མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ
Sanskrit title (Tibetan script, as in the text) མ་ཧཱ་སཱུ་ཏྲ་ས་མུཙྪ་ཡ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 112 · folio 112a
སྡིག་པའི་གྲོགས་ལྡན་གཞན་གྱི་དྲིང་འཇོག་པ། །དེ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པའི་
ཕྲིན་ལས་གང་ཞེ་ན། དགེ་བའི་བཤེས་གཉེན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གང་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་ཡང་དག་པར་ལེན་དུ་འཇུག །འཇོག་རབ་ཏུ་འགོད་པའི་གྲོགས་པོ་དེ་དག །བསྟེན་ཅིང་བསྙེན་པར་བྱེད། བསྟི་སྟང་དུ་བྱེད། གུས་
པས་ཉན་པར་བྱེད་པ་གང་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་དགེ་བའི་བཤེས་གཉེན་བསྟེན་པའི་ཕྲིན་ལས་སུ་བརྗོད་པར་བྱའོ་ཞེས་གསུངས་སོ།། །།དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོར་བྱ་བ་ལ་དགོངས་པ་བསྟན་པ། ཇི་
ལྟར་ན་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་ཞེ་ན། དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་ལ་མཁས་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ།
ཆོས་ལ་མཆོད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་བྱས་པ་ཡིན་གྱི། ཟང་ཟིང་གི་མཆོད་པས་ནི་མ་ཡིན་ནོ། །ནན་ཏན་གྱི་མཆོད་པ་དང་། སེམས་ཅན་རྣམས་ལ་ཕན་ཞིང་བདེ་བ་དང་། སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པ་དང་། སེམས་
ཅན་གྱི་དོན་ལ་ཞུགས་པ་དང་། ཡི་དམ་མི་གཏོང་བ་དང་། བྱང་ཆུབ་སེམས་དཔའི་ལས་མི་གཏོང་བ་དང་། ཇི་ལྟར་སྨྲས་པ་བཞིན་དུ་བྱེད་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་།
བསྙེན་བཀུར་བྱས་པ་ཡིན་གྱི། ཟང་ཟིང་གི་མཆོད་པས་ནི་མ་ཡིན་ནོ་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ལས་ཀྱང་། དེ་དག་རྔ་དུང་རྫ་རྔ་ཡིས། །ང་ལ་མཆོད་པར་བྱེད་འགྱུར་ཏེ། །མཆོད་པའི་དམ་པ་གང་ཡིན་པ། །ནན་ཏན་འདི་ནི་མེད་པར་འགྱུར། །དེ་དག་
Vol. 112 · folio 112b
བདག་ཉིད་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་གནས་པ་མཐོང་ནས་ནི། །ཕན་ཚུན་དུ་ཡང་འདི་སྐད་དུ། །འདི་དག་ངེད་དང་འདྲ་ཞེས་སྨྲ། །སྡིག་པའི་སྤྱོད་ཡུལ་ཚུལ་ཁྲིམས་འཆལ། །དེ་དག་ཚུལ་ཁྲིམས་བསྔགས་ཐོས་ནས། །ཀུན་ནས་ལངས་པ་འདི་སྐད་དུ། །སངས་
རྒྱས་མཁྱེན་པ་འདི་མིན་སྨྲ། །དེ་དག་ལ་ནི་ངོ་ཚ་མེད། །དགེ་སྦྱོང་གི་ནི་ནོར་སྟོར་ཏེ། །མི་བདེན་ཚིག་གིས་རྩོད་བྱེད་ཅིང་། །སངས་རྒྱས་བྱང་ཆུབ་རབ་ཏུ་སྤོང་། །ངན་སེམས་ལྡན་པ་དེ་དག་ནི། །སངས་རྒྱས་བསྟན་པ་འདི་བོར་ཏེ། །ཆོས་རྣམས་རབ་ཏུ་སྤངས་ནས་ནི། །མནར་མེད་
པར་ཡང་གནས་པར་འགྱུར། །ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། མདོ་སྡེ་འདི་ནི་རབ་སྟོན་ན། །སངས་རྒྱས་རྣམས་ཀྱི་མཛོད་བསྲུངས་ཏེ། །འདི་ནི་སངས་རྒྱས་ཀུན་མཆོད་པ། །ཆོས་ཀྱི་མཆོད་པ་བསམ་མི་ཁྱབ། །མ་རུངས་ཟད་པའི་དུས་ལ་ནི། །མདོ་སྡེ་འདི་དག་
གང་འཛིན་པ། །དེ་དག་ཡེ་ཤེས་རྙེད་མི་དཀའ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །ཅེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཚོགས་གནས་པ། །དེས་ནི་ང་ལ་མཆོད་པ་རབ་མཆོག་བྱས། །ཟད་དུས་ཐ་མར་བྱང་ཆུབ་སེམས་གནས་པ། །
དེས་ནི་སངས་རྒྱས་ཐམས་ཅད་རྟག་ཏུ་མཆོད། །ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་དག །བདེ་བར་གཤེགས་པས་བསྟན་པའི་ཆོས་མཆོག་འདི་སྲུང་བ། །དེ་དག་ང་ཡི་སྲས་ཏེ་ཕྱི་དུས་ཆོས་སྐྱོང་བ། །དེ་དག་སངས་རྒྱས་བྱེ་བ་སྟོང་གིས་ཡོངས་སུ་གཏད། །ཅེས་གསུངས་
སོ། །བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་གནས་གང་དག་དང་། སྤྱོད་པ་གང་དག་གིས། བྱང་ཆུབ་སེམས་
དཔའ་ལྷག་པའི་བསམ་པ་ཉམ་ཆུང་བ་དང་། ཚུལ་འཆོས་པ་ལགས་པར་འཚལ་བར་འགྱུར་བའི་གནས་དེ་དག་ལེགས་པར་བཤད་དུ་གསོལ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གནས་དེ་དག་ཐོས་ན། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་གང་དག་ལགས་པ་
Vol. 112 · folio 113a
དེ་དག་ཀྱང་བདག་ཉིད་བསྲུང་བར་བགྱི་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུངས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའ་གང་དག་སྡིག་པའི་
གྲོགས་པོས་ཡོངས་སུ་ཟིན་ཅིང་། ལྷག་པའི་བསམ་པ་ཉམ་ཆུང་བ་དེ་དག་ནི། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ། མེ་ཏོག་དང་། བདུག་པ་དང་། ཕྱེ་མ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་
དང་། མར་མེ་སྦྱིན་པ་དག་གིས་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །འོད་སྲུངས་ངས་ནི་ཤེས་པ་དང་མི་ལྡན་པ་རྣམས་ཀྱི་དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པའི་ཕྱིར་མཆོད་པ་བཤད་པ་ཡིན་ན། མི་བླུན་པོ་དེ་དག་ནི་དེ་ལ་བརྩོན་པར་འགྱུར། འོད་སྲུངས་ངས་ལྷ་དང་བཅས་པའི་
འཇིག་རྟེན་གྱི་མདུན་དུ། དགེ་སློང་དག་ཁྱེད་ཅག་ནི་བདག་ཉིད་དུལ་བ་དང་། ཞི་བར་སྦྱོར་བའི་རྗེས་སུ་བརྩོན་པས་གནས་པར་གྱིས་ཤིག །བྲམ་ཟེ་དང་ཁྱིམ་བདག་དད་པ་དང་ལྡན་པ་དག་ཡོད་ན་དེ་དག་ནི་ངའི་སྐུ་གདུང་རྣམས་ལ་སྐུ་གདུང་གི་མཆོད་པ་བྱེད་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། འོད་
སྲུངས་མི་བླུན་པོ་དེ་དག་རྣལ་འབྱོར་ཡང་སྤངས། སྤོང་བ་ཡང་སྤངས། ལུང་ནོད་པ་ཡང་སྤངས། ཁ་ཏོན་བྱེད་པ་ཡང་སྤངས་ནས་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་པའི་ལས་ལ་བརྩོན་པར་འགྱུར་ཞིང་། དེ་དག་ལ་བརྟེན་ནས་འཚོ་བར་སེམས་པར་བྱེད་པ་དེ་དག་ལ་ལྟོས།
འོད་སྲུངས་བྱང་ཆུབ་སེམས་དཔའ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ། འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས། དེ་བཞིན་གཤེགས་
པ་ལ་མཆོད་པའི་ལས་ཀྱི་ཕྱིར་མར་མེ་བུས་པ་བས་ནི། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པ་ཅིག་ཤོས་ཀྱིས་མཁན་པོའམ་སློབ་དཔོན་གྱི་དྲུང་ནས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ལུང་མནོས་ཏེ། ཁ་ཏོན་བྱད་
Vol. 112 · folio 113b
ཅིང་། གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །འོད་སྲུངས་བྱང་ཆུབ་སེམས་དཔའ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དང་། བདུག་པ་དང་། ཕྱེ་མ་དང་། སྤོས་ཀྱིས་རབ་ཏུ་བཀང་
སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་ཕུལ་བ་བས་ནི་བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམ་གྱིས་འཇིགས་ཤིང་སྐྲག་པ་གཞན་ཞིག་ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་ཤིང་། སེམས་ཅན་གྱི་
དོན་མངོན་པར་བསྒྲུབ་པ་ན་དགོན་པ་ལ་མངོན་པར་ཕྱོགས་ཏེ། གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།
སྦྱིན་པ་ལ་ཡང་དགའ་བར་མི་བྱེད། སེར་སྣ་ཅན་དུ་ཡང་མི་འགྱུར་བ་དང་། ཀུན་འཛིན་པའི་སེམས་མེད་པ་དང་། གཞན་འཇིག་རྟེན་གྱི་ཟང་ཟིང་སྦྱིན་པར་བྱེད་པ་མཐོང་ན་ཡང་དེ་ལ་དགའ་བ་སྐྱེད་པར་མི་བྱེད་པ་དང་། གང་དུ་ཡང་འདི་ལྟ་སྟེ་སངས་རྒྱས་ཀྱི་གནས་པ་བླ་ན་མེད་པ་
གནས་པ་འཐོབ་པར་འགྱུར་བ་དང་། ཟབ་མོ་ལ་བཟོད་པ་དང་ལྡན་པར་འགྱུར་བ་དང་། བླ་ན་མེད་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། རིགས་ཀྱི་བུ་དག་འདི་ལ་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་ཡོངས་སུ་ཚོལ་བར་བྱེད་པ་དང་།
དེ་མང་དུ་ཐོས་པར་གྱུར་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་དག་ཏུ་ཞུགས་ཏེ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་དང་། གང་ལས་ཀྱང་ཐ་ན་ལེགས་སོ་ཞེས་བྱ་བ་ཙམ་ཅུང་ཟད་རེ་བ་མེད་ཅིང་། དེ་གོས་པ་མེད་པའི་སེམས་ཀྱིས་གཞན་
དག་ལ་ཆོས་སྟོན་པར་བྱེད་པ་དང་དེ་གོས་པ་མེད་པའི་སེམས་དང་ལྡན་པས་འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའི་སྦྱིན་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་ཤིང་བསྟོད་པ་ཡིན་པས་ན། མཆོག་ཡིན་ནོ་ཞེས་དགའ་བ་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་བདག་ནི་སྦྱིན་པ་དམ་པ་
Vol. 112 · folio 114a
སྦྱིན་པའི་གཙོ་བོ་འདི་ལ་གནས་པ་ཡིན་ནོ་ཞེས་ཡང་དག་པར་མཐོང་བ་ན་དགའ་བ་ཉམས་སུ་མྱོང་བར་བྱེད་ཅིང་སེམས་ཅན་འཇིག་རྟེན་གྱི་ཟང་ཟིང་ཡོངས་སུ་གཏོང་བ་ལ་མངོན་པར་བརྩོན་པ་གཞན་དག་ལ་ནི་དགའ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་
ཀྱི་བུ་དག་བྱང་ཆུབ་སེམས་དཔའ་གང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་ཇི་སྙེད་ཅིག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ལ་ཚེའི་
མཐའ་ཇི་སྲིད་པར་མ་ཚང་བ་མེད་པའི་སྦྱིན་པ་ཕུལ་བར་གྱུར་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པ་གཞན་ཞིག་གིས་སྙིང་རྗེ་ཆེན་པོ་ཀུན་དུ་བསྐྱེད་དེ། སངས་རྒྱས་བཅོམ་
ལྡན་འདས་རྗེས་སུ་དྲན་པར་བྱེད་པ་ན། གོས་པ་མེད་པའི་སེམས་ཀྱིས་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་མི་འདོད་པར་སེམས་ཅན་གཅིག་ཅིག་ལ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཞིག་སྒྲོགས་པར་བྱེད་ཅིང་། དེས་ཚིགས་སུ་བཅད་པ་དེ་བཤད་
ནས་ཀྱང་། ཡི་གེ་མཉམ་པ་ཉིད་ཀྱིས་འདི་ལྟ་སྟེ། དཔེར་ན་ཡི་གེ་འདི་དག་རང་བཞིན་གྱིས་སྟོང་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་ནོ་ཞེས་རབ་ཏུ་རྟོག་པར་བྱེད་ན། རིགས་ཀྱི་བུ་དག་བསོད་ནམས་ཀྱི་ཕུང་པོ་དེ་ལ། བསོད་ནམས་ཀྱི་ཕུང་པོ་སྔ་མ་
དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་སྟོང་གི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་གྱི་ཆ་དང་། གྲངས་དང་། བགྲང་བ་དང་། དཔེ་དང་
ཉེ་བར་འཇལ་བ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་བའི་ཕྱིར་རོ་ཞེས་གསུངས་པ་ན། དགེ་སློང་ཆོས་དང་ཆོས་བཟངས་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་ཀྱང་བདག་ཏུ་མངོན་པར་འདུ་མ་བྱེད་ཅིག་དང་དེས་ནི་མཆོད་པ་བྱས་པར་
Vol. 112 · folio 114b
འགྱུར་རོ། །སངས་རྒྱས་སུ་འདུ་ཤེས་པ་ལ་ནི་སངས་རྒྱས་མཐོང་བ་ཡང་མེད་ན། མཆོད་པའི་ལས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་དོ། །གཞན་ཡང་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་ནི་བདག་ཉིད་མཆོད་པར་བྱའོ། །དགེ་སློང་དང་ལྷ་དེ་དག་གིས་འདི་
སྐད་ཅེས་སྨྲས་སོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་བདག་ཉིད་མཆོད་པར་བྱ། དགེ་སློང་ཆོས་དང་ཆོས་བཟངས་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཆོད་པ་གང་གིས་
བདག་ཉིད་སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འོས་པར་མཆོད་པ་དེ་ལྟར་བདག་ཉིད་མཆོད་པར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པས་བསླབས་པ་དེ་ལྟར་བསླབ་པར་བྱ་ཞིང་བསླབ་པས་རློམ་སེམས་སུ་ཡང་མི་བྱའོ། །ཆོས་རབ་ཏུ་དབྱེ་བར་བྱ་ཞིང་རབ་ཏུ་ཕྱེ་ནས་ཀྱང་ཆོས་
འགའ་ཡང་བསམ་པར་མི་བྱ་སྟེ། གང་གི་ཚེ་ཁྱེད་ཅག་དེ་ལྟར་བདག་ཉིད་མཆོད་པར་བྱེད་པ་དེའི་ཚེ་ན། དེ་བཞིན་གཤེགས་པ་ཡང་མཆོད་པར་འགྱུར་ལ། ཁྱེད་ཅག་ཉིད་ཀྱང་མཆོད་པར་འོས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མཆོད་པར་འདོད་
པས་ནི་བདག་ཉིད་མཆོད་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་བདག་ཉིད་མཆོད་པར་མཛད་པ་དེ་ལྟར་མཆོད་པར་བྱ་ཞིང་། དེ་བཞིན་གཤེགས་པའི་སྐུ་གདུང་ཡོན་ཏན་གང་དག་དང་ལྡན་པས་མཆོད་པ་མཉེས་པར་འགྱུར་བའི་ཡོན་ཏན་དེ་དག་བདག་ཉིད་ཀྱིས་བསྒྲུབ་པར་
བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འགྱུར་རོ། །གང་འདུ་ཤེས་དང་མཚན་མ་སྐྱེད་པར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་བདག་ཏུ་རྟོག་པར་མི་བྱེད་པ་དང་། རྣམ་པར་རྟོག་པར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །
གང་འཇིག་རྟེན་ཕ་རོལ་ཏུ་མི་འགྲོ་བ་དང་། འཇིག་རྟེན་འདིར་མི་འོང་བ་དང་། གང་ཚུ་རོལ་ལ་ཡང་མི་གནས། ཕ་རོལ་ལ་ཡང་མི་གནས་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་ཆགས་པ་མེད་པ་དང་། རྟག་པ་མེད་པ་དང་། གང་ལ་འཛིན་པ་མེད་པ་དང་།
Vol. 112 · folio 115a
སྤོང་བ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་བྲི་བ་མེད་པ་དང་། འཕེལ་བ་མེད་པ་དང་། གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གང་ལ་ཟད་པ་མེད་པ་དང་། མི་ཟད་པ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་
ཡིན་ནོ། །གང་ལ་སེམས་མེད་པ་དང་། སེམས་ལས་བྱུང་བའི་ཆོས་རྣམས་མེད་པ་དང་། ཡིད་ལ་བྱེད་པ་རྣམས་མེད་པ་དང་། བདག་གི་མེད་པ་དང་། ཡོངས་སུ་འཛིན་པ་མེད་པ་དང་། འཚེ་བ་མེད་པ་དང་། འཐབ་པ་མེད་པ་དང་། རྩོད་པ་མེད་པ་དང་། འགལ་བ་མེད་པ་དང་། བླང་
བ་མེད་པ་དང་། དོར་བ་མེད་པ་དང་། གཉིས་སུ་མེད་པར་འཇུག་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འདུས་བྱས་མེད་པ་དང་། གྲངས་མེད་པ་དང་། བགྲང་དུ་མེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་
འདུ་བྱེད་པའི་བྱ་བ་མེད་པ་དང་། ལུས་དང་ངག་དང་ཡིད་ཀྱིས་མི་དམིགས་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་འདས་པའི་འདུ་ཤེས་མི་འཇུག་པ་དང་། ད་ལྟར་དང་མ་འོངས་པའི་འདུ་ཤེས་མི་འཇུག་པ་དང་། གང་རྟེན་པར་མི་བྱེད་པ་དང་། མངོན་པར་ཞེན་པར་
མི་བྱེད་པ་དང་། མཚན་མར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གང་ལ་སངས་རྒྱས་སུ་འདུ་ཤེས་མི་འཇུག་པ་དང་། ཆོས་སུ་མ་ཡིན། དགེ་འདུན་དུ་མ་ཡིན། གང་ཟག་ཏུ་མ་ཡིན། བདག་ཏུ་མ་ཡིན། གཞན་དུ་མ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་
པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་མི་སྐྱེ་བའི་མཚན་ཉིད་ཡིན་པས་དེ་ནི་སྐྱེ་བས་མཆོད་པར་སླ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་དང་། འོད་སྲུངས་དེ་ལྟར་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་དགེ་སློང་དང་། ལྷ་དེ་དག་ཟབ་མོའི་བཟོད་པ་ཡང་དག་པར་
འཛིན་དུ་བཅུག་པས། དེ་ཕྱིན་ཆད་དེ་དག་ཐམས་ཅད་བདག་གི་དོན་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང་། བྱ་བ་ཉུང་ངུར་གནས་པས་གནས་པར་གྱུར་ཅིང་། ཕྱིན་ཆད་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ཀྱི་དྲུང་དུ་ཡང་མི་འགྲོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་
Vol. 112 · folio 115b
ལ་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གི་སེམས་ཆོས་ཟབ་མོ་བླ་ན་མེད་པ་དག་ཉིད་ལ་ཞུགས་པར་གྱུར་པའི་ཕྱིར་རོ། །འོད་སྲུངས་དེ་ནས་ཞག་བདུན་འདས་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཐམས་ཅད་ཀྱང་ས་ལ་
ནུབ་པར་འགྱུར། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཐམས་ཅད་ཀྱང་ཕྲོག་མར་བླུགས་པ་བཞིན་ནམ། སྣོད་དུ་བླུགས་པ་བཞིན་དུ་དེ་ཉིད་དུ་མི་སྣང་བར་འགྱུར་ཏེ། འོད་སྲུངས་དེ་ལྟ་བས་ན་སྐྱེས་བུ་དམ་པ་དེ་ལྟ་བུ་དག་གི་རྗེས་སུ་བསླབ་པར་བྱའོ། །འོད་སྲུངས་ཡང་མ་འོངས་
པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། ཉན་ཐོས་ཀྱི་ཐེག་པ་པའི་དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་
པས་འཚོ་བར་སེམས་ཀྱི། མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་ཞིང་། འདོད་ཆགས་དང་བྲལ་བའི་ཕྱིར་ནི་མ་ཡིན་ནོ་ཞེས་གསུངས་པའི་བར་དང་། འོད་སྲུངས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། དགེ་སློང་ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་
མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་རས་བཅོས་བུ་དང་། རྩིག་པ་དང་། ར་བ་དག་གི་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དག་འདྲི་བར་འགྱུར་ཞིང་། དེ་དག་གིས་འཚོ་བར་སེམས་པར་ཡང་འགྱུར་ཏེ། ལས་དེས་བདག་ཉིད་
རློམ་སེམས་སུ་བྱེད་སྟོད་པར་བྱེད་ཅིང་གཞན་དག་ལ་བརྙས་པ་དང་། སྨོད་པར་ཡང་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་
ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་བསོད་ནམས་འདི་ཙམ་དུ་སྐྱེ་བར་འགྱུར་རོ་ཞེས་བཀའ་མ་སྩལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་ནི་དེ་བཞིན་ཏེ། རྒྱལ་པོ་གསལ་རྒྱལ་ནི་ཁྱིམ་པ་གོས་དཀར་པོ་གྱོན་པ་ཡིན་པས། དེ་དེ་བཞིན་
Vol. 112 · folio 116a
གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་ན། དེ་ནི་དེ་ལ་མཆོད་པ་བྱེད་པར་འགྱུར་བར་ཟད་ཀྱི། གཞི་དེས་ཆོས་གོས་སམ། བསོད་སྙོམས་སམ། རྙེད་པ་ཅུང་ཟད་ཀྱང་འདོད་པར་མི་བྱེད་དོ། །འོད་སྲུངས་མི་བླུན་པོ་དེ་དག་ནི་གཞི་དེས་འཚོ་བར་འགྱུར་བར་སེམས་ཏེ།
དེ་དག་ནི་དོན་བྱའོ་སྙམ་དུ་སེམས་ལ་དོན་མེད་པ་ཁོ་ན་བྱེད་པ་ཡིན་ནོ་ཞེས་གསུངས་པའི་བར་དང་། འོད་སྲུངས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཤིན་ཏུ་ཟིན་པར་བྱས་པ། བྱི་དོར་ལེགས་པར་བྱས་
པ། ཆུ་ཞེང་དུ་རི་རབ་ཙམ་ཡོད་པ་བྱེད་དུ་བཅུག་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལྟ་བུ་དག་གིས། སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་
ལྟར་འདབ་ཆགས་སུ་ཡོངས་སུ་བཀང་བར་གྱུར་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་མམ། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གཟུགས་སོར་
མོའི་ཕྱོགས་ཙམ་ཞིག་བགྱིད་དུ་སྩལ་ན་ཡང་བསོད་ནམས་མང་དུ་བསྐྱེད་ལགས་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་རི་རབ་ཙམ་དུ་མ་བགྱིད་དུ་སྩལ་བ་ལྟ་སྨོས་ཀྱང་ཅི་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་
བྱ་སྟེ། དེ་བས་ཀྱང་བྱང་ཆུབ་སེམས་དཔའ་གང་ཞིག་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རབ་ཏུ་རྟོག་པར་བྱེད་པ་ན། ཐ་ན་སེ་གོལ་གཏོགས་པ་ཙམ་ཞིག་ཆོས་ཟབ་མོ་རྣམས་ལ་བཟོད་པ་ཐོབ་པར་གྱུར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་བས་ཀྱང་གང་ཞིག་ཚུལ་ཁྲིམས་
ཀྱི་ཕུང་པོ་ལ་གནས་ཤིང་། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བཟུང་ནས་ཚིགས་སུ་བཅད་པ་དེའི་དོན་གང་ཡིན་པ་དེ་ཡང་རྟོག་པར་བྱེད་ལ། སེམས་ཅན་གཅིག་ཙམ་ལ་ཡང་སྟོན་པར་བྱེད་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ་ཞེས་གསུངས་པའི་བར་དང་། ཡང་
Vol. 112 · folio 116b
མདོ་དེ་ཉིད་ལས། འོད་སྲུངས་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཐབས་ལ་མི་མཁས་པ། བརྐམ་པ། འདོད་པས་ཟིལ་གྱིས་ནོན་པ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་ནི་རས་བཅོས་བུ་དང་།
རྩིག་ངོས་ལ་བྲིས་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་གཞན་དག་ལ་མཆོད་པ་བྱས་པས། དངོས་གྲུབ་དང་། རྫུ་འཕྲུལ་ཐོབ་པར་སེམས་ཤིང་། དེ་དག་འདི་སྙམ་དུ་བདག་ཅག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ཡིན་གྱི་གཞན་མཆོད་པ་བྱེད་པ་མ་ཡིན་ནོ་སྙམ་དུ་
རློམ་སེམས་སུ་ཡང་འགྱུར་ཏེ། དེ་དག་དགེ་བ་ཅུང་ཟད་ཙམ་པོ་དེས་བདག་ལ་སྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་ཅིང་། གཞི་དེས་འཚོ་བར་སེམས་པར་ཡང་འགྱུར་རོ། །འོད་སྲུངས་དེའི་ཚེ་ན། གང་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་བཅུག་པ་དང་། འདུས་པ་
དང་། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་པ་རྣམ་པ་སྣ་ཚོགས་དག་མ་གཏོགས་པར། དེ་ལྟར་ལུང་ནོད་པ་ཡོངས་སུ་ཚོལ་བར་མི་འགྱུར་རོ། །ཁ་ཏོན་མི་བྱེད། བསམ་གཏན་མི་བསྒོམ། ནང་དུ་ཡང་དག་འཇོག་ལ་གཅེས་པར་སེམས་པར་མི་འགྱུར་ཏེ། དེ་དག་དེའི་ཚེ་ན་
ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གིས་མཆོད་པ་དང་། རི་མོར་བྱ་བ་དང་། ཤེས་པ་དང་། ཤིན་ཏུ་ཡོངས་སུ་ཤེས་པར་ཡང་འགྱུར་ཞིང་། གཞི་དེས་དེ་དག་གིས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་ཀྱང་རྙེད་པར་འགྱུར་
རོ། །འོད་སྲུངས་ངས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་ལས་སུ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ཏེ། མང་དུ་ཐོས་པ་ཡོངས་སུ་བཙལ་བར་བྱའོ་ཞེས་བསྟན་ན། དེ་དག་ནི་དེའི་ཚེ་ན་ཚུལ་ཁྲིམས་འཆལ་པ་ཁོ་ནར་གནས་ཤིང་། ཆོས་ཡོངས་སུ་བཙལ་བ་སྤངས་
ནས། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་མཆོད་པའི་ལས་བྱ་བའི་ཕྱིར་བརྩོན་པར་འགྱུར་ཞིང་། གཞི་དེས་འཚོ་བར་འགྱུར་བར་སེམས་པ་ལ་ལྟོས་ཞེས་གསུངས་སོ། །ཆོས་ཐམས་ཅད་མངོན་པར་འབྱུང་བའི་རྒྱལ་པོའི་མདོ་ལས་ཀྱང་། ཤཱ་རིའི་བུ་དེ་ལྟ་བས་ན།
Vol. 112 · folio 117a
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དགོས་པ་བླ་ན་མེད་པ་དེ་ལ་ལན་དུ་བྱ་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་འདི་ནི་ལན་དུ་བྱ་བ་བླ་ན་མེད་པ་དང་། ཕན་གདགས་པ་ཅི་འདྲ་བ་དེ་འདྲ་བའི་སླར་ཕན་གདགས་
པ་ཡིན་པར་བལྟ་བར་བྱའོ། །མཚུངས་པ་མེད་པའི་སེམས་ཅན་དཔེ་མེད་པའི་སེམས་ཅན་ལ་ལན་དུ་བྱ་བར་འདོད་པས་མཚུངས་པ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། གང་འདི་བླ་ན་མེད་པའི་སེམས་བསྐྱེད་པའོ། །ཤཱ་རིའི་བུ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་
ལ་ལན་དུ་བྱ་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལན་དུ་བྱ་བར་འདོད་པས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་
པར་བྱའོ། །ཤཱ་རིའི་བུ་གང་ཡང་ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་པ་དེ་དག་ལ་དྲིན་ལན་བླ་ན་མེད་པ་བྱ་བར་འདོད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་གང་ཟག་གཉིས་
པོ་འདི་ནི་དེ་བཞིན་གཤེགས་པ་བླ་ན་མེད་པའི་མཆོད་པ་ཉིད་ཀྱིས་མཆོད་པར་བྱེད་པ་ཡིན་ཏེ། གང་ཟག་གཉིས་པོ་གང་ཞེ་ན། གང་དག་ཟག་པ་ཐམས་ཅད་ཟད་པར་བྱེད་པ་དང་། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པའོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསྟན་པའི་གང་ཟག་འདི་གཉིས་ཀྱིས། །དེ་བཞིན་གཤེགས་པ་མཆོད་བྱེད་དེ། །བྱང་ཆུབ་སེམས་དང་དགྲ་བཅོམ་པ། །གང་ཟག་གཉིས་པོ་འདི་ཉིད་དོ། །གང་གིས་བདག་ཉིད་ཆེ་དེ་ལ། །བཀུར་སྟི་ལེགས་
པར་བྱས་གྱུར་པའི། །ཟང་ཟིང་དེ་འདྲ་འཇིག་རྟེན་གྱི། །སྲིད་པ་གསུམ་ན་གནས་ཡོད་མིན། །གང་ཞིག་ལྷ་དང་མི་རྣམས་ཀྱི། །གཟུགས་སྒྲ་དྲི་རོ་རེག་བྱ་དག །བདག་ཉིད་ཆེན་པོ་དེ་རྣམས་ལ། །ཕུལ་བས་ཅུང་ཟད་བྱས་མི་བརྗོད། །གང་གིས་རྒྱ་ཆེན་བྱང་ཆུབ་ཀྱི། །རྒྱུར་གྱུར་
Vol. 112 · folio 117b
སེམས་ནི་བསྐྱེད་པ་འདི། །ཟང་ཟིང་མེད་པའི་མཆོད་པར་ནི། །བླ་མེད་མཁས་པ་རྣམས་ཀྱིས་བརྗོད། །ལྷ་དང་བཅས་པའི་འཇིག་རྟེན་དང་། །དེ་བཞིན་བདུད་བཅས་འཇིག་རྟེན་ན། །ཡོད་པའི་འདོད་ཀུན་དེ་དག་ལ། །ཕུལ་བས་ཅུང་ཟད་བྱས་མི་བརྗོད། །ཅེས་གསུངས་སོ།། །།
དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་དགོངས་པ་བསྟན་པ། དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱི་མའི་དུས་ཕྱི་མའི་ཚེ་ན་ལྔ་བརྒྱ་པ་
ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཅིང་བསྟན་པ་འཁྲུགས་པར་གྱུར་པ་དང་། སེམས་ཅན་རྣམས་ལམ་ངན་པར་ཞུགས་པ་དང་། ཡེ་ཤེས་ཀྱི་སྒྲོན་མ་མྱ་ངན་ལས་འདས་ཏེ་སྟོན་པ་མེད་པའི་ཚེ། མདོ་སྡེ་རྒྱ་ཆེན་པོ་དོན་ཆེ་ཞིང་མཐུ་ཆེ་བ། དམ་པའི་ཆོས་ཐམས་ཅད་ཀྱི་མ་མོ་འདྲ་
བ་དག་འཛིན་ཅིང་ཀློག་ལ་ཁ་ཏོན་དུ་བྱེད་ཅིང་ཀུན་ཆུབ་པར་བྱེད་པ་དང་། གཞན་ལ་རྗོད་ཅིང་སྟོན་ལ་ཡང་དག་པར་སྟོན་ཅིང་གསལ་བར་བྱེད་པ་དང་། དེ་ལ་ཞུགས་པའི་གང་ཟག་རྣམས་ལ་དགའ་བ་དང་། དད་པ་དང་རངས་པར་བྱེད་ཅིང་དེ་དག་ལ་ཕན་འདོགས་པ་དང་། ཟང་
ཟིང་མེད་པའི་སེམས་ཀྱིས་དམ་པའི་ཆོས་ཉན་པ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པར་འདུ་ཤེས་བསྐྱེད་པ་དང་། དམ་པའི་ཆོས་རྣམས་ལ་བདུད་རྩིར་འདུ་ཤེས་བསྐྱེད་པ་དང་། བཅུད་ཀྱིས་ལེན་གྱི་འདུ་ཤེས་བསྐྱེད་པ་དང་། རྩིའི་འདུ་ཤེས་བསྐྱེད་པ་དང་། ལུས་དང་
སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང་། བཙལ་ནས་ཀྱང་ནན་ཏན་གྱིས་བསྒྲུབ་པའོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་
མདོ་ལས་ཀྱང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ངས་ཆོས་གང་མངོན་པར་རྫོགས་པར་སངས་
Vol. 112 · folio 118a
རྒྱས་པ་དེ་བརྗོད་དུ་མེད་དོ་ཞེས་གསུངས་ན། བཅོམ་ལྡན་འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན། དམ་པའི་ཆོས་ཡོངས་སུ་གཟུང་བ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་
དེ་བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བརྗོད་དུ་མེད་དོ། །རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་གིས་བརྗོད་དུ་མེད་པ་འདུས་མ་བྱས་པའི་ཆོས་དེ་བསྙད་པའི་ཡི་གེའི་ངེས་པའི་ཚིག་དེ་དག་གང་ལེན་པ་དང་། འཛིན་པ་དང་། སྟོན་པ་དང་།
རབ་ཏུ་ཤེས་པར་བྱེད་པ་དང་། འཇོག་པ་དང་། རྣམ་པར་འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་
བུ་འདི་དག་འཛིན་པ་དང་། སྟོན་པ་དང་། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་། བསྟེན་པ་དང་། བསྙེན་བཀུར་བྱེད་པ་དང་ལྡན་པ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེས་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། ཀུན་དུ་སྲུང་བ་དང་། སྦེད་པ་དང་།
ཡོངས་སུ་འཛིན་པ་དང་། གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། ཇོ་བོ་ལྟ་བུར་ཀུན་དུ་སྲུང་བ་དང་། དགེ་བ་ཀུན་དུ་སྲུང་བ་དང་། བསྔགས་པ་བརྗོད་པ་དང་། མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་
པའོ། །རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མེད་པ་ལ་ཡིད་ཆེས་པ་དང་། སྨོན་པ་མེད་པ་ལ་སོམ་ཉི་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་
གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང་། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས་དང་མཐུན་པས་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང་། སེམས་ཅན་བསྡུ་བ་དང་། རབ་ཏུ་ཐར་བར་བྱ་བའི་བློ་དང་།
Vol. 112 · folio 118b
ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ལུས་དང་སྲོག་འདོར་ཞིང་། མདོ་སྡེ་འདི་ལྟ་བུ་འདི་དག་ཀུན་དུ་སྲུང་བ་དང་། སྦེད་པ་དང་། སྒྲུབ་པར་དགོན་པ་ན་གནས་པ་འདི་ཡང་དམ་པའི་ཆོས་ཡོངས་
སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་ལས་བྱུང་བ་འམ། ཆོས་བསྟན་པའི་རྒྱུ་ལས་བྱུང་བས་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་འབྱིན་པའམ། རྔུབ་པ་གཅིག་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་
གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཞིང་། མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ་ཞེས་གསུངས་པ་དང་། ཡང་མདོ་དེ་ཉིད་ལས། རིགས་ཀྱི་བུ་ཀྱེ་མའོ་སེམས་འདི་ནི་ཡུལ་ལ་རབ་ཏུ་འཆོར་བ་སྟེ་གང་དེ་ཟློག་པ་དང་། ཡོངས་སུ་སྲུང་བ་དང་། རྩེ་གཅིག་ཏུ་འགྱུར་བ་དང་། དུལ་
བ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་གསུངས་སོ། །ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་ཀྱང་། འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་རང་སངས་རྒྱས་རྣམས་
ཀྱི་རྙེད་པ་དང་བཀུར་སྟི་བཅད་པའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེ་དག་གི་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པ་བསྒྲགས་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི་ཐེག་པ་ཆེན་པོ་ལ་
མོས་པའི་བྱང་ཆུབ་སེམས་དཔའ་གཅིག་གི་རྙེད་པ་དང་བཀུར་སྟི་བཅད་པའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་སེར་སྣའི་སེམས་བསྐྱེད་ཅིང་བསྔགས་པ་མ་ཡིན་པར་བསྒྲགས་ན་ཡང་། འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་གང་ལ་ལ་ཞིག་དམ་པའི་ཆོས་ཡོངས་སུ་
གཟུང་བའི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དགའ་བའི་སེམས་ཀྱིས་ཐ་ན་ཆུ་རའི་ཆུ་ཙམ་བྱིན་ན་ཡང་ལས་དེས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་མ་མྱོང་བར་འགྱུར་ན། བྱང་ཆུབ་སེམས་དཔའ་ཀློག་པ་དང་། ཁ་ཏོན་བྱེད་པ་ལ་མོས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །
Vol. 112 · folio 119a
དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོ་ལས་ཀྱང་། ཤེས་འདོད་ཅན་དང་ཕྲག་དོག་ཅན་དང་ནི། །ཚེར་མ་ཅན་དང་བཅོས་མ་སྟོན་པ་དང་། །བརྗོད་པ་ཙམ་དང་སྤྱོད་ཡུལ་དམན་པ་ཡིན། །བདེ་གཤེགས་བྱང་ཆུབ་སྲུང་བར་ནུས་མ་ཡིན། །བས་མཐའ་
དགོན་པ་ལ་དགའ་དབེན་པ་ཡི། །སྤྱོད་ཡུལ་ཅན་དང་ཟབ་མོ་ལ་བཟོད་ཅིང་། །ཚིག་ཙམ་སྨྲ་མིན་རལ་གྲི་ལྟ་བུ་དང་། །བཤེས་དང་བདེ་བ་ལས་ནི་རིང་གྱུར་པ། །དེ་ནི་བྱང་ཆུབ་ཉམས་པ་བསྲུང་བ་ཡིན། །ཚོགས་ལས་རིང་ཞིང་རབ་ཏུ་ཞི་ལ་མོས། །རི་དགས་སྐྲག་བཞིན་གནས་པ་མེད་པར་
སྤྱོད། །མཁའ་ལ་རླུང་བཞིན་རྙེད་ལ་ཆགས་མེད་པ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །ལུས་ལ་མི་ལྟོས་སྲོག་ནི་དོན་མི་གཉེར། །བར་དོར་གཉེན་ལ་དགའ་འགྱུར་སྨོས་ཅི་དགོས། །བརྩོན་བརྩམས་བདག་གི་བ་མེད་ཅང་མི་འཛིན། །དེ་ནི་ཕྱི་མའི་དུས་ན་བྱང་ཆུབ་སྣོད། །ཕྱི་དུས་
འདིར་ནི་སེམས་ཅན་འབྱུང་འགྱུར་བ། །བྱང་ཆུབ་དོན་དུ་བདག་གིས་སྤྱད་སྨྲ་ཞིང་། །གང་དག་སེམས་ཀྱིས་འཆགས་དང་ཚུལ་འཆོས་བཅས། །འཛིན་བཅས་དེ་དག་ཆོས་ནི་སྲུང་མི་ནུས། །ཞེས་གསུངས་སོ། །བདེན་པའི་རྣམ་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་
སེམས་དཔའ་བསྟི་སྟང་གིས་ཆོས་འཚོལ་བར་བྱེད་ཅིང་། བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་ལ། བསྟི་སྟང་གིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་བསྟི་སྟང་གིས་ཆོས་བཙལ་བར་བྱ་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་
