འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 114 · folio 1b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ། ཚིག་གི་མངའ་བདག་འཇམ་དཔལ་
གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྟོན་པའི་གཙོ་བོ་སངས་རྒྱས་བཅོམ་ལྡན་དང་། །བསྟན་པ་འཇུག་འབྱུང་དམ་པའི་ཆོས་མཆོག་དང་། །འཆད་དུ་འཇུག་དང་འཆད་པ་འཁོར་གྱི་གཙོ། །
ཤཱ་རིའི་བུ་དང་བློ་གྲོས་མི་ཟད་དང་། །གཞན་ཡང་མཚན་སྨོས་འདི་དག་གིས་མཚོན་པའི། །འགྲོ་བ་གསུམ་གྱི་བླ་མ་དཀོན་མཆོག་གསུམ། །ཕྱོགས་དུས་ཀུན་ན་བཞུགས་པ་མ་ལུས་ལ། །སྤྱི་བོ་
ས་ལ་གཏུགས་ཏེ་ཕྱག་འཚལ་ནས། །སྤྱོད་པ་གང་གིས་འཕགས་རྣམས་ངེས་འབྱུང་ཚུལ། །ཐབས་མཁས་འདུས་པ་ཆེན་པོ་ངེས་པ་འདི། །བདག་པས་བློ་ཞན་རྣམས་ལ་ཕན་གདགས་
ཕྱིར། །བླ་མའི་ལུང་ལས་བརྟེན་ཏེ་ཚིག་ཙམ་དབྱེ། །འདི་ལ་དགོས་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། བསྡུས་པའི་དོན་དང་། ཚིག་གི་དོན་རྣམ་པ་འདི་ལྔས་བཤད་པར་བྱའོ། །
Vol. 114 · folio 2a
དེ་ལ་མདོ་སྡེའི་དགོས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཐབས་འདིས་ཐོབ་པར་བྱེད་པའི་ཕྱིར་རོ། །བརྗོད་པར་བྱ་བ་ནི་མི་ཟད་པ་བརྒྱད་ཅུ་སྟེ། དེ་ལ་མི་ཟད་པ་བརྒྱད་ཅུ་ནི་སེམས་བསྐྱེད་པ་དང་།
བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། བསྡུ་བའི་དངོས་པོ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
རྟོན་པ་བཞི་དང་། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། ཞི་གནས་དང་། ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་། ཆོས་ཀྱི་མདོ་བཞི་
དང་། བགྲོད་པ་གཅིག་གི་ལམ་དུ་གྱུར་པ་དང་། ཐབས་ལ་མཁས་པའོ། །འབྲེལ་པ་ནི་དེ་གཉིས་འབྲེལ་པ་སྟེ། ཐབས་དང་ཐབས་ཅན་དུ་གྱུར་པའི་ཕྱིར་རོ། །བསྡུས་པའི་དོན་ནི་རྣམ་པ་བཅུ་དགུ་སྟེ། གླེང་གཞི་དང་། གླེང་བསླང་
བ་དང་། ཆོས་རྣམས་ཀྱི་གཞི་དང་། དེའི་འབྲས་བུ་དང་། བདག་དང་གཞན་གྱི་དོན་བྱེད་པ་དང་། སྙིང་བརྩེ་བ་དང་། ཡོ་བྱད་དང་། ཡོངས་སུ་སྨིན་པར་བྱ་བའི་མཐུ་དང་། བསྟན་པར་བྱ་བའི་མཐུ་འཐོབ་པ་དང་། དེའི་ཐབས་ཤེས་
Vol. 114 · folio 2b
པ་དང་། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། དེར་སྦྱོར་བར་བྱེད་པ་དང་། ལུང་བསྟན་པ་ཐོབ་པ་དང་། དེ་ཐོབ་པར་བྱ་བ་རྣམ་པར་གཞག་པ་དང་། རང་བྱང་ཆུབ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། དེ་ལ་བསྡུས་པའི་དོན་
བསྟན་པ་ནི་མདོ་སྡེའི་དོན་བདེ་བར་ཟིན་པར་བྱ་བའི་ཕྱིར་རོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཚད་མེད་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་དང་ཐབས་ཅིག་གོ་ཞེས་བྱ་བ་ཡན་ཆད་ཀྱིས་གླེང་གཞི་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཉན་པའི་ཕྱིར་འདུས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་གླེང་བསླང་བ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཞེས་བྱ་བ་ནས་བརྩམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་
ཆོས་རྣམས་ཀྱི་གཞི་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་མི་ཟད་པ་ཞེས་བྱ་བ་ནས་བརྩམས་ཏེ། འདི་ནི་ལྷག་པའི་བསམ་པ་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་གསུམ་གྱིས་དེའི་འབྲས་
བུ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཞེས་བྱ་བ་ནས་བརྩམས་ཏེ། སྔོན་གྱི་སྦྱངས་པ་བྱས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བདག་དང་གཞན་གྱི་དོན་བྱེད་པ་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་
མི་ཟད་པས་ཞེས་བྱ་བ་ནས་བརྩམས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་སྙིང་བརྩེ་བ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་
ཤེས་པ་ལྔ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་ཡོ་བྱད་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བསྡུ་བའི་དངོས་པོ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་ཡོངས་སུ་སྨིན་པར་བྱེད་པའི་མཐུ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་
Vol. 114 · folio 3a
ཞེས་བྱ་བ་ནས་བརྩམས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པར་བྱ་བའི་མཐུ་འཐོབ་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། རྟོན་པ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་དེའི་
ཐབས་ཤེས་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཚོགས་ཀྱི་ལམ་བསྟན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། འདི་དག་ནི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་སྟོབས་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་སྦྱོར་བའི་ལམ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་མཐོང་བའི་ལམ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་
བྱ་བ་ནས་བརྩམས་ཏེ། ལམ་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་སྒོམ་པའི་ལམ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། ཞི་གནས་དང་ལྷག་མཐོང་མི་ཟད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་དེར་སྦྱོར་བར་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་
ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། གཟུངས་དང་སྤོབས་པ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་ལུང་བསྟན་པ་ཐོབ་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱི་མདོ་བཞི་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་དེ་ཐོབ་པ་རྣམ་པར་གཞག་པ་བསྟན་
ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། བགྲོད་པ་གཅིག་པའི་ལམ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་རང་བྱང་ཆུབ་པ་བསྟན་ཏོ། །གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། ཐབས་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་ཀྱི་
འཁོར་ལོ་རབ་ཏུ་བསྐོར་བ་བསྟན་ཏོ། །ཚིག་གི་དོན་ནི་བསྡུས་པའི་དོན་རིག་པར་བྱ་བའི་ཕྱིར་ཏེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའི་དོན་རྒྱས་པར་སྟོན་པ་གང་ཡིན་པའོ། །དེ་ལ་གླེང་གཞི་ནི་མདོ་སྡེ་འབྱུང་བའི་རྒྱུ་སྟེ། ཡང་དག་པར་སྡུད་པར་མཛད་པ་
Vol. 114 · folio 3b
རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་ཐམས་ཅད་དུ་སྨོས་སོ། །དེའང་གནས་དང་སྟོན་པ་དང་། འཁོར་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་སྟེ། གནས་གང་ན་གང་ཞིག །སུ་དག་དང་ཐབས་ཅིག་ཏུ་བཞུགས་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་ཅེས་སྦྱར་རོ། །དེ་ལ་གནས་ནི་ཡོན་
ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ཞེས་བྱ་བའི་བར་གྱིས་བསྟན། སྟོན་པ་ནི་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་ཅེས་བྱ་བའི་བར་གྱིས་བསྟན། འཁོར་ནི་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལ་འདི་སྐད་བདག་གིས་
ཐོས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་སྡུད་པ་མཛད་པ་རྣམས་ཀྱི་ཚིག་སྟེ། འདི་སྐད་ཅེས་བྱ་བ་ནི་མདོ་སྡེ་འདི་ལས་མི་ཟད་པ་བརྒྱད་ཅུ་ཞིག་འོག་ནས་འབྱུང་བ་ལ་བྱའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་གཞན་ལས་ཉིད་གཏམ་དུ་ཐོས་པ་ནི་མ་ཡིན་གྱིས་སྡུད་པ་མཛད་པ་
ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་རྣ་བའི་དབང་པོས་ཐོས་པ་ལ་བྱའོ། །དུས་གཅིག་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྐྱེ་བོ་མང་པོའི་དོན་ལ། དུས་གཞན་དག་ཏུ་ནི་མདོ་སྡེ་འཆད་ཅིང་སེམས་ཅན་གྱི་དོན་གཞན་མཛད་པས་མདོ་སྡེ་འདི་དུས་གཅིག་ཅིག་ཏུ་བཤད་དོ་ཞེས་བྱ་བའི་
ཐ་ཚིག་གོ། །རྣམ་པ་གཉིས་སུ་སྡུད་པར་མཛད་པ་ཉིད་དུས་གཞན་དག་ཏུ་ཆོས་གཞན་མཉན་ནས། དུས་གཅིག་ཅིག་ཏུ་མདོ་སྡེ་འདི་ལན་ཅིག་མཉན་པ་ལའང་བྱ་སྟེ། དུས་གཅིག་ལན་ཅིག་མཉན་པ་དེས་སྡུད་པར་མཛད་པ་ཉིད་མང་དུ་ཐོས་པ་དང་། ཐོས་པ་འཛིན་པ་ཡིན་པར་ཡང་ཞར་
ལ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བགེགས་བཅོམ་པ་དང་ལྡན་པ་ལ་བྱ་སྟེ། བགེགས་ཀྱང་འདིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པ་བདུད་རྣམ་བཞི་ལ་བྱའོ། །བདུད་རྣམ་བཞི་ནི་ལྷའི་བུའི་བདུད་དང་། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་
དང་། འཆི་བདག་གི་བདུད་དོ། །དེ་ལ་ལྷའི་བུའི་བདུད་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱམས་པའི་ཏིང་ངེ་འཛིན་གྱིས་བཅོམ། ཉོན་མོངས་པའི་བདུད་ཀྱང་བྱང་ཆུབ་མངོན་པར་རྟོགས་པའི་ཚེ་བཅོམ། ཕུང་པོའི་བདུད་ཀྱང་བྱང་ཆུབ་མངོན་པར་རྟོགས་པའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་གནས་ཡོངས་
Vol. 114 · folio 4a
སུ་གྱུར་པས་བཅོམ། འཆི་བདག་གི་བདུད་ཀྱང་གྲོང་ཁྱེར་ཡངས་པ་ཅན་དུ་མྱ་ངན་ལས་འདའ་བ་ལས་མི་འདའ་བར་ཟླ་བ་གསུམ་དུ་ཚེའི་འདུ་བྱེད་སླར་བསྣུར་ཏེ། ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་ཀྱང་དེར་བཅོམ་མོ། །ཡང་ན་འདི་ལ་ལེགས་པ་མངའ་བས། བཅོམ་
ལྡན་འདས་ཞེས་བྱ་སྟེ། ལེགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང་། གཟུགས་བཟང་བ་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་རྣམས་ལ་བྱ་སྟེ། དེ་ལ་དབང་ཕྱུག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་བླ་ན་ཡོད་པ་དང་། བླ་ན་མེད་པ་དང་
ལྡན་པ་ལ་བྱའོ། །གཟུགས་བཟང་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །གྲགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཕྱོགས་ཐམས་ཅད་དུ་གྲགས་པ་ལ་བྱའོ། །དཔལ་ནི་
བདག་ཉིད་ཀྱི་བསམ་པ་ཡོངས་སུ་རྫོགས་པ་དང་། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དཔལ་དུ་གྱུར་ཏེ། རེ་བ་ཡོངས་སུ་རྫོགས་པ་ལ་བྱའོ། །ཡེ་ཤེས་ནི་ཤེས་བྱའི་དངོས་པོ་ཐམས་ཅད་ལ་མ་ཆགས་ཤིང་ཐོགས་པ་མེད་པར་
མཁྱེན་པ་ལ་བྱའོ། །བརྩོན་འགྲུས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སེམས་ཅན་གྱི་དོན་མི་གཏོང་བའི་བརྩོན་འགྲུས་དང་ལྡན་པ་ལ་བྱའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནས། ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ན་བཞུགས་ཞེས་བྱ་བའི་བར་དུ་བཅོམ་ལྡན་འདས་ཀྱི་གནས་
ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་རྒྱལ་པོའི་ཁབ་ཅེས་བྱ་བ་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་བྱའོ། །ཡང་ན་རྒྱལ་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ལ་བྱའོ། །ཁབ་ནི་ཆོས་ཀྱི་རྒྱལ་པོ་དེ་བཞུགས་པའི་གནས་ལ་བྱ་སྟེ། དེ་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་
རྣམ་པར་དག་པ་ཉིད་ལ་བཞུགས་པས་ཆོས་ཀྱི་དབྱིངས་ཉིད་ལ་བྱའོ། །ཁབ་དེ་ཡང་མཚན་ཉིད་རྣམ་པ་བདུན་གྱིས་བསྟན་ཏེ། ཟབ་པའི་མཚན་ཉིད་དང་། རྒྱ་ཆེ་བའི་མཚན་ཉིད་དང་། ཡོངས་སུ་བཟུང་བའི་མཚན་ཉིད་དང་། རྒྱུ་ཕུན་སུམ་ཚོགས་པའི་མཚན་ཉིད་དང་། འབྲས་བུ་ཕུན་སུམ་
Vol. 114 · folio 4b
ཚོགས་པའི་མཚན་ཉིད་དང་། རྒྱས་པའི་མཚན་ཉིད་དང་། རྫུ་འཕྲུལ་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དེ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱ་བ་ཟབ་པའི་མཚན་ཉིད་བསྟན་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་ནམ་མཁའི་དབྱིངས་དང་འདྲ་བར་དམིགས་པ་དང་རྣམ་པ་ཡོངས་
སུ་མ་ཆད་པས་ཟབ་བོ། །རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཞེས་བྱ་བས་རྒྱ་ཆེ་བའི་མཚན་ཉིད་བསྟན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་རྣམས་ཀྱིས་སྤྲས་ཤིང་བརྒྱན་པའམ། ཡང་ན་དེ་བཞིན་གཤེགས་པའི་མཐུ་ལས་བྱུང་བའི་རིན་པོ་ཆེ་རྣམས་
ཀྱི་ཕོ་བྲང་དེ་སྤྲས་པས་ན་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཞེས་བྱ་བས་ཡོངས་སུ་བཟུང་བའི་མཚན་ཉིད་བསྟན་ཏེ། གནས་དེ་གཞན་གྱིས་བཟུང་བ་མ་ཡིན་གྱི། དེ་བཞིན་གཤེགས་པའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཞེས་བྱ་བའི་ཐ་ཚིག་གོ། །
བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ་ཞེས་བྱ་བས་རྒྱུ་ཕུན་སུམ་ཚོགས་པའི་མཚན་ཉིད་བསྟན་ཏེ། དེ་བཞིན་གཤེགས་པའི་གནས་ཆོས་ཀྱི་དབྱིངས་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཡེ་ཤེས་ཀྱི་ཚོགས་དངོས་
སུ་མ་སྨོས་ཀྱང་ཆོས་ཀྱི་དབྱིངས་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉི་ག་ཡོངས་སུ་རྫོགས་པ་ལས་ཐོབ་པས་ན་ཡེ་ཤེས་ཀྱི་ཚོགས་ཀྱང་ཟླས་བསྟན་ཏེ། ཚོགས་དེ་གཉིས་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱན་ཡིན་པའི་ཕྱིར་རོ། །དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་བ་ཡང་གཞི་དང་། སྐྱེད་
པ་དང་། རང་བཞིན་ཆེ་བའི་ཕྱིར་ཏེ། དེ་ལ་གཞི་ནི་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་སོ། །སྐྱེད་པ་ནི་ཐུགས་ཀྱི་ཕྲིན་ལས་སོ། །རང་བཞིན་ནི་གསུང་གི་ཕྲིན་ལས་ཏེ། སྐུ་དང་ཐུགས་དང་གསུང་ཁྱད་པར་ཅན་དེ་ལྟ་བུ་ལས་བྱུང་བས་ན་ཆེན་པོ་ཞེས་བྱའོ། །སྤྱོད་པ་ཆེན་པོའི་
རྒྱུ་མཐུན་པ་ཞེས་བྱ་བ་དང་། སངས་རྒྱས་ཐམས་ཅད་ཆོས་རྣམ་པར་སྨིན་པས་མངོན་པར་འགྲུབ་པ་ཞེས་བྱ་བའི་ཐ་ཚིག་འདི་གཉིས་ཀྱིས་འབྲས་བུ་ཕུན་སུམ་ཚོགས་པའི་མཚན་ཉིད་བསྟན་ཏེ། དེ་ལ་སྤྱོད་པ་ཆེན་པོ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་ལ་བྱ་བ་འམ། ཡང་ན་
Vol. 114 · folio 5a
