མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ
Sanskrit title (Tibetan script, as in the text) མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 112 · folio 57b
ཆོས་ལ་གནས་པ་དང་། དགོན་པ་དང་། ནགས་ཁྲོད་ན་གནས་པ་དང་། བས་མཐའི་གནས་མལ་སྤོང་བར་འགྱུར། ཕྲག་དོག་གི་ངང་ཚུལ་ཅན་དང་བསགས་པ་མང་བས་གནས་པར་འགྱུར། བསླབ་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར། ཁྱིམ་ན་གནས་པ་དང་འདྲེ་བ་དང་། རྙེད་པ་
དང་བཀུར་སྟི་ལ་དགའ་བར་འགྱུར། དེ་དག་ཁྱིམ་པའི་སྟོབས་དང་ནོར་གྱི་ཕུང་པོའི་སྟོབས་ཀྱིས་ཕན་ཚུན་འཇོམས་པར་བྱེད། འཐབ་པ་ལ་དགའ་ཞིང་ཁྱིམ་པའི་མདུན་དུ་རྩོད་པར་བྱེད། བརྫུན་དང་ཚིག་རྩུབ་མོ་སྨྲ་བ་མི་སྲུང་བས། ཁྱིམ་པ་རྣམས་བཅོམ་ལྡན་འདས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ལ་དད་པ་སྐྱེད་
པར་མི་འགྱུར། རྒྱལ་རིགས་དང་། བྲམ་ཟེ་དང་། གྲོང་རྡལ་དང་། ལྗོངས་པ་དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྒྱུན་གཅོད་པར་འགྱུར་རོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། ད་ལྟར་དང་མ་འོངས་པའི་དུས་ན། རྒྱལ་རིགས་ཁྱེད་ཅག་ཐམས་ཅད་ཀྱི་ལག་ཏུ་ཉན་ཐོས་ཀྱི་བསླབ་
པ་ཁྲིམས་སུ་བཅའ་བ་གཏད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་དང་མ་འོངས་པའི་དུས་ན་ངའི་བསྟན་པ་ལ་གང་ཟག་ལམ་ངན་པ་གདུལ་དཀའ་བ་ངོ་ཚ་བ་དང་ཁྲེལ་སྤངས་པ་སྤྱོད་པ་ལེགས་པར་མ་བྱས་པ་རྣམས་གནས་པར་འགྱུར། གང་དག་གཉེན་བཤེས་ཀྱི་སྟོབས་སམ་ཁྱིམ་པའི་སྟོབས་སམ།
མང་དུ་ཐོས་པའི་སྟོབས་སམ། འཁོར་གྱི་སྟོབས་ཀྱིས་བསླབ་པ་དག་ལ་སྨས་པར་སྤྱོད་ཅིང་། ཁྱིམ་པའི་རྟགས་དང་ཁྱིམ་པའི་ལོངས་སྤྱོད་དག་ལ་ལྟ་བར་བྱེད། ཡོངས་སུ་འཛིན་པ་ཡང་ལེན་པར་བྱེད། དགེ་སློང་ཉུང་བར་གནས་པ་རྣམས་ཀྱིས་མྱུར་བར་དགེ་འདུན་གྱི་ནང་ནས་དབྱུང་བ་དང་། ཇི་ལྟར་
བསླབ་པ་བཅས་པ་བཞིན་ཆད་པ་གཅད་པར་མི་ནུས་པ་དེའི་ཕྱིར་བསླབ་པ་བཅའ་བའི་བྱ་བ་རྒྱལ་རིགས་རྣམས་ཀྱི་ལག་ཏུ་གཏད་པར་བྱའོ། །རྒྱལ་རིགས་དེ་དག་དེ་ལྟ་བུའི་ངོ་བོའི་གང་ཟག་རྣམས་ལ་ཇི་ལྟར་བཅས་པ་བཞིན་ཆད་པ་གཅོད་དུ་འཇུག་པར་བྱེད་དོ། །རྒྱལ་རིགས་གང་དག་ད་ལྟར་དང་མ་འོངས་
པའི་དུས་ལྔ་བརྒྱ་པ་ཐ་མའི་བར་དུ་དེ་ལྟར་བརྩོན་པ་དང་ཕ་རོལ་གནོན་པས་ངའི་བསྟན་པ་སྲུང་བར་བྱེད། ཡོངས་སུ་སྐྱོང་བར་བྱེད། ཆོས་ཀྱི་ཚུལ་ཡང་དག་པར་འབར་བར་བྱེད་པར་འགྱུར་བའི་རྒྱལ་རིགས་དེ་དག་ནི། དཀོན་མཆོག་གསུམ་གྱི་གདུང་མི་གཅད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །སངས་
Vol. 112 · folio 58a
རྒྱས་ཀྱི་བསྟན་པ་ཡོངས་སུ་སྐྱོང་བའི་ལྷ་རྣམས་ཀྱིས་སྲུང་བར་འགྱུར། ཡོངས་སུ་སྐྱོང་བར་འགྱུར་རོ། །རྒྱལ་རིགས་དེ་དག་ཡུན་རིང་པོར་རྒྱལ་པོ་ཉིད་བྱེད་པར་འགྱུར། གང་ལས་བསྐལ་པ་བརྒྱར་བྱང་ཆུབ་ཀྱི་ཕྱིར་སྤྱོད་པར་འགྱུར་བ་བསོད་ནམས་ཆེས་མང་པོ་བསྐྱེད་པར་འགྱུར་རོ། །
ཡང་གང་དག་ད་ལྟར་དང་མ་འོངས་པའི་དུས་ན། ངའི་བསྟན་པ་ལ་བཏང་སྙོམས་པར་གནས་པར་འགྱུར་བའི་རྒྱལ་རིགས་དེ་དག་ནི། ལྷ་ཐམས་ཅད་ཀྱིས་ཡོངས་སུ་སྤོང་བར་འགྱུར། ཉན་ཐོས་དང་རང་རྒྱལ་བ་ཐམས་ཅད་ཀྱིས་སྤོང་བར་འགྱུར། གང་ངའི་བསྟན་པ་ལ་བཏང་སྙོམས་པའི་རྒྱལ་རིགས་དེ་ནི་
འཇིག་རྟེན་ཕ་རོལ་ཏུ་ལྷ་དང་མིར་སྐྱེ་བར་མི་འགྱུར། དཀོན་མཆོག་གསུམ་གྱི་གདུང་རྣམ་པར་བཅད་པའི་ཕྱིར་ཞུགས་པ་ཡིན། ཆོས་ཀྱི་སྒྲོན་མ་ཡོངས་སུ་བསྣུབ་པའི་ཕྱིར་ཞུགས་པ་ཡིན། ཆོས་ཀྱི་བཅུད་བསྐམ་པའི་ཕྱིར་ཞུགས་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་དབྱུང་བའི་ཕྱིར་
ཞུགས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཟག་གང་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་དེས། བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་དང་ལྡན་པར་འགྱུར། རྒྱལ་པོ་གཟུགས་ཅན་སྙིང་པོས་མཆི་མ་བླགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་མང་ལགས་སོ། །གང་ཟག་དེས་བསོད་ནམས་མ་ཡིན་པ་གཞལ་དུ་མེད་གྲངས་མེད་པ་རབ་ཏུ་བསྐྱེད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་གང་ཞིག་ད་ལྟར་དང་མ་འོངས་པའི་དུས་ན་བདག་གི་བསྟན་པ་དེ་བཞིན་གཤེགས་པས་བྱིན་གྱིས་
བརླབས་པ་འབར་གྱི་བར་དུ། ཆོས་ལ་གནས་པའི་གང་ཟག་བསྲུང་བར་མི་འགྱུར། གང་ཟག་ལམ་ངན་པ་པ་རྣམས་ཆོས་ཇི་ལྟ་བ་བཞིན་དུ་སློབ་པར་མི་བྱེད་པའི་རྒྱལ་རིགས་དེ་བསོད་ནམས་མ་ཡིན་པ་ཆེས་མང་དུ་བསྐྱེད་དོ། །གང་རྒྱལ་རིགས་དེ་སྔོན་བསྐལ་པ་བརྒྱར་སྦྱིན་པ་བཏང་བར་
གྱུར། ཚུལ་ཁྲིམས་བསྲུངས་པ་ནས་ཤེས་རབ་བསྒོམས་པའི་བར་དུ་གྱུར་པ་དང་། ཐེག་པ་གསུམ་པོ་གང་ཡང་རུང་བའི་ཐེག་པས་ཡང་དག་པར་རབ་ཏུ་གནས་པར་གྱུར་པ་དེ། དམ་པའི་ཆོས་སྤངས་པ་དང་རབ་ཏུ་བརླག་པའི་རྒྱུས། དེའི་སྔོན་བསགས་པའི་དགེ་བའི་རྩ་བ་དེ་ཐམས་ཅད་ཡོངས་སུ་ཟད་
Vol. 112 · folio 58b
པ་དང་ཡོངས་སུ་གཏུགས་པར་འགྱུར་རོ། །དེའི་ཡུལ་དུ་ཆོས་མ་ཡིན་པ་གསུམ་པོ་མུ་གེ་དང་འཐབ་མོ་དང་གཡུལ་འགྱེད་པ་འབྱུང་བར་འགྱུར་རོ། །དེ་ལ་ལྷས་བཏང་སྙོམས་སུ་བྱེད། ལྷ་རྣམས་ཀྱིས་འདོར། དེའི་ཡུལ་དུ་བཀའ་ལུང་མི་འཇུག་གོ། །དེའི་ཡུལ་དུ་གཡོ་དང་སླུ་བ་དང་བརྫུན་སྨྲ་བ་སྣ་
ཚོགས་འབྱུང་བར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ཀྱིས་ཆོས་ཀྱི་ཕུང་པོ་འཕྲོག་པར་འགྱུར། མེས་འཚིག་པའམ་ཆུས་འཁྱེར་བར་འགྱུར། རྒྱལ་རིགས་དེ་ཡུན་རིང་པོར་མི་ཐོགས་པར་ནད་མི་བཟད་པས་ཐེབས་པར་འགྱུར། མྱུར་དུ་མཛའ་བོ་དང་ཡིད་དུ་འོང་བ་རྣམས་དང་འབྲལ་བར་འགྱུར།
ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་བརྒྱ་ལམ་ན་ཤིན་ཏུ་ཡུན་རིང་པོ་ནས་ཡུན་རིང་པོ་ཞིག་ན་མི་ཉིད་དུ་སྐྱེས་པ་ན། མྱུར་དུ་མིག་ཉམས་པར་འགྱུར། ཉེ་བར་ལོངས་སྤྱོད་པ་དང་། ཡོངས་སུ་ལོངས་སྤྱོད་པ་ཐམས་ཅད་དང་བྲལ་ཞིང་། ལྗན་ལྗིན་ན་གནས་
པར་འགྱུར། ཡུན་རིང་པོར་འཚོ་ཞིང་འཆི་བའི་དུས་བྱས་ནས། དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། གནས་མ་ཡིན་པ་ཡོངས་སུ་རྟོག་པར་བྱེད་པར་འགྱུར། དེ་སངས་རྒྱས་འབྱུང་བ་མེད་པར་མིའི་ཐོབ་པ་རྙེད་པར་འགྱུར་རོ། །རྒྱལ་རིགས་ཇི་ལྟ་བ་དེ་བཞིན་དུ་བྲམ་ཟེ་དང་། རྗེའུ་རིགས་
དང་། དམངས་རིགས་ལ་སོགས་པ་གྲོང་ཁྱེར་གྱི་གཙོ་བོ་རྣམས་ལ་ཡང་འགྱུར་རོ། །ཡུལ་གྱི་གཙོ་བོ་དང་། གྲོང་གི་གཙོ་བོ་དང་། རི་བྲགས་བའི་གཙོ་བོ་དང་། གྲོང་རྡལ་གྱི་གཙོ་བོ་རྣམས་ལ་ཡང་འགྱུར་རོ། །གང་ཞིག་བག་མེད་པའི་རྒྱུའམ། ནོར་གྱི་རྒྱུས་ངའི་བསྟན་པ་ལ་ཆོས་ལ་གནས་པའི་
གང་ཟག་རྣམས་ཅི་ནུས་པར་མི་སྲུང་ཞིང་། གང་ཟག་ལས་ངན་པ་པ་ཇི་ལྟ་བུའི་ཆོས་ཀྱིས་མི་འཛིན་པ་ཐམས་ཅད་ནི། དེ་ལྟ་བུའི་ངོ་བོའི་ལས་ཀྱི་སྒྲིབ་པ་དང་ལྡན་པར་འགྱུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་
ན། རྒྱལ་རིགས་རྣམས་ཀྱིས་མིའི་ཐོབ་པ་ནི་རྙེད་པར་དཀའོ། །གང་དག་ཀུན་ནས་བག་མེད་པས་མང་དུ་གནས་ཤིང་། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་གྱིས་ཕྱུག་པ་ཆོས་ལ་གནས་པ་རྣམས་ལ་མཆོད་པ་དང་རིམ་གྲོ་བྱེད་ལ། དམ་པའི་ཆོས་ཡུན་རིང་དུ་གནས་པའི་ཕྱིར་དང་། དཀོན་
Vol. 112 · folio 59a
མཆོག་གསུམ་གྱི་གདུང་མི་གཅད་པར་བྱ་བའི་ཕྱིར། གང་ཟག་ལམ་ངན་པ་པ་ངོ་ཚ་བ་དང་ཁྲེལ་སྤངས་པ་ཆོས་ཀྱིས་ཚར་གཅོད་པར་མི་བྱེད་པ་དེ་ནི། ཤིན་ཏུ་བརླག་པ་དང་། རྟག་ཏུ་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། བསམ་
གཏན་དང་ནི་ཁ་ཏོན་བཏང་ནས་སུ། །རྟག་ཏུ་གཙུག་ལག་ཁང་གི་ལས་ལ་བརྩོན། །གནས་ལ་བརྐམ་ཞིང་ཁྲོ་གཉེར་འབྱིན་པར་བྱེད། །དེ་དག་སློབ་མ་འཁོར་ཀྱང་མ་དུལ་བ། །ང་ནི་གཙུག་ལག་ཁང་གི་ལག་གི་བླའི། །བདག་གི་ཆེད་དུ་འདི་ནི་ངས་བྱས་ཏེ། །དགེ་སློང་གང་དག་ང་ཡི་རྗེས་མཐུན་པ། །
གཙུག་ལག་ཁང་འདིར་དེ་དག་གནས་ཡོད་དོ། །གང་དག་ཚུལ་ཁྲིམས་ལྡན་ཞིང་ཡོན་ཏན་ལྡན། །ཆོས་འཛིན་སྐྱེ་བོའི་དོན་ལ་མངོན་བརྩོན་པ། །དུལ་ཞིང་ཡང་དག་སྡོམ་ལ་རྟག་བརྩོན་པ། །དེ་དག་གནས་ནི་སྡུད་པར་མི་བྱེད་དོ། །འདི་ནི་ང་ཡི་གནས་སུ་བསྐོས་པ་སྟེ། །འདི་ནི་ང་དང་ལྷན་ཅིག་གནས་པ་ཡིན། །
འདི་ནི་ང་ཡི་དགའ་བར་བྱེད་པ་ཡིན། །ཁྱེད་ཀྱི་གནས་འདི་གང་ཡང་མེད་ཀྱིས་སོ། །འདིར་ནི་དགེ་སློང་དག་ཀྱང་མང་བཀོད་དེ། །མལ་ཆ་རྣམས་ཀྱང་མ་ལུས་བགོས་ཟིན་ལ། །འདི་ནི་རྙེད་པ་འབྱུང་བ་ཡོད་མ་ཡིན། །འདིར་ནི་ཅི་ཞིག་སྤྱད་ཀྱིས་དགེ་སློང་སོང་། །དེ་དག་ལ་ནི་མལ་སྟན་བགོ་བྱ་བ། །ནམ་
དུ་སྲིད་པར་འགྱུར་བ་མ་ཡིན་ཏེ། །དེ་དག་ཁྱིམ་པ་ལྟ་བུར་སོགས་འགྱུར་ཞིང་། །འཚོག་ཆས་རྣམས་དང་གཡོག་འཁོར་མང་བར་འགྱུར། །ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་
རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཉེ་བར་ལེན་པ་མེད་པ་རྣམས་ཡིན། འདུ་འཛི་མེད་པར་སྤྱོད་པ་རྣམས་ཡིན། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ཡིན། ཡུལ་ལ་སྲེད་པ་དང་བྲལ་བ་རྣམས་ཡིན། ཡུལ་གྱི་ཉེས་པས་མི་གོས་པ་རྣམས་ཡིན། དེ་བཞིན་གཤེགས་པས་
ཚུལ་ཁྲིམས་བཅས་པ་ལ་རིམ་གྲོ་བྱེད་ཅིང་བརྩོན་པ་ཤིན་ཏུ་བསླབས་པ་རྣམས་ཡིན། གོས་དང་བསོད་སྙོམས་དང་མལ་ཆ་ངན་ངོན་དང་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ངན་ངོན་དག་གིས་ཆོག་ཤེས་པ་རྣམས་ཡིན། ལྷུང་བཟེད་དང་ཆོས་གོས་དང་ཡོ་བྱད་སོགས་པ་དང་བྲལ་བ་རྣམས་ཡིན། རྟག་པར་
Vol. 112 · folio 59b
འཇིགས་པའི་ཡིད་དང་ལྡན་ཞིང་ཡུལ་རྣམས་ལ་སྐྱོ་བ་རྣམས་ཡིན། དབེན་པ་ལ་དགའ་ཞིང་རྟག་ཏུ་བསྒོམ་པ་ལ་བརྩོན་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཡིན་ནོ་ཞེས་གསུངས་སོ། །མྱ་ངན་
ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཞིང་ངམ་ཁྱིམ་དུ་དུག་ཤིང་ངམ། སྙི་ལོང་སྐྱེས་ན། རྩད་ནས་དབྱུང་དགོས་པ་དེ་བཞིན་དུ། ཚུལ་ཁྲིམས་འཆལ་པ་རྣམས་དང་། དམ་པའི་ཆོས་སུན་འབྱིན་པ་རྣམས་བྲན་བཞིན་དུ་ཚར་གཅད་པར་ངས་
གནང་ངོ་། །གང་དག་དེ་རྣམས་ཚར་གཅོད་པར་མི་བྱེད་པ་དེ་དག་ནི། ངའི་བསྟན་པ་ལས་ཤིན་ཏུ་རིང་བ་ཡིན་ནོ། །གང་དག་དེ་རྣམས་ཚར་གཅོད་པར་བྱེད་པ་དེ་དག་ནི། ངའི་སློབ་མ་དང་ངའི་ཉན་ཐོས་ཡིན་ནོ། །འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་བ། གལ་ཏེ་དེ་བཞིན་གཤེགས་པས་
དེ་སྐད་གསུངས་ན་ནི། སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པའང་མ་ལགས། སྟེའུ་དང་ཙནྡན་ལྟ་བུ་ཞེས་བགྱི་བའི་མིང་ཡང་བརླག་པར་འགྱུར་ན། དམ་པའི་ཆོས་སུན་འབྱིན་པ་རྣམས་ཇི་ལྟར་ཚར་གཅད་པའི་རིགས་ལགས། དེ་བཞིན་གཤེགས་པས་དེ་ལྟར་བགྱིད་དུ་སྩལ་བའི་
མི་རིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དཔེར་ན་ཁྱིམ་བདག་གམ། ཚོང་དཔོན་ནམ། དེད་དཔོན་ནམ། བློན་པོའམ། རྒྱལ་པོ་ཡང་རུང་བ་ཞིག་གིས་རང་གི་བུ་སྡུག་ཅིང་ཕངས་ལ། མཆོག་ཏུ་མཛེས་ཤིང་བྱད་གཟུགས་ཕུན་
སུམ་ཚོགས་པ་རྣམས། སློབ་དཔོན་གྱི་ལག་ཏུ་གཏད་ནས། སློབ་དཔོན་དེ་ལ་འདི་སྐད་ཅེས་སྨྲས་ཏེ། བདག་གི་བུ་འདི་རྣམས་འདུལ་བ་དང་ཆོ་ག་དང་སྤྱོད་ཡུལ་དང་། རིག་པ་རྣམས་བསླབ་པའི་ཕྱིར་ཁྱོད་ལ་གཏད་ཀྱིས། འདི་རྣམས་ཁྱོད་ཀྱིས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ་
རྣམས་སློབས་ཤིག །ཆོས་ཤིག །གལ་ཏེ་བདག་གི་བུ་འདི་བཞི་ལས་གསུམ་ནི་བརྡེག་པ་དང་བསྡིགས་པ་དང་། ཚར་གཅད་པ་རྣམས་ཀྱིས་ཤི་བར་གྱུར་ལ། གཅིག་ནི་གསོན་པོར་འདུག་སྟེ། གཅིག་ལོབས་པར་གྱུར་ན། གསུམ་ཤི་ཡང་བླ་སྟེ། གསུམ་ནི་ཤི་གཅིག་ནི་ལོབས་པ་དེ་ལ་ཅི་སློབ་
Vol. 112 · folio 60a
དཔོན་གྱིས་སྡིག་པའི་ལས་བྱས་ཞེས་བྱའམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ལ་ནི་གཉི་ག་ལ་ཡང་སྡིག་པའི་ལས་སུ་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ལ་ནི་ཁོན་གྱི་བསམ་པ་མ་མཆིས་ཏེ། དེ་ལྟར་བགྱིས་ན་བསོད་ནམས་མང་དུ་འཕེལ་
བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་ནི་དམ་པའི་ཆོས་སུན་འབྱིན་པའི་སེམས་ཅན་རྣམས་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ཏེ། བུ་རྣམས་སློབ་དཔོན་གྱི་ལག་ཏུ་གཏོད་པ་བཞིན་དུ། རྒྱལ་པོ་དང་། བློན་པོ་དང་།
དགེ་བསྙེན་རྣམས་ཀྱི་ལག་ཏུ་གཏོད་པར་མཛད་དོ། །དེ་ནས་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་དེ་དག་གིས་བྱིས་པ་གཡེལ་བ་དེ་དག་ཚར་གཅོད་པར་བྱེད་ན། ཅི་དེ་ལ་དེ་བཞིན་གཤེགས་པ་ལ་སྡིག་པའི་ལས་སུ་འགྱུར་ཞེས་བྱའམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། རྒྱལ་པོ་དང་།
བློན་པོ་དང་། དགེ་བསྙེན་རྣམས་ལ་ཡང་སྡིག་པའི་ལས་སུ་མི་འགྱུར་ན། དེ་བཞིན་གཤེགས་པ་གོས་པ་མི་མངའ་བར་ལྟ་ལ་གོས་པར་ག་ལ་འགྱུར། དེ་དག་ཉིད་ཀྱི་ཡོན་ཏན་དང་སྤྱོད་པ་བསྲུང་བའི་སླད་དུ་མི་འདོད་བཞིན་དུ་ཚར་གཅོད་པར་བས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དེ་ལྟར་ན་བུ་གཅིག་པའི་འདུ་ཤེས་བསྒོམ་པ་ཡིན་ཏེ། གང་དག་དེ་ལྟར་སྒོམ་པ་དེ་དག་གིས་ནི་བུ་གཅིག་པའི་འདུ་ཤེས་བསྒོམ་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པར་བྱའོ། །དེ་ལྟར་བྱས་
ནས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་སྒོམ་པ་བསྒོམ་པར་འགྱུར་རོ། །དེ་ནས་མཆོག་ཏུ་འཚེ་བ་མེད་པ་དག་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ཚེ་རིང་བ་དང་། མཆོག་ཏུ་ཚེ་རིང་བ་དང་། ཚེ་རབས་དྲན་པར་འགྱུར་རོ། །འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ།
སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་ལོས་ཀྱང་མད་དོ། །འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་
Vol. 112 · folio 60b
འདས་དཔེར་གསོལ་ན། གཏམ་རྒྱུད་མཁན་ཞིག་གིས་ལྟད་མོ་བའི་འཁོར་གྱི་ནང་དུ། མ་ལ་ཕུ་དུད་བྱ་བའི་རིགས་པའི་གཏམ་སྣ་ཚོགས་བགྱིས་ལ། རང་གི་ཁྱིམ་དུ་མཆིས་ནས། མཆོག་ཏུ་དགའ་བ་བགྱིད་བགྱིད་པའི་མ་ལ། དབྱུག་པ་དང་། ཕག་དུམ་དང་། བོང་བ་དང་། རྡོ་དག་གིས་གནོད་པ་
བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བ་དང་། མཆོག་ཏུ་ཚེ་རིང་བ་དང་། ཚེ་རབས་དྲན་པ་དང་། མི་འཆི་བ་དང་། ཐེར་ཟུག་པ་དང་།
བརྟན་པར་འགྱུར་རོ་ཞེས་གསུངས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཉིད་སྐུ་ཚེ་ཐུང་ལགས་ཅི་སླུ་བ་མཛད་དམ། འོན་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་སམ། ཀྱེ་མ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ནི་དཀའ་བ་མཛད་མཛད་
དོ། །མིའི་ལྟར་བརྩི་ན་ལོ་བརྒྱ་ཡང་མི་ཐུབ་སྟེ། དེ་བཞིན་གཤེགས་པ་འདི་ཁོ་ན་ལྟར་སྐུ་ཚེ་ཐུང་བ་ལགས་ན། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ། རེ་སྙེད་ཀྱི་སྲོག་ཅིག་བཅད་ལགས། འདི་ཁོ་ན་ལྟར་ཚེ་ཐུང་བ་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་མཆོག་
ཏུ་མི་བཟད་པའི་ལས་མཛད་ལགས་གྲང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། འདི་ཁོ་ན་ལྟར་མ་བརྒྱད་ཤིག་མ་བརྒྱད་ཤིག །དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་སྐུ་ཚེ་རིང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་བརྟན་པའོ། །མཆོག་ཏུ་ཞི་བའོ། །མཆོག་ཏུ་ཐེར་ཟུག་པའོ། །མཆོག་ཏུ་རྟག་པའོ། །འོད་སྲུངས་ཆེན་པོ་དང་རུས་གཅིག་པས་
གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དཔེར་ན་ཆུ་ཀླུང་གང་གཱ་དང་། ཡ་མུ་ན་དང་། ས་ར་ཡུ་དང་། ཧིང་ཀུ་ལ་སོགས་པ་ཆུ་ཀླུང་ཆེན་པོ་རྣམས་དང་། ཆུ་
Vol. 112 · folio 61a
བྲན་གཞན་རྣམས་རྒྱ་མཚོ་ཆེན་པོ་ཁོ་ནའི་ནང་དུ་འབབ་པ་དེ་བཞིན་དུ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ་ལྷ་ཡུལ་དང་སའི་སྟེང་གི་ཚེའི་ཆུ་ཀླུང་ཡོད་དོ་ཅོག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་སྐུ་ཚེའི་རྒྱ་མཚོ་ཁོ་ནར་འབབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་
མཆོག་ཏུ་སྐུ་ཚེ་རིང་ངོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། རྡོ་རྗེ་ལྟ་བུར་མི་ཤིགས་པའི་སྐུ་འདི་ཇི་ལྟར་འགྲུབ་པར་འགྱུར་ལགས། སྐུ་འདི་ལྟ་བུ་རྒྱུ་ཅིས་འགྲུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས་བསྲུངས་པའི་བསོད་ནམས་ཀྱི་
རྒྱུས་འགྲུབ་པ་ཡིན་ནོ། །རིགས་ཀྱི་བུ་དམ་པའི་ཆོས་བསྲུང་བའི་དགེ་བསྙེན་གྱིས་ནི་བསླབ་པའི་གཞི་ལྔ་བླང་བར་མི་བྱའོ། །དགེ་བསྙེན་གྱི་འདུལ་བ་ཡང་སྤྱད་པར་མི་བྱའོ། །ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར། མདའ་གཞུ་དང་།
རལ་གྲི་དང་། མདུང་ཐུང་ཁ་ལེབ་ལག་ཏུ་ཐོགས་པར་བྱའོ། །གསོལ་པ། དགེ་སློང་དག་ལས་སྲུང་མ་དང་ལྷན་ཅིག་མི་འཁོད་པར་གཅིག་པུ་ཤིང་དྲུང་དུ་སྟན་བཏིང་བ་ལ་མཆིས་པ་གང་ལགས་པ་དེ་དག་ནི་དགེ་སློང་ཞེས་བགྱི་བ་ལགས་སོ། །སྲུང་མ་དང་ལྷན་ཅིག་འཁོད་པ་གང་ལགས་པ་དེ་
དག་ནི་ཁྱིམ་བདག་མགོ་རེག་ཅེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱིམ་བདག་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག །འདི་ནི་དགེ་སློང་ལ་ལ་མལ་སྟན་སར་པ་ལ་འདུག་ཅིང་དེ་ཟན་ཟོས་ནས་གཅིག་པུ་ཕྱོགས་གཅིག་ན་མི་སྨྲ་བར་འདུག་སྟེ། བསམ་གཏན་
བྱེད་ལ་ལུས་ཀྱི་རང་བཞིན་ལ་ཡང་ལྟ་བར་བྱེད་དོ། །སེམས་ཅན་འོངས་པ་རྣམས་ལ་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བསོད་ནམས་ཀྱི་གཏམ་དང་། བསོད་ནམས་རྣམ་པར་སྨིན་པའི་གཏམ་དང་། ཆོག་ཤེས་པ་དང་། སྨྱུང་བའི་ཆོས་ལ་སེང་གེའི་སྒྲ་སྒྲོགས་པར་མི་བྱེད།
སེང་གེ་ལྟ་བུའི་འཁོར་ཡང་མི་འཆང་། རྟགས་ཅན་འཆལ་པ་ཚར་བཅད་པའི་ཕྱིར་ཡང་སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི་སྐྱེ་བོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་ཞན་པ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་
Vol. 112 · folio 61b
སྤྱོད་པ་ཙམ་དུ་ཡང་ཟད་དོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་གཞན་ཞིག་གནས་གཞན་ཞིག་ན་མལ་སྟན་སར་པ་ལ་འདུག་ཅིང་སེང་གེའི་སྒྲ་སྒྲོགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་གསུང་རབ་ཡན་ལག་དགུ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་
པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ། མདོ་སྡེ་འདི་ལ་དགེ་སློང་བྲན་དང་བྲན་མོ་དང་། བ་ལང་དང་མ་ཧེ་ལ་
སོགས་པ་རྫས་ངན་པ་འཆང་བ་རྣམས་ཆད་པས་བཅད་པར་བཤད་པ་ནི། བདག་ཅག་གི་རྐྱེན་དུ་འཚམ་པ་ཡིན་ཏེ། མདོ་ཆེ་གེ་མོ་ཞིག་ལས་ཀྱང་རབ་ཏུ་བྱུང་བ། རྫས་ངན་འཆང་བ་རྣམས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེ་གེ་མོ་ཞིག་ལ་ཆད་པས་གཅོད་དུ་བཅུག་སྟེ། ཚུལ་ཁྲིམས་འཆལ་
པ་རྣམས་ནི་གོས་སྐྱ་བོ་གྱོན་དུ་བཅུག་གོ་ཞེས་སྟོན་ཅིང་། དེ་དེ་ལྟར་སེང་གེའི་སྒྲ་སྒྲོགས་པ་ལ། ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་དཀྲུགས་པ་མ་བྱས་ཏེ། སྲོག་བཅད་དུ་ཟིན་ཀྱང་དགེ་སློང་དེ་ལ་ནི་ཚུལ་ཁྲིམས་དང་ལྡན་པ། བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ་ཞེས་ང་ཟེར་རོ། །
རྒྱུ་དེས་ན་རྒྱལ་པོ་དང་བློན་པོ་དང་། དགེ་བསྙེན་རྣམས་ལ་དམ་པའི་ཆོས་བསྲུང་བའི་ཕྱིར། ངས་དགེ་སློང་རྣམས་བསྲུང་བར་ཡང་གནང་ཁྱིམ་བདག་མགོ་རེག་རྣམས་ཆད་པས་གཅོད་དུ་ཡང་གནང་ངོ་། །དེ་ལ་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཅེས་བྱ་སྟེ།
དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ཚིག་བླ་དགས་མ་ཡིན་ནོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་སྔ་རོལ་དུ་གྲོང་ཁྱེར་ཀུ་ཤཱི་འདི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་སྐྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་
ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡངས་པར་གྱུར་ཏེ། དེའི་ཚེ་སེམས་ཅན་དག་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ། བྲུ་བས་ཉམ་ཆུང་བ་མེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་ལོ་བྱེ་བ་ཕྲག་དུ་མ་བཞུགས་བཞུགས་ནས་གྲོང་ཁྱེར་འདི་ཉིད་དང་། གནས་འདི་ཉིད་
Vol. 112 · folio 62a
དུ་མྱ་ངན་ལས་འདས་སོ། །དེ་ནས་དེའི་བསྟན་པ་ལོ་བྱེ་བ་ཕྲག་དུ་མའི་བར་དུ་གནས་ནས། གང་གི་ཚེ་བསྟན་པ་གནས་པ་དེའི་ལྷག་མ་ལོ་བཞི་བཅུ་ལུས་པ་དེའི་ཚེ་དམ་པའི་ཆོས་ནུབ་ཏུ་ཆ་བའི་དུས་ན། དགེ་སློང་སངས་རྒྱས་བྱིན་ཞེས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ། སེང་གེའི་
སྒྲ་སྒྲོགས་པ། གསུང་རབ་ཡན་ལག་དགུའི་ཆོས་སྟོན་པ་ཞིག་བྱུང་སྟེ། དེ་བྲན་དང་བྲན་མོ་དང་། བ་ལང་དང་མ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་ལོག་པའི་ཆོས་སྟོན་པ། ཚུལ་ཁྲིམས་འཆལ་པ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོས་ནས་བསད་པའི་སེམས་སྐྱེད་དེ། ཚུལ་ཁྲིམས་
འཆལ་བའི་ཕྱོགས་རྣམས་གཅིག་ཏུ་བསྡོངས་ནས། མཚོན་ཆ་སྣ་ཚོགས་ལག་ན་ཐོགས་ཏེ། དགེ་སློང་དེའི་ཐད་དུ་དོང་ངོ་། །ང་ཡང་དེའི་ཚེ་རྒྱལ་པོ་སྲིད་སྦྱིན་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་དེས་གཏམ་དེ་ཐོས་ནས། དམ་པའི་ཆོས་བསྲུང་བའི་ཕྱིར། དགེ་སློང་དེའི་ཐད་དུ་སོང་སྟེ།
དེ་དག་དང་གཡུལ་བཀྱེའོ། །དེ་ནས་ཆོས་སྨྲ་བ་དེ་དེ་དག་གིས་མ་ཚུགས་སོ། །རྒྱལ་པོ་དེ་ནི་རལ་གྲི་དང་། མདུང་ཐུང་ཁ་ལེབ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་རྣམས་ཀྱིས་ལུས་ལ་མ་གཙགས་པའི་ས་མཚམས་ཡུངས་འབྲུ་ཙམ་ཡང་མེད་པར་གྱུར་ཏོ། །དེ་ནས་དགེ་སློང་
དེས་རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས། ལེགས་སོ་ཞེས་སྨྲས་ཏེ། དམ་པའི་ཆོས་བསྲུང་བས་དེ་ནི་དེ་ལྟར་བྱ་དགོས་སོ། །ཁྱོད་ནི་ཆོས་དཔག་ཏུ་མེད་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་དགེ་སློང་དེའི་ཚིག་ཐོས་ནས་ཤི་བའི་འོག་ཏུ་དེ་བཞིན་གཤེགས་
པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་སོ། །དེར་སེམས་ཅན་གང་རྗེས་སུ་ཡི་རང་བར་གྱུར་པ་རྣམས་དང་། གཡུལ་འགྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་མངོན་
པར་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་རྣམ་པ་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ་། །དགེ་སློང་སངས་རྒྱས་བྱིན་ཡང་རྒྱལ་པོ་དེ་ཤི་བའི་རྗེས་ལ་ཤི་ནས། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བསྟན་པ་ལ། ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཏོ། །
Vol. 112 · folio 62b
རྒྱལ་པོ་དེ་ཡང་ཉན་ཐོས་གཉིས་པར་གྱུར་ཏོ། །དེ་ལྟར་ན་དམ་པའི་ཆོས་ནུབ་པའི་ཚེ་དམ་པའི་ཆོས་དབྱུང་བར་བྱའོ། །དེའི་ཚེ་རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ནོ། །དགེ་སློང་དེ་ནི་སངས་རྒྱས་འོད་སྲུངས་ཡིན་ཏེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ལྟར་ན་དམ་པའི་ཆོས་བསྲུངས་པའི་འབྲས་
བུ་ནི་དཔག་ཏུ་མེད་དེ། འབྲས་བུ་རྣམ་པར་དག་པ་དེས་ན། ང་ཡང་རྨ་བྱ་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར་གྱུར་ཏེ། མི་ཤིགས་པའི་སྐུ་དང་། ཆོས་ཀྱི་སྐུ་བརྙེས་པར་གྱུར་ཏོ། །འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། དེ་བཞིན་གཤེགས་པ་ནི་རྡོ་ལ་བརྐོས་པའི་ཡི་གེ་
བཞིན་དུ་རྟག་པའི་སྐུ་དང་ལྡན་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན། དམ་པའི་ཆོས་བསྲུང་བར་འདོད་པས་ནི། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ན་ཡོད་པ་དེར་བསྲུང་བར་བྱའོ། །དགེ་བསྙེན་དམ་པའི་ཆོས་བསྲུང་བའི་འབྲས་བུ་ནི་རྒྱ་
ཆེའོ། །རིགས་ཀྱི་བུ་དེ་བས་ན་དགེ་སློང་རྣམས་མཚོན་ཆ་ལག་ན་ཐོགས་པའི་དགེ་བསྙེན་དག་གིས་མདུན་དུ་བདར་ཏེ་རྒྱུ་བར་བྱའོ། །ཐེག་པ་ཆེན་པོ་འདི་ལ་ནི་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་བླང་བར་མི་བྱ་སྟེ། དམ་པའི་ཆོས་བསྲུང་བའི་ཕྱིར་ལག་ན་མཚོན་ཆ་ཐོགས་ཤིང་། དགེ་སློང་རྣམས་
བསྲུང་བར་བྱའོ། །གསོལ་པ། ཅི་ལགས་དགེ་སློང་གང་དག་དེ་ལྟ་བུའི་དགེ་བསྙེན་ལག་ན་མཚོན་ཆ་ཐོགས་པ་དང་ལྷན་ཅིག་འགྲོགས་ཤིང་རྒྱུ་བ་དེ་དག་སློབ་དཔོན་ལགས་སམ། འོན་ཏེ་སློབ་དཔོན་མ་ལགས། ཚུལ་ཁྲིམས་འཆལ་པ་ཞེས་བགྱིའམ། འོན་ཏེ་མི་བགྱི་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ནང་འཁྲུག་འབྱུང་བ་དང་། ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ། དུས་ངན་པར་གྱུར་པ་དེའི་ཚེ། མུ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་འབྱུང་ཞིང་། མགོ་རེག་ཏུ་འགྱུར་ཏེ་
དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་། ཆོ་ག་དང་ཡོན་ཏན་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དག་སྐྲོད་པར་འགྱུར། གསོད་པར་འགྱུར་ཏེ། དེར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དག་ཏུ་ཇི་ལྟར་རྒྱུ་བར་བྱ་སྟེ། དེ་ལྟ་བུ་དག་
Vol. 112 · folio 63a
གི་དུས་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སློབ་དཔོན་དུ་གྱུར་པ་རྣམས་ལམ་དུ་འགྲོ་བ་དང་། རང་གི་སྲོག་བསྲུང་བའི་ཕྱིར་མཚོན་ཆ་ལག་ན་ཐོགས་པ་དག་དང་འགྲོ་བར་ངས་གནང་ངོ་། །དགེ་བསྙེན་རྣམས་དང་། ཁྱིམ་བདག་དང་། རྒྱལ་པོ་དང་བློན་པོ་རྣམས་ཀྱིས། དགེ་སློང་
ཚུལ་ཁྲིམས་དང་ལྡན་པ་བསྲུང་བའི་ཕྱིར། མཚོན་ཆ་འཆང་བ་དེ་ཡང་ཚུལ་ཁྲིམས་ཡིན་ཞེས་ང་ཟེར་ཏེ། འོན་ཀྱང་གསད་པར་ནི་མི་བྱའོ། །བཟློག་པའི་ཕྱིར་མཚོན་ཆ་བཅང་བར་བྱ་སྟེ། དེ་ནི་མཆོག་ཏུ་མཁས་པའི་ཚུལ་ཁྲིམས་ཡིན་ནོ། །སློབ་དཔོན་ནི་ཐེག་པ་ཆེན་པོའི་གདམས་ངག་སྟོན་པ་དང་།
ཡང་དག་པར་ལྟ་བ་དང་། རུང་བ་མ་ཡིན་པའི་གདུགས་དང་། འབྲུ་མར་གྱི་སྣོད་དང་། འབྲས་བུའི་རྣམ་གྲངས་རྣམས་སྤངས་པ་དང་། རྒྱལ་པོ་དང་བློན་པོ་རྣམས་ལ་མི་བརྟེན་པ་དང་། རྙེད་པའི་ཕྱིར་སྦྱིན་པ་པོ་རྣམས་ལ་དགའ་བ་དང་། སྙན་པར་སྨྲ་བ་མ་ཡིན་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་
དང་། ཚུལ་འཆོས་མེད་པའི་དགེ་སྦྱོང་གི་དངོས་པོ་སེལ་བ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་དང་། རྒྱལ་པོ་དང་འདྲ་བའི་བློ་གྲོས་འཆང་བ་དང་། བྱད་གཟུགས་དང་། ཆ་བྱད་དང་། རྙེད་པ་དང་། བཀུར་སྟི་གཞན་མི་འདོད་པ་དང་། ཆོག་ཤེས་ཤིང་ཡོ་བྱད་བསྙུངས་པ་སྟོན་
པ་གང་ཡིན་པ་སྟེ། དེ་ནི་སློབ་དཔོན་ཞེས་བྱའོ། །དེའི་འཁོར་རྙེད་པ་དང་། བཀུར་སྟི་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་ཟློག་པར་བྱེད་དོ། །དེ་ལ་དགེ་འདུན་ཡང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་དང་། བྱིས་པའི་དགེ་འདུན་དང་། རང་བཞིན་
གྱི་དགེ་འདུན་ནོ། །དེ་ལ་ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ནི་དེས་ཟློག་པར་བྱེད་དེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་རྣམས་འབའ་ཞིག་དང་མཐུན་པར་བྱེད་དེ། དེ་དག་ཚར་གཅོད་པར་མི་བྱེད་ཅིང་། ཟང་ཟིང་གི་
ཕྱིར་དེ་དག་དང་ལྷན་ཅིག་ཏུ་སྤྱོད་པ་མཐུན་པར་བྱེད་པ་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་གནས་པས། ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངས་སུ་འགྲོ་བར་འགྱུར་རོ། །འདི་ནི་ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་ཞེས་བྱ་སྟེ། དེའི་ཚུལ་མེད་པ་ཟློག་
Vol. 112 · folio 63b
པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། །བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་པ་དང་། བསོད་སྙོམས་པ་ཞན་པ་དང་། རྨུགས་པ་རྣམས་ཡིན་ཏེ། དགག་དབྱེ་དང་། གསོ་སྦྱོང་རྣམས་ཀྱི་དུས་སུ། རང་གི་འཁོར་ཉི་ཚེ་དག་པར་བྱེད་ཀྱི། ཚུལ་ཁྲིམས་འཆལ་པ་རྣམས་དག་པར་མི་
བྱེད་པར། དེ་དག་དང་ལྷན་ཅིག་ཏུ་འདྲེ་བར་གནས་པ་དེ་ནི་བྱིས་པའི་དགེ་འདུན་ཞེས་བྱ་སྟེ། རྨུགས་པ་དེ་དག་ནི་ཚུལ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། །རང་བཞིན་གྱི་དགེ་འདུན་ནི། བདུད་བྱེ་བ་སྙེད་ཀྱིས་ཀྱང་མི་ཤིགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དགེ་
འདུན་རང་བཞིན་གྱིས་རྣམ་པར་དག་པའོ། །ཚུལ་ཁྲིམས་འཆལ་པའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི། སློབ་དཔོན་ཞེས་བྱའོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། དེ་བཞིན་དུ་དེང་ངས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གསང་ཆེན་མ་ལུས་པར་
བསྟན་ཀྱང་། སེམས་ཅན་སྣོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་གིས་མི་ཐོས་སོ། །ཡང་བཀའ་སྩལ་པ། གང་དག་ལ་ནི་ཡོངས་བསགས་མེད། །གང་དག་གིས་ནི་ཟས་མི་རྟོགས། །མཁའ་ལ་བྱ་རྣམས་རྗེས་འདྲ་བར། །དེ་དག་རྗེས་བཅད་དཀའ་བ་ཡིན། །བསྟན་པ་འདིའི་དོན་ཇི་ལྟ་
བུ་ཞེ་ན། སུ་དག་ལ་ནི་ཡོངས་བསགས་མེད། །སུ་དག་གིས་ནི་ཟས་མི་རྟོགས། །གང་དག་གིས་ནི་རྗེས་བཅད་དཀའ། །སུ་སོང་གང་དུ་སོང་བ་ན། །དེ་དག་རྗེས་བཅད་དཀའ་བ་ཡིན། །དེ་ལ་རིན་པོ་ཆེ་ལ་སོགས་པ་བསགས་པའོ། །ཡོངས་ཞེས་བྱ་བ་ནི་ཕྲད་དེ་བྱེ་བྲག་གི་ཚིག་གོ། །
ཡེངས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ། འདིར་རྫས་བཟང་པོ་སྒྲུབ་པའི་ཐ་ཚིག་གོ། །བསགས་པ་ཞེས་བྱ་བ་དང་། ནོར་ཞེས་བྱ་བ་ནི་དོན་གཅིག་གོ། །གང་དག་ནོར་ཡོངས་སུ་བསགས་པར་བྱེད་པ་དེ་ནི། དེ་དག་གི་ཡོངས་སུ་བསགས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་བསགས་པ་ཞེས་བྱ་བ་དེ་
ནི་རྣམ་པ་གཉིས་ཏེ། འདུས་བྱས་ཡོངས་སུ་བསགས་པ་དང་། འདུས་མ་བྱས་ཡོངས་སུ་བསགས་པའོ། །དེ་ལ་ཉན་ཐོས་ནི་འདུས་བྱས་ཡོངས་སུ་བསགས་པའི་རྣམ་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཡོངས་སུ་བསགས་པའི་རྣམ་པའོ། །དགེ་འདུན་ནི་རྣམ་པ་གཉིས་ཏེ། འདུས་
Vol. 112 · folio 64a
བྱས་ཀྱི་དགེ་འདུན་དང་། འདུས་མ་བྱས་ཀྱི་དགེ་འདུན་ནོ། །དེ་ལ་འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ནི། ཉན་ཐོས་ཀྱི་དགེ་འདུན་ཡིན་ནོ། །ཉན་ཐོས་ཀྱི་དགེ་འདུན་ལ་ནི་ཡོངས་སུ་བསགས་པ་ཡང་མེད་ན། བྲན་དང་བྲན་མོ་རྣམས་ལ་སོགས་པ་རྫས་ངན་པ་རྣམས་དང་། མཛོད་
དང་བང་བ་ཡོངས་སུ་འཛིན་པ་ལྟ་ག་ལ་ཡོད་དེ། འོངས་པ་ཡིན་པས་ན་དེ་དག་ནི་ལན་ཚྭ་དང་། ཏིལ་ཙམ་ཡང་ཡོངས་སུ་བསགས་པར་མི་བྱེད་དོ། །གང་དག་བཅོམ་ལྡན་འདས་ཀྱིས། བདག་ཅག་ལ་བྲན་དང་བྲན་མོ་ལ་སོགས་པ་འཆང་དུ་གནང་ངོ་ཞེས་ཟེར་བ་དེ་དག་གི་ལྕེ་ནི་ལྐུགས་པར་འགྱུར་སྲིད་དོ། །
ཉན་ཐོས་དེ་དག་ནི་ཡོངས་སུ་བསགས་པ་མེད་པའི་རྣམ་པ་ཡིན་ཏེ། དེ་དག་ནི་ཟས་ཡོངས་སུ་ཤེས་པའོ། །གང་ཟག་ཟས་ལ་ཞེན་པ་མེད་པ་དེ་དག་ནི་ཟས་ཡོངས་སུ་ཤེས་པ་ཡིན་ཏེ། དེ་དག་ནི་འགྲོ་བའི་ལམ་དུ་རྗེས་བཅད་པར་དཀའོ། །དེ་དག་ནི་མྱུར་བ་ཁོ་ནར་སངས་རྒྱས་ཉིད་དུ་ཉེ་བར་གནས་སོ། །