དཔའ་ཆོས་འདོད་པས་མཁན་པོ་དང་། སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དེ་འཇིག་རྟེན་ན་མེད་དོ། །གང་ལུས་ཀྱི་རིམ་གྲོ་མི་བྱེད་པ་དེ་མེད་དོ། །གང་དཀའ་བས་བཏང་བ་ལ་མི་སྤྲོ་བ་དེ་མེད་དོ། །གང་དག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།
དེ་བཞིན་དུ་སྦྱར་ཏེ། ཆོས་རིན་པོ་ཆེ་ནི་རིན་པོ་ཆེ་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ཡིན་པས་བདག་གིས་རིན་པོ་ཆེ་ཐམས་ཅད་བཏང་ནས་ཆོས་རིན་པོ་ཆེ་བཙལ་ཞིང་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་འཆིང་བ་ཐམས་ཅད་གཅོད་པར་འགྱུར་བའོ། །ཆོས་འདི་ནི་སྐྱེ་བ་དང་།
Vol. 112 · folio 119b
རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་གཅོད་པར་འགྱུར་བའོ་སྙམ་ནས། རིན་པོ་ཆེའི་སེམས་བསྐྱེད། རྙེད་དཀའ་བའི་སེམས་བསྐྱེད། སྨན་གྱི་སེམས་བསྐྱེད་དེ། ཆོས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་
ནད་ཉེ་བར་ཞི་བར་བྱེད་པར་འགྱུར་བས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱ་བའི་ཕྱིར། ཆོས་འདི་ལྟ་བུ་བཙལ་བར་བྱའོ་ཞེས་དེ་ལྟ་བུའི་བསམ་པས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་བར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
རིན་ཐང་མེད་པའི་སེམས་བསྐྱེད་ཅིང་། བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་ཅེ་ན། དེ་ཚིག་བཞི་པའི་ཚིགས་སུ་བཅད་པའི་ཆེད་དུ་རི་རབ་ཙམ་གྱི་རིན་པོ་ཆེའི་ཕུང་པོ་ཡོངས་སུ་བཏང་ཡང་དེ་ལ་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི། ཅི་སྟེ་གང་ཚིག་བཞི་པའི་ཚིགས་སུ་བཅད་པ་འདི་
འཛིན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་བསྐྱེད་དོ། །ཆོས་ཀྱི་ཚིག་གཅིག་གི་ཆེད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ། སྲིད་པའི་རྩེ་མོ་དང་མཉམ་པ་འདི་ཡོངས་སུ་གཏོང་ཡང་དེ་ལ་ནི་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི་ཅི་སྟེ་གང་ཆོས་ཀྱི་ཚིག་གཅིག་
པོ་འདི་འཛིན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་གུས་པ་དང་། དེ་ལྟ་བུའི་རི་མོར་བྱེད་པས་ཆོས་ཡོངས་སུ་འཛིན་པར་བྱེད་དེ། ཤཱ་རིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའི་ངོ་མཚར་ཡིན་ནོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཅི་སྐྱེས་བུ་
སྲོག་དོན་དུ་གཉེར་བས་སྲོག་གི་ཕྱིར་ཡང་རིན་པོ་ཆེའི་ཕུང་པོ་འདི་ཙམ་ཡོངས་སུ་གཏོང་བ་ཡོད་དམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པས་ཆོས་ཀྱི་ཚིག་
གཅིག་གི་དོན་གྱི་ཕྱིར་ཡང་བདག་ཉིད་ཚངས་པའི་འཇིག་རྟེན་ནས་འདོར་བ་འམ། ཡང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་འདི་ལ་འཇུག་ཏུ་ཟིན་ཀྱང་དཀའ་བའི་འདུ་ཤེས་སྐྱེད་པར་མི་བྱེད་ཀྱི། ཅི་སྟེ་གང་ཆོས་ཀྱི་ཚིག་འདི་འཛིན་པ་དེ་ཉིད་ལ་དཀའ་
Vol. 112 · folio 120a
བའི་འདུ་ཤེས་སྐྱེད་པར་བྱེད་དེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པར་བྱེད་དོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསྟི་སྟང་དུ་བྱེད་པས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཅེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་
ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ན་ཟང་ཟིང་གི་སེམས་སྐྱེད་པར་མི་བྱེད་དེ། བདག་གིས་སྦྱིན་པ་འདི་ལས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་རྙེད་པར་འགྱུར་བ་འམ། ཐ་ན་བདག་གིས་སྦྱིན་པ་འདི་ལས་ལེགས་སོ་ཞེས་བྱ་བ་
ཡང་རྙེད་པར་འགྱུར་རོ་ཞེས་སྐྱེས་བུ་དམ་པ་དེ་དེ་ལྟ་བུའི་བསམ་པས་ཆོས་ཀྱི་སྦྱིན་པ་སྦྱིན་པར་མི་བྱེད་དོ། །འོན་ཀྱང་ཇི་ལྟར་སེམས་ཅན་འདི་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།
འཁྲུག་པ་རྣམས་ལས་ཐར་བར་བྱ་ཞེས་དེ་ལྟར་ན་སྦྱིན་པ་སྦྱིན་པར་བྱེད་དེ། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་དག་ནི་དེ་ལྟ་བུའི་བསམ་པ་དང་། དེ་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །ཤཱ་རིའི་བུ་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ལ། ལ་ལ་ཞིག་འདི་སྐད་དུ། གལ་ཏེ་བདག་
ལ་ཁྱོད་ཀྱིས་ལུས་སྦྱིན་པ་ལྟ་ན། བདག་ཁྱོད་ལ་ཆོས་ཀྱི་སྦྱིན་པ་འདི་ལེན་པར་འདོད་དོ་ཞེས་ཟེར་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་ཕན་པར་འདོད་པ་ཡོད་ན། འདི་སྐད་དུ། ཁྱོད་ལ་བདག་གི་ཡན་ལག་དང་། ཉིང་ལག་ལས་མཆོག་དང་མཆོག་ཏུ་གྱུར་པའི་ཤ་
དག་ཀྱང་ཟོ་ཤིག །འདོད་ཆགས་ཟད་པར་བྱེད་པའི་ཆོས་འདི་ཡང་ཟུང་ཤིག་ཅེས་སྨྲ་བར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་བྱེད་པ་ན་ཡང་དཀའ་བའི་འདུ་ཤེས་མི་སྐྱེད་ཀྱི། ཅི་སྟེ་གང་འདི་ཆོས་ཀྱི་སྦྱིན་པ་དེ་སྟོན་པ་དེ་ཉིད་ལ་ནི་དཀའ་བའི་འདུ་ཤེས་སྐྱེད་པར་བྱེད་དོ། །
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད། དེ་ལྟ་བུའི་བསྟི་སྟང་གིས་ཆོས་འཛིན་པར་བྱེད། དེ་ལྟ་བུའི་བསྟི་སྟང་གིས་ཆོས་ཚོལ་བར་བྱེད་དོ། །ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་ངེས་པར་ཡོངས་སུ་ཚོལ་བ་པོའི་སེམས་ཅན་ཡང་
Vol. 112 · folio 120b
རྙེད་དཀའ་བ་ཡིན། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་ཡོངས་སུ་འཛིན་པ་པོའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན། ཤཱ་རིའི་བུ་དེ་ལྟ་བུའི་བསྟི་སྟང་གིས་ཆོས་སྦྱིན་པ་པོའི་སེམས་ཅན་ཡང་རྙེད་དཀའ་བ་ཡིན་ཏེ། གང་རྙེད་དཀའ་བ་དེ་ནི་ངོ་མཚར་དུ་གྱུར་པ་ཡིན་ལ། དེ་
དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་བསྔགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་ཆོས་གསུམ་པོ་འདི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྔགས་པའི་བྱ་བ་རྗེས་སུ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས་ཀྱང་། འཇམ་དཔལ་གལ་
ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ནས་འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་དགའ་བ་དང་རོལ་བར་བྱེད་ལ་སུ་ཞིག་དེའི་ཤིང་རྟ་འདྲེན་པར་མི་བྱེད་ན། འཇམ་དཔལ་ངས་དེའི་ཤིང་རྟ་དྲང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་ལ་
སྨོད་ཅིང་ཉོན་མོངས་ཐམས་ཅད་ཕམ་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་རྣམས་རྫོགས་པར་བྱེད། མི་འཇིགས་པ་བཞི་དང་། སོ་སོར་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྫོགས་པར་བྱེད་པའི་དུས་དེ་ནི་ཡོད་ལ། ཉན་
ཐོས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་འཇུག་ཅིང་། སེམས་ཅན་གྱི་ཁམས་ཀྱི་ཕྱིར་གོ་ཆ་གྱོན་པར་མི་ནུས་པ་དེས་ན་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཡོངས་སུ་གཟུང་བར་གསུང་བར་མཛད་དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་
ཡོན་ཏན་གཞལ་དུ་མེད་པ་ཡིན་པས། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཡོངས་སུ་གཟུང་བར་བྱའོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་གཟུང་བས་ནི་དམ་པའི་ཆོས་ཡོངས་སུ་གཟུང་བར་འགྱུར་རོ། །དམ་པའི་ཆོས་ཡོངས་སུ་བཟུང་བས་ནི་སེམས་
ཅན་ཐམས་ཅད་ཡོངས་སུ་གཟུང་བ་བྱས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བས་ནི་སངས་རྒྱས་ཀྱི་གདུང་མི་གཅད་པ་བྱས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་གདུང་མི་གཅད་པར་འདོད་པས། ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་
Vol. 112 · folio 121a
སེམས་དཔའ་ལས་ཀྱང་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ངེས་པར་གཞོམ་པར་འདོད་པ་དང་། ངན་འགྲོ་ངན་སོང་ཐམས་ཅད་དུ་ལྟུང་བའི་གནས་དགག་པར་འདོད་པས། བྱང་ཆུབ་སེམས་དཔའ་རྣམས་ཅུང་
ཟད་ཙམ་གྱིས་ཀྱང་ཡོངས་སུ་གཟུང་བར་བྱའོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བའི་བདེ་བ་གྲངས་མེད་པ་རྗེས་སུ་མྱོང་བར་འདོད་པ་དང་། དེ་བཞིན་དུ་བརྒྱ་བྱིན་དང་ཚངས་པའི་བདེ་བདག་རྗེས་སུ་མྱོང་བར་འདོད་པ་དང་། བདུད་ཀྱི་ཞགས་པ་ཐམས་ཅད་བཅད་པར་འདོད་པ་ནས། བླ་ན་མེད་
ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བར་གྱིས་བྱང་ཆུབ་སེམས་དཔའ་ཡོངས་སུ་གཟུང་བ་ལ་རྣལ་འབྱོར་དུ་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལས་ཀྱང་། བདག་ཏུ་འདུ་
ཤེས་དབང་གྱུར་ནམ་དུ་ཡང་། །བསྟན་པ་འདི་ལ་སྲུང་བར་བྱེད་མི་ནུས། །བདེ་བར་གཤེགས་པའི་བྱང་ཆུབ་ཕྱིར་སྤངས་པ། །རབ་ཏུ་སྟོན་པ་ཕྱི་མའི་དུས་ན་དཀའ། །གང་ཞིག་ཀུན་ནས་བདག་གི་འདུ་ཤེས་སྤོང་། །གང་ཟག་སྨྲ་ལ་བརྟེན་པའི་སེམས་ཅན་དང་། །གཟུགས་དང་སྒྲ་དང་
དྲི་དང་རོ་དང་ནི། །རེག་བྱ་སྤོང་འགྱུར་དེ་ནི་བསྟན་སྲུང་ཡིན། །ཞེས་གསུངས་སོ། །དམ་པའི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམ་པའི་ཆོས་ཡང་དག་པར་སྡུད་པ་
རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གཙོ་བོར་གྱུར་པའི་ཕྲིན་ལས་ལགས་སོ། །བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡང་དག་པར་སྡུད་པ་ལ་མངོན་པར་བརྩོན་པ་ནི་སངས་རྒྱས་རྣམས་མ་ཉེས་པར་བྱེད་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་
ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ལ་བླ་མར་མཛད་པའི་སླད་དུའོ། །བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་སྡུད་པ་གང་ལགས། འདི་ལྟ་སྟེ། ཚིག་དང་དོན་གྱི་སྒོ་ནས་སེམས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་སྟོན་པ་དང་
Vol. 112 · folio 121b
ཁ་ཏོན་བྱེད་པ་ནི་དམ་པའི་ཆོས་ཡང་དག་པར་སྡུད་པ་ཡིན་ནོ་ཞེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས་ཀྱང་། ཚངས་པ་ཆོས་བཞི་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཚོལ་བར་འགྱུར་ཏེ། བཞི་གང་ཞེ་ན། རྙེད་དཀའ་བའི་དོན་གྱིས་
རིན་པོ་ཆེའི་འདུ་ཤེས་དང་། ནད་ཐམས་ཅད་ཞི་བར་བྱེད་པའི་དོན་གྱིས་སྨན་གྱི་འདུ་ཤེས་དང་། རྣམ་པར་འཇིག་པ་མེད་པའི་དོན་གྱིས་ནོར་གྱི་འདུ་ཤེས་དང་། མྱ་ངན་ལས་འདའ་བའི་དོན་གྱིས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་འདུ་ཤེས་ཏེ། བཞི་པོ་འདི་དག་དང་ངོ་། །ཚངས་
པ་ཆོས་བཞི་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཁོར་གྱི་ནང་དུ་ཉེ་བར་འགྲོ་བ་འམ་ཡང་དག་པར་འཇུག་པའི་ཐབས་ལ་མཁས་པར་འགྱུར་ཏེ། བཞི་གང་ཞེ་ན། ཁྱད་དུ་མི་གསོད་པའི་དགོངས་པ་ཉིད་ཀྱིས་ཆོས་དོན་དུ་གཉེར་བ་ཅན་ཉིད་དང་།
ཁེངས་ཤིང་ང་རྒྱལ་མེད་པ་ཉིད་ཀྱིས་གུས་པ་དང་བཅས་པ་ཉིད་དང་། བདག་ལ་བསྟོད་པ་མེད་པ་ཉིད་ཀྱིས་ཅི་ཞིག་ཅེས་དགེ་བ་ཚོལ་བ་ཉིད་དང་། རྙེད་པ་དང་བཀུར་སྟིའི་རྒྱུ་མ་ཡིན་པར་སེམས་ཅན་གཞན་དགེ་བའི་རྩ་བ་ལ་ཡང་དག་པར་སྦྱར་བ་ཉིད་དེ་བཞི་པོ་འདི་དག་དང་ངོ་ཞེས་གསུངས་
སོ། །རྒྱུ་ཅི་ཞིག་གིས་བསྟན་པ་ནུབ་པར་འགྱུར་བ་དམ་པའི་ཆོས་ནུབ་པ་ལ་དགོངས་པ་བསྟན་པ། ཚངས་པས་ཞུས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ན་རིན་པོ་ཆེ་ཐམས་ཅད་བསྡུས་པ་ཞེས་བྱ་བ། རྡོ་རྗེའི་ཚོགས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ཞིག་ཡོད་ལ། དེ་
ཇི་སྲིད་དུ་ཉི་མ་བདུན་ཤར་བར་གྱུར་ཅིང་། ཚངས་པའི་འཇིག་རྟེན་གྱི་བར་དུ་འགྲོ་བར་གྱུར་པའི་ཚེ་ནོར་བུ་རིན་པོ་ཆེ་ཆེན་པོ་ལེན་པར་མི་འགྱུར་འཇིག་པར་མི་འགྱུར་གྱི། གང་ན་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ཀྱི་ཞིང་ན་ཡོད་པའི་རྒྱ་མཚོ་ཆེན་པོ་དེར་ནོར་བུ་རིན་པོ་ཆེ་ཆེན་པོ་
དེ་འཕོ་བར་འགྱུར་རོ། །འོད་སྲུངས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་རྒྱ་མཚོ་ཆེན་པོ་གཞན་དུ་མ་འཕོས་པར་འཇིག་རྟེན་གྱི་ཁམས་འདི་ཚིག་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དེ་དེ་ནི་གནས་ཡོད་པ་མ་ཡིན་པ་ཉིད་དོ། །འོད་སྲུངས་དེ་བཞིན་དུ་དམ་པའི་ཆོས་
Vol. 112 · folio 122a
ཡོངས་སུ་ཉམས་པར་འགྱུར་བ་ན། དེ་ལྟ་བུའི་ངོ་བོའི་སྐྱེས་བུ་དམ་པ་དག །འཇིག་རྟེན་གནས་པ་འདིར་དམ་པའི་ཆོས་མ་ཡིན་པ་བདུན་འབྱུང་བར་འགྱུར་བའི་ཚེ། སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འཕོ་བར་འགྱུར་རོ། །དམ་པའི་ཆོས་མ་ཡིན་པ་བདུན་
པོ་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཀྱི་གནས་དང་། སྡིག་པའི་གྲོགས་པོས་ཡོངས་སུ་འཛིན་པ་དང་། ལོག་པའི་སྦྱོར་བ་དང་། ཕན་ཚུན་འཚེ་བའི་སྦྱོར་བ་དང་། དགེ་བའི་རྩ་བ་རྣམ་པར་འཇོམས་པར་བྱེད་པའི་ལྟ་བས་བྱས་པའི་ཐིབས་པོ་དང་། ཐོབ་པ་མེད་པ་དང་། མངོན་པར་
རྟོགས་པ་མེད་པའོ། །དམ་པའི་ཆོས་མ་ཡིན་པ་བདུན་པོ་དེ་དག་བྱུང་བར་གྱུར་པ་ན། སྐྱེས་བུ་དམ་པ་དག་སེམས་ཅན་རྣམས་སྣོད་མ་ཡིན་ནོ་སྙམ་དུ་རིག་ནས། སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུར་ཏེ། དེ་དག་དེ་ན་སངས་རྒྱས་བལྟ་བ་དང་། དམ་པའི་ཆོས་མཉན་པ་དང་།
སེམས་ཅན་ཡོངས་སུ་སྨིན་པ་དང་། དགེ་བའི་རྩ་བ་བསམ་པ་ཉིད་དང་མི་འབྲལ་བར་འགྱུར་རོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། ཤཱ་རིའི་བུ་མངོན་པའི་ང་རྒྱལ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། མ་ངེས་པའི་ཆོས་སྟོན་པའི་དགེ་སློང་རྣམས་ལས།
དགེ་སློང་ཕལ་ཆེར་འཚོ་བས་འཇིགས་པས་འཇིག་རྟེན་གྱི་ཟང་ཟིང་ལ་འཆུམས་པ། ཟས་དང་། གོས་ལྷུར་ལེན་པ་དེ་དག་གིས་ངའི་བསྟན་པ་འདི་ནུབ་པར་འགྱུར་ཏེ། ཤཱ་རིའི་བུ་འདི་ལྟ་བུའི་ཆོས་དཀོན་མཆོག་ལ་དེ་ལྟར་སྨོད་པ་ཆེན་པོ་བྱེད་པ་ནི་འོས་པ་མ་ཡིན་ནོ། །གང་ལ་སངས་
རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་འདི་ལྟར་གུས་པ་དང་བཅས་པ། འདི་ལྟར་ཞེ་ས་དང་བཅས་པ། རང་སངས་རྒྱས་ཐམས་ཅད་དང་། དགྲ་བཅོམ་པ་ཐམས་ཅད་ཀྱིས་འདི་ལྟར་གུས་པ་དང་བཅས་པ། འདི་ལྟར་ཞེ་ས་དང་བཅས་པ། མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་རྣམས་
དང་། ཚུལ་ཁྲིམས་འཆལ་པ་དང་། མ་ངེས་པའི་ཆོས་སྟོན་པའི་དགེ་སློང་རྣམས་ཀྱིས་ཤིན་ཏུ་ཟིལ་གྱིས་གནོན་པ་དང་། ཤིན་ཏུ་སྤོང་བར་འགྱུར་རོ། །དེ་དག་ནི་བརྐམ་ཆགས་དང་སྲེད་པས་ཟིལ་གྱིས་ནོན་པ་དང་། འཚོ་བའི་འདམ་དུ་བྱིང་བ་དང་། ཟང་ཟིང་ལྷུར་ལེན་པ་དང་། ཕྲག་དོག་
Vol. 112 · folio 122b
དང་སེར་སྣའི་ཀུན་དུ་སྦྱོར་བ་དང་ལྡན་པས་ཕན་ཚུན་རྩོད་པ་འབྱུང་བར་འགྱུར་རོ། །བྱེ་ནས་མི་མཐུན་པས་ཕན་ཚུན་དུ་གུས་པ་མེད་པ་དང་། འཁུ་བ་དང་ཕྲག་དོག་གི་ལམ་གྱིས་འཁུ་བ་དང་། སློབ་དཔོན་ལ་ཁྱད་དུ་གསོད་པ་དང་། སྤྲེའུ་དང་འདྲ་བར་སྤྱོད་པ་དང་། གདོལ་པ་དང་།
ལུས་མ་བསྒོམས་པ་དང་། སྡིག་པའི་ལས་ཀྱི་མཐའ་འཆབ་པ་དག་དེ་དག་དགེ་སྦྱོང་གི་ཆོས་རྣམས་ལས་ཤིན་ཏུ་ཉམས་པ་ཉིད་ཡིན་ནོ། །ཤཱ་རིའི་བུ་དེ་ལ་བདུད་སྡིག་ཅན་གྱིས་སྐྱེས་བུ་དམ་པ་མ་ཡིན་པ། སྡིག་པ་འདོད་པ། འདོད་པ་ཆེ་བ། ཟང་ཟིང་ལྷུར་ལེན་པ། འཚོ་བའི་འདམ་
དུ་བྱིང་བ་དེ་ལྟ་བུ་དེ་དག་གི་བསམ་པ་རིག་ནས། ཇི་ལྟར་ངའི་ཆོས་འདུལ་བ་འདི་རྣམ་པ་ལྔར་འགྱུར་བ་དེ་ལྟ་བུའི་གནས་སྐབས་དག་བྱེད་པར་འགྱུར་རོ། །དེ་དག་གིས་རྣམ་པ་ལྔར་ཕྱེ་ནས་རྩོད་པར་འགྱུར་ཞིང་། དེ་དག་ཕན་ཚུན་དུ་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ལ་མི་སྙན་པ་སྒྲོགས་པར་
