཅིག་ཐེག་གསུམ་གྱིས། །ས་བོན་ཇི་ལྟར་བསམ་ཇི་ལྟར། །མཐའ་མེད་ཕྱོགས་སུ་མཐའ་ཡས་པའི། །སེམས་ཅན་འདི་ཡིས་སྦྱོང་བར་མཛད། །ཅེས་སོ། །གསུམ་པ་ཡང་སྤྲུལ་པ་ནི་སྤྲུལ་པར་བྱས་པ་ཡིན་ཞིང་
དེས་རྫོགས་པར་བྱས་པའི་སྐུ་ནི་སྤྲུལ་པ་པ་སྟེ། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་འཁོར་བ་ཇི་སྲིད་པ་དང་ནམ་མཁའ་ཇི་སྲིད་པར་དུས་ཇི་ལྟ་བ་དང་བསམ་པ་ཇི་ལྟ་བར་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་མཐའ་དག་སྒྲུབ་པ་ནི་སྤྲུལ་པའི་ཕྲིན་ལས་དང་སྤྲུལ་པའི་སྐུ་སྟེ། དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ཅན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པའོ། །དེ་ལྟར་ནི་ཐང་དང་ཆུ་དང་བར་སྣང་ལ་སྤྱོད་པའི་བརྟན་པ་དང་གཡོ་བ་རྣམས་ཇི་སྙེད་པར་སྐུ་དང་གསུང་གིས་ཡང་དག་པར་བསྡུས་པའི་ཆོས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་རྣམས་ནི་སེམས་ཅན་
རྣམས་འདུལ་བའི་ཆེད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་སྟེ། སྤྲུལ་པའི་སྐུའི་མཐའ་ཡས་པ་དེ་རྣམས་ཀྱང་སྒྱུ་མའི་སྐྱེས་བུ་བཞིན་དུ་སེམས་དང་སེམས་ལས་བྱུང་བས་སྟོང་པའོ། །ཇི་ལྟར་དེ་རྣམས་ཀྱི་སྐུ་དང་། གསུང་དག་སྤྲུལ་པ་དེ་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མི་
Vol. 109 · folio 220a
སྤྲུལ་པ་ཅི་ཞེ་ན། དེའི་ཉེ་བར་ལེན་པ་མེད་པའི་ཕྱིར་དང་། སྔ་ན་མེད་པ་མི་འབྱུང་བའི་ཕྱིར་རོ། །འོ་ན་སེམས་དང་སེམས་ལས་བྱུང་བ་སྤྲུལ་པ་ཡང་འདོད་པ་མ་ཡིན་ནམ། སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་སྤྲུལ་པ་སྟེ་རབ་ཏུ་སྦྱོར་བའི་ཐབས་ཀྱི་ལས་ཅན་ནོ་ཞེས་
གསུངས་པའི་ཕྱིར་རོ་ཞེ་ན། བདེན་ཏེ་འདོད་མོད། འོན་ཀྱང་ཉེ་བར་ལེན་པ་ཡོད་ན་སྟེ། ལྷའི་བྱིན་རླབས་ཀྱིས་རྨི་ལམ་མཐོང་བ་བཞིན་དང་། བརྗོད་པས་ངག་གི་དོན་རིག་པ་བཞིན་ནོ། །འོ་ན་གང་སྤྲུལ་པ་དེ་རྣམས་ཅི་ལྟར་བཅོམ་ལྡན་འདས་ཀྱི་སྐུ་ཡིན། བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་ཕྱིར་རོ་ཞེ་ན་
ནི་དེའི་ཚེ་སྒྱུ་མ་མཁན་གྱིས་སྤྲུལ་པ་གླང་པོ་ཆེ་ལ་སོགས་པ་རྣམས་སྒྱུ་མ་མཁན་གྱི་ལུས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་གི་སྐུ་ཉིད་དུ་བྱིན་གྱིས་བརླབས་ནས། དེས་སྤྲུལ་པའི་ཕྱིར་དང་། རང་གི་སྐུ་བཞིན་དུ་གཤེགས་པ་དང་ཐ་སྙད་བྱེད་པ་ལ་སོགས་པའི་དཀའ་སྤྱད་རྣམས་ལ། བྱ་བ་བྱེད་པའི་ཕྱིར་
དེ་རྣམས་ཀྱང་དེའི་སྐུ་རྣམས་སོ་ཞེས་པ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའོ། །སྐུ་གསུམ་པོ་དེ་རྣམས་ཀྱང་རྟག་པ་རྣམས་ཏེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་རྟག་པ་ཉིད་ཀྱིས་རྟག་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མ་ཉམས་པའི་རྟག་པ་ཉིད་ཀྱིས་
ན་རྟག་པ་སྟེ་ཐོག་མ་ཡོད་ཀྱང་ཐ་མ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཕུང་པོ་ཡང་ངོ་། །སྤྲུལ་པའི་སྐུ་ནི་རྒྱུན་རྟག་པ་ཉིད་ཀྱིས་རྟག་པ་སྟེ་མི་སྣང་བར་གྱུར་ནས་ཡང་དང་ཡང་དུ་ཡུལ་ཐ་དད་པར་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་མཛད་པ་ཡང་རྟག་པ་ཉིད་དོ། །
དེ་ལྟར་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་རྣམས་ཀྱི་དོན་དམ་པ་པའི་ལུས་སོ། །དེ་སྐད་དུ་ཡང་གསུངས་པ། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་པ་འདི་ནི་ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་སོ། །འདིར་ཡང་དག་པའི་དེ་བཞིན་ཉིད་ནི་རྣམ་པར་དག་པར་བྱུང་བའོ། །འགའ་ཞིག་ཏུ་
ནི་དེ་བཞིན་ཉིད་ཅེས་པ་དང་། ཆོས་ཉིད་ཅེས་པ་ཡང་སྤྱིར་གསུངས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་དག་དོན་དམ་པར་བྱེ་བྲག་མེད་པར་བསྟན་པའི་དོན་དུའོ། །གང་དེ་ལ་རག་ལས་པ་སངས་རྒྱས་སུ་བྱེད་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་
Vol. 109 · folio 220b
པའི་སྐུ་ཞེས་གསུམ་པོ་དེ་ནི་ཀུན་རྫོབ་པའི་ལུས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདུས་བྱས་པ་སྟེ་དོན་དམ་པར་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་གྲངས་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ས་བཅུའི་དབང་ཕྱུག་རྣམས་ལ་ཡང་དང་། དེ་ལས་གཞན་པའི་
བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་ཡང་སོ་སོར་སྣང་བཞིན་པའོ། །འོ་ན་སྤྲུལ་པའི་སྐུ་ཆོས་ཀྱི་སྐུ་ལ་རག་ལས་པར་འགྱུར་མོད་དེ། དེའི་དབང་གིས་དེ་དེ་དང་དེར་མཐའ་ཡས་པར་འབྱུང་བའི་ཕྱིར་ཡིན་ན། ལོངས་སྤྱོད་རྫོགས་པ་ཅི་ལྟར་ཡིན་ཏེ། གང་གི་ཕྱིར་དེ་ནི་དཔག་ཏུ་མེད་ཅིང་ཤིན་
ཏུ་ཡོངས་སུ་དག་པའི་བསོད་ནམས་ལས་ངེས་པར་འཁྲུངས་པ་འོག་མིན་གྱི་ས་ལ་ཞུགས་པ་སྟེ། སྐུ་དེ་ཁོ་ན་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྫོགས་པར་བྱང་ཆུབ་པའི་ཕྱིར་ཏེ་དེ་དེ་ལ་རག་ལས་པ་ཁོ་ནར་རིགས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་
ཡོད་ན་གཞན་ལ་མི་སྣང་བ་མཆོག་ཏུ་ཕུལ་དུ་བྱུང་བ་དེ་འབྱུང་བ་ཁོ་ནའི་ཕྱིར་དང་། དེའི་དབང་གིས་ཀྱང་བླ་ན་མེད་པའི་ཆོས་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་བླ་ན་མེད་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དགའ་བ་དེ་ཉམས་སུ་མྱོང་བ་རྫོགས་པར་ལོངས་སྤྱོད་པ་སྟོན་པའི་
ཕྱིར་རོ། །ཆོས་ཀྱི་སྐུ་ནི་དེའི་བསྒྲུབ་པར་བྱ་བ་ཉིད་ཀྱང་མ་ཡིན་ཏེ། དེ་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ཐོབ་པའི་ངོར་ཡེ་ཤེས་ཀྱི་ཚོགས་ཁོ་ན་གཙོ་བོར་ནུས་པ་ལ་དེའི་ངོར་བསོད་ནམས་ཀྱི་ཚོགས་ནི་རྗེས་སུ་མཐུན་པ་ཙམ་མོ། །ཡེ་ཤེས་ཀྱི་ཚོགས་དེ་ཡང་ལོངས་སྤྱོད་རྫོགས་པ་འདིའི་ངོར་
རྗེས་སུ་མཐུན་པ་ཉིད་དོ། །དོན་དམ་པར་ཡང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ཆོས་ཀྱི་སྐུར་རོ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་ཁོ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་ཞེས་པའོ། །ཇི་སྐད་དུ་འཕགས་པ་རྡོ་རྗེ་གཅོད་པར་གསུངས་པ། གང་དག་ང་ལ་གཟུགས་སུ་མཐོང་། །
གང་རྣམས་ང་ལ་སྒྲར་རྟོགས་པ། །ལོག་པས་བཅོམ་པར་རབ་སྐྱེས་པའི། །སྐྱེ་བོ་དེས་ནི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་བར་བྱ། །ཆོས་ཉིད་རྣམ་པར་ཤེས་བྱའང་མིན། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་སོ། །གང་རྣམས་གཟུགས་
Vol. 109 · folio 221a
