ཐུབ་པའི་དགོངས་པའི་རྒྱན

Sanskrit title (Tibetan script, as in the text) མུ་ནི་མ་ཏ་ཨ་ལཾ་ཀཱ་ར

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 109 · folio 256a

ཕྱོགས་བཅུ་རྣམས་ན་མ་ལུས་པའི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་གཏོགས་པའི་མེ་ཏོག་ལ་སོགས་པ་དང་། གདུགས་དང་ན་བཟའ་དང་རིན་པོ་ཆེའི་རྒྱན་ལ་སོགས་པར་གདགས་པ་ཇི་སྙེད་པ་དེ་ལས་ཤིན་ཏུ་འདས་པ་བཀོད་པ་སྣ་ཚོགས་པ་རིན་པོ་ཆེ་ལ་སོགས་པའི་ཆར་རྣམས་དེ་བཞིན་གཤེགས་པ་རེ་རེའི་

འཁོར་གྱི་དཀྱིལ་འཁོར་དུ་སྤྲིན་ཆེན་པོ་རྣམས་བཞིན་དུ་ཆར་འབབ་པོ། །མཆོད་པ་དེ་རྣམས་སེམས་ཅན་གང་རྣམས་ཀྱིས་ཤེས་པ་དེ་རྣམས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཞབས་ཀྱི་འོག་གི་མཐིལ་རྣམས་སུ་ནུབ་པར་འགྱུར་རོ། །

ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་དེ་རྣམས་ནས་ཀྱང་ས་དགུ་པ་ཇི་སྲིད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་རྣམས་ལྷགས་ནས། བྱང་ཆུབ་སེམས་དཔའ་དེ་ལ་ཡང་དག་པར་མཆོད་པ་དེ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལ་སྙོམས་པར་འཇུག་གོ། །བྱང་

ཆུབ་སེམས་དཔའ་དེའི་ཡང་ཐུགས་ཀ་ན་གནས་པའི་མཚན་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས། བདུད་ཀྱི་དགྲ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུའི་འཁོར་ཅན་སྤྲོས་ནས་ཕྱོགས་བཅུ་རྣམས་སྣང་བར་བྱས་ཤིང་ཆོ་འཕྲུལ་མུ་མེད་

པ་རྣམས་ཡང་དག་པར་བསྟན་ཏེ། སླར་ལོག་ནས་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ཁོ་ན་ལ་ནུབ་པར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་མཐུ་སྟོང་འགྱུར་ལས་ལྷག་པར་མངོན་པར་འཕེལ་ལོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་རྣམས་ནས་ཐམས་ཅད་མཁྱེན་

པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྲངས་མེད་པའི་འཁོར་ཅན་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་མེད་པ་རྣམས་སྣང་བར་བྱས་ནས། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་རྣམས་ཡང་དག་པར་བསྟན་ཞིང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་

རྣམས་བསྐུལ་ཏེ། ཕྱིར་ལོག་ནས་བྱང་ཆུབ་སེམས་དཔའ་དེའི་ཡན་ལག་མཆོག་ལ་ནུབ་པར་འགྱུར་རོ། །དེའི་འཁོར་གྱི་འོད་ཟེར་རྣམས་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་བོར་ནུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ། ཡེ་

Vol. 109 · folio 256b

ཤེས་ཆེན་པོའི་དབང་གིས་དབང་བསྐུར་བཞེས་བརྗོད་དོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡང་འཐོབ་པོ། །རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཀྱང་ལུས་སྣ་ཚོགས་པ་རྣམས་ཀྱིས་སྐད་ཅིག་གཅིག་ལ་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་རྡུལ་ཕྲ་རབ་རྣམས་ཇི་

སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བཀང་ནས། དགེ་བ་བདུད་རྩིའི་རྒྱུན་གྱི་ཆར་གྱིས་བསམ་པ་ཇི་ལྟ་བར་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ཅན་གྱི་མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པའི་རྡུལ་དང་མེ་ལྕེ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །དེའི་ཕྱིར་ས་འདི་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །དེ་སྙེད་ཀྱི་

འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་དགའ་ལྡན་གྱི་ཕོ་བྲང་དུ་བཞུགས་པ་ནས་བཟུང་ནས་ཇི་སྲིད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་གདུལ་བྱ་ཇི་ལྟ་བ་རྣམས་ལ་བྱིན་གྱིས་རློབ་པོ། །ཡེ་ཤེས་ཀྱི་དབང་དེ་ལྟ་བུ་

དང་ལྡན་ཞིང་ཤིན་ཏུ་རྣམ་པར་བརྟགས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོ་ཅན་དེ་འདོད་ན་ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་ནི་ཡོངས་སུ་དག་པ་ཉིད་དུ་བྱིན་གྱིས་རློབ་པོ། །ཡོངས་སུ་དག་པ་ནི་ཀུན་ནས་ཉོན་མོངས་པ་ཅན་ཉིད་དུའོ། །དོག་པ་ནི་ཡངས་པ་ཉིད་དུའོ། །ཡངས་པ་ནི་

དོག་པ་ཉིད་དུ་ཡང་ངོ་། །རྡུལ་ཕྲ་རབ་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་བྱིན་གྱིས་རློབ་སྟེ། རྡུལ་ཕྲ་རབ་དེ་ཡང་འཕེལ་བ་མེད་ལ་བྱ་བ་དེ་རྣམས་ཀྱང་ཀུན་དུ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་བཀོད་པ་དང་། དེ་ན་གང་སེམས་ཅན་ཡོད་པ་

རྣམས་ཀྱང་ཀུན་དུ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་གཅིག་གི་བཀོད་པ་དང་དེར་སེམས་ཅན་གང་ཡོད་པ་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་སུའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པར་གནས་པའི་སེམས་ཅན་རྣམས་སྐྲའི་ཁྱོན་གཅིག་ཏུ་སྟེ། དེ་རྣམས་ལ་གནོད་པ་ཡང་མེད་དོ། །སངས་

རྒྱས་ཀྱི་ཡུལ་གྱི་བཀོད་པ་གྲངས་མེད་པ་ཡང་སྐྲའི་ཁྱོན་གཅིག་ཏུའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ལུས་རྣམས་སྐད་ཅིག་གཅིག་ལ་སྤྲུལ་པར་བྱེད་དོ། །ལུས་རེ་རེ་ལ་ཡང་དེ་སྙེད་ཀྱི་ལག་པ་རྣམས་དང་དེ་སྙེད་ཀྱི་མགོ་བོ་སོ་སོ་ལ་དེ་སྙེད་ཀྱི་ལྕེ་རྣམས་ཀྱང་སྟོན་པར་

Vol. 109 · folio 257a

བྱེད་དོ། །ལག་པ་དེ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་རྣམས་སུ་བདེ་བ་ཅན་དང་པདྨ་ཅན་དང་འོད་ཟེར་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་སུ་སངས་རྒྱས་མཆོད་པ་ལ་རབ་ཏུ་སྦྱོར་རོ། །ལག་པ་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཉིད་མེ་ཏོག་གི་

ཕུར་མ་རྣམས་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ལ་འཐོར་རོ། །དེ་བཞིན་དུ་དྲི་ལ་སོགས་པ་ནས་ཇི་སྲིད་ན་བཟའ་དང་གདུགས་དང་རིན་པོ་ཆེ་ལ་སོགས་པའི་བཀོད་པའི་བར་དུ་ཡང་ངོ་། །ལྕེ་དེ་རྣམས་ཀྱིས་ཀྱང་སངས་རྒྱས་དེ་རྣམས་ཀྱི་བསྔགས་པ་བརྗོད་པ་དང་གསོལ་བ་འདེབས་པ་ཡང་བྱེད་དེ་བཅོམ་ལྡན་འདས་རྣམས་

ཇི་ལྟར་འོས་པར་ཆོས་བསྟན་དུ་གསོལ་ཞེས་པ་ལ་སོགས་པ་དང་། གང་ཡང་སེམས་ཅན་གྱི་བྱ་བ་རྫོགས་པ་ལྟ་བུ། ཐབས་ཀྱིས་གདུལ་བྱ་རྣམས་བརྩོན་པར་བྱ་བའི་ཆེད་དུ་མྱ་ངན་ལས་འདས་པ་སྟོན་པར་བཞེད་པ་མྱ་ངན་ལས་འདས་པར་བབ་པ་མེད་པ་དེ་རྣམས་ལ། འགྲོ་བ་མ་ལུས་པ་ལ་དགེ་བ་བསྐྱེད་པའི་མཚན་ཉིད་ཀྱི་ཕན་

པའི་ཆེད་དང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་གྲུབ་པའི་མཚན་ཉིད་ཀྱི་བདེ་བའི་ཆེད་དུ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པར་བཅོམ་ལྡན་འདས་རྣམས་བཞུགས་སུ་གསོལ་ཞེས་བསྙེན་བཀུར་བྱས་ཤིང་ཕྱག་འཚལ་ནས་གསོལ་བ་འདེབས་པར་བྱེད་དོ། །

སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕྱོགས་བཅུ་ཁྱབ་པར་འགྲོ་སྟེ་མངོན་པར་རྫོགས་པའི་བྱང་ཆུབ་པར་བཀོད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བཀོད་པ་ཇི་སྲིད་པ་རྣམས་བྱིན་གྱིས་རློབ་པོ། །དུས་གསུམ་གྱི་ལུས་ཚད་མེད་པ་ཉིད་དང་། རང་གི་ལུས་ལ་བཅོམ་ལྡན་འདས་ཚད་མེད་པ་རྣམས་ཀྱིས་སངས་

རྒྱས་ཀྱི་ཞིང་གི་བཀོད་པ་གྲངས་མེད་པ་རྣམས་དང་། འཇིག་རྟེན་གྱི་ཁམས་འཇིག་པ་དང་ཆགས་པ་ཐམས་ཅད་ཀྱང་ངོ་། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་གཅིག་ནས་འབྱིན་ཏེ་སེམས་ཅན་རྣམས་ལ་གནོད་པ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པའི་ཆུའི་ཕུང་པོ་

གཅིག་ཏུ་བྱིན་གྱིས་རློབ་པ་དང་། དེར་ཡང་པདྨ་ཆེན་པོ་དང་པདྨ་དེའི་འོད་ཀྱི་བཀོད་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པར་བྱེད་དོ། །དེར་ཡང་བྱང་ཆུབ་ཀྱི་ཤིང་ཆེན་པོ་སྟོན་པར་བྱེད་པ་ནས་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ངོ་། །རང་གི་ལུས་

Vol. 109 · folio 257b

ལ་ཡང་ཕྱོགས་བཅུ་རྣམས་ཀྱི་ནོར་བུ་དང་གློག་དང་ཟླ་བའི་འོད་ནས་ཇི་སྲིད་འོད་དང་སྣང་བའི་བཀོད་པ་ཐམས་ཅད་ཀྱི་བར་དུ་བྱིན་གྱིས་རློབ་པོ། །ཁའི་དབུགས་ཀྱིས་ཕྱོགས་རེ་རེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གཡོ་བར་བྱེད་དེ། སེམས་ཅན་རྣམས་སྐྲག་པར་ཡང་མི་བྱེད་དོ། །ཕྱོགས་བཅུའི་རླུང་

གིས་འཇིག་པ་དང་ཆུས་འཇིག་པ་དང་མེས་འཇིག་པར་ཡང་བྱིན་གྱིས་རློབ་པོ། །རང་གི་ལུས་ཀྱང་དེ་བཞིན་གཤེགས་པའི་སྐུར་དང་། དེ་བཞིན་གཤེགས་པའི་སྐུ་ལ་རང་གི་སངས་རྒྱས་ཀྱི་ཞིང་དང་། རང་སངས་རྒྱས་ཀྱི་ཞིང་ལ་ཡང་དེ་བཞིན་གཤེགས་པའི་སྐུའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་མཐའ་

ཡས་པ་ཚད་མེད་པ་གྲངས་མེད་པའི་ཏིང་ངེ་འཛིན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པའི་རྣམ་པར་རོལ་པ་རྣམས་སྟོན་པར་བྱེད་དོ། །འདིའི་ཡང་ཡེ་ཤེས་ཀྱི་སྣང་བ་ནི་སེམས་ཅན་རྣམས་ཇི་སྲིད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་གཞུག་པའི་ཆེད་དུ་གནས་པ་ནི། ས་དགུ་པ་ཇི་སྲིད་པ་ལ་གནས་

པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ལས་གཞན་པའི་ཡེ་ཤེས་ཀྱི་སྣང་བ་རྣམས་ཀྱིས་མི་འཕྲོགས་སོ། །གང་གི་ཕྱིར་འདིའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བས་སོ། །དེ་ཡང་ཕལ་ཆེར་གནས་གཙང་མའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་བྱང་བ་དང་

གཙོ་བོ་ཡིན་ཞིང་འདོད་ན་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་སྟེ། གང་ལས་སྐད་ཅིག་གཅིག་གིས་ཕྱོགས་བཅུའི་གྲངས་མེད་པ་ལས་འདས་པའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་རྣམས་འཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་ངོ་། །དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །དེ་སྙེད་

ཀྱི་འཇིག་རྟེན་གྱི་ཁམས་གཡོ་ཞིང་སྣང་བར་བྱེད་དོ། །དེ་སྙེད་ཀྱི་ལུས་སྟོན་ཞིང་། ཞིང་རྣམས་སུ་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྙེད་ཀྱི་བསྐལ་པར་གནས་ཤིང་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འཇུག་གོ། །དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་རྣམ་པར་འབྱེད་

དོ། །དེ་སྙེད་ཀྱི་ལུས་སྟོན་ཞིང་། ལུས་དང་ལུས་ལ་ཡང་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་འཁོར་རོ། །ལུས་ཀྱི་བ་སྤུའི་བུ་ག་རེ་རེར་ཡང་གྲངས་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རེ་རེ་ལ་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཅན་རྣམས་སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་

Vol. 109 · folio 258a

དང་གཞན་ཡང་སྟོན་པར་བྱེད་དེ། རྣམ་པར་རྟོག་པ་ལ་དཔྱོད་པ་མེད་པ་ཁོ་ནར་རོ། །དེ་ལས་གཞན་ལྷ་དང་མི་ལ་སོགས་པ་འགྲོ་བ་ལྔའི་དབྱེ་བ་ཐ་དད་པ་ཡང་འཁོར་བར་ཐ་དད་པ་མེད་པར་ཏེ། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་དང་ཉན་ཐོས་དང་རང་སངས་

རྒྱས་དང་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་འབད་པ་མེད་པ་ཁོ་ནར། བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་བྱས་ནས་ཆོས་སྟོན་པར་བྱེད་དོ། །སྒྱུ་མ་ལ་སོགས་པ་ལྟ་བུའི་ཆོས་ལ་མོས་པ་ནི་ཇི་སྐད་དུ་བཅོམ་ལྡན་འདས་མ་བར་མར་མཐར་ཐུག་པར་འགྲོ་བའི་ས་ལ་གནས་

པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ངེས་པར་བསྟན་པར་གསུངས་པ། སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླ་དང་རྨི་ལམ་དང་མིག་ཡོར་དང་སྒྲ་བརྙན་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུའི་ཆོས་ལ་ལྷག་པར་མོས་པ་རྣམས་ཀྱིས་ཤེས་སོ། །འདིར་དཔེ་བརྒྱད་ཀྱིས་མཚན་ཉིད་བརྒྱད་རྣམས་གསལ་བར་བྱས་

ཏེ། འདི་ལྟ་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་མེད་པ་དང་སྣང་བརྙན་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཀུན་བརྟགས་དང་། གཞན་གྱི་དབང་གི་མཚན་ཉིད་རྣམས་སོ། །དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་དར་གྱི་ཡོལ་བས་བར་དུ་ཆོད་པ་ཙམ་དུ་སྐྱེ་བ་གཅིག་གིས་

ཐོགས་པའི་བདག་ཉིད་ཆེན་པོ་འདིའི་ཡོངས་སུ་དག་པ་རྣམས་ཏེ། ཅིག་ཅར་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རང་གི་ལུས་ཡང་དག་པར་སྟོན་པ་དང་། སྐྱིལ་ཀྲུང་གཅིག་གིས་ཞིང་ཐམས་ཅད་ཁྱབ་པ་དང་། རང་གི་ལུས་ཀྱི་རྡུལ་ཕྲ་རབ་རེ་རེ་ལ་ཡང་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་

སེམས་དཔའི་སྤྱོད་པ་དང་རྣམ་པར་འཕྲུལ་པ་དང་སེམས་ཅན་གྱི་ཁམས་འཇིག་པ་དང་འཆགས་པ་ལ་སོགས་པ་ཡང་དག་པར་སྟོན་ཞིང་། རྡུལ་ཕྲ་རབ་དེ་རྣམས་ཆེར་སོང་བ་ཡང་མ་ཡིན་ལ། སངས་རྒྱས་ལ་སོགས་པ་དེ་རྣམས་ཆུང་བ་ཉིད་དམ་འདྲེས་པ་ཡང་མ་ཡིན་ཏེ། དེ་རྣམས་དང་དེར་དེ་ལྟར་ཕན་

ཚུན་དོག་པ་མེད་པ་ཁོ་ནར་བཞུགས་པ་ནི་གཞན་དུ་ཞིང་ཡངས་པ་རྣམས་སུ་ཇི་ལྟ་བ་བཞིན་ནོ་ཞེས་པ་ལ་སོགས་པ་སྐུའི་ལས་རྣམས་དང་། གསུང་གཅིག་གིས་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བར་ཆོས་བསྟན་པ་ཐོས་པར་བྱེད་པ་དང་། དབྱངས་གཅིག་གིས་ཞིང་ཁམས་ཐམས་ཅད་ཁྱབ་པ་དང་།

Vol. 109 · folio 258b

དབྱངས་ཀྱི་དཀྱིལ་འཁོར་རེ་རེར་དབྱངས་ཐམས་ཅད་འབྱུང་བའོ་ཞེས་པ་ལ་སོགས་པ་ངག་གི་ལས་རྣམས་དང་། ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཚད་མེད་པ་ལ་སྙོམས་པར་འཇུག་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་ཡིད་ཀྱི་ཕྲིན་ལས་རྣམས་དང་མདོར་བསྡུ་ན། གོམ་པ་འདེགས་པ་དང་འཇོག་

པའི་ལས་རྣམས་ཀྱང་ཇི་སྲིད་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་དམ་པ་ཐོབ་པ་ས་ལེགས་པའི་བློ་གྲོས་ལ་རབ་ཏུ་གནས་པ་རྣམས་ཀྱིས་ཀྱང་ཤེས་པར་སླ་བ་མ་ཡིན་ན་གཞན་རྣམས་ཀྱིས་ལྟ་ཅི་སྨོས། དེ་ཉིད་ཀྱི་ཕྱིར་བར་མར་གསུངས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཁོ་ན་ཞེས་པར་བརྗོད་པར་བྱའོ་ཤེས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོར་ཡང་། ས་བཅུ་པ་ལས་ཕ་རོལ་གྱི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཁོ་ནར་བརྗོད་པར་བྱའོ་ཞེས་སོ། །དེ་ནི་དེ་བཞིན་གཤེགས་པའི་མཛད་པས་

སེམས་ཅན་རྣམས་ལ་སོ་སོར་ཉེ་བར་གནས་ཀྱི་དེ་བཞིན་གཤེགས་པའི་རྟོགས་པས་ནི་མ་ཡིན་ནོ། །འཕགས་པ་བྱམས་པས་ཀྱང་གསུངས་པ། སྔོན་གྱི་འཕེན་པའི་དབང་ལས་དང་། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་ཆེད་དུ། །སླར་ཡང་འབད་པ་བྱེད་མ་ཡིན། །

སྟོན་དང་གཟུགས་སྐུ་དག་དང་ནི། །སྤྱོད་དང་སྤྱོད་ལམ་གྱིས་ཀྱང་རུང་། །གང་ཞིག་གང་གིས་ཇི་ལྟར་འདུལ། །དེ་འདིས་དེ་ལྟར་ཁོ་ནར་ཤེས། །དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་

འཇུག །བྱང་ཆུབ་སེམས་དཔའ་རྟོགས་པ་འདི། །ཐོབ་པ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་རྣམས་ན་མཉམ་པ་ཉིད། །འོན་ཀྱང་ས་གཞི་རྡུལ་ཕྲན་དང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །

བྱང་ཆུབ་སེམས་དཔའི་ཁྱད་དེ་ཡིན། །ཞེས་སོ། །དེ་ལྟར་འདིའི་ཡོན་ཏན་རྣམས་མདོར་བསྡུས་པ་བསྟན་པ་སྟེ། རྒྱས་པར་ནི་བསྐལ་པ་གྲངས་མེད་པ་འབུམ་ཕྲག་དུ་མས་ཀྱང་མཐར་ཐུག་པ་མེད་པའི་རྣམ་པས་བལྟ་བར་བྱའོ། །ཇི་སྐད་དུ་གསུངས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟར་རེ་ཞིག་ས་ཆོས་

Vol. 109 · folio 259a

ཀྱི་སྤྲིན་འདི་ཁོ་ན་བསྐལ་པ་ཚད་མེད་པར་བསྟན་ཀྱང་ཕྱོགས་ཙམ་ཞིག་བསྟན་པར་ཟད་ན། དེ་བཞིན་གཤེགས་པའི་ས་ལྟ་ཅི་སྨོས། ཀྱེ་རྒྱལ་བའི་སྲས་དེ་གལ་ཏེ་ཕྱོགས་བཅུ་རྣམས་སུ་ཕྱོགས་རེ་རེར་འཇིག་རྟེན་གྱི་ཁམས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་སངས་

རྒྱས་ཀྱི་ཞིང་རྣམས་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བར་གྱུར་ཀྱང་། དེ་རྣམས་ཀྱིས་བསྐལ་པ་མཐའ་ཡས་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་བསྒྲུབས་པས་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་གཅིག་ལས་བྱུང་བའི་དེ་

བཞིན་གཤེགས་པའི་ཡུལ་གྱི་ཡང་ཇི་སྐད་བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆ་དང་གྲངས་དང་། རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འདི་ས་བཅུ་པ་འདི་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་བཅོ་ལྔ་པ་ལ་སོགས་པ་སེམས་བསྐྱེད་པ་དྲུག་རྣམས་མངོན་པར་སྒྲུབ་པོ། །

དེ་ལ་སེམས་བསྐྱེད་པ་བཅོ་ལྔ་པ་མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། མཐུ་ཐོགས་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུ་རྣམས་སུ་མཐའ་

ཡས་ཤིང་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོའོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་ལ་སོགས་པའི་ཆུའི་ཕུང་པོ་གང་དེ་ཐམས་ཅད་སྐྲའི་རྩེ་མོའི་མཐའ་བརྒྱར་གཤགས་པའི་ཆས་འཕེན་པར་བྱེད་ལ་དེ་ལ་བརྟེན་པའི་སྲོག་ཆགས་རྣམས་ལ་

གནོད་པ་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐལ་པར་བསྲེགས་པའི་མེ་འབར་བ་ཁའི་དབུགས་ཀྱིས་རབ་ཏུ་ཞི་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའི་རླུང་གི་དཀྱིལ་འཁོར་རྣམ་པར་བསྐྱོད་པ་ཆེན་པོ་སོར་མོའི་ཚིགས་ཀྱི་རྩེ་མོ་གཅིག་གིས་གནོན་

པར་བྱེད་དོ། །ནམ་མཁའི་ཁམས་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བྱེད་དོ། །རི་རབ་ཆེན་པོ་ལ་སོགས་པའི་རི་བོ་རྣམས་སྐྲ་ཉག་མ་གཅིག་གིས་བཅིངས་ཏེ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་འཕེན་པར་བྱེད་དོ། །ཕྱོགས་བཅུ་རྣམས་སུ་སོ་སོར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་