འགྱུར་རོ། །འདི་ལྟ་སྟེ། དེ་ལྟར་གཅིག་ལ་གཅིག་ཁ་ཟེར་བ་དང་། གཅིག་ལ་གཅིག་གུས་པ་མེད་པ་དང་ཞེ་ས་མེད་པ་དང་། སྟོན་པའི་བཀའ་བཞིན་མི་བྱེད་པ་དེའི་ཚེ། དེ་དག་གཅིག་ལ་གཅིག་འདོམ་པར་མི་འགྱུར། རྗེས་སུ་སྟོན་པར་མི་འགྱུར་ཞིང་། གང་དག་བྱ་བ་མ་ཡིན་
པའི་གནས་བྱེད་པ་དག་མཐོང་ན། དེ་ལ་ཅུང་ཟད་ཀྱང་དགའ་བར་མི་བྱེད་དེ། དེ་དག་སྐྲག་ནས་གནས་གཏོང་བའམ་ཡུལ་གཏོང་བར་བྱེད་ཀྱི། ཆོས་དང་མཐུན་པས་གདམས་ངག་དབོག་པའམ། རྗེས་སུ་བསྟན་པར་མི་ནུས་སོ། །དེ་དག་ཕྱོགས་སུ་ལྷུང་ནས་གཅིག་ལ་གཅིག་
གིས་བྱིས་པའི་ངའོ་སྙམ་པའི་ང་རྒྱལ་འབྱིན་པར་འགྱུར་ཞིང་ཕན་ཚུན་ནས་རང་གི་སྡེ་པའི་ཕྱོགས་སྤོང་བར་འགྱུར་རོ། །ཤཱ་རིའི་བུ་དེ་དག་ནི་མཐོང་ན་ཡང་ཕན་ཚུན་དུ་དགའ་བར་མི་འགྱུར་ན། གདམས་ངག་དང་རྗེས་སུ་བསྟན་པ་ལེན་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །
ཤཱ་རིའི་བུ་དེ་བཞིན་གཤེགས་པ་བཞུགས་པ་ན་སངས་རྒྱས་དཀོན་མཆོག་གཅིག །ཆོས་དཀོན་མཆོག་གཅིག །དགེ་འདུན་དཀོན་མཆོག་གཅིག་ཡིན་ལ། ཡོངས་སུ་མྱ་ངན་ལས་འདས་ནས་ནི་བསྟན་པ་ཡང་རྣམ་པ་ལྔར་འགྱུར་རོ། །ཤཱ་རིའི་བུ་བདུད་སྡིག་ཅན་གྱིས་འདུན་
Vol. 112 · folio 123a
པ་བྱིན་པའི་སྐྱེས་བུ་གཏི་མུག་ལྷ་སྦྱིན་དགེ་འདུན་འབྱེད་པ་ལ་མངོན་པར་བརྩོན་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་མངོན་སུམ་དུ་གྱུར་པ་ན་ནི་བདུད་སྡིག་ཅན་གྱིས་རྨོངས་པར་བྱ་མི་ནུས་སོ། །ཤཱ་རིའི་
བུ་གང་ཡང་བསྟན་པ་འདི་ལ་བདུད་སྡིག་ཅན་དགེ་སྦྱོང་གི་གཟུགས་སུ་མངོན་པར་སྤྲུལ་ནས་ལོག་པར་འཛིན་པ་རྣམ་པ་དུ་མར་རབ་ཏུ་སྟོན་ཅིང་། དེ་ལ་སྐྱེ་བོ་མང་པོ་རབ་ཏུ་འགོད་པར་གྱུར་པའི་དུས་དེ་དང་དེ་དག་འབྱུང་བར་འགྱུར་རོ། །དེ་ལོག་པར་འཛིན་པ་འདི་ལྟ་བུ་འདི་
དག་རབ་ཏུ་བསྟན་པར་འགྱུར་ཏེ། ཡིད་ཀྱི་ཁམས་ཀྱི་གཞི་འདི་ལྟ་སྟེ། ཆ་དང་མཐུན་པའི་གཞི་དང་། ཟད་པའི་གཞི་དང་མཐུན་པའི་ཆ་དང་། ཐམས་ཅད་ཡོད་པར་སྨྲ་བའི་གཞི་དང་། གང་ཟག་གི་གཞི་དང་། དམིགས་པའི་གཞིའོ། །ཤཱ་རིའི་བུ་ལོག་པར་འཛིན་པ་
འདི་ལྟ་བུ་འདི་དག་རབ་ཏུ་སྟོན་པར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ཀྱིས་ཀྱང་མ་བཤད་དོ། །དེའི་ཚེ་བདུད་སྡིག་ཅན་གྱིས་དེ་དག་མངོན་པར་ཟིལ་གྱིས་མནན་རྨོངས་པར་བྱས། རྨུགས་པར་བྱས། ལྷག་པར་ཟིལ་གྱིས་མནན། མཐུ་ཅན་དུ་
བྱས། མངོན་པར་ཞེན་པར་བྱས་ནས། རང་རང་གི་ལྟ་བ་མཆོག་ཏུ་འཛིན་ཏེ། འདི་ཁོ་ན་བདེན་གྱི་གཞན་གྱི་ནི་རྨོངས་པ་ཡིན་ནོ་ཞེས་གླེང་བར་བྱེད་དོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་མ་འོངས་པའི་ཆོས་ཀྱི་བར་ཆད་ལ་ཀུན་དུ་གཟིགས་ནས་བདུད་སྡིག་ཅན་གྱི་ཕྱོགས་
ཚར་གཅད་པ་དང་། གཞོམ་པའི་ཕྱིར་དེ་ལྟ་བུའི་མདོ་སྡེ་འདི་ཡང་དག་པར་སྟོན་ཏོ། །ཤཱ་རིའི་བུ་དེའི་ཚེ་མངོན་པའི་ང་རྒྱལ་ཅན་གྱིས་འཛམ་བུའི་གླིང་ནི་རབ་ཏུ་གང་བར་འགྱུར་རོ། །དེ་དག་གནས་སྐབས་ཙམ་གྱིས་མ་ཐོབ་པར་ཐོབ་པོ་སྙམ་པའི་འདུ་ཤེས་ཅན་དུ་འགྱུར་ཏེ། དེ་དག་
འཆི་བའི་དུས་ཀྱི་ཚེ་ཕལ་ཆེར་ངན་འགྲོ་རྣམས་སུ་རབ་ཏུ་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྔ་བརྒྱ་པ་ཐ་མ་ལ། འཇིག་རྟེན་དུ་བྱུང་བར་གྱུར་པ་འདི་ལྟ་བུའི་
Vol. 112 · folio 123b
ངོ་བོའི་མདོ་སྡེ་འདི་དག་གིས་རྣམ་པ་འཇིག་པ་བཞི་འབྱུང་བའི་དུས་དེ་ནི་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། དགེ་སློང་རྣམ་པར་འཇིག་པ་དང་། ཆོས་རྣམ་པར་འཇིག་པ་དང་། སེམས་ཅན་རྣམ་པར་འཇིག་པ་དང་། རྒྱལ་སྲིད་རྣམ་པར་འཇིག་པའོ། །འོད་སྲུངས་རྣམ་པར་འཇིག་པ་བཞི་
པོ་འདི་དག་འཇིག་རྟེན་དུ་བྱུང་བར་གྱུར་པ་ན། སེམས་ཅན་མང་པོ་ངན་སོང་ངན་འགྲོར་འགྲོ་བར་འགྱུར་རོ། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྟོན་པ་མངོན་སུམ་དུ་གྱུར་པ་དང་། བསྟན་པ་གཙོ་བོ་དང་། མཆོག་དང་སྙིང་པོར་གྱུར་པ་ན་སེམས་ཅན་མང་པོ་བདེ་འགྲོར་འགྲོ་བར་འགྱུར་རོ། །འོད་
སྲུངས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་སེམས་ཅན་མང་པོ་ངན་སོང་དུ་འགྲོ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བ་ནི་ཉུང་ངོ་། །འོད་སྲུངས་འདི་ལྟ་སྟེ། དཔེར་ན་ད་ལྟར་སྟོན་པ་མངོན་སུམ་དུ་གྱུར་པ་དང་། བསྟན་པ་གཙོ་བོ་དང་མཆོག་དང་སྙིང་པོར་གྱུར་པ་
ན་སེམས་ཅན་མང་པོ་བདེ་འགྲོར་འགྲོ་བར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་རྣམ་པར་འཇིག་པ་བཞི་པོ་འདི་དག་འཇིག་རྟེན་དུ་བྱུང་བར་གྱུར་ན། འཇིག་རྟེན་གནས་པ་འདི་འཕེལ་བ་དང་འགྲིབ་པ་ཐོབ་པར་འགྱུར་རོ། །དེ་ལ་ཀུན་ནས་གཡེང་བའི་རང་བཞིན་ཅན། ཀུ་ལ་ཀུན་ཛི་ཀ་ལྟ་
བུར་གྱུར་པ་དང་། རྩྭ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པ་དང་། འཇིག་རྟེན་གནས་པ་འདི་འཁོར་ལོ་ལ་ཞོན་པ་ལྟ་བུར་འགྱུར་རོ། །འོད་སྲུངས་དེ་ལ་ཇི་ལྟར་ན་དགེ་སློང་རྣམ་པར་འཇིག་པར་འགྱུར་བ་དང་། དགེ་སློང་རྣམ་པར་འཇིག་པའི་ངོ་བོ་ཅི་ཞིག་ཡིན་ཞེ་ན། འོད་སྲུངས་དགེ་སློང་
རྣམས་ལ་ཚུལ་ཁྲིམས་དང་བསམ་གཏན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་རྣམ་པར་འཇིག་པར་འགྱུར་རོ། །གང་ད་ལྟར་ཁྱིམ་པ་གོས་དཀར་པོ་ཅན་རྣམས་ལ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་
མ་བསྒྲིབས་པའི་སྒོ་དེ་ནི། དེའི་ཚེ་ཚུལ་ཁྲིམས་སྤངས་པ། ཚུལ་ཁྲིམས་ཉམས་པ། དགེ་སྦྱོང་གི་ཡོན་ཏན་དང་བྲལ་བ་སྐྱེས་བུ་བླུན་པ། འཚོ་བ་ལྷུར་ལེན་པ་ཉམས་པ། ཉམས་པས་རབ་ཏུ་བྱུང་བ། ཕོངས་པ། སངས་རྒྱས་ཀྱི་བསྟན་པ་སྤངས་པ། དམྱལ་བ་དང་། དུད་
Vol. 112 · folio 124a
འགྲོ་དང་། གཤིན་རྗེའི་འཇིག་རྟེན་གྱི་གཙོ་བོ། ཡོངས་སུ་ཟད་པ་དམུ་རྒོད་དེ་དག་ལ་རྗེས་སུ་མཐུན་པའི་བཟོད་པ་ཡིན་པར་ཡང་མི་འགྱུར་ན། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་
དང་། དགྲ་བཅོམ་པའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་མིང་ཙམ་ཡང་ཐོབ་པར་མི་འགྱུར་ན། དགེ་སྦྱོང་དང་འཕགས་པའི་ཆོས་ལྟ་སྨོས་ཀྱང་ཅི་དགོས། ཟབ་མོའི་ཆོས་ཐོས་ནས་ཆེས་སྐྲག་པ་ཐོབ་པར་འགྱུར་བ་དང་། རབ་ཏུ་སྤོང་བ་འཐོབ་པར་འགྱུར་བ་དེ་ནི་ངན་སོང་དུ་
འགྲོ་བའོ་ཞེས་ང་སྨྲའོ། །འོད་སྲུངས་དེ་ལྟར་ན་དགེ་སློང་རྣམ་པར་འཇིག་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་ཆོས་རྣམ་པར་འཇིག་པར་འགྱུར། ཆོས་རྣམ་པར་འཇིག་པའི་ངོ་བོ་ནི་ཅི་ཞིག་ཡིན་ཞེ་ན། འོད་སྲུངས་ཆོས་རྣམ་པར་འཇིག་པར་འགྱུར་རོ། །ཇི་ལྟ་བུའི་རྣམ་པས་ཆོས་རྣམ་
པར་འཇིག་པར་འགྱུར་ཞེ་ན། དགེ་སློང་གང་ཡང་རུང་བ་འགའ་ཞིག་དགེ་སློང་གཉིས་པ་དང་ལྷན་ཅིག་སངས་རྒྱས་ཀྱི་གསུང་སྒྲོགས་པ་ལ་མི་མཐུན་པར་འགྱུར་རོ། །དེ་དག་ལུགས་གཞན་དང་གཞན་འཛིན་པར་འགྱུར་ཏེ། དཔེར་ན་གཉེན་གྱི་བུ་མུ་སྟེགས་ཅན་གཅེར་བུ་པ་བཞིན་ནོ། །
འོད་སྲུངས་འདི་ན་ཙམ་པ་ཀར་གཉེན་གྱི་བུ་གཅེར་བུ་པ་འཆི་བའི་དུས་བྱས་པར་གྱུར་ལ། དེ་འཆི་བའི་དུས་བྱས་པ་ན་གཅེར་བུ་པ་རྣམས་སོ་སོར་གྱུར་ཏེ། ང་ནི་ཆོས་འདུལ་བ་འདི་ཤེས་པའོ། །ཁྱོད་ནི་ཆོས་འདུལ་བ་མི་ཤེས་པའོ། །སྔོན་དུ་སྨྲ་བར་བྱ་བ་ཕྱི་ནས་སྨྲོས་ཤིག །ཕྱི་ནས་སྨྲ་
བར་བྱ་བ་སྔོན་དུ་སྨྲོས་ཤིག །འདྲེས་པ་དང་། མ་འདྲེས་པ་དང་། སྒྲོ་གདགས་པར་བྱ་བ་དང་། རྩོད་པའི་གཞི་སྨྲོས་ཤིག །གལ་ཏེ་མཐུ་ཡོད་ན་རྩོད་པ་ལས་གྲོལ་བར་བྱ་བའི་ཕྱིར་ངེས་པར་གྱིས་ཤིག་ཅེས་དེ་དག་ཕན་ཚུན་འབྱེད་པ་དང་རྩོད་པ་དང་རྒོལ་བ་ཐོབ་པར་འགྱུར་ཏེ། དེ་དག་ཕན་ཚུན་
ཚིག་གི་མཐུ་དང་། ཚིག་རྩུབ་མོས་སྐྱབས་མེད་པ་དང་། རྟེན་མེད་པ་དང་། མཆོད་རྟེན་བཤིག་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་རྟོགས་པ་མེད་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་འདུལ་བ་ལས་རིང་དུ་གྱུར་པའི་ཕྱིར་རོ། །འོད་སྲུངས་ཁྱིམ་པ་གོས་
Vol. 112 · folio 124b
དཀར་པོ་ཅན་དག་གཅེར་བུ་པ་རྩོད་པར་གྱུར་པ་དེ་དག་ལ་བལྟ་བར་ཡང་མི་འདོད་ན། ལོག་པར་བཤད་པའི་ཆོས་འདུལ་བ་ཉན་པ་ལྟ་ཅི་སྨོས། འོད་སྲུངས་དེ་བཞིན་དུ་ཕྱི་མའི་དུས་ན་ལྔ་བརྒྱ་པ་ཐ་མར་གྱུར་པ་ན། དགེ་སློང་གང་དག་ཆོས་མི་ཤེས་པ། དུས་མི་ཤེས་པ། ཕར་མི་ཤེས་
པ། མར་མི་ཤེས་པ། ཆོས་ལས་ཉམས་པ། ཆོས་ཀྱི་ཆོམ་རྐུན་དག་འབྱུང་བར་འགྱུར་བ་དེ་དག་ཆོས་ལ་ཕྱོགས་པར་གནས་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པས་ཡང་དག་པར་བྱུང་བའི་བྱང་ཆུབ་དེ་དག་བསྣུབ་པའི་ཕྱིར་རབ་ཏུ་འབད་པར་འགྱུར་རོ། །དེ་དག་ཆོས་ལ་
ཕྱོགས་པའི་ཁྱིམ་དུ་ཞུགས་ནས་ཁྱིམ་གྱི་བུད་མེད་དང་ཁྱིམ་གྱི་གཞོན་ནུ་མ་རྣམས་དང་ལྷན་ཅིག་ལུགས་ཉམས་པར་འགྱུར་རོ། །ཆོས་སྤངས་པ་དང་ཚུལ་ཁྲིམས་སྤངས་པ་བྱས་པ། བལྟ་བར་མི་འོས་པ། གནམ་ལྕགས་འབར་བ་ལྟ་བུ་དེ་དག་ལ། ཁྱིམ་པ་གོས་དཀར་པོ་ཅན་དག་
ཡིད་རྟོན་པར་མི་འགྱུར་ཞིང་། དེ་དག་ལ་བལྟ་བར་མི་འདོད་ན་ཉེ་བར་འགྲོ་བ་དང་བསྙེན་བཀུར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་དེའི་ཚེ་ལྷའི་ཚོགས་རྣམས་ཀྱང་བསྟན་པ་བསྣུབ་པ་དང་དམ་པའི་ཆོས་བསྣུབ་པར་བྱེད་དོ་སྙམ་ནས་ཡིད་མི་བདེ་བར་འགྱུར། ཀྱེ་མའོ་ཤཱ་ཀྱའི་བསྟན་པ་
འདི་ནི་རིང་པོར་མི་གནས་སོ་ཞེས་དེ་དག་ཡིད་མི་བདེ་བ་ཉིད་ཀྱིས་འདོང་བར་འགྱུར་ཏེ། འོད་སྲུངས་དེ་ལྟར་ན་ཆོས་རྣམ་པར་འཇིག་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་སེམས་ཅན་རྣམ་པར་འཇིག་པར་འགྱུར། སེམས་ཅན་རྣམ་པར་འཇིག་པའི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སེམས་ཅན་
རྣམས་འབྱེད་པ་དང་། འཐབ་པ་དང་། རྩོད་པ་ལ་ཞུགས་པ་དང་འགལ་བ་དང་སྡང་བར་འགྱུར་རོ། །འབྱེད་པ་དང་། འཐབ་པ་དང་། རྩོད་པ་ལ་ཞུགས་པ་དང་། འགལ་བ་དང་སྡང་བ་དེ་དག་གིས་རྒྱལ་པོ་ཆོས་དང་མི་ལྡན་པར་འགྱུར། རྒྱལ་པོའི་ཚོགས་དང་བློན་པོ་ཆེན་པོ་དང་བློན་པོ་
དང་སྒོ་སྲུང་དང་། འཁོར་རྣམས་དང་། གྲོང་རྡལ་དང་། ལྗོངས་དག་ཀྱང་ཆོས་དང་མི་ལྡན་པ་དང་། ཆོས་མ་ཡིན་པ་དང་ལྡན་པར་འགྱུར་རོ། །འབྱེད་པ་དང་འཐབ་པ་དེ་དག་གིས་རྒྱལ་པོ་ནི་རྩོད་པ་དང་འདོད་པས་བྱིང་བ་དང་། ཡ་ང་བའི་འདོད་པས་ཟིལ་གྱིས་གནོན་པ་ཆོས་མ་ཡིན་པ་
Vol. 112 · folio 125a
འདོད་པ་ཆོས་མ་ཡིན་པ་དང་ལྡན་པ། ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པར་འགྱུར་རོ། །ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པའི་བར་དང་ལྡན་པ་དེ་ལ་ལྷ་རྣམས་དུས་དུས་སུ་ཆར་འབེབས་པར་མི་འགྱུར། དུས་དུས་སུ་རླུང་འབྱུང་བར་མི་
འགྱུར་ཞིང་ཡ་ང་བའི་རླུང་འབྱུང་བར་འགྱུར་རོ། །ཞིང་པ་དང་ཁྱིམ་བདག་དེ་དག་གིས་ས་ལ་ས་བོན་བཏབ་པ་དེ་དག་དུས་དུས་སུ་འཕེལ་བ་དང་རྒྱས་པར་མི་འགྱུར་རོ། །དེར་ལོ་ཏོག་གང་སྨིན་པར་གྱུར་པ་དེ་དག་ཀྱང་མིའམ་མི་མ་ཡིན་པའམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་
པ་ལོངས་སྤྱོད་པ་དེ་དག་མདོག་ངན་པར་འགྱུར། བལྟ་བར་མི་འོས་པ་དང་དམན་པར་འགྱུར། མདོག་མི་སྡུག་ཅིང་ལུས་རིང་པར་འགྱུར། རྒྱུས་པ་ཙམ་དུ་གནས་པ་དང་། ཚེ་ཐུང་ཞིང་ཡུན་རིང་པོར་མི་འཚོ་བར་འགྱུར་རོ། །དེ་དག་ལས་གང་ཆེར་སྡང་བ་དང་སྡིག་པ་ཆེ་བར་གྱུར་པ་
དེ་བཀུར་བ་དང་རིམ་གྲོ་དང་མཆོད་པར་འགྱུར་ཏེ། གང་གི་ཕྱིར་དམ་པའི་ཆོས་ནུབ་པར་གྱུར་པ་ན། སེམས་ཅན་གཟི་བརྗིད་དང་ལྡན་པ་ཉུང་བ་དང་ནུབ་པར་འགྱུར་རོ། །དེར་རྒྱལ་པོ་ཡན་ལག་བཞིའི་དཔུང་གི་ཚོགས་གོ་གྱོན་ནས། ཕ་རོལ་གྱི་ནོར་དག་དང་ཕ་རོལ་གྱི་ཡུལ་དག་
དང་ཕ་རོལ་གྱི་རྒྱལ་སྲིད་ལ་འཐབ་པར་བྱེད་པར་འགྱུར་རོ། །དེར་ཡན་ལག་བཞིའི་ཚོགས་དང་ལྷན་ཅིག་སོང་བ། དེ་ལྟར་སྡང་བའི་སེམས་དང་། རྣམ་པར་འཚེ་བའི་སེམས་དང་ལྡན་པ། དགེ་བའི་རྩ་བ་ཡོངས་སུ་ཉམས་པ། བདག་དང་གཞན་ལ་མི་ཕན་པར་ཞུགས་པ་དེ་
དག་གླང་པོའི་ཚོགས་དང་གླང་པོའི་ཚོགས་ལྷན་ཅིག་སོགས་པར་འགྱུར་བ་དང་། རྟ་པའི་ཚོགས་དང་རྟ་པའི་ཚོགས་ལྷན་ཅིག་སོགས་པར་འགྱུར་བ་དང་། མི་རེང་གི་ཚོགས་དང་མི་རེང་གི་ཚོགས་ལྷན་ཅིག་སོགས་པར་འགྱུར་རོ། །དེར་དེ་དག་བསགས་པར་གྱུར་པ་ན།
ཇི་ལྟ་ཇི་ལྟ་བར་ཚོགས་ལས་ཚོགས་ལྷགས་པར་འགྱུར་རོ། །ཁྲག་གི་ཆུ་ཀླུང་འབབ་པར་འགྱུར་རོ། །གང་ན་སེམས་ཅན་གསོན་པོར་གྱུར་བ་གང་ཡིན་པ་དེ་དག་ཀྱང་གཡུལ་གྱི་སྟེང་ན་གནས་པ་ཡིད་དགའ་བ་དང་བཅས་པ། རབ་ཏུ་མགུ་བ། ཡིད་བདེ་ཞིང་མགུ་བ་སྐྱེས་པ།
Vol. 112 · folio 125b
དམྱལ་བ་ལ་གཞོལ་བ། དམྱལ་བའི་གཙོ་བོ་དེས་ལྕགས་སྒྲོག་གིས་བཅིངས་ཏེ། རང་གི་ཡུལ་ནས་ཕ་རོལ་གྱི་ཡུལ་དུ་ཁྱེར་བར་འགྱུར་རོ། །དེ་དག་ཀྱང་ལམ་ཁ་ན་གནས་པ་ན་འཆི་བར་འགྱུར་བ་དང་། ཕ་རོལ་གྱི་ཡུལ་དུ་ཕྱིན་པ་ན་འཆི་བར་འགྱུར་རོ། །ཆོས་མ་ཡིན་པ་ལ་སྤྱོད་པ་དེ་དག་
ལ་ཆར་འབབ་པ་དང་ལོ་ཏོག་འབྱུང་བར་ལྟ་ག་ལ་འགྱུར། དེ་དག་སྡང་སེམས་ཀྱིས་འཆི་བའི་དུས་བྱེད་པར་འགྱུར། བཀྲེས་པས་ཉེན་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར། ཕལ་ཆེར་ངན་སོང་གསུམ་དུ་ལྟུང་བར་འགྱུར། མིའི་འཇིག་རྟེན་སྟོངས་པར་འགྱུར། ལྷའི་འཇིག་རྟེན་སྟོངས་པར་
འགྱུར་ཏེ། འོད་སྲུངས་དེ་ལྟར་ན་སེམས་ཅན་རྣམ་པར་འཇིག་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་རྒྱལ་སྲིད་རྣམ་པར་འཇིག་པར་འགྱུར། རྒྱལ་སྲིད་རྣམ་པར་འཇིག་པའི་ངོ་བོ་ནི་ཅི་ཞིག་ཡིན་ཞེ་ན། འོད་སྲུངས་རྒྱལ་པོ་དང་ཆོམ་རྐུན་དང་མེ་དང་མུ་གེ་དང་ཆུ་དང་མི་དང་མི་མ་ཡིན་པ་དག་གིས་རྒྱལ་
སྲིད་རྣམ་པར་འཇིག་པར་འགྱུར་རོ། །རི་བྲགས་དང་དགོན་པ་མང་དུ་འབྱུང་བར་འགྱུར། འཛམ་བུའི་གླིང་འདིར་མཐོ་དམན་དང་སྡོང་དུམ་དང་ཚེར་མའི་ཚོགས་དང་ཡ་ང་བ་དང་སེམས་ཅན་དམྱལ་བ་ལ་གཞོལ་བ་དང་བལྟ་བར་མི་འོས་པ་དང་། མི་རྒྱུ་བའི་ལམ་དག་འབྱུང་བར་འགྱུར་རོ། །
དཀའ་བས་ཕ་རོལ་གནོན་པའི་ཡུལ་འབྱུང་བར་འགྱུར་རོ། །དོགས་པ་དང་བཅས་པ་དང་འཇིགས་པ་དང་བཅས་པ་དང་། སྤུ་ལྡང་བ་དང་བཅས་པ་དང་། སེམས་ཅན་རྣམས་ཀུན་ནས་སྐྲག་པ་ཐོབ་པར་འགྱུར་རོ། །འོད་སྲུངས་དེའི་དུས་ན་འཛམ་བུའི་གླིང་འདིར། གྲོང་དང་གྲོང་ཁྱེར་དང་
གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་རྣམས་སུ། ཀུན་དགའ་ར་བ་ཉམས་དགའ་བའམ། ཆུ་ཀླུང་ཉམས་དགའ་བའམ། ནགས་ཚལ་ཉམས་དགའ་བའམ། རྫིང་བུ་ཉམས་དགའ་བའམ། མི་ཉམས་དགའ་བ་ཉུང་ཟད་དུ་འགྱུར། དེ་དག་ཀྱང་གཟི་བརྗིད་ཉམས་པ་དང་། གཟི་མདངས་
ཕྲོགས་པར་འགྱུར་རོ། །དེ་དག་གཟི་བརྗིད་ཉམས་པ་དང་། གཟི་མདངས་ཕྲོགས་པ་དང་གཟི་མདངས་ཆུང་བར་གྱུར་པ་ན། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་རྒྱལ་པོའི་ཕོ་བྲང་ན་ཡོད་པའི་ཀུན་དགའ་ར་བ་ཉམས་དགའ་བ་ནས། མི་ཉམས་དགའ་བའི་བར་གང་དག་ཡིན་པ་དེ་དག་ཀྱང་
Vol. 112 · folio 126a
མཐུ་ཆུང་བ་དང་གཟི་བརྗིད་ཆུང་བ་དང་གཟི་མདངས་དང་བྲལ་བར་འགྱུར་རོ། །དེ་དག་གི་ལུས་ཀྱི་དཔལ་དང་གཟི་མདངས་དང་བྲལ་བ་ན། སེམས་ཅན་གང་དག་གནས་པ་དེ་དག་རྣམས་ཚུལ་ཁྲིམས་འཆལ་པ་དང་། ལས་མི་ཤེས་པ་དང་། རྩུབ་པ་དང་། བརྩུང་པ་
དང་། རྣམ་པར་གཡེངས་བའི་ཚིག་དང་། དྲན་པ་ཉམས་པ་དང་། ཤེས་བཞིན་མེད་པར་འགྱུར་རོ། །བྱམས་པའི་སེམས་མེད་པ་དང་། འབྱེད་པ་དང་། རྩོད་པ་དེ་དག་ཡུན་མི་རིང་བ་ན་འཆི་བའི་དུས་བྱེད་པར་འགྱུར་རོ། །དུས་བྱས་ནས་ཀྱང་ཕལ་ཆེར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་
ལྷུང་བར་འགྱུར་རོ། །དེའི་དུས་ན་སེམས་ཅན་དམྱལ་བ་ཆེན་པོ་རྣམས་རྒྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བྱས་པ་མི་ཤེས་པ་དང་། བྱས་པ་ལ་དྲིན་ལན་མི་ལྡོན་པ་དག་གིས་འཇིག་རྟེན་གནས་པ་ཡོངས་སུ་གང་བར་འགྱུར་རོ། །དེ་དག་ལས་བྱས་ཤིང་བསགས་པ་དེས་