དེ་དག་གི་འགྲོ་བ་ནི་རྗེས་བཅད་དཀའོ་ཞེས་དེ་བཞིན་གཤེགས་པས་གསུང་ངོ་། །ཡང་བཀའ་སྩལ་པ། གལ་ཏེ་འདུས་བྱས་ཀྱི་དགེ་འདུན་ལ་ཡང་བསགས་པ་མེད་ན། འདུས་མ་བྱས་པའི་དགེ་འདུན་ལ་ལྟ་ག་ལ་ཡོད་དེ། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་
གཤེགས་པ་ལ་གསང་བའི་ཆོས་བསྟན་པ་ག་ལ་ཡོད། གསང་བ་གང་ཡིན་པ་དེ་ཡོངས་སུ་བསགས་པའོ། །རྗེས་བཅད་དུ་མེད་པ་ནི་མི་གཡོ་བའི་བདེ་བ་སྟེ། མྱ་ངན་ལས་འདས་པའི་དོན་སྟོན་ཏོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་དགེ་འདུན་གང་དག་གཞི་ཆེན་
པོ་བརྒྱད་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དེར། གལ་ཏེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དག་འཁོད་ན། དེ་དག་ནི་ཇི་ལྟར་ཀ་ར་ཀའི་ཚལ་ན། ཏིན་ཏུ་ཀའི་ཤིང་འདུག་པ་དེ་བཞིན་དུ་དེ་དག་མ་མཐོང་ན། ཚུལ་ཁྲིམས་དང་ལྡན་པ་ཡིན་དུ་ཟིན་ཀྱང་། དགེ་བསྙེན་ཤེས་རབ་ཅན་གྱིས་དེ་ལ་
ཕྱག་མི་བྱ་ཞིང་། མཆོད་པའི་གནས་སུ་མི་བྱའོ། །གལ་ཏེ་དེ་དག་ལ་ཕྱག་བྱ་བར་འདོད་ན། ཅི་ཁྱེད་གཞི་ཆེན་པོ་བརྒྱད་ལེན་པར་བྱེད་དམ། འོན་ཏེ་ལེན་པར་མི་བྱེད་ཅེས་དྲིས་ནས། གདོད་ཕྱག་བྱ་སྟེ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། ཡི་གེ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོག་
Vol. 112 · folio 64b
མི་ཤེས་པ་དང་། ཡོ་བྱད་མ་བསྙུངས་པ་དང་། འདོད་ཆེན་དང་། ཚུལ་འཆོས་པ་དང་། ཁ་གསག་བྱེད་པར་འགྱུར་བའི་རང་བཟོའི་ཡི་གེ་དང་། ཚིག་སྣ་ཚོགས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ་སྡེ་རྣམས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བས་མུ་
གེ་བྱུང་བའི་ཚེ། ཉིད་ཀྱི་སྲས་རྣམས་ཉོན་མོངས་པར་མི་འགྱུར་བར་མཛད་པའི་ཕྱིར། བྲན་དང་བྲན་མོ་ལ་སོགས་པ་དང་། གཡོས་སུ་བྱས་པ་རྣམ་པ་དུ་མ་གནང་བའི་བསླབ་པའི་གཞི་གསུངས་ཏེ། བྲན་དང་བྲན་མོ་ལ་སོགས་པ་དང་། གསེར་དང་དངུལ་ལ་སོགས་པ་དང་། བ་ལང་དང་། མ་ཧེ་དང་།
འབྲུ་རྣམས་བསྡུ་བ་དང་། ཉོ་ཚོང་དང་། ཞིང་རྨོ་བ་ལ་སོགས་པ་ངས་གནང་ངོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ངས་གནང་ངོ་ཞེས་བྱ་བ་དེ་དག་ནི་ཡི་གེ་ཞེས་བྱ་སྟེ། དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་ཚད་མ་མ་ཡིན་ནོ། །དེ་བས་ཡི་གེ་འདོན་པའི་གང་ཟག་དེ་དག་ཀྱང་ཚད་མ་མ་ཡིན་ཏེ། དེའི་
ཕྱིར་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་ནོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང་། དུང་དང་གསེར་དང་ནོར་བུ་ནོར་མང་དང་། །ཁྱིམ་དང་གཉེན་བཤེས་རྣམས་སྤངས་རབ་བྱུང་སྟེ། །སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་
བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་པ་བོང་བུ་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་བོ་བྲེགས། །ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། བཀུར་སྟི་རྙེད་ལ་བརྟེན་ནས་ནི། །ཤེས་ཀྱི་ཁེ་
རྣམས་ཚོལ་བ་དག །གཙུག་ལག་ཁང་དང་མཆོད་རྟེན་བྱེད། །ཁྱིམ་མི་མོ་ལ་ཆགས་ཤིང་མྱོས། །དམིགས་པ་དག་ལ་རྟེན་བྱེད་ཅིང་། །འདོད་པའི་སྲེད་ལ་ཤིན་ཏུ་གནས། །བདུད་ཀྱི་ཡུལ་དུ་གནས་ནས་ནི། །ཁྱིམ་པ་དག་གི་ལས་བྱེད་འགྱུར། །ཞེས་གསུངས་སོ། །ལས་རབ་ཏུ་
འབྱེད་པའི་མདོ་ལས་ཀྱང་། དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་རྣམས་རྒུད་པར་མངོན་པ་གང་ཞེ་ན། སྲོག་གཅོད་པའི་རྣམ་པར་སྨིན་པས་ནི་གཟི་མདངས་ནུབ་པར་འགྱུར་རོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པས་ནི་ཐོག་དང་
Vol. 112 · folio 65a
ཕྱེ་མ་ལེབ་དང་ལོ་ཏོག་རྣམས་ཏེ་སྲིན་བུ་ཅན་དག་འབྱུང་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པའི་རྣམ་པར་སྨིན་པས་ནི་ལྗན་ལྗིན་དང་རྡུལ་དང་ཚུབ་མ་དང་མ་རུང་བའི་རླུང་དང་ཆར་འབྱུང་བར་འགྱུར་རོ། །བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པས་ནི་ཁ་དྲིང་བ་འབྱུང་བར་འགྱུར་
རོ། །ཕྲ་མའི་རྣམ་པར་སྨིན་པས་ནི་རྩྭ་ཚང་ཚིང་དང་ནགས་ཐིབས་པོ་འབྱུང་བར་འགྱུར་རོ། །ཚིག་རྩུབ་པོའི་རྣམ་པར་སྨིན་པས་ནི་གསེག་མ་དང་གྱོ་མོ་དང་རེག་ན་མི་བདེ་ཞིང་རྩུབ་པའི་དངོས་པོ་རྣམས་འབྱུང་བར་འགྱུར་རོ། །ངག་ཀྱལ་པའི་རྣམ་པར་སྨིན་པས་ནི་མཐོ་དམན་གྱི་གནས་དང་ཚེར་མ་དང་
ངམ་གྲོག་དང་གཡང་ས་དང་ཚན་ཅན་དང་ཕྱི་སས་ཁྱབ་པར་འགྱུར་རོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པས་ནི་ལོ་ཏོག་རྣམས་འབྲས་བུ་ཆུང་བར་འགྱུར་རོ། །གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི་ལོ་ཏོག་འབྲས་བུ་མེད་པ་འབྱུང་བར་འགྱུར་རོ། །ལོག་པར་ལྟ་བའི་རྣམ་པར་སྨིན་པས་ནི་ལོ་
ཏོག་རྣམས་འབྲས་བུ་ཁ་བ་དང་ཚ་བ་འབྱུང་བར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་བཅུ་པོ་དེ་དག་ཡང་དག་པར་བླངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་རྣམས་རྒུད་པར་མངོན་ནོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་གསུང་གི་མདོ་ལས་ཀྱང་། གཞན་ཡང་དེའི་ཚེ་དེའི་དུས་ན་དགེ་སློང་
དེ་དག་བདག་ཏུ་སྨྲ་བར་འགྱུར་རོ། །སེམས་ཅན་དུ་སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་དང་། ཆད་པར་སྨྲ་བ་དང་། རྟག་པར་སྨྲ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་དང་། གཞན་ལ་གནོད་པ་དང་འཚེ་བ་ཚོལ་བ་དང་། ཚུལ་
ཁྲིམས་ཆད་པ་དང་། རྒྱལ་མཚན་གྱིས་རྐུ་བ་དང་། དེ་དག་པི་ཝང་དང་། རྫ་རྔ་དང་། རྔ་རིགས་ཀྱི་སྒྲ་དག་ལ་དགའ་བར་འགྱུར་རོ། །བྲོ་གར་དང་གར་མཁན་ལ་ལྟ་བ་དག་ལས་ལྡོག་པར་མི་འགྱུར། རྙེད་པ་འདོད་པ་དང་ས་ལེ་སྦྲམ་དང་དངུལ་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར།
དེ་བཞིན་དུ་ཞིང་གི་དངོས་པོ་ཡོངས་སུ་འཛིན་པ་ལས་དང་། ཚོང་དུས་ཀྱི་དངོས་པོ་ཡོངས་སུ་འཛིན་པ་ལས་དང་། ཁྱིམ་གྱི་དངོས་པོ་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར། འབྲུ་རྗེན་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར་རོ། །དེ་བཞིན་དུ་ཁྱིམ་བྱ་དང་ཕག་དང་བོང་བུ་དང་
Vol. 112 · folio 65b
ལུག་ཡོངས་སུ་འཛིན་པ་ལས་ལྡོག་པར་མི་འགྱུར་རོ། །གཤོལ་དང་རྨོན་ལྕགས་དང་། ཤིང་རྟའི་ལས་ཀྱི་མཐའ་བྱེད་པ་ལས་ལྡོག་པར་མི་འགྱུར། སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུའི་དམ་པ་མ་ཡིན་པའི་ཆོས་དང་ལྡན་པ་འདི་ལ་འཇིགས་པར་མི་ལྟ་བ་དེ་རྣམས་ལ། སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དམིགས་པ་མེད་པའི་ཆོས་དག་གིས་ཅི་ཞིག་བྱ་ཞེས་གསུངས་སོ། །འཚོ་བ་ཡ་ང་བ་ལ་དགོངས་པ་བསྟན་པ། འདུལ་བ་ལས་ཀྱང་། འདི་ན་ཁ་ཅིག་ཚུལ་འཆོས་སམ། ཁ་གསག་གམ། གཞོགས་སློང་ངམ། ཐོབ་ཀྱིས་འཇལ་བའམ། རྙེད་
པས་རྙེད་པ་ཚོལ་བའམ། ཤིང་སྦྱིན་པའམ། འོ་མ་སྦྱིན་པའམ། ལོ་མ་སྦྱིན་པའམ། མེ་ཏོག་སྦྱིན་པའམ། འབྲས་བུ་སྦྱིན་པའམ། ཕྱེ་མ་སྦྱིན་པའམ། ཚྭ་སྦྱིན་པའམ། ཁྲུས་སྤྱད་སྦྱིན་པའམ། སོ་ཤིང་སྦྱིན་པའམ། འཕྲོད་པའི་ཆུ་སྦྱིན་པའམ། ངོར་དགའ་བའམ། ཡོངས་སུ་གསོ་
བའམ། རྫས་བརྟག་པའམ། དུད་འགྲོ་བརྟག་པའམ། ཡན་ལག་རིག་པའམ། རྒྱུ་སྐར་རིག་པའམ། ཕོ་ཉར་འགྲོ་བའམ། མངག་གཞུག་ཏུ་འགྲོ་བའམ། རྟོག་པས་མངག་པའམ། དམན་པའི་ལས་སམ། སྐྱེད་གཏོང་ལེན་ནམ། སྦྱིན་པའམ་ལན་དུ་སྦྱིན་པའམ། སངས་རྒྱས་
ཀྱིས་སྨད་པ་གཞན་གང་ཡང་རུང་བའི་འཚོ་བས་འཚོ་བར་རྟོག་པར་བྱེད་དོ་ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། འོད་སྲུངས་དེ་ལ་དགེ་སྦྱོང་གདོལ་པ་ལྟ་བུ་གང་ཞེ་ན། འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པ་ནི་རྟག་ཏུ་དུར་ཁྲོད་སྤྱོད་ཡུལ་བ་ཡིན་ཏེ། ཤི་བ་ལ་རེ་
བ་དང་། བྱམས་པ་མེད་པའི་མིག་གིས་འགྲོ་བ་ལ་བལྟ་བ་དང་། ཤི་བ་ལ་དགའ་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་རྟག་ཏུ་མཛའ་བཤེས་ཀྱི་ཁྱིམ་དང་། སློང་བ་སྟེར་བའི་ཁྱིམ་ལ་གདུ་བ་ཡིན་ཏེ། དེ་ནས་རྙེད་པ་དང་བཀུར་སྟིས་ཉེ་བར་འཚོ་ཞིང་། ཁྱིམ་པ་དེ་དག་
ཆོས་སམ་འདུལ་བ་ཡང་དག་པར་འཛིན་དུ་མི་འཇུག་པ་དང་། དེ་རྙེད་པའི་ཆེད་དུ་འདྲིས་པར་བྱེད་ཀྱི། ཆོས་ཀྱི་ཆེད་དུ་མ་ཡིན་པ་དང་མཛའ་བའི་སེམས་མེད་ཅིང་རྟག་ཏུ་རྙེད་པ་ལ་རེ་བ་ཡིན་ཏེ། འོད་སྲུངས་འདི་ནི་དགེ་སྦྱོང་གདོལ་པ་ལྟ་བུ་ཞེས་བྱའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པ་ནི་ཚོང་
Vol. 112 · folio 66a
དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། ཁམས་ཀྱི་རྒྱལ་པོ་དག་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་རྣམས་ཀྱིས་རྟག་ཏུ་ཡོངས་སུ་སྤང་བར་བྱ་བའི་འོས་ཡིན་ཏེ། གདོལ་པ་རིག་ནས་ཐག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ་། །
འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱ་བའི་འོས་ཡིན་ཏེ། དགེ་སྦྱོང་གདོལ་པ་ལྟ་བུ་སྡིག་པའི་ཆོས་ཀུན་དུ་སྤྱོད་ཅིང་། ཚུལ་ཁྲིམས་འཆལ་པ་རིག་
ནས། ཐག་རིང་པོ་ནས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ་། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པའི་ཁ་ཕྱིས་སམ། གོས་སམ། ཡོངས་སུ་སྤྱད་པ་དེ་ཐམས་ཅད་ལ་ནི་སྐྱེ་བོ་ཡ་རབས་རྣམས་མི་རེག་ཅིང་། ཡོངས་སུ་མི་སྤྱོད་དོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུའི་ལྷུང་བཟེད་དམ།
ཆོས་གོས་སམ། ཡོངས་སུ་སྤྱད་པ་དེ་ཐམས་ཅད་ནི་མི་མཐུན་པའི་འཚོ་བས་ཡོངས་སུ་བཙལ་བ། ལུས་དང་སེམས་སྨས་པས་ཡོངས་སུ་བཙལ་བ་ཡིན་པས། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་དེ་ལ་མི་རེག་ཅིང་མི་སྤྱོད་དོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པ་ནི་
ཁ་ཕྱིས་ཐོགས་ཏེ། ཞུམ་ཞུམ་པོར་བྱས་ནས་གཞན་གྱི་ཁྱིམ་དུ་འགྲོའོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་ཞུམ་ཞུམ་པོར་བྱས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ལོ། །ཞུམ་ཞུམ་པོར་བྱས་ནས་འཁོར་གྱི་ནང་དུ་འགྲོའོ། །ཞུམ་ཞུམ་པོར་བྱས་ནས་
གཙུག་ལག་ཁང་དང་། གནས་ཁང་དང་གཞན་གྱི་ཁྱིམ་དུ་འགྲོའོ། །ཞུམ་ཞུམ་པོར་བྱས་ཏེ་འགྲོ་བ་དང་། འདུག་པ་དང་། ཉལ་བར་བྱེད་དོ། །འོད་སྲུངས་དེ་ལྟར་ན་ཞུམ་ཞུམ་པོར་བྱས་པས། སྡིག་པ་འཆབ་པ་དེའི་སྤྱོད་ཡུལ་གང་ཡིན་པ་དེ་དག་ཐམས་ཅད་ནི་རུང་བ་མ་ཡིན་པ་ལ་ཡོངས་སུ་བརྟག་
པའོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། གདོལ་པའི་སེམས་ནི་བདེ་འགྲོའི་སྐྱེ་བ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རང་གི་ལས་ཀྱིས་ཉེས་པའི་ཕྱིར་རོ། །འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུའི་སེམས་ཀྱང་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་མི་གནས་ཤིང་དེའི་
Vol. 112 · folio 66b
འཇིག་རྟེན་ཕ་རོལ་རྣམ་པར་ཞིག་ལ། དེ་ངན་འགྲོ་གསུམ་དུ་གནས་པར་སྒྲིབ་པ་མེད་དེ། འོད་སྲུངས་འདི་ནི་དགེ་སྦྱོང་གདོལ་པ་ལྟ་བུ་ཞེས་བྱའོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང་། དེའི་ཕྱིར་ཀུན་དགའ་བོ་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །ཀུན་དགའ་བོ་མྱ་ངན་
ལས་འདས་པ་ན་བྱང་ཕྱོགས་ཀྱི་རྒྱུད་དུ་རྒྱས་ལྡན་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། མིའི་སྐྱེ་བོ་མང་པོས་གང་བ་འབྱུང་བར་འགྱུར་རོ། །དེར་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་ངའི་བསྟན་པ་འདི་ལ་དད་ཅིང་དང་བར་འགྱུར་རོ། །དེ་རྣམས་ནི་ངའི་སྐུ་དང་ཉན་ཐོས་
རྣམས་ལ་བླ་མར་བྱ་བ་དང་། རིམ་གྲོར་བྱ་བ་དང་མཆོད་པར་བྱ་བ་དང་རྗེད་པར་བྱ་བའི་ཕྱིར་སྤྲོ་བར་འགྱུར་རོ། །དེར་ངའི་ཉན་ཐོས་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་བ་རྣམས་ཀྱང་ཀུན་ནས་མང་དུ་འདུ་བར་འགྱུར་རོ། །ཀུན་དགའ་བོ་དེར་ཁྱིམ་པ་མཁས་པ། ཤེས་རབ་ཆེ་བ། གསལ་བ། དུལ་བ་འཇིགས་
པ་མེད་པ། མང་དུ་ཐོས་ཤིང་ཐོས་པ་བསགས་པ་མང་པོ་དག་ཀྱང་རྒྱས་པར་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་ཡང་རྒྱལ་པོའི་ཕོ་བྲང་རྒྱས་ལྡན་དེར། གང་དག་ཁྱིམ་པ་འཆི་བའི་དུས་བྱེད་པར་འགྱུར་བ་དེ་དག་ནི། འཆི་བའི་དུས་བྱས་མ་ཐག་ཏུ་དགའ་ལྡན་གྱི་ལྷའི་ལུས་དག་ཏུ་སྐྱེ་བར་འགྱུར་རོ། །གང་
དག་རབ་ཏུ་བྱུང་བ་འཆི་བའི་དུས་བྱེད་པར་འགྱུར་བ་དེ་དག་ནི། ཕལ་ཆེར་ངན་སོང་དུ་འགྲོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཡོ་བྱད་བསྙུངས་པ་ལ་མི་གནས་ཤིང་། སྡོམ་པ་ལ་མི་གནས་པར་འགྱུར་རོ། །ཀུན་དགའ་བོ་རྒྱལ་པོའི་ཕོ་བྲང་རྒྱས་ལྡན་དུ་དམ་པའི་ཆོས་ནི་གནས་པར་འགྱུར་རོ། །
བྲམ་ཟེ་དང་ཁྱིམ་བདག་དེ་དག་འདི་སྙམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་པར་འགྱུར་རོ་ཞེས་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་དགའ་བོ་དེའི་ཚེ་ན་དགེ་སློང་མང་པོ་འབྱུང་བར་འགྱུར་ཏེ། གཡེལ་བ། བསགས་པ་མང་བ། སྤོང་བ་ལས་ཉམས་
པ་བསུ་བའི་ཕྱིར་སྔར་འགྲོ་བ། རབ་ཏུ་དབེན་པ་ལ་བརྩོན་པ་དོར་བ། འཁོར་བཞི་དང་འདྲེས་པ་དང་། སྤྱོད་ཚུལ་དང་བྲལ་བ། ཚུལ་ཁྲིམས་འཆལ་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་དང་ལྷན་ཅིག་སྤྱོད་ཚུལ་ཉམས་པ། ལུགས་དང་བྲལ་བ། ཕན་ཚུན་དུ་མི་གུས་པ། མེ་ཏོག་གམ།
Vol. 112 · folio 67a
བཟའ་བའམ། བཅའ་བའམ། སྟེར་བའམ། ལན་དུ་སྦྱིན་པ་བསྟེན་པ་ལ་དགའ་བ་དང་། མ་བསྡམས་པར་འགྱུར་རོ། །དེ་དག་བུ་སྨད་ལ་སྤྱོད་པར་འགྱུར། དེ་དག་མཐོང་བ་དང་ཐོས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནུབ་པར་གྱུར་ཏ་རེ་སྙམ་པས་
འཇིགས་པ་ཆེན་པོ་དང་། སྐྲག་པ་དང་། སྐྱོ་བར་འགྱུར་རོ་ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། འོད་སྲུངས་དེ་ལ་ཆོམ་རྐུན་ལྟ་བུའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལྟ་སྟེ་དཔེར་ན། མི་གཡོན་ཅན་གྱི་རང་བཞིན་ཅན། རྟག་ཏུ་བརྐམ་པ། ཆགས་པའི་ཟིལ་
གྱིས་ནོན་པ་བདག་གི་རྙེད་པས་ཆོག་པར་མི་འཛིན་པ། གཞན་གྱི་ནོར་ལ་རེ་བ། དྲག་ཤུལ་ཅན། དབྱུག་པ་དང་། མཚོན་ཆ་དང་། དགྲ་ཆ་ཐོགས་པ། ངོ་ཚ་མེད་པ། སྙིང་རྗེ་མེད་པ། རྟག་ཏུ་གདུག་ཅིང་། རབ་ཏུ་གདུག་པའི་སེམས་དང་ལྡན་པ་ནི། དེ་གང་གི་ཚེ་གྲོང་བར་རམ་གྲོང་ངམ།
གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དུ་འཇུག་པ་དེའི་ཚེ། དེ་འདི་སྙམ་དུ་གཞན་དག་གི་ནོར་གྱི་ཕུང་པོ་གང་ཡིན་པ་དེ་བདག་གིར་གྱུར་ན་རེ་སྟེས་སྙམ་དུ་སེམས་ཤིང་། དེ་ཟིན་དུ་འོང་ཞེས་མཁྱུན་བུ་མཁྱུན་བུར་རྒྱུ་བ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་ཆོམ་རྐུན་ལྟ་བུའི་དགེ་སྦྱོང་ཡང་རྟག་
ཏུ་བརྐམ་པ། ཆགས་པའི་ཟིལ་གྱིས་ནོན་པ། བདག་གི་རྙེད་པས་ཆོག་མི་ཤེས་པ། གཞན་གྱི་རྙེད་པ་ལ་རེ་བ་ཡིན་ཏེ། དེ་གང་གི་ཚེ་གྲོང་བར་རམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དུ་འཇུག་པ་དེའི་ཚེ། དེ་རྙེད་པའི་ཕྱིར་འཇུག་གི། ཆོས་ཀྱི་ཕྱིར་མ་ཡིན་ཏེ། སྤྱོད་