Vol. 109 · folio 259b

སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷའི་མིག་གིས་བལྟའོ། །དེ་རྣམས་ཀྱི་ཆོས་བསྟན་པ་ཡང་ལྷའི་རྣ་བས་ཉན་ནོ། །སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་རྣམས་ཤེས་སོ། །དེ་རྣམས་ཀྱི་ཡང་སྔོན་གྱི་གནས་རྗེས་སུ་དྲན་ནོ། །ཟག་པ་ཟད་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་མངོན་

པར་སྒྲུབ་ལ། ཡང་དག་པའི་མཐའ་སྔོན་དུ་བྱེད་པ་ཡང་མ་ཡིན་ནོ་ཞེས་སོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ལ་སོགས་པའི་མཐུ་འདི་འདྲ་བ་ཡང་དད་པར་དཀའ་བ་མ་ཡིན་ཏེ། བསམ་གཏན་པ་རྣམས་ཀྱི་ཡང་དག་པར་སྟོན་པ་ཁྱབ་བདག་ཉིད་འདི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །སེམས་

བསྐྱེད་པ་འདི་ནི་སྟོན་པ་མི་ཟད་པ་ཡང་ངོ་། །དེ་ལ་དོན་ལ་རྟོན་གྱི་ལེགས་པར་སྦྱར་བ་ལ་སོགས་པའི་ཚིག་འབྲུ་ལ་མ་ཡིན་པ་དང་། ཆོས་ནི་རིགས་པ་སྟེ། དེ་ལ་རྟོན་གྱི་གནས་བརྟན་ལ་སོགས་པའི་གང་ཟག་ལ་མ་ཡིན་པ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་ནི་ཡེ་ཤེས་ཏེ། དེ་ལ་རྟོན་གྱི་

རྣམ་པར་ཤེས་པ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་དག་ལ་མ་ཡིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མ་མཆོག་སྟེ། དེས་ན་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ལ་རྟོན་གྱི་དྲང་བའི་དོན་ལ་མ་ཡིན་པའོ་ཞེས་པ་རྟོན་པ་བཞི་རྣམས་སོ། །སེམས་བསྐྱེད་པ་བཅུ་དྲུག་ལ་

བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་དེ་གནས་ཉིད་ཀྱི་ཕྱིར་རོ། །སེམས་བསྐྱེད་པ་བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ་སྟེ་འཕགས་པའི་གང་ཟག་

ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །སེམས་བསྐྱེད་པ་བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་ལྟ་བུ་སྟེ་དེ་ཟུང་དུ་འབྲེལ་པར་འགྲོ་བ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བར་མི་ལྟུང་བར་བདེ་བླག་ཏུ་འགྲོ་བའི་ཕྱིར་རོ། །སེམས་

བསྐྱེད་པ་བཅུ་དགུ་པ་གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་ལྟ་བུ་སྟེ་ཆུ་འཛིན་ཞིང་མི་ཟད་པར་འབྱིན་པ་དང་ཆོས་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་ཞིང་མི་ཟད་པར་སྟོན་པར་འབྱུང་བའི་ཕྱིར་རོ། །སེམས་བསྐྱེད་པ་ཉི་ཤུ་པ་ཆོས་ཀྱི་སྡོམ་དང་ལྡན་པ་ནི་ཀུན་དགའི་

Vol. 109 · folio 260a

སྒྲ་ལྟ་བུ་སྟེ་ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པར་སྒྲོགས་པའི་ཕྱིར། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་སོ་སོར་དུས་རིང་པོར་མུན་པས་འཐོམས་པའི་འཇིག་རྟེན་གྱི་བར་རྣམས་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་

ནས་དེར་སྐྱེས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་སྒྲོགས་པར་བྱེད་ཅིང་། དེ་རྣམས་ཀྱང་ཡང་དག་པར་ལྟ་བ་ལ་སོ་སོར་བགྲོད་པར་བྱེད་དོ་ཞེས་སོ། །དེ་ལ་ཆོས་ཀྱི་སྡོམ་རྣམས་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་རྣམས་སྡུག་

བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་བའོ་ཞེས་པ་སོ་སོར་རྟོགས་པ་རྣམས་སོ། །དེ་ལ་མི་རྟག་པ་ནི་རྟག་ཏུ་མེད་པ་སྟེ། མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །ཀུན་རྫོབ་ཏུ་སྐད་ཅིག་གིས་འཇིག་པའི་དོན་ཡང་མི་རྟག་པའི་དོན་ནོ། །རྣམ་པར་རྟོག་པ་ཐམས་

ཅད་ཉེ་བར་ཞི་བ་ནི་ཞི་བའོ་ཞེས་པ་མདོར་བསྡུས་ཏེ་སའི་ཡོན་ཏན་རྣམ་པར་གཞག་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཀྱེ་རྒྱལ་བའི་སྲས་འདི་རྣམས་བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་ཏེ། མདོར་བསྡུས་ནས་བསྟན་པས་བསྟན་གྱི་རྒྱས་པར་ནི་བསྐལ་པ་མཐའ་ཡས་

པར་སྟོན་པར་བྱིན་གྱིས་བརླབས་པ་ལས་རྗེས་སུ་རྟོགས་པར་བྱའོ། །གང་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་གསུང་བར་འགྱུར་བ་དང་གསུངས་པ་དེ་རྣམས་ཀྱང་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་

ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་སོང་བ་རྣམས་སུ་བལྟ་བར་བྱ་སྟེ། རིམ་གྱིས་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་སྐད་ཅིག་གཅིག་ཁོ་ན་ལ་བཅོམ་ལྡན་འདས་ཀྱིས་རྟོགས་པ་སྟེ། ཇི་ལྟར་བུམ་པ་ལ་སོགས་པ་ཐ་དད་ན་ཡང་།

མི་སྒྲིབ་པ་ཉིད་དུ་མཚུངས་པ་ཉིད་ཀྱི་ཕྱིར། དེར་སོན་པའི་ནམ་མཁའ་ཐ་མི་དད་པ་དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐ་དད་ན་ཡང་དེར་སོན་པའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ཅན་ཐ་མི་དད་པའི་ཕྱིར་དེ་ཁོ་ན་ཉིད་གཅིག་ཁོ་ནར་ཤེས་པར་བྱ་ཞིང་། དེ་ཡང་ཤེས་པའི་

Vol. 109 · folio 260b

སྐད་ཅིག་གཅིག་ཁོ་ནས་རྟོགས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་སེམས་བསྐྱེད་པ་གཉིས་ཏེ་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ལ་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་སྟེ། བླ་ན་མེད་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ན་ས་དེ་པ་

རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་རང་གི་ངོ་བོའི་སེམས་དེའི་བདག་ཉིད་དུ་སྦྱོར་བ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་དང་བྱ་བ་དང་ཐ་མི་དད་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་མོ། །དེ་དང་ལྡན་པ་ནི་ཆུའི་རྒྱུན་ལྟ་བུ་སྟེ་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བགྲོད་

པ་གཅིག་པའི་ལམ་ནི་འདྲེས་པ་དང་ཉེ་བར་འདྲེས་པ་ཉིད་ཀྱིས་མི་གཡོ་བ་ནས་བཟུང་ནས་ཏེ་འོན་ཀྱང་འདི་ནི་བླ་ན་མེད་པའོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པ་ཆོས་ཀྱི་སྐུ་དང་ལྡན་པའི་སྤྲིན་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་དེ་ལས་འཇུག་པའི་ཕྱིར། སྤྲིན་ལས་སྣོད་ཀྱི་

འཇིག་རྟེན་ཕུན་སུམ་ཚོགས་པ་རྣམས་བཞིན་དུའོ། །ཐབས་ལ་མཁས་པ་མི་ཟད་པ་ཡང་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་དུ་སྟོན་པ་ནི་ཐབས་ལ་མཁས་པའོ། །དེ་ལྟར་ཡང་བསྟན་བཅོས་ཀྱང་། །རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན། །

ཞེས་སོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གསུངས་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པར་ཐར་པ་དང་ཐབས་ལ་མཁས་པའི་ཕྲིན་ལས་ཅན་ཏེ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཅིག་ཅར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་རོ་ཞེས་སོ། །ཐབས་

ལ་མཁས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དག་གམ། དེ་ལས་སྐྱེས་པའི་ལས་ལ་མཁས་པའོ། །ཅིའི་ཕྱིར་དགའ་ལྡན་དུ་བཞུགས་པ་ཀུན་དུ་སྟོན་གྱི་གཟུགས་དང་གཟུགས་མེད་པ་རྣམས་སུ་མ་ཡིན་ཞེ་ན། མི་ཁོམ་པ་ནས་འདིར་འོངས་པ་བདག་ཅག་གི་རྒྱུ་མཚན་དུ་ནི་མ་ཡིན་པ་ཁོ་ནའོ་ཞེས་

རིམ་གྲོ་མང་དུ་མི་བྱེད་པ་ཡོངས་སུ་སྤོང་བའི་དོན་དུའོ། །ཅིའི་ཕྱིར་གཞན་འཕྲུལ་དབང་བྱེད་དུ་མ་ཡིན་ཞེ་ན། ནུས་པ་ཡོད་ཀྱང་ཁྱད་པར་དུ་འཕགས་པའི་སྐྱེ་བ་སྤངས་ནས་སེམས་ཅན་ལ་ཐུགས་བརྩེ་བས་དགའ་ལྡན་དུ་སྐྱེས་སོ་ཞེས་རིམ་གྲོ་མང་དུ་ལྷག་པར་བསྐྱེད་པའི་དོན་དུའོ། །ཅིའི་ཕྱིར་

Vol. 109 · folio 261a

མི་རྣམས་སུ་མ་ཡིན་ཞེ་ན། ལྷའི་བདེ་བ་སྤངས་ནས་བདག་ཅག་ལ་ཐུགས་བརྩེ་བས་མིར་བྱོན་ནོ་ཞེས་རིམ་གྲོ་མང་དུ་ལྷག་པར་བསྐྱེད་པའི་དོན་དུའོ། །ཅིའི་ཕྱིར་མངལ་དུ་གནས་པ་སྟོན་ཞེ་ན། རིགས་མཐུན་པ་སྤྲོ་བ་བསྐྱེད་པའི་དོན་དུའོ། །ཅིའི་ཕྱིར་རང་ཉིད་མངོན་པར་བྱང་ཆུབ་

པ་བསྟན་གྱི། སངས་རྒྱས་གཞན་གྱི་ཉེ་བར་བསྟན་པ་མ་ཡིན་ཞེ་ན། །སྐྱེས་བུའི་བྱེད་པ་ལ་སྦྱོར་བའི་དོན་དུ་སྟེ། གཞན་ལ་རག་ལས་པས་མི་འགྲུབ་ཅེས་པའོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་གནས་པས་གནས་ཤེ་ན། དེ་མངོན་པར་རྫོགས་པར་རྟོགས་པ་ཐུན་མོང་མ་ཡིན་

པར་གསལ་བར་བྱ་བའི་དོན་དུའོ། །ཅིའི་དོན་དུ་གཞན་གྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཉི་མ་བདུན་དུ་འདས་པར་མཛད་ཅེ་ན། བདག་ཉིད་ཆོས་ཀྱི་ཀུན་དགའ་དགྱེས་པ་ཆེན་པོ་ཉིད་གསལ་བར་བྱ་བའི་དོན་དུའོ། །དེ་ཡང་ཅིའི་དོན་དུ་ཞེ་ན། སེམས་ཅན་རྣམས་དེ་བཞིན་

གཤེགས་པ་དགའ་བ་དང་གུས་པ་ཡང་དག་པར་འཕེལ་བའི་དོན་དུ་སྟེ། དེ་ལྟར་གྱུར་ཀྱང་དེ་འདྲ་བའི་དགྱེས་པ་སྤངས་ནས་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་ཆོས་སྟོན་པར་བྱེད་དོ་ཞེས་པའོ། །ཅིའི་ཕྱིར་ཅང་མི་གསུང་བར་གྱུར་ཅེ་ན། ཡོངས་སུ་སྐོམ་པ་རྣམས་ཀྱིས་གསོལ་བ་བཏབ་

པས་ཆོས་ལ་གུས་པར་བྱ་བའི་དོན་དུའོ། །དེ་ལས་ཚངས་པ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པའོ། །ཅིའི་ཕྱིར་འགའ་ཞིག་ཏུ་གསོལ་བ་མ་བཏབ་པ་ཁོ་ནར་སྟོན་པར་རྩོམ་ཞེ་ན། གཞན་དུ་ན་ཅི་སྟོན་པར་བཞེད་པའམ་ཞེས་འདིའི་སྟོན་

པར་བཞེད་པ་ཉིད་མི་ཤེས་པས་སོ། །ཅིས་ཡང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་བསྟན་པའི་ཆེད་དུ་བྱིན་གྱིས་རློབ་པར་བྱེད་ཅེ་ན། དེའི་རིགས་རྣམས་སྤྲོ་བ་ཡང་དག་པར་འཕེལ་བའི་དོན་དུའོ། །བྱིན་གྱིས་རློབ་པ་ཡང་རྣམ་པ་གསུམ་སྟེ། སྐུའི་ཕྱག་གིས་རེག་པ་ལས་

སོགས་པའོ། །ཁ་ཅིག་ཏུ་ནི་གསུང་གིས་སོ། །ཁ་ཅིག་ཏུ་ནི་ཐུགས་ཀྱིས་སོ། །ཁ་ཅིག་ཏུ་ནི་གསུམ་ཀས་ཀྱང་ངོ་། །ཅིའི་དོན་དུ་འོད་ཟེར་དང་བཅས་པའི་ཆོ་འཕྲུལ་དང་གསོལ་བ་འདེབས་པ་སྟོན་པར་བྱེད་ཅེ་ན། ལས་ཀྱི་ཁྱད་པར་གྱི་དོན་དུ་སྟེ། འོད་ཟེར་དེ་ནི་ལས་བརྒྱད་དང་ལུས་

Vol. 109 · folio 261b

གཉིས་ཅན་ནོ། །དེ་ལ་ཡང་དག་པར་སད་པར་བྱེད་པའི་ལས་ཅན་ནི། གང་དེས་རེག་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པས་སྐྱེས་པའི་སྟོབས་སྣང་བར་བྱེད་པའོ། །སྡུད་པ་དང་འགྱེད་པའི་ལས་ནི་གྲངས་མེད་པའི་འཇིག་རྟེན་

གྱི་ཁམས་སུ་བཀྱེ་ནས་འོད་འདོམ་གང་ཙམ་དུ་བསྡུས་པའོ། །རྒྱུ་ཉིད་ཀྱི་ལས་ནི་གྲངས་མེད་པའི་འོད་ཟེར་གྱི་འཁོར་གྱི་རྒྱུ་ཉིད་ཀྱིས་སོ། །སྟོན་པར་བྱེད་པའི་ལས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དང་དེར་གནས་པའི་བྱང་ཆུབ་སེམས་

དཔའ་ཀུན་དུ་སྟོན་པའོ། །རབ་ཏུ་ཞི་བར་བྱེད་པའི་ལས་ནི་ངན་སོང་གི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །ཟིལ་གྱིས་གནོན་པའི་ལས་ཅན་ནི་བདུད་ཐམས་ཅད་ཀྱི་མཐུ་དམན་པར་བྱེད་པ་སྟེ་སྐྲག་ཅིང་བརྟབས་པས་གདུལ་བྱ་རྣམས་ལ་བགེགས་བྱེད་པ་ལ་མི་འཇུག་

པའོ། །འདུན་པར་བྱེད་པའི་ལས་ནི་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཕྲིན་ལས་དང་མཐུ་གསལ་བར་བྱེད་པ་ལས་སོ། །གསོལ་བ་འདེབས་པའི་ལས་ནི་ཚིགས་སུ་བཅད་པའི་སྒྲ་འབྱིན་པ་ལས་སོ། །ལུས་གཉིས་ཇི་ལྟར་ཞེ་ན། སྐར་མདའ་ལྟ་བུའི་ལུས་ནི་གང་གི་ཚེ་ཁམས་

གཞན་དུ་འགྱེད་པའོ། །ཉི་མ་ལྟ་བུའི་ལུས་ནི་གང་གི་ཚེ་སྤྲིན་གྱི་དྲ་བ་མཐུག་པོའི་ཁང་པ་བརྩེགས་པ་བྱས་ནས་ཐམས་ཅད་གནས་ཏེ་གཅིག་གི་མཐུས་སོ་སོར་སྣང་ངོ་། །དེ་ལྟར་འཁོར་གྱི་དཀྱིལ་འཁོར་དེ་རྣམས་སུ་གཅིག་ཏུ་གྱུར་པ་བཞིན་དུ་ཕན་ཚུན་མཐོང་བས་བསྟན་པ་ཡང་སླ་བར་འགྱུར་ལ་

ཉན་པ་ཡང་ངོ་། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་འདས་པའི་ལུང་སྟོན་པར་བཞེད་པར་གྱུར་པ་དེའི་ཚེ་འོད་ཟེར་རྣམས་བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ནུབ་པར་འགྱུར་རོ། །འོན་ཏེ་མ་འོངས་པ་མ་ཡིན་ན་མདུན་དུའོ། །དམྱལ་བར་སྐྱེ་བ་ནི་ཞབས་ཀྱི་མཐིལ་དུའོ། །བྱོལ་སོང་དུ་སྐྱེ་བ་ནི་

ཞབས་ཀྱི་རྟིང་པར་རོ། །ཡི་དགས་སུ་སྐྱེ་བ་ནི་ཞབས་ཀྱི་མཐེ་བོང་ལའོ། །མིར་སྐྱེ་བ་ནི་པུས་མོ་དག་ལའོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཕྱག་གཡོན་པའི་མཐིལ་དུའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཕྱག་གཡས་པའི་མཐིལ་དུའོ། །ལྷར་སྐྱེ་བ་ནི་ལྟེ་བར་རོ། །

Vol. 109 · folio 262a

ཉན་ཐོས་ཀྱི་བྱང་ཆུབ་ནི་ཞལ་དུའོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི་སྨིན་མཚམས་སུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གཙུག་ཏོར་དུའོ་ཞེས་སོ། །ཅིའི་དོན་དུ་སྤྱོད་ལམ་བཞི་དང་། སྟོན་པ་དང་། སྙོམས་པར་འཇུག་པ་དང་། ནང་

དུ་ཡང་དག་པར་འཇོག་པས་གནས་པ་སྟེ། སྐུ་དང་གསུང་དང་། ཐུགས་ཀྱི་སྤྱོད་པ་དང་། བྱ་བ་དང་བྲལ་བའི་མཚན་ཉིད་བཞི་རྣམས་ཀྱིས་གནས་ཤེ་ན། གནས་པ་ཐམས་ཅད་ཀྱིས་འཕགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕན་འདོགས་པ་ཆེན་པོ་རབ་ཏུ་འཇུག་པ་ལས་སོ། །གཞན་

ཡང་འཇིག་རྟེན་པའི་བསམ་པའི་དབང་ལས་བཅོམ་ལྡན་འདས་ཀྱི་ནང་དུ་ཡང་དག་པར་འཇོག་པ་ཡིན་གྱི་རང་གི་ངོ་བོ་ལས་མ་ཡིན་ནོ། །ཅིའི་ཕྱིར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཞེ་ན། འདི་ཙམ་གྱིས་འགྲོ་བའི་དོན་བསྒྲུབ་པའི་ཕྱིར་རོ། །དེ་ལ་

ཆོས་ནི་བསྟན་པའོ། །དེ་ཉིད་འཁོར་ལོ་སྟེ་གདུལ་བྱའི་རྒྱུད་རྣམས་ལ་འཁོར་བར་བྱེད་པའི་ཕྱིར་རོ་ཞེས་ཆོས་ཀྱི་འཁོར་ལོ་སྟེ། བདེན་པ་བཞིའོ། །དེ་གསུམ་དུ་བཟླས་པ་ནི། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་

བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བདེན་པ་བཞིའི་རང་བཞིན་ཡོངས་སུ་གཅད་པ་ནི་ལམ་དང་པོའོ། །དེ་ཁོ་ན་རིམ་པ་ཇི་ལྟ་བར་ཡོངས་སུ་ཤེས་པར་བྱ་བ་དང་། རབ་ཏུ་སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བ་འདི་ཙམ་ཉིད་དུ་ཡོངས་སུ་གཅད་པ་ནི་ལན་གཉིས་པའོ། །

དེ་ཁོ་ནའི་བདག་ཉིད་ཀྱིས་ཡོངས་སུ་ཤེས་པ་སྤངས་པ་དང་མངོན་དུ་བྱས་པ་དང་བསྒོམས་ཟིན་པ་ཉིད་དུ་ཡོངས་སུ་གཅད་པ་ནི་གསུམ་པའོ། །དེའི་ཕྱིར་དེ་ནི་ལན་གསུམ་དུ་བསྐོར་བའོ། །སྡུག་བསྔལ་གྱི་བདེན་པའི་སྡུག་བསྔལ་གྱི་རང་བཞིན་དང་། ཡོངས་སུ་ཤེས་པར་བྱ་བ་ཉིད་

དང་ཡོངས་སུ་ཤེས་པ་ཉིད་ཅེས་པ་རྣམ་པ་གསུམ་དང་། ཀུན་འབྱུང་གི་བདེན་པའི་དེའི་རང་བཞིན་དང་སྤོང་བར་བྱ་བ་ཉིད་དང་སྤངས་པ་ཉིད་ཅེས་པ་གསུམ་དང་། འགོག་པའི་བདེན་པའི་དེའི་རང་བཞིན་དང་མངོན་དུ་བྱ་བ་ཉིད་དང་མངོན་དུ་བྱས་པ་ཉིད་ཅེས་པ་གསུམ་དང་། ལམ་གྱི་བདེན་པའི་

Vol. 109 · folio 262b

དེའི་རང་བཞིན་དང་བསྒོམ་པར་བྱ་བ་དང་བསྒོམ་པ་ཉིད་ཅེས་པ་གསུམ་སྟེ། དེའི་ཕྱིར་དེ་ནི་རྣམ་པ་བཅུ་གཉིས་སོ། །ཡང་ན་འདི་ནི་སྡུག་བསྔལ་བའོ། །ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་སོ་ཞེས་པ་ལན་གསུམ་དུ་བསྐོར་བའོ། །སོ་སོ་ལ་སངས་རྒྱས་ཀྱི་སྤྱན་དང་རྣམ་པར་

མི་རྟོག་པའི་ཡེ་ཤེས་དང་ཡང་དག་པའི་དོན་ཅན་ཉིད་ཀྱི་ཕྱིར་རིག་པ་དང་མི་སློབ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བློ་འབྱུང་བའི་ཕྱིར་ཞེས་པ་རྣམ་པ་བཅུ་གཉིས་རྣམས་སོ། །དེ་ལྟར་བདེན་པ་སོ་སོ་ལ་སྟེ་གསུམ་དང་བཅུ་གཉིས་སུ་ཆོས་མཐུན་པ་ཉིད་ཀྱི་ཕྱིར། ལམ་གསུམ་དང་རྣམ་

པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པ་ལས་སོ། །འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་སྤྱོད་པ་རེ་རེའི་གཉེན་པོ་གཞུང་ཇི་སྙེད་ཀྱིས་ཡོངས་སུ་རྫོགས་པ་དེ་སྙེད་ཀྱི་གཞུང་གི་ཕུང་པོ་ནི་ཆོས་ཀྱི་ཕུང་