ཀྱི་སྐུ་མཐོང་བ་ཙམ་མམ་དབྱངས་རྗེས་སུ་ཐོས་པ་ཙམ་གྱིས་དེ་བཞིན་གཤེགས་པ་བདག་ཅག་གིས་མཐོང་ངོ་ཤེས་སོ་ཞེས་སེམས་པ་དེ་རྣམས་ལོག་པ་སྟེ་སངས་རྒྱས་མཐོང་བ་ལ་གེགས་བྱེད་པའི་ལས་ཀྱི་སྒྲིབ་པས་བཅོམ་པར་སྐྱེས་པ་སྟེ་དེ་ཁོ་ན་ལ་གུས་པར་ལྟུང་བ་ཉིད་ཀྱིས་ན་
དེ་རྣམས་ཀྱིས་བདག་མཐོང་བ་མ་ཡིན་པ་ལ་མཐོང་བར་ཡང་མི་འགྱུར་རོ། །གལ་ཏེ་དེ་བཞིན་དུ་ཤེས་པར་གྱུར་ན་དེ་ཙམ་གྱིས་སངས་རྒྱས་མཐོང་བར་མི་འགྱུར་རོ། །དེ་ནི་དེ་མཐོང་བ་དང་རྗེས་སུ་མཐུན་པ་ཉིད་དོ་ཞེས་ཡང་དག་པར་རྟོགས་བཞིན་པ་རྣམས་ཀྱིས་བདག་མཐོང་བར་གྱུར་ཀྱང་གང་གི་ཚེ་
མཐོང་བ་ཉིད་ཁོ་ནར་མངོན་པར་ཞེན་པ་དེའི་ཚེ་ཅི་ལྟར་མཐོང་བར་འགྱུར། དེའི་ཆོས་མཐོང་བ་ནི་སངས་རྒྱས་མཐོང་བ་སྟེ་དེ་ནི་དེ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཆོས་དེ་ཡང་ཆོས་ཀྱི་སྐུ་དང་ཆོས་ཉིད་དེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུགས་དང་རྗེས་སུ་ཐོབ་པ་ཙམ་གྱིས་རྣམ་པར་ཤེས་པར་མི་ནུས་ལ།
དོན་དམ་པར་ནི་ཡོངས་སུ་དག་པ་རྣམས་ཀྱིས་ཀྱང་སྟེ། ཤེས་པ་དང་ཤེས་པ་དག་ནུབ་པ་ཉིད་ཀྱི་ཕྱིར་རོ། །ཆོས་སུ་སངས་རྒྱས་རྣམས་བལྟ་བྱ་ཞེས་པ་འདིར་ནི་ཆོས་ཐམས་ཅད་མཐོང་བ་མེད་པ་ཁོ་ན་སངས་རྒྱས་རྣམས་མཐོང་བའོ་ཞེས་མངོན་པར་དགོངས་པའོ། །གལ་ཏེ་དེ་བཞིན་གཟུགས་སུ་བལྟ་བར་
བྱ་བ་མ་ཡིན་ན། དེའི་ཚེ་དེ་དང་དེར་གཤེགས་པ་དང་འབྱོན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཅི་ཞེ་ན། གཤེགས་པ་ལ་སོགས་པ་ཡང་མེད་དེ། གང་གི་ཕྱིར་ཇི་ལྟར་རྟོགས་པར་བྱ་བ་དེ་ལྟར་རྟོགས་པ་ནི་དེ་བཞིན་གཤེགས་པ་སྟེ། མྱ་ངན་ལས་འདས་པ་གང་ཞིག་ཏུ་
འགྲོ་བ་དང་། འཁོད་པ་འགའ་ཞིག་ནས་བྱོན་པ་མ་ཡིན་པས་ཇི་ལྟར་རྟོགས་པར་བྱ་བ་དེ་ལྟར་གཤེགས་པ་སྟེ། གཤེགས་པར་མཛད་པར་འགྱུར་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཐ་དད་པར་དམིགས་པ་ལ་ནི་དོན་དམ་པར་མྱ་ངན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ། །གང་ཡང་
དེ་ལྟར་འཁོར་བ་ལས་མ་གཡོས་ཤིང་མྱ་ངན་ལས་འདས་པ་ཐོབ་པ་མེད་པ་སྟེ། ཅི་ལྟར་ཡུལ་འགའ་ཞིག་ཏུ་བཞུད་པར་འགྱུར། སངས་རྒྱས་རྣམས་ནི་ལྷུན་གྱིས་གྲུབ་པར་ཕྲིན་ལས་མཛད་པས། གཤེགས་པ་ལ་སོགས་པ་རྣམས་ནི་སྤྲུལ་པ་ལ་སྟེ་དེ་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་དང་
Vol. 109 · folio 221b
རོ་གཅིག་པ་གཡོ་བ་མེད་པ་རྣམས་ཀྱི་ཐམས་ཅད་ཀྱི་ཚེ་དེ་ལྟ་བུའོ། །ཆོས་ཀྱི་དབྱིངས་ཀྱི་གནས་སྐབས་ཀྱང་འདི་རྣམས་ཀྱི་གཅིག་ཉིད་དང་གཞན་ཉིད་དང་བྲལ་བ་བདག་གཉིས་ཀ་མེད་པར་རབ་ཏུ་མི་གནས་པའོ། །ཆོས་དང་ཟང་ཟིང་ལ་སོགས་པ་རྣམས་ཀྱིས་ཚིམ་པར་མཛད་པའི་དེ་བཞིན་གཤེགས་
པ་རྣམས་བདག་གི་སྤྲུལ་པའོ་ཞེས་བདག་ཉིད་གསལ་བར་ཡང་མི་མཛད་དེ། གཞན་དུ་ན་གདུལ་བྱ་རྣམས་མི་གུས་པར་འགྱུར་རོ། །ཇི་སྐད་དུ་རྒྱས་པར་སེམས་ཅན་གྱི་དོན་ལ་འཇུག་པའི་ཕྲིན་ལས་རྣམས་གསུངས་པ། ཇི་ལྟར་སྒྱུ་མ་བྱེད་པ་བཟའ་བྱ་དང་ལོངས་སྤྱོད་ཀྱི་དངོས་པོ་སྣ་ཚོགས་རྣམས་
སྤྲུལ་ནས་དགའ་བར་བྱེད་དེ། དེ་ཡང་འཇིག་རྟེན་གྱིས་འདི་ཐམས་ཅད་རྫས་མ་ཡིན་པའོ་ཞེས་མི་ཤེས་ལ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ཆོས་ཀྱི་དབྱིངས་ལས་ལོག་པ་ཅུང་ཟད་ཀྱང་མི་མཐོང་ཞིང་། སེམས་ཅན་མེད་ལ་སེམས་ཅན་དུ་གདགས་པ་ཡང་མེད་དེ་ཆོས་ཐམས་
ཅད་བདག་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེ་ལྟར་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་སེམས་བསྐྱེད་པ་གཉིས་ཀྱིས་བདག་ཉིད་སྐུ་གསུམ་དུ་སོ་སོར་སྣང་བའོ། །དེ་ལ་དངོས་གཞིའི་སེམས་བསྐྱེད་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྟོགས་པའོ། །མཇུག་ནི་སྤྲུལ་པའི་སྐུ་སོ་སོར་
སྣང་བའོ། །ཆོས་ཀྱི་སྐུ་ཁོ་ན་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་སྣང་བ་སྐྱེད་པར་བྱེད་པའི་སྒོ་ནས་གཞན་གྱི་དོན་རྣམ་པ་ཉི་ཤུ་རྩ་བདུན་མཛད་པ་ཉིད་ཀྱིས་ན་ཆོས་ཀྱི་སྐུ་དང་ལྡན་པ་དང་ཞིང་དག་པ་བླ་ན་མེད་པ་ཡང་ངོ་། །སེམས་བསྐྱེད་པ་འདི་དག་ཀྱང་སོ་སོར་ཡེ་ཤེས་ལྔའི་རང་བཞིན་དག་
གོ། །དེ་སྐད་དུ་ཡང་འཕགས་པ་སངས་རྒྱས་ཀྱི་སའི་མདོར་གསུངས་པ། རྣམ་པ་ལྔ་པོ་འདི་རྣམས་ཀྱིས་སངས་རྒྱས་ཀྱི་སའི་ཚོགས་པ་ཡང་དག་པར་བསྡུས་པ་རིག་པར་བྱའོ། །ལྔ་པོ་ཅི་རྣམས་ཀྱིས་ཤེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་
ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སོ། །འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་པ་དོན་ཐ་དད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་
Vol. 109 · folio 222a
དངོས་གཞི་ནི་ལྡོག་པ་གཙོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་བཞིའི་བདག་ཉིད་དུ་རྣམ་པར་གཞག་གོ། །དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་དང་རྟོགས་པའི་ཐོབ་པའོ། །གང་མདོ་སྡེའི་རྒྱན་དུ་གསུངས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་
ལོངས་སྤྱོད་རྫོགས་པའི་སངས་རྒྱས་སོ་ཞེས་པ་དེ་ལ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བརྗོད་པར་བྱའོ་ཞེས་བཤད་སྦྱར་བྱེད་པས་སོ། །དེ་ཉིད་དུ་ཡང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་འཁོར་ལོ་མ་ལུས་པ་རབ་ཏུ་འཇུག་པར་གསུངས་
སོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དག་ལོངས་སྤྱོད་རྫོགས་པའི་སྐུའོ། །མཇུག་ནི་གཙོར་ལྡོག་པ་གཅིག་པ་གཙོ་བོ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་གང་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས་གྲོལ་བ། སྙིང་
རྗེ་དང་ཤེས་རབ་གཉིས་སུ་མེད་པ། ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་རྫོགས་པ། སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་གསལ་བར་སྣང་བ་སྟེ། ཡང་དག་པའི་དོན་ཅན་ཉིད་ཀྱིས་ན་མི་སླུ་བའི་ཕྱིར་ཚད་མ་ཡིན་ལ་རྟོག་པ་དང་བྲལ་ཞིང་མ་
འཁྲུལ་པ་ཉིད་ཀྱིས་ན་མངོན་སུམ་སྟེ་ཉེ་བར་མཁོ་བའི་ཐམས་ཅད་མཁྱེན་པ་ཉིད་བཅོམ་ལྡན་འདས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་གང་ལ་མཐའ་ཡས་པའི་ཁམས་གསུམ་པའི་སེམས་དང་ཅིག་ཤོས་ཀྱི་དངོས་པོ་ཐམས་ཅད་རྡུལ་ཕྲ་རབ་སོ་སོ་བ་ཇི་ལྟར་ཐག་རིང་བ་དང་ཅིག་ཤོས་ཀྱིས་ཡུལ་དང་འདས་
པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་བཞིན་གནས་སྐབས་སོ་སོ་བ་མེ་ལོང་ལ་གཟུགས་བརྙན་བཞིན་དུ་གསལ་བར་སོ་སོར་སྣང་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གི་དེ་ལྟར་གཟུགས་བརྙན་གྱི་འགྲོ་བ་རྣམས་ཆོས་ཀྱི་བདག་མེད་པ་ཉིད་དུ་མཉམ་པ་ཉིད་དུ་རྟོགས་ནས་སེམས་ཅན་