ཕལ་ཆེར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་ཞིག་ལགས། དེ་སྐད་ཅེས་
གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ། །དེ་ལ་དགེ་སློང་གི་
གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ། །ལྷོད་པའི་གནས་ནི་ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ་ཞེས་བྱ་བ་ནས། དེ་ལ་དགེ་སློང་ལྟར་བཅོས་པ་གང་ཡིན་ཞེ་ན། ཡུལ་འཁོར་སྐྱོང་འདི་ན་དགེ་སློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་
ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་ཡིན། ལྷུང་བཟེད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན་དང་མགྲོན་དུ་གཉེར་བ་ཆེན་པོ་རྣམས་
Vol. 112 · folio 126b
བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར་བྱེད་དེ། དེ་འདྲིས་པར་གྱུར་ནས། རྒྱུན་མི་འཆད་པར་མིག་གིས་གཟུགས་རྣམས་ངེས་པར་སེམས་སོ། །དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་
འགྱུར་རོ། །ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དེ། ཉེས་པ་ལྕི་བ་དེ་བྱེད་པའམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པར་འགྱུར་ཏེ། ཡུལ་འཁོར་སྐྱོང་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ། །ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་བཅོས་པ་ཞེས་བྱ་ཞེ་ན།
དགེ་སློང་ལྟར་བཅོས་ཏེ་དེ་བཞིན་གཤེགས་པས་མལ་ཆ་དང་སྟན་གནང་བ་ཐ་མལ་པ་གང་ལ་དགེ་སྦྱོང་གནས་པའི་མལ་ཆ་དང་སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ནས། ཆོས་གོས་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས། བུད་མེད་ལ་འདྲིས་པར་བྱེད་ཅིང་ཁྱིམ་པ་དང་འདྲིས་པར་བྱེད་ན། འདྲིས་པར་
གྱུར་པའི་མི་བླུན་པོ་དེ་ལ་དགེ་སློང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལ་ཡང་སུན་འབྱིན་ཅིང་གཤེ་བར་བྱེད་ལ། དེ་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་བརྗོད་པར་བྱེད་དོ། །དགོན་པའི་བསྔགས་པ་མ་ཡིན་པ་ཡང་རྗོད་པར་བྱེད་དོ། །གང་ལ་དེའི་སེམས་མངོན་པར་
དགའ་བའི་འདོད་པ་རྣམས་འབའ་ཞིག་གིས་བསྔགས་པ་རྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོའི་གཏམ་འབའ་ཞིག་གིས་བསྔགས་པ་རྗོད་པར་བྱེད་ལ། དགེ་སྦྱོང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་རྗོད་པར་མི་བྱེད་དོ། །གང་ལས་དེ་བཞིན་གཤེགས་
པས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདུ་འཛིར་མི་འགྱུར་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་དེ་བོར་ནས། དགེ་སྦྱོང་གི་ཚུལ་མི་འདོད་ཅིང་། དགེ་སྦྱོང་གི་དངོས་པོ་མི་འདོད་དེ། གཅིག་པུ་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལ་
ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོགས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་རྐུན་པོར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས། གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ། །མི་བླུན་པོ་དེ་དག་ནི་བཅོས་པ་སྟེ། མགོ་བྲེགས་
Vol. 112 · folio 127a
པས་བཅོས་པ་དང་། གོས་ངུར་སྨྲིག་གྱོན་པས་བཅོས་པའོ། །རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨད་པ་གང་ཡིན་པ་དེ་མི་བླུན་པོ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད།
རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་མཆོད་པའི་ལས་བྱེད། གསེར་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་འབྲུ་སོགས་པར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞིའི་ཉོ་ཚོང་བྱེད་ཅིང་འཚལ་ཟའི་འཚོ་
བ་སྦྱོར་བར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང་སོ་སོར་ཐར་པ་ལ་མ་དད་ནས་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ། དེ་ལ་དབེན་པར་འཛིན། དེར་སྤྱོད་ལམ་བྱེད། དགེ་སློང་དུ་འདྲ་བར་འཛིན་
ཅིང་གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་པ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་བསྔགས་པར་བྱེད། གང་ཟག་ཏུ་ལྟ་བ་དང་། གཅེར་བུ་པ་དང་། མཚུངས་པར་སྟོན་པས་སྐྱེ་བོ་མང་པོ་འཛུད་པར་བྱེད་ཅིང་འགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་
པའི་གནས་སྟོང་པ་ཉིད་ལ་དམིགས་པ་སུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ། །ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་དེ་བཞིན་གཤེགས་པའི་བསྟན་པ་
འདི་ནུབ་པར་བྱེད་དོ་ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང་། ཤཱ་རིའི་བུ་རྒྱུ་བཞིས་དམ་པའི་ཆོས་མྱུར་དུ་ནུབ་པར་འགྱུར་རོ། །བཞི་གང་ཞེ་ན། ཆོས་སྨྲ་བ་པོ་ལ་གཟིར་བ་དང་། ཆོས་སྨྲ་བ་པོ་ལ་སྐུར་པ་འདེབས་པ་དང་། ཕན་ཚུན་རྣམ་པར་སྡང་བ་
དང་། ནད་པ་ཁྱད་དུ་གསོད་པ་ཉིད་དེ་རྒྱུ་བཞི་པོ་འདི་དག་གིས། དགེ་སློང་དེ་དག་གི་ཆོས་མྱུར་དུ་ནུབ་པར་འགྱུར་རོ་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྒྲོན་མས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་
Vol. 112 · folio 127b
བའི་སྙིང་པོ་དེ་ཉིད་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་ནས་སངས་རྒྱས་ཟླ་བ་ནུབ་གྱུར་ཅིང་། །འཇིག་རྟེན་ཉོན་མོངས་གཡུལ་གྱིས་ཆེས་རྨོངས་ཚེ། །དམ་ཆོས་ཚུལ་ནི་ཡུན་རིང་ཇི་སྲིད་གནས། །ཇི་ལྟར་རྣམ་པ་སྣ་ཚོགས་འདུལ་བར་འགྱུར། །འདིར་ནི་ཁོ་བོས་སྐྱེས་བུའི་བྱེད་ཅི་བགྱི། །བདེ་
བའི་ལམ་ནི་ཇི་ལྟར་བསྟན་པར་བགྱི། །སྲོག་ཆགས་བྱེ་བ་ངན་འགྲོ་གསུམ་ལས་བསྒྲལ། །ཤེས་རབ་མཐའ་ཡས་རྒྱལ་ལ་ཁོ་བོས་ཞུ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་ལྡན་པའི་འཁོར་ཇི་ལྟར་ལྷགས་པས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྒྲོན་མས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་བློ་ཇི་ལྟར་ཐེ་ཚོམ་སྐྱེས་པ་
ལྟར། །ཤེས་རབ་མཐའ་ཡས་རྒྱལ་ལ་ཁོ་བོས་ཞུ། །རྐྱེན་ཅི་ཞིག་གིས་ཆོས་ཚུལ་འདི་འཆད་འགྱུར། །ཇི་ལྟར་ཆོས་སྒྲོན་སླར་ཡང་ཡུན་རིང་འབར། །འདི་ན་ཆོས་ཀྱི་རྔ་ཆེན་སུ་ཡིས་འཇོམས། །ཆོས་ཀྱི་ཆུ་བོ་འདི་ན་སུས་སྐེམས་ནུས། །ཇི་ལྟར་ཆོས་ཚུལ་ཡུན་རིང་གནས་པར་འགྱུར། །
བདག་ཅག་དེར་ནི་རྟག་ཏུ་གྲོགས་སུ་འགྱུར། །ཚུལ་ཁྲིམས་ཆོས་སམ་ཡང་ན་བརྩོན་སྟོབས་སམ། །བཟོད་པའམ་དེ་བཞིན་ཤེས་རབ་སྟོབས་སམ་ཅི། །གང་གི་སྟོབས་ཀྱིས་ཆོས་ཚུལ་གནས་འགྱུར་ཞིང་། །ཇི་ལྟར་ཆོས་རྟག་ཡུན་རིང་གནས་པར་འགྱུར། །འདི་ན་རྒྱལ་ལ་སྟོབས་
བགྱིད་བྱེ་བ་མང་། །ཇི་ལྟར་ཐབས་སུ་འགྱུར་བ་མྱུར་དུ་གསུངས། །ཇི་ལྟར་ཆོས་ཀྱི་རྒྱ་མཚོ་མི་སྐམ་པ། །དེ་ལྟར་བརྩོན་བརྟན་བདག་གིས་མྱུར་སྤྱད་བགྱི། །ས་ཡི་བཅུད་ནི་རྟག་ཏུ་འཕེལ་འགྱུར་ཞིང་། །སེམས་ཅན་མདངས་དང་དེ་བཞིན་ཆོས་ཀྱི་མདངས། །འགྲོ་བའི་ཉོན་མོངས་
རྒྱ་མཚོ་སྐམ་འགྱུར་ཞིང་། །སེམས་ཅན་མང་པོ་ངན་སོང་གསུམ་མི་འཆི། །དེར་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བརྐྱང་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ལ་ལྷན་ཅིག་ཚོགས་ཉོན་ས་གསུམ་ནི། །མེས་སྲེག་མི་རྟག་གང་དུ་རི་མོ་ཡི། །ལྟད་སར་གར་མཁན་གར་བྱེད་འདུས་
Vol. 112 · folio 128a
བྱས་གང་། །གཡུང་དྲུང་རྟག་བརྟན་ཅུང་ཟད་ཀྱང་ཡོད་མིན། །ཇི་ལྟར་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང་། །འདྲ་བའི་སེམས་ཅན་ཉོན་མོངས་འགྲོར་འཁྱམས་ལྟར། །སྲིད་གསུམ་འདི་ན་ཆོས་ཀུན་དེ་བཞིན་ནོ། །ཆོས་གང་རང་ཉིད་ཀྱིས་དག་ངས་ཐུགས་ཆུད། །ཇི་ལྟར་སྔོན་རྒྱལ་
བྱ་བ་བྱས་གྲུབ་བཞིན། །མངོན་སུམ་བྱས་ནས་ལྷ་མི་མང་པོའི་ཕྱིར། །ང་ནི་དེང་སང་འདི་ན་ཉེ་བར་གནས། །འབྱུང་ཚོགས་གལ་ཏེ་བསྟན་འདི་སྨོན་ལམ་གྱིས། །བསྲུངས་ན་སྡུག་བསྔལ་ཀུན་ལས་གྲོལ་འགྱུར་ཞིང་། །འཇིག་རྟེན་གསུམ་གྱི་བླ་མ་སངས་རྒྱས་འགྱུར། །དེ་ཕྱིར་བསྟན་པ་སྲུངས་
ཤིག་འབར་བར་གྱིས། །ལམ་བརྒྱད་ལྡན་པའི་ཆོས་ནི་ངས་བཤད་པ། །དགེ་སྦྱོང་དོན་དུ་རྒྱལ་རིགས་ཁྲོ་བྱེད་ཅིང་། །རྒྱལ་རིགས་དོན་དུ་དགེ་སྦྱོང་ཁྲོ་བྱེད་པའི། །བློ་ངན་སྡིག་བློ་ཅན་གྱིས་བསྣུབ་པར་འགྱུར། །ང་ནི་མྱུར་དུ་མྱ་ངན་འདའ་འགྱུར་ཞིང་། །ང་ཡི་ཉན་ཐོས་མཁས་པ་དེ་དག་ཀྱང་། །
མ་ལུས་པར་ནི་མྱ་ངན་འདས་པར་འགྲོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །བསོད་ནམས་བྱས་པ་ཁྱེད་ཅག་རྣམས། །ཞིང་འདི་ནས་ནི་སངས་རྒྱས་ཞིང་། །ཉམས་དགའ་དག་ཏུ་འདོང་བར་འགྱུར། །རྒྱལ་པོ་བསོད་ནམས་ལྡན་བདག་ཉིད། །ཆེན་པོ་འདི་དག་འཆི་བར་འགྱུར། །ལོ་ནི་བརྒྱ་
ཕྲག་འདས་པའི་ཚེ། །བསྟན་པ་ཉམས་པར་གྱུར་པ་ན། །སྐལ་དང་བློ་གྲོས་ཆུང་བ་རྣམས། །ང་ཡི་བསྟན་ལ་རབ་ཏུ་འབྱུང་། །ཐེག་པ་གསུམ་པོ་དོན་མི་གཉེར། །འཇིག་རྟེན་ཕ་རོལ་ཡལ་བར་འདོར། །འཚོ་བའི་དོན་དུ་རབ་བྱུང་བ། །ཚུལ་འཆོས་ངོ་ཚ་རྣམ་པར་སྤངས། །རྙེད་པ་འདོད་
ཅིང་གྲགས་པ་འདོད། །གཡོན་ཅན་ཁྱིམ་ལ་སེར་སྣ་བྱེད། །ཀློག་དང་བསམ་གཏན་དང་བྲལ་ཞིང་། །ཆོས་ཀྱི་རྟོགས་པ་རྣམ་པར་སྤངས། །ཉིན་པར་བྲེ་མོའི་གཏམ་ལ་བརྩོན། །མཚན་མོ་གཉིད་ཀྱི་དབང་དུ་འགྲོ། །སངས་རྒྱས་གསུངས་པ་སྤངས་ནས་ནི། །སྣ་ཚོགས་ཡི་གེ་ཀློག་པར་
བྱེད། །བུད་མེད་སྦྱོར་བ་སྤྱོད་བྱེད་ཅིང་། །ལུས་ཀྱི་གོས་ལ་ཆགས་པར་འགྱུར། །རྙེད་པའི་ཕྱིར་དང་གྲགས་པའི་ཕྱིར། །ཁྱིམ་གྱི་ལས་ལ་དགའ་བར་འགྱུར། །ཕོ་ཉའི་ལས་ནི་བྱེད་འགྱུར་ཞིང་། །སེམས་བྲལ་ཕྲིན་ནི་འཁྱེར་བར་བྱེད། །ཉོ་ཚོང་ལ་ནི་ཡང་དག་བརྩོན། །ཁྱིམ་པ་རྣམས་
Vol. 112 · folio 128b
ལ་སྟོན་པར་འགྱུར། །ཞིང་ལས་ཁྱིམ་གྱི་ལས་དང་ནི། །རྩོད་པ་ལ་ནི་དགའ་བར་འགྱུར། །ཚངས་པར་སྤྱོད་ཅིང་མང་ཐོས་པའི། །དགེ་སློང་དེས་པ་མཐོང་ནས་ནི། །རྫས་འདོད་འགྱུར་ཞིང་དེ་དག་ནི། །མལ་ཆ་དེ་དག་ལ་མི་སྟེར། །ཚིག་རྩུབ་ཀྱིས་ནི་སྤྱོ་འགྱུར་ཞིང་། །སྐུར་པ་ཡང་
ནི་འདེབས་པར་འགྱུར། །མི་སྙན་དེ་དག་ལ་སྨྲ་ཞིང་། །དགེ་སློང་འདི་ནི་ཚུལ་འཆོས་ཅན། །རྐུན་པོ་མཆོག་ཏུ་མ་རུངས་པ། །གང་ཞིག་དེ་ལ་མཆོད་བྱེད་པ། །གྲགས་པ་མ་ཡིན་མང་དུ་འཐོབ། །དེ་ལས་བསོད་ནམས་འཐོབ་མི་འགྱུར། །དེ་ཡིས་བཤད་པ་མ་ཉན་ཞེས། །ཁྱིམ་པ་རྣམས་
ལ་སྨྲ་བར་བྱེད། །ཚངས་པར་སྤྱོད་པར་གནས་ནས་ནི། །སྡིག་པའི་དགེ་སློང་གིས་སྐྲོད་འགྱུར། །དེས་ན་སྡིག་པའི་དགེ་སློང་ལ། །རྒྱལ་རིགས་རྣམས་ནི་ཁྲོ་བར་འགྱུར། །ཡི་གེ་སྣ་ཚོགས་ངག་བརྗོད་པས། །རྒྱལ་རིགས་རྣམས་ནི་མགུ་བར་བྱེད། །ཇི་སྲིད་སྣ་ཚོགས་ནོར་གྱིས་ནི། །རྒྱལ་
རིགས་རྣམས་ནི་མགུ་བར་བྱེད། །དེ་བཞིན་བྲམ་ཟེ་རྗེའུ་རིགས་ཀྱང་། །ནོར་གྱི་རྙེད་པས་མགུ་བར་བྱེད། །དེས་ན་དེ་དག་མཆོད་འགྱུར་ཞིང་། །ཚུལ་ཁྲིམས་ལྡན་དག་མཆོད་བྲལ་འགྱུར། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་རྣམས། །ཚུལ་ཁྲིམས་ལྡན་པ་སྨོད་པར་འགྱུར། །ཚུལ་ཁྲིམས་ལྡན་
པ་སྡང་བ་ཡིས། །ལྷ་རྣམས་དེ་དག་ལ་སྨོད་འགྱུར། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །ཡུལ་འཁོར་མཐའ་དག་སྤོང་བར་འགྱུར། །རིན་ཆེན་གླིང་དུ་འགྲོ་འགྱུར་ཞིང་། །བཏང་སྙོམས་སུ་ནི་གནས་པར་འགྱུར། །བྱང་ཆུབ་སེམས་དཔའ་འདོང་བ་དང་། །ཚུལ་ཁྲིམས་ལྡན་པ་བརྙས་
འགྱུར་ཞིང་། །ལྷ་རྣམས་ཐམས་ཅད་འདོང་བ་ན། །ཡུལ་འཁོར་དེར་ནི་འཇིགས་ཆེན་འབྱུང་། །སྡིག་པའི་གནོད་སྦྱིན་རྣམས་དང་ནི། །ཀླུ་དང་གྲུལ་བུམ་སྲིན་པོ་ནི། །གདུག་པའི་སེམས་ལྡན་མདངས་ཕྲོག་པ། །ཤར་བཅས་ཁྲག་འཐུང་འཇུག་པར་འགྱུར། །རྒྱལ་པོ་སྐྱོང་བྱེད་གནས་ནས་ནི། །
བྲམ་ཟེ་རྗེའུ་རིགས་དམངས་རིགས་དག །གྲོང་ཁྱེར་བསྲུང་བར་འགྱུར་མོད་ཀྱི། །གྲོང་ཁྱེར་རི་བྲགས་གཞལ་མེད་ཁང་། །གྲོང་དང་ཀུན་དགའ་ར་བ་ཁྱིམ། །གནོད་སྦྱིན་སྡིག་པས་ཁྱབ་པར་འགྱུར། །དེ་དག་རྟག་ཏུ་མདངས་ཕྲོག་ཅིང་། །རྒྱལ་རིགས་རྣམས་ལ་ཁྲོ་བར་འགྱུར། །བྲམ་ཟེ་རྗེའུ་རིགས་
Vol. 112 · folio 129a
དམངས་རིགས་ནི། །དེ་དག་ཕན་ཚུན་ཁྲོ་བར་བྱེད། །གདུག་ཅིང་གནོད་པའི་སེམས་ལྡན་པ། །ཕན་ཚུན་དུ་ཡང་འཐབ་པར་འགྱུར། །རྩོད་པར་གྱུར་པ་དེ་དག་གི །སྨན་ནི་ལྷ་མ་ཡིན་གྱིས་སྤྱོད། །ཡུལ་འཁོར་བཅུད་ནི་སྐམ་འགྱུར་ཞིང་། །དུས་མ་ཡིན་པར་ཆར་
རླུང་འབྱུང་། །འབྲས་བུ་ལོ་ཏོག་མི་འབྱུང་ཞིང་། །ས་ཡི་བཅུད་ནི་ཉམས་པར་འགྱུར། །སེམས་ཅན་མདངས་ནི་རྙེད་པར་དཀའ། །ཆོས་ཀྱི་མདངས་ནི་ཉམས་པར་འགྱུར། །མི་བཟད་མུ་གེ་འབྱུང་འགྱུར་ཞིང་། །མཚོན་འབྱིན་པ་ཡང་འབྱུང་བར་འགྱུར། །ཕོངས་པ་ཕན་ཚུན་ཕྲོག་པར་བྱེད། །
ཡ་ང་ལ་ཆགས་དེ་དག་ནི། །སྡིག་པའི་དགེ་སློང་སྟེན་པར་བྱེད། །དགེ་སློང་དེ་དག་མཆོད་རྟེན་དང་། །དགེ་འདུན་ཟས་སྐོམ་འབྲས་བུ་རོ། །ཁྱིམ་པ་རྣམས་ལ་སྦྱིན་བྱེད་ཅིང་། །སླར་ཡང་མཆོད་པ་ཉིད་དུ་འགྱུར། །དེ་དག་ལ་ནི་ཡོངས་འཛིན་པ། །བྲན་དང་བྲན་མོ་ཁྱིམ་སྟེར་འགྱུར། །དགེ་
སློང་ལམ་གསུམ་དང་བྲལ་བ། །ཐོས་པས་རློམ་ཞིང་ལྟུང་དང་བཅས། །བསམ་གཏན་ཚུལ་ཁྲིམས་མི་འདུན་པ། །ཚོགས་ཀྱི་ནང་དུ་གཙོ་བོར་འགྱུར། །ཚུལ་ཁྲིམས་ལྡན་རྣམས་དོང་བ་ན། །ནོར་གྱི་རྒྱུ་ཡིས་འཐབ་པར་འགྱུར། །ཐོས་ནས་རྒྱལ་རིགས་ཁྲོ་འགྱུར་ཞིང་། །སྡིག་པའི་དགེ་
སློང་རྣམས་བསྣུན་འགྱུར། །ཁྱིམ་པར་ཡང་ནི་བྱེད་འགྱུར་ཞིང་། །བཙོན་རར་འཇུག་པར་བྱེད་པར་འགྱུར། །དེས་ནི་ལྷ་དབང་རྣམས་ཁྲོ་འགྱུར། །ཡུལ་འཁོར་འདི་ལ་རྒྱལ་གཏུམ་པོ། །རྒྱལ་སྲིད་བྱེད་པར་མི་འགྱུར་རོ། །འཁོར་གྱིས་སྡིག་པའི་དགེ་སློང་གི། །ངུར་སྨྲིག་གོས་ནི་འབྲལ་
བར་བྱེད། །རང་གི་ཡུལ་འཁོར་འཇོམས་འགྱུར་ཞིང་། །རིང་པོར་མི་ཐོགས་འཆི་བར་འགྱུར། །མནར་མེད་དམྱལ་བར་ལྟུང་འགྱུར་ཞིང་། །ཡུན་རིང་སྡུག་བསྔལ་དེར་མྱོང་འགྱུར། །དེ་ནས་བསྐལ་པ་བཟང་པོ་ལ། །དེ་ནི་ནམ་ཡང་གྲོལ་མི་འགྱུར། །རྒྱལ་རིགས་གཏུམ་པོ་འདི་དག་ནི། །
སེམས་ཅན་ཀུན་གྱིས་སྨད་པར་འགྱུར། །སྦྱིན་དང་ཚུལ་ཁྲིམས་ཐོས་ཆོས་ལ། །གཡོ་ནི་རྣམ་པར་སྟོན་པར་བྱེད། །ཚུལ་འཆོས་གཡོན་ཅན་རྒྱལ་པོ་འདི། །རང་གི་ཡུལ་འཁོར་མྱུར་དུ་འཇོམས། །ཆར་མི་འབབ་དང་ཆར་ཆེན་དང་། །བྱི་བ་ཕྱེ་མ་ལེབ་དང་ནི། །གླང་ཆེན་གྱིས་དེར་ལོ་ཏོག་
Vol. 112 · folio 129b
འཇོམས། །རང་གི་དམག་དང་ཕས་དམག་དག །དེར་ནི་རྩོད་པ་འབྱུང་འགྱུར་ཞིང་། །ས་གཡོ་བ་ཡང་འབྱུང་བར་འགྱུར། །སྐར་མདའ་ཉི་མ་གཉིས་དང་ནི། །མི་བཟད་ནད་ནི་འབྱུང་བར་འགྱུར། །གྲོང་དང་རི་བྲགས་འཚིག་པ་དང་། །གྲོང་ཁྱེར་མྱུར་དུ་འཇིག་འགྱུར་ཏེ། །གང་ཕྱིར་
མགོ་ཟླུམ་ངུར་སྨྲིག་བགོས། །སྔོན་གྱི་རྒྱལ་བས་བྱིན་བརླབས་ཤིང་། །མགོ་ཟླུམ་ངུར་སྨྲིག་བགོས་གཅིག་ཀྱང་། །ལྷ་དང་མི་ཡིས་མཆོད་ཕྱིར་རོ། །དེ་བཞིན་གཤེགས་པ་མ་གཏོགས་པ། །དེ་ལ་ནུས་ལྡན་གཞན་ཡོད་མིན། །རྒྱལ་རིགས་གཏུམ་པོ་དེ་དག་དང་། །སྡིག་པའི་དགེ་
སློང་མགོ་ཟླུམ་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གཉིས་དག་ནི་འཇིག་པར་འགྱུར། །ཉོན་མོངས་ཀྱིས་ཆེས་ཉམས་དེ་དག །སངས་རྒྱས་རྣམས་དང་ཕྲད་མི་འགྱུར། །དེ་ནས་རྒྱལ་པོ་གཏུམ་པོ་ཡི། །ཡུལ་འཁོར་ལྷ་དབང་རྣམས་ཀྱིས་སྤོང་། །ལྷ་དབང་རྣམས་
ཀྱིས་སྨྲས་པ་བཞིན། །དེ་ཚེ་ཡུལ་འཁོར་འཇིག་པར་འགྱུར། །དེ་ནས་ཡུལ་འཁོར་འཇིག་འགྱུར་ཞིང་། །ཆོས་ཀྱི་ཚུལ་ལུགས་ཉམས་པར་འགྱུར། །གཟི་མདངས་གསུམ་ནི་ཉམས་འགྱུར་ཞིང་། །ལྷ་ཡི་གནས་རྣམས་འཇིག་པར་འགྱུར། །དཀར་པོའི་ཕྱོགས་ནི་འཛད་འགྱུར་ཞིང་། །