པོའོ་ཞེས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་རྣམས་སོ། །ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་ཤེ་ན། ལེ་ལོ་ཅན་རྣམས་མྱུར་བའི་དོན་དུའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ཡུན་ཇི་སྲིད་དུ་གནས་པར་འགྱུར་ཞེ་ན། ལྔ་བརྒྱ་པ་ཐ་མ་ཇི་སྲིད་པར་རོ། །བརྒྱ་

ཕྲག་ལྔ་རྣམས་འདུས་པ་ནི་ལྔ་བརྒྱ་པའོ། །ཐ་མ་ནི་ལྔ་བརྒྱ་པ་ལྔ་པ་སྟེ། ལྔ་བརྒྱ་པ་ལྔར་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་པའི་གསུང་ལས་ཏེ་དམ་པའི་ཆོས་སྒྲུབ་པ་ཉམས་པའོ་ཞེས་ཁ་ཅིག་གོ། །གཞན་རྣམས་ནི་དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་སྟོང་

ཕྲག་ལྔ་རྣམས་ཏེ། དེ་རྣམས་བརྒྱ་ཕྲག་ལྔ་ལྔ་རྣམས་ཀྱིས་ཕྱེད་མར་བྱས་པ་ནི་ལྔ་བརྒྱ་པ་བཅུ་རྣམས་སུ་འགྱུར་རོ། །དུས་བཅུ་རྣམས་ཏེ། སྔོན་ལ་རེ་ཞིག་རྟོགས་པའི་དུས་དང་སྒྲུབ་པའི་དུས་དང་ལུང་གི་དུས་ཞེས་པ་གསུམ་མོ། །སླར་ཡང་སོ་སོར་རྣམ་པ་གསུམ་སྟེ། དགྲ་བཅོམ་པ་

དང་ཕྱིར་མི་འོང་བ་དང་རྒྱུན་དུ་ཞུགས་པ་དང་། ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ཆོས་མངོན་པ་དང་། མདོ་སྡེ་དང་འདུལ་བའི་སྡེ་སྣོད་ཀྱི་དུས་ཏེ། དགུ་པོ་རྣམ་གྲངས་ཇི་ལྟ་བར་ལྔ་བརྒྱ་པ་དགུ་རྣམས་ལའོ། །བཅུ་པའི་དུས་ནི་རྟགས་ཙམ་སྟེ། འདི་ཉིད་ལྔ་བརྒྱ་པ་ཐ་

Vol. 109 · folio 263a

མའོ་ཞེས་སྨྲའོ། །སྤྲོས་པས་ཆོག་གོ། །ཡེ་ཤེས་ལྔ་པོ་རྣམས་ཀྱང་སྔར་ནི་མདོར་བསྡུས་པས་རྣམ་པར་གཞག་ལ། འདིར་ནི་རྒྱས་པར་བྱའོ། །དེ་ལ་དང་པོ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་བདག་ཉིད་གཅིག་པའི་ཡེ་ཤེས་སོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་མཐའ་དག་

ཐོས་པའི་བག་ཆགས་ཡོངས་སུ་སྨིན་པ་ལས། ས་མ་ལུས་པ་སྒོམ་པའི་རྒྱུ་ཅན་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པའི་ཆེད་དུ་ཉེ་བར་གནས་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་ཚད་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་རྗེས་སུ་སོང་བ་དང་། ཉོན་མོངས་པ་དང་ཤེས་

བྱའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པའི་རང་བཞིན་དང་། འཕགས་པའི་ཆོས་ཐམས་ཅད་བསྐྱེད་པའི་རྒྱུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དོ། །གལ་ཏེ་

དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ཉིད་ཡིན་ཞིང་། དེ་ཡང་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ན། ཆོས་ཀྱང་རྣམ་པ་སྣ་ཚོགས་པ་རྣམས་ཏེ་སོ་སོ་རང་གི་མཚན་ཉིད་ཐ་དད་པའི་ཕྱིར། དེའི་རྗེས་སུ་སོན་པའི་ཆོས་ཀྱི་དབྱིངས་

ཅི་ལྟར་ཐ་དད་པ་མ་ཡིན་ཏེ། ཐ་དད་པ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་པར་གྱུར་ན་ཡང་ཇི་ལྟར་སྤྱིའི་མཚན་ཉིད་ཡིན་ཞེ་ན། དཔེར་ན་ནམ་མཁའ་དངོས་པོ་མེད་པ་བུམ་པ་དང་སྣམ་བུ་ལ་སོགས་པ་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་སོན་ཀྱང་ཐ་དད་པ་མ་ཡིན་པར་རྟོགས་པར་བྱ་སྟེ། བུམ་

པའི་ནམ་མཁའ་དང་སྣམ་བུའི་ནམ་མཁའ་ཞེས་པ་ལ་སོགས་པ་ནི་ཐ་སྙད་ཙམ་མོ། །དེ་བཞིན་དུ་ཆོས་ཉིད་དེའི་བདག་ཉིད་ཀྱིས་གཟུགས་ལ་སོགས་པ་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་སོན་ཡང་ཐ་དད་པ་མ་ཡིན་ཏེ། སྤྲོས་པ་མ་ལུས་པ་ལས་ལྡོག་པ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་

པའི་ཕྱིར་རོ། །གཟུགས་ཀྱི་སྟོང་པ་ཉིད་ནས་ཇི་སྲིད་དུ་རྣམ་པར་ཤེས་པའི་སྟོང་པ་ཉིད་ཅེས་པ་ལ་སོགས་པ་ནི་ཁྱད་པར་གཞན་སྤངས་པས་ཐ་སྙད་ཙམ་མོ། །ཁྱད་པར་གཞན་མི་སྤོང་བ་ནི་རབ་འབྱོར་གཟུགས་སྟོང་པའོ་ནས་རྣམ་པར་ཤེས་པ་སྟོང་པའོ་ཞེས་པའི་བར་ཀྱང་ངོ་། །གང་ཞིག་རྟེན་ཅིང་

Vol. 109 · folio 263b

འབྲེལ་པར་འབྱུང་། །དེ་ནི་སྟོང་པ་ཉིད་དུ་བརྗོད། །དེ་ནི་བརྟེན་ནས་བརྟགས་པའོ། །དབུ་མ་ཡི་ནི་ལམ་ཉིད་དོ། །ཞེས་པ་དང་། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་པའི་རིགས་པ་ལས་སོ། །དོན་དམ་པར་ནི་ཆོས་ཀྱི་དབྱིངས་འདིར་རང་གི་ངོ་བོ་སྤོང་བའམ་

ངོ་བོ་གཞན་ཉེ་བར་ལེན་པ་མ་ཡིན་ནོ། །དེ་གསུངས་པ། ལྡོག་པ་རང་བཞིན་མེད་ཉིད་ཕྱིར། །ཐ་དད་ཐ་དད་མེད་རྟག་མིན། །ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ནམ་མཁའ་ནམ་མཁའ་ཞེས་བརྗོད་དེ། ནམ་མཁའ་ནི་བརྗོད་དུ་མེད་པའོ། །དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་

ཅེས་བརྗོད་དེ་སྟོང་པ་ཉིད་ནི་བརྗོད་དུ་མེད་པའོ་ཞེས་སོ། །ཆོས་བསྟན་པ་དོན་མེད་པར་ཐལ་བ་ཡང་མ་ཡིན་ཏེ། དེ་རྟོགས་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་ཏེ། བརྒྱུད་པར་ཕྲིན་གྱི་ཡི་གེ་མཐོང་བས་དོན་རྟོགས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པ་གང་བརྗོད་དུ་མེད་

པའི་དོན་བརྗོད་པས་གསལ་བར་བྱེད་པ་དེ་འདི་ནམ་མཁའ་ལ་ཚོན་གྱི་རི་མོ་འགོད་པ་བཞིན་དུ་ཤིན་ཏུ་ངོ་མཚར་བའོ། །ཇི་སྐད་དུ་གསུངས་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་སྐྱེས་བུ་འགའ་ཞིག་ཁོ་ན་ནམ་མཁའ་གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་རྣམ་པར་རིག་བྱེད་མ་ཡིན་པ་འདི་ཚོན་

སྣ་ཚོགས་པས་བཀྲ་བར་བྱེད་དོ། །ཇི་སྲིད་དུ་བློ་གྲོས་རྒྱ་མཚོ་དེ་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཤིན་ཏུ་དཀའ་བ་མཛད་པ་སྟེ། གང་བརྗོད་དུ་མེད་པའི་ཆོས་མངོན་པར་རྫོགས་པར་བྱང་ཆུབ་ནས་བརྗོད་པས་སེམས་ཅན་ཕ་རོལ་རྣམས་ལ་རྣམ་པར་རིག་པར་བྱེད་པའོ་ཞེས་པ་ལ་

སོགས་པའི་བར་དུའོ། །ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་འདི་ཡང་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་རྫོགས་པས་ཐམས་ཅད་དུ་དབྱེར་མེད་པར་འཇུག་སྟེ། ཇི་ལྟར་རང་གི་སེམས་རྣམ་པར་དག་པར་ཡོངས་སུ་གྲུབ་ཅིང་རྟག་

ཏུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རང་བཞིན་ཡོངས་སུ་དག་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་འཇུག་པ་རང་བཞིན་གྱིས་ཡོངས་སུ་དག་པའོ། །འོན་ཀྱང་གློ་བུར་བའི་དྲི་མ་དང་བྲལ་བའི་ཕྱིར་རྣམ་པར་གཞག་པར་མི་བྱའོ། །དེའི་ཚེ་ཡང་སྐྱོན་རྣམས་ཀྱིས་

Vol. 109 · folio 264a

གོས་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་འདོད་ཆགས་ལ་སོགས་པ་ནི་སྐྱོན་རྣམས་ཏེ་སུན་དབྱུང་བར་བྱ་བ་ཉིད་ཀྱི་ཕྱིར་དང་སེམས་དྲི་མ་ཅན་དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱང་གློ་བུར་བ་སྟེ་བརྟགས་པའི་སྟོབས་ཀྱིས་འཇུག་

པའི་ཕྱིར་དེའི་རང་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་སྤང་བར་བྱ་བ་སྟེ་རང་བཞིན་ནི་སྤང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་གསུངས་པ། སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་སོ། །ཇི་ལྟར་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་ཀྱང་མིག་མ་དག་པ་

རྣམས་ལ་རབ་རིབ་ལ་སོགས་པས་ཉེ་བར་བཅོམ་པ་ལས་རྣམ་པར་མ་དག་པར་སྣང་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་ཀྱང་རང་གི་རྟོག་པས་ཀུན་ནས་བསླང་བའི་འདོད་ཆགས་ལ་སོགས་པའི་རྒྱུ་མཚན་ལས་ཤེས་རབ་ཀྱི་མིག་མ་རིག་པའི་རབ་རིབ་ཀྱིས་ཉེ་བར་བཅོམ་པ་རྣམས་ལ་རང་བཞིན་

གྱིས་ཡོངས་སུ་དག་པ་ཡང་ཕྱིན་ཅི་ལོག་ཏུ་སྣང་ངོ་། །རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་ཤེས་རབ་ཀྱི་སྤྱན་ཅན་རྣམས་ནི་དེ་ལྟར་མི་དགོངས་སོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཡང་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་ནི། ཁྱད་པར་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་

སྐུ་བསྟན་པར་བྱ་བའོ། །དེ་ཁོ་ན་དོན་དམ་པར་དེ་བཞིན་གཤེགས་པར་བརྗོད་དོ། །དུས་ཐམས་ཅད་དུ་དེ་བཞིན་ཁོ་ནར་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལ་ཡང་ཡོད་པའི་ཕྱིར། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་

གསུངས་སོ། །ཐམས་ཅད་ལ་གནས་ཀྱང་དེ་སེམས་ཅན་རྣམས་ཀྱི་རང་གི་སྒྲིབ་པའི་སྟོབས་བསྐྱེད་པ་ལས་དམུས་ལོང་གིས་ཉི་མ་བཞིན་དུ་མི་མཐོང་ངོ་། །ཇི་སྐད་དུ་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ། སྣོད་ཆག་པ་ཡི་ཟླ་བ་བཞིན། །སེམས་ཅན་སྐྱོན་ཅན་ལ་སྣང་མིན། །ཞེས་

སོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཡིན་ན་དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཚུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་འབད་རྩོལ་མེད་པས་ཅི་ལྟར་སེམས་ཅན་གྱི་དོན་མཛད་པའི་རྒྱུ་ཅན་གྱི་ཡེ་ཤེས་རྣམས་སྐྱེད་པར་བྱེད་ཅེ་ན། ནམ་མཁའ་

Vol. 109 · folio 264b

བཞིན་ཏེ། དཔེར་ན། ནམ་མཁའ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོས་སྐབས་སྟེར་བར་བྱེད་ཅིང་རྣམ་པར་རྟོག་པར་ཡང་མི་བྱེད་པ་དང་། དཔེར་ན་ཟླ་བ་དང་ཉི་མ་དང་སྒྲོན་མ་ལ་སོགས་པ་རྣམས་ཀྱི་འོད་ཟེར་རྣམས་དེ་ལ་འབད་རྩོལ་མེད་པར་སྐྱེས་ནས་གཟུགས་

ལ་སོགས་པ་རྣམས་རབ་ཏུ་གསལ་བར་བྱེད་པ་དང་། ཡིད་བཞིན་གྱི་ནོར་བུ་རྣམས་ཀྱང་འབད་རྩོལ་དང་བྲལ་བར་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེའི་བདག་ཉིད་ཀྱིས་གནས་པ་ནི་འབད་

པ་མེད་པར་དོན་ཐམས་ཅད་མཛད་པར་རྣམ་པར་གཞག་སྟེ། དེའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་བསྐྱེད་པ་ལ་རྒྱུ་མཚན་གྱི་དངོས་པོར་འགྱུར་བའམ། ཡེ་ཤེས་ཀྱི་སྤྲུལ་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་

ཉིད་སེམས་ཅན་གྱི་བྱ་བ་སྒྲུབ་པའི་རྒྱུ་མཚན་རྣམས་ཐམས་ཅད་ལ་ནམ་མཁའ་བཞིན་དུ་གོ་སྐབས་འབྱིན་པར་བྱེད་དོ། །མི་ཟད་པ་ཉིད་ཀྱིས་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་དང་ཐོགས་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ལས་ཀྱང་སྔོན་གྱི་མངོན་པར་འདུ་བྱེད་པའི་དབང་ལས་དེའི་བདག་ཉིད་རྐྱེན་གྱིས་སྐྱེ་

བའི་ཕྱིར་རོ། །འདི་ཁོ་ན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་བསམ་གྱིས་མི་ཁྱབ་པའི་ངོ་བོ་སྟེ། གང་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ་རྣམས་འཁོར་བའི་མཐའི་བར་གྱི་བསྐལ་པར་བྱིན་གྱིས་རློབ་པ་དང་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཆོས་ཀྱི་སྐུའི་

གནས་སྐབས་ལས་རྣམ་པར་རྟོག་པ་མེད་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དང་། སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའོ། །གལ་ཏེ་ཡང་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ལ་འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་མོད། དེ་

ལྟ་ན་ཡང་སྔོན་གྱི་འཕེན་པའི་དབང་ལས་རབ་ཏུ་ངེས་པར་བཟུང་ནས། གཉིད་སད་པ་བཞིན་དང་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བ་བཞིན་དུ། ཇི་སྐད་བརྗོད་པའི་བྱ་བ་རྣམས་རབ་ཏུ་མཁྱེན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་ངེས་པར་བསྟན་པར་གསུངས་པ། འདི་ལྟ་སྟེ། དགེ་སློང་གཎྜཱི་

Vol. 109 · folio 265a

བྱིན་གྱིས་བརླབས་ནས། འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་གྱི། གཎྜཱིའི་སྒྲ་དེའི་རྣ་བར་ཉེ་བར་ལྟུང་བ་ཡང་མ་ཡིན་ལ་རྣམ་པར་རྟོག་པར་བྱེད་པ་ཡང་མ་ཡིན་ཏེ། འོན་ཀྱང་ལྡང་བར་འགྱུར་རོ་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཡང་ཡེ་ཤེས་དང་

སྤྲུལ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་བྱ་བ་སྒྲུབ་པ་ལ་དབྱེར་མེད་པར་འཇུག་གི །སྐྱེ་བ་དང་འགག་པ་དག་ནི་མ་ཡིན་ནོ། །དེ་ཁོ་ན་མངོན་པར་དགོངས་ནས་གསུངས་པ། འཇམ་དཔལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་པ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་པ་ལ་སོགས་པ་དང་།

ལྷའི་བུ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ནི་སངས་རྒྱས་འབྱུང་བ་སྟེ། དེ་ལྟ་ན་ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ་ཞེས་པ་ལ་སོགས་པའོ། །གཟུགས་ལ་སོགས་པ་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་ཅན་རྣམས་ལ་ཡང་སྐྱེ་བ་ལ་སོགས་པ་རྣམས་ཡོད་པ་མ་ཡིན་པ་ལ་ཀུན་རྫོབ་ཏུ་ནི་

རྣམ་པར་གཞག་གོ། །དེ་བཞིན་དུ་ཡེ་ཤེས་དང་སྤྲུལ་པ་ལ་སོགས་པ་ཐམས་ཅད་ཀྱང་ངོ་། །གལ་ཏེ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན། དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་སྒྲུབ་པའི་ཆེད་དུ་གསུངས་པ་དང་བཞུད་པ་དང་འབྱོན་པར་བྱེད་

པས། དེ་དང་ཐ་མི་དད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱང་སྨྲ་བ་དང་འགྲོ་བ་དང་འོང་བར་ཐལ་བས་ཅིག་ཤོས་དང་འདྲ་བར་རྣམ་པར་དག་པ་མེད་པ་དང་སྐྱེ་བ་ལ་སོགས་པར་ཐལ་ལོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་དོན་དམ་པར་དེ་བཞིན་གཤེགས་པ་སྟེ་ཆོས་ཀྱི་དབྱིངས་ཀྱང་སེམས་

ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་སོན་པའོ། །དེ་རྣམས་ཀྱང་རང་གི་ས་བོན་ཡོངས་སུ་སྨིན་པའི་དབང་ལས་དང་དེའི་བདག་པོ་ཉིད་ལས་དེའི་ངོ་བོའི་བྱ་བ་སོ་སོར་སྣང་བའི་རྣམ་པར་རིག་པ་ཉེ་བར་སྐྱེས་པས་ན་དེ་ལྟར་རབ་ཏུ་འཇུག་སྟེ། གང་དེ་བཞིན་གཤེགས་པ་སྟེ། ཆོས་བསྟན་པ་དང་བཞུད་པ་ལ་

སོགས་པ་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་དོ་ཞེས་ཐ་སྙད་འདོགས་པའོ། །དེ་བཞིན་གཤེགས་པ་ནི་བདག་པོ་ཉིད་ཙམ་མ་གཏོགས་པའི་བྱ་བ་གཞན་ཡོད་པ་མ་ཡིན་ཏེ། གང་ལས་དེའི་ངོ་བོའི་བྱ་བར་འགྱུར་བའོ། །ཇི་སྐད་དུ་འཕགས་པས་གསུངས་པ། ཁྱོད་ཀྱིས་ཡི་གེ་གཅིག་ཀྱང་

Vol. 109 · folio 265b

ནི། །ཅུང་ཟད་བཤད་པ་མེད་པར་ནི། །གཙོ་བོས་གདུལ་བྱའི་སྐྱེ་བོ་ཀུན། །ཆོས་ཀྱི་ཆར་པས་ཚིམ་པར་མཛད། །ཅེས་སོ། །བཅོམ་ལྡན་འདས་མ་བར་མར་ཡང་། རིགས་ཀྱི་བུ་ངེས་པར་དེ་བཞིན་གཤེགས་པ་ནི་གང་དུ་ཡང་བཞུད་པའམ་བྱོན་པ་མེད་དེ། གང་གི་ཕྱིར་དེ་བཞིན་ཉིད་ནི་གཡོ་བ་

མེད་པའོ་ནས། ཇི་སྲིད་དུ་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ་ཞེས་པ་ལ་སོགས་པའོ། །གཟུགས་ཀྱི་སྐུ་ལ་མངོན་པར་དགོངས་ནས་དེ་བཞིན་གཤེགས་པ་གཤེགས་སོ་ཞེས་པ་ལ་སོགས་པ་གསུངས་ཏེ་འགལ་བ་མེད་དོ། །གལ་ཏེ་སངས་རྒྱས་ཐམས་ཅད་ཀྱི་དབྱིངས་རྣམ་པར་དག་

པའི་བདག་ཉིད་ཡིན་ན་ཅི་ལྟར་ཁྱེད་དང་བདག་གི་དོན་ཉིད་དུ་འབད་རྩོལ་མེད་པར་འཁོར་གྱི་དཀྱིལ་འཁོར་ཐ་དད་ཅེ་ན། ཆོས་ཀྱི་སྐུ་ཐ་དད་པ་མེད་པའི་དེ་བཞིན་གཤེགས་པས་སྤྲོས་པ་མེད་པའི་ངོ་བོ་ཅན་སྔོན་གྱི་སྨོན་ལམ་གྱི་དབང་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཐ་དད་པ་ཅན་རྣམས་

ཀྱི་ཡང་རང་གི་འདུས་བྱས་པའི་སྟོབས་ཀྱིས་བྱུང་བ་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་ཉེ་བར་དམིགས་ལ། སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་དང་བཀོད་པ་སྣ་ཚོགས་པ་རྣམས་ཀྱང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་བདག་དང་བདག་གིར་འཛིན་པ་དང་།

གཟུང་བ་དང་འཛིན་པའི་རྣམ་རྟོག་གིས་དབེན་པ་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ། ཉོན་མོངས་པའི་དྲི་མ་དང་རྣམ་པར་རྟོག་པ་མཐའ་དག་སྤངས་པ། གཡོ་བ་མེད་པ། ཡེ་ཤེས་མ་ལུས་པའི་རྟེན་གྱི་རང་བཞིན་དམིགས་པ་མ་ལུས་པ་ལ་བརྗེད་ངས་མེད་པ། ཡུལ་དང་དབང་པོ་དང་

ཤེས་པའི་གཟུགས་བརྙན་འཆར་བའི་རྒྱུ་མཚན་ཤེས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། དེ་བཞིན་ཉིད་རྣམ་པར་དག་པ་ལ་དམིགས་པའོ། །དེ་ཡང་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱས་ནས་འབྱུང་བ་སྟེ། དེ་བཞིན་གཤེགས་པ་ནི་དེའི་བདག་ཉིད་ཀྱི་ཕྱིར། དེས་རང་རིག་པའི་རྣམ་པས་རང་

དང་སྤྱིའི་མཚན་ཉིད་ཀྱི་རྗེས་སུ་སོན་པའི་སྐྱེ་མཆེད་ལ་སོགས་པ་གཟུགས་བརྙན་དང་འདྲ་བར་སོ་སོར་སྣང་བ་རྣམས་དེའི་རྣམ་པ་ཉེ་བར་འཛིན་པའི་ཕྱིར་ན་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ནི་བརྗེད་ངས་པ་མེད་པའི་ཆོས་ཉིད་ཅན་དུ་ཡང་དེ་ཉིད་ཀྱི་ཕྱིར་རིག་སྟེ།

Vol. 109 · folio 266a

ཤེས་བྱ་མཐའ་དག་ལ་བརྗེད་ངས་པ་མེད་པའི་ཕྱིར་རོ། །གཞན་དུ་ན་མེ་ལོང་ལྟ་བུའི་ཡེ་ཤེས་མེད་ན་ཅི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། ཤེས་བྱའི་ཕུང་པོ་མཐའ་དག་རང་གི་ངོ་བོ་བཞིན་དུ་དེ་ལ་རབ་ཏུ་གསལ་བས་སོ། །དུས་གསུམ་པའི་སྲོག་ཆགས་སུ་གྱུར་པ་