ཐམས་ཅད་ལ་རྟག་ཏུ་བདག་ཉིད་དང་མཉམ་པའི་སེམས་ཐོབ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་མཉམ་པར་གཞག་པ་ཁོ་ནའི་བཅོམ་ལྡན་འདས་རྟོག་པ་མེད་ཀྱང་རང་གི་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་བསོད་ནམས་ཀྱི་དབང་ལས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་
Vol. 109 · folio 222b
པ་རྣམས་སོ་སོར་རྟོགས་པར་མཛད་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་སོ་སོར་རྟོག་པའི་འགྲོ་བའི་བྱ་བ་རྗེས་སུ་སྒྲུབ་པའོ། །ཡེ་ཤེས་བཞི་པོ་འདི་ཡང་རྟོག་པ་ཕུན་སུམ་ཚོགས་པ་སྟེ་དེ་ལྟ་ཁོ་ནར་མངོན་སུམ་དང་ཐམས་ཅད་མཁྱེན་པ་དང་བཅོམ་ལྡན་འདས་སོ། །ཡེ་ཤེས་ལྔ་རྣམས་
ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་དེ་ཡང་མངོན་སུམ་མོ། །དེ་སྐད་དུ་ཡང་ཟླ་བ་གྲགས་པས། རྣམ་པ་ཀུན་མཁྱེན་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་ནི་འདོད་མ་ཡིན། །ཞེས་སོ། །འོ་ན་ཡེ་ཤེས་ལྔ་པོ་འདི་རྣམས་ཅིག་
ཅར་ཕན་ཚུན་ཐ་དད་པའམ་འོན་ཏེ་མ་ཡིན། དེ་ལས་ཅི་ལྟར་འགྱུར་ན་ཐ་དད་ན་ནི་ཤེས་པའི་རྒྱུན་ལྔ་རྣམས་སུ་འགྱུར་ལ། དེ་ལྟར་གྱུར་ནའང་རྣམ་པར་ཤེས་པའི་རྒྱུད་ལྔ་རྣམས་ཡོད་ན་སེམས་ཅན་སྔར་གདགས་པ་རྣམས་སྐུ་སོ་སོ་ལ་ཅིག་ཅར་ཐོབ་པར་འགྱུར་ཏེ་ལུས་གཞན་གྱི་རྣམ་པར་ཤེས་པའི་རྒྱུན་
རྣམས་བཞིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ་ཡེ་ཤེས་ལྔ་པོ་རྣམས་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོས། གཟུགས་དང་རོ་དང་དྲི་དང་རེག་བྱའི་རྡུལ་ཕྲ་རབ་ཀྱི་རྒྱུན་རྣམས་ལ་བུམ་པ་གཅིག་ཏུ་གདགས་པ་བཞིན་དུ་ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་པ་ལས་དབྱེར་མེད་པའི་འཇུག་པ་ཉིད་ཀྱིས་
སེམས་ཅན་གཅིག་ཏུ་གདགས་པའི་ཡུལ་ཁོ་ནའོ། །ཚོགས་པ་གཅིག་ལ་རག་ལས་པའི་རྣམ་པར་ཤེས་པའི་རྒྱུན་གཞན་ལུས་ལ་མེད་པ་ཡང་མ་ཡིན་ནོ། །དེའི་ཚེ་ཡེ་ཤེས་ལྔ་བཞིན་དུ་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་དཔག་ཏུ་མེད་པ་མཐའ་ཡས་པ་རྣམས་
སོ་སོ་རང་རྒྱུད་ཐ་དད་པ་ཉིད་ཀྱིས་ན་ཅིག་ཅར་སེམས་ཀྱི་རྒྱུན་གྲངས་མེད་པར་འགྱུར་རོ་ཞེ་ན། འགྱུར་མོད་སྐྱོན་ཅུང་ཟད་ཀྱང་མེད་དེ། སེམས་ཅན་གཅིག་ཏུ་གདགས་པ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་། མོས་པ་གཅིག་གི་ཡུལ་གྱུར་ཅིང་། །འབྲས་བུ་གཅིག་ལ་ཉེར་མཁོ་བ། །དབྱེ་བ་མེད་པར་
འཇུག་རྣམས་ལ། །བློ་གཅིག་ཀུན་གྱི་ཡུལ་ཅན་གནས། །ཞེས་པ་རིགས་པའོ། །གལ་ཏེ་དེ་ལྟ་ན་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུན་གཅིག་པའོ་ཞེས་པ་ཅི་ལྟར་ཞེ་ན། སེམས་ཅན་གཅིག་ལ་རྣམ་པར་རྟོག་པ་གཉིས་དུས་གཅིག་ལ་མེད་དོ་ཞེས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་
Vol. 109 · folio 223a
གཅིག་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་མང་པོ་འབྲེལ་པ་རྣམས་ཅིག་ཅར་རྒྱུན་དུ་འཇུག་གོ་ཞེས་པས་འགལ་བ་མེད་དོ། །འོ་ན་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རེ་རེ་ཡང་རྣམ་པ་དཔག་ཏུ་མེད་ཅིང་རྣམ་པ་ཐ་དད་པས་ཀྱང་དབྱེ་བར་བྱ་ན་ནི་རྡུལ་ཕྲ་རབ་
ཉིད་ཙམ་ཡང་མི་སྲིད་པའི་ཕྱིར་ཅུང་ཟད་ཀྱང་ལྷག་མ་མེད་ལ། གལ་ཏེ་དེ་ལྟ་ན་ཡེ་ཤེས་ལྔ་ལ་སོགས་པ་རྣམས་ཕན་ཚུན་ཐ་དད་པ་མེད་པའི་ཕྱོགས་ལ་ཡང་རྣམ་པ་སྣ་ཚོགས་པའི་དབྱེ་བས་ཐ་དད་པའི་ཕྱིར། ཡེ་ཤེས་གཅིག་པོ་དེ་ཡང་ཅུང་ཟད་ཀྱང་མ་ལུས་པ་མེད་དོ། །དེ་ལྟར་གྱུར་ན། ཐ་དད་པ་མ་ཡིན་ཐ་མི་དད་
པ་ཡང་མ་ཡིན་གཉིས་ཀ་མ་ཡིན་ནོ་ཞེས་པ་ཅི་ཞིག་དེ་ཁོ་ན་ཉིད་དུ་འགྱུར་ཞེ་ན། ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་སྤྲོས་པ་མཐའ་དག་གིས་སྟོང་པ་ཉིད་ཁོ་ནའོ་ཞེས་རྒྱས་པ་དང་བཅས་པ་སྔར་བརྗོད་ཟིན་ཏོ། །གསུངས་པ་ལྟར་ཡང་། དྲི་མེད་དབྱིངས་ནས་སངས་རྒྱས་རྣམས། །གཅིག་དང་མང་པོ་
ཉིད་ཀྱང་མིན། །ནམ་མཁའ་བཞིན་དུ་ལུས་མེད་ཕྱིར། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །གཉིས་དང་གཉིས་དང་གཅིག་གིས་ནི། །འདིར་ནི་སྐུ་གསུམ་རྣམ་པར་གཞག །ཅེས་སོ། །ཅི་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་མེད་པ་ཁོ་ནའམ་ཞེ་ན། དེ་ལྟར་སྨྲ་བ་མ་ཡིན་ཏེ། དེ་ནི་ཀུན་རྫོབ་ཏུ་བཅོམ་
ལྡན་འདས་རྣལ་འབྱོར་པའི་དབང་ཕྱུག་དམ་པའི་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ། །དེ་གལ་ཏེ་ཀུན་རྫོབ་ཏུ་འདོད་ན་དེ་ལ་ཀུན་རྫོབ་ཏུ་ཡང་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པ་བསམ་མོ་ཞེས་ནི་མི་བརྗོད་དེ་ཇི་ལྟ་བ་དེ་ལྟར་འགྱུར་མོད་བཅོམ་ལྡན་འདས་རྣམ་པར་རྟོག་པ་མེད་པ་ལ་ནི་བརྟག་པ་དེ་མེད་ལ།
ཡེ་ཤེས་དེ་གཞན་གྱི་སྤྱོད་ཡུལ་ཡང་མ་ཡིན་ཏེ། གང་འཕགས་པ་ལང་ཀར་གཤེགས་པར་གསུངས་པ། སོ་སོ་རང་རིག་ཡེ་ཤེས་དེ། །རྟོག་གེ་པ་རྣམས་སྤྱོད་ཡུལ་མིན། །ཞེས་སོ། །ཚད་མ་རྣམ་འགྲེལ་དུ་ཡང་། རྣལ་འབྱོར་རྟོག་པ་བསམ་མི་ཁྱབ། །ཅེས་སོ། །གང་བསམ་གྱིས་མི་ཁྱབ་
པའི་ཡེ་ཤེས་ཅན་རྣམས་ཀྱི་ཡེ་ཤེས་ལྔ་ལ་སོགས་པ་རྣམས་ལ་ལ་ལར་ཐ་དད་པ་དང་ཐ་མི་དད་པར་ཐ་སྙད་བྱེད་པ་དེ་ནི་གདུལ་བྱའི་བསམ་པའི་ངོར་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ལས་སོ་ཞེས་པ་ཐམས་ཅད་ལོགས་པར་གནས་སོ། །འོ་ན་ཐམས་ཅད་རིག་པར་བྱེད་པ་ཅི་ལྟར་སྲིད་ཅེ་ན། ཤེས་རབ་
Vol. 109 · folio 223b
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ཉིད་གོམས་པ་ལས་ཏེ། བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པ་གང་ཐོབ་པར་མི་བྱེད་པ་ཡོད་དམ་ཅི་འདོད་ཆགས་ལ་སོགས་པའི་སྒྲིབ་པ་དང་བྲལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཚེ་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་གི། འདི་ལས་འདི་
དངོས་པོ་མ་ལུས་པར་རྟོགས་པའི་སྤྲུལ་པ་ལ་མཁས་པར་རིགས་པ་མ་ཡིན་ཏེ་དེ་ཁོ་ན་ཉིད་སྒྲིབ་པར་བྱེད་པ་ཉིད་ནི་དྲི་མ་ཉིད་ཡིན་ལ། དྲི་མ་ཉོན་མོངས་པ་རྣམས་རྣམ་པར་རྟོག་པས་སྤྲུལ་པ་ལ་གེགས་བྱེད་པ་པོ་མ་ཡིན་ནོ་ཞེ་ན། འདི་ལ་བརྩད་པར་བྱ་སྟེ། ཅི་དངོས་པོ་རྣམས་མཐོང་བ་ལ་རྣམ་པར་
རྟོག་པ་གེགས་ཉིད་དུ་མ་མཐོང་ངམ། འོན་ཏེ་ཉོན་མོངས་པས་བྱས་པ་མ་ཡིན་ཞེས་པས་སོ། །དེ་གཉིས་ཀ་ཡང་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་ཉམས་སུ་མྱོང་བ་བཞིན་དུ་རྣམ་པ་ཐམས་ཅད་པའི་རྣམ་པར་རྟོག་པ་གང་ན་ཡང་མེད་པས་སོ། །རྣམ་པར་རྟོག་པ་དེ་དང་བྲལ་བ་ཡང་ཉོན་མོངས་པ་མེད་
