སེམས་བརྟག་པ

Sanskrit title (Tibetan script, as in the text) ཙིཏྟ་པ་རཱིཀྵ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 109 · folio 305b

༄༅༅། །རྒྱ་གར་སྐད་དུ། ཙིཏྟ་པ་རཱིཀྵ། བོད་སྐད་དུ། སེམས་བརྟག་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སེམས་བརྟག་བརྗོད་ཕྱིར་གུས་ཕྱག་འཚལ། །ཉོན་མོངས་ལས་དང་སྡུག་བསྔལ་དང་། །དད་སོགས་དགེ་དང་བདེ་བ་དང་། །ཐར་པ་འདོད་པ་ཐམས་ཅད་དང་། །སེམས་ལས་

བྱུང་བ་ཡིན་པར་གསུངས། །སེམས་མ་བསྒོམས་པས་ཐོག་མེད་ནས། །འཁོར་བར་རྟག་ཏུ་འཁྱམས་པར་གྱུར། །དེ་སྤང་བདེ་དང་ཐར་པ་ནི། །དོན་དུ་གཉེར་བས་སེམས་ལ་བརྟག །ཆགས་སྡང་རྨོངས་དང་རྣམ་རྟོག་དང་། །ང་རྒྱལ་ཆ་མཉམ་ཅན་གྱིས་ནི། །ཐམས་ཅད་བསྡུས་པ་ཡིན་པར་འདོད། །སྲོག་གཅོད་

ལ་སོགས་མི་དགེ་ལས། །སྐྱེ་བ་ལ་སོགས་སྡུག་བསྔལ་ལོ། །མི་སྡུག་བྱམས་པ་རྟེན་འབྲེལ་དང་། །དབུགས་བགྲང་ཁམས་དབྱེ་གང་འདོད་ཀྱི། །དམིགས་པས་ཉོན་མོངས་ཅན་གྱི་སེམས། །རིམ་པ་བཞིན་དུ་སྤོང་བར་འགྱུར། །གང་གིས་གང་ལ་ཇི་ལྟ་བུར། །སྒོམ་པ་གཞན་ལས་བསྟན་པ་ཡིན། །དེ་མེད་ཕྱིར་

ནི་དེ་མི་འབྱུང་། །དེ་ཡང་མེད་པར་འགྱུར་བ་ཡིན། །མི་རྟག་པ་ཡི་ལྕག་གིས་ནི། །དད་པའི་རྩ་ལ་སེམས་གནས་བྱ། །ངོ་ཚ་ཁྲེལ་ཡོད་གྲོགས་ཀྱིས་ནི། །འཕེན་པ་བརྩོན་འགྲུས་ཡིན་པར་འདོད། །བསྲུང་བ་བག་ཡོད་བསྒོམ་བྱ་སྟེ། །གནས་པ་ཏིང་ངེ་འཛིན་གྱིས་ནི། །ངོ་བོ་མ་ཆགས་ལ་སོགས་ཀྱིས། །བསྒོམས་པ་བྱམས་

པ་སྙིང་རྗེ་ཡི། །རྩ་བ་ཅན་གྱི་བྱང་ཆུབ་སེམས། །བདག་གཞན་མཉམ་ཉིད་བརྗེ་བ་ཡིན། །སེམས་དཔག་མེད་པ་བསྒོམ་པར་བྱ། །དེ་ལས་བསོད་ནམས་དཔག་མེད་འབྱུང་། །འཁོར་བའི་བདེ་བ་དཔག་ཏུ་མེད། །མི་དགེ་བ་ནི་ཐག་རིང་སྟེ། །ཐར་པའང་གམ་ན་འདུག་པ་ཡིན། །སེམས་ནི་རང་བཞིན་འོད་གསལ་