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡིན་པས་ན་སྤྱོད་པ་ཆེན་པོ་ཞེས་བྱ་སྟེ། སྤྱོད་པ་དེ་དག་དང་མཐུན་པའི་འབྲས་བུ་ལ་རྒྱུ་མཐུན་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་ལ་
བྱའོ། །ཅིའི་ཕྱིར་སངས་རྒྱས་ཀྱི་ཆོས་ཞེས་བྱ་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། ཆོས་དེ་དག་གི་རྣམ་པར་སྨིན་པ་ལས་བྱུང་བས་ན་རྣམ་པར་སྨིན་པས་མངོན་པར་གྲུབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་གནས་ཞེས་བྱ་བས་
རྒྱས་པའི་མཚན་ཉིད་བསྟན་ཏེ། གནས་དེ་ན་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་གནས་པ་རྣམས་ཀྱང་བཞུགས་ཏེ། བཅུད་ཀྱིས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་དབྱིངས་མཐའ་ཡས་པར་བསྟན་ཞེས་བྱ་བས་རྫུ་འཕྲུལ་ཕུན་སུམ་ཚོགས་པའི་མཚན་ཉིད་བསྟན་ཏེ། རྫུ་འཕྲུལ་
གྱི་མཐུས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་སོ་སོ་ཡིད་བཞིན་དུ་སྦྱར་ཏེ་བསྟན་པ་མཐའ་ཡས་པ་ལ་བྱའོ། །དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པའི་བྱིན་གྱི་བརླབས་ཞེས་བྱ་བ་ནས་ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་ཅེས་བྱ་བའི་བར་གྱིས་རྫུ་འཕྲུལ་དེ་
ཉིད་ལས་རྣམ་པ་དགུར་ཕྱེ་ནས་བསྟན་ཏེ། དགུ་གང་ཞེ་ན། སྤྲུལ་པ་དང་སྒྱུར་བའི་རྫུ་འཕྲུལ་དང་། ཉོན་མོངས་པ་མེད་པའི་གཞིའི་རྫུ་འཕྲུལ་དང་། འོད་གསལ་བའི་རྫུ་འཕྲུལ་དང་། ཕྱིན་ཅི་མ་ལོག་པའི་རྫུ་འཕྲུལ་དང་། ཀུན་དུ་མཛེས་པའི་རྫུ་འཕྲུལ་དང་། དགོས་པ་དང་
བཅས་པའི་རྫུ་འཕྲུལ་དང་། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་རྫུ་འཕྲུལ་དང་། རྒྱུན་མི་འཆད་པའི་རྫུ་འཕྲུལ་དང་། བདེ་བ་དང་ལྡན་པའི་རྫུ་འཕྲུལ་ཏེ། དེ་ལ་དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པའི་བྱིན་གྱི་བརླབས་ཞེས་བྱ་བས་སྤྲུལ་པ་དང་སྒྱུར་བའི་རྫུ་འཕྲུལ་བསྟན་ཏེ།
དེ་ལ་སྤྲུལ་པ་ནི་མེད་པ་ལས་ཡོད་པར་སྤྲུལ་པའོ། །སྒྱུར་བ་ནི་རྡོ་དང་ཤིང་ལ་སོགས་པའི་དངོས་པོ་ངན་པ་ལས་གསེར་དང་དངུལ་དང་རིན་པོ་ཆེ་ལ་སོགས་པར་བསྒྱུར་བའོ། །ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བས་ཉོན་མོངས་པ་མེད་པའི་གཞིའི་རྫུ་འཕྲུལ་བསྟན་ཏེ།
Vol. 114 · folio 5b
འདོད་ཆགས་ལ་སོགས་པའི་དྲི་མས་མ་ཆགས་མ་གོས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་དེ་ལ་འཇུག་པའི་ཕྱིར་རོ། །དགའ་བ་ཆེན་པོ་ཡང་དག་པར་སྐྱེད་པ་ཞེས་བྱ་བས་འོད་གསལ་བའི་རྫུ་འཕྲུལ་བསྟན་ཏེ། འོད་གསལ་བའི་རྫུ་འཕྲུལ་གྱིས་སེམས་ཅན་རྣམས་དགའ་བར་འགྱུར་བའི་ཕྱིར་རོ། །
དྲན་པ་དང་བློ་གྲོས་དང་རྟོགས་པ་ལ་འཇུག་པ་ཞེས་བྱ་བས་ཕྱིན་ཅི་མ་ལོག་པའི་རྫུ་འཕྲུལ་བསྟན་ཏེ། དྲན་པས་དམིགས་པ་ལ་མ་རྨོངས། བློ་གྲོས་ཀྱིས་ཆོས་ཀྱི་དོན་རྟོགས། རྟོགས་པས་ཆོས་ཀྱི་དོན་དེ་གཏན་ལ་འབེབས་ཤིང་དབང་དུ་གྱུར་པས་ན་ཕྱིན་ཅི་མ་ལོག་པའོ། །ཀུན་ནས་མ་བསླད་
པ་ཞེས་བྱ་བས་ཀུན་དུ་མཛེས་པའི་རྫུ་འཕྲུལ་བསྟན་ཏེ། རྫུ་འཕྲུལ་གྱི་སྤྱོད་ལམ་ལ་སོགས་པས་མཛེས་པས་གཞན་གྱིས་སྨད་ཅིང་འཕྱས་གདགས་པ་ལ་སོགས་པ་མེད་པའི་དོན་ཏོ། །ཡེ་ཤེས་རྣམ་པར་སྤྱོད་པ་ཞེས་བྱ་བས་དགོས་པ་དང་བཅས་པའི་རྫུ་འཕྲུལ་བསྟན་ཏེ། འཇིག་རྟེན་
དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱིས་སོ་སོའི་སྐྱེ་བོ་དང་འཕགས་པ་རྣམས་ཀྱི་དོན་དུ་གར་རིགས་རིགས་སུ་སྟོན་པ་ལ་བྱའོ། །མ་ཆགས་པའི་རྟོགས་པ་ལ་འཇུག་པ་ཞེས་བྱ་བས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་རྫུ་འཕྲུལ་བསྟན་ཏེ། དེ་ཞེས་བྱ་བས་
ནི་གོང་དུ་སྨོས་པའི་ཡེ་ཤེས་ཀྱི་སྤྱོད་པ་ལ་བྱ་སྟེ། འཇིག་རྟེན་གྱི་ཡེ་ཤེས་རྣམ་པར་སྤྱོད་པ་ལ་མ་ཆགས་པའི་རྫུ་འཕྲུལ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅེས་བྱ་བའི་དོན་ཏོ། །ཕྱི་མའི་མཐའི་བསྐལ་པར་མངོན་པར་བསྟོད་པ་ཞེས་བྱ་བས་རྒྱུན་མི་འཆད་པའི་རྫུ་འཕྲུལ་བསྟན་ཏེ། རྫུ་
འཕྲུལ་དེ་དང་ནམ་དུ་ཡང་མི་འབྲལ་བས་རྟག་ཏུ་ལྡན་པར་བསྔགས་ཤིང་བཤད་ཅེས་བྱ་བའི་ཐ་ཚིག་གོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ཞེས་བྱ་བས་བདེ་བ་དང་ལྡན་པའི་རྫུ་འཕྲུལ་བསྟན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དྲན་པ་ཉེ་བར་གཞག་
པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡོན་ཏན་རྣམས་དང་ལྡན་ན་བདེ་བ་ཕུན་སུམ་ཚོགས་པའི་ཕྱིར་རོ། །བཞུགས་ཏེ་ཞེས་བྱ་བ་ནི་གནས་དེ་ལྟ་བུ་ན་སྤྱོད་ལམ་བཞིའི་ཚུལ་དུ་བཞུགས་པའམ། ཚད་མེད་པ་བཞིའི་ཚུལ་
Vol. 114 · folio 6a
དུ་བཞུགས་པ་ལ་བྱའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་གནས་དེ་ལྟ་བུ་ན་བཞུགས་པའི་སྟོན་པ་ཕུན་སུམ་ཚོགས་པའི་ཡོན་ཏན་རྣམ་པ་བཞི་བསྟན་ཏེ། བདག་གི་དོན་ཡོངས་སུ་
རྫོགས་པ་དང་། གཞན་གྱི་དོན་ཡང་དག་པར་བརྙེས་པ་དང་། གཞན་གྱི་དོན་བྱེད་ནུས་པ་དང་། བླ་ན་མེད་པའི་མཐུ་དང་ལྡན་པའི་ཡོན་ཏན་ནོ། །དེ་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བས་བདག་གི་དོན་ཡོངས་སུ་རྫོགས་པ་བསྟན་ཏེ།
འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད། སྟོང་པ་ཉིད་དང་མཚན་མ་མེད་པ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་བདག་གི་དོན་ཡོངས་སུ་རྫོགས་པའོ། །ཆོས་ཀྱི་འཁོར་ལོ་ནི་བསྐོར་ཞེས་བྱ་བ་དང་། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་
ནི་མངའ་ཞེས་བྱ་བའི་ཚིག་གཉིས་ཀྱིས་གཞན་གྱི་དོན་ཡང་དག་པར་བརྙེས་པ་བསྟན་ཏེ། ཇི་ལྟར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཅེ་ན། གང་གི་ཕྱིར་སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་མངའ་བས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་
འཁོར་ལོ་རབ་ཏུ་བསྐོར་བ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་ལེགས་པར་བཤད་པ་ལ་བྱ་སྟེ། འཕགས་པའི་ལམ་གྱི་ཆོས་དེ་ཡང་འཁོར་ལོ་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཇི་ལྟར་འཁོར་ལོ་ནི་ལྟེ་བ་དང་། རྩིབས་དང་མུ་ཁྱུད་གསུམ་གྱིས་འཁོར་ལོར་
གྱུར་པ་དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོར་རྟོགས་ཏེ། ལྟེ་བ་དང་འདྲའོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་
པའི་དྲན་པ་དང་། ཡང་དག་པའི་རྩོལ་བ་བཞི་ནི་ཤེས་རབ་ཀྱི་ཕུང་པོར་རྟོགས་ཏེ། རྩིབས་དང་འདྲའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་སྤྲོས་པ་ཐམས་ཅད་ཞི་བར་བྱེད་པས་ན་མུ་ཁྱུད་དང་འདྲའོ། །རྣམ་པ་གཉིས་སུ་ན་ཇི་ལྟར་འཁོར་ལོ་རིན་པོ་ཆེ་དེས་ཕྱོགས་མ་རྒྱལ་བ་རྣམས་ནི་རྒྱལ་
Vol. 114 · folio 6b
བར་བྱེད། རྒྱལ་བ་རྣམས་སུ་གནས་འཆའ་བ་དེ་བཞིན་དུ་འཕགས་པའི་ལམ་གྱི་ཆོས་འདི་ཡང་ས་གོང་མ་མ་ཐོབ་པ་རྣམས་ནི་སྒྲིབ་པ་ལས་རྒྱལ་ནས་ཐོབ་པར་བྱེད། སྒྲིབ་པ་སྤངས་ནས་ཐོབ་པ་རྣམས་ལ་ནི་གནས་སོ། །རྣམ་པ་གསུམ་དུ་ན་ཇི་ལྟར་འཁོར་ལོ་དེ་མགྱོགས་སུ་འགྲོ་ཞིང་། བླ་
འོག་ཀུན་ཏུ་དགྲ་སེལ་བ་དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཡང་ཤེས་རབ་མྱུར་བའི་རང་བཞིན་ཅན་ཡིན་པས་བླ་མ་ནི་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སེལ། འོག་ཏུ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སེལ་བས་ན་འཁོར་ལོ་
དང་འདྲའོ། །རྣམ་པ་བཞིར་ན་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བ་ལ་ཡང་བྱ་སྟེ། འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་བའི་བདེན་པ། འདི་ནི་འགོག་པའི་བདེན་པ། འདི་ནི་ལམ་གྱི་བདེན་པའོ་ཞེས་བསྟན་པ་དང་། སྡུག་བསྔལ་ནི་
ཤེས་པར་བྱ། ཀུན་འབྱུང་ནི་སྤང་བར་བྱ། འགོག་པ་ནི་མངོན་དུ་བྱ། ལམ་ནི་བསྒོམ་པར་བྱའོ་ཞེས་བསྟན་པ་དང་། སྡུག་བསྔལ་ཤེས་པར་བྱས་ཟིན་པས། ཡང་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤངས་ཟིན་པས་ཡང་སྤང་མི་དགོས། འགོག་པ་མངོན་སུམ་དུ་བྱས་ཟིན་
པས་ཡང་མངོན་སུམ་དུ་བྱ་མི་དགོས། ལམ་བསྒོམས་ཟིན་པས་ཡང་བསྒོམ་མི་དགོས་ཞེས་དེ་ལྟར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་བཤད་ན་རྣམ་པ་བཅུ་གཉིས་སུ་འགྱུར་བ་དེ་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱའོ། །སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་
ཚོགས་ནི་མངའ་ཞེས་བྱ་བ་ནི་ལྷ་དང་མིའི་ནང་ན་དེ་བཞིན་གཤེགས་པས་མི་བསྟན་མི་བསྒྲལ་བ་མེད་པས་ན་ལྷ་དང་མི་ཐམས་ཅད་སློབ་མ་ཡིན། དེ་ལྟར་མང་བས་ན་མཐའ་ཡས་པ་ཡིན་ལ། དེ་དག་བསྟན་བསླབས་ཏེ། ལམ་ལོག་པ་ལས་བཟློག་ཅིང་ཡང་དག་པའི་ལམ་ལ་
ཞུགས་པར་གྱུར་པ་ནི་ཤིན་ཏུ་དུལ་བ་ཞེས་བྱའོ། །ཆོས་ཐམས་ཅད་ལ་དབང་ནི་བརྙེས་ཞེས་བྱ་བས་གཞན་གྱི་དོན་བྱེད་ནུས་པ་བསྟན་ཏེ། འདུས་བྱས་དང་འདུས་མ་བྱས་པའི་ཆོས་འདས་པ་དང་། མ་འོངས་པ་དང་། དུས་རིང་པོས་ཆོད་པ་དང་། ཐག་རིང་པོ་ན་གནས་
Vol. 114 · folio 7a
པ་ཡང་མངོན་དུ་གྱུར་པ་བཞིན་དུ་མཁྱེན་ཅིང་རྟོགས་ཏེ། ཆོས་ཐམས་ཅད་ལ་དབང་བརྙེས་པས་གཞན་གྱི་དོན་བྱེད་པ་ལ་ཡང་ཐོགས་པ་མེད་པའི་ཕྱིར་གཞན་གྱི་དོན་བྱེད་ནུས་པའི་ཡོན་ཏན་དུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ནི་ཤིན་ཏུ་མཁྱེན་
ཞེས་བྱ་བ་ལ་སོགས་པ་ཚིག་ལྷག་མ་བཞིས་བླ་ན་མེད་པའི་མཐུ་དང་ལྡན་པའི་ཡོན་ཏན་བསྟན་ཏེ། ཚིག་དེ་བཞི་ལས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་བླ་ན་མེད་པ་སྟོན་པས་བླ་ན་མེད་པའི་མཐུ་དང་ལྡན་པའི་ཡོན་ཏན་ནོ། །དེ་ཉིད་ཀྱང་རྣམ་པ་བཞི་སྟེ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཡོ་
བྱད་ཀྱི་ཚོགས་དང་ལྡན་པའི་ཡོན་ཏན་དང་། མི་བསྐྱོད་པའི་མཐུ་དང་ལྡན་པའི་ཡོན་ཏན་དང་། རྒྱུན་མི་འཆད་པར་སྦྱོར་བའི་ཡོན་ཏན་ནོ། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ནི་ཤིན་ཏུ་མཁྱེན་ཞེས་བྱ་བས་ཐུན་མོང་མ་ཡིན་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་རྣམས་
ཀྱི་ཁམས་དང་། རང་བཞིན་དང་། བསམ་པ་དང་། བག་ལ་ཉལ་བ་རྣམས་ཅི་འདྲ་བར་མཁྱེན་ནས། དེ་དང་མཐུན་མཐུན་དུ་ཆོས་སྟོན་པའོ། །དབང་པོ་དམ་པའི་མཆོག་ནི་བརྙེས། །ཞེས་བྱ་བས་ཡོ་བྱད་ཀྱི་མཆོག་དང་ལྡན་པའི་ཡོན་ཏན་བསྟན་ཏེ། མིག་ལ་སོགས་པའི་དབང་པོ་
དྲུག་དང་། དད་པའི་དབང་པོ་ལ་སོགས་པ་ནི་ཆོས་རྟོགས་ཤིང་གཏན་ལ་འབེབས་པའི་ཡོ་བྱད་ཡིན་ཏེ། དེ་དག་ཀྱང་གཞན་གྱི་དབང་པོ་དང་མི་འདྲ་བར་གཅིག་གིས་ཀྱང་ཐམས་ཅད་ལ་དབང་བྱེད་ནུས་པས་དབང་པོའི་མཆོག་ཅེས་བྱ་སྟེ། དཔེར་ན་མིག་གི་དབང་པོས་ལྟ་ནུས་པ་དེ་བཞིན་དུ་
ཉན་པ་དང་སྣོམ་པ་དང་རོ་མྱང་བ་ལ་སོགས་པ་དབང་པོའི་ལྷག་མ་རྣམས་ཀྱིས་བྱ་བ་ཡང་བྱེད་ནུས་པ་ལྟ་བུའོ། །དེ་ལྟར་དབང་པོ་གཅིག་གིས་ཀུན་གྱི་བྱ་བ་བྱེད་ནུས་པའི་དམ་པ་དེ་ཡང་མཐར་ཕྱིན་ཅིང་མཆོག་ཏུ་གྱུར་པ་བརྙེས་པ་སྣ་ཚོགས་བརྙེས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་
ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་ལེགས་པར་འཇོམས་པ་ལ་ནི་མཁས་ཞེས་བྱ་བས་མི་སྐྱོ་བའི་མཐུ་དང་ལྡན་པའི་ཡོན་ཏན་བསྟན་ཏེ། ཁམས་གསུམ་དང་། འགྲོ་བ་ལྔ་དང་། སྐྱེ་གནས་བཞི་རྣམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་
Vol. 114 · folio 7b
ཐོག་མ་མེད་པའི་དུས་ནས་བསྒོས་ཤིང་བསགས་པ། ཕུང་པོ་ཕྱི་མ་ལེན་པའི་ཉིང་མཚམས་སྦྱོར་བ་ལེགས་པར་རྩད་ནས་འབྱིན་ཅིང་མ་ལུས་པ་སྤོང་བ་ལ་སྐྱོ་བ་མི་མཁྱེན་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་ཆད་ཅིང་ཞེས་བྱ་བས། རྒྱུན་མི་འཆད་པར་སྦྱོར་
བའི་ཡོན་ཏན་བསྟན་ཏེ། དེ་བཞིན་གཤེགས་པའི་མཛད་པ་བསྟན་པ་འདི་ལ་མ་ཞུགས་པའི་སེམས་ཅན་རྣམས་བསྟན་པ་འདི་ལ་གཟུད་པ་དང་། བཙུད་པ་རྣམས་ཡོངས་སུ་སྨིན་པར་མཛད་པ་དང་། སྨིན་པ་རྣམས་རྣམ་པར་གྲོལ་བར་མཛད་པ་ལ་འབད་ཅིང་རྩོལ་མི་དགོས་པར་ལྷུན་གྱིས་
གྲུབ་པ་ཉིད་དུ་གྱུར་ཅིང་སེམས་ཅན་གྱི་མཐའ་ཇི་སྲིད་ཡོད་ཀྱི་བར་དུ་མཛད་པ་དེ་གསུམ་ཡོངས་སུ་མི་གཏོང་བས་རྒྱུན་མི་འཆད་པར་སྦྱོར་བ་ཞེས་བྱའོ། །རྣམ་པ་གཉིས་སུ་ན་ཚིག་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམ་པ་བཞི་བསྟན་ཏེ། མངོན་པར་བྱང་ཆུབ་པའི་ཡོན་ཏན་དང་། ཆོས་
འཆད་པའི་ཡོན་ཏན་དང་། མཐུའི་ཡོན་ཏན་དང་། བདག་དང་གཞན་གྱི་དོན་མི་ཉམས་པའི་ཡོན་ཏན་ནོ། །དེ་ལ་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བས་མངོན་པར་བྱང་ཆུབ་པའི་ཡོན་ཏན་བསྟན་ཏེ། མངོན་པར་བྱང་ཆུབ་
པ་ཡང་རྣམ་པ་གཉིས་ཏེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་དང་། མཉམ་པ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ལ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ནི་མིང་དང་མཚན་མ་དང་། རྣམ་པར་རྟོག་པ་རྣམས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའོ། །མཉམ་པ་ཉིད་མངོན་
པར་བྱང་ཆུབ་པ་ནི་དེ་བཞིན་ཉིད་ཐུགས་སུ་ཆུད་པ་སྟེ། དེ་ལ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པས་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པར་བསྟན་ཏོ། །དེ་བཞིན་ཉིད་མངོན་པར་བྱང་ཆུབ་པས་ནི་ཆགས་པ་མེད་པའི་ཡེ་ཤེས་དང་ལྡན་པར་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་
བསྐོར། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ་ཞེས་པའི་ཚིག་འདི་གཉིས་ཀྱིས་ཆོས་འཆད་པའི་ཡོན་ཏན་བསྟན་ཏོ། །ཆོས་ཐམས་ཅད་ལ་དབང་ནི་བརྙེས་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིས་མཐུའི་ཡོན་ཏན་བསྟན་ཏེ། མཐུ་ཡང་སྐབས་འདིར་མངོན་པར་
Vol. 114 · folio 8a
ཤེས་པ་དྲུག་པོ་རྫུ་འཕྲུལ་དང་། ལྷའི་མིག་དང་། གཞན་གྱི་སེམས་ཤེས་པ་དང་། ལྷའི་རྣ་བ་དང་། སྔོན་གྱི་གནས་དྲན་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་མངོན་པར་ཤེས་པ་ལ་བྱ་སྟེ། དེ་ལ་ཆོས་ཐམས་ཅད་ལ་དབང་བརྙེས་པས་
རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བསྟན་ཏེ། ལྷའི་མིག་གིས་ཀྱང་ཐག་རིང་པོ་ན་འདུག་པའི་དངོས་པོ་མངོན་སུམ་དུ་མཐོང་བ་ལ་སོགས་པའི་སྒོ་ནས་ཆོས་ཐམས་ཅད་ལ་དབང་བརྙེས་པའི་ཕྱིར་རྫུ་འཕྲུལ་གྱི་ནང་དུ་བསྡུའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་མཁྱེན་པས་
གཞན་གྱི་སེམས་ཤེས་པ་དང་། ལྷའི་རྣ་བ་དང་སྔོན་གྱི་གནས་དྲན་པ་གསུམ་བསྟན་ཏོ། །དབང་པོ་དམ་པའི་མཆོག་བརྙེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་འཇོམས་པ་ལ་མཁས་པ་གཉིས་ཀྱིས་ཟག་པ་ཟད་པ་མངོན་པར་ཤེས་པ་བསྟན་
ཏེ། ཟག་པ་ནི་ཉོན་མོངས་པ་ལ་བྱའོ། །དེ་ལ་ཟད་པ་ཡང་གཉེན་པོ་དང་སྤང་བར་བྱ་བ་གཉིས་ཀྱིས་བསྟན་ཏེ། གཉེན་པོ་ནི་དབང་པོའི་མཆོག་གོ། །སྤང་བར་བྱ་བ་ནི་ཉོན་མོངས་པའི་བག་ཆགས་སོ། །སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་རྒྱུན་མ་ཆད་ཅེས་བྱ་བས་བདག་དང་
གཞན་གྱི་དོན་མི་ཉམས་པའི་ཡོན་ཏན་བསྟན་ཏོ། །རྣམ་པ་གསུམ་དུ་ན་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམ་པ་བརྒྱད་བསྟན་ཏེ། བརྒྱད་གང་ཞེ་ན།
བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་དང་། ཐབས་མཁས་པ་ཕུན་སུམ་ཚོགས་པ་དང་། འདོགས་པ་ཕུན་སུམ་ཚོགས་པ་དང་། བྱ་བ་རྫོགས་པ་ཕུན་སུམ་ཚོགས་པ་དང་།
སྐྱེས་བུའི་མཐུའི་སྦྱོར་བ་ཕུན་སུམ་ཚོགས་པའི་ཡོན་ཏན་རྣམས་བསྟན་ཏེ། མདོའི་ཚིག་བརྒྱད་དང་གོ་རིམས་བཞིན་སྦྱར་རོ། །དགེ་སློང་བརྒྱ་སྟོང་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་འཁོར་ཕུན་སུམ་ཚོགས་པ་བཤད་དེ། འཁོར་
Vol. 114 · folio 8b
དེའང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་རོ། །དེ་ལ་དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ཉན་ཐོས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་མན་ཆད་ཀྱིས་ནི་བྱང་ཆུབ་སེམས་དཔའི་འཁོར་
ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་དགེ་སློང་བརྒྱ་ཕྲག་དྲུག་ཅུ་ཞེས་གྲངས་ངེས་པ་བསྟན་པ་ཡང་སྔོན་བཅོམ་ལྡན་འདས་ལས་སྡུད་པ་པོས་མདོ་སྡེ་འདི་ཐོས་པའི་ཚེ་ལྷ་དང་ཀླུ་ལ་སོགས་པ་ཚེ་རིང་པོ་རྣམས་ཀྱང་འཁོར་དེ་ན་འཁོད་འཁོད་པ་དེ་ཉིད་ཕྱིས་མདོ་སྡེ་འདི་སྡུད་པའི་ཚེ་ན་ཡང་
འཁོད་དེ། གྲངས་ངེས་པ་འདིས་མ་འཁྲུལ་བའི་དོན་རྟགས་སུ་རུང་ཞིང་ཕྱི་མ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་སྨོས་སོ། །དགེ་སློང་ཞེས་བྱ་བ་ནི་སྐབས་འདིར་ཉོན་མོངས་པ་བཅོམ་པ་ལ་བྱའོ། །དགེ་འདུན་ཞེས་བྱ་བ་ནི་ལྟ་བ་དང་སྤྱོད་པ་ལ་སོགས་པ་མཐུན་པས་ལྟ་བ་གཞན་གྱིས་མི་ཕྱེད་པ་
ལ་བྱའོ། །ཆེན་པོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་ལ་ཡང་བྱའོ། །གཉིས་སུ་ན་ཉོན་མོངས་པ་བཅོམ་པས་ན་ཆེན་པོ་ཞེས་བྱའོ། །ཐམས་ཅད་ཀྱང་ཅང་ཤེས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་རྟ་ཅང་ཤེས་ཀྱི་ཡོན་ཏན་བརྒྱད་པོ་དུལ་བའི་ཡོན་ཏན་དེས་ཤིང་
གཡུང་བརྟན་ཆེ་བ་དང་། མི་སྲུན་པ་མེད་པའི་ཡོན་ཏན་གྲོགས་ལ་ཟ་འཕྲ་ལ་སོགས་པས་མི་འཚེ་བ་དང་། རྒྱུའི་ཡོན་ཏན་རྟའི་རིགས་དང་ཡུལ་ས་བཟང་པོ་ནས་སྐྱེས་པ་དང་། སེམས་ཀྱི་ཡོན་ཏན་འགྲོ་བའི་གནས་སུ་མ་ཕྱིན་པར་བར་མ་དོར་ཟས་ལ་སེམས་མི་འབྱུང་སྟེ་ལམ་ན་བསྙབ་
ཅིང་མི་ཟ་བ་དང་། མགྱོགས་པའི་ཡོན་ཏན་འགྲོ་བའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པ་དང་། ཚད་ཀྱི་ཡོན་ཏན་ལྕགས་བྱད་བཟང་ཞིང་བོང་ཆེ་བ་དང་། ལོངས་སྤྱོད་ཀྱི་ཡོན་ཏན་རྩ་དང་ཆས་ལ་ངན་མ་མི་བྱེད་ཅིང་རྟོག་པས་མི་འཆགས་པ་དང་། ལྟ་བའི་ཡོན་ཏན་ངམ་གྲོག་དང་གཡང་ས་
ལ་སོགས་པ་སྤངས་ཏེ། ལམ་བདེ་བ་མཐོང་ཞིང་རྩོལ་བ་དེ་བཞིན་དུ་འཕགས་པ་ཉན་ཐོས་ཅང་ཤེས་པ་ཡང་དུལ་བའི་ཡོན་ཏན་དབང་པོ་མི་རྒོད་ཅིང་ཐུལ་བ་དང་། མི་སྲུན་པ་མེད་པའི་ཡོན་ཏན་གྲོགས་ལ་མི་འཚེ་ཞིང་འགྲན་མི་ང་བ་དང་། རྒྱུའི་ཡོན་ཏན་དེ་བཞིན་གཤེགས་པའི་བསྟན་
Vol. 114 · folio 9a
པ་ལས་བྱུང་བ་དང་། སེམས་ཀྱི་ཡོན་ཏན་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་ངན་ངོན་གྱིས་ཆོག་ཤེས་ཤིང་གནས་པས་མཐའ་ན་གནས་ཏེ་འཕགས་པའི་རིགས་ཀྱིས་མགུ་བ་དང་། མགྱོགས་པའི་ཡོན་ཏན་ས་གོང་མ་མ་ཐོབ་པ་རྣམས་མྱུར་དུ་བསྒྱུར་ཏེ་ཐོབ་པར་བྱེད་
པ་དང་། ཚད་ཀྱི་ཡོན་ཏན་དགེ་བ་སྤྱོད་པ་ལ་བརྩོན་འགྲུས་ཧ་ཅང་བརྟུན་པ་དང་ལེ་ལོའི་སྐྱོན་དུ་མ་གྱུར་པར་ཚད་གཅིག་ཏུ་མི་ཉམས་པར་རྒྱུན་དུ་སྤྱོད་པ་དང་། ལོངས་སྤྱོད་ཀྱི་ཡོན་ཏན་དད་པས་བྱིན་པའི་ཟས་དང་། གོས་བསོད་ནམས་སུ་མི་འགྱུར་ཞིང་གནས་མ་ཡིན་པར་ཆུད་མི་གསོན་པ་
དང་། ལྟ་བའི་ཡོན་ཏན་ཡང་དག་པའི་ལྟ་བའི་ཡོན་ཏན་ལྡན་ཞིང་ལོག་པའི་ལམ་སྤངས་ཏེ། དམ་པའི་ལམ་དུ་ཞུགས་པའི་ཡོན་ཏན་འདི་བརྒྱད་དང་ལྡན་པ་ལ་ཅང་ཤེས་པ་ཞེས་བྱའོ། །ཚིག་ལྷག་མ་བརྒྱད་ནི་ཡོན་ཏན་བརྒྱད་དང་གོ་རིམས་བཞིན་དུ་སྦྱར་ཏེ། ཡང་དག་པའི་
ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ཀུན་ཏུ་ཤེས་པ་དང་། རྟོགས་པས་ཉོན་མོངས་པའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བ་ལ་བྱའོ། །ཉོན་མོངས་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་འཇོམས་པ་ལ་བརྩོན་
པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཕུང་པོ་ཕྱི་མ་ལེན་པའི་ཉིང་མཚམས་སྦྱོར་བ་འཇོམས་པ་ལ་བརྩོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྒྲ་ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་
ཐུགས་སུ་ཆུད་པ་ལ་བྱ་སྟེ། དེ་ལྟར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་ལ་དབང་ཐོབ་པ་ནི་རྒྱལ་པོ་ཞེས་བྱའོ། །དེའི་གསུང་རབ་ལས་བྱུང་བའི་ཕྱིར་སྲས་སོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་གནས་པར་མཁས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་གང་ཟག་ལ་བདག་མེད་པ་དང་། རྟེན་ཅིང་
འབྲེལ་ཏེ་འབྱུང་བ་ཟབ་མོ་ལ་དམིགས་ཤིང་སྤྱོད་པ་ལ་མཁས་ཞེས་བྱ་བའི་དོན་ཏོ། །དམིགས་པའི་ཆོས་ལས་ངེས་པར་བྱུང་བ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ལ་སོགས་པ་མཚན་མ་མེད་པའི་དམིགས་པ་ལས་སྐྱེ་ཞེས་བྱ་བའི་དོན་ཏོ། །སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྤྱོད་
Vol. 114 · folio 9b
ལམ་བཞི་ཅར་བཟང་ཞིང་མཛེས་པའི་དོན་ཏོ། །སྦྱིན་པའི་གནས་ཆེན་པོར་གྱུར་པ་ཞེས་བྱ་བ་ནི་དེ་དག་ལ་ཡོན་ཕུལ་ན་རྣམ་པར་སྨིན་པའི་འབྲས་བུ་དམ་པ་ཐོབ་པར་འགྱུར་བས་ལྷ་དང་མི་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་
པ་ཤ་སྟག་གོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བཀའ་ལས་རྡུལ་ཙམ་འགལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བྱང་ཆུབ་ནི་
ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཏེ་དེ་ངེས་པར་ཐོབ་པར་སེམས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དགེ་འདུན་ནི་སྔ་མ་བཞིན་ནོ། །ཆེན་པོ་ནི་ཆོས་དང་། སེམས་དང་། མོས་པ་དང་། བསམ་པ་དང་། ཚོགས་དང་། དུས་དང་། ཡང་དག་པར་འགྲུབ་པའི་མཚན་ཉིད་ཆེན་པོ་
རྣམ་པ་བདུན་དང་ལྡན་པའི་ཕྱིར་ཏེ། དེ་ལ་ཆོས་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཆོས་བསྟན་པ་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་
བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ནི་ཆོས་ཟབ་ཅིང་རྒྱ་ཆེ་བ་དེ་དག་ཉིད་ལ་མོས་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པའི་བསམ་པ་དང་ལྡན་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་
ཕྱིར་རོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཞེས་བྱ་བས་མ་འོངས་
པའི་དུས་ཀྱི་སྐྱེ་བོ་ཆོས་དོན་དུ་མི་གཉེར་བ་དང་། ལེ་ལོ་ཅན་གྱི་གཉེན་པོར་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་བུ་དག་ཀྱང་ཆོས་ཉན་པའི་ཕྱིར་ཐག་རིང་པོ་ནས་འདུ་ན་བདག་ཅག་ཐག་ཉེ་བ་ན་འདུག་པ་ལྟ་ཅི་སྨོས་སྙམ་པའི་སེམས་བསྐྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་
Vol. 114 · folio 10a
དཔའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་བསྙེན་བཀུར་བྱེད་པ་ཕུན་སུམ་ཚོགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཕུན་སུམ་ཚོགས་པའོ། །སངས་རྒྱས་ལ་བསྙེན་བཀུར་བྱེད་
པ་ཕུན་སུམ་ཚོགས་པ་ལའང་རྣམ་པ་གསུམ་སྟེ། ཚེགས་ཆུང་ངུས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་དང་། བསོད་ནམས་སྤེལ་བས་བསྙེན་བཀུར་བྱེད་པ་དང་། ཡེ་ཤེས་སྤེལ་བས་སངས་རྒྱས་ལ་བསྙེན་བཀུར་བྱེད་པའོ། །སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མཐའ་
ཡས་པ་མཐུ་རྩལ་གྱིས་གནོན་ཅིང་འོང་བ་དང་འགྲོ་བ་ལ་མཁས་པ་ཞེས་བྱ་བས་ཚེགས་ཆུང་ངུས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་བསྟན་ཏེ། དེ་བཞིན་གཤེགས་པ་ལ་ཆོས་ཉན་པའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་ལ་ཡང་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་རྫུ་འཕྲུལ་གྱི་རྩལ་གྱིས་
གནོན་ཅིང་འོང་བ་དང་འགྲོ་བ་ལ་མཁས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པར་བྱུང་བ་ཞེས་བྱ་བས་བསོད་ནམས་སྤེལ་བས་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་བསྟན་ཏེ། དེ་ལྟར་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་སྐད་ཅིག་གཅིག་ལ་ཡང་ཆོས་ཉན་དུ་འགྲོ་
བ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཉིད་ཀྱིས་མཆོད་ཅིང་རིམ་གྲོར་བྱེད་པ་ཡིན་ཏེ། དེར་བྱུང་བ་ནི་དེ་ལྟ་བུ་སྤྱོད་པའི་བདག་ཉིད་དུ་སྤྱོད་པ་ལ་བྱའོ། །ཆོས་ཉན་པ་དང་ཡོངས་སུ་ཚོལ་བས་མི་ངོམས་པ་ཞེས་བྱ་བ་ལས་ཡེ་ཤེས་སྤེལ་བས་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་བསྟན་ཏེ། བདག་
གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། མཉན་པ་དང་ཚོལ་བས་ཆོག་མི་ཤེས་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ་ཞེས་བྱ་བས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཕུན་སུམ་ཚོགས་པ་བསྟན་ཏེ།
སེམས་ཅན་གྱི་མཐའ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པས་མི་སྐྱོ་བའི་ཕྱིར་ཏེ། དོན་དུ་ན་ཚིག་གཅིག་པོ་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཕུན་སུམ་ཚོགས་པ་སྤྱིར་སྟོན་ཏོ། །ཚིག་ལྷག་མ་བཞིས་ནི་བྱེ་བྲག་བསྟན་ཏེ། དེ་ཡང་ཡོངས་སུ་སྨིན་པ་བླ་ན་མེད་པ་དང་།
Vol. 114 · folio 10b
ཡོངས་སུ་སྨིན་པ་དོན་ཡོད་པ་དང་། ཡོངས་སུ་སྨིན་པ་མང་བ་དང་། ཡོངས་སུ་སྨིན་པ་ཁ་ན་མ་ཐོ་བ་མེད་པའོ། །དེ་ལ་ཐབས་དང་ཤེས་རབ་དམ་པའི་མཆོག་ཐོབ་པ་ཞེས་བྱ་བས་ཡོངས་སུ་སྨིན་པ་བླ་ན་མེད་པ་བསྟན་ཏེ། ཐབས་ཀྱིས་རྒྱ་ཆེ་བ་ལ་མཁས་པ་དང་། ཤེས་རབ་ཀྱིས་ཟབ་པ་ལ་མཁས་པ་
འདི་གཉིས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་གཞན་ལ་མེད་པས་བླ་ན་མེད་པ་ཡིན་ནོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་དང་། ཡེ་ཤེས་ལ་རབ་ཏུ་གནས་པ་ཞེས་བྱ་བས་ཡོངས་སུ་སྨིན་པ་དོན་ཡོད་པ་བསྟན་ཏོ། །ཉན་ཐོས་ཀྱི་རྣམ་པར་ཐར་པ་ལྟ་བུར་ཤེས་བྱའི་སྒྲིབ་པ་དང་
བཅས་པ་ལ་གནས་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཅིས་ཀྱང་མ་བསྒྲིབས་པ་དང་། ཡེ་ཤེས་ཅིས་ཀྱང་མ་བསྒྲིབས་པ་ལ་གནས་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཉིས་སུ་རྣམ་པར་ཐར་པ་ཆུད་པར་བྱེད་པ་ནི་ཡེ་ཤེས་ཀྱིས་བྱེད་དེ། ཡེ་ཤེས་དེ་ཡང་ཇི་ལྟ་བུ་ཞེ་ན། ཡེ་
ཤེས་སྒྲིབ་པ་མེད་པ་ལ་གནས་ཞེས་བྱ་བར་ཡང་བཤད་དོ། །རྟོག་པ་དང་རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་ཡང་དག་པར་འདས་པ་ཞེས་བྱ་བས་ཡོངས་སུ་སྨིན་པ་མང་བ་བསྟན་ཏེ། རྟོག་པ་ནི་རྩིང་པར་རྟོག་པའོ། །རྣམ་པར་རྟོག་པ་ནི་ཞིབ་མོར་རྟོག་པ་སྟེ། རྟོག་
པ་དེ་ཉིད་སེམས་མ་ཞི་བའི་མཚན་མ་མ་ཡིན་པས་སྤྲོས་པ་ཞེས་བྱའོ། །དེ་དག་སྤངས་པ་ནི་ཡང་དག་པར་འདས་པའོ། །ཐམས་ཅད་མཁྱེན་པའི་ས་ལ་ཉེ་བར་གྱུར་པ་ཤ་སྟག་ཅེས་བྱ་བས་ཡོངས་སུ་སྨིན་པ་ཁ་ན་མ་ཐོ་བ་མེད་པ་བསྟན་ཏེ། སངས་རྒྱས་ཀྱིས་ཀུན་དུ་འོད་ཐོབ་ཏུ་ཉེ་ཞེས་བྱ་
བའི་ཐ་ཚིག་སྟེ། འདིས་འབྲས་བུ་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་ལ། གློག་ནི་འགྱུར་ཞིང་མི་རྟོག་པའི་དོན་ལྷ་ཞེས་བྱ་བ་ནི་རོལ་པ་འམ་སྤྱོད་པའི་དོན་ཏེ། མི་རྟོག་པའི་ཆོས་ལ་རོལ་པའམ། སྤྱོད་ཅེས་བྱ་བའི་ཐ་ཚིག་གོ། །
བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲའི་གཡུལ་ལས་རྒྱལ་བའོ། །བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྙིང་པོ་ཞེས་བྱ་བ་ནི་འོད་འཕྲོ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་དེ་ལྟ་བུ་འབྱུང་བའི་གནས་ལ་
Vol. 114 · folio 11a
བྱའོ། །ཡང་ན་སེམས་ཅན་གྱི་དོན་དུ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་དངོས་པོ་སྣ་ཚོགས་སུ་སྣང་བ་ལ་བྱ་སྟེ། དེ་ཉིད་གཙོ་བོར་གྱུར་པ་ལ་སྙིང་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྩལ་གྱིས་དཔའ་བ་ཞེས་བྱ་བ་ནི་ས་གོང་མ་ཐོབ་པའི་རྣམས་ཐོབ་ཅིང་གནོན་པའི་
རྩལ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ཡིད་གཉིས་ཤིན་ཏུ་འཇོམས་པ་ཞེས་བྱ་བ་ནི་བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་ཡིད་གཉིས་སུ་གྱུར་པ་འཇོམས་པའོ། །བྱང་ཆུབ་སེམས་དཔའ་སྒྲ་རྣམ་པར་བསྒྲགས་ཞེས་བྱ་བ་ནི་ཆོས་ཀྱི་སེང་གེའི་སྒྲ་རྣམ་པ་སྣ་ཚོགས་སྒྲོགས་པའོ། །
བྱང་ཆུབ་སེམས་དཔའ་རྣམ་པར་ལྟ་བའི་མིག་ཅེས་བྱ་བ་ནི་ཤེས་རབ་ཀྱི་སྤྱན་གྱིས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ལ་རབ་ཏུ་ལྟ་བའོ། །བྱང་ཆུབ་སེམས་དཔའ་མུན་པ་དང་བྲལ་བ་ཞེས་བྱ་བ་ནི་མི་ཤེས་པའི་མུན་པ་ཐམས་ཅད་སྤངས་པའོ། །བྱམས་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་
བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ། །འཇམ་དཔལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྲས་དབང་པོའི་ཚོགས་ཞེས་བྱ་བར་གྱུར་པའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་བཅོམ་ལྡན་འདས་
དེས། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཡོན་ཏན་དང་ཡེ་ཤེས་དང་ལྡན་པས་ན་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་ལྟར་རབ་དང་མཆོག་གི་བློ་གྲོས་བཀྲ་ཤིས་པ་བྱས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་མཆོག་བཟུང་བས་རིགས་ཀྱི་བུ་ཁྱོད་འཇམ་དཔལ་ཞེས་བྱའོ་ཞེས་
གསུངས་པ་ལྟ་བུའོ། །སོགས་པ་ཞེས་བྱ་བ་ནི་གྲངས་དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་འདིར་གཙོ་བོར་གྱུར་པ་རྣམས་ཡོན་ཏན་དང་རྗེས་སུ་མཐུན་པའི་ཅུང་ཟད་ཅིག་སྨོས་སུ་ཟད་ཀྱི། གཞན་རྣམས་སོགས་པའི་ནང་དུ་འདུས་ཏེ། འཁོར་དེ་ལྟ་བུ་དང་། བཅོམ་ལྡན་འདས་
ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །འདིར་འཕགས་པ་ཉན་ཐོས་ཀྱི་འཁོར་སྔར་སྨོས་ལ། བྱང་ཆུབ་སེམས་དཔའ་ཕྱིས་སྨོས་པ་ཡང་འཕགས་པ་ཉན་ཐོས་རྣམས་དོན་ཉུང་ཞིང་བྱ་བ་ཉུང་ལ་དེ་བཞིན་གཤེགས་པའི་རག་ལ་བརྟེན་པས་རྟག་ཏུ་ཞབས་འབྲིང་ན་ངེས་པར་འཁོད་པའི་
Vol. 114 · folio 11b
ཕྱིར་སྔར་སྨོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་ལ་རག་ལ་མི་བརྟེན་པར་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སེམས་ཅན་སྣ་ཚོགས་ཀྱི་དོན་ལ་དེ་བཞིན་གཤེགས་ཏེ་མ་ངེས་པས་ཕྱིས་སྨོས་སོ། །གླེང་བསླང་བ་ཡང་རྣམ་པ་བདུན་གྱིས་བསྟན་ཏེ། བསྟན་པ་ཕུན་སུམ་ཚོགས་པ་དང་། བསྟན་
པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ་དང་། བསྟན་པའི་གཞི་ཕུན་སུམ་ཚོགས་པ་དང་། སྟོན་པའི་བདག་ཉིད་ཆེན་པོ་བརྗོད་པ་ཕུན་སུམ་ཚོགས་པ་དང་། ངེས་པར་གདོན་མི་ཟ་བའི་གཏམ་ཕུན་སུམ་ཚོགས་པ་དང་། དྲིས་པ་ལ་ལན་གླན་པས་འདི་ན་བཞུགས་པའི་དེ་བཞིན་
གཤེགས་པས་གཞན་གྱི་ཡོན་ཏན་བསྔགས་པ་ཕུན་སུམ་ཚོགས་པ་དང་། མཐུ་ཆེན་པོ་བསྟན་པ་ཕུན་སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་འཇུག་པ་དང་། ངེས་པར་འབྱུང་བ་ཞེས་བྱ་བ་ནས་གསལ་བར་མཛད་དོ་ཡང་དག་པར་རབ་
ཏུ་སྟོན་ནོ་ཞེས་བྱ་བའི་བར་གྱིས་བསྟན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ལྟ་བུ་ཤིན་ཏུ་རྣམ་པར་ངེས་པའི་དོན་འདུས་པ་ཆེན་པོའི་ལེའུ་ཞེས་བྱ་བ་ནས། ལུས་དང་སེམས་རབ་ཏུ་ཚིམ་པར་གྱུར་ཅིང་བདག་ཉིད་བདེ་བ་ཐམས་ཅད་དང་ལྡན་པ་སྙམ་དུ་ཤེས་པའི་བར་གྱིས་
བཤད་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ་བསྟན་ཏོ། །རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ནས་ལྷན་ཅིག་ཏུ་འོངས་ཏེ་དེ་དག་འོང་བའི་སྔ་ལྟས་སོ་ཞེས་བྱ་བའི་བར་གྱིས་བསྟན་པའི་གཞི་ཕུན་སུམ་ཚོགས་པ་བསྟན་ཏོ། །བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་རིང་པོ་མ་ལོན་པར་དེ་ནས་དེའི་ཚེ་ཞེས་བྱ་བ་ནས་འཁོར་དང་བཅས་ཏེ་པདྨའི་སྙིང་པོ་དེ་དག་ལ་སྐྱིལ་མོ་ཀྲུང་དུ་འཁོད་དོ་ཞེས་བྱ་བའི་བར་གྱིས་སྟོན་པའི་བདག་ཉིད་ཆེན་པོ་བརྗོད་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་
པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ་ཞེས་བྱ་བ་ནས་འགྲོ་བ་དང་འོང་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་བྱ་བའི་བར་གྱིས་ངེས་པར་གདོན་མི་ཟ་བའི་གཏམ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་
Vol. 114 · folio 12a
འདི་སྐད་ཅེས་སྨྲས་ཞེས་བྱ་བ་ནས་གང་དག་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་འདི་ལྟ་བུ་དག་འཁོད་པའི་སངས་རྒྱས་ཀྱི་ཞིང་དེ་དག་ནི་ཤིན་ཏུ་ཉུང་ངོ་ཞེས་བྱ་བའི་བར་གྱིས་དྲིས་པ་ལན་གླན་པས་འདི་ན་བཞུགས་པའི་དེ་བཞིན་གཤེགས་པའི་གཞན་གྱི་ཡོན་ཏན་བསྔགས་
པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཞེས་བྱ་བ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ནས་ཆོས་ཉན་པའི་ཕྱིར་ལུས་སོ་ཞེས་བྱ་བའི་བར་གྱིས་མཐུ་ཆེན་པོ་བསྟན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་
པས་མདོ་སྡེའི་ལུས་དང་ཡོན་ཏན་བསྟན་ཏེ། སྔར་སྨོས་པའི་གནས་དེ་ན་འཁོར་དེ་ལྟ་བུ་དག་དང་ཐབས་ཅིག་ཏུ་བཞུགས་ནས་མདོ་སྡེ་འདི་ལྟ་བུ་གསུངས་སོ། །རབ་ཏུ་སྟོན་ཏོ་ཞེས་འབྱུང་བའི་ཚིག་འོག་མ་དང་སྦྱར་རོ། །དེ་ལ་མདོ་སྡེ་འདིའི་ལུས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་
དང་། ངེས་པར་འབྱུང་བ་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མདོ་སྡེ་འདི་ལས་བྱང་ཆུབ་སེམས་བསྐྱེད་པ་ནས། ཐབས་ལ་མཁས་པའི་བར་བསྟན་པ་རྣམས་ཏེ། འཇུག་པ་ནི་སྤྱོད་པ་དེ་དག་རྩོམ་པའོ། །ངེས་པར་འབྱུང་བ་ནི་སྤྱོད་པ་དེ་དག་ལ་ཞུགས་པའི་
དགོས་པ་མཐར་ཕྱིན་པ་ལ་བྱའོ། །སྒྲིབ་པ་མེད་པ་ནི་དེ་ལྟར་འཇུག་ཅིང་འབྱུང་བ་ལ་སྒྲིབ་པ་དང་། བར་ཆད་མེད་པའི་དོན་ཏེ། དེ་ལྟ་བུ་དག་མདོ་སྡེ་འདི་ལས་བསྟན་པས་ན་སྒོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ལ་དམིགས་པ་ཞེས་བྱ་བ་ནས། དེ་བཞིན་གཤེགས་
པའི་ཡོན་ཏན་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་ཞེས་བྱ་བའི་བར་དུ་མདོ་སྡེ་འདིའི་ཡོན་ཏན་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ལ་དམིགས་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ལམ་ནི་བྱང་ཆུབ་ཀྱི་ས་རྣམས་ལ་བྱའོ། །ས་དེ་དག་
གི་རྣམ་པ་སོ་སོར་གསལ་བར་སྣང་བ་ལ་བཀོད་པ་ཞེས་བྱ་སྟེ། མདོ་སྡེ་འདིས་དེ་ལ་དམིགས་པ་སྟོན་པས་ན་དེ་སྐད་ཅེས་བྱའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ཐམས་ཅད་དང་། སྟོབས་བཅུ་དང་མི་འཇིགས་པ་ཡོངས་སུ་འགྲུབ་པའི་ཡེ་ཤེས་ཀྱི་འབྱུང་གནས་ཞེས་བྱ་བ་ནི་མིང་གིས་
Vol. 114 · folio 12b
སྨོས་པའི་ཆོས་དེ་རྣམས་ཡོངས་སུ་འགྲུབ་པའི་ཡེ་ཤེས་མདོ་སྡེ་འདི་བསྟན་པ་ལས་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་དང་གཟུངས་ཀྱི་ཕྱག་རྒྱའི་སྒོར་འཇུག་པ་ཞེས་བྱ་བ་ནི་
འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་དབང་ནི་དོན་དང་ཚིག་མི་བརྗེད་པའི་གཟུངས་ཀྱིས་བྱེད་དེ། གཟུངས་ཀྱི་ཕྱག་རྒྱའི་སྒོ་ཕྱེ་ན་ཆོས་ཐམས་ཅད་ལ་དབང་བྱེད་པར་འགྱུར་ཏེ། དེ་ལྟ་བུ་མདོ་སྡེ་འདི་ལས་སྟོན་པས་ན་སྒོར་འཇུག་པ་ཞེས་བྱའོ། །སོ་སོ་ཡང་དག་པར་
རིག་པ་ཤིན་ཏུ་རྣམ་པར་ངེས་པ་ལ་གཟུད་པའི་སྒོར་འཇུག་པ་ཞེས་བྱ་བ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ལེགས་པར་གཏན་ལ་འབེབས་པ་མདོ་སྡེ་འདི་ལས་སྟོན་པས་ན་གཟུད་པའི་སྒོར་འཇུག་པ་ཞེས་བྱའོ། །མངོན་པར་ཤེས་པ་ཆེན་
པོའི་ཡེ་ཤེས་ལ་གཟུད་པའི་སྒོར་འཇུག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་པོ་མདོ་སྡེ་འདི་ལས་སྟོན་པས་ན་དེ་སྐད་ཅེས་བྱའོ། །ཆེན་པོ་ནི་འཇིག་རྟེན་གྱི་མངོན་པར་ཤེས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་མངོན་པར་ཤེས་པ་བས་བྱང་ཆུབ་
སེམས་དཔའི་མངོན་པར་ཤེས་པ་ཆེ་བའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཐབས་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །མི་སྐྱེ་ཞིང་མི་ལྡོག་པའི་ཆོས་རབ་ཏུ་སྟོན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་
སྐྱེས་པ་དང་། བླ་ན་མེད་པའི་བྱང་ཆུབ་ལས་མི་ལྡོག་པའི་ཚུལ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དུ་ཡང་དག་པར་གཞོལ་བ་ཞེས་བྱ་བ་ནི་ཐེག་པ་གཅིག་གི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་ཞེས་བྱ་བའོ། །ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་མཚུངས་པ་
ཉིད་ལ་ཡང་ཡང་དག་པར་གཞོལ་བ་ཞེས་བྱ་བ་ནི་གོང་མ་ཉིད་འདིས་གསལ་བར་བསྟན་ཏེ། གོང་དུ་བགྲོད་པ་གཅིག་ཅེས་སྨོས་པ་སྟེ། བགྲོད་པ་གང་དང་གང་གཅིག་ཏུ་སྟོན་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་གཅིག་ཏུ་གསུམ་ཆར་མཚུངས་པར་སྟོན་
Vol. 114 · folio 13a
ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཚུལ་གཅིག་སྟེ། སྣ་ཚོགས་སུ་དབྱེར་མེད་པ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་དབང་པོ་ལ་
གཟུད་པ་བསྟན་པ་ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་བསམ་པ་གང་ལ་དད་པ་དང་། དབང་པོ་རྣོ་རྟུལ་ལ་མཁས་པ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །སྙིང་པོའི་རྗེས་སུ་སོང་བའི་ཆོས་རྣམ་པར་ངེས་པ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བ་རྣམས་
ཀྱིས་མི་ཚུགས་ཤིང་བསྟན་པ་ལ་སྙིང་པོ་ཞེས་བྱ་སྟེ། ཆོས་དེ་ལྟ་བུ་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །དེ་བས་ན་ཚིག་འོག་མས་མཚོན་ཏེ། བདུད་ཀྱི་འཁོར་ཐམས་ཅད་ཤིན་ཏུ་འཇོམས་པར་བྱེད་པ་ཞེས་བསྟན་ཏོ། །ཚུལ་བཞིན་ཆོས་ལ་གཟུད་པའི་སྒོར་འཇུག་པ་ཞེས་བྱ་བ་ནི་མྱ་ངན་ལས་
འདས་པ་རྗེས་སུ་མཐུན་པའི་ཆོས་ལ་ཚུལ་བཞིན་གྱི་ཆོས་ཞེས་བྱ་བ་སྟེ། དེ་ལ་གཟུད་པ་ནི་མདོ་སྡེ་འདི་ལས་བཤད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་དང་ལྟ་བར་གྱུར་པ་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། བདག་ཏུ་ལྟ་བ་དང་། མཐར་
འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་རྣམ་པ་ལྔ་རྣམས་སྤོང་བའི་ཐབས་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་རོ། །ཆགས་པ་མེད་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཞེས་
བྱ་བ་ནི་ཡུན་རིང་པོ་དང་ཐག་རིང་པོས་ཆོད་པའི་དངོས་པོ་རྣམས་ལ་བསྒྲིབས་པ་མེད་པར་ཤེས་པའི་ཤེས་རབ་དང་། ཡེ་ཤེས་སྐྱེ་བའི་ཐབས་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྣམ་པར་འབྱེད་ནུས་པའོ། །ཡེ་ཤེས་ནི་ཤེས་རབ་ཀྱིས་
རྣམ་པར་ཕྱེ་བའི་ཆོས་ལ་སྤྱིའི་མཚན་ཉིད་དུ་རྟོགས་པའོ། །མཐའ་ཡས་ཤིང་མཚུངས་པ་མེད་པའི་བསྔོ་བ་ལ་མཁས་པའི་ཐབས་ཀྱི་ཡེ་ཤེས་བསྟན་པ་ཞེས་བྱ་བ་ནི་དགེ་བ་སྤྱད་དོ་ཅོག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ལ་མཁས་པའི་ཐབས་མཐའ་ཡས་ཤིང་མཚུངས་པ་མེད་པའི་ཡེ་ཤེས་
Vol. 114 · folio 13b
འགྱུར་བ་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་ཆུད་པའི་ཡེ་ཤེས་སུ་འགྱུར་བ་མདོ་སྡེ་འདི་ལས་བསྟན་
པས་ན་དེ་སྐད་ཅེས་བྱའོ། །ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱི་བརླབས་ཀྱི་སྒོར་འཇུག་པ་ཞེས་བྱ་བ་ནི་བསམ་ཞིང་འབད་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་དངོས་པོ་ཐམས་ཅད་ཤེས་པའི་ཡེ་ཤེས་ལ་ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་ལྟ་བུ་ལ་གནས་པ་འམ་
དེ་ལྟ་བུའི་མཐུ་དང་ལྡན་པ་ལ་བྱིན་གྱི་བརླབས་ཞེས་བྱ་སྟེ། དེ་ལྟ་བུ་མདོ་སྡེ་འདི་བསྟན་པ་ལས་འབྱུང་བས་ན་དེ་སྐད་ཅེས་བྱའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པར་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་
རྣམས་ཕྱིན་ཅི་མ་ལོག་པར་མདོ་སྡེ་འདི་ལས་སྟོན་པའི་ཕྱིར་རོ། །མི་རྟོག་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་ལས་འདས་པའི་མཉམ་པ་ཉིད་མདོ་སྡེ་འདི་བཤད་པ་ལས་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་
ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཆོས་རྣམས་བྱེད་པ་པོས་མ་བྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་འཇིག་རྟེན་པ་རྣམས་ཡིད་མི་ཆེས་པའི་ཕྱིར་ཟབ་སྟེ། །མདོ་སྡེ་འདི་བཤད་པ་ལས་དེ་ལྟར་ཁོང་དུ་ཆུད་པར་འབྱུང་བའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་
ཐམས་ཅད་བསགས་པ་ཞེས་བྱ་བ་ནི་མདོ་སྡེ་འདི་བཤད་པའམ། བསྟན་པ་ལས་བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་སྩོགས་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཉམ་པ་ཉིད་ཀྱི་རྒྱན་གྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི་སྐུ་དང་
གསུང་དང་ཐུགས་གསུམ་ཆར་ཡང་དོན་དམ་པར་རོ་གཅིག་སྟེ། མཉམ་པ་ཉིད་དུ་གྱུར་པ་ཉིད་ཟབ་པས་ན་རྒྱན་ཞེས་བྱའོ། །དེ་ལྟ་བུ་མདོ་སྡེ་འདི་བཤད་པ་ལས་འབྱུང་བས་ན་རྗེས་སུ་སོང་བ་ཞེས་བྱའོ། །དྲན་པ་དང་བློ་གྲོས་དང་རྟོགས་པ་དང་མོས་པ་དང་། ཤེས་རབ་མི་ཟད་པ་མངོན་
Vol. 114 · folio 14a
པར་སྒྲུབ་པ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་མིང་གིས་སྨོས་པའི་རྣམས་འཁོར་བའི་མཐའི་བར་དུ་ཟད་མི་ཤེས་པར་འགྱུར་བ་མདོ་སྡེ་འདི་བཤད་པ་ལས་འབྱུང་བས་ན། དེ་སྐད་ཅེས་བྱ་སྟེ། དྲན་པ་ལ་སོགས་པ་ནི་སྔར་བཤད་ཟིན། མོས་པ་ནི་ཡིད་ཆེས་ནས་
གཞན་དུ་མི་འགྱུར་བའོ། །ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་རྣམས་ཀྱི་ཕྱིར་འཕགས་པའི་བདེན་པ་བཞིའི་ཚུལ་ཡང་འདི་ལས་སྟོན་པས་ན་དེ་སྐད་ཅེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པས་
འདུལ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པ་ཤེས་པ་ཞེས་བྱ་བས་ནི། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་བསེ་རུ་ལྟ་བུར་སྤྱད་པའི་ལུས་དང་སེམས་རབ་ཏུ་དབེན་པར་ཤེས་པ་ཡང་མདོ་སྡེ་འདི་ལས་བསྟན་པའི་ཕྱིར་རོ། །ཐེག་པ་ཆེན་པོས་འདུལ་
བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སར་དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྐལ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱི་སར་དབང་བསྐུར་བར་འགྱུར་བ་ཡང་མདོ་སྡེ་འདི་བསྟན་པ་ལས་འབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པའི་
ཡོན་ཏན་བརྗོད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོགས་པ་མེད་པར་ཤེས་པ་ལ་ཆོས་ཐམས་ཅད་ལ་དབང་བྱེད་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཤེས་ན་དེ་བཞིན་གཤེགས་པའི་ཡོན་ཏན་ཡང་རྟོགས་ཤིང་སྟོན་ནུས་པར་