ཐམས་ཅད་ཀྱི་ཤེས་པ་ཡང་དེས་ཡང་དག་པར་མི་རིག་པ་འབྱུང་བ་མེད་དེ། ཐམས་ཅད་ཡང་དག་པར་རིག་པ་ཁོ་ནའོ། །ཡང་ན་དེ་བཞིན་གཤེགས་པའི་མེ་ལོང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། རྒྱུད་གཞན་རྣམས་ལ་ཡང་སྐྱེ་མཆེད་དང་དེའི་ཡུལ་དང་རྣམ་པར་ཤེས་པའི་གཟུགས་

བརྙན་རྣམས་འཇིག་རྟེན་གྱིས་ཤེས་པར་འགྱུར་ཏེ། དེ་མེད་ན་དེ་རྣམས་མི་འབྱུང་བའི་ཕྱིར་ལ། འབྱུང་བའི་དུས་ཉིད་ན་ཡང་ཡང་དག་པར་རིག་པའི་ཕྱིར་རོ། །དེའི་ཕྱིར་འདི་གསུངས་ཏེ། དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། སྐྱེ་མཆེད་དང་དེའི་

ཡུལ་དང་རྣམ་པར་ཤེས་པའི་གཟུགས་བརྙན་རྣམས་རྣམ་པར་རིག་པར་བྱེད་དོ་ཞེས་སོ། །དེའི་དབང་གིས་དེ་རྣམས་འབྱུང་བའོ་ཞེས་དགོངས་པ་སྟེ། ས་བོན་ཡོད་ནའང་ས་གཞི་ལ་སོགས་པ་མེད་པ་ལས་མྱུ་གུ་མི་སྐྱེ་བ་བཞིན་དང་། གཟུགས་ཡོད་ཀྱང་མེ་ལོང་མེད་པའི་ཕྱིར་གཟུགས་

བརྙན་མི་འཆར་བ་བཞིན་ནོ། །འདི་ཡང་མི་གཡོ་བ་བསྐྱོད་བྱ་མ་ཡིན་པ་སྟེ། རྣམ་པར་རྟོག་པའི་ཡོངས་སུ་གཡོ་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་དང་། རྒྱུན་གྱིས་རྟག་ཏུ་རྗེས་སུ་སོན་པ་ཉིད་ཀྱི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གསུམ་རྣམས་ནི་གཡོ་བ་ཡང་སྟེ་རེས་

འགའ་བ་ཉིད་དུ་ཐ་སྙད་བྱ་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འདི་ཤེས་པ་འབྱུང་བའི་ཕྱིར་རྒྱུ་མཚན་ཡིན་ན་དེའི་ཕྱིར་དེའི་དབང་གིས་འབྱུང་བ་སྲོག་ཆགས་ཐམས་ཅད་ཀྱི་ཤེས་པའི་གཟུགས་བརྙན་རྣམས་ཅིག་ཅར་རམ་ཐམས་ཅད་ཀྱི་ཚེ་འཆར་བར་ཐལ་བར་ཅི་ལྟར་མི་འགྱུར་ཞེ་ན། ཇི་ལྟར་མེ་ལོང་གི་

དཀྱིལ་འཁོར་ནི་གཟུགས་བརྙན་སྣ་ཚོགས་འཆར་བའི་རྒྱུ་མཚན་དུ་འགྱུར་ཞིང་རྟག་ཏུ་གཟུགས་བརྙན་འཆར་བར་བྱེད་པའང་མ་ཡིན་ཏེ། གཟུགས་བརྙན་གྱི་རྐྱེན་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་མེ་ལོང་གི་ཡེ་ཤེས་ནི་སེམས་ཅན་དང་། དུས་ཀྱི་རྐྱེན་གྱི་ཁྱད་པར་ལ་ལྟོས་པ་སྟེ། མུ་སྟེགས་པ་ལ་

Vol. 109 · folio 266b

སོགས་པ་ཁ་ཅིག་ནི་མི་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་དམ་པ་མ་ཡིན་པའི་ཆོས་ཉན་པས་བསྒྲིབས། ཁ་ཅིག་ནི་དམ་པའི་ཆོས་སྤོང་བའི་མཚན་ཉིད་ཀྱིས་དམ་པའི་ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བྱེད། ཁ་ཅིག་ནི་ཉོན་མོངས་པའི་སྒྲིབ་པས་བསྒྲིབས། ཁ་ཅིག་ནི་ལས་ཀྱི་སྒྲིབ་པ་

དྲག་པོས་བསྒྲིབས། ཁ་ཅིག་ནི་ངན་སོང་གསུམ་དང་བྱང་གི་སྒྲ་མི་སྙན་པའི་མི་དང་འདུ་ཤེས་མེད་པའི་སེམས་ཅན་གྱི་ངོ་བོ་རྣམ་པར་སྨིན་པའི་སྒྲིབ་པས་བསྒྲིབས། ཁ་ཅིག་ནི་མི་ཁོམ་པར་ལྟུང་། ཁ་ཅིག་ནི་ཐེག་པ་དམན་པའི་རིགས་ཅན་རྣམས་ཏེ། འདི་རྣམས་ཐམས་ཅད་དུས་རེ་ཞིག་

པའི་སྣོད་མ་ཡིན་པ་རྣམས་སོ། །ཇི་སྐད་དུ་མདོ་སྡེ་རྒྱན་དུ་གསུངས་པ། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་ནི་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ནི་མི་སྣང་ངོ་། །ཇི་ལྟར་མེ་ནི་གཞན་དུ་འབར། །སླར་ཡང་གཞན་དུ་ཞི་བ་ལྟར། །དེ་བཞིན་སངས་

རྒྱས་རྣམས་ལ་ཡང་། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་དང་། སངས་རྒྱས་ཀྱིས་གདུལ་བར་བྱ་བ་རྣམས་ཡོད་པ་ན། སངས་རྒྱས་འབྱུང་བའི་ཕྱིར་དེ་སྣང་གི་རྣམ་པར་བརྟུལ་ཟིན་པ་ན། མྱ་ངན་ལས་འདས་པའི་ཕྱིར་དེ་མི་སྣང་ངོ་། །གསུངས་པ། སྐྱེ་བོའི་བསོད་ནམས་ཀྱིས་དང་

སྨོན་ལམ་ཁྱད་པར་ལས། །འཕངས་ཕྱིར་འདི་ཡི་འཇུག་པ་ཤིན་ཏུ་བསམ་མི་ཁྱབ། །ཅེས་སོ། །སྙིང་རྗེ་ཆན་པོའི་རང་བཞིན་ཆོས་ཀྱི་སྐུ་ནི་རྟག་པ་སྟེ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ན། །གང་དང་གང་ལ་གང་ཚེ་དང་། །གང་ཚེ་བྱ་བ་ཕན་འགྱུར་བ། །དེ་དང་དེ་ལ་དེ་སྣང་ངོ་། །ཐམས་ཅད་ཀྱི་

ཚེ་ཡིད་བཞིན་གྱི་ནོར་བུ་ལྟར་གནས་ཀྱང་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པས་བསྐྱེད་པས་རྒྱུ་མ་ཚང་བ་ལས་འབྲས་བུ་སྟེར་བར་སྣང་བ་མ་ཡིན་ཏེ། དཔེར་ན་ལྷའི་རྒྱལ་པོས་ཆར་ཕབ་ཏུ་ཟིན་ཀྱང་རུལ་བར་གྱུར་པ་ལ་སོགས་པས་ས་བོན་དུ་མི་རུང་བར་གྱུར་པའི་ཤཱ་ལི་ལ་

སོགས་པའི་ས་བོན་ནི་མྱུ་གུ་སྐྱེད་པར་མི་བྱེད་པ་བཞིན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་བྱང་ཆུབ་སེམས་དཔའ་ས་མཐོང་བའི་ལམ་མངོན་པར་རྟོགས་པའི་དུས་སུ་བདག་དང་གཞན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་ལ། དེ་ཉིད་ལ་དམིགས་པ་དེ་ཁོ་ན་ས་གོང་ནས་གོང་དུ་སྒོམ་པ་རབ་ཏུ་གྱུར་

Vol. 109 · folio 267a

པའི་རྣལ་འབྱོར་གྱིས་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་ཀྱི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པ། དབྱིབས་དང་ཁ་དོག་གི་བདག་གི་དངོས་པོ་སྐུ་རྣམ་པ་སྣ་ཚོགས་པ་སྟོན་པའི་ཐབས་སུ་རྣམ་པར་གཞག་གོ། །དེ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་

བུའི་ཡེ་ཤེས་ལས་ཁྱད་པར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཙམ་དང་དེའི་ཆོས་ཉིད་ཀྱི་ཡུལ་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པའོ། །ཇི་སྐད་དུ་གསུངས་པ། ཚངས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་

དུ་ཆུད་པ་ཡང་བྱང་ཆུབ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་གཟིགས་པ་སྟེ་འདྲ་བ་ཁོ་ན་ནི་ཚངས་པ་ཆོས་དེ་རྣམས་སོ་ཞེས་དང་། སླར་ཡང་གསུངས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་གཏོགས་པའི་ཆོས་དེ་རྡུལ་ཙམ་ཡང་མ་མཐོང་ངོ་ཞེས་སོ། །རྟེན་ཅིང་འབྲེལ་པར་

འབྱུང་བའི་ཆོས་ཉིད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ཡང་དག་པར་འཇུག་པ་ཉིད་དུ་མངོན་པར་དགོངས་ནས་གསུངས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེ་ནི་ཆོས་མཐོང་བའོ། །གང་ཆོས་མཐོང་བ་དེ་ནི་སངས་རྒྱས་མཐོང་བའོ་ཞེས་སོ། །དོན་དམ་པའི་ཆོས་ཡིན་པ་ཉིད་ཀྱི་

ཕྱིར་དང་དོན་དམ་པའི་སངས་རྒྱས་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ནི་ཐམས་ཅད་དུ་ཐ་དད་པ་མེད་དོ། །ཚད་མེད་པ་རྣམས་ཀྱང་མི་གཡོ་བ་ནས་བཟུང་ནས་རྣམ་པར་སྨིན་པ་པ་དང་། མངོན་པར་འདུ་བྱེད་པ་མེད་པར་འབྱུང་བ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པ་དང་། ཆོས་ཀྱི་

དབྱིངས་ཀྱི་ཡུལ་ཅན་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་དམིགས་པ་མེད་པ་ཞེས་བརྗོད་དོ། །དེ་རྣམས་ཉིད་སངས་རྒྱས་ཀྱི་ས་ལ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྟག་ཏུ་རྗེས་སུ་སོན་པ་སྟེ། བྱ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་རྣམས་ཀྱི་

མཉམ་པ་ཉིད་དེ། ཐམས་ཅད་དུ་ཁྱད་པར་མེད་པར་འཇུག་པའི་ཕྱིར་རམ་ཡང་ན་དེ་རྣམས་ཁོ་ན་མཉམ་པ་ཉིད་དེ་མཉམ་པ་ཉིད་ལ་དམིགས་པའི་ཕྱིར་རོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་དང་ལམ་དང་འབྲས་བུ་དག་ཀྱང་མཉམ་པ་ཉིད་དེ་རང་བཞིན་གྱིས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །རྙེད་

Vol. 109 · folio 267b

པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ཐམས་ཅད་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར། གཅིག་ཏུ་མཉམ་པ་ཉིད་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་མཉམ་པ་ཉིད་དུ་ཡོངས་སུ་རྫོགས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་

གཟུངས་དང་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་སོ་སོ་ཡང་དག་པར་རིག་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཐམས་ཅད་ཀྱི་ཡང་དག་པར་འཛིན་པ་ཉིད་ཀྱིས་སྐྱེ་བའི་སྒོ། ཤེས་བྱའི་རྣམ་པ་ཐ་དད་པ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་བཻ་ཌཱུརྱ་ལ་

སོགས་པའི་རང་བཞིན་གྱི་སྐུ་ཡང་དག་པར་སྟོན་པའི་ཐབས། ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱུའི་ཆོས་རབ་ཏུ་གསལ་བར་བྱེད་པའོ། །རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན། རྣམ་པ་ཤིན་ཏུ་རྣམ་པར་ཕྱེད་པ་སྟེ། ཇི་ལྟར་ཆོས་དེ་རྣམས་མངོན་པར་ཐ་དད་པའི་རྣམ་པས་ཕྱེད་པ་ཡིན་པ་

དེ་ལྟ་ཁོ་ནར་སོ་སོར་རྟོག་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་རྒྱུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་འབྱོར་པ་སྣ་ཚོགས་པ་བསྟན་པ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་དང་དམ་པའི་ཆོས་རྫོགས་པར་ལོངས་སྤྱོད་པ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །ཁམས་དང་འགྲོ་བ་དང་སྐྱེ་

གནས་གཞན་གྱི་རྒྱུ་དང་འབྲས་བུས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་སོ་སོར་སྣང་བ་སྟེ། གང་གི་ཕྱིར་དེའི་བདག་རྐྱེན་ལས་རྟོགས་པ་པོ་རྣམས་དེ་ལྟར་རྣམ་པར་གཞག་པ་ཉེ་བར་འདོགས་པས་སོ། །དགའ་བའི་རྒྱུ་ཡང་སྟེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་སྣ་ཚོགས་པ་

རྣམས་ཀྱིས་དགའ་བར་བྱ་བ་ཉིད་ཀྱིས་དགའ་བ་ངེས་པར་འབྲེལ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་དགའ་བས་སོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་ཚད་

མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཐབས་སྣ་ཚོགས་པ་རྣམས་ཀྱིས་ཕ་རོལ་ལ་ཕན་པ་བྱེད་པའི་རྒྱུད་གཅིག་པ་ཅན་ཏེ་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་སྤྲུལ་པའི་སྐུའོ། །དེ་ཡང་རྣམ་པ་གསུམ་སྟེ། སྐུའི་

Vol. 109 · folio 268a

སྤྲུལ་པ་དང་། གསུང་གི་སྤྲུལ་པ་དང་། ཐུགས་ཀྱི་སྤྲུལ་པའོ། །དེ་ལ་སྐུའི་སྤྲུལ་པ་རྣམ་པ་གསུམ་སྟེ། རྫུ་འཕྲུལ་ཀུན་དུ་སྟོན་པ་དང་། སྐྱེ་བ་ཀུན་དུ་སྟོན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ཀུན་དུ་སྟོན་པའོ། །དེ་རྣམས་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་མཛད་དེ།

དང་པོར་མངོན་དུ་ཕྱོགས་པ་བསྐྱེད་པ་ལས་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་ཏེ། དཔེར་ན། ལྟེང་རྒྱས་འོང་སྲུངས་ལ་སོགས་པ་བཞིན་ནོ། །ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་མཛད་དེ། ལས་སུ་རུང་བ་ཉིད་དུ་བསྐྱེད་པ་ལས་དགེ་བའི་རྩ་བ་རྒྱས་པར་མཛད་པ་ཉིད་ཀྱིས་སོ། །རྗེས་སུ་བསྟན་

པའི་ཆོས་འཕྲུལ་གྱིས་ཁམས་གསུམ་པ་དང་ངན་འགྲོ་ལས་རྣམ་པར་གྲོལ་བར་མཛད་དེ། དེའི་ཉེ་བར་བསྟན་པའི་སྟོབས་ཀྱིས་འཕགས་པའི་ལམ་བསྐྱེད་པའི་ཕྱིར་དང་། འོད་ཟེར་འགྱེད་པ་ལ་སོགས་པས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ཤིང་སྔོན་གྱི་དགེ་བའི་རྩ་བ་དྲན་པར་བྱས་ནས་བདེ་འགྲོ་ལ་རབ་ཏུ་

དགོད་པའི་ཕྱིར་རོ། །ཆོ་འཕྲུལ་གསུམ་རྣམས་ཀྱང་གནས་པ་བཞི་རྣམས་ཀྱིས་བྱེད་དེ། དེ་ལ་སྤྱོད་ལམ་གྱིས་གནས་པ་ནི་སྐུའི་ལས་ཐམས་ཅད་དོ། །སྟོན་པས་གནས་པ་ནི་གསུང་གི་ལས་ཐམས་ཅད་དོ། །ཏིང་ངེ་འཛིན་གྱིས་གནས་པ་ནི་གང་རང་བཞིན་གྱིས་མཉམ་པར་གཞག་

པ་དང་། གང་ཡང་ཏིང་ངེ་འཛིན་ལ་ཡང་དག་པར་ཕྱོགས་པར་བྱེད་པས་ཏེ་དེ་གཉིས་ཡིད་ཀྱི་ལས་སོ། །སྙོམས་པར་འཇུག་པས་གནས་པ་ནི་གང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་པ་དང་ལྷ་ལ་སོགས་པ་ནས་འཕོ་བ་ན་ཡང་སྟེ། དེ་གཉིས་ཀ་ཡིད་ཀྱི་ལས་སོ། །སྐྱེ་བ་

ཀུན་དུ་སྟོན་པ་ནི་དེ་བཞིན་གཤེགས་པ་རྣམས་ཅིག་ཅར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་སྐྱེ་བ་ཉེ་བར་སྟོན་པའོ། །ལས་ཀྱི་རྣམ་པར་སྨིན་པ་ཀུན་དུ་སྟོན་པ་ནི་ལས་ཀྱི་འགྲོ་བ་ཡང་དག་པར་སྟོན་པ་སྟེ། འདོད་པ་དང་མི་འདོད་པའི་ལས་ཀྱི་འབྲས་བུ་ལ་ཉེ་

བར་ལོངས་སྤྱོད་པ་ཡང་དག་པར་སྟོན་པའི་ཕྱིར་རོ། །གང་གི་ཕྱིར་བདེ་བ་དང་སྡུག་བསྔལ་ལུས་ཀྱིས་མྱོང་བ་སྔོན་གྱི་ལས་ཀྱི་འབྲས་བུ་ལས་ཀྱི་ལུས་ཀྱི་རྟེན་ཅན་སྐྱེ་ལ། སྔོན་གྱི་ལས་ཀྱིས་སྤྲུལ་པའི་ལུས་ནི་ལས་ཀྱི་ལུས་སོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཁོ་ན་སྐུ་སྤྲུལ་པ་པོ་ལས་ཀྱི་སྐུ་སྟེ་སོ་

Vol. 109 · folio 268b

སོར་སྣང་བའི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟེ། དེ་ལྟ་བུ་བྱུང་བ་དང་སྤྱོད་ཚུལ་གྱི་མཐའ་སྟོན་པ་དང་སྐྱེས་པའི་རབས་ཐམས་ཅད་སྒྲོལ་ལ་སོགས་པའོ། །དེ་ཐམས་ཅད་ཀྱང་སྤྲུལ་པའི་སྐུར་སྟོན་པ་སྟེ། དཔེར་ན་མཐེ་བོའི་རྩེ་མོ་སྣད་པ་ལ་སོགས་བསྟན་པ་བཞིན་ནོ། །

དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེའི་སྙིང་པོའི་སྐུ་ཅན་ཉེ་བར་འཕོ་བ་མེད་པའི་ཆོས་ཅན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལ་ཡང་འདོད་པའི་ཁམས་ཀྱི་དབང་ཕྱུག་འབྱུང་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུའི་འཁོར་ཅན་གྱིས་འབད་པ་དྲག་པོས། མཚོན་ཆའི་ཁྱད་པར་དེ་དང་དེ་

རྣམས་ཀྱིས་ཉེ་བར་བསྣུན་པའི་ཁྱད་པར་རྣམས་ཀྱིས་ཀྱང་། བ་སྤུ་གཅིག་ལངས་པའི་ཉམས་པའང་སྐྱེས་པ་མེད་ན་རྣམ་པ་གཞན་དུ་ལྟ་ཅི་ཞིག །དེ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ་ཡང་ལྷས་བྱིན་མིང་ཙམ་ཉིད་ཀྱིས་ཉེས་པར་སྤྱོད་པ་བྱས་སོ་ཞེས་པ་འདི་ཇི་ལྟར་ཞེ་ན། དེའི་

ཕྱིར་འདི་ཐམས་ཅད་ནི་སྲོག་ཆགས་རྣམས་དགེ་བ་དང་མི་དགེ་བའི་བྱ་བ་ལ་རབ་ཏུ་འཇུག་པ་དང་ལྡོག་པའི་དོན་དུ་དེ་དང་སྐལ་བ་མཉམ་པ་ཉིད་བསྟན་པས་གདུལ་བའི་ཕྱིར་རོ། །དཀའ་བ་སྤྱོད་པ་སྟོན་པ་ནི་དེ་ལྟར་བསྟན་པས་གདུལ་བར་བྱ་བ་རྣམས་གདུལ་བྱའི་དོན་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་

དག་པར་མི་འགྱུར་གྱི་ཡེ་ཤེས་ཀྱིས་དག་པའོ་ཞེས་རབ་ཏུ་བསྟན་པའི་དོན་དུ་ཡང་ངོ་། །བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་པ་འདིའི་འབྲས་བུའོ་ཞེས་གསུངས་པ་ནི་ངག་གི་ཉེས་པར་སྤྱོད་པ་ལས་བཟློག་པའི་དོན་དུའོ། །སྐུའི་

སྤྲུལ་པ་དང་གསུང་གི་སྤྲུལ་པ་དེ་ཡང་རང་དང་གཞན་གྱི་ལུས་དང་འབྲེལ་པ་དང་མ་འབྲེལ་པ་ཡང་ངོ་། །ཐུགས་ཀྱི་སྤྲུལ་པ་ནི་རང་དང་གཞན་དང་འབྲེལ་པ་ཁོ་ནའོ། །དེ་ལ་སྐུའི་སྤྲུལ་པ་རང་གི་ལུས་དང་འབྲེལ་པ་ནི་བདག་ཉིད་འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་སུ་སྟོན་པ་སྟེ།

བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པ་དང་ལྡན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་ཀྱི་སྐུ་དང་གསུང་གི་འཇུག་པ་ནི་འཇིག་རྟེན་རྗེས་སུ་གཞུག་པ་ལས་ཀྱང་རིག་པར་བྱ་སྟེ། ཇི་ལྟར་མཉན་ཡོད་དུ་རྒྱལ་པོ་ཀ་པི་ན་

Vol. 109 · folio 269a

གདུལ་བའི་དོན་དུ་བདག་ཅག་གི་བཅོམ་ལྡན་འདས་ཀྱིས་འཁོར་ལོས་སྒྱུར་བའི་གཟུགས་འཛིན་པས་རྒྱན་རྣམས་ཀྱང་བཟུང་ཞིང་གཞུ་ཡང་བཟུང་ལ། འཁོར་དེ་ཉིད་དུ་ཉན་ཐོས་ཆེན་པོ་རྣམས་ཐམས་ཅད་ཀྱིས་ཀྱང་རྒྱལ་ཕྲན་ལ་སོགས་པའི་གཟུགས་ཀྱིས་རབ་ཏུ་བྱུང་བ་

ལ་བཀག་པའི་རྒྱན་རྣམ་པ་སྣ་ཚོགས་པ་བཟུང་བ་ནས། ཇི་སྲིད་ཀ་པི་ན་དང་བློན་པོ་ལ་སོགས་པའི་འཁོར་སྟོང་ཕྲག་བཅོ་བརྒྱད་བསྙེན་པར་རྫོགས་ཏེ། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། མཉན་ཡོད་དེ་ཉིད་དུ་བྲམ་ཟེའི་ཁྱེའུ་འདུལ་བའི་དུས་ན་བཅོམ་ལྡན་འདས་ཚངས་པའི་གཟུགས་གདོང་བཞི་པ་