པར་མ་ཡིན་ཏེ། གང་གི་ཚེ་དགའ་བའི་དངོས་པོ་མཐོང་བ་ན་སྐྱོན་དང་མཐོང་བ་ལ་ཡང་སྐྱོན་མེད་པར་རྟོག་པ་དེའི་ཚེ་འདོད་ཆགས་ནི་གསལ་བར་རྒྱུ་ཡིན་ནོ། །གང་གི་ཚེ་ཡང་མི་དགའ་བ་ཡོན་ཏན་དང་ལྡན་པ་ཡང་ཡོན་ཏན་མེད་པར་རྣམ་པར་རྟོག་པ་དེའི་ཚེ་ཞེ་སྡང་ངོ་། །གོམས་པ་མེད་པ་ན་ཐམས་ཅད་
ཡོད་པའི་ངོ་བོ་མ་ཡིན་པར་རྣམ་པར་རྟོག་པ་ནི་གཏི་མུག་གིས་བྱས་པ་ཁོ་ན་སྟེ། ལ་བ་ལ་སོགས་པ་བཞིན་དུ་སྒྲིབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྒྱུད་མི་མཐུན་པ་སྐྱེས་པས་སོ། །དེའི་ཕྱིར་ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཇི་ལྟ་ཇི་ལྟར་གཏི་མུག་ལ་སོགས་པ་ལས་ཡོངས་སུ་
རྒྱལ་བ་དེ་ལྟར་གང་ཉིད་ཀྱིས་མི་མཐུན་པ་ལྡོག་པས་གང་གི་ཚེ་རེ་ཞིག་བློ་རྣམས་རང་གི་རྣམ་པ་རྣམས་ལ་ངེས་པར་རྟེན་ཅིང་མཐར་ཐུག་པ་ན་རྣམ་པ་ཐམས་ཅད་དང་དངོས་པོ་ཐམས་ཅད་ལ་ཡང་འགྱུར་རོ། །དེ་བཞིན་དུ་རྣམ་པར་རྟོག་པའི་རྟོགས་པ་རྣམས་བསྒོམ་པ་རབ་ཏུ་གྱུར་པ་ན་གསལ་བ་ཉིད་དུ་གདོན་མི་ཟ་བར་
འགྱུར་ལ། དེ་ཡང་བསྒོམ་པའི་ཁྱད་པར་གྱི་སྟོབས་ཁོ་ན་ལས་ཏེ། ལྷའི་དབང་ལས་བདེན་པའི་རྨི་ལམ་བཞིན་ཏེ། དོན་གྱི་རྣམ་པ་ནི། དོན་ཇི་ལྟ་བའི་བདག་ཉིད་མེད་པར་མ་ཡིན་ལ། དེ་ལས་སྐྱེ་བ་ལས་གཞན་དུ་ཡང་ངོ་། །གང་ཚད་མ་རྣམ་འགྲེལ་དུ། གཟུང་བའི་མཚན་ཉིད་བསམ་པ་འདི། །མ་དག་བློ་ཅན་ལ་
Vol. 109 · folio 224a
ཡིན་གྱི། །རྣལ་འབྱོར་རྟོག་པ་བསམ་མི་ཁྱབ། །ཅེས་སོ། །ཕྱི་རོལ་དུ་ནི་སོ་སོ་སྐྱེ་བོའི་འདྲ་བ་ཉིད་དང་སྐྱེད་པར་བྱེད་པ་དག་གིས་རིག་བྱར་གནས་ལ་རྣལ་འབྱོར་པའི་འདྲ་བ་ཙམ་གྱིས་ཀྱང་ངོ་། །ཐོབ་པར་བྱ་བ་ནི་དོན་འཇུག་ཡུལ་ཉེ་བར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་མི་སླུ་བའོ། །འོ་ན་
འབྱུང་འགྱུར་དང་བྱུང་ཟིན་དག་དུས་ཀྱིས་བར་དུ་ཆོད་པས་ན་དེས་ཅི་ལྟར་སྟོན་ཞེ་ན། ཡུལ་གྱིས་བར་དུ་ཆོད་པ་ལ་ཡང་འདིར་ཐལ་ལོ་ཞེས་པས་འཇུག་ཏུ་རུང་བའི་ཡུལ་ལ་ཡང་སྟོན་པར་བྱེད་པ་ཚད་མ་མ་ཡིན་པར་འགྱུར་རོ། །དེ་ནི་དེ་ཙམ་དུ་ཡོད་དོ་ཞེ་ན། གཞན་ཡང་འབྱུང་འགྱུར་རམ་འབྱུང་བར་རོ། །གལ་
ཏེ་དེའི་དུས་ན་མེད་པས་སོ་ཞེ་ན། དེའི་ཡུལ་ན་ད་ལྟ་བ་ཡང་མེད་དོ་ཞེས་པ་མཚུངས་སོ། །དོན་བྱ་བ་ཡང་དེ་ཇི་ལྟར་དེའི་ཡུལ་ཉེ་བ་ན་ཡིན་པ་དེ་ལྟར་དེའི་དུས་ཉེ་བ་ནའོ་ཞེས་པ་ཁྱད་པར་ཅི་ཡང་མེད་དོ། །ཅི་སྟེ་ཐམས་ཅད་རིག་པར་བྱེད་ན་འདོད་ཆགས་ལ་སོགས་པ་ཕ་རོལ་གྱི་སེམས་མ་ལུས་པ་མངོན་སུམ་དུ་
མཛད་པའི་ཕྱིར། བཅོམ་ལྡན་འདས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་གང་གི་ཕྱིར་འདོད་ཆགས་ནི་རང་གི་བག་ཆགས་ཀྱི་ནུས་པ་དང་ལྡན་པ་ལས་འདོད་ཆགས་པ་ཉིད་དུ་བྱེད་ཀྱི་གཞན་གྱི་བག་ཆགས་ཀྱིས་སྟོབས་དང་ལྡན་པ་ལས་མ་ཡིན་ཏེ། ཉེ་བར་འཇོག་པར་
གྲུབ་པ་ཉིད་ཀྱིས་དེའི་ཡང་དག་པར་རིག་པར་བྱ་བའོ། །འོ་ན་གལ་ཏེ་ཀུན་རྫོབ་ཏུ་ཡེ་ཤེས་སྐད་ཅིག་གཅིག་གིས་ཅིག་ཅར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་ཁྱབ་ན་དེའི་ཚེ་དངོས་པོ་རྣམས་འདི་ཙམ་ཞེས་ཡོངས་སུ་བཅད་པའི་ཕྱིར་མཐའ་མེད་པར་ཁས་བླངས་པ་ལ་གནོད་དེ། དེ་ལྟར་ནི་ཡེ་ཤེས་གཅིག་
གིས་རྟོགས་པའི་དངོས་པོ་ལས་གཞན་པའི་དངོས་པོ་མེད་དོ་ཞེས་པ་འདི་ལྟར་ཡོངས་སུ་གཅད་པར་བྱ་བ་རྣམས་ཅི་ལྟར་མཐའ་དང་ལྡན་པར་མི་འགྱུར་ཞེ་ན། དེ་ལྟ་མ་ཡིན་ཏེ། ཇི་ལྟར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཕྱོགས་དང་ཕྱོགས་བྲལ་རྣམས་ན་མཐའ་ཡས་པ་དེ་ལྟ་ཁོ་ནར་ཐམས་ཅད་མཁྱེན་པའི་ཐུགས་
མཐའ་མེད་པས་ཅིག་ཅར་འཛིན་པས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་དུ་མ་བཞིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཆད་པར་བྱས་ན་ནི་མཐར་ཐུག་པ་ཉིད་ཀྱི་སྐྱོན་ནོ། །གང་གིས་ཤེས་པར་བྱ་བ་ཉིད་ཀྱིས་ན་མཐའ་དང་ལྡན་པར་འགྱུར་བ་དངོས་པོ་རྣམས་ཡེ་ཤེས་ཀྱི་ཡོངས་སུ་བཅད་
Vol. 109 · folio 224b
པ་མ་ཡིན་པའི་རང་བཞིན་ཉིད་ཀྱིས་མཐའ་མེད་པར་ཁས་བླངས་པ་མ་ཡིན་གྱི། འོན་ཀྱང་ཡུལ་བཀོད་པ་མཐའ་ཡས་པ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་མཐའ་ཡས་ལ། སེམས་ཅན་གྱི་འཇིག་རྟེན་ནི་གྲངས་མཐའ་མེད་པ་ཉིད་ཀྱིས་ཀྱང་ངོ་། །དེའི་ཕྱིར་འདི་ནི་འདིར་བསྡུས་པའི་དོན་ཏེ། དཔེར་ན་རྨི་ལམ་
བདེན་པ་མཐོང་བའི་ཤེས་པ། དོན་དམ་པར་ཡུལ་མེད་ཀྱང་སོ་སོར་ངེས་པའི་ཡུལ་གྱི་རྣམ་པ་རྟགས་དང་ལུང་ལ་མ་ལྟོས་པར་རྟེན་གྱི་ཁྱད་པར་གྱི་དབང་ལས་སྐྱེ་བས་ཉེ་བར་བསྟན་པས་ཉེ་བར་བསྟན་པའི་དོན་ཐོབ་པར་བྱེད་པ་ཉིད་ཀྱིས་མི་སླུ་བར་འགྱུར་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ཡེ་
ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གོམས་པའི་སྟོབས་ཀྱིས་ཇི་ལྟར་དེ་བཞིན་བྱུང་བའམ་འབྱུང་བཞིན་པའམ་འབྱུང་བར་འགྱུར་བའོ་ཞེས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དངོས་པོར་གཞན་གྱིས་ཡོངས་སུ་བརྟགས་པ་དེ་ལྟ་ཁོ་ནར་འགལ་བ་དང་མི་འགལ་བ་དང་སྤང་བྱ་དང་
བླང་བྱ་ལ་སོགས་པ་ཉེ་བར་སྟོན་པ་རྣམ་པ་སྣ་ཚོགས་པའི་རབ་ཏུ་དབྱེ་བ་ཅན་གྱི་སྤྲོས་པ་རྣམས་ཕྱི་རོལ་བཞིན་དུ་ཡོངས་སུ་གསལ་བའི་ངོ་བོ་གསལ་བར་སོ་སོར་སྣང་བ། རྟགས་དང་ལུང་ལ་ལྟོས་པ་མེད་པ་མི་སླུ་བ་ཉིད་དུ་སྐྱེས་པ་ནི་མངོན་སུམ་ཚད་མར་འདོད་དོ་ཞེས་པའོ། །ཁ་ཅིག་གི་འདོད་པ་ཡང་། སོ་
སོར་རྟོག་པའི་ཡེ་ཤེས་དང་བྱ་བ་གྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ལས་སྐྱེས་པ་རྗེས་ཐོབ། དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པའི་ངོ་བོ་ཞེས་པའོ། །ཡང་གཞན་རྣམས་ཀྱིས་བྱ་བ་སྒྲུབ་པའི་ཡེ་ཤེས་ཁོ་ན་དེ་བཞིན་ནོ་ཞེས་སོ། །དེ་དང་འདིའི་འདོད་པ་དང་རྣམ་པ་ཐམས་ཅད་
དུ་མི་རིགས་མོད། ཤིང་རྟ་ཆེན་པོ་རྣམས་ཀྱིས་གཞན་དུ་དཔྱད་ཟིན་ནོ་ཞེས་པ་འདིར་ཞར་འབྱུང་རྒྱ་ཆེ་བས་ཅི་བྱ། དེ་ལྟར་ཡེ་ཤེས་ལྔ་རྣམས་མདོར་བསྡུས་ནས་རྣམ་པར་གཞག་སྟེ། རྒྱས་པ་ལས་སེམས་དང་པོ་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རྣམས་འགའ་ཞིག་རྣམ་པར་འཇོག་པར་འགྱུར་རོ། །དེ་ལྟར་མདོར་
བསྡུས་ན་རྒྱུ་དང་འབྲས་བུའི་བདག་ཉིད་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རང་བཞིན་ཐེག་པ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་རྟོགས་པ་གཅིག་ཁོ་ནའོ། །ཕྱེ་བས་རྣམ་པར་གཞག་པ་ནི་མངོན་པར་རྟོགས་པ་གསུམ་རྣམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
Vol. 109 · folio 225a