འགྱུར་ཏེ། དེ་ལྟར་འགྱུར་བའི་ཐབས་ལ་ཚུལ་ཞེས་བྱའོ། །ཚུལ་དེ་ལྟ་བུ་མདོ་སྡེ་འདི་བསྟན་པ་ལས་འབྱུང་བས་ན་ཚུལ་ལ་འཇུག་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མདོ་སྡེ་འདི་གསུང་ངོ་སྟོན་ཏོ། །རབ་ཏུ་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་འཆད་པའི་ཚིག་གི་རྣམ་གྲངས་སུ་
རིག་པར་བྱའོ། །ཡང་ན་གསུང་ངོ་ཞེས་པ་ནི་བསྟན་པའོ། །འོག་མ་རྣམས་ནི་བཤད་པ་སྟེ། དེ་ལ་སྟོན་པ་ནི་ཚིག་དང་ཡི་གེ་བཟང་པོས་སྟོན་པའོ། །རབ་ཏུ་སྟོན་པ་ནི་རིགས་པ་དང་མི་འགལ་བའི་དོན་སྟོན་པའོ། །མོས་པར་མཛད་པ་ལ་སོགས་པ་ཚིག་ལྷག་མ་རྣམས་ནི་གང་ཟག་བདུན་
Vol. 114 · folio 14b
པོ་ལུང་གི་སྟོབས་ཅན་དང་། རྟོགས་པའི་སྟོབས་ཅན་དང་། མདོར་བསྟན་པས་གོ་བ་དང་། སྤྲོས་ཏེ་བསྟན་པས་གོ་བ་དང་། ཐེ་ཚོམ་ཅན་དང་། མི་ཤེས་པ་དང་། ལོག་པར་ཤེས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། དེ་ལ་ལུང་གི་སྟོབས་ཅན་ནི་སྐྱེ་བོ་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ལུང་ཙམ་
ལ་བརྟེན་ཅིང་ཀློག་པ་དང་ཉན་པ་ལ་སོགས་པ་བྱེད་པ་སྟེ། དེའི་ཆེད་དུ་ནི་མོས་པར་མཛད། འཛིན་དུ་འཇུག་སྟེ། མདོ་བཤད་པའི་ཚེ་དང་པོ་མོས་པར་མཛད་པ་དང་། དེའི་འོག་ཏུ་དོན་དང་ཚིག་མ་ནོར་བར་འཛིན་དུ་འཇུག་པ་དང་། ཕྱིས་ཀྱང་མི་བརྗེད་པར་ཁ་དོན་དུ་བྱེད་དུ་འཇུག་པའི་ཕྱིར་རོ། །
རྟོགས་པའི་སྟོབས་ཅན་གྱི་གང་ཟག་གི་ཆེད་དུ་ནི་ཤེས་པར་མཛད། རྣམ་པར་རིག་པར་མཛད། རབ་ཏུ་ཤེས་པར་མཛད་དེ། དེ་ཡང་ཆོས་གསུམ་པོས་བཤད་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། ཐོས་པར་བྱ་བའི་ཆོས་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་དང་། འཕགས་པའི་
ལམ་དང་། མྱ་ངན་ལས་འདས་པ་རྣམས་ཤེས་པར་མཛད་པ་ལ་སོགས་པ་གོ་རིམས་བཞིན་དུ་བྱའོ། །མདོར་བསྟན་པས་གོ་བའི་གང་ཟག་གི་ཆེད་དུ་ནི་འཇུག་པར་མཛད་དེ། འཕགས་པའི་བདེན་པ་བཞི་མིང་ཙམ་བསྟན་པས་འཇུག་པར་མཛད་པའི་ཕྱིར་རོ། །སྤྲོས་ཏེ་བསྟན་པ་གོ་བའི་གང་
ཟག་གི་ཆེད་དུ་ནི་འགྲེལ་ཏེ་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་སྟོན་པ་ལྟ་བུའོ། །ཐེ་ཚོམ་ཅན་གྱི་གང་ཟག་གི་ཆེད་དུ་ནི། རྣམ་པར་འབྱེད་དེ་བདེན་པ་དང་དཀོན་མཆོག་ལ་སོགས་པ་གང་ལ་ཐེ་ཚོམ་དུ་གྱུར་པ་དེ་ཉིད་རྣམ་པར་གཅད་པའི་ཕྱིར་གཏན་ཚིགས་དང་བཅས་པས་རྣམ་པར་འབྱེད་དོ། །
མི་ཤེས་པའི་གང་ཟག་གི་ཆེད་དུ་ནི། །གསལ་བར་མཛད་དེ་ཡང་ནས་ཡང་དུ་སྟོན་ཏོ། །ལོག་པར་ཤེས་པའི་གང་ཟག་གི་ཆེད་དུ་ནི། ཡང་དག་པར་རབ་ཏུ་སྟོན་ཏེ། ཕྱིན་ཅི་མ་ལོག་པར་སྟོན་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་པ་དང་རྗེས་སུ་མཐུན་པའི་འོད་ཟེར་ཕུན་སུམ་ཚོགས་པ་བསྟན་པའི་
སྐབས་སུ་བབ་ནས། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་ལྟ་བུ་ཤིན་ཏུ་རྣམ་པར་ངེས་པའི་དོན་འདུས་པ་ཆེན་པོ་ཞེས་བྱ་བ་ནི་མདོ་སྡེ་འདིས་ཆོས་ཀྱི་དོན་ལེགས་པར་གཏན་ལ་ཕབ་པ་མང་པོ་བསྟན་པ་འདུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །བསྟན་པ་དང་རྗེས་སུ་མཐུན་
Vol. 114 · folio 15a
པའི་འོད་ཟེར་ཡང་། ཡོན་ཏན་རྣམ་པ་བཞིས་བསྟན་ཏེ། འོད་ཟེར་གཞན་རྣམས་ཟིལ་གྱིས་གནོན་པ་ནི། དེ་བཞིན་གཤེགས་པའི་འོད་དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐེབ་པ་རྣམས་ཀྱི་འོད་མ་གཏོགས་པར་ཞེས་བྱ་བ་ནས། ཟིལ་གྱིས་གནོན་ཅིང་མི་
གསལ་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །མུན་ནག་སེལ་བ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནས། འོད་དེས་ས་ལེར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་
བ་ཞེས་སྨོས་པ་ནི་བར་སྣང་ལ་རྒྱུ་བ་དང་། འདམ་རྫབ་དང་འབྲུ་ལ་སོགས་པ་སྐེམས་ཤིང་སྨིན་པར་བྱེད་པ་དང་། གླིང་ཁམས་གང་དུ་འཆར་ཞིང་སྣང་བར་བྱེད་པ་དེར་འཆར་ཞིང་སྣང་བར་བྱེད་པའི་ཕྱིར་རོ། །སྒྲིབ་པ་མེད་པ་ནི་འོད་དེ་ལ་རྩྭ་དང་ཤིང་གེལ་བ་ཞེས་བྱ་བ་ནས་འཇིག་རྟེན་གྱི་ཁམས་
ཐམས་ཅད་སྣང་བར་བྱས་ནས་ས་ལེར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ཚིམ་པར་བྱེད་པ་ནི་གང་སེམས་ཅན་དམྱལ་བ་པ་རྣམས་སམ་ཞེས་བྱ་བ་ནས། བདག་ཉིད་བདེ་བ་ཐམས་ཅད་དང་ལྡན་པ་སྙམ་དུ་ཤེས་སོ་ཞེས་བྱ་བའི་བར་གྱིས་
བསྟན་ཏོ། །བསྟན་པའི་གཞི་ཕུན་སུམ་ཚོགས་པ་ཡང་རྣམ་པ་ལྔས་བསྟན་ཏེ། རྒྱུ་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེ་སྣ་བདུན་གྱི་པདྨ་ཞེས་སྨོས་སོ། །ཚད་ཕུན་སུམ་ཚོགས་པ་ནི་ཁ་ཚོན་ཤིང་རྟའི་འཕང་ལོ་ཙམ་འདབ་མ་བརྒྱ་སྟོང་དུ་མ་དང་ལྡན་པ་ཞེས་སྨོས་སོ། །དྲི་ཕུན་སུམ་ཚོགས་པ་ནི་
དྲི་ཞིམ་པ་ཞེས་སྨོས་སོ། །དབྱིབས་ཕུན་སུམ་ཚོགས་པ་ནི་བཀྲ་བ་བལྟ་ན་སྡུག་པ་ཞེས་སྨོས་པའོ། །ཁ་དོག་ཕུན་སུམ་ཚོགས་པ་ནི་ཁ་དོག་དང་ལྡན་ཞིང་ཡིད་དུ་འོང་བ་ཞེས་སྨོས་པའོ། །ས་གཡོ་བ་དང་འོད་ཟེར་གཏོང་བ་དང་མེ་ཏོག་གི་ཆར་ཆེན་པོ་འབེབས་པའི་སྔ་ལྟས་གསུམ་ནི་འཇིག་ཚོགས་
ལ་ལྟ་བ་སྤང་བར་དཀའ་བ་རྩ་ནས་དབྱུང་བ་དང་མ་རིག་པའི་མུན་པ་བསལ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་མེ་ཏོག་གི་ཆར་ཆེན་པོ་དབབ་པར་བསྟན་པའི་ཕྱིར་རོ། །སྟོན་པའི་ཆེ་བའི་བདག་ཉིད་ཆེན་པོ་བརྗོད་པའང་ཡོན་ཏན་རྣམ་པ་དགུས་བསྟན་ཏེ། ཐུགས་རྗེ་ཆེན་པོའི་ཡོན་ཏན་དང་། འཇིགས་
Vol. 114 · folio 15b
པ་བདུན་མེད་པའི་ཡོན་ཏན་དང་། སེམས་ཅན་གྱི་དོན་བྱེད་ནུས་པའི་མཐུ་དང་ལྡན་པའི་ཡོན་ཏན་དང་། ཇི་ལྟར་སེམས་ཅན་གྱི་དོན་མཛད་པའི་ཡོན་ཏན་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཡོན་ཏན་དང་། ཆོས་བདག་མེད་པ་སྟོན་པའི་ཡོན་ཏན་དང་། ཁམས་གསུམ་
གྱི་ཆོས་མི་རྟག་པའི་རང་བཞིན་ཅན་ལ་མ་ཆགས་པའི་ཡོན་ཏན་དང་། སྐུའི་ཡོན་ཏན་དང་། བརྗོད་ཀྱིས་མི་ལང་བའི་ཡོན་ཏན་མདོར་བསྡུས་པས་བསྟན་ཏོ། །དེ་ལ། རྡུལ་མེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཐུགས་རྗེ་ཆེན་
པོས་བསྟོད་དེ། དེ་ཡང་སེམས་ཅན་རྣམ་པ་བཞི་པོ་ཕ་མ་ཉེ་དུ་དང་། མུ་སྟེགས་ཅན་དང་། བྱང་ཆུབ་སེམས་དཔའ་དང་། དགྲ་བཅོམ་པ་རྣམས་ཀྱི་སྙིང་རྗེ་ལས་དེ་བཞིན་གཤེགས་པའི་ཐུགས་རྗེ་ནི་ཤིན་ཏུ་ཐུགས་བརྩེ་བ་དང་། རབ་ཏུ་མཁྱེན་པ་དང་། ཤིན་ཏུ་རྣམ་པར་དག་པ་དང་། ཟབ་པ་
རྣམ་པ་བཞིས་གོ་རིམས་བཞིན་དུ་ཁྱད་ཞུགས་པས་ན་ཐུགས་རྗེའི་སྒོ་ནས་བསྟོད་དོ། །དེ་ལ་ཕ་མ་ཉེ་དུ་བུ་ཚ་ལ་སྙིང་བརྩེ་བ་ཡོད་མོད་ཀྱི། ཉོན་མོངས་པ་དང་། ལེག་པར་ལྟ་བ་དང་། ལོགས་པར་མི་ལྟ་བ་དང་། རབ་ཏུ་ཉམས་པ་དང་། དམན་པ་རྣམ་པ་ལྔའི་སྒོ་ནས་ཤིན་ཏུ་སྙིང་བརྩེ་བ་
མ་ཡིན་ཏེ། དེའང་ཇི་ལྟ་ཞེ་ན། བདག་གིར་རྟོག་པ་ལས་བྱུང་བ་དང་། སྡུག་བསྔལ་དང་ལྡན་པའི་ཡུལ་ཚོལ་བར་རྟོག་པ་དང་། དེ་དང་མི་ལྡན་ན་ཡིད་མི་བདེ་བའི་ཟིལ་གྱིས་གནོན་པ་དང་ལྡན་ན་དགའ་བས་ཡིད་བདེ་བའི་འདོད་ཆགས་སྐྱེ་བ་རྣམ་པ་བཞིས་ན་ཉོན་མོངས་པའི་
སྙིང་རྗེར་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ལ་སྐྱོན་རྣམ་པ་དེ་བཞི་མི་མངའ་བས་ན། རྡུལ་མེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ། །ཞེས་བྱ་བའི་ཐ་ཚིག་བཞི་གསུངས་སོ། །ལོག་པར་ལྟ་བ་ནི་རྟག་པ་དང་བདེ་བ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ལྟ་བའོ། །ལེགས་
པར་མི་ལྟ་བ་ནི་འཕགས་པའི་བདེན་པ་བཞི་མ་རྟོགས་པ་སྟེ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ལ་སྐྱོན་རྣམ་པ་དེ་གཉིས་མི་མངའ་བས། ཡེ་ཤེས་རབ་རིབ་མི་མངའ་སྤྱན་གསུམ་རྣམ་པར་སྦྱངས། །ཞེས་བྱ་བའི་ཐ་ཚིག་གཉིས་གསུངས་ཏེ། སྤྱན་གསུམ་ནི་ཆོས་ཀྱི་སྤྱན་དང་། ཤེས་
Vol. 114 · folio 16a
རབ་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ། །དེ་ལ་རབ་ཏུ་ཉམས་པའི་སྙིང་རྗེ་ནི་བུ་ཚ་ལ་སོགས་པས་ཡིད་དང་འགལ་བ་ཞིག་བྱས་མ་ཐག་ཏུ་ཞེ་སྡང་གི་སེམས་འབྱུང་བས་དེའི་ཚེ་ཕ་མ་དང་ཉེ་དུའི་སྙིང་རྗེ་རབ་ཏུ་ཉམས་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་སྐྱོན་དེ་མི་མངའ་
བས། སྐྱོན་རྣམས་བསལ་བས་དྲི་མ་གསུམ་དང་ཐ་བ་སྤངས། །ཞེས་གསུངས་ཏེ། ཞེ་སྡང་གི་ཀུན་ནས་དཀྲིས་པ་སྤངས་པས་འགལ་བ་ཅིས་ཀྱང་ཕྱིས་ཞེ་སྡང་མི་སྐྱེ་སྟེ། སྐྱོན་རྣམས་བསལ་བ་ཡིན་ལ། ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་དྲི་མ་ཞེས་བྱ་བ་དང་། དགེ་བའི་
ལོ་ཏོག་གི་ཞིང་དུ་མ་གྱུར་པས་ཐ་བ་ཞེས་བྱ་བ་དུག་གསུམ་གྱི་བག་ལ་ཉལ་སྤངས་པས་ཕྱིས་ཀྱང་ཞེ་སྡང་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །དམན་པའི་སྙིང་རྗེ་ནི་གནོད་པར་བྱས་པ་དང་། ཕན་འདོགས་པའི་ངོར་ལྟ་བ་སྟེ། འདིས་ངའི་བུ་ལ་གནོད་པ་འདི་བྱས་སོ། །ཕན་པ་འདི་བྱས་སོ་ཞེས་བདག་དང་
བདག་གིར་རྟོག་པའི་གཞི་ལས་བྱུང་བའི་སྐྱོན་དེ་བཞིན་གཤེགས་པ་ལ་མི་མངའ་བས། རྡུལ་བྲལ་ཞེས་གསུངས་ཏེ། དེ་ལྟ་བུའི་ཤིན་ཏུ་ཐུགས་བརྩེ་བ་དང་ལྡན་པའི་སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །ཡང་མུ་སྟེགས་ཅན་རྣམས་ཀྱི་སྙིང་རྗེ་ནི་རབ་ཏུ་
ཤེས་པ་མ་ཡིན་ཏེ། སྐྱོན་གྱི་རྣམ་པར་རྟོག་པ་དང་བཅས་པ་དང་། ཡོན་ཏན་གྱི་རྣམ་པར་རྟོག་པ་དང་བཅས་པ་དང་། བདུད་དང་ཕྱིར་རྒོལ་བ་མ་བཅོམ་པའི་འདོད་ཆགས་དང་བྲལ་བ་དང་། ཤེས་པ་རབ་རིབ་དང་བཅས་པའི་ཕྱིར་ཏེ། ས་འོག་མ་ལ་རགས་པར་རྟོགས་པ་དང་། ས་
གོང་མ་ལ་ཞི་བར་རྟོགས་པ་དང་། འདོད་ཆགས་ཤས་ཀྱིས་སྤངས་ཀྱང་བདུད་དང་ཕྱིར་རྒོལ་བ་བཅོམ་ནས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། བདག་དང་བདག་གིར་རྟོག་པའི་རབ་རིབ་དང་བཅས་པའི་ཤེས་རབ་ཅན་དེ་ལྟ་བུའི་སྐྱོན་དེ་བཞིན་གཤེགས་པའི་ཐུགས་རྗེ་ལས་མི་མངའ་
བས། རྡུལ་མེད་རྡུལ་བྲལ་དཔའ་བོ་འདོད་ཆགས་བྲལ། །ཡེ་ཤེས་རབ་རིབ་མི་མངའ་ཞེས་གསུངས་ཏེ། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་འདོད་ཆགས་དང་བྲལ་བ་ཡིན་པས་ན་དཔའ་བོ་འདོད་ཆགས་བྲལ་ཞེས་བྱ་སྟེ། གཞན་ནི་ཚིག་རེ་རེ་དང་སྦྱར་རོ། །བྱང་ཆུབ་སེམས་དཔའ་
Vol. 114 · folio 16b
རྣམས་ཀྱི་སྙིང་རྗེ་ནི་སངས་རྒྱས་ཀྱི་ས་མ་ཐོབ་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་མ་སྤངས་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ཏེ། དེའི་གཉེན་པོར་སྤྱན་གསུམ་རྣམ་པར་སྦྱངས་ཞེས་གསུངས་སོ། །དགྲ་བཅོམ་པ་རྣམས་ཀྱི་སྙིང་རྗེ་ནི་རྣམ་པར་རྟོག་པ་དང་བཅས་ཤིང་། མི་དམིགས་
པའི་སྙིང་རྗེ་དང་མི་ལྡན་པས་ན་ཟབ་པ་མ་ཡིན་ཏེ། དེའི་གཉེན་པོར་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་སྤོང་བ་དང་། ཡིད་ལ་མཛད་པའི་ཁྱད་པར་གཉིས་ཀྱིས་ཟབ་པར་བསྟན་ཏེ། དེ་ལ་སྤོང་བའི་ཁྱད་པར་ནི་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་སྤངས་པས་སྐྱོན་རྣམ་པར་བསལ་བ་དང་དྲི་མ་
གསུམ་དང་ཐ་བ་སྤངས་པས་བསྟན་ཏོ། །ཡིད་ལ་མཛད་པའི་ཁྱད་པར་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། མི་དམིགས་པའི་ཐུགས་རྗེ་དང་ལྡན་པ་སྟེ། དེ་ནི་རྡུལ་བྲལ་ཞེས་བྱ་བས་བསྟན་ཏོ། །རྣམ་གྲངས་གཞན་དུ་ན་འདི་ལ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ནི་ཡེ་ཤེས་དང་སྤངས་པའི་
ཁྱད་པར་གཉིས་ཀྱིས་འཇིག་རྟེན་པ་དང་ཉན་ཐོས་རྣམས་ལས་ཁྱད་ཞུགས་པར་བསྟན་ཏོ། །ཡེ་ཤེས་ཀྱང་མི་མཐུན་པའི་ཕྱོགས་འཇོམས་པའི་ཡེ་ཤེས་ཡེ་ཤེས་ཀྱི་རང་བཞིན་ཏེ། མི་མཐུན་པའི་ཕྱོགས་ནི་རྣམ་པར་འཚེ་བའི་ཀུན་ནས་དཀྲིས་པ་རྡོ་དབྱིག་ལ་སོགས་པས་འཕྲལ་དུ་ཐོ་
འཚམས་པ་དང་། དེའི་བག་ལ་ཉལ་སེམས་ལ་ཡོད་པ་དང་། དེ་སྤོང་བའི་བར་ཆད་བྱེད་པ་ལྟ་བུའི་བདུད་དང་། བདུད་དེའི་གྲོགས་སུ་གྱུར་པ་འདོད་པའི་འདོད་ཆགས་ཏེ། དེ་དག་བཅོམ་པས་སྤངས་པས་ན། རྡུལ་མེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ། །ཞེས་
བྱའོ། །ཡེ་ཤེས་ཀྱི་རང་བཞིན་ལ་ཡང་གཉེན་པོར་གྱུར་པའི་ཡེ་ཤེས་དང་། གཟིགས་པའི་ཡེ་ཤེས་གཉིས་ཡོད་དེ། གཉེན་པོར་གྱུར་པ་ནི་དེ་མ་ཐག་པ་དང་། རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའོ། །གཟིགས་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་
ཅད་ཐུགས་སུ་ཆུད་པ་སྟེ། ཡེ་ཤེས་དེ་གཉིས་དང་ལྡན་པས་ན། ཡེ་ཤེས་རབ་རིབ་མི་མངའ་སྤྱན་གསུམ་རྣམ་པར་སྦྱངས། །ཞེས་བྱའོ། །སྤངས་པའི་ཁྱད་པར་ནི་འཇིག་རྟེན་པའི་དྲང་སྲོང་ལ་སོགས་པ་ལ་ཡོད་ཀྱང་། ཉོན་མོངས་པ་སྤོང་བའི་ལམ་གཉེན་པོ་ལ་ཡང་ས་འོག་མ་དང་གོང་མ་ལ་
Vol. 114 · folio 17a
རགས་པ་དང་ཞི་བར་འཛིན་པའི་ལམ་དྲི་མ་ཅན་ཡོད་ལ། མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཆེ་རིམ་སྤངས་པའི་ཕྱིར་ན་ཐ་མ་ཡང་ཡོད་པ་ལྟ་བུ་བཅོམ་ལྡན་འདས་ལ་མི་མངའ་བས་དྲི་མ་གསུམ་དང་ཐ་བ་སྤངས་པ་ཡང་ཡིན་ལ། བག་ཆགས་དང་བཅས་པའི་
སྐྱོན་དང་། ཤེས་བྱའི་སྒྲིབ་པའི་རྡུལ་དང་བྲལ་བའི་ཕྱིར་འཕགས་པ་ཉན་ཐོས་རྣམས་ལས་ཀྱང་སྤོང་བ་ཁྱད་ཞུགས་ཏེ། དེ་བས་ན་སྐྱོན་རྣམས་བསལ་བ་དང་རྡུལ་བྲལ་ཞེས་གསུངས་སོ། །ཐུགས་རྗེའི་དབང་གིས་འགྲོ་བ་མཐའ་དག་སྡུག་བསྔལ་བར་གཟིགས་ཀྱང་རང་ཉིད་འཇིགས་
པའི་སྐབས་མེད་དམ་ཞེ་ན། འཇིགས་དང་བྲལ་ཞིང་གཏི་མུག་དྲ་བ་རྣམ་པར་བསལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་འཇིགས་པ་བདུན་དང་བྲལ་བར་སྟོན་ཏེ། འཇིགས་པ་དང་བྲལ་བ་ནི་ཡན་ལག་གོ། །ལྷག་མ་རྣམས་ནི་ཉེ་བའི་ཡན་ལག་སྟེ། གཏི་
མུག་དྲ་བ་རྣམ་པར་བསལ་ཞེས་བྱ་བ་ནི་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ན། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ་ཞེས་འབྱུང་བས་རྒ་བ་དང་། ན་བ་དང་། འཆི་བ་དང་། ངན་འགྲོར་ལྟུང་བའི་འཇིགས་པ་དང་བྲལ་བར་བསྟན་ཏོ། །སྟོབས་
བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་སྟོབས་བཅུ་ཀུན་ཀྱང་ཤེས་རབ་ཀྱི་ངོ་བོ་ཡིན་ཏེ། དེ་དག་དང་ལྡན་པས་འཚོ་བ་མེད་པས་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པས་འཇིགས་པ་གཉིས་དང་བྲལ་བར་བསྟན་ཏེ། འཚོ་བའོ་ཅོག་གི་ནང་ན་ཤེས་རབ་ཀྱི་འཚོ་བ་