ལམ་ཐམས་ཅད་ཀྱང་ཆོམ་རྐུན་ལྟ་བུར་སྟོན་པ་ཡིན། འཆབ་ཅིང་སྦེད་པ་ལྟ་བུ་ཡིན་ཏེ། བདག་དགེ་སློང་གཞན་གྱིས་ཚུལ་ཁྲིམས་འཆལ་པར་ཤེས་ན་མི་རུང་སྟེ། ཤེས་པར་གྱུར་ན་སོ་སོར་ཐར་པའི་མདོ་འདོན་པ་ལས་བསྐྲད་པར་འགྱུར་རོ་སྙམ་ནས། རྟག་ཏུ་སྐྲག་ཅིང་རྟག་ཏུ་འཇིགས་ཏེ། སྤྱོད་
ལམ་ཐམས་ཅད་ཀྱང་གཡོས་སྤྱོད་པས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དག་གིས་ཆོམ་རྐུན་འོང་ངོ་། །ཆོམ་རྐུན་འགྲོའོ། །ཆོམ་རྐུན་འགྲེང་ངོ་། །ཆོམ་རྐུན་འཆག་གོ། །ཆོམ་རྐུན་འདུག་གོ། །ཉལ་ལོ། །ཆོས་གོས་ལེན་ཏོ། །ཆོམ་རྐུན་གྲོང་དུ་འགྲོའོ། །གྲོང་ནས་འབྱུང་ངོ་། །
Vol. 112 · folio 67b
ཆོམ་རྐུན་ཟའོ། །ཆོམ་རྐུན་འཐུང་ངོ་། །ཆོམ་རྐུན་སྐྲ་འདྲེག་གོ་ཞེས་རིག་པར་འགྱུར་རོ། །འོད་སྲུངས་དེ་ལྟར་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་དེའི་སྤྱོད་ལམ་གང་ཡིན་པ་དེ་ཐམས་ཅད་རུང་བ་མ་ཡིན་ལ། ཡོངས་སུ་བརྟགས་པ་ཡིན་པར་རིག་པར་འགྱུར་ཏེ། རིག་ནས་ཀྱང་
དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་། ཀྱེ་མ་འདི་རེ་མཚར་ཅིག །སྡིག་པ་ཅན་གྱི་དགེ་སློང་འདི་ལྟ་བུ་དག་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་བྱེད་པར་འགྱུར་རོ་ཞེས་འཕྱ་ཞིང་མི་སྙན་པ་ཟེར་རོ། །ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་རྣམས་ལ་ནི། ལྷ་དང་། ཀླུ་དང་། གནོད་
སྦྱིན་དང་། དྲི་ཟ་རྣམས་ཀྱང་། འདི་དག་ནི་བསྟན་པ་ཡོངས་སུ་འཛིན་པའོ་ཞེས་གུས་པ་ཆེར་སྐྱེད་དོ། །འོད་སྲུངས་ཆོམ་རྐུན་པ་ལྟ་བུའི་དགེ་སྦྱོང་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ནི། སྐྱོ་བ་དང་། འདོད་ཆགས་དང་བྲལ་བའི་སེམས་གཅིག་ཀྱང་མི་བསྐྱེད་ན། འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཀྱི། དེ་ནི་གནས་
མེད་དེ། འོད་སྲུངས་འདི་ནི་ཆོམ་རྐུན་ལྟ་བུའི་དགེ་སློང་ཞེས་བྱའོ་ཞེས་གསུངས་སོ།། །།འཚོ་བ་ཡོངས་སུ་དག་པ་ལ་དགོངས་པ་བསྟན་པ། བྱམས་པ་སེང་གེའི་སྒྲའི་མདོ་ལས་ཀྱང་། འོད་སྲུངས་དེ་དག་དབུགས་འབྱིན་པ་བརྗོད་པར་བྱ་སྟེ། དེ་ཐོས་ནས་རྣལ་འབྱོར་པ། རྣལ་འབྱོར་སྤྱོད་པ་
དག་དགའ་བ་དང་མགུ་བར་འགྱུར་རོ། །འོད་སྲུངས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། གླིང་ཆེན་པོ་བཞི་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་
བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་བས་ནི། ཡང་དག་པར་ཞུགས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། འཚོ་བ་ཡོངས་སུ་དག་པ་ཞིག་གིས། སྦྱིན་པ་པོ་གང་གི་དད་པས་བྱིན་པ། ཐ་ན་ཆུ་སྣོད་གང་ཙམ་ཞིག་བདག་གིར་བྱས་པར་གྱུར་ན། དེ་ཉིད་དེ་ལས་བསོད་ནམས་ཀྱི་ཕུང་
པོ་ཆེས་རྒྱ་ཆེར་འགྱུར་ཀྱི། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པ་དེ་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །དཀོན་
Vol. 112 · folio 68a
མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཚོ་བ་ཡོངས་སུ་དག་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་འཆོས་པ་དང་། ཁ་གསག་གི་རྙེད་པ་དང་བྲལ་བ་རྣམས་ཡིན། བརྡའི་རྙེད་པ་དང་བྲལ་བ་རྣམས་
ཡིན། གཞོགས་སློང་གི་རྙེད་པ་དང་བྲལ་བ་རྣམས་ཡིན། མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་རྣམས་ཡིན། རྙེད་པ་ལ་ཞེན་པ་མེད་པ་རྣམས་ཡིན། རྙེད་པ་ལ་མ་
ཆགས་པ་རྣམས་ཡིན། ཡོངས་སུ་མི་ཆད་པའི་རང་བཞིན་མེད་པ་རྣམས་ཡིན། ཆོས་ཉིད་རྙེད་པས་ཆོག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་། ཁ་གསག་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་
སེམས་དཔའ་རྙེད་པའི་རྒྱུ་རྙེད་པའི་ཕྱིར་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད། ངག་གིས་ཚུལ་འཆོས་པ་མི་བྱེད། སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སྦྱིན་པ་བྱེད་པ་དང་། སྦྱིན་པའི་བདག་པོ་མཐོང་ན། སྤྱོད་
ལམ་མི་འཆོས་སོ། །ཇི་ལྟར་སྤྱོད་ལམ་མི་འཆོས་ཤེ་ན། གཉའ་ཤིང་གང་ཙམ་དུ་བལྟ་བ་དང་། སྐྱོ་བར་བལྟ་བ་དང་། སྒྲིབ་པ་མེད་པར་བལྟ་བས། གོམ་པ་བགས་ཀྱིས་དལ་བ་དལ་བས་འདོར་ཞིང་། འདེགས་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན་
ངག་གིས་ཚུལ་འཆོས་པ་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་རྙེད་པའི་རྒྱུ་རྙེད་པའི་ཕྱིར་གཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན་ཏེ། འཇམ་པོར་སྨྲ་བ་མ་ཡིན། དགའ་བར་སྨྲ་བ་མ་ཡིན། རྗེས་སུ་འབྲང་བའི་ཚིག་བརྗོད་པ་མ་ཡིན་ཏེ། དེ་ལྟར་ན་ངག་གིས་ཚུལ་འཆོས་པ་མི་བྱེད་དོ། །ཇི་ལྟར་ན་
སེམས་ཀྱིས་ཚུལ་འཆོས་པ་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པའམ། སྦྱིན་པའི་བདག་པོས་རྙེད་པ་བསྟབས་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་། སེམས་ཀྱིས་འདོད་པ་སྐྱེད་པ་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ། ཚིག་གིས་འདོད་པ་ཆུང་ལ། སེམས་ཀྱིས་
Vol. 112 · folio 68b
རྙེད་པ་འདོད་པ་ནི། ནང་གི་གདུང་བ་ཡིན་ཏེ། དེ་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་། ཁ་གསག་གི་རྙེད་པ་དང་བྲལ་བ་རྣམས་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྡའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་
སེམས་དཔའ་སྦྱིན་པ་བྱེད་པའམ། སྦྱིན་བདག་མཐོང་ན། བདག་ཆོས་གོས་ཀྱིས་ཕོངས་སོ། །བདག་ལྷུང་བཟེད་ཀྱིས་ཕོངས་སོ། །བདག་ནད་ཀྱི་རྐྱེན་རྩིས་ཕོངས་སོ་ཞེས་བརྡ་མི་བྱེད་ཅིང་། སྦྱིན་པ་བྱེད་པའམ། སྦྱིན་བདག་ལ་མི་སློང་ཞིང་ཚིག་ཏུ་མི་བརྗོད་དོ། །དེ་ལྟར་ན་བྱང་ཆུབ་
སེམས་དཔའ་བརྡའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང་། སྦྱིན་བདག་མཐོང་ན། བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས། དངོས་པོ་ཆེ་གེ་མོ་ཞིག་བྱིན་ཏེ། དེ་ལ་
བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ། །དེས་ཀྱང་བདག་ལ་འདི་ནི་ཚུལ་ཁྲིམས་དང་ལྡན་པར་རིག་སྟེ་མང་དུ་ཐོས་པའོ། །འདོད་པ་ཆུང་བའོ་ཞེས་འདི་དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི་སེམས་ཉེ་བར་གཞག་སྟེ། བླངས་སོ་ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དོ། །དེ་ལྟར་བྱང་ཆུབ་
སེམས་དཔའ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་རྨ་བྱུང་བ་དང་། སེམས་ལ་རྨ་བྱུང་བས་རྙེད་པ་ཚོལ་བ་མ་ཡིན་ཏེ། དེ་ལ་ལུས་ཀྱི་རྨ་ནི་འདི་ལྟ་སྟེ།
རྙེད་པའི་རྒྱུ་རྙེད་པའི་ཕྱིར་རྒྱུག་པ་དང་། ཀུན་དུ་རྒྱུག་པ་དང་། ཚུལ་ཁྲིམས་འཆལ་པ་ལ་སྤྱོད་པའོ། །དེ་ལ་སེམས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པ་ལ་སྨོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་རྙེད་པ་ལ་གནོད་སེམས་མང་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་
བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སྲང་ལ་སྒྱུ་བྱེད་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་དང་། ཡིད་བརྟན་པ་ལ་གནོད་པར་བྱེད་པ་དང་། གཡོས་རྙེད་པ་མི་སྒྲུབ་སྟེ། དེ་ལྟར་
Vol. 112 · folio 69a
ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ། ཆོས་ཀྱི་དང་འདྲེས་པའམ། དགེ་འདུན་
གྱི་དང་འདྲེས་པའམ། མ་བྱིན་པའམ། མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། །ཆགས་པའི་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་
ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་། བདག་གིར་མི་བྱེད། ནོར་མི་བརྩི། ཚོགས་སུ་མི་བྱེད་ཅིང་། དུས་དུས་སུ་དགེ་སྦྱོང་དང་། བྲམ་ཟེ་དང་། ཕ་མ་དང་། མཛའ་བོ་དང་། བློན་པོ་དང་། གཉེན་བཤེས་དང་། སྣག་གི་གཉེན་མཚམས་དག་ལ་གཏོང་ཞིང་། དུས་དུས་སུ་བདག་ཀྱང་ཡོངས་སུ་
སྤྱོད་ལ། ཡོངས་སུ་སྤྱོད་པའི་ཚེ། ཆགས་པ་མེད་པ་དང་། ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། །རྙེད་པ་མ་རྙེད་ན་ཡང་། སྐྱོ་བའི་སེམས་ཀྱང་མི་སྐྱེད་ཅིང་། ཡོངས་སུ་ཡི་མི་འཆད་དེ། སྦྱིན་པ་བྱེད་པ་དང་། སྦྱིན་བདག་རྣམས་ལ་མ་དད་པར་མི་འཛིན་པ་ཡིན་ཏེ། དེ་ཆོས་དང་མཐུན་པར་རྙེད་
པ། དགེ་འདུན་གྱི་མ་གཏོགས་པ། དེ་བཞིན་གཤེགས་པས་བསྔགས་པ། བྱང་ཆུབ་སེམས་དཔས་མ་སྨད་པ། ལྷས་བསྟོད་པ་ཚངས་པ་མཚུངས་པར་སྤྱོད་པས་མི་འཕྱ་བས་ཆོག་ཤེས་པ་རྣམས་ཡིན་ནོ། །རིགས་ཀྱི་བུ་ཆོས་བཅུ་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཚོ་བ་
ཡོངས་སུ་དག་པ་རྣམས་ཡིན་ནོ་ཞེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས་ཀྱང་། ལོངས་སྤྱོད་རུང་བ་དག་ལ་འདོད་པ་ཆུང་བའི་ཕྱིར་ཚིག་ཏུ་སྨྲ་བ་དེས་ན་སེང་གེའི་སྒྲ་ཞེས་བྱའོ་ཞེས་གསུངས་སོ། །བློ་གྲོས་མི་ཟད་པ་ལ་བསྟན་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན།
གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་མི་འདོར་བ་ཉིད་དང་། ཚུལ་འཆོས་པ་མ་ཡིན་པ་ཉིད་དང་། ཁ་གསག་མ་ཡིན་པ་ཉིད་དང་། གཞོགས་སློང་མ་ཡིན་པ་ཉིད་དང་། དགང་སླ་བ་ཉིད་དང་། གསོ་སླ་བ་ཉིད་དང་། ཆོ་ག་དང་ཚུལ་ཁྲིམས་མཛེས་པ་ཉིད་དང་། གཞན་གྱི་རྙེད་
Vol. 112 · folio 69b
པ་ལ་ཕྲག་མི་དོག་པ་ཉིད་དང་། རང་གི་རྙེད་པས་ཆོག་ཤེས་པ་ཉིད་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་དང་། འཕགས་པས་རྗེས་སུ་གནང་བའི་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ་ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྡོམ་
པའི་ཚུལ་ཁྲིམས་ལ་གནས་པ་ནི། དགེ་བ་མི་སྤྱོམས་པ་ཡིན། སྡིག་པ་མཐོལ་བ་ཡིན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྡུག་བསྔལ་བཟོད་པ་དང་། ཡོངས་སུ་གདུང་བ་མེད་པའི་རང་བཞིན་ཅན་དང་། མ་ཁེངས་པ་དང་། མི་བརྟན་པ་མ་ཡིན་པ་དང་། སྤྱོད་ལམ་རབ་ཏུ་ཞི་བ་དང་།
ཚུལ་འཆོས་པ་ལ་སོགས་པ་ལོག་པའི་འཚོ་བ་ཐམས་ཅད་བྱེད་པའི་ཆོས་སྤངས་པ་ཡིན་ནོ་ཞེས་གསུངས་སོ།། །།གང་གིས་བསྟན་པ་ནུབ་པར་འགྱུར་བ་རྙེད་པ་དང་བཀུར་སྟི་ལ་དགོངས་པ་བསྟན་པ། སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་འོད་
སྲུངས་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རབ་དེ་ནི་ལྷག་པར་རྙེད་པ་དང་བཀུར་སྟི་བྱེད་པས་ནུབ་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཤཱ་རིའི་བུ་འདི་ལྟར་ཆོས་འདུལ་བ་འདི་ནི་རྙེད་པ་དང་བཀུར་སྟིས་མྱུར་དུ་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་མི་དབུལ་པོ་ཞིག་གིས་གཏེར་ཆེན་པོ་རྙེད་ནས་
གཞི་དེ་ལས་བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱོང་ངོ་། །ཤཱ་རིའི་བུ་དེ་བཞིན་དུ་མ་འོངས་པའི་དུས་ན། དགེ་སློང་དག་འདི་ལྟར་ཁྱིམ་པ་ལ་བརྟེན་པ་དང་། ཕུ་དུད་བྱེད་པ་དང་། བཀུར་སྟི་བྱེད་པ་དག་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁྱིམ་པ་གང་དག་གིས་དགེ་སློང་གང་དག་ཀྱང་འཇིག་རྟེན་གྱི་ཟང་
ཟིང་གིས་ཟང་ཟིང་ལ་མགྲོན་དུ་འབོད་པར་འགྱུར་ཞིང་། མི་དབུལ་པོ་གཏེར་ལ་ཆགས་པ་བཞིན་དུ། དགེ་བ་མ་མཐོང་བ་དེ་དག་འཇིག་རྟེན་གྱི་ཟང་ཟིང་གིས་ཡིད་བདེ་བར་བྱ་བའི་ཕྱིར། དེ་དག་གི་ལས་ཀྱི་མཐའ་རིམ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་ན་དགེ་སློང་དེ་དག་ཀྱང་འཇིག་རྟེན་གྱི་ཟང་
ཟིང་ལྷུར་ལེན་པར་འགྱུར་ཏེ། འཇིག་རྟེན་གྱི་ཟང་ཟིང་གིས་འཁོལ་བས་ཆོག་མི་ཤེས་པ་དང་། ཉེ་དུ་ལ་འདོད་པར་འགྱུར་རོ། །བདག་ཉིད་ཤེས་བཞིན་དུ་ཁྱིམ་པས་ཤེས་པར་བྱ་བའི་ཕྱིར་བདག་ཉིད་དགྲ་བཅོམ་པ་ཡིན་པར་སྒྲོགས་པར་བྱེད་དོ། །དེ་དག་དེ་ལྟར་ཤེས་པར་བྱེད་པ་ཡོངས་སུ་ཚོལ་
Vol. 112 · folio 70a
བ་ན། སངས་རྒྱས་ཀྱི་བྱང་ཆུབ་འདོར་བར་འགྱུར་རོ་ཞེས་གསུངས་སོ། །གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། རྙེད་པ་དང་བཀུར་སྟི་ལ་བརྟེན་པའི་དགེ་སློང་གི་ཀུན་ནས་ཉོན་མོངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུར་འགྱུར་ཏེ། དེ་དག་གིས་མཚམས་མེད་པའི་ས་ཐོབ་པར་
འགྱུར་རོ་ཞེས་གསུངས་སོ། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟིའི་སྐྱོན་ཇི་ལྟར་མཐོང་བར་བགྱི། རྙེད་པ་དང་
བཀུར་སྟིའི་ནོངས་དམིགས་ནི་གང་ལགས། བྱང་ཆུབ་སེམས་དཔའ་གང་དག་ལ་བརྟགས་ན། འདོད་པ་ཆུང་ངུ་ལ་དགའ་ཞིང་། ཡོངས་སུ་མི་གདུང་བར་འགྱུར་བ་ལགས། བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་བསྐྱེད་པ་ཡིན་
པར་བརྟག་པར་བྱའོ། །རྙེད་པ་དང་བསྐུར་སྟི་ནི་དྲན་པ་འཇོམས་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་དུད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདག་གི་དོན་སྒྲུབ་པས་ཁྱིམ་ལ་
སེར་སྣ་བྱེད་པ་དང་། ཆགས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་བཞི་ཡོངས་སུ་སྤོང་བས། ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་
ཀྱིས་མ་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བླ་མ་རྣམས་ལ་ཁྱད་དུ་གསོད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདུད་ཀྱི་ཕྱོགས་སུ་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་
གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གློག་དང་འཁོར་ལོ་དང་ལྕེ་འབབ་པ་ལྟ་བུར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྦགས་པ་མང་པོར་སྦགས་པར་བརྟག་པར་བྱའོ། །རྙེད་པ་
Vol. 112 · folio 70b
དང་བཀུར་སྟི་ནི་མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་ལ་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བློ་རྣམ་པར་འཁྲུལ་པ་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྡུག་པའི་དངོས་པོ་འགྱུར་བར་བྱེད་པའི་ཕྱིར་མྱ་ངན་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་ཉེ་
བར་གཞག་པ་གཞི་རྗེད་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དཀར་པོའི་ཆོས་ཉམ་ཆུང་བར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་གྱི་དད་པའི་བར་ཆད་བྱེད་པར་
བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཉམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྔར་བཀུར་སྟི་བྱེད་ལ། ཕྱིས་བཀུར་སྟི་མི་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མི་མཛའ་བ་དང་གནས་པར་བྱེད་པར་བརྟག་པར་བྱའོ། །
རྙེད་པ་དང་བཀུར་སྟི་ནི་མཛའ་བོ་སྤོང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འདྲིད་པའི་ཕྱིར་སྨད་འཚོང་མ་དང་འདྲ་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤོང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སེམས་ཅན་དམྱལ་བ་དང་།
དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ལྷ་སྦྱིན་དང་ལྷག་སྤྱོད་ཀྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་དག་བརྟག་པར་བྱ་བ་ནི་འདི་ལྟ་བུ་འདི་དག་གོ། །
བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་བྱང་ཆུབ་སེམས་དཔའ་འདོད་པ་ཆུང་བ་ལ་ནི་སྐྱོན་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཡིད་འབྱུང་བར་