ལམ་ཤེས་པ་ཉིད་དང་ཐམས་ཅད་ཤེས་པ་ཉིད་ནི་མངོན་པར་མཚོན་པར་བྱ་བ་རྣམས་ཏེ། འཇུག་པའི་ཡུལ་ཉིད་ཀྱིས་ན་རྒྱུའི་མངོན་པར་རྟོགས་པ་སྟེ། སྤང་བྱ་དང་བླང་བྱའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་དེ་བསྟན་པའི་ཕྱིར་རོ། །རྣམ་པ་ཀུན་མངོན་པར་རྟོགས་པ་དང་རྩེ་མོར་གྱུར་པ་དང་མཐར་
གྱིས་པ་དང་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམས་ནི། འདིས་རབ་ཏུ་སྦྱོར་རོ་ཞེས་པ་དེའི་སྦྱོར་བའི་མངོན་པར་རྟོགས་པའོ། །ཕྲིན་ལས་དང་བཅས་པའི་ཆོས་སྐུ་ནི་འབྲས་བུའི་མངོན་པར་རྟོགས་པའོ། །སླར་ཡང་གསུམ་པོ་འདི་རྣམས་རྒྱས་པར་མངོན་པར་རྟོགས་པ་དྲུག་རྣམས་ཏེ། རྣམ་
པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམ་གྲངས་ཇི་ལྟ་བར་སྦྱོར་བའི་མངོན་པར་རྟོགས་པ་དང་། རབ་ཏུ་གྱུར་པའི་མངོན་པར་རྟོགས་པ་དང་གོ་རིམས་ཀྱི་མངོན་པར་རྟོགས་པ་དང་མཐར་ཐུག་པའི་མངོན་པར་རྟོགས་པ་ཞེས་དབྱེ་བ་ལས་སོ། །ཤིན་ཏུ་རྒྱས་པ་ལས་ནི་རྒྱུའི་མངོན་པར་རྟོགས་པ་
སྔར་བཞིན་གསུམ་ཉིད་ཀྱིས་ན་མངོན་པར་རྟོགས་པ་བརྒྱད་རྣམས་སོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་གསུམ་རྣམས་སྦྱོར་བའི་ཡུལ་ཡིན་ལ། དེ་ལས་གཞན་བཞི་རྣམས་སྦྱོར་བ་དང་རྒྱུའོ་ཞེས་འཕགས་པས་རྣམ་པར་གཞག་པར་མཛད་པ་ནི་འདི་དང་དོན་གྱིས་མཐུན་པ་ཁོ་ནའོ། །སེམས་
བསྐྱེད་པ་རྣམས་ལ་མངོན་པར་རྟོགས་པ་རྣམ་པར་གཞག་པ་འདི་ཐམས་ཅད་བདག་ཉིད་ཆེན་པོ་རྣམས་ཀྱི་དགོངས་པ་ཁོ་ན་འདིར་བརྗོད་པའོ། །ཐུབ་པའི་དགོངས་པའི་རྒྱན་དུ་མངོན་པར་རྟོགས་པ་བརྒྱད་ཀྱི་སྣང་བའི་ལེའུ་སྟེ་ཡོངས་སུ་བཅད་པ་གསུམ་པའོ།། །།དེ་ལྟར་འདུན་པ་དང་།
བསམ་པ་དང་། ལྷག་པའི་བསམ་པ་དང་། སྦྱོར་བ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། བསོད་ནམས་
དང་། ཡེ་ཤེས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། སྙིང་རྗེ་དང་། ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་། ཆོས་ཀྱི་སྡོམ་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པ་སྟེ། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་སོ་སོར་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱིས་ཡང་དག་པར་
Vol. 109 · folio 225b
བསྡུས་པ་འདི་རྣམས་ལ། དད་པ་དང་ལྡན་པ་ཡོད་པ་ཉིད་དུ་མོས་པས་ཡིད་ཆེས་པ་ཡང་དག་པར་སྐྱེས་པ་ཡོན་ཏན་དང་ལྡན་པ་ཉིད་མོས་པས་རབ་ཏུ་དང་བ་སྐྱེས་པ་ཐོབ་པར་ནུས་པ་ཉིད་དུ་མོས་པས་མངོན་པར་འདོད་པ་ཐོབ་པ་གང་རུང་རུང་འདོད་པའམ་གཞན་གྱིས་བསྐུལ་བས་ནི་མ་ཡིན་པ་བསོད་ནམས་དང་ལྡན་
པ་རྣམས་ཀྱིས་མངོན་པར་འདོད་ཅིང་ཡོངས་སུ་བསམས་པའི་དོན་རྣམས་རིང་པོ་མི་ཐོགས་པ་ཉིད་དུ་ཕུན་སུམ་ཚོགས་པར་བྱེད་དོ་ཞེས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེན་པ་དང་སྦྱིན་པ་ལ་སོགས་པ་དགེ་བའི་ཚོགས་ཉེ་བར་སོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་ནི་དང་པོ་རེ་ཞིག་སྨོན་པའི་སེམས་སྐྱེད་པར་བྱེད་
དོ། །དེའི་ཡོན་ཏན་ཡང་རྣམ་པ་གཉིས་ཏེ། དེ་ལ་མཐོང་བའི་ཆོས་ནི་ད་ལྟར་བའི་སྐྱེ་བའོ། །དེ་ལ་ཐོབ་པར་བྱ་བའི་ཡོན་ཏན་ནི་མཐོང་བའི་ཆོས་ལ་ཐོབ་པ་དང་བརྒྱུད་པས་ཐོབ་པའོ། །དེ་ལ་གང་ལ་ལ་ཞིག་གིས་ཕྱོགས་བཅུ་རྣམས་སུ་ཞིང་མཐའ་ཡས་པ་རྣམས་རིན་པོ་ཆེ་སྣ་ཚོགས་ལས་བརྒྱན་པར་བྱས་ནས་ལྷ་
དང་མིའི་བདེ་བའི་ཡོ་བྱད་དེ་དང་དེ་རྣམས་དང་ལྡན་པ་རྣམས་སྐད་ཅིག་སོ་སོར་སྟེར་བས་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པ་ཁོ་ནའི་བསྐལ་པར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཁོ་ན་ལ་ཕུལ་ལ། གཞན་གང་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བཞིན་པ་ཁོ་ནས།
འདི་ནི་འདི་ལྟ་ཁོ་ནའོ་ཞེས་མོས་པས་སེམས་སྐྱེད་པར་བྱེད་པ་དེ་འདིས་ནི་སྔར་གྱི་སྦྱིན་པ་པོ་དེ་ལས་བསོད་ནམས་ཁྱད་པར་དུ་འཕགས་པ་ཐོབ་བོ་ཞེས་བསོད་ནམས་ཀྱི་མཆོག་ཉིད་ཐོབ་པ་ནི་མཐོང་བའི་ཆོས་ལ་ཐོབ་པའི་ཕན་ཡོན་ཏེ། མོས་པ་དང་། བསོད་ནམས་དག་ནི་སྐྱེ་བ་གཅིག་པོ་དེ་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་
མོས་པ་འཕེལ་བས་བསགས་བཞིན་པའི་བསོད་ནམས་ཀྱི་ཆུ་བོས་སྡིག་པའི་དྲི་མ་བཀྲུས་ཤིང་། སྡིག་པ་ལས་བྱུང་བའི་ངན་འགྲོ་གསུམ་རྣམས་དང་། གཞན་དོན་ལ་འབབ་པ་ཉིད་ཀྱི་ཕྱིར། བདེ་འགྲོ་དང་ཟག་པ་མེད་པ་དམན་པའི་ཆོས་ཀྱི་བསྔགས་པ་སྨྲ་བའི་སྡིག་པའི་གྲོགས་པོ་རྣམས་རིང་དུ་བྱེད་ལ་མུ་
སྟེགས་པ་དང་བདུད་ལ་སོགས་པ་རྣམས་ཀྱིས་ཀྱང་ཟིལ་གྱིས་མནན་པར་བྱ་བ་མ་ཡིན་པ་དང་། འཇིག་རྟེན་གསུམ་གྱིས་བཀུར་བར་འགྱུར་ཞིང་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་། དེ་རྣམས་ཀྱིས་འདོམས་པར་བྱེད། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཉིད་ཐོབ་ལ་ཚོགས་ཡོངས་སུ་རྫོགས་
Vol. 109 · folio 226a
པར་བྱེད། སངས་རྒྱས་ཉིད་ཀྱང་རྟོགས་པར་བྱེད་དོ་ཞེས་པ་མདོར་བསྡུས་པ་ལས་བརྒྱུད་པས་ཐོབ་པའི་ཡོན་ཏན་རྣམས་ཏེ། རྒྱས་པ་ལས་ནི་སྐབས་ཇི་ལྟ་བར་འཆད་པར་འགྱུར་རོ། །འདུན་པ་ལ་སོགས་པའི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི་རྣམས་ཀྱང་བཅོམ་ལྡན་འདས་མ་ཆེན་
མོ་དག་ཏུ་གསུངས་ལ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་དག་གིས་ནི། དེ་རྣམས་ལ་རིམ་པ་ཇི་ལྟ་བར་མི་ཟད་པ་བརྒྱད་ཅུ་རྣམས་གསུངས་སོ། །འདི་ལྟ་སྟེ། སེམས་དང་པོ་བསྐྱེད་པ་དང་། བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་དང་། ཚད་མེད་
པ་བཞི་རྣམས་དང་། མངོན་པར་ཤེས་པ་ལྔ་རྣམས་དང་། བསྡུ་བའི་དངོས་པོ་བཞི་རྣམས་དང་། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང་། སྟོན་པ་བཞི་རྣམས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང་། ཞི་གནས་དང་།
ལྷག་མཐོང་དག་དང་། གཟུངས་དང་། སྤོབས་པ་དག་དང་། ཆོས་ཀྱི་སྡོམ་བཞི་རྣམས་དང་། བགྲོད་པ་གཅིག་པའི་ལམ་ཉིད་དང་། ཐབས་ལ་མཁས་པ་ཉིད་ཀྱིས་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །འདིར་སྦྱོར་བ་དང་ལྷག་པའི་བསམ་པ་དག་རིམ་པ་བཟློག་ནས་བསྟན་པ་ནི་གཉིས་ཀ་ལ་འབྱུང་བར་གསལ་བར་
བྱེད་པའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཐོགས་མེད་ཀྱིས་སྨོན་པ་བརྒྱུད་པས་ནི་སྦྱོར་བར་གསུངས་སོ། །སེམས་བསྐྱེད་པ་བཅོ་ལྔ་པར་ཡང་། བཅོམ་ལྡན་འདས་མ་བར་མ་འཕགས་པས་ཉེ་བར་བཞག་པས་མངོན་པར་ཤེས་པ་རྣམས་རྟོགས་པར་བྱས་པ་ནི་གསལ་བར་བྱེད་པར་འགྱུར་རོ། །གང་གི་ཕྱིར་
བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་རྣམ་པ་སྣ་ཚོགས་པ་སྟེ། མདོ་ལ་ལར་ཆོས་ཁ་ཅིག་གནས་སྐབས་འགའ་ཞིག་ལ་བསྟན་པ་འགལ་བ་མེད་དོ་ཞེས་པ་སྐྱོན་ཅུང་ཟད་ཀྱང་མེད་དོ། །སེམས་བསྐྱེད་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རབ་ཏུ་དང་བ་སྐྱེད་པར་བྱེད་པའི་དཔེར་བརྗོད་པ་རྣམས་
ཀྱིས་རྒྱས་པར་བྱའོ། །དེ་ལ་སེམས་བསྐྱེད་པ་དང་པོ་ནི་ཆེད་དུ་བྱ་བ་དང་བཅས་པའི་བྱང་ཆུབ་ལ་འདུན་པའི་མཚན་ཉིད་ཅན་མི་ཟད་པས་ན་ས་དང་མཚུངས་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་རབ་ཏུ་སྐྱེ་བའི་གཞིར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དཀོན་མཆོག་བརྩེགས་པའི་མདོར་དོན་གྱིས་གསུངས་
Vol. 109 · folio 226b
པ་ཡང་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཐོག་མ་དང་བར་དང་ཐ་མ་རྣམས་སུ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་མངོན་པར་སྒྲུབ་པའི་རྟེན་དུ་གྱུར་པ་ཉིད་ཀྱིས་ན། ཕན་པ་དང་གནོད་པ་བྱེད་པ་ཐམས་ཅད་ལ་མཐར་ཐུག་པ་མེད་པའི་སེམས་དང་། ས་དང་མཚུངས་པར་ཡང་
འགྱུར་གྱི་ཇི་ལྟར་ཡང་བཏང་སྙོམས་པར་འཇུག་པའི་ས་ལ་བརྟེན་ནས། སྐྱེས་བུའི་བྱེད་པ་དེས་སེམས་ཅན་རྣམས་དེར་ཉེ་བར་འཚོ་བར་བྱེད་པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །འདི་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ནི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་རྣམས་
ལ་ཉིན་དང་མཚན་དུ་མངོན་དུ་ཕྱོགས་པར་བྱེད་དོ། །དེ་རྣམས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་པར་ནམ་ཞིག་འགྱུར་ཞེས་པ་དང་། དབུལ་ཞིང་སྐྱོ་བའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་ངེས་པར་སྦྱོར་བར་ནམ་ཞིག་འགྱུར་སྙམ་པ་དང་། རང་གི་ལུས་ཤ་ཁྲག་
དང་བཅས་པས་སེམས་ཅན་གྱི་དོན་གང་གི་ཚེ་བྱེད་པར་འགྱུར་སྙམ་པ་དང་། དུས་ཤིན་ཏུ་རིང་བར་དམྱལ་བར་གནས་པས་ཀྱང་སེམས་ཅན་རྣམས་ལ་ཕན་པ་ཁོ་ན་ནམ་ཞིག་བྱེད་པར་འགྱུར་སྙམ་པ་དང་། འཇིག་རྟེན་ལས་འདས་པའི་འབྱོར་པས་འཇིག་རྟེན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡང་དག་
པར་རྫོགས་པར་ནམ་མཐོང་བར་འགྱུར་སྙམ་པ་དང་། སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ནམ་གྱི་ཚེ་འདོན་པར་འགྱུར་ཞེས་པ་དང་། སེམས་ཅན་ལ་ཕན་པའི་འབྲས་བུ་མེད་པའི་སྐྱེ་བ་དང་། སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱར་བ་དང་བྲལ་
བའི་སེམས་དང་གཞན་གྱི་དོན་ལ་རོ་གཅིག་པ་མ་ཡིན་པའི་བྱ་བ་དང་། སྐྱེ་བོ་ཐམས་ཅད་དགའ་བར་མི་བྱེད་པའི་ངག་དང་། གཞན་གྱི་དོན་དང་བྲལ་བའི་གསོན་པ་དང་། གཞན་ལ་ཕན་པ་དང་སྟོབས་ཆུང་བའི་ལུས་དང་། གཞན་ལ་ཕན་པར་བྱེད་པ་ལ་མི་དགའ་བའི་བློ་དང་། སེམས་ཅན་
ལ་ཕན་པའི་བྱ་བ་མི་བྱེད་པའི་རྫས་ནོར་དང་། འགྲོ་བའི་དོན་དུ་སྤྱོད་པ་དང་བྲལ་བའི་དབང་ཕྱུག་དང་། གཞན་འཚོག་པས་དགའ་བ་རྣམས་སྐྱེ་བ་དང་། སྐྱེ་བར་མ་གྱུར་ཅིག་ཅེས་པ་དང་སྲོག་ཆགས་ཐམས་ཅད་ཀྱི་སྡིག་པའི་ལས་ཀྱི་འབྲས་བུ་བདག་ལ་གྱུར་ཅིག །བདག་གི་ལེགས་པར་སྤྱད་
Vol. 109 · folio 227a
པ་ཐམས་ཅད་ཀྱི་འབྲས་བུ་སེམས་ཅད་ཐམས་ཅད་ལ་གྱུར་ཅིག་ཅེས་པ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་རྣམས་སོ། །འདིའི་རྗེས་སུ་བསྔགས་པ་ཇི་སྐད་དུ་དཀོན་མཆོག་བརྩེགས་པར། འོད་སྲུངས་འདི་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་
གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཆགས་ནས་ཞག་བདུན་ལོན་པར་གྱུར་ན། འབྱུང་བ་ཆེན་པོ་མེར་མེར་པོར་གྱུར་པ་དབང་པོ་ཡོངས་སུ་མ་སྨིན་པ་དེ་ལ་དེར་ལྷ་རྣམས་ཤིན་ཏུ་སྟོབས་དང་ལྡན་པར་དགའ་བ་བསྐྱེད་ཀྱི་གཞོན་ནུ་མགྱོགས་པ་དང་སྟོབས་དང་ཤུགས་དང་མཐུ་ཐོབ་པ་ཆེར་སྐྱེས་པ་དེ་རྣམས་
ལ་ནི་མ་ཡིན་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། ད་ནི་འཁོར་ལོས་སྒྱུར་བའི་རིགས་མི་འཆད་པའི་ཆེད་དུ་གནས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དབང་པོ་ཡོངས་སུ་མ་སྨིན་པ། ཉོན་མོངས་པའི་འབྱུང་བ་ཆེན་པོ་ནུར་ནུར་པོར་གྱུར་པ། ཐ་མལ་པ་སངས་
རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པའི་ཆེད་དུ་འཁོར་བར་འཁོར་མོད། འོན་ཀྱང་དེར་སྔོན་གྱི་སངས་རྒྱས་མཐོང་བའི་ལྷ་རྣམས་ཤིན་ཏུ་སྟོབས་དང་ལྡན་པར་དགའ་བ་བསྐྱེད་ཀྱི། དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དེ་རྣམས་ལ་ནི་མ་ཡིན་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་
རྒྱས་ཀྱི་གདུང་མི་འཆད་པའི་ཆེད་དུ་གནས་པའི་ཕྱིར་རོ་ཞེས་སོ། །འོད་སྲུངས་འདི་ལྟ་སྟེ། བྱ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ན་གནས་པ་མིག་མ་བྱེ་བ་ཡང་། འདི་ལྟ་སྟེ། ཟབ་ཅིང་སྙན་པའི་སྒྲ་སྐད་བསྒྲགས་པས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་སྲུངས་དེ་བཞིན་དུ་སེམས་
དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་ན་གནས་པ་ལས་ལས་དང་ཉོན་མོངས་པའི་མུན་པ་དང་རབ་རིབ་ཀྱི་དྲ་བས་མིག་ཁེབས་པ་ཡང་། འདི་ལྟ་སྟེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སྦྱོར་བ་དང་། སྒྲུབ་པའི་སྒྲ་བསྒྲགས་པས། ཉན་ཐོས་དང་རང་སངས་
རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་སྲུངས་འདི་ལྟ་སྟེ། རིའི་རྒྱལ་པོ་གངས་རི་ལ་སྨན་གང་ཡོད་པ་དེ་རྣམས་ང་ཡིར་བྱ་བ་མེད། ཡོངས་སུ་གཟུང་བ་མེད། རྣམ་པར་རྟོག་པ་མེད་དེ། ནད་གང་ལ་བཏང་བ་དེ་ཞི་བར་བྱེད་དོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་ཡེ་
Vol. 109 · folio 227b
ཤེས་ཀྱི་སྨན་ཡང་དག་པར་སྒྲུབ་པ་དེ་ཐམས་ཅད་རྣམ་པར་རྟོག་པ་མེད་པར་ཡང་དག་པར་སྒྲུབ་ཅིང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་དེ་རྣམས་གསོ་བ་ལ་ཡང་རབ་ཏུ་སྦྱོར་བར་བྱེད་དོ། །འོད་སྲུངས་འདི་ལྟ་སྟེ། ཇི་ལྟར་ཟླ་བ་གསར་བ་ལ་ཕྱག་འཚལ་བ་དེ་ལྟར་ཟླ་བ་གང་བ་ལ་མ་ཡིན་ནོ། །
འོད་སྲུངས་དེ་བཞིན་དུ་ང་ལ་ཤིན་ཏུ་སྟོབས་དང་ལྡན་པར་དད་པ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི་དེ་བཞིན་གཤེགས་པ་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ལ། དེ་བཞིན་གཤེགས་པ་ལས་བྱུང་བ་ནི་ཉན་
ཐོས་དང་རང་སངས་རྒྱས་ཐམས་ཅད་དོ་ཞེས་སོ། །བྱང་ཆུབ་སེམས་དཔའི་སར་ཡང་། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པའི་ཕན་ཡོན་དག་སྟེ། སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་གྱུར་པར་འགྱུར་བ་དང་།