རལ་པའི་ཅོད་པན་འཆང་བར་གསུངས་པ་དང་། རྒྱལ་པོའི་ཁབ་ཏུ་བརྒྱ་བྱིན་གྱི་ཆ་ལུགས་སུ་སྤྲུལ་ནས་བྲམ་ཟེ་སྟོང་ཕྲག་དྲུག་ཅུ་མཐོ་རིས་ཀྱི་འབྲས་བུ་དང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། དྲང་སྲོང་གནས་འཇོག་གི་རིགས་ཅན་གྱི་བྲམ་ཟེ་མོ་འདུལ་བ་ན། མཉན་ཡོད་དུ་བཅོམ་ལྡན་འདས་

ཀྱིས་བུད་མེད་ཀྱི་རོ་བཟུང་ཞིང་འདི་ནི་བདག་གི་ཆུང་མའོ་ཞེས་ཀྱང་གསུངས་པ་དང་། ཀོ་ས་ལའི་གར་མཁན་འདུལ་བའི་དོན་དུ་ཡུལ་མ་ཀ་ར་ཀོཊྚ་བལླི་རུ་བཅོམ་ལྡན་འདས་གར་མཁན་གྱི་ཆ་ལུགས་འཛིན་པར་གསུངས་པ་དང་། དྲི་ཟ་ཟུར་ཕུད་ལྔ་པ་གདུལ་བའི་ཆེད་དུ་དྲི་ཟ་ཐ་མལ་པའི་གཟུགས་

ཅན་བཅོམ་ལྡན་འདས་ཀྱིས་པི་ཝང་བསྣམས་ཤིང་གླུ་བླངས་ལ་པི་ཝང་གི་རྒྱུད་སྟོང་པོ་བཅད་པ་ན་སྒྲ་སྟོང་ཕྲག་ཡོངས་སུ་རྫོགས་པ་ནམ་མཁའ་ལས་བྱུང་བ་ལྟ་བུའོ། །དེ་བཞིན་དུ་རབ་ཏུ་བྱུང་བ་དང་འགལ་བ་འདུལ་བ་ལ་བཀག་པ་གཞན་རྣམས་ཀྱང་ཁྱིམ་པ་ཐ་མལ་པའི་གཟུགས་ཀྱིས་སྤྱོད་པར་

གསུངས་ཏེ། ཇི་སྐད་དུ་བསྟོད་པ་མཛད་པས་གསུངས་པ། མཆོག་ཏུ་ཞི་བ་ལ་གནས་ཀྱང་། །ཐུགས་རྗེའི་དབང་དུ་གྱུར་ཉིད་ཀྱིས། །རོལ་མོ་མཁན་གྱི་སྒྱུ་རྩལ་ལའང་། །ཁྱོད་ཀྱི་ཞབས་ནི་བཀོད་པ་མཛད། །ཅེས་སོ། །རོལ་མོ་མཁན་ནི་རོལ་རྩེད་མཁན་རྣམས་སོ། །དེ་རྣམས་ཀྱི་སྒྱུ་རྩལ་ནི་

བཟོ་སྟེ་པི་ཝང་སྒྲོགས་པ་ལ་སོགས་པ་ཡང་ངོ་། །དེ་ཡང་མཛད་པའི་ཆེད་དུ་གཤེགས་པའོ། །སྡེ་པའི་ལུང་རྣམས་སུ་ཡང་གསུངས་པ། མར་མེ་མཛད་པ་ནས་བཟུང་ནས། །དེ་བཞིན་གཤེགས་པ་ཆགས་བྲལ་ཏེ། །སྒྲ་གཅན་འཛིན་སྲས་བསྟན་ཞེས་པ། །འདི་ནི་འཇིག་རྟེན་རྗེས་གཞུག་

Vol. 109 · folio 269b

པའོ། །ཞེས་ཏེ། ཆོ་འཕྲུལ་སྣ་ཚོགས་པ་རྣམས་སྟོན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཡང་དག་པ་མ་ཡིན་པའི་ཕྱག་ལ་སོགས་པའི་ལས་མཐུན་པ་མ་ཡིན་པ་རྣམས་ཀྱང་སྟོན་པ་ནས་དམན་པ་བྲན་ཉིད་ཀྱི་བར་དུ་ཡང་ངོ་། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་

ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་ཀྱི་སྤྱོད་པ་ནི་འདི་འདྲ་བའོ་ཞེས་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་ཐར་པ་འདོད་པ་རྣམས་ཀྱིས་དད་པ་ཁོ་ན་བྱའོ། །གཞན་ཡང་ཁ་ཅིག་ཏུ་གདུལ་བྱ་དང་འཚམ་པའི་ཡུལ་དུ་གཤེགས་པས་དང་། ཁ་ཅིག་ཏུ་གདུལ་བྱ་རྣམས་རང་གི་ཡུལ་དུ་

བཀུག་པས་དང་། ཁ་ཅིག་ཏུ་གནས་པའི་སྐུ་ལས། ཕྱོགས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྣམས་སུ་སྐུ་ལ་སོགས་པ་ཡང་དག་པར་བསྟན་པས་སོ། །བཅོམ་ལྡན་འདས་ནི་དབང་ཐམས་ཅད་སོ་སོར་རྟོགས་པའི་དབང་ཉིད་ཐོབ་པའི་ཕྱིར་སྐུ་ལ་སོགས་པ་རྣམས་ཀྱི་

རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་གྱི་བར་ལ་འཇུག་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་རྟོག་པས་དབེན་པར་མཛད་དེ། དཔེར་ན་སེར་སྐྱའི་གཞིའི་ནགས་སུ་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་དང་བརྒྱ་བྱིན་དང་དཔལ་མོ་དང་རི་སྐྱེས་དང་

གཞོན་ནུ་ལ་སོགས་པ་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་བརྒྱ་ཕྲག་སྟོང་དུ་མ་རྣམས་མྱ་ངན་ལས་འདས་པ་དང་ལྡན་པའི་བསྟན་པས་བཏུལ་ལོ་ཞེས་པ་ལ་སོགས་པ་ལྟ་བུ་རིམ་པ་ཇི་ལྟ་བར་དཔེར་བརྗོད་པར་རིག་པར་བྱའོ། །བག་མེད་པ་

དང་ལྡན་པ་རྣམས་ཀྱང་བག་ཡོད་པའི་གནས་ལ་བཀོད་པས། དེ་དང་དེའི་སྡུག་བསྔལ་ཞི་བར་མཛད་དེ། དཔེར་ན་བདག་ཅག་གི་བཅོམ་ལྡན་འདས་ཀྱིས་དགའ་བོ་དང་སོར་ཕྲེང་དང་མཐོང་ལྡན་དང་བདེ་བྱེད་ལ་སོགས་པ་རྣམས་བཞིན་ནོ། །དེ་ལྟར་ནི་དགའ་བོ་ཞེས་བྱ་བ་ཤཱཀྱའི་གཞོན་ནུ་

ཆགས་པ་དྲག་པོ་ཅན་ཐམས་ཅད་དུ་རང་གི་ཆུང་མ་ལ་ཤིན་ཏུ་ལྷག་པར་ཆགས་པ་དེ་མེད་པར་ཡུད་ཙམ་ཡང་མི་སྡོད་པ་དེ་འདྲ་བ་དེ། དེ་བཞིན་གཤེགས་པས་ཁྱིམ་ནས་བཀུག་ནས་རབ་ཏུ་བྱུང་དུ་བཅུག་ཅིང་རབ་ཏུ་བྱུང་ནས་ཀྱང་བུད་མེད་དེ་ཉིད་ཉིན་དང་མཚན་དུ་སེམས་པར་བྱེད་ཀྱི་ཆོས་མ་

Vol. 109 · folio 270a

ཡིན་པ་བྱེད་པ། དེ་ལྟ་ན་ཡང་དེ་བཞིན་གཤེགས་པས་ཇི་ལྟར་དགྲ་བཅོམ་པ་ཉིད་ཐོབ་པར་མཛད་དོ། །དེ་བཞིན་དུ་བྲམ་ཟེ་རྨོངས་པ་སོར་ཕྲེང་ཅན་ཞེས་བྱ་བ་དེས་བླ་མའི་བཀའི་བྱ་བ་ཆེད་དུ་འགྱུར་རོ་ཞེས་མི་སྟོང་དུ་གཅིག་གིས་མ་ཚང་བ་འཚོ་བ་དང་བྲལ་བར་བྱས་

པ་དེ་ཡང་ཕྱིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱུང་ཞིང་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་མཛད་དོ། ཞེས་པ་དང་། མཐོང་ལྡན་ནི་མ་སྐྱེས་དགྲ་ཡིན་ལ། དེའང་ཞེ་སྡང་ཅན་ཏེ། དེ་ལྟར་ནི་དེས་མི་དགེ་བའི་བཤེས་གཉེན་དང་འགྲོགས་པ་དང་། སྔོན་གྱི་འཁོན་རྗེས་སུ་འབྲེལ་པ་ལས་

ཕ་ཆོས་དང་ལྡན་པའི་རྒྱལ་པོ་སྲོག་དང་ཕྲལ་ལ། དེ་ཡང་དེ་བཞིན་གཤེགས་པ་ཁོ་ནའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམྱལ་བའི་མེའི་བུད་ཤིང་ལས་ཐར་རོ་ཞེས་པ་དང་། རིགས་ཀྱི་བུ་བདེ་བྱེད་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་ལས། ཕ་རོལ་གྱི་བུད་མེད་

དང་འགྲོགས་པ་ལ་བརྟེན་ནས། མ་འཚོ་བ་དང་ཕྲལ་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལ་བརྟེན་ནས་ཕོ་ལོང་བརྡབས་པ་དང་འདྲ་བས་དམྱལ་བ་ལས་འདས་ཏེ་མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བ་ཉམས་སུ་མྱོང་ངོ་ཞེས་ཐོས་སོ། །སྐུའི་སྤྲུལ་པ་གཞན་གྱི་ལུས་དང་ལུས་འབྲེལ་

པ་ནི་བདུད་ལ་སོགས་པ་རྣམས་སངས་རྒྱས་ལ་སོགས་པའི་གཟུགས་སུ་སྟོན་པའོ། །མ་འབྲེལ་པ་ནི་ས་ལ་སོགས་པ་རྣམས་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་རང་བཞིན་ལ་སོགས་པའི་གཟུགས་སུ་སྟོན་པའོ། །གང་ཡང་ཚད་མེད་པའི་སངས་རྒྱས་ཀྱི་སྐུ་སྟོན་པ་དང་། གང་

ཡང་འོད་ཟེར་བཀྱེ་ནས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང་། གང་ཡང་སྐྱེ་བ་ལ་སོགས་པ་སྟོན་པའོ། །དེ་བཞིན་དུ་གསུང་གི་སྤྲུལ་པ་བདག་གི་ལུས་དང་འབྲེལ་པ་ནི་ཚངས་པའི་དབྱངས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་གོ་བར་མཛད་པའོ། །གཞན་གྱི་ལུས་

དང་འབྲེལ་པ་ནི་གང་གིས་ཉན་ཐོས་ལ་སོགས་པ་ཆོས་མ་གཏོགས་པ་རྣམས་ཀྱང་སངས་རྒྱས་ཀྱི་དབྱངས་ཀྱིས་ཐེག་པ་ཆེན་པོའི་ཆོས་སྟོན་པ་སྟེ། དཔེར་ན་འཕགས་པ་རབ་འབྱོར་ལ་སོགས་པ་རྣམས་བཞིན་ནོ། །མ་འབྲེལ་པ་ནི་རོལ་མོའི་རྣམ་པ་ཐམས་ཅད་དང་། གཟུགས་

Vol. 109 · folio 270b

སྣང་བ་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་ཆོས་སྟོན་པའི་སྒྲ་འབྱུང་བར་མཛད་པའོ། །ཐུགས་ཀྱི་སྤྲུལ་པ་ནི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའོ། །གཞན་གྱིའང་དེ་ལྟར་སེམས་ངེས་པར་འཛིན་པ་སྟེ། གང་གིས་ཤེས་རབ་དམན་པས་ཀྱང་ཆོས་ཕྲ་མོ་ཡང་སོ་སོར་རྟོགས་པར་

མཛད་པ་དང་། དྲན་པ་ཉམས་པ་རྣམས་ཀྱང་དྲན་པ་ཐེབ་པོ་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཀྱི་སྤྲུལ་པ་དེ་ཡང་རྣམ་པ་ཐམས་ཅད་དུ་རྟག་པར་རྗེས་སུ་སོན་པ་བསམ་གྱིས་མི་ཁྱབ་པར་རིག་པར་བྱ་སྟེ། མཛད་པ་བྱ་བ་དང་གྲངས་དང་ཞིང་གི་བྱེ་བྲག་ལས་བསམ་གྱིས་མི་ཁྱབ་

པ་ཉིད་ཀྱི་ཕྱིར་དང་། སེམས་ཅན་གྱི་དོན་གྱི་བྱ་བ་ལ་མི་ལྡོག་པར་འཇུག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དང་ཡེ་ཤེས་ལྔ་པོ་འདི་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་ནི་རྒྱུ་དང་འབྲས་བུ་དང་དེའི་རབ་ཏུ་དབྱེ་བ་ལས་སོ། །དེ་ལ་རྒྱུ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །འབྲས་བུ་

ནི་འཕགས་པའི་ཡེ་ཤེས་ཏེ། དེ་ལ་དམིགས་པར་སྐྱེས་པའི་ཕྱིར་དང་། དེ་ལ་བརྟེན་པའི་ཕྱིར་དང་། དེའི་ལྡོག་པའི་དབྱེ་བ་རྣམ་པ་ལྔའོ། །ཇི་ལྟར་སྐྱེ་བ་ལས་སོ་ཞེས་པ་གཞན་རྣམས་སོ། །ཡང་ན་དེ་བཞིན་གཤེགས་པའི་རང་བཞིན་དང་རྒྱུ་དང་འབྲས་བུའི་རིམ་པ་སྟེ། གང་ཡང་དེ་

བཞིན་གཤེགས་པའི་རང་བཞིན་དེ་བཞིན་ཉིད་རྣམ་པར་དག་པའི་མཚན་ཉིད་ཅན་དང་། དེ་ལ་དམིགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་རབ་ཏུ་གྱུར་པའོ། །རྒྱུ་ནི་ཚད་མེད་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བའོ། །འབྲས་

བུ་ནི་གཞན་གྱི་དོན་བྱེད་པ་སྟེ། དེ་ཡང་སྐལ་བ་དང་ལྡན་པ་དང་སྐལ་བ་མེད་པའི་སེམས་ཅན་སོ་སོར་རྟོག་པ་ལས་དང་དེ་དང་རྗེས་སུ་མཐུན་པའི་བྱ་བ་སྒྲུབ་པ་ལས་སོ། །ཡང་ན་སངས་རྒྱས་ཐམས་ཅད་རྣམ་པར་གཞག་པའི་རིམ་པ་སྟེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་བྱ་བ་སྒྲུབ་

པའི་སངས་རྒྱས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་གཉིས་དག་དང་། གཉིས་དག་དང་གཅིག་གིས་རིམ་པ་ཇི་ལྟ་བ་བཞིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །གལ་ཏེ་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་ཉིད་ཀྱི་

Vol. 109 · folio 271a

ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་དེ་ལྟ་ན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་བསྡུས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་གཡོ་བ་ཉིད་ཀྱིས་ན་ཆོས་ཀྱི་སྐུས་བསྡུས་པའི་ཕྱིར་རོ། །དེ་སློབ་དཔོན་ཙནྡྲ་གོ་མིས་གསུངས་པ། འགའ་ཞིག་དེ་བཞིན་ཉིད་དམིགས་

པ། །མེ་ལོང་ཡེ་ཤེས་སུ་ནི་འདོད། །གཞན་རྣམས་དོན་ཀུན་རྣམ་པ་ཅན། །དོན་ཀུན་སྤྱོད་ཡུལ་ཅན་དུ་འདོད། །མཉམ་ཉིད་ཡེ་ཤེས་གང་ཡིན་པ། །དེ་ནི་དེ་བཞིན་ཉིད་ལ་དམིགས། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །དགོས་དོན་རྣམ་པ་ཅན་དུ་འདོད། །རྣམ་པ་ཀུན་དུ་ཐམས་ཅད་ཉིད། །

འདི་ཡི་རྣམ་ཤེས་ནུས་ཀུན་ལྡན། །ཞེས་སོ། །དེའི་ཕྱིར་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དག་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་ལ་ཉེ་བར་ལོངས་སྤྱོད་པའི་རྟེན་ཉིད་ཀྱི་ཕྱིར་རོ། །དེ་ལ་འབྲས་བུའི་གནས་སྐབས་ནི་སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོ་ཞེས་

བྱའོ། །འབྲས་བུ་དེ་ཡང་ཡེ་ཤེས་དང་སྤངས་པའི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའོ། །ཡེ་ཤེས་དེ་ཡང་རྣམ་པ་ལྔའོ། །འདི་ཙམ་ཁོ་ན་སངས་རྒྱས་ཀྱི་ས་སྟེ། མཐའ་དག་པར་དེར་སངས་རྒྱས་ཀྱི་ཆོས་མ་ལུས་པ་བསྡུས་པར་རྣམ་པར་གཞག་པའི་ཕྱིར་རོ། །

དེའི་བདག་ཉིད་ཀྱིས་གནས་པ་ལས་བྱ་བ་གཅིག་ཏུ་བྱ་བ་རྣམས་ནི་རང་གི་མཚན་ཉིད་ཀྱིས་བསྡུས་སོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་སྟེ་ལུས་ལ་སོགས་པ་ལས་སོ་སོར་རྟོག་པའི་ཕྱིར་རོ། །ཡང་དག་པར་སྤོང་བ་བཞི་ནི་བརྩོན་འགྲུས་ཀྱི་རང་

བཞིན་ཏེ། བརྩོན་འགྲུས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བཟུང་བ་འདོར་བ་མེད་ཅིང་གཞག་པ་མེད་པའི་མཚན་ཉིད་ཅན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཚད་མེད་པ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཉིད་ཀྱི་ཕྱིར་སོ་སོར་

རྟོག་པའི་ཡེ་ཤེས་ཏེ། ཏིང་ངེ་འཛིན་གྱི་སྒོ་ཅན་རྣམས་ཀྱི་གནས་སུ་འགྱུར་རོ་ཞེས་པའི་གསུང་ལས་སོ། །གང་ཡང་གཞན་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། ཟག་པ་ཟད་པ་མཁྱེན་པ་དང་། རྫུ་

Vol. 109 · folio 271b

འཕྲུལ་གྱི་མངོན་པར་ཤེས་པ་དག་ཁོ་ན་ལས་གཞན་པའི་མངོན་པར་ཤེས་པ་རྣམས་དང་། ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ལམ་ཤེས་པ་རྣམས་དང་ཀུན་དུ་འགྲོ་བའི་ལམ་དང་

ཟག་པ་ཟད་པ་མཁྱེན་པའི་སྟོབས་དག་ལས་གཞན་པའི་སྟོབས་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཁ་ཅིག་ནི་མི་འཇིགས་པ་རྣམས་དང་དད་པ་ལ་སོགས་པ་རྣམས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དོ་ཞེས་ཟེར་རོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་

ཀྱིས་སོ། །ཟག་པ་ཟད་པ་མཁྱེན་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་ཟག་པ་ཟད་པའི་རྒྱུད་ལ་བརྗོད་པར་འདོད་པ་ན། རྒྱུ་གང་གིས་ཟག་པ་རྣམས་ཟད་པའོ་ཞེས་ཡེ་ཤེས་ལྔ་རྣམས་ཀྱིས་སོ། །ཡང་ན་མྱ་ངན་ལས་འདས་པ་ནི་ཟག་པ་རྣམས་ཟད་པའོ་ཞེས་པ་སྟེ་

ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམས་ཀྱིས་སོ། །ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རྣམས་སོ། །ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་སྟོབས་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་

ཡེ་ཤེས་དག་གིས་སོ། །བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་རྣམས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སོ། །སྡུག་བསྔལ་ཤེས་པ་ལ་སོགས་པ་ཤེས་པ་བཅུ་གཉིས་རྣམས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་སོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་མེ་ལོང་

ཡེ་ཤེས་ཀྱིས་སོ། །བག་ཆགས་ཀྱི་མཚམས་སྦྱར་བ་ཐམས་ཅད་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་མེ་ལོང་ཡེ་ཤེས་དག་གིས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་ངོ་། །ཕ་རོལ་ཏུ་ཕྱིན་པ་ཟག་པ་དང་བཅས་པ་རྣམས་ནི་ལམ་གྱི་གནས་སྐབས་སུ་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་

ཡེ་ཤེས་དག་གིས་སོ། །མཚན་དང་དཔེ་བྱད་རྣམས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་བསྡུས་སོ། །ཡེ་ཤེས་ཀྱིས་ཉེ་བར་མཚོན་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་སྨོས་པའི་ཕྱིར། དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱར་བར་བྱའོ། །དེ་བཞིན་དུ་མེ་ལོང་ཡེ་ཤེས་

Vol. 109 · folio 272a

དང་དེའི་རྟེན་ཅན་གྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་གཉིས་པོ་ཚུལ་གཅིག་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་གཞན་པའི་ཡེ་ཤེས་གཉིས་ཀྱང་རོ་གཅིག་པ་སྟེ། གཞན་ལ་ཕན་པར་བྱེད་པ་རྒྱུན་གཅིག་པ་ཉིད་ཀྱི་ཕྱིར་དང་།

དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །གཉིས་ཅན་གཉིས་དང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་རང་གི་ངོ་བོ་ཐ་དད་པ་མེད་པ་སྟེ། དེའི་བདག་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་སངས་རྒྱས་ཀྱི་སའི་མདོར་

གསུངས་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ན་འདྲེས་པ་དང་ཉེ་བར་འདྲེས་པ་བྱ་བ་རོ་གཅིག་པ་ཅན་གྱི་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱོད་པའོ་ཞེས་སོ། །གསུང་དེ་ཉིད་ལས་སེམས་བསྐྱེད་པ་སྔ་མ་རྣམས་སུ་རོ་གཅིག་པ་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །འདྲེས་པ་ནི་གཅིག་ཏུ་གྱུར་པའོ། །

གཅིག་ཏུ་གྱུར་པ་ཡང་རེས་འགའ་ཐ་དད་པར་བྱེད་ལ། དེ་ནི་ནམ་ཡང་ཐ་དད་པར་བྱ་བ་མེད་པའོ་ཞེས་པ་ཉེ་བར་འདྲེས་པ་ཤིན་ཏུ་དབྱེར་མེད་པས་མཉམ་པར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ཉིད་དུ་ཉེ་བར་ལྡན་པའི་ཕྱིར་རོ། །བྱ་བ་རོ་གཅིག་པ་སྟེ་རོ་ནི་སྙིང་པོ་སྟེ་རང་བཞིན་ནོ། །ཡེ་

ཤེས་ཀྱིས་རྫོགས་པར་ལོངས་སྤྱོད་པ་ནི་ཡུལ་ཏེ། ཆོས་ཀྱི་དབྱིངས་ཡང་དག་པར་ལོངས་སྤྱད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཀྱིས་རྫོགས་པར་ལོངས་སྤྱོད་པ་གང་གིས་དགོངས་པ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ་གཅིག་པ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །

ཡང་ན་ཡང་དག་པར་ལོངས་སྤྱོད་པ་ནི་རྫོགས་པར་ལོངས་སྤྱོད་པ་མྱོང་བྱེད་དེ། ཡེ་ཤེས་ཀྱིས་ཡང་དག་པར་ལོངས་སྤྱོད་པར་བྱ་བ་ཉིད་ཀྱི་ཕྱིར་ན། འདི་ཡེ་ཤེས་ཀྱིས་རྫོགས་པར་ལོངས་སྤྱོད་པ་ཡིན་ལ། དེ་ཡང་བདེ་བ་སྟེ་རྟེན་གཅིག་པ་ཉིད་ཀྱི་ཕྱིར་རོ་གཅིག་པ་སྟེ། དེ་ལ་སྡུག་བསྔལ་དང་བཏང་

སྙོམས་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །འབྲས་བུ་ཡང་སྟེ་ཆོས་ཀྱི་དབྱིངས་ཀྱིའོ། །ཡང་ན་ཡེ་ཤེས་ཁོ་ན་རྫོགས་པར་ལོངས་སྤྱོད་པ་སྟེ། ཀུན་རྫོབ་ཏུ་རང་རིག་པ་ཉིད་ཀྱི་རྣམ་པས་ཡང་དག་པར་ལོངས་སྤྱད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཡང་རོ་གཅིག་པ་སྟེ་བདག་དང་གཞན་ལ་སོགས་པ་

Vol. 109 · folio 272b

གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འབྲས་བུ་ཡང་སྟེ། རྒྱུ་ལས་གཉིས་ཀྱི་འདུ་ཤེས་ཀྱིས་དབེན་པར་དུས་ཐམས་ཅད་དུ་འཇུག་པའི་ཕྱིར་རོ། །མདོའི་ངག་གི་དོན་འདི་ཡང་། འདིར་ཐམས་ཅད་རིག་པ་ཁོ་ནའོ། །ཡེ་ཤེས་ལྔ་པོ་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ས་རྣམས་

ཀྱང་བསྡུས་ཏེ། འོན་ཀྱང་མངོན་པར་འདུ་བྱེད་པ་དང་བཅས་པ་འབྱུང་བའི་ལམ་ལ་གནས་པ་རྣམས་ལ་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་ནི་མི་འབྱུང་ངོ་། །ས་བརྒྱད་པ་ནས་བཟུང་ནས་ནི་བྱང་ཆུབ་སེམས་དཔའ་གཉིས་ཀྱི་འདུ་ཤེས་དང་བྲལ་བའོ། །གཉིས་ནི་བདག་དང་

བདག་གི་བ་དང་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང་། བྱུང་བ་དང་མ་བྱུང་བ་དང་། སྐྱེས་པ་དང་མ་སྐྱེས་པ་དང་། བདག་དང་གཞན་ཞེས་བྱ་བ་ལ་སོགས་པའོ། །དེའི་གཉེན་པོར་ཐམས་ཅད་དུ་སེམས་མཉམ་པ་ཉིད་ཐོབ་པོ། །དེ་ནས་བཟུང་ནས་གཉིས་ཀྱི་འདུ་ཤེས་དང་བྲལ་བ་ལས།

འབད་པ་ཐམས་ཅད་དང་བྲལ་བ་ཟག་པ་མེད་པ་མཐའ་གཅིག་ཏུ་ཡོངས་སུ་དག་པ་ལྷུན་གྱིས་གྲུབ་པར་འབྱུང་བ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་གཟུགས་བརྙན་ཉིད་ཀྱི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པའོ། །འོན་ཀྱང་སྒྲིབ་པའི་ལྷག་མ་དང་བཅས་པ་ཉིད་ཀྱིས་ན་

ཡོངས་སུ་མ་དག་པའོ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་སྤྱི་ལ་མངོན་པར་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དོ། །མི་གཡོ་བ་ལ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའོ་ཞེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པས་སོ། །གལ་ཏེ་ཡང་རབ་ཏུ་དགའ་བ་ལ་བདག་དང་

གཞན་མཉམ་པ་ཉིད་ཐོབ་པ་ཡོད་པ་དེ་ལྟ་ན་ཡང་འབད་པ་དང་བཅས་པར་འབྱུང་བ་ཉིད་ཀྱིས་ན་ཡོངས་སུ་དག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་པར་མ་བཞག་གོ། །བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ཀྱང་རྒྱ་མཚོར་ཆུ་བོ་ཆེན་པོ་རྣམས་བཞིན་དུ་སངས་རྒྱས་ཀྱི་སར་ཞུགས་པ་རྟེན་ཐ་དད་མེད་པ་རྣམས་སུ་

འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡོངས་སུ་དག་པ་རྟེན་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་འབྲས་བུ་རོ་གཅིག་པ་ཅན་ཡེ་ཤེས་ཀྱིས་རྫོགས་པར་ལོངས་སྤྱོད་པའོ། །དེ་ཉིད་ཀྱི་ཕྱིར་ཡང་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་དུ་མར་རྣམ་པར་མ་བཞག་

Vol. 109 · folio 273a

གོ། །གང་ཁོ་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པའི་ངོ་བོ་དེ་ཁོ་ན་ཉིད་སྟོང་པ་ཉིད་དེ་ནི་ཤིན་ཏུ་རྣམ་པར་དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་ཐོབ་པ་ལས་སྒྲིབ་པ་གཉིས་ཀྱི་ས་བོན་ཤིན་ཏུ་བྲལ་བར་གྱུར་པ་ན་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་

དེ་བཞིན་ཉིད་གནས་གྱུར་པ་ཞེས་བརྗོད་དོ། །ཟག་པ་མེད་པའི་དབྱིངས་ཀྱང་ངོ་། །དེ་ནི་ཡེ་ཤེས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། སོ་སོར་རང་གིས་རིག་པར་བྱ་བ་ཉིད་ཀྱིས་དེ་ལ་དམིགས་པས་ན་མཐའ་མེད་པའི་དུས་སུ་གནས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དེ་དང་ཆོས་ཐམས་

ཅད་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དམིགས་པ་སྟེ། རང་དང་སྤྱིའི་མཚན་ཉིད་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །གང་ཁོ་ན་རྣམ་པར་རྟོག་པའི་བདག་ཉིད་གནས་ངན་ལེན་མཐའ་དག་གི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ། གཉེན་པོའི་སྟོབས་ཀྱིས་གནས་ངན་ལེན་གྱི་དྲི་མ་མ་ལུས་པ་དང་བྲལ་

བ་ལས་གནས་གྱུར་པ་དེ་ཁོ་ན་མེ་ལོང་ཡེ་ཤེས་ཞེས་བྱའོ། །གང་སློབ་དཔོན་ཙནྡྲ་གོ་མིས་གསུངས་པ། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཅེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་

འདི་ཅི་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་སྟེ། ཇི་ལྟར་དེ་ཁོ་ན་བདག་དང་བདག་གི་བར་སྒྲོ་འདོགས་པས་རབ་ཏུ་འཇུག་པ་ན་ཉོན་མོངས་པ་ཅན་གྱི་ཡིད་དུ་ཐ་དད་པར་རྣམ་པར་གཞག་པ་དེ་བཞིན་དུ་དེ་ཁོ་ན་གནས་ངན་ལེན་ལ་སོགས་པ་མཐའ་དག་གི་རྟེན་ཉིད་ཀྱི་ས་དང་། ཆད་པ་དང་མཚམས་

སྦྱོར་བ་དང་། འདོད་ཆགས་དང་བྲལ་བ་དང་ཉམས་པ་དང་འཆི་འཕོ་བ་དང་སྐྱེ་བ་ལ་སོགས་པའི་རྟེན་ཉིད་ཀྱིས་ན་གནས་ངན་ལེན་ལ་སོགས་པ་རྣམས་འདིར་གཞི་འཆའོ་ཞེས་པས་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ངོ་། །དེ་ཉིད་ཀྱང་དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་གྱུར་པའི་

ཆོས་གཞན་དགེ་བ་དང་མི་དགེ་བ་དེ་དང་དེ་རྣམས་ཀྱིས་བསྒོ་བྱ་སྟེ། ཇི་ལྟར་རིགས་པར་ས་བོན་རྒྱས་པས་རྒྱུ་བྱས་པ་གང་ལས་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་རྒྱུར་བླངས་པ་ལས་སྟོབས་ཇི་ལྟ་བར་དགོད་པར་བྱེད་པའི་འཇུག་པ་ཐོབ་པར་གྱུར་པ་ན། ཕྱིས་དེའི་འབྲས་བུ་འདོད་པའམ་མི་འདོད་པ་

Vol. 109 · folio 273b

མངོན་པར་འགྲུབ་སྟེ། དཔེར་ན་རྒྱ་སྐྱེགས་ཀྱི་ཁུ་བས་ཡོངས་སུ་བསྒོས་པའི་རས་བལ་གྱི་ས་བོན་ལ་མེ་ཏོག་དང་འབྲས་བུ་ཡང་དམར་པོ་ཉེ་བར་སྐྱེ་བ་བཞིན་ནོ། །ཇི་སྐད་དུ་གསུངས་པ། གང་ཕྱིར་རྒྱུད་གང་ཁོ་ན་ལ། །ལས་ཀྱི་བག་ཆགས་བསྒོས་གྱུར་པ། །དེ་ཁོ་ན་ལ་འབྲས་བུ་འབྲེལ། །

རས་བལ་ལ་ནི་དམར་ཉིད་བཞིན། །ཞེས་སོ། །དེ་ཁོ་ན་ཡང་དགོངས་པ་ངེས་པར་འགྲེལ་པའི་མདོར་གདུལ་བྱའི་ཁྱད་པར་གྱི་ངོར་གསུངས་པ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་

བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོ། །དེ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་རྣམས་སུ་ལུས་ལེན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བརྗོད་དོ། །ཆོས་ཐམས་ཅད་ཀྱི་ས་བོན་རྣམས་ཀྱི་གཞི་ཉིད་ཀྱི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །སྐྱེ་བ་སྔ་མའི་རྣམ་པར་སྨིན་པ་ཡིན་པའི་

ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །གང་འདི་ཀུན་གཞིའི་རྣམ་པར་ཤེས་པ་འདི་དང་རྣམ་པར་རྟོག་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་དབང་པོ་ལྔའི་རྣམ་པར་ཤེས་པ་རྣམས་ལས་གཞན་པ་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའོ་ཞེས་སེམས་པ་དེའི་དམིགས་པ་དང་

རྣམ་པ་ཅི་ཡིན། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ་ཞེ་ན། ཅི་ལྟར་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་ཡིན་ལ་འདི་འདྲ་བ་ཡང་ཡིན། དེ་ལྟར་ནི་རང་གསལ་ལ་ཐུན་མོང་མ་ཡིན་པ་རྣམ་པར་ཤེས་པའོ་ཞེས་པ་མཚན་ཉིད་དོ། །བརྗོད་པའི་རྣམ་པར་ཤེས་པ་རྣམ་པ་བརྒྱད་མ་གཏོགས་པ་གཞན་ནི་

འདིར་ཅུང་ཟད་ཀྱང་སོ་སོར་རང་གི་རྣམ་པ་དང་བཅས་པར་ཉམས་སུ་མྱོང་བ་མེད་དོ། །མི་གསལ་བར་ཡོད་དོ་ཞེས་འདོད་པ་ཡང་རྣམ་པར་ཤེས་པར་སྨ་བ་རྣམས་ཀྱི་མ་ཡིན་ཏེ། བདག་ལ་སོགས་པ་ཕྱི་རོལ་དུ་གྱུར་པ་ཡང་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རྣམ་པ་མེད་པའི་རྣམ་པར་

ཤེས་པ་ནི་རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་མེད་དོ་ཞེས་གཞན་དུ་ལེགས་པར་དཔྱད་ཟིན་ཏོ། །དེའི་ཕྱིར་རྟའི་རྭ་བཞིན་དུ་དེ་ལ་མངོན་སུམ་མེད་ལ་རྗེས་སུ་དཔག་པ་ཡང་མེད་དོ། །དེ་ལྟར་ན་ཡང་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཡོངས་སུ་རྟོག་ན་བདག་ཀྱང་ཡོངས་སུ་རྟོག་ཅིང་དེ་ཁོ་ན་ཡང་བདག་

Vol. 109 · folio 274a

གི་རང་གི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཡང་མངོན་པར་དགོངས་ནས་བདག་ཏུ་ཡོངས་སུ་རྟོག་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གང་བྱེ་བྲག་ཏུ་སྨྲ་བའི་ཁྱད་པར་རྣམས་ནི་ལེགས་པའོ། །སེམས་དུལ་གྱུར་ལས་བདེ་བ་འབྱུང་། །ཞེས་པ་དང་། གང་ཕྱིར་བདག་

ཉིད་བདག་གི་མགོན། །ཕ་རོལ་མགོན་དུ་སུ་ཞིག་འགྱུར། །ཞེས་པ་ལ་སོགས་པ་བསྟན་པ་ན་དགོངས་པ་མི་ཤེས་པ་རྣམས་སེམས་ཁོ་ན་བདག་གོ་ཞེས་མངོན་པར་རློམ་སྟེ། དེ་རྣམས་ཀྱིས་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་སྟོན་པའི་གསུང་རབ་ཉན་ཐོས་ཀྱི་ཐེག་པ་ཐོས་པར་གྱུར་ན། དེའི་

ཚེ་རྣམ་པར་ཤེས་པ་དེ་བདག་གོ་ཞེས་ཤིན་ཏུ་བརྟན་པར་རློམ་པར་འགྱུར་རོ། །དེའི་ཕྱིར་འདི་ལྟར་ཡང་མངོན་པར་དགོངས་ནས་གསུངས་པ། བྱིས་པ་རྣམས་ལ་ཞེས་པ་ལ་སོགས་པའོ། །གང་རིག་པའི་མཚན་ཉིད་དང་བྲལ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་རྟོག་པ་དེ་ནི་ཆེན་པོ་རྣམས་

ཀྱང་བག་མེད་པ་ལས། རིགས་མེད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ངེས་པར་ཁས་ལེན་པ་བཞིན་དང་། དོན་དམ་པར་གྲུབ་པའི་ཤེས་པ་ཙམ་ཁས་ལེན་པ་བཞིན་དུ་འཁྲུལ་པའོ་ཞེས་པ་སྟེ། འདིར་སྐྱེས་བུ་ཚད་མས་ཅི་ཞིག །འདིར་བརྗོད་པའི་རིགས་པས་སེམས་

མེད་པའི་སྙོམས་པར་འཇུག་པ་དག་དང་འདུ་ཤེས་མེད་པ་ལ་ཡང་སེམས་ཡོད་དོ་ཞེས་འདོད་པ་ནི་ཡང་དག་པར་རྟོགས་པ་མ་ཡིན་ནོ་ཞེས་པ་རྒྱས་པས་ཅི་བྱ་སྟེ། སྐབས་སུ་བབ་པ་གཞག་པར་བྱའོ། །ཡེ་ཤེས་གཞན་གསུམ་ཡང་གནས་གྱུར་པ་སྟེ། གང་སློབ་དཔོན་ཙནྡྲ་གོ་མིས་

གསུངས་པ། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཆོས་ལ་རྫོགས་ལོངས་སྤྱོད་སྟོན་ཕྱིར། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །ཆོས་

ལ་རྫོགས་ལོངས་སྤྱོད་ཕྱིར་ཡང་། །ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང་། །ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོགས། །དེ་ཡང་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས་ལས་དེ་བཞིན་གཞན། །དབང་པོ་ལྔ་ཡི་རྣམ་ཤེས་གང་། །དེ་ནི་དོན་ཀུན་ཡོངས་སུ་འཛིན། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་

Vol. 109 · folio 274b

བ་སྒྲུབ་པ་ཙམ་ཉིད་ཐོབ། །དེ་ཡང་རྟག་པར་ཐམས་ཅད་དུ། །དུས་ཇི་བཞིན་དང་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། །སྤྲུལ་པ་ཀུན་གྱི་རྒྱུ་ཉིད་ཕྱིར། །ཁ་ཅིག་ཡིད་ཀྱི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་རྟོག །དབང་པོ་ལྔ་ཡི་རྣམ་ཤེས་གང་། །དེ་ཡི་ལོངས་སྤྱོད་

རྫོགས་སྐུར་རོ། །ཞེས་སོ། །དེ་ལྟར་ཡེ་ཤེས་ལྔ་པོ་འདི་རྣམས་ནི་ཡོངས་སུ་དག་པའི་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཏུ་མཆོག་ཏུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ལས་ཉེ་བར་སྐྱེས་པ་སྟེ་དེའི་རང་བཞིན་རྣམས་སོ། །ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་ཡང་ཆོས་ཀྱི་སྐུ་སྟེ། ཟག་པ་མེད་པའི་

ཆོས་གང་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཆོས་དེ་ཐམས་ཅད་བཅོམ་ལྡན་འདས་མ་ཆེན་མོ་དག་ཏུ་གསུངས་ལ། དེའི་ཕྱིར་བསྟན་བཅོས་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་

དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་རྣམས་དང་། །བསྲུང་

བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་

ཞེས་པའང་། །ཆོས་ཀྱི་སྐུ་རུ་མངོན་པར་བརྗོད། །ཅེས་སོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་དང་ཚད་མེད་པ་རྣམས་དང་ཞེས་ཟླས་དབྱེའོ། །མཐར་གྱིས་ནི་སྔ་མའི་རྗེས་སུ་ཕྱི་མས་འབྲེལ་པའོ། །བསྲུང་བ་མེད་པ་ནི་བསྲུང་བར་བྱ་བ་མ་ཡིན་པ་སྟེ་མི་བསྲུང་བའོ་ཞེས་པའི་དོན་ཏོ། །དེ་ནི་རྣམ་

པ་གསུམ་མོ། །ཆོས་ཀྱི་སྐུ་ཞེས་པ་ནི་ཟག་པ་མེད་པ་སྟེ། འདིར་སངས་རྒྱས་ཀྱི་ཆོས་ཀྱི་ཚོགས་སོ། །དེ་ལ་སྐབས་ཇི་ལྟ་བར་བདག་གིས་མང་པོ་རྣམས་གསལ་བར་བྱས་ལ། ལྷག་མ་རྣམས་འདིར་གསལ་བར་བྱའོ། །ཉོན་མོངས་པ་ནི་ཀུ་ཅོ་དང་འཐབ་རྩོད་ལ་སོགས་པ་སྟེ། འདིར་ནི་འཐབ་

Vol. 109 · folio 275a

པའི་རྒྱུ་ཉོན་མོངས་པ་ནི་འཐབ་པའོ། །བདག་ལ་དམིགས་ནས་འདི་རྣམས་ཀྱི་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་སྟེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་གང་ལས་ལོངས་ནས་གྲོང་ཁྱེར་ལ་སོགས་པར་ཞུགས་པ་དེ་ལ་དམིགས་

ནས་དེར་དེ་རྣམས་ཀྱི་འཐབ་པ་མི་སྐྱེ་བ་དེ་ནི་འཐབ་པ་མེད་པའོ། །དེ་ནི་ཉན་ཐོས་ལ་ཡང་འགྱུར་ཞིང་སངས་རྒྱས་ལ་ཡང་སྟེ། དེ་དག་གི་བྱེད་པ་ལ་ཁྱད་པར་རོ། །ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོད་ལ་སོགས་པར་སེམས་ཅན་གང་རྣམས་ཀྱིས་མཐོང་བར་གྱུར་པ་ན་དེ་ལ་ཉོན་མོངས་པ་མི་སྐྱེ་བ་

སྟེ། དེ་རྣམས་ཀྱི་མཐོང་བ་ཉིད་རྣམ་པར་སྤོང་བའོ། །དེ་བཞིན་གཤེགས་པའི་ནི་མཐོང་བར་གྱུར་པ་ན་ཡང་དེ་རྣམས་ཀྱི་ཉོན་མོངས་པ་རྒྱུན་གཅོད་པ་ཉིད་ཡིན་གྱི། མཐོང་བ་ནི་མ་ཡིན་ནོ་ཞེས་པ་ཉོན་མོངས་པ་འཐབ་པ་དང་འགོག་པའོ། །ཉན་ཐོས་ཀྱི་ཉོན་མོངས་མེད་པ་ནི་མཐོང་བས་མི་རྣམས་ཀྱི་ཉོན་

མོངས་པ་སྐྱེ་བ་རྣམ་པར་སྤོང་ལ། དེ་བཞིན་གཤེགས་པ་ཡི་ནི་གཞན་རྣམས་ཀྱི་ཡང་ཉོན་མོངས་པའི་རྒྱུན་ནོ་ཞེས་པ་གཞན་ནོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱང་འཐབ་པའོ། །དེ་རྣམས་མེད་པ་ལས་རྣམ་པར་མི་རྟོག་པའི་སྙོམས་པར་འཇུག་པ་ནི་འཐབ་པ་མེད་པའོ། །འདི་ཤེས་

པར་གྱུར་ཅིག་ཅེས་སྨོན་ནས། བསམ་གཏན་ལ་སྙོམས་པར་ཞུགས་པའི་འཇིག་རྟེན་གྱི་བྱུང་བའི་མཐའ་ལ་སོགས་པ་ལ་གང་ཤེས་པ་སྐྱེ་བ་དེ་ནི་ཉན་ཐོས་རྣམས་ཀྱི་སྨོན་ནས་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་ནས་མཁྱེན་པ་ནི་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་རྟོག་པ་མེད་པ་

ཉིད་ཀྱི་ཕྱིར་རོ། །ཀུན་ནས་ཆགས་པ་མེད་པ་སྟེ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐོགས་པ་མེད་པ་སྟེ། ཐམས་ཅད་དུ་གེགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་གནས་པ་སྟེ། རྟག་ཏུ་ཐུགས་མཉམ་པར་གཞག་པ་ལ་གནས་པ་ཉིད་ཀྱི་ཕྱིར། དྲི་བ་ཐམས་ཅད་ལ་ཡང་ལན་འདེབས་པར་བྱེད་དོ། །

ཡོངས་སུ་དག་པ་རྣམ་པ་བཞི་རྣམས་ནི་རྟེན་ཡོངས་སུ་དག་པ་དང་དམིགས་པ་ཡོངས་སུ་དག་པ་དང་ཐུགས་ཡོངས་སུ་དག་པ་དང་ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་བག་ཆགས་གནས་ངན་ལེན་རྣམས་རྟེན་ནས་ཤིན་ཏུ་བྲལ་བར་བྱས་ཏེ་རང་གི་བདག་ཉིད་ཀྱི་

Vol. 109 · folio 275b

དངོས་པོ་ལ་ཡང་ལེན་པ་དང་གནས་དང་འཕོ་བ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བ་ཉིད་ནི་རྣམ་པ་ཐམས་ཅད་དུ་རྟེན་ཡོངས་སུ་དག་པའོ། །དམིགས་པ་ཐམས་ཅད་ཀྱི་སྤྲུལ་པ་དང་ཡོངས་སུ་བསྒྱུར་བ་དང་། གྲངས་རྣམས་ལ་དབང་བསྒྱུར་བ་ཉིད་ནི་རྣམ་པ་ཐམས་ཅད་དུ་དམིགས་པ་

ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་སེམས་གནས་ངན་ལེན་ཐམས་ཅད་དང་བྲལ་བ་དང་སེམས་ལ་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་བསགས་པ་ཡང་རྣམ་པ་ཐམས་ཅད་དུ་ཐུགས་ཡོངས་སུ་དག་པའོ། །སྔར་བཞིན་དུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་དང་ཤེས་བྱ་

ཐམས་ཅད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བ་ནི་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་ནི་འཆི་བ་དང་ཀུན་ནས་ཉོན་མོངས་པ་དང་བཀྲེན་པ་དང་། ཉེས་པ་སྤྱོད་པ་དང་ངན་འགྲོ་དང་ཡོངས་སུ་ཚོལ་བས་ངལ་བ་དང་། ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་ཀྱི་སྒྲིབ་པ་དང་། འདོད་