ཆོས་མ་ཡིན་ཕྱོགས་འཕེལ་འགྱུར་ཞེས། །ཕན་ཚུན་དུ་ནི་སྨྲ་བར་འགྱུར། །ཟས་དུས་མཁས་པས་སྤངས་གྱུར་པ། །མི་བཟད་དེ་ཡི་ཚེ་ན་ནི། །ཆོས་གནས་ཞི་བས་བདེ་འགྱུར་ཞིང་། །གང་དག་དགོན་པའི་ནང་གནས་པ། །དེ་དག་དམ་པའི་ཆོས་འཛིན་ཅིང་། །སྐྱེ་བོ་མང་པོ་དང་བར་
བྱེད། །འཁྲུག་པ་ཐམས་ཅད་སེལ་བ་དང་། །དེ་དག་འབྱུང་པོ་དང་བར་བྱེད། །མདངས་གསུམ་རྣམ་པར་འཕེལ་བྱེད་ཅིང་། །རྒྱལ་བའི་བསྟན་པ་འབར་བར་བྱེད། །དེ་ནི་བསམ་གཏན་བདེ་བ་ཡིས། །ལྷ་ཡི་གནས་ནི་གང་བར་བྱེད། །བསྟན་པ་ཀུན་དང་འབྱུང་པོའི་ཚོགས། །ང་ཡིས་དེ་དག་
རྣམས་ལ་གཏད། །ང་ཡི་ཉན་ཐོས་མི་འཚེ་བར། །རྒྱལ་རིགས་དེ་དག་གིས་འཛིན་འགྱུར། །རྒྱལ་པོ་རྣམས་ནི་ཚུལ་ཁྲིམས་དང་། །ལྡན་པ་རྟག་ཏུ་མཆོད་པར་བྱ། །ཚུལ་ཁྲིམས་འཆལ་པ་རྒྱལ་པོ་ལས། །རིང་དུ་ཅི་བདེར་གནས་སུ་གཞུག། །རྒྱལ་པོས་ཚུལ་འཆལ་ཁྲིམས་ལྡན་པ། །
Vol. 112 · folio 130a
དམ་པ་འགའ་ལའང་འཚེ་མི་བྱ། །རྒྱལ་རིགས་ཚུལ་ཁྲིམས་ལྡན་པ་དག །རྟག་ཏུ་ཕན་ཚུན་དང་འགྱུར་ན། །བྲམ་ཟེ་རྗེའུ་རིགས་དམངས་རིགས་དང་། །ལྷ་རྣམས་འཁྲུག་པར་ཡོང་མི་འགྱུར། །དམ་ཆོས་ཡུན་རིང་གནས་འགྱུར་ཞིང་། །དཀར་པོའི་ཕྱོགས་ནི་འཕེལ་
བར་འགྱུར། །དེ་བཞིན་ཁྱེད་ཅག་ཞིང་འདིར་ནི། །ཅི་བདེ་བར་ནི་གནས་པར་གྱིས། །ཁྱེད་ཅག་འདིར་ནི་རྟག་གནས་ན། །ཆོས་གང་ང་ཡིས་འབར་བྱས་ལ། །འགའ་ཞིག་སྤྲོ་བར་བྱེད་པར་འགྱུར། །ཞིང་གཞན་དུ་ནི་མ་འགྲོ་ཤིག །སྦྱིན་དང་ཚུལ་ཁྲིམས་སྤྱོད་པ་ལ། །སྐྱེ་བོ་མང་པོ་དང་བར་
བྱེད། །དེ་ཚེ་མཁས་པས་སྐྱེ་བོ་ནི། །སྨིན་པར་བྱེད་དེ་ངོ་མཚར་མིན། །གང་ཞིག་ཆོས་ནི་འབར་བྱེད་ཅིང་། །རྒྱལ་རིགས་དག་ནི་སྡིག་པ་ལས། །ལྡོག་པར་བྱེད་འདི་ངོ་མཚར་འགྱུར། །རྟག་ཏུ་བྱམས་པའི་སེམས་འགྱུར་ཞིང་། །ང་ཡི་ཉན་ཐོས་བརྡེག་མི་བྱ། །དེ་དག་ལ་ནི་ཆོས་བསྟན་ཞིང་། །
གཉི་ག་དམྱལ་བ་ལས་གྲོལ་བྱ། །དགེ་སློང་བསླབ་མི་བསྲུང་དེ་ལ། །རྒྱལ་རིགས་ཀྱིས་ནི་ཆད་མི་བཅད། །དགེ་སྦྱོང་ལྷན་ཅིག་མི་འཐབ་ཅེས། །རྒྱལ་རིགས་ལ་རྟག་བསྒྲག་བྱ་སྟེ། །ཁྱིམ་པ་སྡིག་པ་བྱེད་པ་ནི། །མྱུར་དུ་སེམས་ཅན་དམྱལ་བར་འགྲོ། །གཉིས་ཀ་སྡིག་པའི་ལས་ལས་ནི། །
འཇམ་པའི་ངག་གིས་བཟློག་པར་བྱ། །གཞན་ལ་ཆད་པ་རྩུབ་མོ་དང་། །བསྣུན་པ་ཉིད་དུ་མི་བྱའོ། །ཡུལ་འཁོར་འཇིག་པར་མི་འགྱུར་ཞིང་། །མདངས་གསུམ་རྣམ་པར་འཕེལ་བར་འགྱུར། །དམ་ཆོས་རྟག་ཏུ་གནས་འགྱུར་ཞིང་། །སྟོན་པའི་བསྟན་པ་གནས་པར་འགྱུར། །འཆད་པ་པོ་
ནི་མང་ཡོད་ལ། །ངན་སོང་གསུམ་པོ་བཀག་པ་དང་། །འཇིག་རྟེན་སྡིག་ཅན་ཞི་བར་འགྱུར། །ལྷ་ཡི་གནས་རྣམས་འཕེལ་བ་དང་། །མྱ་ངན་འདས་པའི་སྒོ་ཕྱེ་ཞིང་། །ཟག་པ་མེད་ལ་འཇུག་པར་འགྱུར། །ཡར་ངོའི་ཟླ་བ་ཇི་བཞིན་དུ། །བྱང་ཆུབ་སེམས་དཔའ་འཕེལ་བར་འགྱུར། །ཕ་རོལ་
ཕྱིན་དྲུག་སྦྱོར་བ་ཡིས། །སངས་རྒྱས་བསྟན་པ་མཆོད་པར་བྱེད། །དེ་ཕྱིར་བྱང་ཆུབ་སེམས་དཔའ་གང་། །མཁས་ཤིང་འོངས་པ་ཁྱེད་ཅག་གིས། །ཞིང་འདི་ལ་ནི་གནས་པར་གྱིས། །ང་ཡི་བསྟན་པ་འབར་བ་དང་། །ལོང་བ་ལམ་ལས་ཉམས་རྣམས་ལ། །ཆོས་ཀྱི་མིག་ནི་སྦྱིན་པར་གྱིས། །
Vol. 112 · folio 130b
ཕ་རོལ་ཕྱིན་དྲུག་བྱང་ཆུབ་ཀྱི། །ལམ་གྱིས་སེམས་ཅན་སྨིན་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལ་ནི། །ཁྱེད་ཀྱིས་མཆོད་པ་བྱས་པར་འགྱུར། །འདྲེན་པ་དག་པའི་ཞིང་དག་ཏུ། །བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར། །སྐལ་བཟང་པོ་རྣམས་མ་གཏོགས་པ། །འཁོར་ཀུན་ཅང་མི་
སྨྲ་བར་གྱུར། །བྱམས་པ་ལ་སོགས་སྐལ་བ་ནི། །བཟང་པོ་པ་ཀུན་ལངས་པར་གྱུར། །བྱམས་པ་འཁོར་དང་ཐབས་ཅིག་ཏུ། །ཐལ་སྦྱར་ནས་ནི་འདི་སྐད་དུ། །བདག་ཅག་གང་དུའང་མི་འགྲོ་ཞིང་། །རྒྱལ་བའི་བསྟན་པ་བསྲུང་བར་བགྱི། །ཇི་ལྟར་སྟོབས་དང་བརྩོན་འགྲུས་ཀྱིས། །
སེམས་ཅན་བྱང་ཆུབ་ཕྱིར་སྨིན་བགྱི། །ཅི་འདྲ་བ་ཡི་དུས་གྱུར་པ། །དེ་འདྲར་ཆོས་ནི་བསྟན་པར་བགྱི། །ཁོ་བོ་ཅག་གིས་འཇིག་དུས་འདིར། །འཁྲུག་པ་བསལ་བར་ནུས་མ་ཡིན། །ཁོ་བོ་ཅག་གིས་ཉམས་བཞིན་པའི། །ཆོས་ནི་གཟུང་མི་ནུས་ཞེས་གསོལ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་
ཡེ་ཤེས་དྲི་མེད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། སྣང་བ་འཛིན་ཅིང་དཔལ་གྱུར་པ། །དཔག་ཏུ་མེད་དང་གྲངས་མེད་པ། །ཞིང་ཀུན་ནས་ནི་འོངས་གྱུར་པ། །དགེ་བའི་རྩ་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྒྱ་མཚོ་ལ་བརྟེན་པ། །ཐབས་དང་སྙིང་རྗེ་བྱམས་པ་ཡིས། །སངས་རྒྱས་མཆོད་
པས་མི་གཡོ་བར། །འདི་ན་ང་ཡི་བསྟན་པ་འདི། །འཛིན་པ་གཅིག་འགའ་འང་ཡོད་མ་ཡིན། །སྐལ་བཟང་པོ་ཡིས་ཅི་ནུས་པར། །ང་ཡི་བསྟན་པ་འཛིན་པར་བྱེད། །ང་འདིར་མྱ་ངན་འདས་པའི་ཕྱིར། །བསྟན་འདི་འཇིག་པར་འགྱུར་བ་ན། །གང་དག་འདིར་ནི་རབ་བྱུང་བ། །ངོ་ཚ་
བ་དང་ཁྲེལ་སྤངས་པ། །བསོད་ནམས་ཡེ་ཤེས་དང་བྲལ་ཞིང་། །སྙོམ་ལས་དམན་པ་ལ་བརྩོན་ལྡན། །ལ་ལ་འགའ་ཞིག་ཐོས་པ་འཛིན། །ཚུལ་ཁྲིམས་ལ་ཀུན་མི་འདུན་པ། །རྨོངས་ཤིང་ཁྱིམ་པ་ལ་བརྟེན་པ། །མཆོད་རྟེན་དགེ་འདུན་རྫས་མི་འཛེམ། །འཚོ་བ་ལྷུར་ལེན་ཆོག་མི་
ཤེས། །འདོད་པའི་ཡོན་ཏན་ལྔ་ལ་དགའ། །ཁྱིམ་པ་ལྷན་ཅིག་ལོངས་སྤྱོད་པ། །དོན་ནི་རྒྱུ་མིན་རྒྱུར་སྨྲ་ཁྲོ། །གཞན་གྱི་ཆུང་མ་ལ་ཕྲག་དོག །དགེ་སློང་དེ་དག་དེ་འདྲའོ། །རང་གི་གནས་ལ་གུས་པ་མེད། །རྙེད་ལ་དགའ་ཞིང་འཐབ་དང་ལྡན། །ལས་ངན་དག་ལ་སྤྲོ་བར་བྱེད། །
Vol. 112 · folio 131a
བདག་ལ་བསྟོད་ཅིང་གཞན་སྨོད་པ། །བསམ་གཏན་དགོན་པ་སྨོད་པའི་ཕྱིར། །དགོན་པ་ནགས་དང་བས་མཐའ་ཡི། །སྣ་ཚོགས་སྐྱོན་ནི་སྨྲ་བྱེད་པ། །དགེ་སྦྱོང་འདི་འདྲ་འབྱུང་བར་འགྱུར། །ཁྱིམ་པ་དང་ནི་དགེ་སྦྱོང་ཡང་། །བརྐམ་ཆགས་མེད་མིན་སྟེར་པོ་མིན། །
དགེ་འདུན་མཆོད་རྟེན་རྫས་ཟོས་ནས། །སྣ་ཚོགས་ནད་ནི་འབྱུང་བར་འགྱུར། །བརྩེ་མེད་ཉམ་ཆུང་གཏུམ་པོ་དང་། །གཡུལ་འགྱེད་པར་ཡང་འགྱུར་བ་ཡིན། །དེས་ནི་དབྱར་དུས་ཆར་མི་འབབ། །ཆུ་ཡང་ཡོངས་སུ་འབྲི་བར་འགྱུར། །འཇིག་རྟེན་མུ་གེ་འབྱུང་འགྱུར་ཞིང་། །བཅུད་དང་
འབྲས་བུ་འབྱུང་མི་འགྱུར། །བཟའ་དང་བཏུང་བ་ཉམས་པར་འགྱུར། །ཕན་ཚུན་དུ་ཡང་སྡང་འགྱུར་ཞིང་། །མི་དགེའི་ལས་བཅུ་རྩོམ་པར་འགྱུར། །ཆོས་ཀྱང་ཉུང་ཟད་དུ་འགྱུར་ཞིང་། །མཆོད་ཅིང་སྦྱོང་བ་ཉམས་པར་འགྱུར། །བུད་མེད་ལོངས་སྤྱོད་ནོར་དག་ནི། །ཕན་ཚུན་དུ་ཡང་འཕྲོག་
པར་འགྱུར། །སྐྱེས་བུ་ཐམས་ཅད་སྲོག་གཅོད་ཅིང་། །མ་རུངས་པར་ནི་འགྱུར་བ་ཡིན། །ཕན་ཚུན་རི་དགས་འདུ་ཤེས་དང་། །གཤེད་མ་བརྩེ་བ་སྤོངས་པ་དང་། །ཕ་དང་མར་ནི་མི་ཤེས་ཤིང་། །བླ་མ་རྒན་པོ་མཆོད་མི་འགྱུར། །ཕྱི་རོལ་སྤྱོད་འགྱུར་མི་བརྟན་ཕྲག་དོག་ཅན། །ཕྱིན་ཅི་ལོག་གི་
ཆོས་ཀྱིས་ལྷག་མཐོང་མེད། །ཆོས་མིན་ཆགས་པས་སྲེད་ལ་ཚིམ་པ་མེད། །ལོངས་སྤྱོད་ལ་ནི་ཚིམ་མེད་འཁྱམ་པར་འགྱུར། །བློན་པོ་མདུན་ན་འདོན་དང་དེ་བཞིན་དུ། །དགེ་སྦྱོང་བྲམ་ཟེ་རྗེའུ་རིགས་དམངས་རིགས་དག །གཡུལ་འགྱེད་ལ་དགའ་ཚུལ་ཁྲིམས་སྨོད་པ་དང་། །གཡོན་ཅན་ཕན་ཚུན་
སྨྲས་པ་སུན་འབྱིན་བྱེད། །དུས་གཞན་ལྷོ་ཡི་ཕྱོགས་སུ་རྒྱལ་པོ་ནི། །དསྱུ་ཞེས་བྱ་གང་ཞིག་དམག་བརྒྱ་ཕྲག །སྟོང་གིས་ཡོངས་སུ་བསྐོར་བས་སྐྱོང་བར་འགྱུར། །བྱང་དུ་རྒྱལ་པོ་བརྒྱ་བྱིན་ཞེས་བྱ་བ། །དམག་ནི་བརྒྱ་ཕྲག་སྟོང་ལྡན་འབར་བར་འགྱུར། །བློ་བཟང་ཞེས་བྱ་བརྒྱ་ཕྲག་སྟོང་གིས་
བསྐོར། །དབང་ཆེན་སྡེ་ཞེས་བྱ་བ་བརྒྱ་བྱིན་དང་། །མཉམ་པ་བརྒྱ་ཕྲག་སྟོང་གིས་ཡོངས་བསྐོར་འབྱུང་། །སྡེ་བཅས་རྒྱལ་པོ་དབང་ཆེན་སྡེ་ཡི་སྲས། །བཟོད་དཀར་མིང་བཏགས་གཞོན་ནུ་ལག་པ་ན། །རལ་གྲི་ཐོགས་ཤིང་ཁྲག་གིས་བསྒོས་གྱུར་པ། །ལུས་ལ་གོ་གྱོན་པ་ནི་འབྱུང་བར་
Vol. 112 · folio 131b
འགྱུར། །ཁྱེའུ་ལྔ་བརྒྱ་གོ་གྱོན་ལག་པ་ན། །རལ་གྲི་ཐོགས་ཤིང་ཁྲག་སྦགས་གོ་གྱོན་པ། །དེ་ལ་རྟེན་བྱེད་ཁྲག་གི་ཆར་པ་དག །ཡུལ་འཁོར་དེར་འབབ་ཁྱེའུ་དེ་དག་ནི། །ལོ་བདུན་བཟོད་དཀས་གསོ་འགྱུར་བཟོད་དཀའ་ནི། །ཀཽ་ཤཱམྦཱིར་ནི་གནས་འགྱུར་རྒྱལ་པོ་དག །ཕན་ཚུན་ཕྲག་དོག་
བྱེད་འགྱུར་རྒྱལ་གདུག་དག །སྔོན་གྱི་འཁོན་གྱིས་ཕན་ཚུན་འཇོམས་པར་འགྱུར། །མཆོད་རྟེན་འཇིག་ཅིང་གཙུག་ལག་ཁང་བསྲེག་འགྱུར། །དགེ་སློང་འཚོག་འགྱུར་དགེ་འདུན་རྫས་འཕྲོག་འགྱུར། །དེ་ཚེ་བྱང་ཕྱོགས་རྒྱུད་དུ་འགྲོ་བར་འགྱུར། །ཡུལ་འཁོར་འཇིག་འགྱུར་མི་རྣམས་
སྣུན་པར་བྱེད། །བསགས་པའི་ནོར་འཕྲོག་གཙུག་ལག་ཁང་བསྲེག་འགྱུར། །རྒྱལ་པོ་དསྱུ་ལ་སོགས་པ། །དགེ་སློང་གང་དག་ཉམ་ཆུང་དང་། །ནད་པ་འབྲོས་པར་མི་ནུས་པ། །འཇོམས་ཤིང་ཡུལ་དབུས་འགྲོ་བར་འགྱུར། །སྟོབས་ཅན་རྣམས་ནི་འབྲོས་འགྱུར་ཞིང་། །ཡུལ་དང་ཡུལ་
དུ་འགྲོ་བར་འགྱུར། །གང་དག་དགེ་སློང་གསར་བུ་དག །དགེ་སློང་དོན་གཉེར་འཛེམ་བག་ཅན། །ཟིལ་གནོན་པ་དག་གནས་དང་གནས། །ཐམས་ཅད་དུ་ནི་འདུག་པར་འགྱུར། །སྡུག་བསྔལ་ཅན་འགྱུར་སྤྱོ་བ་དང་། །གཤེ་བ་རྟག་ཏུ་འཐོབ་པར་འགྱུར། །དསྱུ་ལ་སོགས་རྒྱལ་པོ་
གསུམ། །སྡེ་དཔུང་བཞོན་པར་བཅས་དེ་དག །ཀཽ་ཤཱམྦཱིར་ནི་བཟོད་དཀའ་དང་། །ལྷན་ཅིག་ལོ་ནི་བཅུ་གཉིས་འཐབ། །རྒྱལ་པོ་གསུམ་པོ་འཁོར་བཅས་པ། །བཟོད་དཀས་གསོད་པར་བྱེད་པར་འགྱུར། །ས་ཡི་དཀྱིལ་འཁོར་མཐའ་དག་པར། །རྒྱལ་པོ་གདུགས་གཅིག་པ་གནས་འགྱུར། །
ང་ཡིས་སྡིག་ལས་བྱས་སྙམ་དུ། །ཕྱི་ནས་གདུང་བ་འབྱུང་བར་འགྱུར། །གང་ལ་བདག་གིས་སླར་བཤགས་པའི། །དགེ་སློང་མཁས་དེ་གང་ན་ཡོད། །ཤིཥྱ་ཀ་ཞེས་མཁས་གྱུར་པ། །བྲམ་ཟེ་མེའི་བུ་པཱ་ཊ་ལི། །པུ་ཏྲར་གནས་གྲགས་སྡེ་སྣོད་ནི། །གསུམ་པ་ཡོད་ཅེས་སྨྲ་བར་འགྱུར། །
ཤཱཀྱའི་སྲས་པོ་དེའི་དོན་དུ། །མྱུར་དུ་གཏང་བར་བྱེད་པ་ནས། །ཤི་ཥྱ་བཀུག་ནས་རྒྱལ་པོ་ལ། །ཆོས་སྟོན་པ་ཡི་བར་དུ་འགྱུར། །སྡེ་སྣོད་གསུམ་པས་དད་བྱས་ནས། །རྒྱལ་པོ་སངས་རྒྱས་བསྟན་ལ་འཇུག །བདག་གིས་བཅུ་གཉིས་ལོར་འཐབས་ཤིང་། །བདག་གིས་སྡིག་པ་
Vol. 112 · folio 132a
བྱས་པར་གྱུར། །རྒྱལ་པོ་གསུམ་པོ་འཁོར་བཅས་ཤིང་། །སྡེ་དང་བཅས་པ་བདག་གིས་བསད། །བདག་གིས་ལོ་ནི་བཅུ་གཉིས་སུ། །ཡོ་བྱད་ལྔ་དག་དབུལ་ཞེས་སྨྲས། །སངས་རྒྱས་སྲས་པོ་འདིར་ཤོག་ཅིག །འཛམ་བུའི་གླིང་ན་གནས་པ་ཡི། །ཤཱཀྱའི་
སྲས་པོ་ཇི་སྙེད་པ། །དེ་དག་ཐམས་ཅད་འདིར་ཤོག་ཅིག །བདག་གིས་འདིར་ནི་མཆོད་བགྱི་ཞེས། །སྒྲ་ནི་ཀུན་དུ་གཏོང་བར་འགྱུར། །དགེ་སློང་ཐམས་ཅད་ཀཽ་ཤཱམྦཱིར། །ཡོ་བྱད་ལྔ་ཕྱིར་ཆས་པར་འགྱུར། །ཁ་ཅིག་བཀྲེས་པར་མྱུར་དུ་རྒྱུག །ཁ་ཅིག་ལམ་དུ་ན་བར་འགྱུར། །ཁ་ཅིག་རྐུན་པོ་
ཀུ་ཤ་ཀའི། །ཆ་ལུགས་ཅན་དང་སྟག་གིས་གསོད། །དགེ་སློང་ཁ་ཅིག་རི་ཡི་རྩེར། །ལུས་ཀྱིས་གཙེ་བར་བྱེད་པར་འགྱུར། །དགེ་སློང་སྤྱོད་ཡུལ་ཐ་དད་པ། །ཁ་ཅིག་ཀཽ་ཤཱམྦཱིར་འཇུག་འགྱུར། །བརྒྱ་ཕྲག་སྟོང་ནི་འདུས་པ་དང་། །ཡོ་བྱད་ལྔ་པོ་སྟོབས་པ་དང་། །ཉི་མ་དང་པོར་རྩོམ་པ་ན། །སྤྲིན་ཆེན་
ཡང་དག་ལྡང་འགྱུར་ཞིང་། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །ཆར་ནི་ཆེན་པོ་འབབ་པར་འགྱུར། །དགེ་འདུན་གཡོ་བས་འདི་བྱུང་ཞེས། །རྒྱལ་པོ་མཆོག་ཏུ་མི་དགར་འགྱུར། །དགེ་སློང་འདི་དག་འདུས་པ་རྣམས། །ང་ཡི་མཁན་པོ་བདག་གི་ནི། །སློབ་དཔོན་གར་སོང་ང་ཡི་
བཤེས། །ཟླ་དང་བདག་གི་མཁན་པོ་ནི། །མཚུངས་པ་གང་དུ་སོང་གྱུར་ཞེས། །ཕན་ཚུན་དུ་ནི་འདྲི་བར་འགྱུར། །བདག་ཅག་དེ་དང་ལམ་དུ་འོངས། །རྟག་ཏུ་ལམ་དུ་འཆི་དུས་བྱས། །འོ་དོད་ཆེན་པོས་ངུ་བྱེད་ཅིང་། །སྙིང་རྗེའི་སྨྲེ་སྔགས་འདོན་པར་འགྱུར། །སྡེ་སྣོད་གསུམ་པ་ཤི་ཥྱ་ཀ །
ལངས་ནས་ཐང་ཅིག་ཅང་མི་སྨྲ། །དགེ་སློང་དེ་དག་འོ་དོད་ཆེར། །བོས་ནས་ཅང་མི་སྨྲ་མི་འགྱུར། །དགེ་སློང་རྒྱལ་པོ་ཡིད་མི་བདེས། །མཐོང་ནས་དེ་ལ་བཟོད་མེད་པར། །རྒྱལ་པོས་དེ་ལྟར་རིག་ནས་འདིར། །དགྲ་བཅོམ་འགའ་འབྱུང་འགྱུར་རམ་སྙམ། །ལྷ་ཡིས་མཚན་གསོལ་རྒྱལ་པོ་ལ། །པཱ་ཊ་ལ་
ནི་པུ་ཏྲ་དེར། །ཚོང་དཔོན་ནོར་བཟངས་ཞེས་བྱའི་བུ། །དགྲ་བཅོམ་ལེགས་དགའ་ཞེས་བྱ་བ། །སྤོས་ངད་ལྡང་ན་གནས་གྱུར་པའི། །གསུམ་རིག་དེ་རིང་འོངས་གྱུར་ནས། །ཁྱོད་ཀྱིས་འདིར་ནི་གནས་འགྱུར་ཞེས། །དགའ་བའི་གཏམ་དག་སྨྲ་བར་འགྱུར། །ཟླ་བ་ཆེན་པོའི་བཅོ་ལྔ་ལ། །གསོ་སྦྱོང་ལ་ནི་
Vol. 112 · folio 132b
འཇུག་པའི་ཚེ། །བརྒྱ་ཕྲག་སྟོང་དག་འདུས་པ་དང་། །སྡེ་སྣོད་གསུམ་པ་གཅིག་འབྱུང་ཞིང་། །གསོ་སྦྱོང་དོན་དུ་དགེ་སློང་ནི། །དགྲ་བཅོམ་པ་གཅིག་གནས་པར་འགྱུར། །དེའི་ཚེ་ལྷ་ནི་སྟོང་ཕྲག་དག །གསོ་སྦྱོང་མཉན་ཕྱིར་འོང་བར་འགྱུར། །འདུས་པ་ཐ་མ་བླ་མེད་པ། །དེ་རིང་ངེད་ཀྱིས་
མཐོང་བར་གྱུར། །ཆོས་ཀྱི་རྒྱལ་མཚན་དེ་རིང་འཇིག །ཆོས་ཀྱི་རི་བོ་དེངས་པར་འགྱུར། །ཆོས་ཀྱི་སྣང་བ་ནུབ་འགྱུར་ཞིང་། །དགེ་སློང་སྡོམ་པ་ཉམས་འགྱུར་ཞིང་། །ཡན་ལག་བརྒྱད་ལྡན་ཆུ་ཅན་ཀླུང་། །ཐ་མ་དེ་རིང་བསྐམ་པར་འགྱུར། །དགེ་སློང་ཚོགས་སྒྲ་ཆེར་འབྱིན་ཚེ། །སྡེ་སྣོད་གསུམ་པ་ལངས་ནས་
སྨྲས། །ཤཱ་ཀྱའི་སྲས་པོ་ཇི་སྙེད་དང་། །ཀུན་ནས་ཐོས་པའི་ཕ་རོལ་ཕྱིན། །བདག་ཀྱང་དེ་རིང་འདིར་འདུས་གྱུར། །བདག་ཀྱང་བསླབ་ལ་མི་སློབ་ལ། །སྐྱེ་བོ་གཞན་དག་སྨོས་ཅི་དགོས། །གལ་ཏེ་དགེ་སློང་གཅིག་ཀྱང་ནི། །བསླབ་ལ་བསླབས་པར་གྱུར་པ་ན། །ང་ཡིས་བསླབ་ལ་བསླབས་སོ་ཞེས། །དེ་རིང་ཚིག་ཏུ་
སྨྲ་བར་བྱོས། །འདུལ་དང་སོ་སོར་ཐར་པ་ལ། །ཚུལ་ཁྲིམས་སྡོམ་པ་མ་རལ་ཞེས། །དགེ་སློང་དགེ་འདུན་རྒྱ་ཆེ་བ། །འདི་ཡི་མདུན་དུ་ཚིག་སྨྲོས་ཤིག །བསླབ་པ་འདོད་པའི་དོན་ཆེད་དུ། །ང་ཡིས་དེ་རིང་གསོ་སྦྱོང་བྱ། །འདུལ་བའི་དོན་གྱུར་སྤྱོད་ཡུལ་ནི། །གཅོམ་བསྐྱུངས་པ་ཀུན་མཉན་པར་
བྱོས། །དགྲ་བཅོམ་ལེགས་དགའ་ལངས་ནས་ནི། །མདོ་སྡེ་གང་དུ་གང་མཐོང་བའི། །བསླབ་ལ་ང་ཡིས་བསླབས་པར་གྱུར། །ང་ནི་གང་ལའང་དོགས་མེད་ཅིང་། །ཐེ་ཚོམ་ཡང་ནི་ཡོད་མ་ཡིན། །ཇི་སྐད་སྟོན་པས་གསུངས་པ་ཡི། །བསླབ་པ་དག་ལངས་བསླབས་ཤེས། །སེང་གེའི་སྒྲ་ནི་སྒྲོགས་
པར་འགྱུར། །དེ་ཚེ་སྡེ་སྣོད་གསུམ་སློབ་མ། །ལུས་སྦྱིན་ཞེས་བྱ་མ་རུངས་པས། །ཁྱོད་ཀྱིས་མདོ་འདིར་མ་བསླབས་ཤིང་། །འདུལ་བ་ལ་ཡང་བསླབས་མ་ཡིན། །རྒན་པོས་སྨྲས་བཞིན་པ་ཡི་ཚིག །ཁྱོད་ཀྱིས་མི་མཐུན་པར་བསྟན་ཞེས། །རྩུབ་དང་བརླང་བའི་ཚིག་དག་གིས། །ལེགས་
དགའ་ལ་ནི་བསྡིགས་པར་འགྱུར། །ལུས་སྦྱིན་དྲག་པོ་ལག་པ་དག །གཉི་གས་ཐོ་བ་བཟུང་བྱས་ནས། །བསླབ་ལ་ཤིན་ཏུ་གུས་གྱུར་པའི། །དགྲ་བཅོམ་ལེགས་དགའ་གསོད་པར་འགྱུར། །དེ་ག་སློང་ཉུང་ཟད་ཉེས་ལྡན་རྣམས། །འོ་དོད་ཆེན་པོས་ངུ་བར་འགྱུར། །དགེ་སློང་དག་ནི་ཕན་
Vol. 112 · folio 133a
ཚུན་དུ། །ལྷུང་བཟེད་ཆོས་གོས་སྨོད་པར་འགྱུར། །དེའི་ཚེ་གནོད་སྦྱིན་ཞོ་གདོང་ཞེས། །སངས་རྒྱས་བསྟན་ལ་རབ་དང་བས། །ཅི་ཕྱིར་ཁྱོད་ཀྱིས་དགྲ་བཅོམ་བསད། །ཞེས་སྨྲས་ལུས་སྦྱིན་རྡོ་རྗེས་གསོད། །ཀེ་ཏ་ར་ཞེས་བྱ་བ་ཡི། །དགེ་སློང་དྲག་གཏུམ་ཆེས་རྩུབ་པས། །
ལག་གཉིས་ཐོ་བ་བཟུང་བྱས་ནས། །སྡེ་སྣོད་གསུམ་པ་དེ་གསོད་འགྱུར། །དགེ་སློང་ཐམས་ཅད་ལངས་ནས་ནི། །དེ་དག་ཕན་ཚུན་གསོད་པར་འགྱུར། །དགེ་སློང་འབུམ་ཕྲག་དག་ནང་ནས། །ཉུང་ཟད་གསོན་པ་ཐོབ་པར་འགྱུར། །དེ་ཚེ་ཐང་ཅིག་དེ་ལ་ནི། །ས་གཞི་མི་བཟད་གཡོ་བར་འགྱུར། །
ནམ་མཁའ་ལས་ཀྱང་ཆེས་དྲག་ཅིང་། །མི་བཟད་སྒྲ་ནི་འཐོན་པར་འགྱུར། །ཕྱོགས་བཞིར་དུད་རྒྱུན་ཆེས་འཇིགས་རུངས། །མེ་སྟག་ཆེས་དྲག་འབྱིན་ནུས་པས། །རིམ་གྱིས་ཆེར་མཁས་གནས་མནན་འགྱུར། །སྐར་མདའ་ལྟུང་དང་མེ་སྟག་ནི། །ཕྱོགས་བཞི་དག་ཏུ་ལྟུང་བར་འགྱུར། །ལྷ་ནི་བྱེ་བ་
བརྒྱ་སྟོང་དག །ཤཱཀྱ་སེང་གེའི་དམ་ཆོས་དེའང་། །དཀའ་བས་བསྒྲུབས་པ་ནུབ་གྱུར་ཞེས། །ཤིན་ཏུ་མི་བཟད་ངུ་བར་འགྱུར། །འདོད་ན་སྤྱོད་པའི་ལྷ་ཀུན་དང་། །གང་དག་གཟུགས་ན་སྤྱོད་པའི་ལྷ། །དམ་ཆོས་ནུབ་པར་གྱུར་པ་ན། །སྐད་ཆེན་པོ་ཡིས་ངུ་བར་འགྱུར། །རྫོགས་སངས་རྒྱས་མཐོང་