བླ་མར་གྱུར་པ་དང་བསོད་ནམས་ཀྱི་ཞིང་དང་སྐྱེ་དགུ་རྣམས་ཀྱི་ཕ་རོལ་འདྲ་བ་དང་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ལ་ནི་གནོད་པ་མེད་པའི་བསོད་ནམས་ཏེ། གང་གིས་བསྲུངས་པའི་བྱང་ཆུབ་སེམས་དཔའ་གཉིད་ལོག་གམ་མྱོས་པར་གྱུར་པ་ལ་ཡང་སྦྲུལ་ལམ་གནོད་སྦྱིན་ནམ་
མི་མ་ཡིན་པ་གཉུག་མར་གནས་པ་རྣམས་ཀྱིས་ཐོ་འཚམས་པར་མི་བྱེད་དོ། །ཚེ་བརྗེས་ནའང་བསོད་ནམས་དེས་གནོད་པ་ཉུང་བ་དང་། ནད་མེད་པའི་རང་བཞིན་ཅན་དུ་འགྱུར་བ་ནས། དྲན་པ་ཉམས་པ་མེད་པ་དང་། སེམས་ཉམས་པ་མེད་པའི་བར་དུའོ། །དེ་ལས་གཞན་པའི་ལག་ཏུ་སོང་བ་རྣམས་
མ་གྲུབ་པ། སེམས་ཅན་རྣམས་ཀྱི་ཡམས་དང་ཉེ་བར་འཚེ་བ་དང་། ནད་འགོ་བ་ཉེ་བར་ཞི་བར་བྱེད་པའི་གསང་སྔགས་ཀྱི་ཚིག་རྣམས་དང་། རིག་སྔགས་ཀྱི་ཚིག་རྣམས་ཀྱང་དེའི་ལག་ཏུ་སོན་པ་རྣམས་འགྲུབ་ན། གྲུབ་པ་རྣམས་སླར་སྨྲ་ཅི་དགོས། ཞིང་གང་ན་གནས་པ་དེར་འཇིགས་པ་དང་སྐྲག་པ་དང་།
མུ་གེའི་འཇིགས་པ་རྣམས་དང་། མི་མ་ཡིན་པས་བྱས་པའི་ཉེ་བར་འཚེ་བ་རྣམས་ཀྱང་། མ་བྱུང་བ་རྣམས་མི་འབྱུང་ལ་བྱུང་བ་རྣམས་ཀྱང་ཞི་བར་འགྱུར་རོ། །གལ་ཏེ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་བརྒྱ་ལ་སེམས་ཅན་དམྱལ་བ་རྣམས་སུ་ངན་འགྲོའི་སར་སྐྱེས་ཀྱང་དེ་ཚད་ཆེན་པོས་
Vol. 109 · folio 228a
ཤིན་ཏུ་མྱུར་བར་གྲོལ་ལ། དམྱལ་བ་པ་རྣམས་ལས་ཤིན་ཏུ་ཆུང་བའི་སྡུག་བསྔལ་མྱོང་ཞིང་། ཆེས་ཤིན་ཏུ་སྐྱོ་བའང་སྐྱེའོ། །སེམས་ཅན་དེ་རྣམས་ལ་ཡང་སྙིང་རྗེའི་སེམས་ཉིད་དོ། །དེ་ལྟར་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པ་པོས་དེ་ལྟ་བུའི་ཆ་དང་
མཐུན་པའི་ཕན་ཡོན་མང་པོ་རྣམས་ཐོབ་པོ་ཞེས་གསུངས་སོ། །བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་ལྟ་བུ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཕན་པ་དང་བདེ་བའི་བསམ་པ་ནི་ཕྱི་མ་དང་དེའི་དུས་དག་ཏུ་རྣམ་པར་འགྱུར་བ་མི་བསྟན་པའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་
ཀྱི་བར་གྱི་བསམ་པ་ནི་བསམ་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་བསམ་པ་དང་། ཞིང་ཡོངས་སུ་སྦྱོང་བའི་བསམ་པ་དང་། སེམས་ཅན་བདེ་བའི་བསམ་པའོ། །དེ་ལ་དང་པོ་ཡང་བ་དང་ལྕི་བ་དང་རྣམ་པ་
གཉིས་ཏེ། ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གང་སངས་རྒྱས་བཅོམ་ལྡན་འདས་གདུལ་བྱ་ཉེ་བ་མེད་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་བསྟན་པ། གཞན་རྣམས་ཀྱིས་མི་མཐོང་བའོ་ཞེས་འདས་པ་རྣམས་དང་གང་ཡང་གདུལ་བྱ་ཉེ་བ་རྣམས་ཀྱིས་མཐོང་བཞིན་པ་ཉིད་ཀྱིས་
ན་བཞུགས་པ་རྣམས་དང་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་དོན་རྫོགས་པར་བྱས་པ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞེས་པ་མ་བྱོན་པ་རྣམས་ཏེ། དེ་རྣམས་བདག་གིས་བླ་ན་མེད་པའི་མཆོད་པས་མཆོད་པར་བྱའོ་ཞེས་པ་ནི་ཡང་བ་སྟེ། དེ་རྣམས་ཀྱི་ཆེད་དུ་སྐུ་
གཟུགས་རྣམས་དང་མཆོད་རྟེན་རྣམས་དང་ནམ་མཁའ་ལ་ཡང་མཆོད་པ་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ནི་སྒྲུབ་པའི་མཆོད་པ་སྟེ། དེ་ཡོངས་སུ་རྫོགས་པར་བྱེད་པའི་བསམ་པ་ནི་ལྕི་བའོ། །གཉིས་པ་ནི་བདག་གིས་སངས་རྒྱས་ཀྱི་ཞིང་
མཐོ་དམའ་དང་སྡོང་དུམ་དང་ཚེར་མ་དང་གསེག་མ་དང་གྱོ་མོ་དང་བོང་བ་དང་གཅན་གཟན་དང་སྦྲུལ་དང་ཆོམ་རྐུན་དང་མུ་གེ་དང་ཆུ་དང་ནད་ཀྱི་དགོན་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རྣམ་པར་དག་ཅིང་ལག་མཐིལ་ལྟར་མཉམ་པ་ཉིད་བལ་ལྟར་འཇམ་པ་ཡངས་པ་དང་། དཔག་བསམ་གྱི་ཤིང་ལྗོན་པ་ལ་སོགས་
Vol. 109 · folio 228b
པ་དང་ལྡན་པ། ངན་འགྲོའི་ས་དང་བྲལ་བ་ཤེལ་དང་ཨིནྡྲ་ནཱི་ལ་དང་། བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་དུ་གྱུར་ཅིག་ཅེས་པའོ། །གསུམ་པ་ནི་ཞིང་དེར་གང་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་རིགས་ཀྱིས་བསྡུས་པའི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ངན་འགྲོ་བ་རྣམས་ཀྱང་ལྷ་དང་མིའི་བདེ་བ་རབ་ཏུ་གྱུར་པ་
ངན་འགྲོ་ཅན་མ་ཡིན་པའི་བདེ་བས་རྟག་ཏུ་བདེ་བར་གྱུར་ཅིག །ལུས་དང་སེམས་གནོད་པ་དང་བྲལ་བ་དང་། དེ་རྣམས་ཡོ་བྱད་གང་དང་གང་གིས་བདེ་བ་འདི་དང་འདི་འདྲ་བ་མངོན་པར་འདོད་པའི་ཡོ་བྱད་དེ་དང་དེ་རྣམས་ལ་བདག་གི་དགེ་བའི་ལས་ཡོངས་སུ་སྨིན་པ་ལས་ཉེ་བར་འབྱུང་བ་དང་། རྫོགས་པའི་བྱང་
ཆུབ་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པར་ཡང་གྱུར་ཅིག །དེ་ལྟར་དེ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་སྨིན་པ་དང་། ཡིད་ལ་རེ་བ་རྫོགས་པ་དང་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་པར་བྱའོ་ཞེས་པའོ། །ལྷག་པའི་བསམ་པ་དང་ལྡན་པ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་བ་གསར་པ་ལྟ་བུ་སྟེ།
དེས་དགེ་བ་རྣམས་སྐྱེ་ཞིང་འཕེལ་བའི་ཕྱིར་རོ། །ཁྱད་པར་རྟོགས་པའི་ཆེད་དུ་བའི་བསམ་པ་ནི་ལྷག་པའི་བསམ་པ་སྟེ། གང་བཅོམ་ལྡན་འདས་མར་གསུངས་པ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་བསྒོམ་པར་བྱའོ་ནས་ཇི་སྲིད་དུ་སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་སྦྱོར་བ་གོམས་པ་འདི་ཡང་དག་པར་སྐྱེ་བར་བྱེད་འཕེལ་བར་བྱེད་དེ། དཀར་པོའི་ཕྱོགས་ཀྱི་ཟླ་བ་གསར་པ་བཞིན་ནོ། །དཀོན་མཆོག་བརྩེགས་པར་ནི། དོན་གྱིས་ན་ཟླ་བ་དང་མཚུངས་པར་འགྱུར་གྱི་ཡང་ཇི་ལྟར་ཟླ་
བ་དཀར་པོའི་ཕྱོགས་ཁོ་ན་སྣང་བར་བྱེད་ཅིང་ནག་པོའི་ཕྱོགས་ལ་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། སྤྱིའི་མཚན་ཉིད་ཀྱིས་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་ཉིད་ཀྱིས་སོ་ཞེས་སོ། །དེ་ལྟར་འདི་ནི་ལས་དང་པོ་པའི་ངོ་བོའི་སེམས་བསྐྱེད་
པ་གསུམ་ལ་ཚོགས་ཀྱི་སར། བསམ་གཏན་མངོན་ཤེས་བསྒྲུབས་པ་ལས། །སངས་རྒྱས་དཔག་ཏུ་མེད་རྣམས་ལ། །མཆོད་པའི་དོན་དང་མཉན་ཆེད་དུའང་། །དེ་ནི་འཇིག་རྟེན་ཁམས་སུ་འགྲོ། །འདི་ཡིས་སངས་རྒྱས་དཔག་མེད་རྣམས། །བསྐལ་པ་གྲངས་མེད་བསྙེན་བཀུར་ནས། །
Vol. 109 · folio 229a
དེ་ལ་བསྙེན་བཀུར་བྱས་པ་ལས། །སེམས་ནི་ལས་རུང་མཆོག་ཏུ་གྱུར། །ཆོས་དང་གང་ཟག་གི་བདག་མེད་པ་ཉིད་ཀྱི་གདམས་པ་དང་། རྗེས་སུ་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་བརྩམས་པ་ཉིད་ལས་སུ་རུང་བར་གྱུར་པ་ན་ཆོས་ཀྱི་རྒྱུན་ཞེས་
བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། གང་ཐོབ་པ་ལས་སྟན་གཅིག་ལ་གནས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཆོས་བསྟན་པ་ཉན་པ་དང་གཞུང་དང་དོན་དག་འཛིན་པའོ། །ཏིང་ངེ་འཛིན་དེ་ཐོབ་ན་ནི་ཏིང་ངེ་འཛིན་དང་ཤེས་རབ་དག་མངོན་པར་འཕེལ་བའི་དོན་དུ་སངས་
རྒྱས་རྣམས་ལས་གདམས་པ་ཐོབ་པོ། །དེ་ཡང་ཕྱོགས་སོ་སོར་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ལྟ། དེ་རྣམས་ཆོས་བསྟན་པ་ཡང་ཉན། དགེ་འདུན་ལ་ཡང་བསྙེན་བཀུར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་ལྟ། དེ་ཐམས་ཅད་ལ་ཡང་
བདག་དང་གཞན་དུ་འདུ་ཤེས་པ་མེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་སྤྱོད་དོ་ནས། ཇི་སྲིད་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལས་ཀྱང་ཐམས་ཅད་ལ་རློམ་སེམས་མེད་དོ་ཞེས་པ་སྤྱོད་པ་རྣམས་ཀུན་ནས་དང་ཡང་དག་པར་ཡོངས་སུ་འཛིན་པའི་ཕྱིར།
ལམ་ཇི་ལྟར་རིགས་པ་ཚོགས་ཀྱི་སར་དང་། གོང་མ་གོང་མའི་སེམས་ཀྱི་གནས་སྐབས་སུ་ཡང་རིམ་གྱིས་བསྐྱེད་པའི་མཆོག་དང་རབ་མཆོག་ལ་སོགས་པའི་བྱེ་བྲག་གིས་སྤྱན་ལྔ་རྣམས་སོ་སོར་འཐོབ་ལ། མངོན་པར་ཤེས་པ་དྲུག་རྣམས་ཀྱང་སྟེ། དེ་རྣམས་ལ་ཡང་རློམ་སེམས་སུ་མི་བྱེད་ལ།
གང་དེ་རྣམས་ཀྱིས་ཤེས་པ་དེ་ཐམས་ཅད་ཀྱང་མི་དམིགས་སོ། །དེ་ལ་ཤའི་མིག་ནི་གང་གཟུགས་རྣམས་མཐོང་བ་སྟེ། དེ་བཅོམ་ལྡན་འདས་མར་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་པ་ནས་བརྩམས་ནས། ཇི་སྲིད་དུ་གང་སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་པའི་བར་དུའོ། །རྣམ་པར་སྨིན་པ་པ་ཉིད་ཀྱིས་ན་དེའི་ཡུལ་སོ་སོར་ངེས་པ་ཉིད་ཀྱི་ཕྱིར་རོ། །ཤའི་མིག་གི་ཁྱད་པར་བག་ཙམ་ནི་སྲོག་ཆགས་ཕལ་ཆེ་བ་ཙམ་ལ་ཡོད་དོ། །ལྷའི་མིག་ནི་གང་གཟུགས་རྣམས་དང་འཆི་འཕོ་དང་སྐྱེ་བ་དག་ཀྱང་མཐོང་
Vol. 109 · folio 229b
བའོ། །དེ་གསུངས་པ། ཤཱ་རིའི་བུ་རྒྱལ་ཆེན་བཞིའི་རིས་པ་རྣམས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གང་ཡང་བྱང་ཆུབ་སེམས་དཔའི་ལྷའི་མིག་དེ་ནི་དེ་ལྷ་དེ་རྣམས་ཀྱིས་རབ་ཏུ་མི་ཤེས་སོ་ཞེས་སོ། །ཕྱོགས་བཅུ་རྣམས་སུ་སེམས་
ཅན་འཆི་འཕོ་བ་དང་སྐྱེ་བ་ཐམས་ཅད་འདིའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་མི་དམིགས་པ་རྣམ་པར་མི་རྟོག་པ་སྟེ། གང་ཟག་གི་བདག་མེད་པ་མཐོང་བ་ཙམ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་རྣམས་ལ་ཡང་ཡོད་དོ། །ཆོས་ཀྱི་སྤྱན་ནི་གང་
འཕགས་པའི་རྟོགས་པའི་སྤྱོད་ཡུལ་ཅན་ཏེ། དེ་གསུངས་པ། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་གྱིས་འདི་ལྟར་ཤེས་ཏེ། འདི་ནི་དད་པའི་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ་ནས་ཇི་སྲིད་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་འཚང་རྒྱ་བར་འགྱུར་བའི་བར་དུའོ་ཞེས་པའོ། །འདི་བག་ཙམ་ནི་དགྲ་བཅོམ་པ་ལ་ཡང་ཡོད་དོ། །གནས་དང་གནས་མ་ཡིན་པ་མཁྱེན་པ་སྤངས་པའི་མཁྱེན་པ་དགུ་རྣམས་ཆོས་ཀྱི་སྤྱན་ནོ་ཞེས་དབྱིག་གཉེན་ནོ། །སངས་རྒྱས་ཀྱི་སྤྱན་ནི་གང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་
རྫོགས་པར་རྟོགས་པའོ། །འདི་ཁོ་ན་སྟོབས་བཅུའི་ངོ་བོ་ཞེས་ཁ་ཅིག་གོ། །མངོན་པར་ཤེས་པ་རྣམས་ནི་རྫུ་འཕྲུལ་གྱི་བྱ་བ་དང་ལྷའི་རྣ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་ཟག་པ་ཟད་པ་ཤེས་པ་ཞེས་པ་དྲུག་
རྣམས་སོ། །ལྷའི་མིག་གི་རྣམ་པར་ཤེས་པས་འཆི་འཕོ་བ་དང་སྐྱེ་བ་དག་ཤེས་སོ། །འདི་ནི་བསྒོམ་པ་མངོན་པར་འདུ་བྱེད་པ་ལས་སྐྱེས་པ་སྟེ། སྔ་མ་ལྷའི་སྤྱན་ནི་རྣམ་པར་སྨིན་པ་པའོ། །ཅི་ལྟར་སངས་རྒྱས་ཀྱི་སྤྱན་དང་མངོན་པར་ཤེས་པ་དྲུག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་བརྗོད་ཅེ་ན།
ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་དེ་དག་གཉིས་ཀ་སོ་སོར་འཐོབ་པ་སྟེ། སངས་རྒྱས་ཀྱི་ས་ལ་ནི་དེ་དག་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་མཐར་ཐུག་པར་འགྱུར་རོ། །དེ་ལྟར་སྦྱིན་པ་ལ་སོགས་པ་ཚོགས་ཀྱི་གོ་ཆ་དང་ལྡན་པ་འདི་སེམས་བསྐྱེད་པ་འཇུག་པའི་སྒྲུབ་པ་མངོན་པར་སྒྲུབ་པར་བྱེད་
Vol. 109 · folio 230a
དོ། །དེ་ཡང་སྦྱོར་བ་དང་ལྡན་པ་མེ་ལྟ་བུ་སྟེ། དེས་ཁྱད་པར་རྟོགས་པ་ནི་རབ་ཏུ་གྱུར་པར་འགྲོ་བའི་ཕྱིར་ཏེ། བུད་ཤིང་གི་ཁྱད་པར་གྱིས་མེ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷག་པའི་བསམ་པ་ཡང་འདི་ལྟ་སྟེ། འདི་ཆོས་རབ་ཏུ་གྱུར་པ་འདོད་པ་ཉིད་ཀྱིས་སོ། །དཀོན་མཆོག་བརྩེགས་པར་གསུངས་པ།
དོན་གྱིས་ན་མེ་དང་མཚུངས་པར་འགྱུར་གྱི། ཡང་ཇི་ལྟར་མེ་ནི་རྣམ་པར་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་འཇིག་པར་བྱེད་པར་འགྱུར་བ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །འོན་ཀྱང་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་རྣམ་པར་གྲོལ་བ་ཡང་དག་པར་རེག་པ་མངོན་པར་སྒྲུབ་ཅིང་རྣམ་པར་གནས་པའི་
ཆེད་དུ་ཡང་དག་པའི་གདམས་ངག་ཉེ་བར་སྡུད་པ་ཉིད་ཀྱིས་སོ་ཞེས་སོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོར་ཡང་། མོས་པས་སྤྱོད་པའི་ས་འདི་ཁོ་ན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་ཡིན་ཀྱང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཏིང་ངེ་འཛིན་དང་
གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་པར་གསུངས་སོ། །དེ་ནི་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དང་། ཚད་མེད་པ་རྣམས་དང་། སྟོང་པ་ཉིད་ཉི་ཤུའི་ཆོས་
ཐམས་ཅད་ཀྱང་དམིགས་སུ་མེད་པར་སྦྱོར་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྦྱིན་པར་བྱ་བ་དང་སྟེར་བ་པོ་དང་ལེན་པ་པོ་རྣམས་ནས་ཇི་སྲིད་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དང་། བྱང་ཆུབ་སེམས་དཔའ་དང་ཡིད་ལ་བྱེད་པ་རྣམས་ཀྱང་མི་དམིགས་པའི་ངོ་བོ་འཁོར་
གསུམ་ཡོངས་སུ་དག་པ་ལ་གོམས་པར་བྱེད་དོ། །སྒོམ་པ་པོ་དང་། བསྒོམ་པར་བྱ་བ་དང་། སྒོམ་པ་རྣམས་དམིགས་པ་མེད་པའི་ཆེད་དུ་བྱ་བས་དགེ་བའི་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །མངོན་པར་ཤེས་པ་ལྔ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འགྲོའོ། །དེར་ཡང་སངས་རྒྱས་བཅོམ་
ལྡན་འདས་རྣམས་ལ་མཆོད་པར་བྱེད་དོ། །དེ་རྣམས་ལས་ཐེག་པ་ཆེན་པོ་ཉན་ཏོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་ཞེས་སྤྲོ་བར་བྱེད་དོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words