པས་བར་དུ་གཅོད་པ་དང་འཇིགས་པ་དང་། ཅི་ལྟར་སྨྲ་བར་བྱ་ཞེས་པ་ཉེ་བར་འཚེ་བ་བཅུའི་གཉེན་པོ་རྣམས་སོ། །དེ་ལ་ཚེ་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་ཚེ་གནས་པའི་ཕྱིར་དང་གཏོང་བའི་ཕྱིར་ཏེ། འདི་ལྟ་སྟེ་བརྗོད་དུ་མེད་པའོ། །བརྗོད་དུ་མེད་པའི་བསྐལ་པར་ཚེའི་ཚད་བྱིན་གྱིས་རློབ་པ་ལ་སོགས་པ་

ནའོ། །སེམས་ལ་དབང་བ་ནི་ཇི་ལྟར་འདོད་པར་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པ་ལ་སྙོམས་པར་འཇུག་པའི་ཕྱིར་དང་ལྡང་བའི་ཕྱིར་རོ། །ཡོ་བྱད་ལ་དབང་བ་ནི་ཇི་ལྟར་འདོད་པར་ཕན་པར་བྱེད་པ་སོ་སོར་ཉེ་བར་གནས་པར་བྱེད་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་དུ་

མའི་རྒྱན་གྱིས་སོ་སོར་བརྒྱན་པར་བྱིན་གྱིས་རློབ་པ་ལ་སོགས་པ་ཡང་དག་པར་སྟོན་པ་ཉིད་ཀྱིས་སོ། །ལས་ལ་དབང་བ་ནི་ཇི་ལྟར་འདོད་པར་སྐུ་དང་གསུང་གི་ཕྲིན་ལས་གྲུབ་པའི་ཕྱིར་དང་དུས་ཇི་ལྟ་བར་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པ་ཡང་དག་པར་སྟོན་པའི་ཕྱིར་རོ། །སྐྱེ་བ་ལ་དབང་བ་ཉིད་ནི་སྐྱེ་བའི་སྐྱེ་

མཆེད་ཐམས་ཅད་དུ་ཇི་ལྟར་འདོད་པར་སྐྱེ་བའི་ཕྱིར་རོ། །རྫུ་འཕྲུལ་ལ་དབང་བ་ནི་ཇི་ལྟར་འདོད་པར་མངོན་པར་ཤེས་པ་རྣམས་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྣམ་པར་འཕྲུལ་པ་ཀུན་དུ་སྟོན་པ་ལ་སོགས་པའོ། །སྨོན་ལམ་ལ་དབང་བ་ཉིད་ནི་སྨོན་ལམ་ཐམས་ཅད་ཡང་དག་པར་གྲུབ་པའི་ཕྱིར་རོ། །མོས་

Vol. 109 · folio 276a

པ་ལ་དབང་བ་ཉིད་ནི་གང་ཇི་ལྟར་མོས་པ་དེ་དེ་བཞིན་ཁོ་ནར་འགྱུར་བ་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་ཡོངས་སུ་གང་བ་ཡང་དག་པར་སྟོན་པ་ལ་སོགས་པ་ལྟ་བུའོ། །ཡེ་ཤེས་ལ་དབང་བ་ནི་གང་ཁོ་ན་ཤེས་པར་འདོད་པ་དེ་ཁོ་ན་ཤེས་པ་སྟེ། འདི་

ལྟ་སྟེ། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱད་དང་། མངོན་པར་བྱང་ཆུབ་པ་ཡང་དག་པར་སྟོན་པ་ལ་སོགས་པའོ། །ཆོས་ལ་དབང་བ་ཉིད་ནི་མདོ་ལ་སོགས་པའི་ཆོས་རྣམ་པར་གཞག་པ་རྣམས་ལ་མཁས་པའོ། །བསྲུང་བ་མེད་པ་

གསུམ་རྣམས་ནི་དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་དེ་ལ་སྐུའི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་གཞན་གྱིས་ཤེས་པར་འགྱུར་རོ་ཞེས་འཆབ་པར་བྱ་བར་དགོངས་པ་ཅུང་ཟད་མི་མངའ་བ་འདི་ནི་བསྲུང་བ་མེད་པ་དང་པོའོ། །དེ་བཞིན་དུ་གསུང་གི་

ལས་ནི་གཉིས་པའོ། །དེ་བཞིན་དུ་ཡིད་ཀྱི་ལས་ནི་གསུམ་པའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི། ཇི་སྐད་དུ་གསུངས་པ་སྟེ། དེ་བཞིན་གཤེགས་པ་ཆོས་སྟོན་པ་ནི་ཁ་ཅིག་གུས་པར་ཉན་འདོད་རྣ་གཏོད་པར་བྱེད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་

དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་ཡིད་བདེ་བར་མི་འགྱུར་ཐུགས་མཐོན་པོ་ཡང་ངོ་བོ་ཉིད་དུ་མི་འགྱུར་བ་དང་གཞན་རྣམས་གུས་པར་མི་ཉན་རྣ་མི་གཏོད་ཅེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཁོང་ཁྲོ་བ་མ་ཡིན་མི་བཟོད་པ་མ་ཡིན་ཐུགས་མི་ཆེས་པ་མ་ཡིན་ཐུགས་མི་མཉེས་པ་མ་ཡིན་པ་

དང་། ཁ་ཅིག་གུས་པར་ཉན་འདོད་པ་དང་གུས་པར་ཉན་མི་འདོད་པ་དེས་དེ་བཞིན་གཤེགས་པ་གཉིས་སུ་མི་འགྱུར་རོ་ཞེས་པ་དགྱེས་པ་དང་ཁོང་ཁྲོ་བར་ཏེ། ཐམས་ཅད་དུ་བཏང་སྙོམས་པར་གནས་པ་དྲན་པ་དང་ལྡན་པའི་ཤེས་བཞིན་ཅན་ནོ་ཞེས་པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སེམས་

ཅན་གྱི་དོན་བྱ་བའི་དུས་ལས་མི་འདའ་བའི་ཕྱིར་རོ། །བག་ཆགས་ཡང་དག་བཅོམ་པ་ནི། ཉོན་མོངས་པ་སྤངས་ཀྱང་གང་ཉོན་མོངས་པ་མ་སྤངས་པ་དང་འདྲ་བར་སྤྱོད་པ་དེ་ཉོན་མོངས་པའི་བག་ཆགས་ཏེ་ཏིལ་གྱི་མེ་ཏོག་ལ་སོགས་པ་བསལ་ཡང་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ལ་དེས་ཡང་དག་

Vol. 109 · folio 276b

པར་བསྒོས་པའི་དྲི་ཕྲ་མོ་ལྷག་པར་གནས་པ་བཞིན་ནོ། །དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པའོ། །འདོད་ཆགས་ལ་སོགས་པའི་བག་ཆགས་ནི་ལུས་དང་ངག་གི་སྤྱོད་ཚུལ་གྱི་ཁྱད་པར་གྱི་རྒྱུ་ཡང་སྟེ། ཇི་ལྟར་དགྲ་བཅོམ་པའི་སྔོན་དུ་སྤྲེ་འུར་གྱུར་པས་

མཆོངས་ནས་གཤེགས་པ་དང་། སྔོན་བྲམ་ཟེར་གྱུར་པའི་རྨོངས་མོ་ཞེས་བརྗོད་པ་ལྟ་བུའོ། །དེ་ཐམས་ཅད་ཉིད་ཀྱང་དེ་བཞིན་གཤེགས་པ་ལ་ནུབ་པར་གྱུར་པའོ་ཞེས་པ་ཉོན་མོངས་པའི་བག་ཆགས་ཡང་དག་པར་བཅོམ་པ་དེ་བཅོམ་ལྡན་འདས་སུ་བརྗོད་དོ། །ཐུགས་རྗེ་ཆེན་པོ་ནི་ཕན་པའི་བསམ་པ་

ཉིད་དེ་གང་གིས་བཅོམ་ལྡན་འདས་དུས་ཐམས་ཅད་དུ་ལན་དྲུག་ཏུ་སུ་ནི་འགྲིབ་སུ་ནི་འཕེལ་ཞེས་པ་ལ་སོགས་པར་འཇིག་རྟེན་ལ་གཟིགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ཁྱད་པར་དང་མཚན་ཉིད་དང་དབྱེ་བ་མཐར་ཐུག་པ་ཤེས་པའོ། །སྟོབས་བཅུ་

རྣམས་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་

ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་

པ་ཟད་པ་མཁྱེན་པའི་སྟོབས་སོ། །འདི་རྣམས་ཀྱི་མཚན་ཉིད་ནི་མདོ་ལས་ཇི་སྐད་དུ་གསུངས་པ་བཞིན་ཏེ། དེ་ལ་སྲིད་པ་དང་མི་སྲིད་པ་ནི་གནས་དང་གནས་མ་ཡིན་པ་དག་སྟེ། རྒྱུ་ཡང་གནས་སོ། །འདི་ལྟ་སྟེ། གནས་ཀྱང་གནས་སུ། གནས་མ་ཡིན་པ་ཡང་གནས་མ་ཡིན་པར་རབ་ཏུ་མཁྱེན་ཏོ་ཞེས་

སོ། །ཉེས་པར་སྤྱོད་པ་རྣམས་ཀྱི་རྣམ་པར་སྨིན་པ་མི་འདོད་པ་ནི་གནས་སོ། །འདོད་པ་ནི་གནས་མ་ཡིན་པའོ། །ལེགས་པར་སྤྱད་པ་རྣམས་ཀྱི་འདོད་པ་ནི་གནས་སོ། །མི་འདོད་པ་ནི་གནས་མ་ཡིན་པའོ། །སེར་སྣས་དབུལ་བ་ཉིད་ནི་གནས་སོ། །ལོངས་སྤྱོད་ཆེན་པོ་ཉིད་ནི་གནས་མ་ཡིན་པའོ། །

Vol. 109 · folio 277a

སྦྱིན་པས་ལོངས་སྤྱོད་ཆེན་པོ་ཉིད་ནི་གནས་སོ། །དབུལ་བ་ཉིད་ནི་གནས་མ་ཡིན་པའོ། །མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེན་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའི་མཚན་ཉིད་ཅན་གྱི་མཚམས་མེད་པ་ལྔ་བྱེད་པའི་ངང་ཅན་དང་། མ་དང་

དགྲ་བཅོམ་མ་ལ་མི་ཚངས་པར་སྤྱོད་པས་སུན་འབྱིན་པ་དང་། བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བཀྲོངས་པ་དང་། སློབ་པ་ཡང་དང་། དགེ་འདུན་འདུ་བའི་སྒོ་ཕྲོགས་པ་དང་། མཆོད་རྟེན་འཇིག་པ་ཞེས་པ་མཚམས་མེད་པ་དང་ཉེ་བ་ལྔ་བྱེད་པའི་སེམས་གནས་པ་ནི་གནས་མ་ཡིན་པའོ། །འགྱོད་

པས་གནས་པའི་སེམས་རབ་ཏུ་སྦྱངས་པ་ནི་གནས་མ་ཡིན་པའོ། །བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བ་དང་ཚངས་པ་ཉིད་ལ་སོགས་པ་ནི་གནས་མ་ཡིན་པའོ། །བཟློག་པ་ཐམས་ཅད་གནས་སོ། །འདི་ལྟ་བུ་ལ་སོགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་ཏེ། དག་པ་ཆགས་པ་མེད་

པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་སོ། །དག་པ་ནི་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པའོ། །གང་དང་གང་གྱུར་པའོ་ཞེས་འདོད་པས་ཆགས་པ་མེད་པའོ། །རྣམ་པ་གང་དང་གང་གིས་གྱུར་པ་ཞེས་རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་ཐོགས་པ་མེད་པའོ། །མཁྱེན་པ་དེ་ཉིད་སྟོབས་ཏེ་ཤིན་ཏུ་ཡང་

གཞན་རྣམས་ཀྱིས་བརྫི་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། གཞན་རྣམས་ཤིན་ཏུ་ཡང་ཟིལ་གྱིས་གནོན་པའི་ཕྱིར་རོ། །ལས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་ལ་སོགས་པའོ། །གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའི་བསོད་ནམས་ནི་མི་གཡོ་བའོ། །ཁ་

ཅིག་ཏུ་ཁམས་གསུམ་ཀ་དང་མཚུངས་པར་ལྡན་པའི་དགེ་བ་ཡང་བསོད་ནམས་སུ་རྣམ་པར་གཞག་གོ། །རྣམ་པར་སྨིན་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །ཁམས་སྣ་ཚོགས་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་བསྐྱེད་པའི་བསམ་གཏན་ནོ། །མོས་པ་སྣ་

ཚོགས་པ་ལ་འདིར་མོས་པ་ནི་འདོད་པ་སྟེ། འདི་ལྟར་འདོད་ཆགས་ལ་གནས་པའི་ཡང་ཞེ་སྡང་ལ་འདོད་པ་དང་། ཞེ་སྡང་ལ་གནས་པའི་འདོད་ཆགས་ལ་འདོད་པ་དང་། སྦྱོར་བ་དམན་པའི་སྦྱོར་བ་རྒྱ་ཆེན་པོ་ལ་དང་། སྦྱོར་བ་རྒྱ་ཆེན་པོའི་སྦྱོར་བ་དམན་པ་ལའོ། །དབང་པོ་རྣམས་ནི་དད་པ་དང་བརྩོན་འགྲུས་དང་

Vol. 109 · folio 277b

དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་བོ། །དེ་རྣམས་ཀྱི་མཆོག་དང་མཆོག་མ་ཡིན་པ་ཐ་མ་དང་འབྲིང་དང་མཆོག་སྟེ། འདི་ནི་དབང་པོ་ཐ་མའོ། །འདི་ནི་དབང་པོ་འབྲིང་ངོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་སྟེ་འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ཡང་དག་

པ་ཉིད་དུ་ངེས་པ་དང་མ་ངེས་པ་ཡང་ཤེས་ཤིང་དེ་དག་གི་རྗེས་སུ་མཐུན་པའི་ལམ་ཡང་ཤེས་ལ་སྟོན་པར་ཡང་བྱེད་དོ། །ལོག་པ་ཉིད་དུ་ངེས་པ་རྣམ་མཁྱེན་ནས། དེ་རྣམས་ལ་བཏང་སྙོམས་ཁོ་ན་རྗེས་སུ་མཐུན་ནོ་ཞེས་རེ་ཞིག་གི་དུས་སུ་བཏང་སྙོམས་སུ་བྱེད་པ་དང་འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམ་མོ། །

འདི་ནི་ཞེ་སྡང་གིའོ་ཞེས་པ་ལ་སོགས་པའོ། །བསམ་གཏན་བཞི་རྣམས་དང་། རྣམ་པར་ཐར་པ་བརྒྱད་རྣམས་དང་། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པ་ཏིང་ངེ་འཛིན་གསུམ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་དང་། མཐར་གྱིས་གནས་པའི་སྙོམས་

པར་འཇུག་པ་དགུ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱོང་བ་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་དམིགས་པ་མེད་པ་ལ་སོགས་པའོ། །ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པས་སམ་ཐོད་རྒལ་གྱིས་སོ། །སྔོན་གྱི་གནས་ནི་སྐྱེ་བ་སྔ་མའོ། །དེའི་རྗེས་

སུ་དྲན་པ་ནི་དྲན་པའོ། །འཆི་འཕོས་པ་དང་། སྐྱེ་བ་དག་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང་སྐྱེ་བ་དག་གོ། །དེ་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་མདོར་གསུངས་པ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་ལྷའི་སྤྱན་ཏེ། གང་གིས་ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་

ཀྱི་མཐར་ཐུག་པར་ཞིང་དུ་སྣང་བ་གང་འགའ་ཞིག་བསྲེག་བཞིན་པ་དེ་རྣམས་གཟིགས་པ་དང་། འཇིག་བཞིན་པ་རྣམས་དང་། འཆགས་བཞིན་པ་རྣམས་དང་། གང་དུ་སེམས་ཅན་དུ་སྣང་བ་དེ་རྣམས་འཆི་བཞིན་པ་དང་། སྐྱེ་བ་རྣམས་ཐམས་ཅད་དང་། གང་ཡང་སྣང་བ་མེད་པའི་སེམས་ཅན་ཇི་སྙེད་

པ་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་ལྷའི་སྤྱན་ལ་སྣང་བར་འགྱུར་རོ་ཞེས་སོ། །གལ་ཏེ་ཡང་དབང་པོ་རྣམས་གནས་ངན་ལེན་གྱི་རང་བཞིན་ནོ་ཞེས་གསུངས་པའི་ཕྱིར། མི་ཤེས་པའི་རང་བཞིན་གྱི་དབང་པོ་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་སྤངས་པ་ན་ཡིད་ཀྱི་བློ་བཞིན་དུ་དབང་པོའི་བློ་ལ་སོགས་

Vol. 109 · folio 278a

པ་རྣམས་ཀྱིས་ཡུལ་ཐམས་ཅད་ཡོངས་སུ་གཅོད་པས་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ཐམས་ཅད་ནི་ཡུལ་ཐམས་ཅད་པར་འདོད་དེ། ཇི་སྐད་དུ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དུ་གསུངས་པ། ཐམས་ཅད་དུ་ནི་ཕྱག་ཞབས་མཐའ། །ཀུན་དུ་ཅན་དང་དབུ་དང་ཞལ། །ཀུན་

ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་གནས། །ཞེས་སོ། །འཕགས་པ་དད་པའི་སྟོབས་བསྐྱེད་པའི་མདོར་ཡང་གསུངས་པ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་བཞིན་དུ་དུས་ཅིག་

ཅར་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་གཟིགས་སོ་ཞེས་སོ། །དེ་ལྟར་ན་ཡང་དབང་པོའི་བློར་སྔོན་གྱི་རྗེས་སུ་འབྲངས་པས་རྣམ་པར་གཞག་གོ་ཞེས་པས་ལྷའི་མིག་ཅེས་པ་ལ་སོགས་པར་བརྗོད་པར་བྱའོ། །ཟག་པ་ནི་ཉོན་མོངས་པ་རྣམས་སོ། །དེ་རྣམས་ཀྱི་ཟད་པ་གང་ཡིན་པ་དང་།

ལམ་གང་གིས་ཟད་པ་དེ་གཉིས་ཀ་ཡང་ཟག་པ་ཟད་པ་སྟེ། སེམས་ཅན་རྣམས་ཀྱིའོ། །སེང་གེ་བཞིན་དུ་བསྙེམས་པ་ཤིན་ཏུ་མི་མངའ་བར་རིགས་པར་གསུངས་པ་ནི་མི་འཇིགས་པ་སྟེ་དེའི་དངོས་པོའམ་ལས་ནི་མི་འཇིགས་པ་ཉིད་དོ། །མི་འཇིགས་པ་ཉིད་བཞི་རྣམས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་

མི་འཇིགས་པ་ཉིད་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་ཉིད་དང་། བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་ཉིད་དང་། ངེས་པར་འབྱུང་བའི་ཆོས་ལ་མི་འཇིགས་པ་ཉིད་དོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་

པ་ཕུན་སུམ་ཚོགས་པའོ། །དེ་གཉིས་ནི་རང་དོན་ནོ། །བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་གེགས་སོ། །ངེས་པར་འབྱུང་བའི་ཆོས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །འདི་གཉིས་ནི་གཞན་གྱི་དོན་ཏེ་ཕ་རོལ་པོ་རྣམས་ལ་དེ་འཆད་པའི་ཕྱིར་རོ། །དེ་རྣམས་ལ་མི་འཇིགས་པ་

ཉིད་དེ། དེ་དམ་བཅའ་བ་སོ་སོར་འགོད་པ་རྣམས་ལའོ། །དེ་བྱེད་པ་པོ་མགོན་མེད་པ་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་མགོན་དང་སྐྱབས་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་སོ། །དེའི་བརྗོད་པར་བྱ་བ་མཐའ་དག་ནི་དོན་

Vol. 109 · folio 278b

ནོ། །དེ་རྣམས་ཁོ་ནའི་མིང་གི་ཕྱོགས་གཅིག་ལ་སོགས་པ་རྣམས་ཀྱི་རྣམ་པ་མང་པོར་ངེས་པར་བཤད་པ་ནི་ངེས་པའི་ཚིག་གོ། །ཡང་ན་རྒྱུའི་ཆོས་ཐམས་ཅད་ནི་ཆོས་སོ། །འབྲས་བུའི་ཆོས་ཐམས་ཅད་ནི་དོན་ནོ། །འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐད་ཐམས་ཅད་ཁོ་ན་ནི་ངེས་པའི་ཚིག་

གོ། །དེ་རྣམས་སོ་སོ་ཡང་དག་པར་རིག་པ་ནི་རིམ་པ་ཇི་ལྟ་བར་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། ཆོས་ལ་སོགས་པ་རྣམས་ཕ་རོལ་པོ་རྣམས་ལ་བསྟན་པའི་ཆེད་དུ་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་མངོན་དུ་

གྱུར་པ་ནི་སྤོབས་པའོ། །དེ་ཡང་འདི་ཡིན་ལ་སོ་སོ་ཡང་དག་པར་རིག་པ་ཡང་ངོ་ཞེས་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །མ་འདྲེས་པར་སྤྱོད་པ་ཞེས་པ་ནི་མ་འདྲེས་པའི་ཆོས་ཏེ། གཞན་རྣམས་དང་ཐུན་མོང་མ་ཡིན་པ་ཞེས་པའི་དོན་ནོ། །དེ་རྣམས་ཀྱང་ཇི་སྐད་དུ་འཁྲུལ་པ་དང་། ཅ་ཅོ་དང་དྲན་

པ་ཉམས་པ་མེད་པ་ཉིད་དང་། ཐུགས་མཉམ་པར་མ་བཞག་པ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཉིད་དང་འདུན་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་རྣམས་ཉམས་པ་མེད་པ་ཉིད་དང་། སྐུ་དང་གསུང་

དང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་དུས་གསུམ་རྣམས་ལ་ཐམས་ཅད་དུ་མ་ཆགས་མ་ཐོགས་པའི་ཡེ་ཤེས་རབ་ཏུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་བཅོ་བརྒྱད་དོ། །དེ་ལ་དང་པོ་ནི་སྐུའི་ཕྲིན་ལས་ཡོངས་སུ་དག་པའོ། །གཉིས་པ་ནི་གསུང་གི་

ཕྲིན་ལས་སོ། །དེ་ནས་བཞི་པ་ནི་ཐུགས་ཀྱི་ཕྲིན་ལས་སོ། །དེ་ནས་དྲུག་པ་ནི་དེ་བཞིན་གཤེགས་པའི་དབང་པོ་རྟེན་དང་བཅས་པ་འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ལས་ཏེ། དེ་ལ་རྟེན་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་

འགྲུས་ལ་སོགས་པ་རྣམས་སོ། །དེ་ནས་གསུམ་ནི་སྐུ་ལ་སོགས་པའི་ཕྲིན་ལས་རྣམས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཏེ། ཡེ་ཤེས་རྒྱུ་ཉིད་ཀྱིས་དང་། ཡེ་ཤེས་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་ནའོ། །དེ་ནས་གསུམ་ནི་དུས་གསུམ་རྣམས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་རྣམས་