མི་འགྱུར་བ་ཡིན། ལྷ་དང་མི་རྣམས་ཡོངས་སུ་དག་པར་བྱ་བའི་ཕྱིར་གནས་པས་རྗེས་སུ་བསྲུང་བར་འོས་པ་ཡིན། ངན་འགྲོ་ལོག་པར་ལྷུང་བ་ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན། སྡིག་པ་དང་བྲལ་བས་ཟིལ་གྱིས་མི་ནོན་པ་ཡིན། བདུད་ཀྱི་ཡུལ་ལས་ཡོངས་སུ་གྲོལ་བས་མི་འཕྲོགས་པ་ཡིན།
Vol. 112 · folio 71a
སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ལྷ་དང་མི་རྣམས་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན། བསམ་གཏན་ལ་གོམས་པར་བྱེད་པར་གནས་པས་གསལ་བ་ཡིན། གཡོ་དང་སྒྱུ་སྤངས་པ་དང་། འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་ལྟ་བས་བག་ཡོད་པ་ཡིན།
འཕགས་པའི་རིགས་ལ་གནས་པས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན། མཁས་པ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་འདོད་པ་ཡིན་ཏེ། བྱམས་པ་ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཁས་པ་རྙེད་པ་དང་བཀུར་སྟི་ཡོངས་སུ་
སྤངས་པས། རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར། ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང་། འདོད་པ་ཆུང་བ་ལ་ཀུན་དུ་བསྟེན་པར་བྱའོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། ཡང་དག་མ་བསྡམས་རྒོད་ཅིང་ཁེངས་པ་ཅན། །མ་གུས་ང་རྒྱལ་
ལྡན་ཞིང་ཆགས་ཤས་ཆེ། །ཉོན་མོངས་ཟིལ་ནོན་ཐ་བ་ཉོན་མོངས་ཅན། །དེ་འདྲ་དག་ལ་བྱང་ཆུབ་མཆོག་རབ་རིང་། །ཆགས་པས་ཟིལ་གྱིས་ནོན་ན་ལེ་ལོ་འཕེལ། །ལེ་ལོས་ཟིལ་གྱིས་ནོན་ན་དད་པ་ཉམས། །དད་པ་ཉམས་ན་ཚུལ་ཁྲིམས་རབ་ཏུ་ཉམས། །ཚུལ་ཁྲིམས་འཆལ་པར་གྱུར་ན་
བཟང་འགྲོ་ཉམས། །དབུལ་པོར་གྱུར་པས་རབ་ཏུ་བྱུང་གྱུར་ཏེ། །མཆོད་པ་རྙེད་ནས་དབུལ་ལས་གྲོལ་བར་འགྱུར། །དེ་དག་གསེར་གྱི་ཁུར་ནི་བོར་ནས་སུ། །གསོ་མའི་ཁུར་ནི་ལེན་པར་བྱེད་དང་མཚུངས། །རྙེད་པ་དོན་དུ་གཉེར་བས་དགོན་པར་འགྲོ། །དེར་སོང་ནས་ནི་གོས་དང་ཉེ་དུ་ཚོལ། །མངོན་
ཤེས་རིག་དང་སྤོབས་པ་ཕུན་སུམ་ཚོགས། །བོར་ནས་དེ་ནི་ཕྱིར་ཡང་ཉེ་དུ་འཛིན། །རྨོངས་ནས་ང་རྒྱལ་དབང་གིས་ངན་སོང་ས། །མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང་། །དམའ་བའི་རིགས་སུ་སྐྱེ་དང་ལོང་བ་དང་། །མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན། །དེ་དག་ཚུལ་དང་སྤྱོད་པ་ཡོངས་ཉམས་
དངོས། །བག་མེད་རྙེད་ནས་དྲན་པ་རབ་ཏུ་ཉམས། །གཡང་ས་ཆེན་པོ་མི་བཟད་ལྟུང་བར་འགྱུར། །དེ་ནས་བསྐལ་པ་བྱེ་བར་ཐར་པ་མེད། །གལ་ཏེ་འདིར་ནི་འཐོབ་པར་བྱང་ཆུབ་ན། །དེའི་ཕྱིར་ལྷ་སྦྱིན་གྱིས་ཀྱང་བྱང་ཆུབ་འཐོབ། །རྣམ་པར་འཐོར་རླུང་གིས་ནི་བྱ་ལྷུང་ལྟར། །ཆགས་པས་ཀྱང་ནི་
Vol. 112 · folio 71b
དེ་ལྟར་མི་རིགས་སོ། །བསོད་ནམས་ཉམས་ཤིང་གཞན་གྱི་ཆུང་མ་ཆགས། །ཚུལ་ཁྲིམས་མ་དག་དགེ་བ་རྣམས་ལས་ཉམས། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་གང་མ་ཐོབ། །དེ་དག་བསྟན་ལ་མི་དགོས་དུར་ཤིང་བཞིན། །བྱང་ཆུབ་དོན་གཉེར་སངས་རྒྱས་ཆོས་འཚོལ་བ། །ཇི་ལྟར་ཐར་པ་དེ་བཞིན་མི་
གནས་སོ། །དེ་ནི་རྙོང་གིས་སྤྲེའུ་ལ་དམ་བྱས་ལྟར། །ང་རྒྱལ་ཟིལ་ནོན་བྱང་ཆུབ་དེ་འདྲའོ། །བྱང་ཆུབ་དོན་དུ་གཉེར་བ་ཆོས་ཚིག་ཕྱིར། །ང་ཡིས་རང་གི་སྲོག་ནི་ཕངས་པའང་བཏང་། །ཆོས་དེ་བཏང་ནས་བརྩོན་དང་མི་ལྡན་པ། །དོན་མེད་གྱུར་ནས་བསྟན་ལས་ལྷུང་བར་འགྱུར། །ང་ནི་སྔོན་ཆད་
ལེགས་པར་བཤད་དོན་ཕྱིར། །གཡང་ས་ཆེན་པོ་མེ་ལྕེ་འབར་བར་མཆོངས། །དེ་ཐོས་ནས་ནི་སྡུག་དང་མི་སྡུག་པ། །ཐམས་ཅད་རྣམ་པར་སྤངས་ཏེ་ནན་ཏན་གནས། །བསྟན་པ་སྣ་ཚོགས་ཡོན་ཏན་འབྱོར་ཐོས་ལ། །དེ་དག་ནམ་ཡང་འདོད་པ་མི་སྐྱེ་ན། །ཆོས་མིན་འདོད་ལ་བྱང་ཆུབ་ག་ལ་ཡོད། །
དཔེར་ན་ལོང་བ་ལམ་གསལ་མེད་དང་མཚུངས། །ཞེས་གསུངས་སོ། །ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། ཤེས་ཀྱི་ཁེ་ཡིས་བསླུས་པ་དག །ང་ཡི་བསྟན་ལས་ཤིན་ཏུ་འཁྱམས། །འབྲས་བུར་འདུ་ཤེས་གནས་པ་ལ། །དགེ་སྦྱོང་ནོར་ནི་གསོག་
ཏུ་གྱུར། །བརྩོན་འགྲུས་ཉམས་པའི་ལེ་ལོ་ཅན། །ཚུལ་ཁྲིམས་ཕུང་པོར་མི་གནས་པ། །ཀུན་ནས་ལངས་པས་སྨྲ་བ་ནི། །འདི་ནི་སངས་རྒྱས་བཤད་མ་ཡིན། །ལ་ལ་དག་ནི་འདི་སྐད་དུ། །བདག་ཅག་བྱང་ཆུབ་ཞུགས་ཞེས་ཟེར། །མ་དུལ་ཞིང་ནི་མ་བྱང་བ། །གཅིག་ལ་གཅིག་ནི་རི་མོ་
བྱེད། །ཆོས་དག་ལ་ཡང་མི་གནས་ཤིང་། །སྒྲ་འདོད་པ་ནི་འབྱུང་བར་འགྱུར། །དེ་ལྟ་བུར་ནི་དེ་མོས་ཏེ། །ཤེས་ཀྱི་ཁེ་ནི་ཚོལ་བའི་ཕྱིར། །འདུས་པ་དག་ལ་སེམས་བྱེད་ཅིང་། །རྙེད་པ་འདོད་པ་འབྱུང་བར་འགྱུར། །རྒྱགས་དང་བག་མེད་ཟིལ་ནོན་པས། །རྙེད་དང་བཀུར་སྟི་དོན་དུ་གཉེར། །
ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། ང་ནི་མྱ་ངན་འདས་གྱུར་ཕྱི་མའི་ཚེ། །དམ་པའི་ཆོས་ནི་རྣམ་པར་འཇིག་པ་ན། །དགེ་སློང་མུ་སྟེགས་བློ་ལ་བརྩོན་པ་དག །དེ་དག་ང་ཡི་ཞི་བའི་ཆོས་ལ་སྤོང་། །ཁངས་ཤིང་རྒོད་ལ་གཏུམ་ཞིང་སྤྱི་བརྟོལ་ཆེ། །སྡིག་པའི་གྲོགས་པོ་ཟས་ལ་
Vol. 112 · folio 72a
ཆགས་པ་དག །ཆོས་གོས་ལྷུང་བཟེད་དག་ལ་ཆགས་ཤིང་བརྐམ། །རྙེད་ལ་གནས་ཤིང་དེ་དག་ཆོས་ལ་སྤོང་། །དེ་དག་ཡིད་གཏུམ་ཞེ་སྡང་བྱས་མི་གཟོ། །དམའ་བའི་རིགས་དང་དབུལ་བའི་རིགས་ལས་ནི། །ང་ཡི་བསྟན་པ་འདི་ལ་རབ་བྱུང་ནས། །དེ་དག་ཞི་བའི་
ཆོས་འདི་སྤོང་བར་བྱེད། །བདུད་ཀྱི་བློ་ཡིས་སེམས་ཅན་མུན་པས་གཏིབས། །འདོད་ཆགས་དབང་དུ་སོང་བས་མངོན་པར་ཆགས། །གཏི་མུག་དབང་གིས་བྱིས་པ་རྨོངས་པས་ན། །དེ་དག་སྟོང་པ་ཞི་བའི་ཆོས་མི་འདོད། །དགེ་སློང་དགེ་སློང་མ་དང་ཁྱིམ་པ་རྣམས། །སྡིག་པའི་བློ་ཡིས་འཛིན་
བཅུག་རྨོངས་བྱས་ཏེ། །དེ་དག་དབང་དུ་རྟག་པར་སོང་གྱུར་པས། །ཕྱི་མའི་དུས་ལ་བྱང་ཆུབ་སྤོང་བར་བྱེད། །ཅེས་གསུངས་སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་ལས་དཔག་ཚད་ལྔ་བརྒྱར་འབྱོལ་བར་བྱ་སྟེ། བཞི་གང་ཞེ་ན། རྙེད་པ་དང་།
བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། སྡིག་པའི་གྲོགས་པོ་དང་། འདུ་འཛིའི་གནས་དང་། གནས་གང་ན་གནས་པ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་ཞིག་ཀྱང་འདུག་པར་གྱུར་ལ། གལ་ཏེ་དེ་དང་ལྷན་ཅིག་ཏུ་མགུ་བ་དང་། དགའ་བ་དང་མཆོག་ཏུ་དགའ་བ་སྐྱེས་ལ།
འཐབ་པ་མེད་པ་དང་ལྡན་པ་དང་། རྩོད་པ་མེད་པ་དང་ལྡན་པར་གནས་པ་ནི། དེས་དེར་གནས་པར་བྱའི། གལ་ཏེ་དེ་དེ་ལ་ཐ་ན་ཐ་བ་དང་ཞེ་སྡང་གི་སེམས་གཅིག་ཙམ་ཞིག་སྐྱེད་པར་བྱེད་ན་ཡང་། དེས་དེ་ནས་དཔག་ཚད་ལྔ་བརྒྱར་འབྱོལ་བར་བྱ་སྟེ་ཞེས་གསུངས་སོ། །བདུད་ཀྱི་འགྱིང་བག་གི་མདོ་
ལས་ཀྱང་། འཕགས་པའི་རིགས་ཆོག་ཤེས་ཤིང་རུང་བ་དག་ལ་ཚོད་ཤེས་པ་ནི་ལེགས་པའོ། །ཆོག་མི་ཤེས་ཤིང་འདོད་པ་ཆེ་བ་ནི་མི་ལེགས་པའོ། །ཚུལ་ཁྲིམས་འཆལ་པ་དང་དད་པས་སྦྱིན་པ་ཡོངས་སུ་ལོངས་སྤྱོད་པ་ནི་མི་ལེགས་སོ། །ཚུལ་ཁྲིམས་དང་ལྡན་པའི་རྙེད་པ་དང་བཀུར་སྟི་
དང་ཚིགས་སུ་བཅད་པ་ཐམས་ཅད་ནི་ལེགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོར་བསྟོད་ཀྱི་ཚིག་གི་རྙེད་པས་ཉེ་བར་འཚོ་བ་ཉིད་ནི་མི་ལེགས་པའོ། །ཡང་དག་པ་ལ་གནས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་རྙེད་པ་ནི་ལེགས་པའོ་ཞེས་གསུངས་སོ། །ཤཱ་རིའི་བུའི་གཟུངས་ཀྱི་མདོ་ལས་
Vol. 112 · folio 72b
ཀྱང་། རྙེད་ལ་ཆགས་ལ་དྲན་མེད་ཤེས་རབ་མེད། །དད་དང་ཚུལ་ཁྲིམས་ཆོས་སེམས་པ་ཡང་མེད། །དེ་ནི་བྱང་ཆུབ་ལས་རིང་གནམ་ས་བཞིན། །དེ་ཕྱིར་རྙེད་པ་ཡོངས་སུ་སྤང་བར་བྱ། །ཞེས་གསུངས་སོ། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་གཉིས་ནི་རབ་ཏུ་
བྱུང་བའི་ནམ་མཁའ་ལ་ཡོངས་སུ་ཆགས་པ་སྟེ། གཉིས་གང་ཞེ་ན། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང་། ལྷུང་བཟེད་དང་ཆོས་གོས་ལྷག་པར་འཆང་བ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འཇིག་རྟེན་རྒྱང་འཕེན་གོམས་བྱེད་བརྩོན་པ་དང་། ལྷུང་བཟེད་
ཆོས་གོས་ལྷག་པར་འཆང་བྱེད་པ། །འདི་གཉིས་ནམ་མཁའ་ལ་ནི་ཆགས་པ་སྟེ། །དེ་དག་བྱང་ཆུབ་སེམས་དཔས་སྤང་བར་བྱ། །འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་འཆིང་བ་དམ་པོ་སྟེ། གཉིས་གང་ཞེ་ན། ལྟ་བར་འགྱུར་བའི་འཆིང་བ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་
བཅད་པའི་འཆིང་བ་སྟེ། འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྟ་གྱུར་འཆིང་དང་རྙེད་དང་བཀུར་སྟི་དང་། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བའི་ཚེ། །འཆིང་བ་དམ་ཞེས་འཕགས་པ་རྣམས་ཀྱིས་གསུངས། །དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང་། །འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་
བར་དུ་གཅོད་པའི་ཆོས་ཏེ། གཉིས་གང་ཞེ་ན། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། །འཕགས་པའི་ཕྱོགས་ལ་གནོད་པར་སེམས་པ་སྟེ། །འདི་གཉིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་བརྟེན་པར་བྱེད་པ་དང་། །འཕགས་པའི་ཕྱོགས་ལ་རྣམ་པར་སྨོད་བྱེད་པ། །འདི་
གཉིས་རབ་བྱུང་བར་ཆད་གེགས་བྱེད་ཡིན། །བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤང་། །འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་དྲི་མ་སྟེ། གཉིས་གང་ཞེ་ན། ཉོན་མོངས་པ་ལ་མི་མཇེད་པ་དང་། མཛའ་བོའི་ཁྱིམ་དང་ཟས་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་སྟེ། འདི་གཉིས་སོ། །
དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་ཏུ་བྱུང་བ་ཉོན་མོངས་མི་མཇེད་དང་། །མཛའ་བོའི་ཁྱིམ་དང་ཟས་སྟེར་ཁྱིམ་བརྟེན་པ། །དེ་གཉིས་དྲི་མར་རྒྱལ་བའི་དབང་པོས་གསུངས། །བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤང་། །ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས་ཀྱང་། ཇི་ལྟར་
Vol. 112 · folio 73a
ཆུ་ཤིང་འོད་མ་དང་། །འདམ་བུ་འབྲས་བུས་འཇོམས་བྱེད་ཅིང་། །དྲེའུ་མོ་མངལ་གྱིས་འཇོམས་པ་ལྟར། །རྙེད་དང་བཀུར་སྟི་མི་ངན་འཇོམས། །ཇི་ལྟར་སེར་བ་བབ་པ་ཡིས། །ལོ་ཏོག་ཐམས་ཅད་རྣམ་འཇོམས་པ། །དེ་ལྟར་རྙེད་དང་བཀུར་སྟི་ཡིས། །བྱང་
ཆུབ་ལམ་ནི་འཇོམས་བྱེད་དོ། །ཇི་ལྟར་མེ་ཏོག་མེས་བསྲེགས་ལྟར། །དེ་བཞིན་རྙེད་དང་བཀུར་སྟི་ཡིས། །བྱང་ཆུབ་ལམ་དག་འཇོམས་བྱེད་དོ། །དགེ་སློང་གང་གིས་རྙེད་པ་དང་། །བཀུར་སྟི་ཆེན་པོ་རྙེད་འགྱུར་བ། །བདུད་ཀྱིས་ཉམས་པར་ཤེས་བྱ་སྟེ། །མཁས་པས་དེ་ནས་འགྲོ་བར་བྱ། །
ཇི་ལྟར་རྙེད་དང་བཀུར་སྟི་ནི། །ཐོབ་ནས་ལམ་ནི་འཇོམས་བྱེད་པ། །ཐར་པའི་ལམ་འཇོམས་བྱེད་པ་ཡི། །སྡིག་པ་དེ་འདྲ་ཡོད་མ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་རྣམ་པ་གཞན་བཅུ་ཡིས། བྱང་ཆུབ་སེམས་
དཔའ་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ། །བཅུ་པོ་གང་དག་ཡིན་ཞེ་ན། རུང་བ་དག་ལ་ཚོད་ཤེས་པ་ཉིད་ཀྱིས་འདོད་པ་ཆུང་བའི་ཚུལ་ཁྲིམས་ཡིན། འདོད་པ་རབ་ཏུ་སྤངས་པ་ཉིད་ཀྱིས་ཡང་དག་པར་རབ་ཏུ་དགའ་བའི་ཚུལ་ཁྲིམས་ཡིན། ལུས་དང་སེམས་རྣམ་པར་དབེན་པ་ཉིད་
ཀྱིས་སྒྲུབ་པའི་ཚུལ་ཁྲིམས་ཡིན། འདུ་འཛི་ལ་སྨོད་པ་ཉིད་ཀྱིས་དགོན་པར་གནས་པའི་ཚུལ་ཁྲིམས་ཡིན། དགེ་བའི་རྩ་བ་རང་དབང་དུ་སྒྲུབ་པ་ཉིད་ཀྱིས་སྦྱངས་པའི་ཡོན་ཏན་གྱི་ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་ཡིན། གཞན་གྱི་ངོར་ལྟ་བ་ཉིད་ཀྱིས་འཕགས་པའི་རིགས་ལ་དགའ་བའི་ཚུལ་
ཁྲིམས་ཡིན། ལྷ་དང་མི་རྣམས་མི་སླུ་བ་ཉིད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཚུལ་ཁྲིམས་ཡིན། རང་གི་སེམས་ལ་ངེས་པར་དཔྱད་པ་ཉིད་ཀྱིས་བདག་ཉིད་ཀྱི་སྐྱོན་ལ་སོ་སོར་རྟོག་པའི་ཚུལ་ཁྲིམས་ཡིན། གཞན་གྱི་སེམས་རྗེས་སུ་སྲུང་བ་ཉིད་ཀྱིས་གཞན་གྱི་ཉེས་པ་ལ་སྐྱོན་མི་འདོགས་པའི་
ཚུལ་ཁྲིམས་ཡིན། བསྡུ་བའི་དངོས་པོ་མི་འདོར་བ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པའི་ཚུལ་ཁྲིམས་ཡིན་ཏེ། ཤཱ་རིའི་བུ་རྣམ་པ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་གསུངས་སོ། །ཆོས་སྨྲ་བ་པོའི་ལེའུའི་མདོ་ལས་ཀྱང་། ཤཱ་
Vol. 112 · folio 73b
རིའི་བུ་གཞན་ཡང་། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དང་བྲལ་བ། ཐམས་ཅད་མཁྱེན་པ་ཉིད་དང་ཡང་དག་པར་ལྡན་པའི་ཆོས་སྟོན་པར་བྱེད་པ་རྣམས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའ་རྣམས་ལ་ཚར་བཅད་དེ་ངས་སྨྲ་བར་མི་ནུས་ཏེ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་
རྙེད་པ་དང་བཀུར་སྟི་ལ་ཆགས་ཤིང་། རྙེད་པ་དང་བཀུར་སྟི་ལ་བརྟེན་པ་རྣམས། འདི་སྐད་དུ་བདག་ཅག་ལ་དེ་བཞིན་གཤེགས་པས་དགག་པ་མཛད་དོ་ཞེས་སྨྲ་བར་མ་གྱུར་ཅིག་སྙམ་པས་སོ། །དེ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྨོན་ལམ་ལས་ལྡོག་པར་འགྱུར་ཏེ། དེ་ལྟར་ན་རིགས་ཀྱི་བུའམ། རིགས་
ཀྱི་བུ་མོ་དེ་དག་ངས་བསྲུང་བར་བྱ། ཇི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་སྙམ་པས། གདོན་མི་ཟ་བར་དེ་དག་ལ་ཚར་བཅད་ནས་ཆོས་སྟོན་པར་བྱ་དགོས་ན། ཤཱ་རིའི་བུ་བར་འདིར་དེ་བཞིན་གཤེགས་པ་རྣམས་ངེས་པར་བཞུགས་པར་གཟིགས་
ཤིང་། ངས་ཇི་ལྟར་བྱ་སྙམ་དུ་དབུགས་རིང་དུ་ནང་དུ་རྔུབ་ཅིང་བརྔུབ་པར་བྱའོ་ཞེས་གསུངས་སོ། །དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང་། ཀུན་དགའ་བོ་བདུད་ཀྱི་སྤྲུལ་པའི་དགེ་སློང་འདི་དག་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས་ལ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
མཐོང་ངོ་། །བདེ་བར་གཤེགས་པ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འཇིག་པའི་ཚེ། ངའི་བསྟན་པ་ལ་དགེ་སློང་དག་ཕལ་ཆེར་འདི་བཞིན་དུ་ཤམ་ཐབས་ལེགས་པར་མ་གྱོན་པ།
བླ་གོས་ལེགས་པར་མ་བགོས་པ། གོས་ཧྲུལ་པོ་གྱོན་པ། ལྷུང་བཟེད་ཆག་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ། ལག་ན་འཁར་བ་ཐོགས་པ། སྣ་ལེབ་ལེབ་པོ་དང་། ཞར་བ་དང་། འཐེང་པོ་དང་། ཞ་བོ་དང་། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང་། ནད་སྣ་ཚོགས་ཀྱིས་བཏབ་
པ་དག་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེའི་ཚེ་དགེ་སློང་དག་ཕལ་ཆེར་བསྙེན་བཀུར་ལ་ཆེད་ཆེ་བར་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་བརྟེན་པ་དང་། བྱ་བ་སྣ་ཚོགས་ཀྱི་མི་ཁོམ་པས་བྲེལ་བ་དང་། འདུལ་བ་བོར་བ་དང་། སོ་སོར་ཐར་པ་འདྲལ་བ་དང་། མཚམས་
Vol. 112 · folio 74a
ལས་འདའ་བ་དང་། ཚེ་འདི་ཆེད་ཆེ་བར་བྱེད་པ་དང་། ཚེ་རབས་གཞན་ཆེད་མི་ཆེ་བར་བྱེད་པར་འགྱུར་ཏེ། དེ་དག་འདི་ལྟ་སྟེ་ཆོས་ཀྱི་ཕྱིར་མ་ཡིན་གྱི། བསྙེན་བཀུར་གྱི་ཕྱིར། ཞར་བ་དང་། འཐེང་བོ་དང་། ཞ་བོ་དང་། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང་། ནད་སྣ་
ཚོགས་ཀྱིས་བཏབ་པ་འོངས་ཤིང་ལྷགས་པ་རྣམས་རབ་ཏུ་འབྱིན་པར་བྱེད་དེ། བསྙེན་པར་རྫོགས་པར་བྱེད་དོ། །ཀུན་དགའ་བོ་དེ་ལྟར་དེའི་ཚེ་ངའི་བསྟན་པ་འདི་བལྟར་མི་རུང་བ་དང་། མཉན་དུ་མི་རུང་བར་འགྱུར་རོ། །ལྷ་རྣམས་ཀྱང་ཡིད་མི་དགའ་བར་འགྱུར་རོ། །བདུད་རྣམས་ནི་ཡི་རང་ཞིང་དགའ་
བ་དང་བཏང་སྙོམས་སུ་འགྱུར་རོ་ཞེས་གསུངས་སོ།། །།བདུད་ཀྱིས་སྨྲས་པ་ལ་དགོངས་པ་བསྟན་པ། གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་
གཅིག་ཏུ་འཁོད་དོ། །བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ནི་བཞད་གད་དུ་འོས་པར་འདོད་པར་བདག་ལ་གནོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན། བདག་ཅག་གིས་