ནི་མཆོག་གོ་ཞེས་གསུངས་པ་དང་། སྟོབས་བཅུ་དང་ལྡན་པ་ནི་ཚིགས་སུ་བཅད་པ་མེད་པས་མི་འཇིགས་པའི་ཕྱིར་རོ། །རྒོལ་བའི་ཚོགས་ཀྱིས་ཤིན་ཏུ་ཐུབ་པར་དཀའ་བ་དང་། །ལོག་པའི་ལམ་དུ་ཞུགས་པ་ཕ་རོལ་ཚོགས་སྐྲག་མཛད། །ཅེས་བྱ་བས་འཁོར་གྱི་ནང་དུ་བག་ཚ་བས་
འཇིགས་པ་དང་བྲལ་བར་བསྟན་ཏེ། མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བས་མི་ཐུབ་པ་དང་། བདུད་ལ་སོགས་པ་ལོག་པའི་ལམ་དུ་ཞུགས་པའི་ཚོགས་སྐྲག་པར་མཛད་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་སེང་གེ་ནི་གང་ནས་གང་དུ་འགྲོ་ཡང་རུང་། འདུག་ཀྱང་རུང་སྟེ་ས་འདིའི་
Vol. 114 · folio 17b
སྟེང་ན་བག་ཚ་བ་དང་། འཇིགས་པ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡང་འཇིགས་པ་བདུན་སྤངས་ཏེ། འཇིག་རྟེན་འདི་ན་བསྙེངས་པ་མི་མངའ་བར་གཤེགས་པ། །སེང་གེ་ལྟ་བུར་བསྙེངས་པ་མི་མངའ་བ་ལ་གཤེགས། །ཞེས་བྱའོ། །དེ་
ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་བསྙེངས་པ་དང་བྲལ་ཡང་དེ་བཞིན་གཤེགས་པ་དེ་སེམས་ཅན་གྱི་དོན་མཛད་པའི་མཐུ་མི་མངའ་བ་ཞིག་མ་ཡིན་ནམ་ཞེ་ན། ལྷ་ཡུལ་ས་སྟེངས་ན་ཡང་སྐྱོན་རྣམས་ཀུན་དང་བྲལ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་སེམས་
ཅན་གྱི་དོན་མཛད་སྤྱོད་པའི་མཐུ་དང་ལྡན་པར་སྟོན་ཏེ། དེ་བཞིན་གཤེགས་པའི་སྐུ་འོད་ཅན་སྐྱོན་དང་བྲལ་བས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་ཅིང་སེམས་ཅན་གྱི་དོན་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོད་དེ་ཡང་ཁྱབ་པ་དང་། མཐུ་དང་ལྡན་པ་དང་། སྒྲིབ་པ་མེད་པ་དང་།
གནས་དང་། རབ་ཏུ་གསལ་བ་དང་། མི་གནས་པའི་མྱ་ངན་ལས་འདས་པས་བསྟན་ཏེ། འོད་དེ་ཡང་བསམ་གཏན་བཞི་པའི་བར་གྱི་ལྷའི་ཡུལ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ཁྱབ་པས་ན་ལྷ་ཡུལ་ས་སྟེངས་ན་ཡང་ཞེས་སྨོས་སོ། །འོད་ཀྱི་སྐྱོན་རྣམས་དང་བྲལ་
བས་ན་མཐུ་དང་ལྡན་པ་སྟེ། སྐྱོན་རྣམས་དང་བྲལ་ཞེས་བྱ་བ་དང་སྦྱར་རོ། །འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་སྟེ། སྒྲིབ་པ་མེད་པས་ན་ཀུན་ཞེས་སྨོས་སོ། །འོད་དེ་སྐུ་ལ་གནས་པས་ན། །ཁྱོད་ཀྱི་ཡན་ལག་དྲི་མི་མངའ། །ཞེས་སྨོས་སོ། །འོད་དེ་ཡང་རབ་ཏུ་གསལ་བས་ན་ལམ་
མེར་བཞུགས་ཞེས་སྨོས་སོ། །མཉམ་པར་མ་གཞག་པ་དང་། མཉམ་པར་གཞག་པ་དང་། ཉོན་མོངས་པ་མེད་པའི་མི་ཤེས་པ་གསུམ་བསལ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་གང་ལ་ཡང་མི་གནས་པའི་ཕྱིར་རོ། །མུན་དང་རབ་རིབ་མ་རིག་ལེགས་པར་རབ་བསལ་
ནས། །སྤྲིན་གྱི་དྲ་བ་ལས་གྲོལ་ཉི་མ་བཞིན་དུ་ལྷན། །ཞེས་བྱ་སྟེ། སྒྲིབ་པ་གཉིས་ཀྱི་དྲ་བ་ལས་གྲོལ་བའི་དེ་བཞིན་གཤེགས་པ་དེ་སེམས་ཅན་རྣམས་ཀྱི་དོན་ལ་མངོན་པར་ལྷན་ཞིང་འཆར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐུགས་རྗེ་དང་ལྡན་ཞིང་བསྙེངས་པ་དང་བྲལ་ལ། སེམས་ཅན་
Vol. 114 · folio 18a
གྱི་དོན་མཛད་པའི་མཐུ་མངའ་ན་ཅིའི་ཕྱིར་འགྲོ་བ་རྣམས་ཁམས་གསུམ་ན་གནས་པར་སྣང་ཞེ་ན། འགྲོ་བ་འདི་རྣམས་མགོན་སྐྱབས་མེད་ཅིང་སྡུག་བསྔལ་གྱུར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཇི་ལྟར་སེམས་ཅན་གྱི་དོན་མཛད་པའི་ཡོན་ཏན་
གྱིས་བསྟོད་དེ། དེ་བཞིན་གཤེགས་པ་ནི་མཛད་པ་མ་ཡིན་གྱི་སྨན་པ་དང་འདྲ་བར་ཉོན་མོངས་པའི་ནད་བསལ་བའི་ཐབས་སྟོན་པར་མཛད་དེ། གང་གི་ཕྱིར་གནས་སྐྱབས་མ་མཆིས་པས་མགོན་སྐྱབས་མེད་པ་དང་། རྒ་བ་དང་འཆི་བས་མནར་བས་སྡུག་བསྔལ་བར་གྱུར་པ་འགྲོ་བ་
རྣམས་ལ་སེམས་ཅན་གྱི་མཆོག་དེ་བཞིན་གཤེགས་པས་སྡུག་བསྔལ་གྱི་རྒྱུའི་ཚེ་ན་ཐུགས་རྗེ་དང་། འབྲས་བུའི་ཚེ་ན་ཐུགས་བརྩེ་བ་བསྐྱེད་ནས་སྨན་པ་བཞིན་དུ་རབ་ཏུ་གྲོལ་བར་མཛད་ཅིང་གཤེགས་ཏེ་སྨན་པས་བསྟན་པ་བཞིན་དུ་སྨན་འཐུངས་ཞིང་ཆོ་ག་བྱས་ན་ནད་ལས་ལྡང་བར་འགྱུར་
བ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་སེམས་ཅན་གྱི་ཉོན་མོངས་པའི་ནད་བསལ་བའི་ཐབས་བསྟན་པ་ལས་ནད་པ་དང་འདྲ་བའི་སེམས་ཅན་གང་གིས་བཀའ་ལུང་བཞིན་དུ་བསྒྲུབས་པ་ནི་གྲོལ་བར་འགྱུར་ལ། གཞན་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་
པ་སེམས་ཅན་གཞན་ལྟར་འཁོར་བར་གནས་ཤིང་མ་གྲོལ་བ་ཞིག་ཡིན་ན་ནི་བདག་ཉིད་མ་གྲོལ་བས་གཞན་དགྲོལ་བར་ཡང་མི་སྤྱོད། ཅི་སྟེ་མྱ་ངན་ལས་འདས་པར་གཤེགས་ན་ནི་སེམས་ཅན་རྣམས་ཇི་ལྟར་དགྲོལ་བར་མཛད་ཅེ་ན། མ་རིག་པ་དང་གཏི་མུག་སྲིད་མཚོ་བརྒལ་དཀའ་ཞེས་བྱ་བ་ལ་
སོགས་པ་ཚིགས་སུ་བཅད་པ་གཅིག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་སྟོན་ཏེ། དེ་ལ་མ་རིག་པ་ནི་འཕགས་པའི་བདེན་པ་རྒྱུར་གྱུར་པ་གཉིས་མི་ཤེས་པའོ། །གཏི་མུག་ནི་འབྲས་བུར་གྱུར་པ་གཉིས་མི་ཤེས་པ་སྟེ། དེ་གཉིས་ཀྱིས་བསྐོར་བའི་ཁམས་གསུམ་
བརྒལ་བར་དཀའ་བའི་སྲིད་པའི་མཚོ་ཆུ་ལྟ་བུའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། རྦ་ཀློང་ལྟ་བུའི་ཡུལ་དང་ཉེ་དུ་ལ་སོགས་པ་རྣམ་པར་རྟོག་པ་རྣམ་མང་རྦ་ཀློང་མང་བ་དང་ལྡན་པ་ལས་མཁན་པོ་དང་སློབ་དཔོན་ལ་སོགས་པ་གཞན་ལས་མ་གསན་ཏེ། ལུང་དང་མན་ངག་མ་
Vol. 114 · folio 18b
མནོས་པར་བདག་ཉིད་རབ་ཏུ་རྒལ་ཏོ། །དེ་ལྟར་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས་ཀྱང་འཕགས་པ་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་ལ་གནས་པ་མ་ཡིན་གྱི། ཕྱིར་ཡང་སྲིད་པའི་རྒྱ་མཚོ་དེར་སྦྱོར་ཞིང་། སེམས་ཅན་གྱི་དོན་ཀྱང་མཛད་ལ། ཇི་ལྟར་པདྨ་ཆུ་ལས་སྐྱེས་ཀྱང་ཆུའི་ཉེས་པས་མི་
གོས་པ་བཞིན་དུ་ཁམས་གསུམ་གྱི་ཉོན་མོངས་པས་ཀྱང་མི་གོས་པས། པདྨ་བཞིན་དུ་ཆགས་པ་མི་མངའ་རྣམ་པར་གཤེགས། །ཞེས་གསུངས་སོ། །དེ་ལྟར་འཁོར་བ་ན་སེམས་ཅན་གྱི་དོན་མཛད་པའི་ཚེ་ཆོས་ཇི་ལྟ་བུ་ཞིག་སྟོན་ཞེ་ན། ཆོས་འདི་ཐམས་ཅད་རང་བདག་མ་མཆིས་ཞེས་བྱ་བ་
ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཆོས་བདག་མེད་པ་སྟོན་པར་བསྟོད་དེ། འཇིག་རྟེན་གྱི་མགོན་པོ་དེ་བཞིན་གཤེགས་པ་སེམས་ཅན་ཕན་པའི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐམས་ཅད་བྱེད་པ་པོ་དང་ཚོར་བ་པོ་མེད་ཅིང་དབང་ཕྱུག་གིས་མ་བྱས་ལ། བྲག་ཅ་དང་འདྲ་བ་
དང་། །བདག་མེད་པར་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ན་ཆོས་ཐམས་ཅད་བདག་མེད་པ་དང་། རྐྱེན་ལས་བྱུང་བ་དང་། བྱེད་པ་པོས་མ་བྱས་པ་དང་། ནང་ན་བྱེད་པའི་སྐྱེས་བུ་མེད་པར། འཇིག་རྟེན་མགོན་པོ་སེམས་ཅན་ཕན་ཕྱིར་རབ་ཏུ་གསུངས། །ཞེས་
བྱ་བས་སྦྱར་རོ། །དེ་ལྟར་ཆོས་ཐམས་ཅད་བདག་མེད་ཅིང་རྐྱེན་ལས་བྱུང་བ་དང་། མ་བྱས་ཤིང་ནང་ན་བྱེད་པའི་སྐྱེས་བུ་མེད་པར་ཐུགས་སུ་ཆུད་ནས་སེམས་ཅན་གཞན་དག་ལ་སྟོན་པ་ཙམ་དུ་མ་ཟད་ཀྱི། འཇིག་རྟེན་ཆོས་རྣམས་འཇིག་རྟེན་རི་ཡི་ཆུ་བཞིན་གཡོ། །ཞེས་བྱ་བ་ལ་སོགས་
པ་ཚིགས་སུ་བཅད་པ་གཅིག་གིས་ཁམས་གསུམ་གྱི་ཆོས་མི་རྟག་པའི་རང་བཞིན་ཅན་ལ་མ་ཆགས་པའི་ཡོན་ཏན་གྱིས་བསྟོད་དེ། ཇི་ལྟར་རི་གཟར་པོའི་ཆུ་གཡོ་ཞིང་མི་རྟག་པ་བཞིན་དུ་ལུས་དང་ལོངས་སྤྱོད་ལ་སོགས་པ་ཡང་མི་རྟག་པ་ལ་མི་མཁས་པའི་སྐྱེ་བོ་རྣམས་ཀྱིས་མི་རྟག་པར་མ་
ཤེས་ཏེ། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམས་བསྟེན་ཅིང་སྤྱད་པ་དེ་དག་ནི་སྙིང་པོ་གང་ཡང་མེད་དེ་སྟོན་ཀའི་སྤྲིན་དང་འདྲ་བར་ཡིད་བརྟན་དུ་མི་རུང་བར་ཐུགས་སུ་ཆུད་ནས་སྟོང་པ་ཉིད་དང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་སྲིད་པ་ལས་བརྒལ་བར་གྱུར་ཅིང་། སྨོན་པ་
Vol. 114 · folio 19a
མེད་པའི་ཏིང་ངེ་འཛིན་གྱིས་ནི། ཕྱིས་ཀྱང་མངོན་པར་དགའ་བ་མེད་པར་སྲིད་པ་ཀུན་ལ་སྨོད། །ཅེས་སྦྱོར་རོ། །པདྨ་དཀར་པོ་འདབ་མ་རྒྱས་འདྲའི་སྤྱན་མངའ་བ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་སྐུའི་ཡོན་ཏན་བསྟན་ཏེ། བསྟོད་ཅིང་བསྔགས་
ལ་བསྟོད་འོས་པ། །ཞེས་བྱ་བས་ནི་དུས་གསུམ་དང་སྦྱར་རོ། །གདུལ་བའི་གང་ཟག་རྣམས་སྐལ་བ་བཞིན་དུ་འདུལ་བར་མཛད་པས་མི་འདུལ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་ནི་བསྐལ་པའི་མཐའི་བར་དུ་བགྲང་བར་དཀའ་བ་ཡིན་པས། མི་ཡི་ཁྱུ་མཆོག་མཐའ་ཡས་པ་ཡི་
ཕ་རོལ་གཤེགས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བརྗོད་ཀྱིས་མི་ལང་བའི་ཡོན་ཏན་མདོར་བསྡུས་ནས་བསྟོད་དེ། ཇི་ལྟར་ཁྱུ་མཆོག་ནི་གཞན་གྱི་དང་པོར་འགྲོ་བ་བཞིན་དུ་ལྷ་དང་མི་རྣམས་ཀྱི་ནང་ནས་འདྲེན་པ་ཁྱུ་མཆོག་དང་འདྲ་བ། ཉན་ཐོས་དང་རང་སངས་
རྒྱས་ལ་སོགས་པའི་ཡོན་ཏན་མང་པོ་མཐའ་ཡས་པའི་ཕ་རོལ་དུ་གཤེགས་ཏེ་ཕུལ་དུ་བྱུང་ཞིང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་མ་འདྲེས་པའི་ཡོན་ཏན་ཀུན་གྱི་ཕ་རོལ་བྱོན་པར་གྱུར་པ་ཡིན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཐུགས་རྗེ་ཆེན་པོ་ལ་སོགས་པ་གོང་དུ་སྨོས་
པ་འདི་དང་འདྲ་བར་གཞན་ཡང་བློས་དཔག་པར་དཀའ་ན། ཚིག་ཏུ་བརྗོད་པ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འགྲོ་བ་བསོད་ནམས་འདོད་པ་རྣམས་ཀྱི་རྟེན་དང་། འབྲས་བུ་དང་ཕན་ཡོན་ཆེ་བའི་སངས་རྒྱས་བསོད་ནམས་ཞིང་ལ་མགོ་བོས་ཕྱག་འཚལ་ལོ་ཞེས་
སྦྱར་རོ། །ལན་བདུན་བསྐོར་བ་ནི་ལུས་དང་ངག་གི་ལས་རྣམ་བདུན་སྦྱང་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་དོན་རྣམ་པ་བཞི་ཞུས་པ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་ལ་དྲིས་ཤིག་ཅེས་གསུངས་པ་ནི་དྲིས་པ་འདིའི་ལན་གླན་པས་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་། སྤོབས་པའི་བདག་ཉིད་ཆེན་པོ་བརྗོད་པར་བྱ་བའི་ཕྱིར་རོ། །གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་ད་དུང་དུ་ཡང་འོང་བ་དང་འགྲོ་བའི་འདུ་ཤེས་འབྱུང་ངམ་ཞེས་བྱ་བ་ནི་ཤཱ་རིའི་བུ་འཕགས་པ་ཡིན་ཏེ། འཕགས་པ་ལ་ལྟ་བ་ཕྱིན་ཅི་ལོག་དང་།
Vol. 114 · folio 19b
སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་མི་སྲིད་པའི་རིགས་ན། ཁྱོད་ལ་ད་དུང་འདུ་ཤེས་ཕྱིན་ཅི་ལོག་གི་འདུ་ཤེས་ཡོད་དམ་ཞེས་དགོངས་པའི་ཐ་ཚིག་གོ། །བདག་གི་འདུ་ཤེས་ནི་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སྤངས་པའི་སྒོ་ནས་ཡོངས་སུ་ཤེས་སོ་ཞེས་ཤཱ་
རིའི་བུས་སྨྲས་སོ། །འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པ་ནི་གཉིས་ཀ་ལ་བློ་མི་འཇུག་ན་ཞེས་བྱ་བ་ནི་དེ་ལྟར་འདུ་ཤེས་ཀུན་སྤངས་པའི་སྒོ་ནས་ཡོངས་སུ་ཤེས་ན་འོང་བ་དང་འགྲོ་བའི་འདུ་ཤེས་འབྱུང་བའི་མི་རིགས་ན་ཞེས་བྱ་བའི་ཐ་ཚིག་གོ། །འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ་
ཞེས་བྱ་བ་ལ་སོགས་པས་འདུ་བ་དང་འབྲལ་བ་རྣམ་པར་འཇིག་པ་བསྟན་ཏེ། འོང་བ་ནི་འདུ་བའོ། །འགྲོ་བ་ནི་འབྲལ་བའོ། །དེ་ལྟ་བུའི་འགྲོ་བ་དང་འོང་བ་ནི་འགྲོ་བ་པོའི་སྐྱེས་བུ་ཡོད་ན་སྲིད་ཀྱི། མུ་སྟེགས་ཀྱིས་བརྟགས་པའི་སྐྱེས་བུ་མེད་དེ། གང་ཟག་ལ་བདག་མེད་པར་ཆུད་པའི་
འཕགས་པ་རྣམས་ལ་འོང་བ་དང་འགྲོ་བ་མེད་པ་ཉིད་འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་བཤད་དོ། །བཙུན་པ་ཤཱ་རིའི་བུ་འོང་བ་ཞེས་བྱ་བ་ནི་ལས་ཀྱི་རང་བཞིན་གྱི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་ལས་དང་ལས་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། ལས་ཀྱང་བྱེད་པ་པོ་ཡོད་
ན་ཡོད་ཀྱི། བྱེད་པ་པོ་མེད་ན་ལས་ཀྱང་མེད་པས་བྱེད་པ་པོས་ལས་བྱས་ཀྱང་ལས་ཀྱི་རང་གི་མཚན་ཉིད་དེ་འོང་བའོ། །བྱེད་པ་པོ་ལས་མ་བྱས་ན་ལས་ཀྱི་ཟད་པའི་མཚན་ཉིད་དེ་འགྲོ་བའོ། །དེ་ལྟ་བུའི་འོང་བ་དང་འགྲོ་བ་འཕགས་པ་ལ་མི་སྲིད་དེ། དེ་གཉིས་མེད་པ་ནི་འཕགས་པ་རྣམས་
ཀྱི་འགྲོ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་སྨོན་ལམ་གྱི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་སྨོན་པ་དང་སྨོན་པ་མེད་པའི་རྣམ་པར་འཇིག་པ་བསྟན་ཏེ། ལས་ཞིག་བྱས་སམ་སྨོན་ལམ་ཞིག་བཏབ་པ་ལས་དངོས་པོ་འགའ་འགྲུབ་པ་ལ་
འོང་བ་ཞེས་བྱའོ། །སྨོན་ལམ་ཀྱང་མ་བཏབ་ལས་ཀྱང་མ་བྱས་པ་ལས་དངོས་པོ་འགའ་མ་གྲུབ་པ་ལ་འགྲོ་བ་ཞེས་བྱའོ། །དེ་ཡང་སྨོན་པ་པོའི་གང་ཟག་ཡོད་ཀྱང་དེ་གཉིས་སྲིད་ཀྱི། འཕགས་པ་ལ་ནི་དེ་གཉིས་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་
Vol. 114 · folio 20a
སྐྱེ་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་དང་འགག་པ་རྣམ་པར་འཇིག་པ་བསྟན་ཏེ། དངོས་པོ་འགའ་སྔོན་མ་སྐྱེས་པ་ལས་ཕྱིས་སྐྱེ་བ་ནི་འོང་བ་ཞེས་བྱའོ། །དངོས་པོ་སྐྱེས་པ་རྣམས་འགགས་པ་ནི་འགྲོ་བ་ཞེས་བྱ་སྟེ། དེ་ཡང་སྐྱེ་བ་པོའི་གང་ཟག་ཡོད་
ཀྱང་དེ་གཉིས་སྲིད་ཀྱི། དེ་གཉིས་མེད་པར་ཐུགས་སུ་ཆུད་པའི་འཕགས་པ་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་ནི་རྣམ་པར་རིག་པའི་སྒོའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་རིག་པ་དང་རྣམ་པར་རིག་པ་མེད་པ་འཇིག་པའི་མཚན་ཉིད་བསྟན་ཏེ།
རྣམ་པར་རིག་པ་ཡང་ལུས་དང་ལུས་ཅན་དང་། སྤྱོད་པ་པོ་རྣམ་པར་རིག་པ་དང་། སྤྱོད་པར་བྱ་བ་རྣམ་པར་རིག་པ་དང་། སྤྱོད་པ་རྣམ་པར་རིག་པ་དང་། དུས་རྣམ་པར་རིག་པ་དང་། ཡུལ་རྣམ་པར་རིག་པ་དང་། གྲངས་རྣམ་པར་རིག་པ་དང་། ཐ་སྙད་རྣམ་པར་རིག་པ་དང་། བདེ་འགྲོ་
དང་ངན་འགྲོ་རྣམ་པར་རིག་པ་སྟེ། དེ་ལ་ལུས་ནི་ཕུང་པོ་ལྔ། ལུས་ཅན་ནི་བདག་སྤྱོད་པ་ཡང་བདག་ཉིད་དོ། །སྤྱད་པར་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས། སྤྱོད་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས། དུས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས།
ཡུལ་ནི་ལྷོ་བྱང་ཤར་ནུབ་ལ་སོགས་པའོ། །གྲངས་ནི་གཅིག་གཉིས་ལ་སོགས་པའོ། །ཐ་སྙད་ནི་འཇིག་རྟེན་གྱི་ཚིག་དང་མིང་དུ་བྱས་པ་ལ་སོགས་པའོ། །བདེ་འགྲོ་ནི་ལྷ་དང་མི་ངན་འགྲོ་ངན་སོང་གསུམ་སྟེ། དེ་ལྟ་བུའི་རྣམ་པར་རིག་པ་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། འཕགས་པ་རྣམས་ལ་
མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་འོང་བའི་ཡུལ་ལོ་ཞེས་བྱ་བ་ལ་སོགས་པས་ཡུལ་དང་ཡུལ་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། འོང་བས་ཡུལ་མངོན་སུམ་དུ་འགྱུར་བ་དང་། འགྲོ་བས་ཡུལ་དང་བྲལ་བ་གཉིས་ཡུལ་དང་ཡུལ་ཅན་ཡོད་པ་ལ་