གནོད་སྦྱིན་དག །དེང་ནས་བརྩམས་ཏེ་འཇིག་རྟེན་དུ། །དམ་ཆོས་སླར་ཡང་འབྱུང་མི་འགྱུར། །འདུལ་དང་སོ་སོར་ཐར་པ་ཡང་། །ཀུན་ནས་ཀུན་དུ་འབྱུང་མི་འགྱུར། །མུན་པས་འཇིག་རྟེན་ཁྱབ་འགྱུར་ཞིང་། །སྐྱབས་དང་དཔུང་གཉེན་མེད་པ་དང་། །རིང་པོར་མི་ཐོགས་མི་རྣམས་ལ། །རི་དགས་
འདུ་ཤེས་འབྱུང་བར་འགྱུར། །ཆོས་ཀྱི་ཆོས་སྡོང་ལྷུང་འགྱུར་ཞིང་། །ཆོས་ཀྱི་རྔ་ཆེན་བཅོམ་པར་འགྱུར། །བདུད་རྩིའི་སྒོ་མོ་བཀག་པར་འགྱུར། །ཆོས་སྨྲ་བ་དག་ཉམས་འགྱུར་ཞིང་། །ཆོས་ཀྱི་སྣང་བ་ནུབ་པར་འགྱུར། །ཆོས་ཀྱི་འཁོར་ལོ་ཕྱིར་ལོག་འགྱུར། །ཆོས་ཀྱི་རྐང་པ་ཆག་འགྱུར་ཞིང་། །
ཆོས་ཀྱི་ཆུ་བོ་སྐམ་པར་འགྱུར། །ཆོས་ཀྱི་རང་བཞིན་སྟེགས་ཞིག་འགྱུར། །ཆོས་ཀྱི་ཆུ་རྒྱུན་ཕྱིར་ལོག་འགྱུར། །ཆོས་ཀྱི་རྒྱ་མཚོ་སྐམ་འགྱུར་དེང་། །ཆོས་ཀྱི་རི་བོ་ལྷུང་གྱུར་ཅེས། །ས་གཞིའི་སྟེང་དུ་ལྷུང་བར་འགྱུར། །ནགས་ཀྱི་གནས་དང་དགོན་པ་ན། །གནས་པའི་ལྷ་བུ་མང་པོ་དག །
Vol. 112 · folio 133b
མཆོག་ཏུ་དྲག་པོར་ངུ་འགྱུར་ཞིང་། །ས་ལ་ཡང་ནི་ལྷུང་བར་འགྱུར། །འཇིགས་པ་ཆེ་དུས་དེ་ཡི་ཚེ། །ནག་པོའི་རྩ་ལག་དགའ་མགུ་ཞིང་། །རངས་པས་གོས་དག་འཐོར་བྱེད་དེ། །གང་ཕྱིར་ཤཱཀྱ་ཐུབ་པ་ཡིས། །ཆོས་བསྟན་པ་དག་འཇིག་པར་འགྱུར། །དམ་པའི་ཆོས་ནི་ནུབ་འགྱུར་ཞིང་། །ང་ཡིས་
བསྟན་པ་འབར་ཕྱིར་རོ། །དམ་ཆོས་ནུབ་པ་ཉིད་འགྱུར་བར། །རྒྱལ་པོ་བཟོད་དཀས་ཤེས་གྱུར་ནས། །དེ་ཡི་མཚན་མོའི་ཐུན་མཐའ་ལ། །གྲོང་ཁྱེར་ནས་ནི་འབྱུང་བར་འགྱུར། །གང་ཞིག་དགེ་སློང་རོ་མཐོང་ནས། །བཟུང་སྟེ་འགྱེལ་ཞིང་བརྒྱལ་བར་འགྱུར། །ཚེགས་ཆེས་དྲན་པ་རྙེད་གྱུར་ནས། །
དགྲ་བཅོམ་ལེགས་དགའ་བསད་གྱུར་ཅིང་། །སྡེ་སྣོད་གསུམ་པ་ཤི་ཥྱ་ཀ །བསད་གྱུར་དགེ་སློང་སྟོང་ཕྲག་བསད། །ང་ཡི་གསོན་པ་མི་རིང་ཞེས། །ཉོན་མོངས་སྨྲེ་སྔགས་འདོན་པར་འགྱུར། །ཐམས་ཅད་རོ་དག་ཡོངས་བསྡུས་ནས། །མཆོད་པ་མཆོག་གིས་བསྲེག་པར་འགྱུར། །གང་དག་དགེ་
སློང་དེར་གནས་པ། །ཕྱོགས་གཅིག་ཡང་དག་འདུ་བར་འགྱུར། །རིན་ཆེན་བྱེ་སྟོང་རིན་ཐང་ཅན། །གཙུག་ལག་ཁང་ནི་ལྔ་བརྒྱ་དང་། །བཞེངས་ཤིང་རབ་ཏུ་གནས་གྱུར་པ། །དེ་དག་ལ་ནི་དབུལ་བར་འགྱུར། །དེ་ནས་དགེ་སློང་རེ་རེ་ཞིང་། །བརྒྱ་ཕྲག་སྟོང་གོས་བསྐོན་པར་འགྱུར། །ཁྱེད་ཅག་
འདིར་ནི་གནས་པར་བྱོས། །ང་ཡིས་ཡོངས་སུ་བསྐྱང་བར་བྱ། །ང་ལ་ཆོས་ཀྱང་སྨྲ་བར་བྱོས། །ང་ཡིས་གུས་པས་མཉན་པར་བྱ། །ཐམས་ཅད་མི་སྨྲ་གྱུར་གནས་ཤིང་། །འགའ་ཡང་ཆོས་སྨྲ་མི་འགྱུར་རོ། །རྒྱལ་པོས་ལན་གཉིས་ལན་གསུམ་དུ། །དགེ་སློང་རྣམས་ལ་གསོལ་བཏབ་
ཀྱང་། །ཅང་མི་སྨྲ་གྱུར་འགྱུར་བ་དང་། །འགའ་ཡང་སྨྲ་བར་མི་འགྱུར་རོ། །ཆོས་ཉམས་ཕྱིར་ན་མ་ཤེས་ཀྱིས། །ཆོས་ནུབ་འགྱུར་ཞིང་ཐམས་ཅད་ཀྱང་། །ཆོས་གོས་སྐྱ་བོར་གནས་འགྱུར་ཞེས། །རྒྱལ་པོས་དགེ་སློང་ལ་སྨྲ་འགྱུར། །ཀྱེ་མ་སངས་རྒྱས་ཞེས་སྨྲས་ནས། །སྟན་ལས་
ལྟུང་བར་འགྱུར་བ་དང་། །ས་ལ་ཀུན་ནས་འགྲ་བར་འགྱུར། །སངས་རྒྱས་བསྟན་པ་རབ་ཏུ་ཉམས། །ཐམས་ཅད་སྐྲ་དང་ཁ་སྤུ་དག །རིང་གྱུར་ཆོས་ཀུན་རབ་ཉམས་ཞེས། །དེ་ཚེ་བར་སྣང་ས་སྟེང་དུ། །སྒྲ་ཆེན་པོ་དག་འབྱུང་བར་འགྱུར། །ཆུ་དང་རི་དང་དེ་བཞིན་ས། །མཆོག་ཏུ་མ་རུངས་
Vol. 112 · folio 134a
ལྟུང་བར་འགྱུར། །གྲོང་ཁྱེར་དག་ནས་ཕུབ་མ་ཡི། །ཚངས་པ་དམ་ཆོས་གནས་སུ་ལྟུང་། །འདོད་པའི་ཁམས་ནི་ཐམས་ཅད་དུ། །རྩ་བ་ལོ་མ་ཤུན་པ་དང་། །མེ་ཏོག་ཚོན་དག་མ་ལུས་ཉམས། །གཙང་བའི་གནས་ཀྱང་སྤངས་པར་འགྱུར། །གཟི་མདངས་གསུམ་
དང་བཅུད་བདུན་པོ། །མ་ལུས་པར་ནི་ཉམས་པར་འགྱུར། །ཐར་དང་བསྟན་བཅོས་དགེ་བ་ཡི། །བྱ་བ་མ་ལུས་ཉམས་པར་འགྱུར། །མེ་ཏོག་འབྲས་བུ་བཅུད་སྐྱེ་བ། །ཉུང་ཞིང་མི་ཞིམ་པར་ཡང་འགྱུར། །དེ་ཚེ་ཆུ་དང་མཚོ་ལྟེང་ཀ །ཁྲོན་པ་ཆུ་མིག་སྐམ་པར་འགྱུར། །ས་ལ་འབྲོག་དགོན་ཚན་ཁུང་དང་།
ངམ་གྲོག་ཀྱང་ནི་འབྱུང་བར་འགྱུར། །རི་བོ་ཐམས་ཅད་སྐམ་འགྱུར་ཞིང་། །སླར་ཡང་ཆར་འབབ་མི་འགྱུར་རོ། །ནོར་གྱི་འབྱུང་ཁུངས་སྐམ་པར་འགྱུར། །བུར་ཤིང་སོ་བ་སྨན་དག་དང་། །སརྡྷ་ལ་ལྗང་སྐམ་པར་འགྱུར། །རྩྭ་གཞན་སྐྱེ་བར་མི་འགྱུར་ཞིང་། །མུན་པ་རྡུལ་ཚུབས་རླུང་དྲག་འབྱུང་། །
ཉི་མ་ཟླ་བ་མཐོང་མི་འགྱུར། །སྐར་མདའ་ལྟུང་དང་ཕྱོགས་དམར་པོ། །རྒྱུན་མི་འཆད་པར་མཐོང་བར་འགྱུར། །མི་དགེ་བཅུ་ཡི་ཆོས་དང་ནི། །ནད་དག་འཕེལ་བར་འགྱུར་བ་ཡིན། །ཕ་མ་དག་ལ་རི་དགས་ཀྱི། །འདུ་ཤེས་ཀུན་ལ་འབྱུང་བར་འགྱུར། །སེམས་ཅན་ཚེ་དང་མདོག་དང་མདངས། །
སྟོབས་དང་བདེ་བ་ཉམས་པར་འགྱུར། །ཐམས་ཅད་ངན་སོང་འགྲོ་འགྱུར་ཞིང་། །ལྷ་མི་དག་དང་བྲལ་བར་འགྱུར། །རྒྱལ་རིགས་འདི་དག་སྡིག་བྱེད་ཚེ། །ཐམས་ཅད་ངན་སོང་འགྲོ་འགྱུར་ཞིང་། །ལྷ་མི་དག་དང་བྲལ་བར་འགྱུར། །འདི་འདྲ་བ་ཡི་རྒྱལ་རིགས་དང་། །སྡིག་པའི་དགེ་སློང་འབྱུང་བ་
ན། །དམ་ཆོས་ཐམས་ཅད་འཇིག་འགྱུར་ཞིང་། །ལྷ་དང་མི་རྣམས་ཉམས་པར་འགྱུར། །སེམས་ཅན་འདི་དག་ལ་ཁྱེད་ཀྱི། །སྙིང་རྗེ་འཇུག་པར་ཡོང་མི་འགྱུར། །མི་བཟད་དུས་ན་ཞིང་འདི་ནས། །བཏང་སྙོམས་ཅན་དག་འགྲོ་བར་འགྱུར། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །ང་ཡིས་
ཕྱི་དུས་བགོས་པར་བྱ། །དོན་དུ་འཚོ་བ་བཏང་བྱས་ནས། །གཟི་མདངས་གསུམ་པོ་བསྲང་བར་བྱ། །ང་ཡི་ཚེ་འདི་ཆ་གསུམ་པ། །སེམས་ཅན་རྒྱུར་ཡང་གཏང་བར་བྱ། །ཕྱི་མར་དམ་ཆོས་འབར་བ་ན། །ལྷ་དང་མི་དག་བཀྲུ་བར་བྱ། །ཇི་ལྟར་སྔོན་གྱི་སངས་རྒྱས་ཀུན། །དེ་དག་ཉི་མ་བདུན་
Vol. 112 · folio 134b
པ་ལ། །དམ་ཆོས་ནུབ་པར་གྱུར་བ་ན། །ཚེ་དང་རང་སྲོག་བཏང་བཞིན་ནོ། །ང་ནི་མྱ་ངན་འདས་འགྱུར་ཕྱིས། །ལོ་སྟོང་ང་ཡི་བསྟན་གནས་འགྱུར། །ང་ཡི་སྲོག་ཆགས་རྣམས་ཀྱི་ཡང་། །ཉོན་མོངས་ཟད་པར་འགྱུར་བ་ཡིན། །བྱང་ཆུབ་སེམས་དཔའ་བརྩོན་ལྡན་པ། །ཕ་རོལ་ཕྱིན་དྲུག་རྫོགས་པར་
འགྱུར། །ཟག་མེད་ཞི་བའི་གྲོང་ཁྱེར་དུ། །བརྩོན་པའི་རྣལ་འབྱོར་པ་འཇུག་འགྱུར། །ལོ་ནི་སྟོང་ཕྲག་འདས་པ་ན། །དམ་ཆོས་གཟུགས་བརྙན་འབྱུང་འགྱུར་ཞིང་། །བརྒྱ་ཕྲག་གཉིས་ལོ་ཚང་བ་ན། །མགོ་ཟླུམ་ངུར་སྨྲིག་གོས་གྱོན་པ། །རྟག་ཏུ་མ་ཚང་མེད་གྱུར་ཅིང་། །ལྷ་དང་མི་ཡིས་མཆོད་གྱུར་
ཅིག །གང་དེ་དག་ལ་མཆོད་བྱེད་ན། །ང་མཆོད་བྱས་འགྱུར་འགའ་ཞིག་གིས། །མགོ་བྲེགས་ངུར་སྨྲིག་གོས་གྱོན་ལ། །ང་ཆེད་བྱས་ནས་སྐྱབས་སོང་ན། །དེ་དག་ང་ཡི་སྲས་སུ་བརྗོད། །ཚུལ་ཁྲིམས་འཆལ་པར་གྱུར་ཀྱང་ནི། །ཕྱིར་མི་ལྡོག་པར་གནས་པ་ཡིན། །གང་སུ་དེ་དག་ལ་བསྣུན་པ། །
དེ་ནི་ང་ཡི་སྐུ་འཚིག་འགྱུར། །སྤྱོ་དང་གཤེ་བར་བྱེད་པ་ཡང་། །ང་ལ་སྤྱོ་བར་འགྱུར་བ་ཡིན། །ཆོས་ཀྱི་ཚུལ་རྒྱུན་བཅད་པའི་ཕྱིར། །ཞུགས་དང་སྣུབ་པར་བྱེད་པར་འགྱུར། །དེ་ཕྱིར་སྣོད་མིན་སྣོད་འགྱུར་ཕྱིར། །ཆ་གསུམ་པ་ཡི་སྲོག་བཏང་བྱས། །དེ་དག་བདེ་བར་གྱུར་པ་དང་། །ལྷ་དང་མི་རྣམས་
འཕེལ་གྱུར་ཅིག །སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་བྱས་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་དོན་ཆེད་དུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །ཡུན་རིང་བདག་བསྟན་
འབར་གྱུར་ཅིག །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་གིས་སངས་རྒྱས་རང་རྒྱལ་དང་། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་
ཅིག །བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་གིས་བརྟུལ་ཞུགས་ཚུལ་ཁྲིམས་དང་། །དཀའ་ཐུབ་ཡུན་རིང་བྱས་གྱུར་ཅིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཐོང་བས། །
Vol. 112 · folio 135a
ཡུན་རིང་བསྟན་པ་འབར་གྱུར་ཅིག །བདག་སྔོན་བརྩོན་འགྲུས་དང་ལྡན་པ། །རྟག་ཏུ་བརྟན་ཞིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་གྲོལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག །བཟོད་བརྟུལ་རྟག་ཏུ་གནས་གྱུར་ཅིག །སེམས་ཅན་ཉོན་མོངས་སྙིགས་མ་
ཡིས། །སེམས་ཅན་ངན་བྱས་བཟོད་གྱུར་པས། །བདག་བསྟན་ཡུན་རིང་གནས་གྱུར་ཅིག །བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གང་གཱའི་བྱེ་སྙེད་པ། །བསྒོམས་པས་དེ་མཐར་བདག་གི་ནི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཡེ་ཤེས་དོན་དུ་བདག་གིས་སྔོན། །
དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་། །བསྟན་བཅོས་དུ་མས་ཉེར་བསྟན་པས། །བདག་གི་བསྟན་པ་འབར་གྱུར་ཅིག །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །བདག་
སྔོན་སྡིག་པའི་སེམས་ཅན་དག །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་མཆོད་སྦྱིན་རྒྱས་གྱུར་ཅིག །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་གྲོལ་བྱས། །ཡང་དག་ལྟ་ལ་རབ་བཀོད་པས། །ཆོས་ནི་རྣམ་པར་
འཕེལ་གྱུར་ཅིག །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་གྱུར་ཅིང་། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག །བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང་། །ཡང་དག་ཉིད་
ལ་རབ་བཀོད་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །སྙིང་རྗེས་ང་ནི་སེམས་ཅན་དག །བསྒྲལ་བའི་ཕྱིར་དང་མྱུར་བ་རུ། །འཇིག་རྟེན་མུན་པ་མེད་པ་དང་། །དཔུང་གཉེན་མེད་པར་མ་གྱུར་པ། །དོན་དེས་བདག་གི་ཚེ་གཏང་བྱ། །ཕྱི་མའི་དུས་འདིར་བསྟན་པ་དག །ཟད་པའི་རྒྱུ་ནི་འདི་འདྲ་
བ། །སེམས་ཅན་རྣམས་ལ་ཕན་པའི་རྒྱུ། །ཚུལ་འདི་དེ་ཕྱིར་ཡོངས་སུ་གཏད། །བདག་ནི་མྱ་ངན་འདས་གྱུར་ཕྱིས། །བྱང་ཆུབ་ལ་གཞོལ་དོང་བ་ན། །དེས་ནི་འཕགས་པའི་བསྟན་ཟད་པ། །འདི་དག་ཐམས་ཅད་ཉམས་པར་གྱུར། །ཡུན་རིང་བསྟན་པ་འབར་གྱུར་པའི། །སྔགས་ནི་བདག་གིས་
Vol. 112 · folio 135b
འདིར་བརྗོད་བྱ། །རྡོ་རྗེ་སྙིང་པོ་ཁོང་སྟོང་མེད། །རྣམ་པར་གྲོལ་བའི་བཅུད་ཀྱི་གནས། །གང་དག་ཕྱོགས་བཅུའི་སངས་རྒྱས་རྣམས། །བདག་གི་འདི་ལ་འདུན་རྩལ་ཅིང་། །གང་དག་འདིར་ནི་འོངས་གྱུར་པའི། །འཁོར་ཀུན་འདུན་པ་སྦྱིན་པར་བྱོས། །ཏདྱ་ཐཱ། ཨ་བ་མཱུ་ཀེ །བི་མཱུ་ཀེ། །བི་ར་ཛ་
མཱུ་ཀེ །བ་ར་མཱུ་ཀེ །ཙ་ལ་བ་ཏི། ཨ་ཧི། མ་ཧི་ཏྲ་བ་ཏེ། མ་ཧཱ་ཏྲེ་དྷེ། སུམ་བྷ་ར་བི། ཛ་ཀ་ལི་མཛྫཱ་ལེ། ཨུཙྪ་མཱུ་ཥེ་ཎ་ག་མེ། ཛྭ་ལེ་ཛྭ་ལ་མཱ་ནི་ནི་བ་ས་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ཁོང་སྟོང་མེད་པ་རྣམ་པར་གྲོལ་བའི་བཅུད་ཀྱི་གནས་སྔགས་ཀྱི་ཚིག་འདི་དག་གསུངས་པ་ན། སྟོང་ཆེན་པོའི་
སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་རྣམ་པར་འགྱུར་བ་དྲུག་ཏུ་འདར་ཞིང་གཡོས་པར་གྱུར། མེ་ཏོག་གི་ཆར་པ་བབ་པ་དང་། མ་བརྡུངས་པའི་རྔ་དག་སྒྲ་འབྱིན་པར་གྱུར་ཏོ། །ཇི་ལྟར་འདུས་པའི་འཁོར་ས་གཞི་གང་བ་རབ་ཏུ་མགུ་བ། བཞིན་མཆི་མ་དང་བཅས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ།
ཚིག་འདི་སྐད་དུ། ད་ལྟར་དེ་བཞིན་གཤེགས་པ་གང་གིས་སེམས་ཅན་ཡོངས་སུ་སྨིན་པའི་རྒྱུས་སེམས་ཅན་རྣམས་ལ་མ་འོངས་པའི་བསྟན་པའི་ཚུལ་སྟོན་ཅིང་། ཚེའི་ལྷག་མ་ཆ་གསུམ་པ་བཏང་བ། ངོ་མཚར་དང་རྨད་དུ་བྱུང་བ་ཆེན་པོ་དག་ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱ་ཀྱ་ཐུབ་པ་འདི་ནི་ངོ་མཚར་ཏོ་ཞེས་གསོལ་ཏོ། །བསྟན་པར་བྱས་པ་འདི་བསྟན་པ་ན་ཉོན་མོངས་པའི་སྙིགས་མར་གྱུར་པའི་ཚེ། སེམས་ཅན་རྣམས་ལ་སེམས་རབ་ཏུ་དང་བའི་རྒྱུས། དེར་གནས་པའི་སེམས་ཅན་བགྲང་བ་ལས་ཤིན་ཏུ་འདས་པ་རྣམས་
ཀྱིས། སྔོན་མ་བསྐྱེད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ཀྱིས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་
ཐོབ་པར་གྱུར་ཏོ། །གཟུགས་ཅན་སྙིང་པོ་ལ་སོགས་པ་བཅུས་ནི་བདེན་པ་མཐོང་བར་གྱུར་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཉི་ཤུས་ཏིང་ངེ་འཛིན་སོ་སོར་རིག་པ་མཁའ་འགྲོ་སྣང་བ་འདུལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་ལྷ་མ་ཡིན་འབུམ་ཕྲག་དྲུག་ཅུ་རྩ་བཞིས་ཁྱད་པར་དུ་འགྲོ་
Vol. 112 · folio 136a
བའི་སྟོབས་ཐོབ་པར་གྱུར་ཏོ། །དེའི་ཚེ་ལྷ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཀྱིས་ནི་རྣམ་པར་དག་པའི་སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་གྲུལ་བུམ་འབུམ་ཕྲག་སུམ་ཅུས་རྒྱལ་མཚན་གྱི་རྩེ་མོའི་སྒྲོན་མའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་ཀླུ་འབུམ་ཕྲག་ཉི་
ཤུས་མི་བརྫི་བའི་དྲེགས་པ་སེལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྟོང་ཕྲག་ཉི་ཤུ་ནི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་གསུང་གི་མདོ་ལས་ཀྱང་། སྲོག་དང་གང་ཟག་གཟུང་བྱས་ནས། །བདག་ཏུ་སྨྲ་དང་ཆད་སྨྲ་དང་། །རྟག་
ལ་རབ་ཏུ་གནས་པར་འགྱུར། །མུ་སྟེགས་ཅན་སྨྲ་ལ་བརྟེན་ནས། །དགེ་སློང་མིང་ནི་སྒྲོགས་པར་འགྱུར། །ཡང་དག་མ་ཡིན་མིང་བརྟེན་ནས། །ཡུལ་འཁོར་ཟས་ནི་ཟ་བར་འགྱུར། །འཁོར་འདོད་པར་ནི་འགྱུར་བ་དང་། །རྙེད་ལ་ཆེས་མང་བརྟེན་པར་འགྱུར། །མ་དུལ་བ་ཡི་འཁོར་འགྱུར་ཞིང་། །ཆད་
པའི་ལས་ནི་སྤངས་པར་འགྱུར། །གཡེངས་པའི་སྨྲ་བ་ཅན་འགྱུར་ཞིང་། །སོ་སོར་སྡོམ་པས་མ་བསྡམས་འགྱུར། །མཐར་གྱིས་དེ་ལྟར་དམ་པ་ཡི། །ཆོས་ནི་ནུབ་པར་འགྱུར་བ་ཡིན། །བདེན་པ་སྨྲ་བའི་དགེ་སློང་དག །ཟིལ་གྱིས་གནོན་པར་བྱེད་འགྱུར་ཞིང་། །དེའི་ཚེ་དེ་དག་དགེ་འདུན་ལས། །གནས་ན་
འདུག་པའང་རྙེད་མི་འགྱུར། །དེ་ཚེ་ཞར་བ་འཐེང་པོ་དང་། །ཞར་སྒུར་ཡན་ལག་མ་ཚང་དང་། །འཚོ་བའི་དོན་དུ་འདིར་འོངས་པ། །དེ་དག་རབ་ཏུ་འབྱུང་བར་འགྱུར། །དེ་ཚེ་མང་དུ་སྨྲ་འགྱུར་ནས། །དེ་དག་རྩོད་པ་བྱེད་པར་འགྱུར། །དེ་དག་རྩོད་ཅིང་ཆེར་འཁོན་པ། །ཕྲ་མ་ཅན་དང་སྡིག་ལྟ་བ། །མུ་ཅོར་བཞིན་
ངན་དྲག་པོ་དང་། །རྙེད་ལ་བརྐམ་ཞིང་མི་མཁས་པ། །འདུ་འཛི་དག་ལ་དགའ་བ་དང་། །ལེ་ལོ་ཤེས་རབ་དམན་པར་འགྱུར། །ཞེས་གསུངས་སོ། །དམ་པའི་ཆོས་ནུབ་པར་འགྱུར་བའི་མདོ་ལས་ཀྱང་། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པ་ན་བསྟན་པ་གཏམ་ཙམ་གྱི་སྙིང་
པོ་ཅན་དུ་འགྱུར་རོ། །དེའི་ཚེ་ངའི་ཉན་ཐོས་དག་གཏམ་གཞན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པས་གནས་པར་འགྱུར་ཏེ། འདི་ལྟ་སྟེ། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་ཆོས་དང་། གཏན་ལ་ཕབ་པ་དེ་དག་དོར་ནས། གཏམ་གཞན་གྱི་
Vol. 112 · folio 136b
སྦྱོར་བ་ལ་རྗེས་སུ་བརྩོན་པས་གནས་པར་འགྱུར་རོ། །འདི་ལྟ་སྟེ། བཟའ་བའི་གཏམ་དང་། བཏུང་བའི་གཏམ་དང་། གོས་ཀྱི་གཏམ་དང་། ལམ་སྲང་གི་གཏམ་དང་། སྨད་འཚང་གི་གཏམ་དང་། འཇིག་རྟེན་ལ་སྐུར་བའི་གཏམ་དང་ལྗོངས་དང་བློན་པོ་ཆེན་པོའི་གཏམ་རྒྱུད་ཀྱི་གཏམ་དག་གོ། །ངའི་ཉན་ཐོས་དག་གཞན་མུ་
སྟེགས་ཅན་ཇི་ལྟ་བ་དེ་ལྟར་འགྱུར་ཏེ། ལུས་མ་བསྒོམས་པ་དང་། སེམས་མ་བསྒོམས་པར་འགྱུར་རོ། །འཐབ་པ་དང་། མཚང་འདྲུ་བ་དང་། གཡུལ་འགྱེད་པ་དང་། གནོད་སེམས་མང་བར་འགྱུར་རོ། །ལོ་བརྒྱར་བསྲུངས་པའི་ཚུལ་ཁྲིམས་ཅིག་ཤོས་ཀྱིས་རྒུད་པར་འགྱུར་ཏེ། འདི་ལྟ་སྟེ། མི་དགེ་
བའི་བཤེས་གཉེན་གྱིས་སོ། །ལོ་བརྒྱར་བསྲུངས་པའི་གྲོགས་པོ་ཅིག་ཤོས་ཀྱིས་རྒུད་པར་འགྱུར་ཏེ། འདི་ལྟ་སྟེ། གནོད་སེམས་རྒྱས་པ་ཉིད་ཀྱིས་སོ། །ལྷུང་བཟེད་མཛེས་པ་ཅན་དང་འཁར་གསིལ་མཛེས་པ་ཅན་དང་། ཆོས་གོས་མཛེས་པ་ཅན་དུ་འགྱུར་རོ། །ཀུན་དགའ་བོ་འདི་ནི་དམ་པའི་ཆོས་