དེ་ལྟ་བུའི་ངོ་བོའི་མདོ་སྡེ། འདི་དག་སྐྱེ་བོ་མང་པོས་སྤོང་བར་འགྱུར་བར་བྱའོ། །སྐྱེ་བོ་མང་པོས་ཡོངས་སུ་འདོར་བར་འགྱུར་བར་བྱའོ། །གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཉེ་བར་སྒྲུབ་པ་དེ་དག །བདག་ཅག་གིས་ཇི་ལྟར་དེ་ལྟ་བུའི་མདོ་སྡེ་སྨོད་པར་འགྱུར་བ་དང་། རབ་ཏུ་སྤོང་བར་འགྱུར་བ་
དང་། མི་འཛིན་པར་འགྱུར་བ་དེ་ལྟར་རབ་ཏུ་སྦྱར་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རི་རབ་ལྟ་བུས། བདག་ཅག་ཡུངས་འབྲུ་ལྟ་བུ་ཤིན་ཏུ་ཚར་བཅད་དེ་གནས་མོད་ཀྱི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། བདག་ཅག་གསོ་སྦྱོང་གི་ལས་ལ་འཇུག་པ་ན། དགེ་
འདུན་གྱི་ནང་དུ་དགེ་སྦྱོང་གི་གཟུགས་ཀྱིས་འདུག་སྟེ། འཛིན་དུ་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་བདག་ཅག་ནི་དེ་དག་དང་ལྷན་ཅིག་མཉམ་ལ། དེ་རྣམས་ཀྱང་བདག་ཅག་དང་ལྷན་ཅིག་མཉམ་མོ། །བཅོམ་ལྡན་འདས་དུས་དེར་བདག་དགེ་སྦྱོང་གི་གཟུགས་
Vol. 112 · folio 74b
སུ་སྤྲུལ་ནས། འཁོར་དབྱེ་བར་བྱའོ་སྙམ་མོ། །དེ་ནས་དེ་ལྟ་བུའི་མདོ་སྡེ་དྲི་མས་མ་གོས་པ་འདི་དག་མི་ལེན་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གི་ཕྱིར་ཁྱོད་སངས་རྒྱས་ཀྱི་བྱང་ཆུབ་ནུབ་པར་བྱ་བའི་ཕྱིར་བརྩོན་
པར་འགྱུར་བ། སྡིག་པ་ཅན་ཁྱོད་ཀྱིས་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་ཐོབ་པར་འགྱུར་རོ། །སྨྲས་པ་དེ་དག་གི་འགྲོ་བ་གང་ཡིན་པ་དེ་ཉིད་བདག་གི་འགྲོ་བ་ཡང་ཡིན་པར་འགྱུར་རོ། །བཀའ་སྩལ་པ། སྡིག་ཅན་ཁྱོད་གནས་དེ་ལ་བརྩོན་པར་མ་བྱེད་ཅིག །སྡིག་ཅན་གང་ཁྱོད་འཛིན་པར་འགྱུར་
བའི་ལམ་འདི་ནི་ངན་སོང་གི་ལམ་མོ། །སྨྲས་པ། བཅོམ་ལྡན་འདས་བདག་ངན་སོང་ཉིད་དུ་འགྱུར་མོད། བདག་ཅག་གི་ལུས་ངན་སོང་དང་ལྡན་པར་འགྱུར་མོད། དེ་ནས་བཅོམ་ལྡན་འདས་ཀྱི་གདན་ཡང་དག་པར་གཡོས་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ། དགེ་སྦྱོང་གཽ་ཏ་མ་ང་ལ་
འཁྲུགས་སོ། །དགེ་སྦྱོང་གཽ་ཏ་མ་ང་ལ་ཁྲོས་སོ་ཞེས་སེམས་ཏེ། འཇིགས་པ་དང་སྐྲག་པ་དང་བཅས་ཤིང་མི་བགྱིའོ་མི་བགྱིའོ་ཞེས་ཟེར་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བདུད་ཀྱི་ལས་
འདི་དག་འཁོར་བཞི་པོ་རྣམས་ལ་ཡང་དང་ཡང་དུ་ཤོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་དེ་ལྟར་སེམས་ཅན་མང་པོའི་དོན་འདྲེན་པར་འགྱུར་རོ། །གང་དག་བདུད་ཀྱི་ལས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་དག །དེ་ལྟ་བུའི་ངོ་བོའི་སངས་རྒྱས་ཀྱི་ཆོས་རྣམས་དང་། དེ་ལྟ་བུའི་ངོ་བོའི་
སངས་རྒྱས་ཀྱི་བྱང་ཆུབ་ལ་ཡོངས་སུ་སླུ་བར་མི་འགྱུར་རོ། །ཀུན་དགའ་བོ་དགེ་སློང་གང་དག་མདོའི་ཚིག་འདི་ལ་མངོན་པར་བརྩོན་པ་དེ་ལ། བདུད་སྡིག་ཅན་གསུམ་གྱིས་བར་ཆད་བྱེད་དོ། །གསུམ་གང་ཞེ་ན། ལུགས་གཞན་མང་པོ་ཉིད་ཀྱིས་ཐེ་ཚོམ་སྐྱེ་བ་ཉིད་དང་། བདུད་ཀྱི་ལས་ཀྱིས་
ཀུན་ནས་དཀྲིས་པས་ཚིག་རྩུབ་མོར་འགྱུར་བའམ། སློབ་དཔོན་སྨོད་པར་འགྱུར་བ་སྟེ། གནས་གསུམ་པོ་འདི་དག་གིས། བདུད་སྡིག་ཅན་བར་ཆད་བྱེད་པར་འགྱུར་རོ། །གང་དག་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་ནི། དེ་ལྟ་བུའི་ངོ་བོའི་མདོ་སྡེ་
Vol. 112 · folio 75a
འདི་དག་སྟོན་པར་འགྱུར། གཞན་ཡང་དངོས་པོས་ཕོངས་པ་ཡོངས་སུ་རྟོག་པར་ཡང་འགྱུར་རོ། །དེ་ལྟ་ན་ཡང་འདི་ལ་མཐར་ཐུག་པར་འགྱུར་བ་དེ་དག་ནི། ཤེས་རབ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། དྲན་པ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། མི་འཇིགས་པ་
འཕེལ་བ་རྗེས་སུ་འཐོབ་པར་འགྱུར། ལུས་ཀྱི་ངེས་པར་འབྱུང་བ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། གཏམ་འཛིན་པ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། ལུང་བསྟན་པ་འཕེལ་བ་རྗེས་སུ་འཐོབ་པར་འགྱུར། ཐོས་པའི་མཐུ་རྗེས་སུ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །མྱ་ངན་ལས་འདས་
པ་ཆེན་པོའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བདུད་སྡིག་ཅན་གྱིས་ནི། ང་འདས་པའི་འོག་ལོ་བདུན་བརྒྱ་ལོན་པ་ན། ངའི་བསྟན་པ་ཕྱེ་ཞིང་ཕྱེ་ཞིང་འཇིག་པར་འགྱུར་ཏེ། དམ་པའི་ཆོས་ནུབ་པའི་ཚེ། བདུད་སྡིག་ཅན་ཟག་པ་ཅན་གྱིས་ཟག་པ་མེད་པ་ལྟ་བུར་
བསྒྱུར་ཏེ། བྱ་བའི་རྟགས་ཀྱི་ཚུལ་སྦེད་པ་བཞིན་དུ། དགེ་སློང་གི་གཟུགས་དང་། དགེ་སློང་མའི་གཟུགས་དང་། དགེ་བསྙེན་གྱི་གཟུགས་དང་། དགེ་བསྙེན་མའི་གཟུགས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གཟུགས་
དང་། སངས་རྒྱས་ཀྱི་གཟུགས་ཀྱིས་འཇིག་པར་འགྱུར་ཏེ། འདི་སྐད་ཅེས་ཟེར་ཞིང་སངས་རྒྱས་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། རྒྱལ་པོ་ཟས་གཙང་མ་དང་། བཙུན་མོ་སྒྱུ་འཕྲུལ་ཕྲད་ན། ཟླ་མཚན་གྱི་བྱེ་བྲག་གིས་འཁྲིག་པའི་ཆོས་ལས་སྐྱེས་སོ་ཞེས་ཟེར་ལ། དེ་བཞིན་གཤེགས་
པ་ནི་འཁྲིག་པ་ལས་སྐྱེ་མི་སྲིད་དོ། །དེ་ལ་མིང་ཙམ་དུ་སྐྱེས་པ་ལས། སྔོན་དཀའ་ཐུབ་སྤྱད་པའི་ཡོན་ཏན་གྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་པར་འགྱུར་ཏེ། བདག་གི་ཆུང་མ་དང་འདོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་པས་ནི། སངས་རྒྱས་
སུ་འགྱུར་རོ་ཞེས་ཟེར་བ་དེ་ལྟ་བུ་ནི། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་གདུལ་བར་བྱ་བའི་དབང་གིས་སྐྱེས་པ་ལྟ་བུར་བདག་ཉིད་ཀྱིས་སྟོན་མོད་ཀྱི། འཁྲིག་པ་ལས་སྐྱེས་
Vol. 112 · folio 75b
པ་མ་ཡིན་ནོ། །དེ་བཞིན་གཤེགས་པས་ཡབ་ཡུམ་གཉིས་ཡོད་པ་ལྟ་བུར་བསྟན་པ་འདི་ནི། འཇིག་རྟེན་དང་མཐུན་པར་མཛད་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་།
འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་
པ་འཇིག་རྟེན་དུ་བྱུང་ནས། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་ཏོ་ཞེས་བྱ་བ་འདི་ནི་ཡིད་ཆེས་པར་བྱར་མི་རུང་སྟེ། དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་བྱུང་ནས། ཕྱོགས་
དང་ཕྱོགས་མཚམས་རྣམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་པ་ནི། དེ་བཞིན་གཤེགས་པའི་ཐབས་ཀྱི་སྐུ་འཛིན་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་ནི། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་
མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལྷ་ཁང་དུ་གཤེགས་
ཏེ་བྱོན་ནས། ལྷ་རྣམས་ཀྱི་ཞབས་ལ་ཕྱག་བཞེས་ཏེ། ལྷ་རྣམས་ནི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་མི་འཚལ་ལོ། །ལྷ་རྣམས་ལ་མཆོད་པ་མཛད་པའི་འོག་ཏུ་དེ་བཞིན་གཤེགས་པར་གྱུར་ནས་མངོན་པར་སངས་རྒྱས་ཏེ། ལྷ་རྣམས་ནི་སྔ། འདི་ནི་འཕྱི་བས་ན། དེའི་
ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ལྷ་གང་དུ་གཤེགས་ཏེ་བྱོན་ནས་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་
Vol. 112 · folio 76a
ཐལ་མོ་ལེགས་པར་སྦྱར་ཏེ། ཞབས་ལ་སྤྱི་བོས་གཏུགས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི།
བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྒྱལ་ཚབ་ཏུ་གྱུར་ཏེ། ཉེ་འདབ་ཀྱི་རྒྱལ་པོའི་བུ་མོ་དག་དང་ལྷན་ཅིག་ཏུ་འདོད་པ་ཤིན་
ཏུ་བསྟེན་ནོ་ཞེས་ཟེར་བ་ལ་སོགས་པ་ནི། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལྷའི་བུ་མོ་དམ་པ་ལྟ་བུའི་བུད་མེད་དག་ཀྱང་མཆིལ་མ་བཞིན་དུ་བོར་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་
རྒྱས་ཀྱིས་གསུངས་པ་ཡིན་པར་བལྟ་བར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་
སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། བ་
ལང་དང་། མ་ཧེ་དང་། ར་དང་། ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། བྱི་ལ་དང་། ཟངས་དང་། ལྕགས་ཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། འཚོག་ཆས་རྣམ་པ་སྣ་ཚོགས་དང་། ཞིང་ས་དང་། ཚོང་དུས་དང་།
སྲང་དང་ཉོ་ཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་རྣམས་བཞེས་སོ་ཞེས་ཟེར་བ་དེ་ལྟ་བུ་ནི། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་འདམ་བུ་དང་། ཨེ་རཎྜའི་ཚལ་དང་། ཤིང་པི་ཚུ་མརྡའི་དྲུང་ན་བཞུགས་པའི་ཚེ།
Vol. 112 · folio 76b
བྲམ་ཟེ་ལུག་དཔལ་དང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ཏེ། བཀའ་སྩལ་པ། དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་དང་། ར་དང་། ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། བྱི་ལ་དང་། སྦྲུལ་དང་། ནེའུ་ལེ་དང་། ཟངས་དང་། ལྕགས་
ཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། ནོར་དང་། འཚོག་ཆས་རྣམ་པ་སྣ་ཚོགས་འཆང་བ་དང་། ཞིང་ས་དང་། ཚོང་དུས་དང་། སྲང་དང་ཉོ་ཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་འཆང་བ་དང་།
རང་ལག་དར་ཏེ་གཡོས་བྱེད་པ་དང་། འཚེད་པ་དང་། འཚེད་དུ་འཇུག་པ་དང་། ལྟས་དང་། ཡན་ལག་གི་རིག་པ་དང་། མོ་ཡིག་དང་ཁ་ཏོན་འདོན་པ་དང་། བྱ་ལྟས་ཤེས་པ་དང་། སྒྲ་གཅན་དང་། ཉི་མ་དང་། ཟླ་བ་དང་། པ་བ་སངས་དང་། གཟའ་ལྷག་རྒྱུ་བ་དང་། མེ་ཏོག་གི་ཤིང་རྟ་དང་།
ལག་སྲུབས་ལྟ་བ་དང་། རྨི་ལྟས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་མཚན་ལྟ་བ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། རིག་པའི་གནས་བཅོ་བརྒྱད་དང་། མཁན་བཟོ་བ་དང་། བཟོའི་ལས་ཐམས་ཅད་སྟོན་པ་དང་། སྲུང་གཏམ་བྱེད་པ་དང་། སྤོས་ཀྱི་ཕྱེ་མ་འདེབས་པ་དང་། མེ་ཏོག་
དང་། བདུག་པ་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་འཆང་བ་དང་མགོ་ལ་འོ་བྱེད་པ་དང་། ཚུལ་འཆོས་པ་དང་། ཁ་གསག་བྱེད་པ་དང་། ཆོག་མི་ཤེས་པ་དང་། འདོད་ཆེན་ཅན་དང་། འདུ་འཛི་ལ་དགའ་བ་དང་། སྨྲ་འདོད་པ་དང་། ནོར་དང་འབྲུ་དང་། ཤ་དང་ཉ་ཤ་དང་། དུག་སྦྱར་
བ་དང་། སྤོས་ཀྱི་ཏིལ་མར་དང་། སྨན་གྱི་སྦུ་གུ་དང་། གདུགས་དང་། ལྷམ་དང་། ཏ་ལའི་ལོ་མའི་བསིལ་ཡབ་དང་། ཆུ་སྣོད་དང་། བུ་དོན་དང་། བེང་བུང་འཆང་བ་དང་། ཤིང་ཐོག་སྡུད་པ་དང་། སོ་རྩི་དང་། སྨན་མར་དང་། བཙོ་བའི་ཕྱེ་མ་བཟང་པོ་དང་། ཀ་ཀོ་ལ་དང་། འབྲས་བུ་ཚ་བ་བསྟེན་པ་
དང་། རྒྱལ་པོ་ལ་བརྟན་པ་དང་། གཞན་ལ་བརྟེན་པ་དང་། དྲོད་མི་ཐུབ་པ་དང་། མི་སྨྲ་བ་དང་། བུད་མེད་ལྷར་རྟོག་པ་ཤས་ཆེ་བ་དང་། མང་དུ་སྨྲ་བ་དང་། ངུ་བ་དང་། བཟང་ངན་སྤྱོད་པ་དང་། སུན་འབྱིན་པ་དང་། འགྲོས་འཆོས་པ་དང་། གོས་དཀར་པོ་དང་། ཨར་མོ་ནི་ག་དང་། ཁང་བཟངས་དང་།
Vol. 112 · folio 77a
གཙང་ཁང་ཕྱུར་བུའི་ལས་ལ་སོགས་པ་བྱེད་པ་དང་། རུང་བ་མ་ཡིན་པ་དང་། རྫས་ངན་པ་ཡོངས་སུ་འཛིན་པ་དང་། སྦྱིན་པ་པོའི་བསྔགས་པ་བརྗོད་པ་དང་། ཆང་བསྟེན་པ་དང་། སྨད་འཚོང་མའི་ཁྱིམ་དུ་འགྲོ་བ་རྣམས་དང་། དེ་ལྟ་བུ་བྱེད་པ་དམ་པ་མ་ཡིན་པ། ཚུལ་ངན་
པ་དང་ལྡན་པ་དེ་དག་ལ་ནི་གོས་དཀར་པོ་དག་སྦྱིན་ལ། འཇིག་རྟེན་པའི་ལས་རྣམས་བྱེད་དུ་འཇུག་པར་ངས་གནང་ངོ་། །ཡང་ན་འབྲས་སཱ་ལུའི་ཞིང་གི་ངོ་བསལ་བ་བཞིན་དུ། ཡུལ་ཕྱོགས་ནས་བསྐྲད་པར་ངས་གནང་ངོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི། སངས་རྒྱས་ཀྱིས་གསུངས་པ་
ཡིན་པར་རིག་པར་བྱའོ། །བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་
པར་རིག་པར་བྱའོ་ཞེས་གསུངས་སོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང་། འདི་ལྟ་སྟེ། རྩོད་བྱེད་ཅེས་བྱ་བའི་བདུད་དང་། གཉིས་པ་གཡེང་བྱེད་ཅེས་བྱ་བའི་བདུད་ཀྱི་རིས་ནི། གང་སེམས་ཅན་ཆོས་ལ་སྤྱོད་པ་རྣམས་སེམས་རྣམ་པར་གཡེང་བར་བྱེད། དམ་པའི་ཆོས་ཉན་པ་
ན་གཉིད་བྲོ་བར་བྱེད་དོ། །འདོད་པ་ལྷག་པར་རྨོངས་བྱེད་ཅེས་བྱ་བ་ནི་གསུམ་པ་སྟེ། གང་སྦྱིན་པ་དག་གཏོང་བ་ནི་སྦྱིན་པ་པོའི་སྦྱིན་བདག་རྣམས་ཀྱི་སེམས་ལ། གལ་ཏེ་བདག་གིས་དགེ་སྦྱོང་དང་། བྲམ་ཟེ་དང་། རྗེའུ་རིགས་སུ་གྱུར་པ་རྣམས་ལ་བྱིན་པ་ན། ངའི་བུ་དང་བུ་མོ་ཅི་ཞིག་ཟ་ཅི་ཞིག་གྱོན་
སྙམ་དུ་ཆགས་པ་སྐྱེད་པར་བྱེད་དོ། །འཇིག་རྟེན་སྐྱོང་བ་བདུད་ཀྱི་རིགས་གསུམ་པོ་དེ་ནི། སེམས་ཅན་རྣམས་རྨོངས་པར་བྱེད་ཅིང་འཇིག་རྟེན་དུ་རྒྱུའོ། །བཞི་པ་རྣམ་པ་སྣ་ཚོགས་འདུ་ཤེས་ཞེས་བྱ་བ་བདུད་ཀྱི་རིགས་འཇིག་རྟེན་སྐྱོང་བ་འཇིག་རྟེན་ན་སྤྱོད་དེ། དེ་རབ་ཏུ་བྱུང་བ་རྣམས་ཀྱི་རབ་ཏུ་བྱུང་
བའི་སེམས་གཞན་དུ་བྱེད་དེ། ཐོག་མར་ཆགས་པ་དང་སྦྱོར་བ་དང་གྲོང་དུ་འཇུག་པ་དང་། ཟོང་གི་ཉོ་ཚོང་དང་བུད་མེད་ལ་བལྟ་བ་དང་ཆང་འཚོང་མའི་ཁྱིམ་དུ་འཇུག་པ་དང་། འཐབ་མོ་དང་། སླུ་བ་དང་། དགེ་འདུན་འབྱེད་པ་དང་སེམས་ལ་གནོད་པའི་རྨི་ལམ་སྐྱེད་པར་བྱེད་དོ། །བདུད་ཀྱི་རིས་
Vol. 112 · folio 77b
འཇིག་རྟེན་སྐྱོང་བ་བཞི་པོ་དེ་དག་ནི། གང་གི་ཚེ་འཛམ་བུའི་གླིང་ན་ཆོས་མ་ཡིན་པ་སྨྲ་བའི་སྐྱེ་བོ་ཡོད་པའི་ཚེ་ནུས་པར་འགྱུར་རོ་ཞེས་གསུངས་སོ། །བདུད་ཀྱི་འགྱིང་བག་གི་མདོ་ལས་ཀྱང་། ཉི་ཤུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ལྷག་པར་གྱུར་པ་ཡིན་ཏེ། ཉི་ཤུ་དག་
གང་ཞེ་ན། འདི་ལྟ་སྟེ། རྣམ་པར་གྲོལ་བ་འདོད་པ་ཉིད་ཀྱིས་འཁོར་བས་སྐྲག་པ་རྣལ་འབྱོར་སྤྱོད་པ་རྣམས་ལ་བསྙེན་པ་དང་། བསྟེན་པ་དང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་རྣམས་ཡལ་བར་འདོར་བ་ནི་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་
རྟོག་ཅིང་། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །བསམ་གཏན་སྐྱེད་པར་བྱེད་ཅིང་བསམ་གཏན་གྱིས་འཚོ་བ་ཡོངས་སུ་ཚོལ་བ་ནི་བདུད་ཀྱི་ལས་སོ། །ཆོས་སྟོན་པར་བྱེད་ཅིང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་མི་འཇུག་པ་ནི་བདུད་ཀྱི་ལས་སོ། །ཚུལ་ཁྲིམས་དང་ཡོན་ཏན་ཚོལ་བར་
བྱེད་ཅིང་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁྲོ་བ་ནི་བདུད་ཀྱི་ལས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་རྗོད་པར་བྱེད་ཅིང་། ཐེག་པ་ཆེན་པོའི་གཏམ་འཆབ་པར་བྱེད་པ་ནི་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་པར་བྱེད་ཅིང་། སྣ་ཚོགས་པའི་གཏམ་རྗོད་པར་བྱེད་པ་ནི་བདུད་ཀྱི་ལས་སོ། །
བྱང་ཆུབ་སེམས་དཔའི་ལམ་ལ་དམ་འཆའ་ཞིང་། ཕ་རོལ་ཏུ་ཕྱིན་པའི་ལམ་མི་ཚོལ་བ་ནི་བདུད་ཀྱི་ལས་སོ། །མངོན་པར་བརྩོན་པའི་བསྔགས་པ་སྨྲ་བར་འགྱུར་ཞིང་། མངོན་པར་མི་བརྩོན་པའི་སེམས་ཅན་རྣམས་མངོན་པར་སྦྱོར་བར་མི་བྱེད་པ་ནི་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་ཉེ་བར་གསོག་
ཅིང་། བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་ལ་རྗེས་སུ་བརྩོན་པར་གནས་ཤིང་། སེམས་ཅན་ལ་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ནི་བདུད་ཀྱི་ལས་སོ། །མ་ལུས་པར་ཟད་པར་མི་ཚོལ་ཞིང་། འཁོར་བའི་ཉོན་
མོངས་པའི་རྒྱུན་དག་ལ་མི་སྤྱོད་པ་ནི་བདུད་ཀྱི་ལས་སོ། །ཤེས་རབ་ལ་རྣམ་པར་སྤྱོད་ཅིང་། སྙིང་རྗེ་ཆེན་པོའི་དམིགས་པ་མི་འཛིན་པ་ནི་བདུད་ཀྱི་ལས་སོ། །མཁན་པོ་དང་མི་ལྡན་པའི་དགེ་བའི་སྤྱོད་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དོན་དུ་མི་གཉེར་