འདོད། །འོད་གསལ་སྟོང་པ་ཉིད་ཡིན་ནོ། །རྟག་ཏུ་དེ་ནི་བསྒོམ་པར་བྱ། །སྒྲིབ་པ་བག་ཆགས་བཅས་པ་སྤོང་། །ཡེ་ཤེས་ཚོགས་ནི་དཔག་ཏུ་མེད། །གལ་ཏེ་འོད་གསལ་མ་ཡིན་འདོད། །དངོས་པོར་ལྟ་བར་འགྱུར་བས་ན། །བདག་དང་བདག་འཛིན་ལ་སོགས་པས། །འཁོར་བར་འཁྱམ་པ་ཉིད་དུ་འགྱུར། །རྟེན་

གྱི་སྒོ་ནས་ཡང་མི་འགྲུབ། །སྣང་དུ་རུང་ལས་མ་དམིགས་དང་། །རྡུལ་ཕྲན་དཔྱད་པའི་རིགས་པ་ཡིས། །རྟེན་གྱིས་རབ་ཏུ་མི་འགྲུབ་བོ། །འདས་དང་མ་འོངས་མེད་ཕྱིར་དང་། །ད་ལྟར་སྐད་ཅིག་མི་གནས་ཕྱིར། །དུས་གསུམ་འགག་པའི་རིགས་པ་ཡིས། །དཔྱད་ན་དེ་ཡང་མི་འགྲུབ་པོ། །དཀར་དམར་

Vol. 109 · folio 306a

སོགས་སུ་མ་གྲུབ་ཕྱིར། །རང་གི་ངོ་བོའང་འགྲུབ་མི་འགྱུར། །རྒྱུ་ལས་ཀྱང་ནི་མི་འགྲུབ་སྟེ། །ཡུལ་ལས་སྐྱེ་ན་གཉིས་སུ་འགྱུར། །སྔ་མ་ལས་སྐྱེས་དང་པོ་ནི། །སྔ་མ་རྒྱུ་མེད་ཅན་དུ་འགྱུར། །རྒྱུ་མེད་ཕྱིར་ན་སྐྱེ་བ་མེད། །ནམ་མཁའ་ལ་སོགས་ཇི་བཞིན་ནོ། །སྒྲུབ་བྱེད་མེད་ཕྱིར་མི་

འགྲུབ་སྟེ། །གཞན་གྱིས་འགྲུབ་ན་སེམས་ཙམ་ཉམས། །འདོད་ནའང་རྣམ་བཅས་རྣམ་མེད་ཀྱིས། །འགྲུབ་པ་རབ་ཏུ་བཀག་པ་ཡིན། །གཉིས་མེད་ཕྱིར་ན་དེ་མི་འགྲུབ། །མཛུབ་མོའི་རྩེ་མོ་ཇི་བཞིན་ནོ། །ཕྱི་རོལ་འགོག་པའི་རིགས་པ་ཡིས། །སེམས་ལའང་ཅི་ཡི་ཕྱིར་མི་གནོད། །མདོ་ལས་ཀྱང་ནི་

གསལ་པོར་གསུངས། །དེ་ཕྱིར་དེ་ནི་སྟོང་ཉིད་གྲུབ། །དེ་ཉིད་གཉིས་ཀྱི་ཚུལ་གྱིས་ནི། །སེམས་ནི་ལེགས་པར་བསྒོམ་པར་བྱ། །སེམས་དུལ་བ་ནི་ལེགས་པ་སྟེ། །བསླབ་པ་ཐམས་ཅད་སྲུང་བར་འགྱུར། །སེམས་དུལ་བས་ནི་བདེ་བ་འདྲེན། །སངས་རྒྱས་ཞིང་ནི་རྣམ་དག་འགྱུར། །འདི་ལས་བྱུང་

སྟེ་སྐྱེ་བོ་རྣམས། །འདི་དོན་མྱུར་དུ་རྟོགས་གྱུར་ཅིག །སེམས་བརྟག་པ་སློབ་དཔོན་ཚུལ་ཁྲིམས་འཕགས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཀ་ན་ཀ་དང་། ལོ་ཙཱ་བ་ཆོས་འབར་གྱིས་ཞུས་ཏེ་གཏན་ལ་ཕབ་པ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words