Vol. 109 · folio 279a

སོ། །འདིར་མདོ་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་དོ་ཞེས་པའོ། །ཇི་ལྟར་དགྲ་བཅོམ་པ་གྲོང་ལ་སོགས་པར་བསོད་སྙོམས་ཀྱི་ཆེད་དུ་རྒྱུ་བ་རྣམས་གླང་པོ་ཆེ་དང་རྟ་གཏུམ་པོ་དང་བ་ལང་དང་ཁྱི་དང་ཚེར་མ་དང་སྦྲུལ་ལ་སོགས་པ་རྣམས་ཀྱིས་གནོད་པ་སྐྱེལ་བ་དང་། འབྲོག་

དགོན་པར་ཆོམ་རྐུན་དང་སྟག་ལ་སོགས་པས་འཇིགས་པ་སྟེ། འདི་འདྲ་བའི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་མི་མངའོ། །འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་ཡང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུའི་ཕྲིན་ལས་འཁྲུལ་པ་མི་མངའ་

བ། རབ་ཏུ་དང་བ་བསྐྱེད་པའི་སྤྱོད་ལམ་ཅན། སྤྱོད་ལམ་བཞིས་གྲོང་དང་གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་ན་ཞབས་ཀྱི་མཐིལ་གཉིས་ས་ལ་མི་རེག་ཅིང་། ས་ཆེན་པོ་ལ་འཁོར་ལོ་རྩིབས་སྟོང་ཕྲག་ཅན་རྣམས་འབྱུང་བ་དང་། དྲི་ཡིད་དུ་འོང་བ་ཅན་གྱི་པདྨ་རྣམས་འབྱུང་ངོ་། །གང་དུ་དེ་བཞིན་གཤེགས་

པའི་ཞབས་དག་བཞག་པ་དེར་གང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཞབས་ཀྱི་འོད་ཀྱིས་རེག་པ་དེ་རྣམས་ཞག་བདུན་དུ་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་བ་དང་། ཤི་འཕོས་ནས་ཀྱང་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་

ན་བཟའ་སོར་བཞིའི་བར་གྱིས་མི་རེག་པར་གནས་ལ་རྩོམ་ཆེན་གྱི་རླུང་གིས་ཀྱང་གཡོ་བར་བྱེད་མ་ནུས་སོ། །སྐུའི་འོད་ཀྱིས་མནར་མེད་པའི་མཐར་ཐུག་པའི་སེམས་ཅན་རྣམས་བདེ་བར་བྱེད་དོ། །དེས་ན་དེ་བཞིན་གཤེགས་པ་ལ་སྐུ་འཁྲུལ་པ་མེད་པར་བརྗོད་པར་བྱའོ་ཞེས་ཏེ། རྟག་པ་ཁོ་ནར་

ཡང་དག་པར་གཟིགས་ནས་མཛད་པའི་ངང་ཅན་ཉིད་ཀྱི་ཕྱིར་རོ། །ཅ་ཅོ་མི་མངའོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ་རྣམས་འབྲོག་དགོན་པར་ལམ་ནོར་བས་སྒྲ་མཐོན་པོ་འདོན་པར་འགྱུར་བའམ། བག་ཆགས་ཀྱི་དབང་ལས་གད་མོ་ཆེར་དགོད་པ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ་རྟག་ཏུ་མཉམ་པར་

གཞག་པའི་ཕྱིར་རོ། །དྲན་པ་ཉམས་པ་མི་མངའོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ་མཉམ་པར་མ་བཞག་པ་ལས་དྲན་པ་ཉམས་པས་བྱ་བ་མི་བྱེད་པ་དང་། དུས་ལས་ཀྱང་འདའ་བ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཐུགས་མཉམ་པར་མ་

Vol. 109 · folio 279b

བཞག་པ་མི་མངའོ་ཞེས་པ་སྟེ་ཇི་ལྟར་དགྲ་བཅོམ་པ་སྙོམས་པར་ཞུགས་པ་ཁོ་ན་མཉམ་པར་བཞག་པ་ཡིན་གྱི་གཞན་གྱི་ཚེ་མ་ཡིན་པ་དེ་ལྟ་བུ་སངས་རྒྱས་མ་ཡིན་ཏེ་རྟག་ཏུ་མཉམ་པར་གཞག་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ་མཐའ་གཅིག་ཏུ་

ཕུང་པོ་རྣམས་ལ་མི་མཐུན་པའི་འདུ་ཤེས་ཅན་དང་། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་ཅན་ཡིན་པ་དེ་ལྟར་སངས་རྒྱས་མ་ཡིན་ཏེ། རང་བཞིན་གྱིས་བདག་མེད་པ་ཉིད་ཀྱིས་ན་གཉིས་ཀ་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ་ཞེས་པ་

སྟེ། ཇི་ལྟར་དགྲ་བཅོམ་པ་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་བྱ་བ་བཏང་སྙོམས་སུ་བྱེད་པ་དེ་ལྟ་བུ་སངས་རྒྱས་ལ་མངའ་བ་མ་ཡིན་ཏེ། དེ་ནི་དུས་ལ་སོགས་པ་རྣམས་སོ་སོར་བརྟགས་པ་རྣམས་ཁོ་ནས་བར་མར་གནས་པར་འགྱུར་གྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །འདུན་པ་ཡོངས་སུ་

ཉམས་པ་མི་མངའོ་ཞེས་པ་ལ་སོགས་པ་སྟེ། དགྲ་བཅོམ་པ་རྣམས་ནི་རིགས་ཀྱི་དབང་ལས་སངས་རྒྱས་ཀྱི་ས་དང་སངས་རྒྱས་ཀྱི་མཛད་པ་ལ་འདུན་པ་ལ་སོགས་པ་མི་འབྱུང་ངོ་། །དེའི་ཕྱིར་དེ་རྣམས་དེ་རྣམས་ལས་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་རྣམས་སོ། །དེ་ལྟ་བུ་

སངས་རྒྱས་རྣམས་ལ་མ་ཡིན་ཏེ། དེ་རྣམས་ཀྱིས་མ་ཐོབ་པའི་ཁྱད་པར་གྱི་ཆོས་མེད་པའི་ཕྱིར་རོ། །དེ་ལ་འདུན་པ་ལ་སོགས་པ་རྣམས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་སོ་སོར་རྟོག་པར་མཛད་པ་ནི་བྱམས་པ་དང་སྙིང་རྗེ་དང་ཆོས་སྟོན་པ་དང་སེམས་ཅན་གདུལ་བ་དང་ཡོངས་སུ་སྨིན་པར་

བྱེད་པ་དང་། རབ་ཏུ་དབེན་པ་དང་བྱང་ཆུབ་ཡང་དག་པར་ལེན་དུ་འཇུག་པ་ནི་འདུན་པའོ། །བརྩོན་འགྲུས་ནི་འདི་ལྟ་སྟེ། གདུལ་བྱ་འགུགས་པར་བྱེད་པའི་བརྩོན་འགྲུས་དང་། ཆོས་ཉན་པ་རྣམས་ལ་མི་སྒྲུབ་པ་མེད་པའི་བརྩོན་འགྲུས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་དེ་གང་བསྐལ་པར་མི་

སྐྱོ་བར་ཉན་པ་དེ་ལྟ་བུའི་ངོ་བོའི་ཆོས་ཉན་པ་པོ་རྙེད་ན་བསྐལ་པར་ཡང་དེ་བཞིན་གཤེགས་པ་ཆོས་སྟོན་བཞིན་པ་མི་བཞེངས་ཏེ། བཟའ་བ་དང་བྲལ་བའི་རྒྱུད་ཀྱིས་དང་སེམས་ཅན་ལ་ལྟོས་པས་ཀྱང་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་འདས་

Vol. 109 · folio 280a

པར་མཛད་ནས་གང་དུ་ཐ་ན་སེམས་ཅན་གཅིག་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བར་ཡང་གཤེགས་སོ། །དྲན་པ་ཉམས་པ་མི་མངའ་སྟེ། དེ་བཞིན་གཤེགས་པ་དྲན་ནས་སམ་བསམ་པར་མཛད་ནས་སམ། རྟོགས་པར་མཛད་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་

ཡིན་པའོ། །ཏིང་ངེ་འཛིན་མཉམ་པ་ཉིད་དེ། ཆོས་ཐམས་ཅད་ཀྱི་མི་མཉམ་པ་མེད་པ་ཉིད་དང་ཇི་ལྟ་བ་བཞིན་ཉིད་དོ། །གང་མཉམ་པ་དང་མཉམ་པ་ཉིད་དེ་དང་ཏིང་ངེ་འཛིན་མཉམ་པ་ཉིད་དོ། །གང་དང་ཏིང་ངེ་འཛིན་མཉམ་པ་དེ་དང་དེ་བཞིན་གཤེགས་པ་རྣམས་མཉམ་པ་ནས། ཇི་སྲིད་དུ་ཁམས་

གསུམ་ལ་ཡང་བརྟེན་པ་མེད་པ་ཉིད་ཀྱི་ཕྱིར་ཉམས་པ་མེད་ཅིང་ཡོངས་སུ་ཉམས་པ་མེད་པ་སྟེ། དེས་ན་ཏིང་ངེ་འཛིན་ཉམས་པ་མེད་དོ་ཞེས་བརྗོད་པར་བྱའོ། །ཤེས་རབ་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ལ་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པའི་ཡེ་ཤེས་དང་། སེམས་ཅན་ཕ་རོལ་རྣམས་ལ་

ཆོས་རབ་ཏུ་གསལ་བར་བྱེད་པའི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་མཁས་པས་རབ་ཏུ་དབྱེ་བ་མཁྱེན་པའི་ཡེ་ཤེས་དང་། ཚིག་གཅིག་རབ་ཏུ་འཇུག་པས་བསྐལ་པ་སྟོང་ཕྲག་བརྒྱར་ལྷག་པར་གནས་པ་སྟོན་པའི་ཡེ་ཤེས་དང་། ཇི་ལྟར་བྲིས་པའི་དོན་གསུངས་པས་ཐེ་ཚོམ་

གཅོད་པ་དང་ཐེག་པའི་རྣམ་པར་གཞག་པ་སྟོན་པའི་ཡེ་ཤེས་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་རྣམས་མཁྱེན་པ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཇི་ལྟར་སོ་སོར་འོས་པའི་ཆོས་སྟོན་པའི་ཡེ་ཤེས་སོ་ཞེས་པ་འདི་ནི་དེ་བཞིན་གཤེགས་པའི་མཐའ་ཡས་པ། མུར་ཐུག་

པ་མེད་པ་མི་ཟད་པ་ཚད་མེད་པ་སྟོན་པའི་ཤེས་རབ་བོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་ཆགས་པ་དང་འཛིན་པ་ཐམས་ཅད་དང་བྲལ་བ། སྔོན་གྱི་མཐའ་དང་མ་བཅིངས་པ། ཕྱི་མའི་མཐར་མི་འཕོ་བ། ད་ལྟར་བྱུང་བ་ལ་མི་གནས་པ་སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་ཁོ་ནར་ཤེས་

པ་སྟེ་དེའི་ཕྱིར་སྐད་ཅིག་གཅིག་དང་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བརྗོད་པར་བྱའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། སྐུའི་ཕྲིན་ལས་གང་དང་ཡང་དག་

Vol. 109 · folio 280b

པར་ལྡན་པའི་དེ་བཞིན་གཤེགས་པ་ལྟ་བས་ཀྱང་སེམས་ཅན་རྣམས་འདུལ་བར་མཛད་དོ། །གསུང་བཞིན་པའམ་རུང་། ཅང་མི་གསུང་བར་གྱུར་པའང་རུང་གསོལ་བས་ཀྱང་རུང་སྤྱོད་ལམ་གྱིས་ཀྱང་རུང་། མཚན་རྣམས་ཀྱིས་ཀྱང་ཞེས་རྒྱ་ཆེར་རོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་

ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། དེ་བཞིན་གཤེགས་པ་ནི་འབྲས་བུ་དང་ལྡན་པའི་ཆོས་སྟོན་པར་མཛད་དོ། །གསུང་དེ་ཡང་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའོ། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་

དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོན་པ། ཆོས་ཐམས་ཅད་ངེས་པར་རྟོགས་པ་ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་རྐྱེན་གྱིས་མ་ཡིན་པ། དམིགས་པ་ལས་ཡང་དག་པར་འདས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ། སྲིད་པ་གསུམ་གྱི་འགྲོ་བ་དཔག་ཏུ་མེད་པའི་བདུད་ཀྱི་ལས་ཐམས་

ཅད་ལས་ཡང་དག་པར་འདས་པ་སྟེ། ཇི་སྲིད་དུ་ཆོས་ཀྱི་དབྱིངས་དང་། དབྱེར་མེད་པའི་བར་དུ་ཡང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དང་། དེ་རྣམས་ན་རྩྭ་དང་འཁྲི་ཤིང་ལ་སོགས་པ་ཇི་སྙེད་པ་རྣམས་དང་སངས་རྒྱས་བཅོམ་

ལྡན་འདས་ཇི་སྙེད་པ་རྣམས་དང་། ཆོས་སྟོན་པ་ཇི་སྙེད་པ་རྣམས་དང་། རང་དང་གཞན་རྣམས་ཀྱི་སེམས་གང་གིས་དེ་མ་ཐག་ཏུ་སེམས་གང་སྐྱེས་པ་དེ་ཐམས་ཅད་བགྲང་བའི་སྦྱོར་བས་མཁྱེན་ཏོ། །དེ་ཡང་མངོན་སུམ་གྱི་ཡེ་ཤེས་ཀྱིས་ཏེ། རྗེས་སུ་རྟོགས་པའི་ཡེ་ཤེས་པས་ནི་མ་ཡིན་ནོ། །མ་འོངས་པའི་དུས་

ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། ཞིང་ངམ་སེམས་ཅན་གང་ཅི་ཡང་རུང་བ་སྐྱེ་བར་འགྱུར་བ་རྣམས་དང་སེམས་གང་སྐྱེ་བར་འགྱུར་བ་དེ་ཐམས་ཅད་བགྲང་བས་མཁྱེན་ཏོ་ཞེས་རྒྱས་པར་རོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ།

གང་ད་ལྟར་བྱུང་བ་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་རྣམས་དང་ཆོས་རྣམས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཁྱེན་པ་ནས་ཇི་སྲིད་དུ་རིགས་ཐམས་ཅད་དང་ས་ལ་སོགས་པའི་ཁམས་ཐམས་ཅད་དང་། རྡུལ་ཕྲ་རབ་ཀྱི་ཆར་བཅས་པ་དང་། ཇི་སྲིད་དུ་སྐྲའི་རྩེ་

Vol. 109 · folio 281a

མོའི་མཐས་བླངས་པའི་བར་དང་། ཇི་སྲིད་དུ་དམྱལ་བ་ལ་སོགས་པའི་འགྲོ་བར་སྐྱེས་པའི་སེམས་ཅན་གྱི་ཁམས་ཀྱི་བར་ཡང་མཁྱེན་ཏོ་ཞེས་རྒྱས་པར་རོ། །དེ་བཞིན་གཤེགས་པ་ནི་གཉིས་ཀྱི་རྗེས་སུ་འབྲང་བ་ཤེས་པ་མེད་དེ། གཉིས་སུ་མེད་པ་ལ་འཇུག་པའི་ཆེད་དུ་སེམས་ཅན་རྣམས་ལ་

ཆོས་སྟོན་པར་ཡང་མཛད་དོ། །འོ་ན་གལ་ཏེ་དོན་དམ་པར་མཐའ་དག་སྟོང་པ་ཉིད་ཁོ་ན་ཡིན་ཞིང་། བཅོམ་ལྡན་འདས་ཀྱང་དེ་ཁོ་ན་ཉིད་གཟིགས་པ་ཡིན་ན། དེ་ཇི་ལྟར་བཅོམ་ལྡན་འདས་ཕྱི་རོལ་གྱི་དོན་དང་རྣམ་པར་ཤེས་པ་དག་སྟོན་པར་མཛད་དེ། དེ་ཁོ་ན་ཉིད་གཟིགས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པ་སྟོན་པར་བྱེད་པ་

མེད་ལ། སྟོན་ན་ཡང་ཅི་ལྟར་དེ་ཁོ་ན་ཉིད་མཐོང་བའོ་ཞེས་རྟོགས་པར་བྱ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཕྱི་རོལ་གྱི་དོན་དང་རྣམ་པར་རིག་པ་དག་སྒྲུབ་པའི་དོན་དུ་བཅོམ་ལྡན་འདས་དེ་སྟོན་པ་མ་ཡིན་གྱི། འོན་ཀྱང་རྗེས་སུ་བརྗོད་པའི་དོན་དུ་སྟེ། ཕུང་པོ་ལྔ་པོ་ཁོ་ན་དང་རྣམ་པར་ཤེས་པ་ཙམ་ཁོ་ན་ཡོད་ཀྱི་

བདག་ནི་མེད་དོ་ཞེས་བདག་བཀག་པ་དེ་རྗེས་སུ་བརྗོད་པས་འཆད་པར་བཞེད་པའི་ཕྱིར་རོ། །རྗེས་སུ་བརྗོད་པ་ཡང་ཅི་ལྟར་ན་སྟོང་པ་ཉིད་གཟིགས་པ་ལ་ཡིན་ཏེ། དེ་སོ་སོར་སྣང་བ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་འཇིག་རྟེན་པའི་བློ་ཁོ་ནས་རྗེས་སུ་བརྗོད་པ་སྲིད་པའི་ཕྱིར་རོ། །འཇིག་རྟེན་པའི་བློ་

ནི་དེ་ལྟ་བུ་སྟེ། ཐོག་མ་མེད་པའི་མ་རིག་པ་གོམས་པའི་ཕྱིར་རོ། །འོ་ན་གལ་ཏེ་བཅོམ་ལྡན་འདས་ལ་འཇིག་རྟེན་པའི་བློ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་གཟིགས་པ་ཡིན་ཞེ་ན། མ་ཡིན་ཏེ་སྔོན་གྱི་འཕེན་པས་སྟོན་པ་སྲིད་པའི་ཕྱིར་ཏེ་འཁོར་ལོ་འཁོར་བ་བཞིན་ནོ། །དེའི་ཕྱིར་རྣམ་པ་དུ་མར་སྟོན་པ་ནི་འཇིག་

རྟེན་གཞུག་པའི་ཆེད་དུ་འགལ་བ་མེད་དེ། འདི་ལྟ་སྟེ། ལྡེམ་པོར་དགོངས་པ་རྣམ་པ་བཞིས་སྟོན་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་གཞུག་པའི་དོན་དུ་མི་སྐྲག་པའི་ཆེད་དུ་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་སྟོན་པའི་ཕྱིར་རོ། །

མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་དོན་གཞན་ལ་དགོངས་པས་ན་ཀུན་བརྟགས་ལ་སོགས་པ་ངོ་བོ་ཉིད་གསུམ་རྣམས་ལ་བལྟ་བར་བྱ་སྟེ། ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པར་ཆོས་ཐམས་ཅད་སྟོན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་འདུལ་བ་ལ་བལྟ་

Vol. 109 · folio 281b

བར་བྱ་སྟེ། ཇི་སྐད་དུ་སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། ང་ཉིད་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་པ་དེར་གྱུར་ཏོ་ཞེས་པའོ། །མཉམ་པ་ཉིད་ལ་འདིར་ལྡེམ་པོར་དགོངས་པ་སྟེ་ཆོས་ཀྱི་སྐུ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ལ་

བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་འདི་སྙེད་ལ་བསྙེན་བཀུར་བྱས་ནས་ཐེག་པ་ཆེན་པོ་ཁོང་དུ་ཆུད་པར་གྱུར་ཏོ་ཞེས་པའོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་རྣམས་བདེ་བ་ཅན་དུ་སྨོན་ལམ་བྱེད་པར་འགྱུར་བ་

དེ་རྣམས་དེར་སྐྱེ་བར་འགྱུར་རོ་ཞེས་པ་དང་སངས་རྒྱས་དྲི་མེད་ཟླ་འོད་ཀྱི་མཚན་གཟུང་བ་འདི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་པ་སྟེ། དུས་གཞན་དུ་ཞེས་པ་དགོངས་པའོ། །ཅུང་ཟད་ཙམ་གྱིས་ཆོག་པའི་གཉེན་པོར་གསུངས་པ་ནི་འགའ་ཞིག་ལ་

སྦྱིན་པ་ལ་སོགས་པའི་དགེ་བ་གང་ཡིན་པ་དེ་ཉིད་བསྔགས་པར་མཛད་ལ་འགའ་ཞིག་ལ་སྨོད་པ་སྟེ། ཅུང་ཟད་ཙམ་གྱིས་ཆོག་པའི་གང་ཟག་གི་བསམ་པ་ལ་དགོངས་པས་སོ། །འདོད་ཆགས་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་

བསྔགས་པར་མཛད་པའོ། །ང་རྒྱལ་ལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་འགའ་ཞིག་གི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པར་མཛད་པའོ། །འགྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་རྣམས་སངས་རྒྱས་

དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་རྣམས་ཐམས་ཅད་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ་ཞེས་པའོ། །རེ་ཞིག་ཙམ་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལས་འབྱེད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་སྟོན་པ་དང་།

ཐེག་པ་གཅིག་ཏུ་སྟོན་པ་ཡང་ངོ་། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་རྗོད་བྱེད་ཟབ་པ་ཉིད་ལ་བལྟ་བར་བྱ་སྟེ། འདི་ལྟ་སྟེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀྱིས་ཀྱང་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་

Vol. 109 · folio 282a

སྟེ། འདི་ནི་འདིར་ལྡེམ་པོར་དགོངས་པ་སྟེ། སྙིང་པོ་མེད་པ་རྣམ་པར་གཡེང་བ་མེད་པ་ལ་གང་རྣམས་ཀྱི་སྙིང་པོའི་བློ་ཅན་དང་། རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་འཛིན་པ་ལས་བཟློག་པས་མི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་པ་ཡོངས་སུ་མ་

ཉམས་པ་དང་། ཉོན་མོངས་པ་སྟེ་དཀའ་བ་སྤྱོད་པའི་རྩོལ་བའི་ངལ་བས་ཤིན་ཏུ་ཡོངས་སུ་ཉོན་མོངས་པའོ་ཞེས་པའོ། །དབྱངས་ཀྱི་ཡན་ལག་དྲུག་ཅུ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་མདོར་ཇི་སྐད་དུ་གསུངས་པ་རྣམས་ཏེ། དེ་ལ་གསུང་གི་གཉེན་པོ་ནི་སེམས་ཅན་གྱི་ཁམས་

ལ་དགེ་བའི་རྩ་བ་སྟོན་པར་བྱེད་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་ལ་རེག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཡི་གེ་བཟང་བ་ཉིད་ཀྱི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལ་ཐོབ་པའི་ཕྱིར་

རོ། །དྲི་མ་མེད་པ་ཉིད་ནི་ཉོན་མོངས་པའི་བག་ལ་ཉལ་དང་བག་ཆགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་སོ་སོར་གྲགས་པ་ཉིད་ཀྱི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་བློ་གྲོས་ངན་པ་ཅན་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་

དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་སྒྲུབ་པས་ངེས་པར་འབྱུང་བའི་ཕྱིར་རོ། །མི་ཚུགས་པ་ནི་ཕ་རོལ་གྱི་སྨྲ་བ་པོ་ཐམས་ཅད་ཀྱིས་གཅད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དུལ་བ་ནི་འདོད་ཆགས་ཀྱི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །མི་

རྩུབ་པ་ནི་བསླབ་པ་བཅའ་བའི་བདེ་བའི་ཐབས་ཉིད་ཀྱི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་པ་ན་ཡང་དག་པར་ངེས་པར་འབྱུང་བ་ཉེ་བར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་གྱིས་འདུལ་བ་ཉེ་བར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རྣ་བར་སྙན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་

ཉིད་ཀྱི་ཕྱིར་རོ། །ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གི་རབ་ཏུ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words