Vol. 112 · folio 78a
ཞིང་། རྒྱང་འཕེན་པའི་གསང་ཚིག་འཛིན་པ་ནི་བདུད་ཀྱི་ལས་སོ། །མང་དུ་ཐོས་པའི་ཆོས་ཀྱི་དཔེ་མཁྱུད་གཞན་གྱིས་ཤེས་པ་རེ་སྙམ་པ་ནི་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་བྱ་བས་གཡེངས་ཤིང་། མང་དུ་ཐོས་པ་དོན་དུ་མི་གཉེར་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་
སེམས་དཔའ་ཆོས་སྨྲ་བ་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མི་བསྟེན་མི་བསྙེན་མི་བཀུར་ཅིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་གནས་པ་སྐལ་བ་མི་མཉམ་པ་རྣམས་དང་ལྷན་ཅིག་དགའ་བ་ནི་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པའམ།
འཇིག་རྟེན་སྐྱོང་བའམ། རྒྱལ་པོའམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དམ། ནོར་དང་རིན་པོ་ཆེ་དང་། དབང་ཕྱུག་གིས་ཆེ་བ་ཉིད་དུ་གྱུར་པ། དེའི་ཚེ་ཆོས་ཀྱིས་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བསྟེན། མི་བསྙེན་བསྙེན་བཀུར་མི་བྱེད་པ་སྟེ། ལྷའི་བུ་ཉི་ཤུ་པོ་འདི་དག་ནི།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ལྷག་པ་ཡིན་ནོ་ཞེས་གསུངས་སོ།། །།ཉོ་ཚོང་ལ་དགོངས་པ་བསྟན་པ། དགག་དབྱེའི་མདོ་ལས་ཀྱང་། ཚོང་པའི་སྦྱོར་བ་ལ་དགའ་བ་ལ་དགག་དབྱེ་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། འཕགས་
པ་བླ་མ་རྣམས་དང་ཕ་མ་ལ། །དེ་དག་རྟག་ཏུ་གུས་པ་མེད་པར་འགྱུར། །དེ་དག་བྱས་པ་མི་གཟོ་གཡོ་ཅན་ཏེ། །རྟག་ཏུ་ཀུན་དུ་མ་བསྡམས་སྤྱོད་ཅིང་རྨོངས། །རྙེད་ལ་རྟག་ཏུ་ཆགས་ཤིང་ཞེན་པ་སྟེ། །དེ་དག་ཚུལ་འཆོས་པ་དང་གཡོ་སྦྱོར་དགའ། །ཁ་ཅིག་ཚུལ་ཁྲིམས་བརྟུལ་ཞུགས་ཅི་ལྟས་
ཀྱང་། །འདི་ན་བདག་དང་མཚུངས་པ་མེད་ཅེས་སྨྲ། །དེ་དག་ཕན་ཚུན་སྡང་བར་སེམས་པ་སྟེ། །གླགས་ཚོལ་བ་ལ་རྟག་ཏུ་བརྩོན་པ་ཡིན། །དེ་དག་ཞིང་གི་ལས་དང་ཚོང་ལ་དགའ། །དེ་དག་དགེ་སྦྱོང་དགའ་བསྟན་ཤིན་ཏུ་རིང་། །ཕྱི་མའི་དུས་ན་འདི་ལྟར་མ་བསྡམས་པའི། །དགེ་སློང་
ཚུལ་ཁྲིམས་ཡོན་ཏན་རབ་རིང་བ། །དེ་དག་མཚང་འདྲུ་བ་དང་འཐབ་པ་དང་། །ཕྲག་དོག་དབང་གིས་ངའི་ཆོས་ནུབ་པར་བྱེད། །བྱང་ཆུབ་ལམ་ལས་རྟག་པར་ཤིན་ཏུ་རིང་། །འཕགས་པའི་ནོར་བུ་དག་ལས་ཤིན་ཏུ་རིང་། །འཕགས་ལམ་གྱ་ནོམ་རྣམ་པར་སྤངས་ནས་ནི། །དེ་དག་འགྲོ་བ་ལྔར་
Vol. 112 · folio 78b
ནི་འཁྱམ་པར་འགྱུར། །ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང་། རྣལ་འབྱོར་མི་བརྩོན་མཚན་ཉིད་འདི་ཡིན་ཏེ། །གཞན་གྱི་བུད་མེད་རྣམས་ལ་རྟག་ཏུ་ཆགས། །གཟུགས་ཀྱིས་རྒྱགས་ཤིང་བཅིངས་པ་མེད་པར་འགྱུར། །གྲོང་དང་གྲོང་རྡལ་ཡུལ་འཁོར་དག་ཏུ་འཁྱམ། །
དེ་དག་བཟའ་དང་བཏུང་ལ་རྟག་ཏུ་བརྩོན། །གར་དང་གླུ་དང་དེ་བཞིན་རོལ་མོ་དང་། །ཉོ་དང་ཚོང་ལ་རྟག་ཏུ་སྤྲོ་བར་འགྱུར། །བཏུང་བ་ལ་ཡང་ཆགས་ཤིང་ངོ་ཚ་ཉམས། །ཚུལ་ཁྲིམས་དེ་བཞིན་སྤྱོད་ལམ་དོར་ནས་ནི། །རྣལ་འབྱོར་མི་བརྩོན་ཕྲིན་ཡིག་འཁྱེར་བར་བྱེད། །ཁྱིམ་པ་དང་ནི་ལྷན་ཅིག་
ལུགས་བཅོམ་ནས། །ཚུལ་ཉམས་དེ་དག་ཡང་དག་མིན་ལ་གནས། །ལས་གང་རྟག་ཏུ་སངས་རྒྱས་ཀྱིས་སྨད་པ། །སྲང་དང་འཇལ་བའི་ཟོལ་ལ་རྟག་ཏུ་བརྩོན། །ཉོན་མོངས་སྡིག་པའི་ལས་དེ་དག་བྱས་ནས། །ལས་ཉམས་ནས་ནི་ངན་སོང་འགྲོ་བར་འགྱུར། །ཞེས་གསུངས་སོ། །སྤྱོད་
ཡུལ་ཡོངས་སུ་དག་པའི་མདོ་ལས་ཀྱང་། འཇིག་རྟེན་པའི་གཏམ་ལ་མི་བལྟ་བར་བྱ། ཉོ་ཚོང་གི་ཐ་སྙད་ལས་ལྡོག་པར་བྱ། སྨན་དཔྱད་དང་སྙན་དངགས་དང་གཏམ་རྒྱུད་ལ་མངོན་པར་དགའ་བ་དང་། རྒྱལ་པོ་ལ་མངོན་པར་དགའ་བ་དང་། ཁྱིམ་གྱི་ལས་ཀྱི་མཐའ་ལ་ཡང་དག་པར་བརྩོན་
པར་མི་བྱ། འདུག་པ་དང་ལྡང་པ་དང་། འཆག་པ་དང་ཉལ་བ་ལ་མཁས་པར་བྱའོ་ཞེས་གསུངས་སོ། །ཚུལ་ཁྲིམས་འཆལ་པའི་མཚན་མ་ལ་དགོངས་པ་བསྟན་པ། དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་བཞི་པོ་འདི་དག་ནི་དགེ་སྦྱོང་སྟེ། བཞི་གང་ཞེ་ན། འདི་
ལྟ་སྟེ། ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སྦྱོང་དང་། ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་དང་། བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་དང་། ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ངོ་། །འོད་སྲུངས་དེ་ལ་ཁ་དོག་དང་རྟགས་དང་དབྱིབས་ཀྱི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་
འདི་ལ་དགེ་སྦྱོང་ཁ་ཅིག་ཁ་དོག་དང་། རྟགས་དང་དབྱིབས་དང་ལྡན་པར་གྱུར་ཏེ། ཆོས་གོས་སྣམ་སྦྱར་གྱོན་ཅིང་། མགོ་བྲེགས་ཏེ་ལྷུང་བཟེད་ཐོགས་མོད་ཀྱི། དེ་ལུས་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད། ངག་གི་ལས་ཡོངས་སུ་མ་དག་པར་སྤྱོད། ཡིད་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད་ཅིང་།
Vol. 112 · folio 79a
མ་དུལ་བ་མ་ཞི་བ། མ་བསྲུངས་པ་མ་བྱུང་བ། འཚོ་བ་ཡོངས་སུ་མ་དག་པར་བརྐམ་པ། ལེ་ལོ་ཅན་ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་ཅན་ཡིན་ཏེ། འོད་སྲུངས་དེ་ནི་ཁ་དོག་དང་། རྟགས་དང་དབྱིབས་ཀྱི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་འདི་ལ་ཆོ་ག་སྲུང་ཞིང་ཚུལ་
འཆོས་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་ཕུན་སུམ་ཚོགས་ཤིང་། སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ལ་ཟས་དང་སྐོམ་ངན་པ་ཟ་ཞིང་འཐུང་། འཕགས་པའི་རིགས་བཞི་པོ་དག་གིས་ཆོག་པར་འཛིན་པ་བས་མཐའི་གནས་མལ་ལ་
མངོན་པར་དགའ་ཞིང་། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ། ཚིག་ཉུང་ཞིང་སྨྲ་བ་ཉུང་མོད་ཀྱི། དེའི་སྤྱོད་ལམ་དེ་དག་ཀྱང་ཚུལ་འཆོས་པ་དང་། ཁ་གསག་གིས་ཡོངས་སུ་བརྟག་པ་ཡིན་ཏེ། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་མ་ཡིན། དུལ་བར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་
བར་བྱ་བའི་ཚུལ་མ་ཡིན་གྱི་དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་ཤིང་། སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཆོས་རྣམས་ལ་གཡང་སར་ཡང་འདུ་ཤེས་པ་ཡིན། སྟོང་པ་ཉིད་སྨྲ་བའི་དགེ་སློང་རྣམས་ལ་ཡང་དགྲར་འདུ་ཤེས་པ་ཡིན་ཏེ། འོད་སྲུངས་དེ་ནི་ཆོ་ག་
སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་དེ་ལ་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཇི་ལྟར་བདག་ཚུལ་ཁྲིམས་དང་ལྡན་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཚུལ་ཁྲིམས་སྲུང་། ཇི་ལྟར་མང་དུ་ཐོས་པར་
གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཐོས་པ་འཛིན། ཇི་ལྟར་བདག་དགོན་པ་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་འདོད་པ་ཉུང་ལ་ཆོག་ཤེས་པ་དང་། རབ་ཏུ་དབེན་པར་འགྱུར་ཏེ། འདི་ལྟར་གཞན་ལ་བསྟན་པའི་ཕྱིར་ཡིན་གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་
ཆགས་དང་བྲལ་བའི་ཕྱིར་མ་ཡིན། འགོག་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན། རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ཕྱིར་མ་ཡིན། འོད་སྲུངས་དེ་ནི་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་
Vol. 112 · folio 79b
དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་དེ་ལ་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་གང་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ན། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ལྟ་ཅི་སྨོས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ཐོས་ནས། དགའ་ཞིང་
དེ་བཞིན་དུ་ཞུགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་མེད་པར་སྤྱད་པ་སྤྱོད་ན། ཁམས་གསུམ་ལ་མངོན་པར་དགའ་བ་ལྟ་ཅི་སྨོས། སྟོང་པ་ཉིད་དུ་ལྟ་བ་ཡང་མི་འདོད་པ་ཡིན་ན། བདག་དང་སེམས་ཅན་དང་། སྲོག་དང་སྐྱེ་བ་པོ་དང་། གསོ་བ་དང་སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ལྟ་
ཅི་སྨོས། དོན་ལ་རྟོན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན། ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚོལ་གྱི། ཕྱི་རོལ་དུ་རྒྱུག་པ་མ་ཡིན། ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་ཅིང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས་བདག་ཉིད་སྐྱབས་ཡིན་ཏེ། གཞན་སྐྱབས་
མ་ཡིན། དེ་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་ཡང་མི་ལྟ་ན། གཟུགས་ཀྱི་སྐུར་ལྟ་ཅི་སྨོས། ཆོས་ལ་འདོད་ཆགས་དང་བྲལ་བར་ཡང་མི་ལྟ་ན། སྨྲ་བའི་ཚིག་གི་ལམ་ནས་བརྗོད་པར་ལྟ་ཅི་སྨོས། འཕགས་པ་འདུས་མ་བྱས་པའི་དགེ་འདུན་ལ་ཡང་རྣམ་པར་མི་རྟོག་ན། མང་པོ་འདུས་པར་ལྟ་ཅི་
སྨོས། ཆོས་གང་སྤང་བར་བྱ་བའི་ཕྱིར་བརྩོན་པ་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་མ་ཡིན། མངོན་སུམ་དུ་བྱ་བའི་ཕྱིར་མ་ཡིན། འཁོར་བར་ཡང་མི་སྐྱེ། མྱ་ངན་ལས་འདས་པར་ཡང་མངོན་པར་དགའ་བ་མ་ཡིན། ཐར་པ་ཡང་མི་དམིགས། བཅིངས་པ་ལ་ཡང་མ་ཡིན་ལ། ཆོས་ཐམས་ཅད་རང་
བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས། ཀུན་དུ་མི་འཁོར། ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུངས་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་དུ་འགྱུར་བར་བརྩོན་པར་བྱའི། མིང་གིས་གནོད་པར་མི་བྱ་སྟེ། འོད་
སྲུངས་དགེ་སྦྱོང་ནི་བཞི་པོ་འདི་དག་གོ་ཞེས་གསུངས་སོ། །ཚུལ་ཁྲིམས་འཆལ་པ་ཚར་བཅད་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་སྤྱོད་པ་འཆལ་བས། ཚུལ་ཁྲིམས་འཆལ་པ་རྣམས་ཞེས་བྱ་སྟེ། ངན་པའི་ཚིག་སྤྱོད་པ་དང་། མཁས་པ་མ་ཡིན་པའི་ཚིག་སྤྱོད་པ་དང་། ཀུན་ནས་
Vol. 112 · folio 80a
ཉོན་མོངས་པའི་ཚིག་སྤྱོད་པ་དང་། མི་མཐུན་པར་སྤྱོད་པ་དང་། ཆགས་པར་སྤྱོད་པ་དང་། ཀུན་དུ་ཆགས་པར་སྤྱོད་པ་དང་། འདོད་ཆགས་ལ་སྤྱོད་པ་དང་། ཀུན་ནས་འདོད་ཆགས་ལ་སྤྱོད་པ་དང་། ཞེ་སྡང་ལ་སྤྱོད་པ་དང་། རབ་ཏུ་ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་དང་།
ཀུན་ནས་གཏི་མུག་ལ་སྤྱོད་པ་དང་། ལས་ཀྱི་མཐའ་མང་བ་དང་། སྨྲ་བ་ལ་དགའ་བ་དང་། གཉིད་ལ་དགའ་བ་དང་། གདུ་བ་ལ་དགའ་བ་དང་། འདུ་འཛི་ལ་དགའ་བ་དང་། སྤྲོས་པ་ལ་དགའ་བ་དང་། རིགས་པ་མེད་པའི་གཏམ་དང་། མ་དག་པའི་གཏམ་དང་། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་
འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། སྨན་པའི་ཐ་སྙད་དང་ཁྱིམ་སུན་འབྱིན་པ་ལ་དགའ་བ་དང་། ཕོ་ཉར་འགྲོ་བ་དང་། ཁྱིམ་པའི་ལས་ཀྱི་མཐའ་བྱེད་དུ་འཇུག་པ་དང་།
ཁྱིམ་པའི་འདུ་འཛི་བྱེད་པ་དང་། ཁྱིམ་པའི་གོ་རེ་ལོང་བྱེད་པ་དང་། ལོ་མ་དང་མེ་ཏོག་དང་འབྲས་བུ་འབྱིན་པས་ཁྱིམ་འཇིག་པ་དང་། གཅེར་བུ་པའི་སྡོམ་པ་བདག་གིར་བྱེད་པ་དང་། གཅེར་བུ་པ་སྲེལ་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤོང་བ་དང་། ལོ་ཉི་ཤུ་མ་ཚང་བར་བསྙེན་པར་རྫོགས་པ་
དང་། ཡན་ལག་མ་ཚང་བར་བསྙེན་པར་རྫོགས་པ་དང་། འབྲུ་མ་བཙོས་པ་བྱིན་ལེན་བྱེད་པ་དང་། ཤ་མ་བཙོས་པ་བྱིན་ལེན་བྱེད་པ་དང་། གསེར་དང་དངུལ་ལེན་པ་དང་། བདག་ཏུ་སྨྲ་བ་ལ་མི་སྨོད་པ་དང་། བདག་ཤེས་པ་མ་ཡིན་པ་དང་། གང་ཟག་གཞན་དང་གཞན་ཤེས་པར་བྱེད་པ་དང་།
བརྫུན་དུ་སྨྲ་བ་དང་། སྡོམ་པ་ལྷོད་པ་དང་། གྱ་གྱུ་བྱེད་པ་དང་། དད་པ་མེད་པ་དང་། སྲན་ཆུང་བ་དང་། བྱས་པ་མི་ཤེས་པ་དང་། མ་རིག་པ་དང་། ལེ་ལོ་དང་། གཉིད་དང་རྒོད་པ་དང་། འགྱོད་པ་དང་། ཁྲོ་བ་དང་ཁོན་དུ་འཛིན་པ་དང་། འཆབ་པ་དང་། ཆགས་པ་དང་། སྒྱུ་དང་གཡོ་དང་
ཕྲག་དོག་དང་། སེར་སྣ་དང་། ཁྲེལ་མེད་པ་དང་། ངོ་ཚ་མེད་པ་དང་། རྒྱགས་པ་དང་། བག་མེད་པ་དང་། ཁེངས་པ་དང་། ཀུན་ནས་རྩོམ་པ་དང་། དགའ་བ་མེད་པ་དང་། སྒྱིད་ལུག་པ་དང་། གླལ་བ་དང་། ཟས་ཀྱིས་དྲེགས་པ་དང་། སེམས་ཞུམ་པ་དང་། ང་རྒྱལ་དང་མངོན་
Vol. 112 · folio 80b
པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། ཆུང་ཟད་སྙམ་པའི་ང་རྒྱལ་དང་། ཚུལ་འཆོས་དང་ཁ་གསག་དང་གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། ཆོས་དང་མི་མཐུན་པ་དང་། རྙེད་པས་རྙེད་པ་སྒྲུབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པ་དང་། ཏིང་ངེ་
འཛིན་གྱི་ཕུང་པོ་ཉམས་པ་དང་། ཤེས་རབ་ཀྱི་ཕུང་པོ་ཉམས་པ་དང་། རྣམ་པར་གྲོལ་བའི་ཕུང་པོ་ཉམས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཉམས་པ་དང་། སངས་རྒྱས་ལ་མ་དད་པ་དང་། ཆོས་ལ་མ་དད་པ་དང་། དགེ་འདུན་ལ་མ་དད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་
མི་ཆེས་པ་དང་། ཚེ་འདི་ལ་གཙོ་བོར་བྱེད་པ་དང་། ཚེ་ཕྱི་མའི་ཆོས་ལ་གཅེས་པར་མི་བྱེད་པ་དང་། སོམ་ཉི་དང་། ཡིད་གཉིས་དང་། ཐེ་ཚོམ་དང་། ཕོ་ཐེག་ཆེ་བ་དང་། འཇིགས་སུ་རུང་བའི་རང་བཞིན་ཅན་ཡིན་ཏེ། ཤཱ་རིའི་བུ་གང་ཟག་འདི་དག་ནི་ཆོས་འདུལ་བ་འདི་ལ་ངན་སྐྱུགས་དང་འདྲ་བར་རིག་པར་བྱའོ། །
མི་གཙང་བའི་ལུས་ཀྱི་ལས་དང་ལྡན་པ་དང་། མི་གཙང་བའི་ངག་གི་ལས་དང་ལྡན་པ་དང་། མི་གཙང་བའི་ཡིད་ཀྱི་ལས་དང་ལྡན་པ་དང་། འཚོ་བ་མ་དག་པ་གང་ཡིན་པ་དེ་དག་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་དག་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་
ཉན་ཐོས་རྣམས་དང་། དེ་བཞིན་དུ་གཞན་ཡང་དགེ་བ་དོན་དུ་གཉེར་བ་རྣམས་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱིས་ཡོངས་སུ་སྤོང་བའི་འོས་ཡིན་ནོ། །ཤཱ་རིའི་བུ་དཔེར་ན་ཙནྡན་དམར་པོ་དེ་ངན་སྐྱུགས་བླུགས་པའི་སྣོད་དེར་བཅུག་ན། དེ་ཡང་མི་གཙང་བར་འགྱུར་ཞིང་སྨད་པར་
འགྱུར་རོ་ཞེས་གསུངས་པ་དང་། ཡང་མདོ་སྡེ་དེ་ཉིད་ལས། ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་གིས་དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ཤེས་ནས། དགའ་བའམ་མགུ་བ་མི་འཐོབ་ཅིང་། བདག་ཉིད་ལ་ལྷག་པར་ཡང་གནོད་པར་
བྱེད་དེ། རང་གི་སྤྱོད་ལམ་ངན་པ་ལ་ཀུན་དུ་བལྟས་ནས། རང་ཉིད་ཡིད་གཉིས་ཟ་བར་འགྱུར་ཞིང་། མདོ་སྡེ་འདི་ལྟ་བུ་འདི་དག་ནི་བདག་ཁོ་ནའི་ཆེད་དུ་གསུངས་ཀྱི། གཞན་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཁོ་ནའི་ཀུན་དུ་སྣང་ངོ་སྙམ་མོ། །ཤཱ་རིའི་བུ་འདི་ནི་དགེ་སློང་ཚུལ་ཁྲིམས་
Vol. 112 · folio 81a
རལ་པ་རྣམས་ཀྱི་མ་འདྲེས་པའི་ཆོས་ཡིན་ཏེ། དེས་དེ་ཐོས་ནས་ཐོག་མ་ཁོ་ནར་ཁྲོ་བ་བསྐྱེད་པར་འགྱུར་རོ། །དེ་ཁྲོ་བའི་ཟིལ་གྱིས་ནོན་ནས་དགེ་སློང་ཆོས་སྨྲ་བ་ལ་མ་དད་པ་སྐྱེད་པར་བྱེད་དེ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ལ་འདི་ནི་སངས་རྒྱས་
ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྨོད་ཅིང་། སྐྱེ་བོ་ལ་འདུ་ཤེས་སུ་བྱེད་དོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །གང་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་ལྟ་བུ་དང་ལྡན་པའི་མི་དེ་དག་རྟག་པར་རྒྱུན་དུ་བར་ཆད་མེད་པ་ལོ་བརྒྱའི་བར་
དུ་བསོད་ནམས་མ་ཡིན་པའི་ཕུང་པོ་བསགས་པ་བས། དགེ་སློང་ཚུལ་ཁྲིམས་རལ་པ་གང་ཞིག་བསྟན་པ་འདི་ལ་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་ནས། དད་པས་བྱིན་པ་ལ་ཞག་གཅིག་ལོངས་སྤྱོད་པར་བྱེད་ན། དེ་བས་ནི་ཆེས་མང་དུ་འདི་མི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པར་འགྱུར་