སྲིད་ཀྱི། འཕགས་པ་རྣམས་ལ་ནི་དེ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྐྱེན་གྱི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྐྱེན་དང་རྐྱེན་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། འོང་བ་ཉིད་གང་དུ་འགྲོ་བའི་ཡུལ་དུ་ཕྱིན་པར་བྱེད་པའི་རྐྱེན་ཡིན་ཏེ། དེ་འོང་བ་
Vol. 114 · folio 20b
ཞེས་བྱའོ། །འགྲོ་བའི་གནས་སུ་མ་སོང་དང་། ཕྱིན་པར་བྱེད་པའི་རྐྱེན་མེད་དོ། །དེ་ལ་རྐྱེན་ཟད་པ་ཞེས་བྱ་སྟེ། འགྲོ་བ་ཞེས་བྱའོ། །རྐྱེན་གྱི་མཚན་ཉིད་འོང་བ་དང་། རྐྱེན་ཟད་པའི་མཚན་ཉིད་འགྲོ་བ་གཉིས་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། རྐྱེན་དེ་ལྟ་བུ་འཕགས་པ་རྣམས་ལ་མི་སྲིད་ཅེས་
བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་འཇིག་པ་བསྟན་ཏེ། འོང་བ་ལ་སོགས་པའི་རྒྱུ་དང་རྐྱེན་གཉིས་ཀ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ།
དེ་ལ་འོང་བ་ཞེས་བྱའོ། །འགྲོ་བ་ཞེས་བྱ་བ་དེ་ནི་འོང་བའི་རྒྱུ་དང་རྐྱེན་མེད་པ་ལ་འགྲོ་བ་ཞེས་བྱ་སྟེ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟད་པའི་མཚན་ཉིད་དོ་ཞེས་བྱའོ། །དེ་ཡང་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི་འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་
བུ་འོང་བ་ཞེས་བྱ་བ་དེ་ནི་རྒྱུ་ལས་བྱུང་བའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་རྒྱུ་མེད་པར་རྣམ་པར་འཇིག་པ་བསྟན་ཏེ། དེ་ལ་རྒྱུ་ནི་ས་བོན་ལྟ་བུའོ། །རྐྱེན་ནི་སྤྱིའི་རྐྱེན་ཏེ། ས་ཆུ་མེ་རླུང་ལྟ་བུའོ། །འོང་བ་ཞེས་བྱ་བ་ལ་འོང་བའི་རྒྱུས་འོང་བར་བྱེད་པས་ན། རྒྱུ་ལས་བྱུང་བའི་མཚན་ཉིད་
དོ། །འོང་བའི་རྒྱུ་མེད་པ་ལ་འགྲོ་བ་ཞེས་བྱ་སྟེ། རྒྱུ་ལས་བྱུང་བའི་མཚན་ཉིད་ཟད་པའོ། །འོང་ཞིང་འགྲོ་བའི་རྒྱུ་ས་བོན་ལྟ་བུར་གྱུར་པ་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། དེ་ལྟ་བུ་འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་སྒྲ་
དང་ཡི་གེ་དང་བརྡའོ་ཞེས་བྱ་བ་ལ་སོགས་པས་ཐ་སྙད་དང་ཐ་སྙད་མེད་པ་རྣམ་པར་འཇིག་པ་བསྟན་ཏེ། འཇིག་རྟེན་གྱི་ཐ་སྙད་དང་། སྒྲ་དང་། ཡི་གེ་དང་བརྡ་སྣ་ཚོགས་ལ་འོང་བ་ཞེས་བྱའོ། །ཐ་སྙད་དང་ཡི་གེ་དང་། སྒྲ་དང་བརྡ་སྣ་ཚོགས་ཤེས་པའམ་ཁོང་དུ་ཆུད་པ་ལ་འགྲོ་བ་ཞེས་བྱ་སྟེ།
དེ་ཡང་སོ་སོའི་སྐྱེ་བོ་ལ་སྲིད་ཀྱི། འཇིག་རྟེན་གྱི་ཐ་སྙད་དང་། སྒྲ་དང་ཡི་གེ་དང་བརྡའི་འོང་བ་དང་འགྲོ་བ་ལྟ་བུ་འཕགས་པ་རྣམས་ལ་མི་སྲིད་ཅེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་འོང་བ་དང་འགྲོ་བ་རྣམ་པར་འཇིག་པའི་ཚིག་འདི་རྣམས་ཀྱིས་བྱིས་པས་ཀུན་ཏུ་བརྟགས་པའི་འོང་བ་དང་འགྲོ་
Vol. 114 · folio 21a
བའི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཀུན་ཏུ་བརྟགས་པའི་མཚན་ཉིད་དེ་རྟག་ཏུ་མེད་པ་དང་། གང་གིས་དེ་ལྟར་ཤེས་པ་ནི། འཕགས་པ་རྣམས་ཀྱི་འགྲོ་བ་ཡིན་པར་འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ་ཞེས་བྱ་བ་ལ་སོགས་པ་དང་། གང་ལ་
བསྡུ་བའི་ཚིག་མེད་པ་དང་ཞེས་བྱ་བ་ལ་སོགས་པ་དང་། འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་དང་རིམ་པ་བཞིན་སྦྱར་རོ། །རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ནི། བློ་གྲོས་མི་ཟད་པ་ག་ལས་འོང་ཞེས་བྱ་བ་
ལ་སོགས་པ་དྲིས་པ་ཡང་བྱང་ཆུབ་སེམས་དཔའ་དེའི་ཤེས་པ་དང་སྤོབས་པ་བགོམ་ཞིང་གོང་དུ་སྨོས་པ་ལྟ་བུའི་ཆོས་འདི་དག་འདྲི་བའི་ཕྱིར་ནི་མ་ཡིན་གྱི། མི་འཛུམས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་ཡོན་ཏན་སྔོན་མ་ཐོས་པ་རྣམས་མཉན་པའི་ཕྱིར་འདྲིའོ་ཞེས་
བྱ་བའི་ཐ་ཚིག་སྟེ། དེ་བས་ན་ཅི་ནས་དེ་ལྟ་བུའི་སྔོན་མ་ཐོས་པའི་གནས་རྣམས་མཉན་པའི་ཕྱིར་ཁྱོད་ལ་འདྲིའོ་ཞེས་དངོས་སུ་སྨོས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་འོག་ནས་འབྱུང་བའི་དོན་འདྲི་བ་འཇིག་རྟེན་ན་གྲགས་པའི་དཔེས་བསྟན་ཏེ། འཇིག་
རྟེན་ན་ཡུལ་བཙས་དང་ཤོ་གམ་གཅོད་པ་ཡང་ག་ལས་འོངས། གར་འགྲོ་ཅི་ཁྱེར་ཞེས་དྲིས་ནས་ཅི་ཁྱེར་བའི་རྫས་ལས་ཉུང་ཤས་ཤིག་ཤོ་གམ་གཅོད་པ་དེ་བཞིན་དུ་བདག་ཅག་ཉན་ཐོས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ནོར་མང་པོ་དང་ལྡན་པ་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ཅུང་ཟད་
དྲིའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡུལ་བཙས་ནི་གྲོང་གི་གྲོང་མི་ཉིད་ཤོ་གམ་གཅོད་པའོ། །ཤོ་གམ་ནི་རྒྱལ་པོའི་ཤོ་གམ་གཅོད་པས་ཤོ་གམ་བཅད་ནས་རྒྱལ་པོ་ལ་འབུལ་བ་ལའོ། །བདག་ཅག་ཉན་ཐོས་གཞན་གྱི་སྒྲའི་རྗེས་སུ་འགྲོ་བ་གཞན་ལས་ཐོས་པ་ལས་མོས་པ་ཞེས་བྱ་བ་ནི་བྱང་
ཆུབ་སེམས་དཔའ་ལྟར་བདག་གི་ཤེས་རབ་ཀྱིས་ཆོས་རྣམས་རྟོགས་པར་ནུས་པ་ནི་མ་ཡིན་གྱི། བདག་ཅག་ཉན་ཐོས་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པས་ཚིག་གིས་བསྟན་ཅིང་བཤད་པའི་སྒྲའི་རྗེས་སུ་འབྲང་ཞིང་དེ་ཉིད་ལས་དད་པ་དང་མོས་པ་སྐྱེ་ཞེས་བྱ་བའི་དོན་ཏོ། །བདག་གི་སེམས་ཀྱི་
Vol. 114 · folio 21b
རྒྱུ་ལ་སྣང་བ་ཉེ་བར་གནས་པ་ཞེས་བྱ་བ་ནི་བདག་ཅག་ཉན་ཐོས་ནི་བདག་ཉིད་ཀྱི་རྒྱུད་གསལ་ཞིང་དག་པར་བྱ་བ་ལ་བརྩོན་གྱི། བྱང་ཆུབ་སེམས་དཔའ་ལྟར་གཞན་གྱི་རྒྱུད་རྣམ་པར་དག་པར་བྱ་བ་ལ་བརྩོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་རྒྱུན་མི་འཆད་པར་ཁྱོད་ལྟ་བུ་སྐྱེས་བུ་དམ་པ་
ཞེས་བྱ་བ་ནི་བདག་ཅག་ཉན་ཐོས་རྣམས་དུས་ཐམས་ཅད་དུ་ཁྱོད་ལ་སོགས་པ་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་ནོར་མང་པོ་དང་ལྡན་པ་ལ་ཐེག་པ་ཆེན་པོའི་དོན་འདྲི་བར་བྱེད་དོ་ཞེས་སྦྱར་རོ། །གང་ལས་ཉན་ཐོས་དང་རང་སངས་རྒྱས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་གང་ལས་
ཉན་ཐོས་མང་པོ་དང་རང་སངས་རྒྱས་མང་པོ་སྐྱེ་ཞིང་འབྱུང་བར་འགྱུར་བའི་ཐབས་ཐེག་པ་ཆེན་པོའི་དོན་རྗེས་སུ་བཟུང་བ་སྟེ། ཐེག་པ་ཆེན་པོའི་དོན་རྟོགས་པར་བྱ་བའི་ཕྱིར་འདྲིའོ་ཞེས་བྱ་བའི་ཐ་ཚིག་གོ། །བློ་གྲོས་མི་ཟད་པས་དེ་བཞིན་གཤེགས་པ་ལ་ཞུས་ཤིག་ཅེས་སྨྲས་པ་ཡང་བླ་མ་ལ་
བསྟོད་པ་དང་། མཁྱེན་པ་སྟོབས་པར་བྱ་བའི་ཕྱིར་རོ། །སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱིར་གོ་ཆ་འཚལ་བར་འགྱུར་བར་ཞེས་བྱ་བ་ནི་དེ་དག་གི་ཡོན་ཏན་བཤད་པས་ཅི་ནས་ཀྱང་སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་བུར་བཤད་དུ་གསོལ་ཞེས་བྱ་བའི་དོན་
ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ་ཞེས་བྱ་བ་ལ་དེའི་ཕྱིར་ཞེས་བྱ་བ་ནི་གོང་དུ་དྲིས་པའི་དོན་རྣམས་ཀྱི་ཕྱིར་ཏེ། དེ་དག་དེ་བཤད་ན་གལ་ཏེ་ལེགས་པར་ཉན་རབ་ཏུ་ཉན་ཡིད་ལ་འཛིན་ན་ངས་བཤད་ཀྱིས། གཞན་དུ་ན་
ཆོས་བཤད་པའི་ཆར་ཕབ་པ་དོན་མེད་པར་འགྱུར་བས་ན་མི་བཤད་དོ་ཞེས་བྱ་བའི་དོན་ཏོ། །ལེགས་པར་ཉོན་ཞེས་བྱ་བ་ནི་རྣ་ལྷོགས་ལ་སེམས་རྩེ་གཅིག་ཏུ་ཉོན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་ཉོན་ཞེས་བྱ་བ་ནི་བཤད་པ་རྣམས་ཕྱིན་ཅི་མ་ལོག་པར་ཟུང་ཤིག་ཅེས་བྱ་བའི་དོན་ཏོ། །
ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི་མ་བརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། སྣོད་ཁ་ཕུབ་པ་དང་། མི་གཙང་བས་གང་བ་དང་། ཞབས་རྡོལ་བ་ལྟ་བུར་མི་འགྱུར་བར་བྱ་བའི་ཕྱིར་རོ། །དྲིས་པ་ལན་གླན་པ་འདི་ན་བཞུགས་པའི་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་
Vol. 114 · folio 22a
གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བསྔགས་པ་ཡང་མདོར་ན་རྣམ་པ་གསུམ་གྱིས་བསྟན་ཏེ། གསུམ་གང་ཞེ་ན། གནས་པ་རྣམ་པར་དག་པ་དང་། གནས་རྣམ་པར་དག་པ་དང་། བདག་པོ་རྣམ་པར་དག་པས་བསྟན་ཏོ། །གནས་པ་རྣམ་པར་དག་པ་ཡང་
ཡོན་ཏན་རྣམ་པ་ལྔས་བསྟན་ཏེ། རྒྱུ་རྣམ་པར་དག་པ་དང་། རང་བཞིན་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ལས་རྣམ་པར་དག་པ་དང་། སྦྱོར་བ་རྣམ་པར་དག་པ་སྟེ། དེ་ཡང་ལན་གསུམ་དུ་བཟླས་ཏེ་སྟོན་ཏོ། །དད་པ་དང་མོས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་
ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་མི་སྐྲག་པར་བྱའོ། །ཐེ་ཚོམ་ཟ་བར་མི་བྱའོ་ཞེས་བྱ་བ་ནི་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དང་། དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བཤད་པ་ཐོས་ནས་ཡེ་ཤེས་དེ་ལྟ་བུ་མི་སྲིད་དོ་སྙམ་
དུ་སྐྲག་པ་དང་། བདེན་ནམ་བརྫུན་སྙམ་དུ་ཐེ་ཚོམ་ཟ་བར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལ་ཡེ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན་པས་ན། ཆགས་པ་མེད་པ་ཞེས་བྱའོ། །ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པས་ན། སྒྲིབ་པ་མེད་པའི་
ཡེ་ཤེས་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཞེས་བྱ་བ་ན་གོང་དུ་ཤཱ་རིའི་བུས་འཇིག་རྟེན་གྱི་ཁམས་འདི་ནས་ཇི་སྲིད་ཅིག་ན་མཆིས་ཞེས་ཞུས་པའི་ལེན་དུ་བཤད་པ་སྟེ། མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་
བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེ་དག་གི་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་དེ་གནས་སོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་ཞུས་པའི་ལན་དུ་འཇིག་རྟེན་གྱི་ཁམས་མི་འཛུམས་པ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་མཚན་ཅི་ཞེས་ཞུས་
པའི་ལན་དུ། ཀུན་ཏུ་བཟང་པོ་ཞེས་བྱ་བ་གསུངས་སོ། །ད་ལྟར་བཞུགས་ཏེ་ཞེས་བྱ་བ་ནི་སྤྱོད་ལམ་བཞིས་བཞུགས་སོ། །འཚོ་བ་ནི་འཚོ་བའི་དབང་པོ་མ་བཏང་སྟེ། མྱ་ངན་ལས་མ་འདས་ཞེས་བྱ་བའི་དོན་ཏོ། །གཞེས་པ་ནི་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །བྱང་ཆུབ་སེམས་
Vol. 114 · folio 22b
དཔའ་བློ་གྲོས་མི་ཟད་པ་གང་ནས་མཆིས་ཞེས་ཞུས་པའི་ལན་དུ་དེ་ནས་འོངས་སོ་ཞེས་གསུངས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་མིང་ཡང་མེད་ཅེས་བྱ་བ་ནི་ཉན་ཐོས་ཞེས་བྱ་བའི་སྒྲ་དང་། རང་སངས་རྒྱས་ཞེས་བྱ་བའི་སྒྲ་ཡང་མི་གྲག་ཅེས་བྱ་བའི་དོན་ཏོ། །འོ་ན་དེ་བཞིན་གཤེགས་པའི་འཁོར་
སུ་དག་གནས་སྙམ་པ་ལ་བྱང་ཆུབ་སེམས་དཔའ་འབའ་ཞིག་ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་དེའི་འཁོར་ཡང་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་ཟད་དེ། གཞན་མེད་དོ་ཞེས་བྱ་བར་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཇི་ལྟ་བུ་ཞེ་ན། །སྔོན་ཡོངས་སུ་སྦྱང་བ་བྱས་པ་ཞེས་
བྱ་བ་ལ་སོགས་པས་གནས་པ་རྣམ་པར་དག་པ་ལ་རྣམ་པ་ལྔར་ཕྱེ་ནས་བསྟན་པའི་རྒྱུ་རྣམ་པར་དག་པ་ལས་བརྩམས་ནས་སྟོན་ཏོ། །སྔོན་ཡོངས་སུ་སྦྱང་བ་བྱས་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཡང་དགེ་བའི་རྩ་བ་བསྐྲུན་ཏེ། ལུས་དང་སེམས་ལས་སུ་རུང་བར་བྱ་བའི་དོན་ཏོ། །གནས་པ་
རྣམ་པར་དག་པའི་རྒྱུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ་སྦྱིན་པ་དང་དུལ་བ་དང་། ལེགས་པར་སྡོམ་པ་དང་། དེས་པ་དང་ཚུལ་ཁྲིམས་ཞེས་བྱ་བའི་ཚིག་ལྔས་སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་བསྟན་པ་ཡིན་ཏེ། ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་བ་དང་།
དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་། བསྙེན་བསྐུར་བྱས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། །མིག་ལ་སོགས་པ་དབང་པོ་ཡུལ་ལ་མི་འཇུག་པས་ན་དུལ་བ་དང་། སྦྱངས་པའི་ཡོན་ཏན་རྣམས་དང་ལྡན་པས་ལེགས་པར་སྡོམ་པ་སྟེ། དེ་བས་ན་ཚུལ་ཁྲིམས་ལ་
གནས་པ་ཡིན་ནོ། །གཞན་གྱིས་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་པའི་ཕྱིར་དེས་པ་སྟེ། དེ་བས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། །ཐོས་པ་དང་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཉན་པའི་
ཕྱིར་རྟག་ཏུ་འབད་པ་དང་ལྡན་པས་སོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། དེའི་ཕྱིར་བག་ཡོད་པ་ལ་སོགས་པ་སྨོས་ཏེ། གྲོང་ན་མི་གནས་ཀྱི་དགོན་པ་ན་གནས་པས་བག་ཡོད་པ་ཞེས་བྱ་བ། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་དང་། ཆོས་གོས་དང་བསོད་སྙོམས་
Vol. 114 · folio 23a
ལ་སོགས་པ་ལྷག་པར་མི་ཚོལ་བས་ན། ཡོ་བྱད་བསྙུངས་པ་ལ་གནས་པ་ཡིན་ཏེ། དེའི་ཕྱིར་ཚུལ་ཁྲིམས་དང་ལྡན་པའོ། །བཟོད་པའི་སྟོབས་ཀྱིས་ཁོང་ཁྲོ་བ་མེད་ཅེས་བྱ་བ་ལ་གཞན་གྱིས་གནོད་པར་བྱས་ཀྱང་སླར་གནོད་པར་མི་བྱེད་པས་བཟོད་པའི་སྟོབས་
ཞེས་བྱ་སྟེ། བཟོད་པའི་སྟོབས་དང་ལྡན་པས་ན་སེམས་ཅན་གང་ལ་ཡང་ཞེ་སྡང་མེད་པའི་ཕྱིར་བཟོད་པ་དང་ལྡན་པའོ། །བྱང་ཆུབ་ཏུ་བརྩོན་འགྲུས་བརྟན་པས་ཞེས་བྱ་བ་ལ། བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །དེ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་མི་འགྱུར་བ་ནི་བརྩོན་འགྲུས་
བརྟན་པ་སྟེ། བརྩོན་འགྲུས་བརྟན་པ་དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་སོགས་པ་བྱེད་པས་ན་བརྩོན་འགྲུས་དང་ལྡན་པ་ཡིན་ནོ། །བསམ་གཏན་ནི་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་དཔའ་
བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བྱའོ། །མངོན་པར་ཤེས་པ་ནི་ལྔ་ལ་བྱ་སྟེ། ཚིག་དེ་རྣམས་
ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཤེས་རབ་ཀྱི་མཐུས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་འོད་དང་སྣང་བ་ཞེས་བྱ་སྟེ། ཤེས་རབ་ཀྱི་འོད་དང་སྣང་བ་དེས། དེ་བཞིན་གཤེགས་པས་བཤད་པའི་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་ཞིང་བསྟན་