ནུབ་པའི་ཚིག་བླ་དགས་སོ་ཞེས་གསུངས་སོ།། །།ཐོས་པའི་ཡོན་ཏན་བསྟན་པ་ལ་དགོངས་པ་བསྟན་པ། གཟི་བརྗིད་ཅན་གྱི་མདོ་ལས་ཀྱང་། དེ་ལ་འདའ་བའི་གནས་ལྔ་གང་ཞེ་ན། ཚུལ་ཁྲིམས་ལས་འདའ་བའི་གནས་དང་། མང་དུ་ཐོས་པ་ལས་འདའ་བའི་གནས་དང་། འཇིག་
རྟེན་གྱི་ཟང་ཟིང་སྤོང་བ་ལས་འདའ་བའི་གནས་དང་། དལ་བ་ཕུན་སུམ་ཚོགས་པ་ལས་འདའ་བའི་གནས་དང་། དགེ་བའི་བཤེས་གཉེན་ལས་འདའ་བའི་གནས་ཏེ། འདི་དག་ནི་འདའ་བའི་གནས་ལྔའོ། །དེ་ལ་འདའ་བའི་གནས་ལྔ་པོ་དེ་དག་ལས། མང་དུ་ཐོས་པ་ལས་འདའ་བའི་གནས་ནི་
རྒུད་པ་ཐམས་ཅད་ཀྱི་གནས་སུ་འགྱུར་རོ། །མང་དུ་ཐོས་པའི་དགེ་སློང་གི་སྒྲིབ་པའི་གནས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །འདིའི་ལམ་ངན་པ་ཐམས་ཅད་བཀག་པར་འགྱུར་རོ། །འདིའི་དཀར་པོའི་ཕྱོགས་ཐམས་ཅད་ནང་དུ་འདུ་བར་འགྱུར་རོ། །མཆོག་ཏུ་ཉེ་བ་ཉིད་ཀྱིས་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཐག་མི་རིང་བར་བཞུགས་པར་འགྱུར་ཏེ། ཅི་འདྲ་བ་ཉེ་བར་འགྱུར་ཞེ་ན། འདི་ལ་གནས་བརྟན་ཤཱ་རིའི་བུ་དང་དགེ་སློང་མཽད་གལ་གྱི་བུ་དང་། གནས་བརྟན་རབ་འབྱོར་དང་། དགེ་སློང་ཀུན་དགའ་བོ་ཇི་ལྟ་བ་བཞིན་ནོ། །ཀུན་དགའ་བོ་དེ་ལྟར་ན་དགེ་སློང་མང་དུ་ཐོས་པ་དག་
Vol. 112 · folio 137a
ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར། དུད་འགྲོའི་སྐྱེ་གནས་སུ་མ་ཡིན། གཤིན་རྗེའི་འཇིག་རྟེན་དག་ཏུ་སྐྱེ་བར་མི་འགྱུར་རོ། །གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་ཤེས་རབ་ཆེན་པོར་འགྱུར་རོ། །ཇི་ལྟར་ཤེས་རབ་ཆེན་པོར་འགྱུར་ཞེ་ན། ཤེས་རབ་ཆེན་
པོ་ཉིད་གང་གིས་མཚམས་མེད་པ་ལྔ་མངོན་པར་འདུ་བྱེད་པར་མི་འགྱུར་རོ། །ཀུན་དགའ་བོ་དགེ་སློང་མང་དུ་ཐོས་པ་ནི་གཞན་གྱི་མྱ་ངན་དང་ཟུག་རྔུ་སེལ་བར་བྱེད་པར་འགྱུར་རོ། །གཞན་གྱི་འགྱོད་པ་སེལ་བར་འགྱུར་རོ། །འདི་ལ་མཐོང་བའི་ཆོས་དང་ཚེ་ཕྱི་མའི་ཕུན་སུམ་ཚོགས་པ་གང་ཞིག་
མང་དུ་ཐོས་པ་དེའི་ནང་དུ་མི་འདུ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་ངའི་བ་དན་གཟུང་བར་འདོད་པས་མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །དགེ་སློང་མང་དུ་ཐོས་པ་ཚོལ་བས་བྱ་བ་གསུམ་བྱས་པར་འགྱུར་རོ། །གསུམ་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་
གཟུང་བར་འགྱུར་བ་དང་། གཞན་དག་གི་འགྱོད་པ་སྐྱེས་ཤིང་སྐྱེས་པ་སེལ་བར་བྱེད་པ་དང་། དེ་དག་གིས་གདོན་མི་ཟ་བར་མྱ་ངན་ལས་འདའ་བར་བྱ་བ་སྟེ། འདི་ནི་མང་དུ་ཐོས་པའི་རྒྱུ་མཐུན་པའོ། །དགེ་སློང་མང་དུ་ཐོས་པ་ཚོལ་བས་ཆོས་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། བཞི་གང་ཞེ་ན།
མང་དུ་ཐོས་པ་ལ་འགོད་པར་བྱེད་ཅིང་སྣ་ཚོགས་པ་གཏམ་པར་འགྱུར་བ་དང་། འདི་ལྷས་ཀྱང་མི་སྤོང་བ་དང་། སྲོག་གཅོད་པར་མི་འགྱུར་བ་དང་། ལས་དང་རྣམ་པར་སྨིན་པ་ལ་མཁས་པར་འགྱུར་བ་སྟེ། དགེ་སློང་མང་དུ་ཐོས་པ་ཚོལ་བས་ནི་ཆོས་བཞི་པོ་འདི་དག་ཡོངས་སུ་གཟུང་བར་འགྱུར་རོ། །དགེ་
སློང་མང་དུ་ཐོས་པ་ཚོལ་བས་ནི། གནས་ལྔ་འཛིན་པར་འགྱུར་ཏེ། ལྔ་གང་ཞེ་ན། འཆི་བའི་དུས་སུ་འདིའི་ཡིད་ཆོས་ཀྱི་ནང་དུ་ཆུད་པར་འགྱུར་བ་དང་། འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་ཞིང་། དེར་ཡང་ལྷ་དག་འཁོར་བྱེད་པ་དང་། ཆོས་དང་ལྡན་པའི་གཏམ་གྱིས་
ལྷ་དག་དགའ་བར་བྱེད། ཡང་དག་པར་ལེན་དུ་འཇུག་པ་དང་། ལྷ་དང་མི་རྣམས་ཀྱིས་ཟིལ་གྱིས་མི་ནོན་པར་འགྱུར་བ་དང་། དེ་ནས་ཤི་འཕོས་མ་ཐག་ཏུ་མི་རྣམས་ཀྱི་ནང་དུ་སླར་ཡང་སྐྱེ་བར་འགྱུར་བ་དང་། རྒྱལ་སྲིད་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སྦྱིན་པ་འདི་ནི་མཆོག་ཏུ་
Vol. 112 · folio 137b
གསུངས་ཏེ། འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའོ། །དེ་ཆོས་ཀྱི་སྦྱིན་པ་དེས་རྒྱལ་པོ་ལོངས་སྤྱོད་ཆེ་བ་དང་འཁོར་མང་བར་འགྱུར་རོ། །བག་ཡོད་པ་དང་ཤེས་རབ་ཆེན་པོར་འགྱུར་རོ། །རྒྱལ་སྲིད་ཀྱི་བྱ་བ་དག་ལ་སྤྱོད་པ་པོར་འགྱུར་ཏེ། ཆོས་ལྔ་པོ་འདི་དག་དང་ལྡན་པ་ནི་ལྷ་དང་མི་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་
མཚན་ཉིད་ཅན་དུ་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་མཁས་པས་མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །ཆོས་ལྔ་པོ་འདི་དག་ནི་དེ་བཞིན་གཤེགས་པས་མངོན་པར་མཁྱེན་ནས་གསུངས་པའོ། །དེ་ལ་དགེ་སློང་མཁས་པས་རྒུད་པའི་གནས་ལྔ་པོ་འདི་དག་སྤངས་ནས། ཕུན་སུམ་
ཚོགས་པའི་གནས་ལ་མངོན་པར་བརྩོན་པར་བྱའོ། །དེ་ལ་ཕུན་སུམ་ཚོགས་པའི་གནས་གང་ཞེ་ན། མང་དུ་ཐོས་པ་སྟེ་མང་དུ་ཐོས་པ་ལ་ཤེས་རབ་ཉེ་བར་འགྱུར། གཅིག་ཏུ་གནས་པར་འགྱུར། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བརྫི་བ་དེ་ནི་ཤེས་རབ་དང་ལྡན་པ་ཞེས་
བྱའོ། །དེ་ལ་འདི་དག་ནི་མང་དུ་ཐོས་པའི་སྟོབས་དག་སྟེ། འདི་ལ་མྱ་ངན་འབྱུང་བར་མི་འགྱུར། ཁེངས་པར་མི་འགྱུར། ཁྲོ་བར་མི་འགྱུར། འཁོན་དུ་འཛིན་པར་མི་འགྱུར། རྒོད་པར་མི་འགྱུར། མཐོའོ་སྙམ་པར་མི་འགྱུར། གཡོ་བག་ཅན་དུ་མི་འགྱུར། འཁྲུལ་པར་མི་འགྱུར། རྟེན་མེད་
པ་ལ་མ་རུངས་པར་མི་འགྱུར་རོ། །ང་རྒྱལ་གྱིས་བྱས་པའི་བྱ་བ་བྱེད་པར་མི་འགྱུར་རོ། །འཇིགས་པར་མི་འགྱུར་རོ། །གནོད་ཞད་ཅན་དུ་མི་འགྱུར་རོ། །འཁོར་གྱི་ནང་ན་གནས་པ་ན་མི་འཇིགས་པར་འགྱུར། འཁོར་གྱི་ནང་ན་འདུག་པ་ན་འདི་དག་ནི་ངར་འཛིན་པ་ལ་གནས་པ། ང་རྒྱལ་དང་བཅས་པ་ཞིག་
སྟེ། ཡོངས་སུ་བསྐང་བར་མི་ནུས་སོ་སྙམ་དུ་ཞུམ་པར་མི་འགྱུར། སྨད་པས་གནོད་ཞད་ཅན་དུ་མི་འགྱུར། བསྟོད་པས་འཕར་བར་མི་འགྱུར། གནས་པ་དང་ལྡན་པར་འགྱུར། མི་འཕྲོག་པར་འགྱུར། འདིའི་ལྕེ་སྤངས་པར་འགྱུར། འདིའི་ལྕེ་དག་པར་འགྱུར། འཇམ་པ་དང་སྙན་པར་སྨྲ་བ་ཡོངས་སུ་
འཛིན་པ་ཉིད་དུ་འགྱུར། སྒྲ་དབྱངས་དགའ་བ་སྐྱེད་པར་འགྱུར། ངག་དབྱངས་སྙན་པར་འགྱུར། འཁོར་གྱི་ཚོགས་ཆེན་པོར་འཇུག་པར་འགྱུར། ཚོགས་ཀྱི་ནང་ན་སྨྲ་བ་པོར་འགྱུར། ལྷ་དག་རྟག་ཏུ་འདིའི་རྗེས་སུ་འབྲང་བར་འགྱུར། ཤེས་རབ་ཀྱི་སྦྱིན་བདག་ཏུ་འགྱུར། ཚུལ་ཁྲིམས་ཀྱི་སྦྱིན་བདག་ཏུ་འགྱུར།
Vol. 112 · folio 138a
གཏོང་བའི་སྦྱིན་བདག་ཏུ་འགྱུར། མཐོ་རིས་ཀྱི་སྦྱིན་བདག་ཏུ་འགྱུར། མྱ་ངན་ལས་འདས་པའི་སྦྱིན་བདག་ཏུ་འགྱུར། ཡོན་ཏན་གྱི་ཆོས་ཇི་སྙེད་བསྒྲགས་པ་དེ་སྙེད་ཁོ་ན་ཆོས་ཀྱི་སྦྱིན་པའི་སྦྱིན་བདག་གི་འཁོར་རྣམས་ལ་རབ་ཏུ་གསལ་བར་བྱེད་ཅིང་། ཡོན་ཏན་དེ་དག་ལ་འགོད་པར་བྱེད་དོ། །
ཀུན་དགའ་བོ་དེ་ལྟ་བས་ན་མང་དུ་ཐོས་པའི་སྦྱིན་བདག་མཆོག་ཏུ་འགྱུར། བདེ་བའི་སྦྱིན་བདག་ཏུ་འགྱུར། ལེགས་པར་སྤྱོད་པའི་སྦྱིན་བདག་ཏུ་འགྱུར་བ་ནས་མྱ་ངན་ལས་འདས་པའི་སྦྱིན་བདག་གི་བར་དུ་འགྱུར་རོ། །ཤེས་རབ་དེས་སྦྱིན་པ་ཉུང་ཟད་ཀྱང་མང་པོར་བྱེད་དོ། །ཉམས་པའི་སེམས་སུ་མི་འགྱུར།
ཞུམ་པའི་སེམས་སུ་མི་འགྱུར། སྡུག་ཕོངས་པའི་སེམས་སུ་མི་འགྱུར་རོ། །དེ་ལ་གཞན་གྱིས་འགྱོད་པ་སྐྱེད་པར་མི་ནུས་སོ། །སྡུག་བསྔལ་བའི་སེམས་ཡང་དག་པར་བསྲེག་པར་འགྱུར་རོ། །གདམས་ངག་འདོམ་པ་པོར་འགྱུར། ཡང་དག་པར་ལེན་དུ་འཇུག་པ་པོར་འགྱུར། དམ་པའི་ཆོས་ཡོངས་སུ་
འཛིན་པ་པོར་འགྱུར། སྐྱེས་བུ་དམ་པ་དེ་ལྟ་བུའི་ངོ་བོ་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་མང་དུ་ཐོས་པ་ལ་དེ་ལྟ་བུའི་ངོ་བོའི་བསྔགས་པ་དེ་དག་མཐོང་བས་ནི། མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་
པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མང་དུ་ཐོས་པའི་བསྔགས་པ་དེ་དག་གསུངས་ན། བཅོམ་ལྡན་འདས་གང་ཞིག་གཞན་མང་དུ་ཐོས་པ་ལ་འགོད་པར་འགྱུར་བ། དེས་དགེ་བའི་རྩ་བ་ཇི་སྙེད་ཅིག་
སྐྱེད་པར་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྐྱེས་བུ་མཁས་པ་འགའ་ཞིག་གིས་སྨྲས་པའི་དོན་དཔེས་ཤེས་པར་འགྱུར་བ་དེས་ན་ཁྱོད་ལ་དཔེ་བརྗོད་པར་བྱ་སྟེ། ཀུན་དགའ་བོ་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཤིང་གི་རིགས་སམ་རྩྭའི་རིགས་སམ་སྡོང་དུམ་སོར་གཅིག་པའམ་སོར་གཉིས་པ་སྐྱེས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་ལྡན་པར་གྱུར་ལ། དེ་ལ་གང་རྩྭ་སོར་གཅིག་པ་སྐྱེས་པ་དེའི་འབྲས་བུ་གང་གཱའི་ཀླུང་གི་བྱེ་མ་
Vol. 112 · folio 138b
དང་མཉམ་པ་དེ་སྙེད་མངོན་པར་འགྲུབ་པར་འགྱུར་བ་དང་། དེ་ལ་གང་ས་ལས་སོར་གཉིས་སྐྱེས་པར་འགྱུར་བ་དེའི་འབྲས་བུ་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་དང་མཉམ་པ་དེ་སྙེད་མངོན་པར་འགྲུབ་པར་འགྱུར་བ་དང་། རྣམ་གྲངས་འདིས་སོར་སྐྱེ་བ་ཇི་སྙེད་པར་འགྱུར་རོ། །དེ་བཞིན་དུ་སྡོང་དུམ་སོར་
ཇི་སྙེད་པར་འགྱུར་བ་ནི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་སྙེད་དུ་འགྱུར་ན། ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། འབྲས་བུ་དང་ཤིང་འདི་དག་ནི་འདི་ཙམ་ཞིག་གོ་ཞེས་འབྲས་བུ་དང་ཤིང་དེ་དག་གི་ཚད་གཟུང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ།
ཀུན་དགའ་བོ་སྡོང་དུམ་སོར་ཚད་དང་ལྡན་པ་དེ་དག་གི་འབྲས་བུ་དང་ཤིང་དེ་དག་གི་ཚད་གཟུང་བར་ནུས་ཀྱི། གང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཅི་ནས་ཀྱང་སེམས་ཅན་འདི་དག་ཆོས་ཀྱི་སྦྱིན་པ་འདིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་ནས་དགྲ་བཅོམ་པ་ཉིད་རྗེས་སུ་ཐོབ་པའི་བར་དང་།
བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་འགྱུར་རོ་སྙམ་དུ་ཕན་པའི་དངོས་པོ་ལ་གནས་ནས། མ་ཆགས་པའི་སེམས་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཞིག་སྟོན་དུ་འཇུག་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་གཟུང་བར་མི་ནུས་སོ། །གང་ཞིག་
དེ་ལྟར་ཕན་པའི་སེམས་བསྐྱེད་ནས་གཞན་ལ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཞིག་ཀྱང་འཛིན་དུ་འཇུག་པའམ། སྟོན་དུ་འཇུག་པའམ། ཀུན་ནས་ཤེས་སུ་འཇུག་ན་དཔེར་བརྗོད་པ་ཡོངས་སུ་གཟུང་བ་སྔ་མས་བསོད་ནམས་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། །སྟོང་གི་ཆར་ཡང་
བརྒྱ་སྟོང་གི་ཆར་ཡང་གྲངས་སམ། ཆར་རམ། བགྲང་བར་རམ། དཔེར་རམ། རྒྱུར་ཡང་མི་བཟོད་དོ། །གང་ཞིག་གཞན་ཡང་མང་དུ་ཐོས་པ་དང་། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ལ་འགོད་པ་དེ། དེ་ལྟར་དགེ་བའི་རྩ་བ་མང་པོ་བསྐྱེད་དོ་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་
ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་། དགེ་སློང་དྲི་མ་མེད་པ་དགའ་བ་དང་མགུ་བ་དང་ཡི་རངས་པ་དང་རབ་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་པ་དེས་ལོ་འབུམ་ཕྲག་དེ་འདས་པ་ན། ཚིག་བཞི་པའི་ཚིགས་སུ་བཅད་པ་དེ་རབ་ཏུ་བཏོན་ནས་དེ་བཞིན་གཤེགས་པ་བཟང་སྐྱོང་ལྷུན་པོ་ཆེན་པོ་ག་ལ་
Vol. 112 · folio 139a
བ་དེར་དོང་སྟེ་དོང་ནས་ཀྱང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཁོ་བོས་སྐྱེས་བུ་དམ་པའི་ལས་བགྱིས་སོ། །ཁོ་བོས་བདུད་ཀྱི་དཀྱིལ་འཁོར་ཕམ་པར་བགྱིས་སོ། །ཁོ་བོས་ཉོན་མོངས་པ་རྣམས་ཚར་བཅད་དོ། །ཁོ་བོས་
བྱང་ཆུབ་ཀྱི་སྙིང་པོ་རྣམ་པར་སྦྱངས་སོ། །ཁོ་བོས་སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱངས་སོ། །མི་ཉིད་དོན་ཡོད་པ་དང་རབ་ཏུ་བྱུང་བ་ལ་ལེགས་པར་རྙེད་དོ། །ཁོ་བོས་སངས་རྒྱས་འབྱུང་བ་རབ་ཏུ་ཀུན་ནས་བསྲུངས་སོ། །ཁོ་བོས་ཡུལ་གྱི་བསོད་སྙོམས་ལེགས་པར་འཚལ་ལོ། །ཁོ་བོས་
ཡོན་རྣམ་པར་སྦྱངས་སོ། །ཁོ་བོས་ཡོན་གནས་ཀྱི་ས་ལ་རབ་ཏུ་གནས་སོ། །ཁོ་བོས་ཆོས་ཀྱི་གཏེར་བསྟན་ཏོ། །ཁོ་བོས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ས་བོན་བཟུང་ངོ་། །ཁོ་བོས་འཕགས་པའི་ནོར་གྱི་ནོར་དང་བཅས་སོ། །ཁོ་བོས་མི་དབུལ་ཞིང་རྙེད་པ་ཆེན་པོ་དང་ལྡན་ནོ། །ཁོ་
བོས་སེམས་ཅན་ཐམས་ཅད་ཆོས་ཀྱི་སྦྱིན་པས་མགྲོན་དུ་གཉེར་རོ། །ཆོས་ཀྱི་སྦྱིན་པ་སྦྱིན་པར་བགྱིའོ། །བག་ལ་ཉལ་བ་གཞོམ་པར་བགྱིའོ། །སྒྲིབ་པ་སྤང་བར་བགྱིའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་རབ་ཏུ་ཞི་བར་བགྱིའོ། །མ་རིག་པ་དང་སྲིད་པའི་སྲེད་
པའི་སྒོ་འཕར་དབྱེ་བར་བགྱིའོ། །རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བསྐོར་བ་ཡོངས་སུ་རྫོགས་པར་བགྱིའོ། །དེ་ནས་རྒྱལ་པོ་གཟི་བརྗིད་དྲི་མ་མེད་པས་སྣག་གི་གཉེན་མཚམས་སུ་དེའི་སེང་གེའི་སྒྲ་འདི་ཐོས་ནས། བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་བཟང་སྐྱོང་ལྷུན་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྣག་གི་གཉེན་མཚམས་འདི་རྣལ་འབྱོར་གྱིས་སྤངས་པ་དང་། ནང་དུ་ཡང་དག་པར་འཇོག་པ་དང་། ཞལ་ཏ་དང་། མང་དུ་ཐོས་པ་ཡང་རུང་སྟེ། གང་ལ་མངོན་པར་བརྩོན་
པར་གྱུར་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགེ་སློང་འདི་མང་དུ་ཐོས་པ་ལ་མངོན་པར་བརྩོན་པར་གྱུར་ཏོ། །དེས་གསོལ་པ། བཅོམ་ལྡན་འདས་གང་དེ་སྐད་དུ་སེང་གེའི་སྒྲ་སྒྲོགས་པ་འདིས་ཆོས་ཇི་སྙེད་ཅིག་ཡོངས་སུ་ཐོབ་པར་གྱུར་ལགས། བཀའ་
Vol. 112 · folio 139b
སྩལ་པ། རྒྱལ་པོ་ཆེན་པོ་དགེ་སློང་འདིས་ལོ་སྟོང་དུ་ཚིག་བཞི་པའི་ཚིགས་སུ་བཅད་པ་སྟོན་པར་གྱུར་ཏོ། །གསོལ་པ། བཅོམ་ལྡན་འདས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བཏོན་པས་ངའི་སྣག་གི་གཉེན་མཚམས་འདི་དེ་སྐད་དུ་སེང་གེའི་སྒྲ་སྒྲོགས་སམ། བཅོམ་ལྡན་འདས་གལ་
ཏེ་སེང་གེའི་སྒྲ་བསྒྲག་པར་བགྱི་ན་ནི། དེ་བདག་གིས་བསྒྲག་པར་བྱ་སྟེ། བདག་གིས་ལོ་སྟོང་དུ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་ལ་ཡིད་དུ་འོང་བའི་ཆོས་གོས་དང་བསོད་སྙོམས་དང་། མལ་སྟན་དང་ན་བའི་རྐྱེན་སྨན་དང་ཡོ་བྱད་ཕུལ་ལོ། །དེ་སྐད་ཅེས་གསོལ་བ་
དང་། དེ་བཞིན་གཤེགས་པ་བཟང་སྐྱོང་ལྷུན་པོ་ཆེན་པོས་རྒྱལ་པོ་གཟི་བརྗིད་དྲི་མ་མེད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་དེ་སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། གང་རྒྱལ་པོ་ཆེན་པོ་ལོ་སྟོང་དུ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་བསྡོམས་པ་དེ་བཞིན་གཤེགས་པ་ལ་ཕུལ་
ན། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདི་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པའི་དབུགས་དབྱུང་བ་དང་རྔུབ་པ་གཅིག་གི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་ན། ཉེ་བར་སྟོན་པ་
དང་ཁ་ཏོན་ཚོལ་བ་ལ་མངོན་པར་བརྩོན་ཞིང་། ཚིག་བཞི་པའི་ཚིགས་སུ་བཅད་པ་འདོན་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་ནི་བསོད་ནམས་དེའི་མཐའ་མི་སྨྲའོ། །རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་སྦྱིན་པར་བྱ་བའི་ཆོས་གཏོང་བ་ལྟ་ཞོག །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་ལོ་སྟོང་ཕྲག་
འདའ་བར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཁྱོད་ཀྱིས་དགོས་པ་ཕུལ་བར་གྱུར་ན། དེ་མང་ངམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་ལགས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཡོངས་སུ་གཏོང་བ་དེ་ཐམས་ཅད་བསྡོམས་ནས་དགེ་སློང་གཅིག་
ལ་དང་། རྣམ་གྲངས་འདིས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཕུལ་ན། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་དེ་མང་ངམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words