རོ། །གང་ཚུལ་ཁྲིམས་རལ་པའི་དགེ་སློང་འདི་ནི་ཉིན་ཞག་གཅིག་དད་པས་བྱིན་པ་ལ་ལོངས་སྤྱོད་ན། དེ་ཉིད་དེ་དག་ལས་མི་དགེ་བའི་རྩ་བ་ཆེས་མང་དུ་མངོན་པར་འདུ་བྱེད་པ་ཡིན་ནོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་བྲེ་
མོའི་གཏམ་ལ་དགའ་བ་དང་། བྲེ་མོའི་གཏམ་ལ་མངོན་པར་དགའ་བ་ཕྲག་དོག་ཅན་ཡིན་ནོ། །ཚུལ་ཁྲིམས་འཆལ་པའི་འཁོར་ཅན་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་བསྟེན་པ་དང་། ཚུལ་ཁྲིམས་ཀྱི་གཏམ་ལ་མི་དགའ་བ་ཡིན་ནོ། །མདོ་སྡེ་ཟབ་མོ་འདི་ལྟ་བུ་དག་དང་མི་མཐུན་པར་བྱེད་པ་
ཡིན་ནོ། །མདོ་སྡེ་འདི་ལྟ་བུ་འདི་དག་སྨྲ་བ་ལ་མི་མཐུན་པར་བྱེད་ཅིང་རྩོད་པ་དང་། བསྟན་པ་ལ་མངོན་པར་མི་དགའ་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་ལྟ་བར་བྱེད་པ་དང་། ལག་པས་གདོང་འགེབས་པ་དང་། བར་སྣང་ལ་ལྟ་བར་བྱེད་པ་དང་། སྟན་ལས་ལངས་ཏེ་འགྲོ་བ་དང་། དེ་
བཞིན་གཤེགས་པའི་གསུང་ལ་སྨོད་པ་དང་། ཆོས་སྨྲ་བ་ལ་ཁྲོ་བར་བྱེད་པ་ཡིན་ནོ། །དེ་མི་དགེ་བ་དང་ལྡན་ཞིང་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པས་ངན་སོང་དུ་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་བརྒྱད་པ་ཡིན་ཏེ། ངན་སོང་
Vol. 112 · folio 81b
རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཀུན་དུ་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ནི་ཡོན་ཏན་སྒྲོགས་པས་སློབ་དཔོན་གཙོ་བོར་བྱེད་པ་ཡིན། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་མངོན་པར་བསྟོད་པས་མཁན་པོ་གཙོ་བོར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་དང་
ལྡན་པའི་མིང་ཡོངས་སུ་བསྒྲགས་པས་འཚོ་བ་ཡོངས་སུ་སྒྲུབ་པ་དང་གྲིམས་པ་དང་གཏོགས་འདོད་ཆེ་བ་ཡིན་ནོ། །དཔེར་ན་བྱ་རོག་བཞིན་དུ་དགེ་འདུན་གྱི་མིང་གིས་བདག་ཉིད་ཀྱི་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་སྒྲུབ་པར་བྱེད་
པ་ཡིན་ནོ། །མཐུ་དང་ལྡན་པ་དང་ལུས་ཀྱི་འཇོ་སྒེག་ལ་བརྩོན་པ་ཡིན་ནོ། །ངོ་ཚ་མེད་པ་དང་འཛེམ་པ་མེད་པ་ཡིན་ནོ། །ཚིག་ཐུན་ཚགས་སུ་སྨྲ་བ་དང་། ལག་པ་དང་། རྐང་པ་རྒོད་པ་ཡིན་ནོ། །རིགས་ཉམས་པ་ཡིན་ནོ། །བུད་མེད་ལ་བརྟེན་པ་ཡིན་ནོ། །སྐྱེས་པ་ལ་མི་བརྟེན་པ་ཡིན་ནོ། །
ཤིན་ཏུ་ཡོངས་སུ་འདྲིས་པར་བྱེད་པས་གུས་པ་མེད་པ་ཡིན་ནོ། །དེའི་བསྔགས་པ་ལྷ་དང་ཀླུ་དང་གནོད་སྦྱིན་ཡང་མི་སྨྲའོ། །དེའི་བསྔགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གསུང་བར་མི་འགྱུར་རོ། །འཚེ་བ་ལ་དཔའ་བ་དང་དགེ་འདུན་གྱི་ཐ་སྙད་དང་ལྡན་པ་ཀུན་བྱེད་པ་ཡིན་ནོ། །ཤཱ་རིའི་
བུ་གང་ཟག་དེ་ལྟ་བུ་ནི་དགེ་འདུན་གྱི་དབང་ཕྱུག་འདོད་པ་ཡིན་ནོ། །གང་ཅི་ལ་བསྔགས་ཀྱང་མ་དྲིས་པར་སྨྲ་བ་ཡིན་ནོ། །ཆོས་གོས་ཚོལ་བ་ཡིན་ནོ། །གཞན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་གླགས་ལྟ་བ་ལ་བརྩོན་པ་ཡིན་ནོ། །མཚུངས་པར་བྱེད་པ་ཡིན་ནོ། །དམ་པ་མ་ཡིན་པའི་ཆོས་
འཛིན་པ་དང་། དམ་པ་མ་ཡིན་པའི་ཆོས་ལེན་པ་ཡིན་ནོ། །ཚོགས་ལ་དགའ་བ་ཡིན་ནོ། །རྩོད་པ་འབར་བར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དགུ་པ་ཡིན་ཏེ། ངན་སོང་རབ་ཏུ་རྫོགས་པར་བྱ་བར་ཀུན་དུ་ཞུགས་པ་ཡིན་ནོ། །
ཤཱ་རིའི་བུ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ནི་རྩོད་པ་ལེན་པ་ཡིན་ནོ། །འཐབ་མོས་དགའ་བ་འཐོབ་པ་དང་། ཆོས་གོས་ལ་ཞེན་པ་ཡིན་ནོ། །འགྲོ་བ་ངན་པར་འགྲོ་བ་དང་ཉལ་བའི་བདེ་བ་ལ་གཞོལ་བ་ཡིན་ནོ། །བསྔགས་པ་རྙེད་ན་དགའ་བ་དང་བཤེས་པའི་ཁྱིམ་དང་སློང་མོ་སྟེར་
Vol. 112 · folio 82a
བའི་ཁྱིམ་ལ་འཆུམས་པ་ཡིན་ནོ། །ཁྱིམ་ལ་ཕྲག་དོག་བྱེད་པ་དང་གནས་ལ་ཕྲག་དོག་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མ་བདག་གི་འདི་དགེ་སློང་དེ་དག་གིས་མ་ཤེས་ཀྱང་ཅི་མ་རུང་སྙམ་པ་སེམས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་སྡང་བ་ཡིན་ནོ། །འཆལ་པའི་ཚུལ་
ཁྲིམས་ལ་ཀུན་དུ་དགའ་བ་དང་། སྦྱིན་པའི་བསྔགས་པ་འབའ་ཞིག་ལྷག་པར་སྨྲ་བ་ཡིན་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཉེ་བར་ཞི་བ་རྣམས་ཀྱི་མ་ཡིན་ནོ། །དགོན་པའི་གནས་དབེན་པ་ཆུང་ཟད་དོན་གྱི་སྒོ་ནས་སམ་ཆུང་ཟད་
ཡི་གེའི་སྒོ་ནས་ནི་མ་ཡིན་ཏེ། དགེ་སློང་ངོ་ཚ་ཤེས་པ་རྣམས་ལ་བསྔགས་པ་མ་ཡིན་པ་སྤྱོད་པས་མངོན་པར་བརྩོན་པར་བྱེད་པ་ཡིན་ནོ། །དེ་དགེ་སློང་སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ཆུང་ཟད་དོན་གྱི་སྒོ་ནས་སམ། ཆུང་ཟད་ཡི་གེའི་སྒོ་ནས་ཀྱང་བསྔགས་པ་མ་ཡིན་པ་སྨྲ་ཞིང་།
ཅི་ནས་ཀྱང་སྐྱོན་འདོགས་པ་ཡིན་ནོ། །རིགས་རྒྱུད་སྨྲ་བ་ལ་ཞུགས་པ་ཡིན་ནོ། །སྔོན་གྱི་ཉེ་དུ་ལ་སྨོས་པ་དང་། ཅིའི་རྒྱུས་ཆོས་སྟོན་ཀྱང་འདི་ལྟར་བཀྲེན་པའི་ཕྱིར་ཡིན་པ་དང་། བག་ཚ་བའི་ལྕེ་གཉིས་སུ་སྨྲ་བ་དང་། རང་གི་སྐྱེ་བོ་མི་སྤོང་བ་དང་། སྐྱེ་བོ་མང་པོས་མྱུར་དུ་ཟིལ་གྱིས་མནན་པ་འཐོབ་
པ་དང་ཡིད་དུ་མི་འཐད་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཁ་ཟེར་བ་དང་། གདམས་ངག་སྨྲ་བའི་སྐྱེས་པ་དང་། བུད་མེད་རྣམས་ལ་མི་བསྟེན་པ་དང་། དེ་མདོ་སྡེ་འདི་ལྟ་བུ་འདི་དང་། མདོ་སྡེ་འདི་ལྟ་བུ་འཆང་བ་དང་། སྟོན་པ་གང་ཡིན་པ་དེ་དག་ཡིད་ལ་མི་འཐད་པ་དང་། མདོ་
སྡེ་འདི་ལྟ་བུ་འདི་སྟོན་པ་རྣམས་ལ་དགའ་བ་དང་མགུ་བར་བྱེད་པ་གང་ཡིན་པ་དེ་དག་ལ་ཡང་སྡང་ཞིང་ཡིད་དུ་མི་འོང་བས། ཚུལ་ཁྲིམས་ཀྱི་བསྔགས་པ་མི་བརྗོད་པ་ཡིན་ནོ། །འདི་ལྟ་བུའི་མདོ་སྡེ་སྟོན་པ་རྣམས་ཀྱི་དྲུང་དུ་ཉེ་བར་མི་འགྲོའོ། །ཉེ་བར་སོང་ན་ཡང་སླར་མྱུར་དུ་ལྡོག་པ་དང་། ལྟོས་
པ་མེད་པར་སྟོན་པ་ཡིན་ནོ། །བྱུང་རྒྱལ་དུ་སྨྲ་བ་དང་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཉེ་དུར་སྨོས་པ་ཡིན་ནོ། །དབང་ཕྱུག་གི་ཕྱིར་དབྱེ་བར་བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་ལ་སྨོད་པར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་
Vol. 112 · folio 82b
ཁྲིམས་ཀྱི་སྐྱོན་བཅུ་པ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཀུན་དུ་ཞུགས་པ་ཡིན་ནོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། ཤཱ་རིའི་བུ་དེ་ལྟ་བས་ན། དེ་བཞིན་གཤེགས་པ་སྐྱེས་བུ་བླུན་པོ་དེ་དག་གི་དོན་དུ་འདི་ལྟ་བུའི་མདོ་སྡེ་འདི་རབ་ཏུ་སྟོན་པར་མི་མཛད་དོ། །དེ་ཅིའི་
ཕྱིར་ཞེ་ན། ཤཱ་རིའི་བུ་ཚུལ་ཁྲིམས་རལ་པའི་དགེ་སློང་འབྱུང་བ་གང་ཡིན་པ་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཐོས་ནས་ཉམས་པར་བྱ་བའི་ཕྱིར་འཇུག་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལ་དད་པས་བྱིན་པ་རྣམས་ལ་ལོངས་སྤྱོད་པར་བྱེད་པ་དག་ནི་ཆོམ་རྐུན་ཆེན་པོ་
ཡིན་ནོ། །ཤཱ་རིའི་བུ་ཆོས་འདུལ་བ་འདི་ཐོས་ནས། དགའ་ལ་རངས་པར་མི་འགྱུར་བ་གང་ཡིན་པ་དེ་ནི་ལྷག་པར་དགེ་སློང་སྡིག་ཅན་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དག་ལ་ནི། ཡང་ན་ཚུལ་ཁྲིམས་ཀྱི་གཏམ་མམ། ཡང་ན་ཏིང་
ངེ་འཛིན་གྱི་གཏམ་མམ། ཡང་ན་ཤེས་རབ་ཀྱི་གཏམ་མམ། ཡང་ན་ཀུན་དུ་སྐྱོ་བར་འགྱུར་བའི་ཆོས་ཀྱི་གཏམ་དེ་ལྟ་བུ་གང་ཡང་ཡིད་དུ་མི་འོང་བར་མི་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟ་བུའི་མདོ་སྡེ་འདི་ཐོས་ན་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཚུལ་ཁྲིམས་
རལ་པའི་དགེ་སློང་གང་ཡིན་པ་དང་། མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་གང་ཡིན་པ་དང་། ཆོས་མ་ཡིན་པའི་གཏམ་ཆོས་ཀྱི་གཏམ་ལྟར་བཅོས་པས་ཡོངས་སུ་མ་དག་པ་སྟོན་པའི་དགེ་སློང་གང་ཡིན་པའོ། །གཞན་ཡང་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན།
བདག་ཏུ་ལྟ་བ་དང་སྲོག་ཏུ་ལྟ་བ་དང་གང་ཟག་ཏུ་ལྟ་བའོ། །གཞན་ཡང་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བའོ་ཞེས་གསུངས་པ་དང་། མདོ་དེ་ཉིད་ལས། ཤཱ་རིའི་བུ་འདི་ལྟར་མདོ་སྡེ་དེ་ནི།
དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་དགའ་བ་དང་མགུ་བར་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་མདོ་སྡེ་འདི་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་ཀུན་དུ་བཟུང་ཞིང་ཚུལ་ཁྲིམས་འཆལ་པས་ཡོངས་སུ་སྤང་བར་འགྱུར་རོ། །
Vol. 112 · folio 83a
དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་ན། བྱིས་པ་རྣམས་སྡུག་བསྔལ་བར་འགྱུར་ཏེ། ཤཱ་རིའི་བུ་གང་དག་གི་ཡན་ལག་དང་། གང་དག་གི་རྣམ་པ་དང་། གང་དག་གི་རྟགས་དང་། གང་དག་གི་མཚན་མས་ཚུལ་ཁྲིམས་འཆལ་པ་
དང་ལྡན་པར་འགྱུར་བའི་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་མདོ་སྡེ་འདི་ལས་གསུངས་ཏེ། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་ཀྱི་གཏམ་ལ་དགའ་བར་མི་འགྱུར། མཉམ་པར་མ་བཞག་པ་ནི་མཉམ་པར་གཞག་པའི་གཏམ་ལ་དགའ་བར་མི་འགྱུར། སེར་
སྣ་ཅན་ནི་གཏོང་བའི་གཏམ་ལ་དགའ་བར་མི་འགྱུར། མངོན་པའི་ང་རྒྱལ་ཅན་གྱི་ལྷག་པར་ང་རྒྱལ་མེད་པ་སངས་རྒྱས་ཀྱི་གསུང་ཐོས་ནས། གཡང་ས་ཆེན་པོར་ལྟུང་བར་འགྱུར་ཞིང་སྐྲག་པ་ཆེན་པོ་སྐྱེ་བར་འགྱུར་རོ། །འཇིག་རྟེན་གྱི་ཟང་ཟིང་དང་ཁ་ཟས་ལྷུར་ལེན་པ་ནི་ཡོ་བྱད་བསྙུངས་པའི་
བསྔགས་པ་སྨྲས་ན་ཡིད་མི་བདེ་བ་ཆེན་པོ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །ཆོས་ཀྱི་ཕུང་པོའི་མདོ་ལས་ཀྱང་། ཤཱ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་རྣམས་ཏེ། བཅུ་གང་ཞེ་ན། ཚུལ་ཁྲིམས་འཆལ་པ་འཆི་བའི་ཚེ་གདུང་བར་འགྱུར།
མནར་མེད་པར་འགྱུར་རོ་སྙམ་དུ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཕྱིར་འགྱོད་པར་འགྱུར། འཁོར་གྱི་ནང་དུ་སྐྲག་པར་འགྱུར། ཚུལ་ཁྲིམས་དང་ལྡན་པ་ལ་བདག་ཉིད་སྨྲ་བར་འགྱུར། བདག་སངས་རྒྱས་རྣམས་ཀྱིས་སྤངས་སོ། །བདག་ཉན་ཐོས་རྣམས་ཀྱིས་སྤངས་སོ། །བདག་
ལྷ་རྣམས་ཀྱིས་སྤངས་སོ་ཞེས་སྨྲ་བར་འགྱུར། དེ་འཇིགས་པ་དང་བཅས་པས་འཆི་བའི་དུས་བྱེད་པ་དང་། ངན་སོང་དུ་འགྲོ་བ་དང་། མིའི་འཐོབ་པ་རྙེད་པ་དཀའ་བར་འགྱུར་ཏེ། ཤཱ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་གི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དག་གོ་ཞེས་
གསུངས་སོ།། །།ཚུལ་ཁྲིམས་དང་ལྡན་པ་བརྙས་པ་ལ་དགོངས་པ་བསྟན་པ། ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། ཕྱི་མའི་དུས་ན་ང་ཡི་བུ་དེ་དག །ཀུན་དུ་སྨད་པར་གྱུར་པ་མཐོང་ནས་ནི། །དེ་དག་ང་ཡི་ཚིག་ནི་དྲན་འགྱུར་ཏེ། །བས་མཐའ་དག་དང་ནགས་སུ་དེ་ཚེ་གནས། །ཀྱི་
Vol. 112 · folio 83b
ཧུད་རྙེད་པས་ཟིལ་ནོན་ཡོན་ཏན་སྡང་། །དགེ་སློང་མང་པོ་གང་དུ་བྱུང་གྱུར་པ། །རྒྱལ་བ་དམ་པ་ཡི་ནི་བསྟན་པ་དག །རིང་པོར་མི་ཐོགས་པར་ཡང་འཇིག་པར་འགྱུར། །ཕྱི་དུས་ཚུལ་ཁྲིམས་ཡོན་ཏན་ལྡན་པ་དག །རྟག་པར་ཡོངས་སུ་བརྙས་པར་འགྱུར་བ་སྟེ། །དེ་དག་གྲོང་དང་ཡུལ་འཁོར་
གྲོང་ཁྱེར་རྣམས། །སྤངས་ནས་དགོན་པ་ནགས་སུ་གནས་པར་འགྱུར། །འབྱེད་དང་ཟུག་གཟེར་འཐབ་མོ་དགའ་བ་དང་། །ཡོན་ཏན་ཉམས་ལ་རྟག་ཏུ་བསྟི་སྟང་བྱེད། །དེ་དག་སྐྱེ་བོའི་སྟོན་པར་གྲགས་འགྱུར་ཏེ། །དེ་དག་ང་རྒྱལ་རྒྱགས་པས་ཚིག་པར་འགྱུར། །འདིར་ནི་ང་ཡི་བསྟན་པ་
ཡོན་ཏན་གཏེར། །ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག་དགའ་བ། །འདི་ནི་ཚུལ་ཁྲིམས་ཉམས་དང་ཕྲག་དོག་དང་། །རྒྱགས་པའི་སྐྱོན་རྣམས་ཀྱིས་ནི་འཇིག་པར་འགྱུར། །ཇི་ལྟར་རིན་ཆེན་འབྱུང་གནས་བྲུས་པ་དང་། །པདྨའི་རྫིང་བུ་ཡོངས་སུ་བསྐམས་པ་དང་། །རིན་ཆེན་མཆོད་སྡོང་ཆག་
པར་གནས་པ་ལྟར། །ཕྱི་མའི་དུས་ན་བསྟན་པ་འཇིག་པར་འགྱུར། །ཕྱི་མའི་དུས་ཀྱི་ཚེ་ན་དམ་པའི་ཆོས། །རྣམ་པར་འཇིག་འགྱུར་ཤིན་ཏུ་མི་བཟད་ཚེ། །དགེ་སློང་དུལ་བ་མ་ཡིན་དེ་འདྲ་བ། །དེ་དག་ང་ཡི་བསྟན་འདི་འཇིག་པ་ཡིན། །སྤྱོད་པ་འདི་ལ་བརྟེན་པར་དགའ་བ་རྣམས། །དེ་དག་
བཟང་འགྲོ་ག་ལ་ཡོད་དེ་རིང་། །འདི་ནས་ཤི་འཕོས་ཡི་དགས་འགྲོ་བ་དང་། །དུད་འགྲོའི་འགྲོ་དང་སེམས་ཅན་དམྱལ་བར་གནས། །ལོ་བརྒྱ་དུ་མར་སྡུག་བསྔལ་མཐའ་ཡས་པ། །མི་བཟང་དྲག་པོ་ཉམས་སུ་མྱོང་བར་འགྱུར། །ཅི་སྟེ་དེ་ཡིས་མི་ཡི་ལུས་རྙེད་ཀྱང་། །རྟག་ཏུ་སྡུག་
བསྔལ་མྱ་ངན་ལྡན་པར་འགྱུར། །སྡིག་པའི་སྤྱོད་པ་འདི་ལ་རྟག་བརྟེན་པ། །ལོང་བའམ་འོན་པའམ་ཞར་བར་སྐྱེ་བར་འགྱུར། །ལུས་ལ་རྟག་ཏུ་ཤ་བཀྲ་འབྱུང་བར་འགྱུར། །འཇིགས་པའི་གཟུགས་ཅན་མཐོང་ན་འཇིགས་པར་འགྱུར། །གང་ཞིག་ཡ་ངའི་སྤྱོད་པ་བསྟེན་པ་ནི། །དེ་ལ་སུ་ཡང་ཡིད་
རྟོན་མི་འགྱུར་ཏེ། །དེ་ཡི་ཚིག་ལ་ཡིད་ཆེས་མི་འགྱུར་ཞིང་། །དེ་ནི་རྟག་ཏུ་སྨ་འབབ་པར་ཡང་འགྱུར། །དེ་དག་ནད་དང་སྡུག་བསྔལ་བརྒྱ་ཡིས་གདུངས། །མཚོན་དང་ཤིང་དང་བོང་བ་རྣམས་ཀྱིས་བསྣུན། །བཀྲེས་དང་སྐོམ་པའི་འཇིགས་པས་ཡོངས་སུ་གདུངས། ཡང་ན་དེ་ནི་རྟག་པར་རབ་ཏུ་
Vol. 112 · folio 84a
བརྙས། སྡུག་བསྔལ་མཐའ་ཡས་པ་དག་ཐོས་ནས་ནི། །ངེས་པ་རྣམས་ཀྱིས་སྡིག་པའི་སྤྱོད་བོར་ལ། །ལེགས་པའི་སྤྱོད་ལ་རྟག་ཏུ་བརྟེན་པར་གྱིས། །འདི་ནས་ཕྱིན་ཆད་འགྱོད་པར་གྱུར་ཏ་རེ། །གང་ཞིག་སངས་རྒྱས་དང་ནི་འཕགས་ཚོགས་དང་། །བསླབ་དང་སྦྱངས་
པའི་ཆོས་ལ་དགའ་གྱུར་པ། །གཉེན་དང་རྙེད་དང་གྲགས་བརྗོད་སྤང་བྱོས་ལ། །དེ་དག་རྟག་ཏུ་མངོན་པར་བརྩོན་པར་གྱིས། །འདུས་བྱས་འདི་ནི་སྒྱུ་མ་ལྟ་བུ་དང་། །འཇིག་པར་གྱུར་དང་རྨི་ལམ་ལྟ་བུ་དང་། །སྡུག་པ་ཀུན་དང་མི་རིང་འབྲལ་གྱུར་ཞིང་། །འདི་ལ་རྟག་པར་གང་ཡང་མེད་
རྟོགས་ལ། །ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་ལ། །རྟག་ཏུ་རབ་ཏུ་སྦྱོར་ཞིང་འབད་པར་གྱིས། །ཇི་སྲིད་བྱང་ཆུབ་མཆོག་སངས་མ་རྒྱས་པ། །དེ་སྲིད་བརྩོན་འགྲུས་ནམ་ཡང་ཉམས་མ་བྱས། །ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། ངས་འཁོར་ལོས་སྒྱུར་བའི་
རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ། ཀ་ཤི་བ་ཕྲ་མོ་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་དང་། ངང་རིས་ཅན་གྱི་གོས་རྣམས་སྤངས་ནས། འཕགས་པའི་རིགས་ལ་དགའ་བའི་ཕྱིར་ཤ་ནའི་རས་ཀྱི་གོས་རྣམས་ལུས་ལ་བགོས་སོ། །འོད་སྲུངས་ངས་ཁྱོད་ལས་དར་གོས་ངན་པ་བླངས་
ཏེ། ངས་ཁྱོད་ལ་ཤ་ནའི་རས་བྱིན་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་ཁྱོད་ཉིད་ལ་སྙིང་བརྩེ་བའི་ཕྱིར་ཡིན་གྱི་ཆགས་པའི་ཕྱིར་མ་ཡིན་ལ་ལུས་བརྒྱན་པའི་ཕྱིར་མ་ཡིན་ནོ། །འོད་སྲུངས་འདི་ལ་མི་གཏི་མུག་པ་ཁ་ཅིག་ཁྱོད་དང་ངའི་རྗེས་སུ་མི་སློབ་ཅིང་བརྐམ་པ་ཆགས་པའི་ཟིལ་གྱིས་ནོན་པ་ཆོས་གོས་
སོགས་པར་བྱེད་པ། ལྷུང་བཟེད་སོགས་པར་བྱེད་པ། འཇིག་རྟེན་པའི་ཟང་ཟིང་སོགས་པར་བྱེད་པ། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། འབྲུ་སོགས་པར་བྱེད་པ། བ་ལང་དང་། ལུག་དང་། བྱ་གག་དང་། ཕག་དང་། བོང་བུ་དང་། རྟ་དང་། ཐོང་གཤོལ་དང་། ཤིང་རྟ་འདྲེན་པ་དག་
ཉེ་བར་འཇོག་པར་བྱེད་པ། ཁྱིམ་པའི་ལས་ཀྱི་མཐའ་སྤྱོད་པ་དག་པས་ནི། འོད་སྲུངས་ཁྱིམ་པ་དག་ལ་ཁྱད་པར་དུ་འགྱུར་བ་ཡོད་ཀྱི། མི་བླུན་པོ་རབ་ཏུ་བྱུང་བའི་མཚམས་ལས་འདས་པ་དེ་དག་ལ་ནི་ཁྱད་པར་དུ་འགྱུར་བ་གང་ཡང་མེད་དོ། །འོད་སྲུངས་ཁྱིམ་པ་རྣམས་ཁྱད་པར་དུ་འགྱུར་བ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words