པ་ལ་མཁས་པའི་ཡེ་ཤེས་དང་ལྡན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། །རང་བཞིན་རྣམ་པར་དག་པ་ལས་བརྩམས་ནས། བྱམས་པའི་སེམས་ནམ་མཁའི་དཀྱིལ་དང་མཚུངས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པར་གྱུར་ཅིག་
ཅེས་སེམས་པ་ནི་བྱམས་པའི་སེམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་མེད་པར་གྱུར་ཅེས། སེམས་པ་ཙམ་དུ་མ་ཟད་ཀྱི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་སྒྲུབ་པར་ཡང་མཛད་དོ། །བྱམས་པའི་སེམས་དེ་ཡང་ཇི་ལྟར་ཉན་ཐོས་ཀྱི་བྱམས་
Vol. 114 · folio 23b
པ་འདོད་པའི་ཁམས་ཙམ་ལ་དམིགས་པ་ནི་མ་ཡིན་གྱི། དཔེར་ན་ནམ་མཁའ་འདིས་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ན། ནམ་མཁའི་དཀྱིལ་དང་མཚུངས་ཞེས་བྱ་བའོ། །སྙིང་རྗེའི་བསམ་པ་བརྟན་པ་ཞེས་བྱ་བ་ནི་
སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་སྙིང་རྗེ་སྟེ། དེའི་བསམ་པ་བརྟན་པ་ནི་བསམ་པ་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་སེམས་པར་མ་ཟད་ཀྱི། བདེ་བ་ལ་འགོད་པར་ཡང་མཛད་དོ། །དེ་ཇི་ལྟ་ཞེ་ན་དེའི་
ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས་པ་ཞེས་སྨོས་ཏེ། སེམས་ཅན་བསྟན་པ་ལ་མ་ཞུགས་པ་རྣམས་གཞུག་པ་དང་། བསྟན་པ་ལ་ཞུགས་པ་རྣམས་དགེ་བའི་རྩ་བ་འཕེལ་བར་བྱེད་པའི་ཐབས་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། །དགའ་བས་
ཆོས་ལ་ཡང་དག་པར་དགའ་བར་བྱེད་པ་ཞེས་བྱ་བ་ལ། ཆོས་ནི་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྟེ། དགའ་བ་ཚད་མེད་པས་དེ་རྣམས་ལ་དགའ་བར་བྱེད་ཅེས་བྱ་བའི་དོན་ཏོ། །བཏང་སྙོམས་ཀྱིས་གཉིས་དང་བྲལ་ཞེས་བྱ་བ་ནི་ཉེས་པ་དང་རྗེས་སུ་ཆགས་པ་དང་
ཁོང་ཁྲོ་བ་དང་ང་རྒྱལ་ཤིན་ཏུ་སྤངས་པ་ཞེས་བྱ་བས་བཤད་དེ། སེམས་ཅན་ཉེས་པ་བྱེད་པ་རྣམས་ལ་ཁོང་ཁྲོ་བའི་སྐྱོན་དང་། སེམས་ཅན་རྗེས་སུ་ཆགས་པ་རྣམས་ལ་འདི་ནི་ང་ལ་བྱམས་སོ་ཞེས་ང་རྒྱལ་གྱི་སྐྱོན་གཉིས་དང་བྲལ་བས་བཏང་སྙོམས་ཞེས་བྱའོ། །སྟོང་པ་ཉིད་དང་མཚན་
མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་ཞེས་བྱ་བ་ལ། ཚུལ་ནི་ཏིང་ངེ་འཛིན་ལ་བྱ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་དང་གཉིས་པ་ལ་
སོགས་པ་ལ་འཕགས་པའི་བདེན་པ་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལེགས་པར་བསྒོམས་པའི་རྒྱུས་གང་ཟག་སྟོང་པ་ཉིད་དང་། ཆོས་སྟོང་པ་ཉིད་ལ་ཡང་དག་པར་གནས་པར་འགྱུར་ཏེ། འདི་ལྟར་སྟོང་པ་ཉིད་དེ་ཡང་ཀུན་ཏུ་འགྲོ་བ་ལ་སོགས་པའི་མཚན་ཉིད་དུ་བཟུང་
Vol. 114 · folio 24a
ནས་བསྒོམས་ན་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་རོ། །སྟོང་པ་ཉིད་དེ་ཡོངས་སུ་དྲིས་ན་ས་དང་ཆུ་དང་། མེ་དང་རླུང་དང་། ཟླ་བ་དང་ཉི་མ་དང་། རི་དང་རྒྱ་མཚོ་དང་། མཚེའུ་དང་། དགོན་པ་དང་ཕྱོགས་དང་ཡུལ་ལ་སོགས་པའི་དངོས་པོ་སྔོན་ཆོས་ཀྱི་མཚན་
མར་སོ་སོར་སྣང་བར་གྱུར་པ་གང་དག་ཡིན་པ་དེ་དག་ཐམས་ཅད་སོ་སོར་སྣང་བར་མི་འགྱུར་གྱི་མཚན་མ་མེད་པའི་རྣམ་པར་སྣང་སྟེ། དེའི་ཚེ་ན་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་རོ། །དེ་ལྟར་མཚན་མ་ཐམས་ཅད་དང་བྲལ་ནས་མཚན་མ་མེད་པའི་སྒོར་གནས་པ་དེ་ལ།
ཁམས་གསུམ་ཐམས་ཅད་ཁམས་གསུམ་གྱི་རྣམ་པར་མི་གནས་ཏེ་དེ་ནི་དེ་ལ་འདོད་པ་ཅི་ཡང་མི་སྐྱེའོ། །འདོད་པ་མེད་པའི་ཕྱིར་དེ་ནི་དེ་ལ་ཡིད་ཀྱི་གང་དུ་ཡང་སྨོན་པ་མེད་དེ། དེའི་ཚེ་དེ་ལ་སྨོན་པ་མེད་པ་ཞེས་བྱ་བའི་རྣམ་པར་ཐར་པའི་སྒོ་སྐྱེ་བར་འགྱུར་ཏེ། དེས་དེ་ལྟར་སྟོང་པ་ཉིད་
ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཟུང་སྟེ་བསྒོམས་པས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ལ་སོགས་པ་ལ་གནས་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་ཞེས་བྱའོ། །འབྲས་བུ་རྣམ་པར་དག་པ་ཡང་རྣམ་པ་གསུམ་གྱིས་བསྟན་
ཏེ། གནོད་པ་སྤོང་བར་བྱེད་པ་ནི་བདུད་ཀྱི་ལྕགས་ཀྱུ་དང་ཉོན་མོངས་པ་དང་། འཐབ་མོའི་རྙོག་པ་རྣམ་པར་སེལ་ཞེས་བྱ་བས་བསྟན་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པ་ནི་བདུད་ཅེས་བྱའོ། །ལྕགས་ཀྱུ་ནི་བདུད་དེའི་དབང་དུ་གྱུར་པ་སྟེ། དོན་དུ་ནི་འདོད་ཆགས་དང་།
ཞེ་སྡང་དང་། གཏི་མུག་ལ་སོགས་པ་ལ་སྤྱོད་ན་བདུད་ཀྱི་དབང་དུ་གྱུར་པ་ཞེས་བྱའོ། །འཐབ་མོ་ནི་ཕན་ཚུན་འཁྲུག་པའོ། །དེ་ཉིད་སེམས་མ་རུངས་པར་བྱེད་པས་ན་རྙོག་པ་ཞེས་ཀྱང་བྱ་སྟེ། དེ་དག་ཐམས་ཅད་སེལ་ཞིང་སྤོང་བར་བྱེད། །ཅེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་བསམ་པའི་རྣམ་
པ་ལ་མཁས་པ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཞེས་བྱ་བའི་སྒྲུབ་པ་ཞེས་བྱ་བས་བསྟན་ཏེ། སེམས་ཅན་གྱི་བསམ་པ་ནི་འདོད་ཆགས་སྤྱོད་པ་དང་། ཞེ་སྡང་སྤྱོད་པ་དང་། གཏི་མུག་སྤྱོད་པ་དང་། ཆ་མཉམ་པ་སྤྱོད་པའི་སེམས་ཅན་རྣམས་
Vol. 114 · folio 24b
ཀྱི་བསམ་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོ་རྟུལ་ལ་བྱ་སྟེ། བསམ་པ་དང་དབང་པོ་དེ་དག་གི་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་དོན་ཏོ། །ཕན་འདོགས་པར་བྱེད་པ་ནི་སོ་སོ་ཅི་རིགས་པར་ཆོས་དང་། དོན་དང་
ཤེས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བས་བསྟན་ཏེ། །གང་དུ་བསྟན་པ་ལྟར་བསམ་པ་དང་དབང་པོ་མི་མཐུན་པའི་གང་ཟག་དེ་དག་ལ་སོ་སོ་ཅི་རིགས་པར་མིང་དང་ཚིག་གིས་བསྡུས་པའི་ཆོས་དང་། དེ་དག་གི་དོན་བདག་མེད་པ་གཉིས་ལ་སོགས་པ་དང་། སོ་སོའི་ཤེས་པ་རབ་ཏུ་སྦྱིན་པ་ལ་བྱའོ། །
ལས་རྣམ་པར་དག་པ་ནི་སྙོམས་པར་འགྲོ་བ་རྣམས་ཀྱི་འཚོ་བར་གྱུར་པས་བསྟན་ཏེ། སེམས་ས་དང་ཆུ་དང་མེ་དང་རླུང་དང་མཚུངས་པ་ཞེས་སྨོས་སོ། །ཇི་ལྟར་འབྱུང་བ་ཆེན་པོ་བཞི་སྙོམས་པར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་བཞིན་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱང་སྙོམས་
པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྐྱེ་བར་བྱེད་པའི་འཚོ་བར་གྱུར་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་རྣམ་པར་དག་པ་ལ་ཡང་རྣམ་པ་གཉིས་ཏེ། ཕ་རོལ་ཚར་གཅོད་པ་ལ་སྦྱོར་བ་ནི་ཕ་རོལ་རྒོལ་བ་དང་། ལོག་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བས་
བསྟན་ཏེ། ཕ་རོལ་རྒོལ་བ་ནི་བདུད་དང་མུ་སྟེགས་ཅན་ལ་སོགས་པའོ། །དེ་དག་ཉིད་ལམ་ལོག་པར་ཞུགས་པའི་ཚོགས་དང་ལྡན་པས་ལོག་པའི་ཚོགས་ཅན་གྱི་ཚོགས་ཏེ། རབ་ཏུ་འཇོམས་པ་དེ་དག་ཚར་གཅོད་པ་ལ་བྱའོ། །མི་མཐུན་པའི་ཕྱོགས་ཐམས་ཅད་སྤོང་བ་ལ་
སྦྱོར་བ་ནི་གཡུལ་ལས་རྣམ་པར་རྒྱལ་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ལ། གང་གིས་ཉོན་མོངས་པ་ཐམས་ཅད་ཁམས་གསུམ་དུ་གྲགས་པ་ཉིད་རྒྱལ་མཚན་དང་བ་དན་བསྒྲེང་བ་ཡིན་ལ། སྤངས་
ཟིན་པའི་ཉོན་མོངས་པའི་དབང་དུ་མི་འགྱུར་བས་མི་ཟློགས་པར་དཔའ་བ་ཡིན་ནོ། །བཟླས་པ་གཉིས་པའི་རྒྱུ་རྣམ་པར་དག་པ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཟབ་མོ་རྟོགས་པས་འཇིགས་པ་མེད་པ་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་དང་། སྟོབས་བཅུ་དང་མི་འཇིགས་པས་འཁོར་གྱི་
Vol. 114 · folio 25a
འཇིགས་པ་དང་བག་ཚ་བ་མེད་པ་ཞེས་བྱ་བས་བསྟན་ཏེ། འཇིགས་པ་དང་བག་ཚ་བ་ནི་འཁོར་གྱི་ནང་དུ་ལེན་མི་ཐེབས་པར་དོགས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ཆོས་ཐམས་ཅད་སྐྱེ་བ་མེད་པའི་
རྣམ་པར་ཐར་པ་ཐམས་ཅད་དུ་རྟོགས་པའི་ཕྱིར་དང་། སྟོབས་བཅུ་དང་མི་འཇིགས་པ་དང་ལྡན་པའི་ཕྱིར་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། ལྷ་དང་ཚངས་པའི་འཁོར་དང་། དགེ་སློང་དང་། དགེ་སློང་མ་དང་། མུ་སྟེགས་ཅན་དང་། བདུད་ཀྱི་འཁོར་
གང་དང་གང་དུ་འགྲོ་བ་ཐམས་ཅད་དུ་མི་ཤེས་པ་ལས་བྱུང་བའི་འཇིགས་པ་མེད་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་དབུ་མ་ཁོང་དུ་ཆུད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་ཅེས་བྱ་བ་ནི་དེའི་
མཚན་ཉིད་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཁོང་དུ་ཆུད་ཅེ་ན། ཡོད་པ་དང་མེད་པ་དང་གཉིས་ཀའི་མཐའ་ལྟ་བ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། ཆོས་རྣམས་རྒྱུ་དང་རྐྱེན་ལས་བྱུང་ཞིང་རང་གིས་མ་སྐྱེས་ཏེ་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར་ཡོད་པར་ལྟ་བ་དང་བྲལ་བ་ཡིན་ལ། རྒྱུ་དང་
རྐྱེན་གྱིས་བསྐྱེད་པ་ཙམ་དུ་མེད་པ་ཡང་མ་ཡིན་པར་རྟོགས་པས་མེད་པར་ལྟ་བ་དང་བྲལ་ཏེ། གཉིས་ཀའི་མཐར་ལྟ་བ་དང་བྲལ་བས་དབུ་མའི་ལམ་དུ་ཞུགས་པ་ཞེས་བྱའོ། །ནང་ན་བྱེད་པའི་སྐྱེས་བུ་མེད་ཅིང་རྟག་ཆད་དང་བྲལ་བས་རྟོགས་པ་ནི་བདག་དང་བདག་གི་དང་ཞེས་བྱ་བ་ནས་ལྟ་བར་འགྱུར་
བའི་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ངའོ་སྙམ་དུ་བདག་ཡོད་པར་འཛིན་པ་ནི་བདག་ཏུ་ལྟ་བའོ། །བདག་གི་ཡོད་པར་འཛིན་པ་ནི་བདག་གིར་ལྟ་བའོ། །སེམས་ལ་བདག་ཡིན་པར་འཛིན་ཅིང་སེམས་ཀྱི་རྒྱུད་རྒྱུན་མི་འཆད་པར་འཛིན་པ་ནི་སེམས་ཅན་
དུ་ལྟ་བའོ། །ཇི་སྲིད་དུ་ལུས་འཚོ་བ་དེ་སྲིད་དུ་སྲོག་ཅེས་བྱ་བའི་བདག་དེ་ལུས་ལ་གནས་པར་འཛིན་པ་ནི་སྲོག་ཏུ་ལྟ་བའོ། །བདག་ཚེ་རབས་ཀུན་དུ་སྐྱེ་ཞིང་འབྱུང་བར་འཛིན་པ་ནི་སྐྱེ་བ་པོར་ལྟ་བའོ། །ལུས་དང་འགྲོ་བའི་རྒྱུད་བདག་གིས་གསོས་ཤིང་བསྐྱེད་དེ་ཡོད་པར་བྱས་པར་འཛིན་པ་ནི་
Vol. 114 · folio 25b
གསོ་བར་ལྟ་བའོ། །ཁོང་ནས་སྐྱེས་བུ་རྩལ་དང་ལྡན་པ་ཞིག་ཡོད་པར་འཛིན་པ་ནི་སྐྱེས་བུར་ལྟ་བའོ། །ཡང་དང་ཡང་དུ་འགྲོ་བ་དག་ཏུ་འཛིན་པ་ནི་གང་ཟག་ཏུ་ལྟ་བའོ། །སྐྱེ་དགུའི་བདག་པོ་ཤེད་བྱེད་ཅེས་བྱ་བ་ལས་བྱུང་བར་འཛིན་པ་ནི་ཤེད་བུ་དང་ཤེད་ལས་སྐྱེས་སུ་ལྟ་བའོ། །དགེ་བ་དང་མི་དགེ་
བ་ལ་སོགས་པ་ཀུན་བདག་རྟག་པས་བྱས་པར་འཛིན་པ་ནི་བྱེད་པ་པོར་ལྟ་བའོ། །ལས་བྱས་པའི་འབྲས་བུ་ཡང་བདག་དེས་མྱོང་བར་འཛིན་པ་ནི་ཚོར་བ་པོར་ལྟ་བའོ། །བདག་དེ་ནམ་ཡང་མི་འཇིག་པར་འཛིན་པ་རྟག་པར་ལྟ་བའོ། །ལན་ཅིག་ཞིག་ནས་ཕྱིས་མི་སྐྱེ་བར་འཛིན་པ་ནི་ཆད་པར་ལྟ་
བའོ། །འདུ་བྱེད་རྣམས་ལས་མི་རྟག་པར་ལྟ་བ་ནི་འབྱུང་བ་དང་འཇིག་པར་ལྟ་བའོ། །ལོག་པར་ལྟ་བ་དེ་དག་ཐམས་ཅད་སྤངས་པས་ནི་ལྟ་བར་གྱུར་པའི་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །རང་བཞིན་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། གཟུངས་ཐོབ་པས་
ཆོས་རྣམས་ཀྱི་མཛོད་དུ་གྱུར་པ་ནི། གཟུངས་དང་མདོ་སྡེའི་རྒྱལ་པོ་དང་། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཞེས་བྱ་བས་བསྟན་ཏེ། དོན་དང་ཚིག་མི་རྗེད་པའི་གཟུངས་ཐོབ་པར་མདོ་སྡེའི་དོན་ཐམས་ཅད་མི་བརྗེད་པར་འཛིན་པའི་ཕྱིར་མདོ་སྡེའི་རྒྱལ་པོ་ཞེས་བྱ་སྟེ། དཔེར་ན་
མདོ་སྡེ་གང་དུ་མདོ་སྡེ་ཐམས་ཅད་ཀྱི་དོན་འདུས་པ་ལ་མདོ་སྡེའི་རྒྱལ་པོ་ཞེས་བྱ་བ་བཞིན་ནོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བ་སྟེ། དེ་གསུམ་དང་མི་འགལ་བར་འཆད་པས་
ན་ཕྱག་རྒྱས་བཏབ་ཅེས་བྱའོ། །ཡེ་ཤེས་དྲི་མ་མེད་པས་ཐུག་པ་མེད་ཅིང་སྤོབས་པ་ཐུག་པ་མེད་པ་ནི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྒྲ་བསྒྲགས་ཀྱང་སྤོབས་པ་རྒྱུན་མི་འཆད་པ་ཞེས་བྱ་བས་བསྟན་ཏེ། ཆགས་པ་མེད་པའི་
ཡེ་ཤེས་ཀྱི་མཐུས་བསྐལ་པ་བརྒྱ་སྟོང་དུ་དམ་པའི་ཆོས་ཀྱི་སྒྲ་བསྒྲགས་ཀྱང་སྤོབས་པ་ཐུག་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་རྣམ་པར་དག་པ་ནི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱི་ཐབས་འཛིན་པས་བསྟན་ཏེ། དེའང་སངས་རྒྱས་ཀྱི་རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །
Vol. 114 · folio 26a
དམ་པའི་ཆོས་མཉན་པར་བྱ་བའི་ཕྱིར་འགྲོ་བ་ནི་གནོན་པ་ཞེས་བྱའོ། །དེ་གནས་པའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་འགྲོ་བ་ནི་རྣམ་པར་གནོན་པ་སྟེ། རྫུ་འཕྲུལ་གྱིས་དེ་དག་ལ་མཁས་ཞེས་བྱ་བའི་ཐ་ཚིག་གོ། །ལས་རྣམ་པར་དག་པ་ནི་ཀུན་ཏུ་སྦྱོར་བ་བཅད་
པས་བསྟན་ཏེ། འཇིགས་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་ཀུན་ཆད་པ་ཞེས་བྱ་བར་སྨོས་པ་སྟེ། སྐྱེ་བ་དང་རྒ་བ་ལ་སོགས་པ་འཇིགས་པ་བརྒྱད་དང་། སེམས་ཅན་རྣམས་ལ་ཞེ་སྡང་བའི་ཁྲོ་བ་དང་ངའོ་སྙམ་དུ་སེམས་པའི་ང་རྒྱལ་བདུན་དང་། བདག་གི་ཤེས་པ་དང་།
བྱད་གཟུགས་ཀྱིས་རློམ་པའི་རྒྱགས་པ་དང་། ལོངས་སྤྱོད་ཀྱིས་རློམ་པའི་དྲེགས་པ་ཀུན་ཆད་ཅེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་རྣམ་པར་དག་པ་ཡང་སེམས་ཅན་ཐམས་ཅད་བསྒྲལ་བའི་བཤེས་གཉེན་དུ་གྱུར་པས་བསྟན་ཏེ། སེང་གེའི་སྒྲ་མངོན་པར་བསྒྲགས་པ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། སེང་གེའི་སྒྲ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་སྒྲ་སྟེ། མུ་སྟེགས་ཅན་གྱི་རི་དྭགས་མང་པོ་སྐྲག་པའི་ཕྱིར་རོ། །དེ་ལྟར་ཆོས་བདག་མེད་པའི་སྒྲ་བསྒྲགས་པས་ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་ཟག་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་མཛའ་བཤེས་བསྟན་
པ་ཡིན་ཏེ། མཛའ་བཤེས་བསྟན་པ་ནི་མྱ་ངན་ལས་འདས་པ་ལ་འགོད་པ་ཞེས་བྱ་བས་བཤད་དེ། སེམས་ཅན་རིགས་ཐ་དད་པ་དེ་དག་ལ་སྐལ་བ་བཞིན་དུ་ཆོས་དང་གང་ཟག་ལ་བདག་མེད་པའི་སྒྲ་བསྒྲགས་ཏེ། མྱ་ངན་ལས་འདས་པ་ལ་མ་བཀོད་ཀྱི་བར་དུ་བར་མ་དོར་མི་འདོར་བར་དགེ་
བའི་བཤེས་གཉེན་མཛད་ཅེས་བྱ་བའི་ཐ་ཚིག་གོ། །བཟླས་པ་གསུམ་པའི་རྒྱུ་རྣམ་པར་དག་པ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ནི་ཆོས་ཀྱི་སྤྲིན་ལས་འབྲུག་གི་སྒྲ་འབྱུང་ཞིང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྦྱིན་པ་ལ་
སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། དེ་དག་བསྒྲགས་ཤིང་བསྟན་པ་ཉིད་ཆོས་ཀྱི་སྤྲིན་ལས་འབྲུག་གི་སྒྲ་འབྱུང་བ་ཞེས་བྱའོ། །དེ་ལྟར་བསྒྲགས་པ་ལས་རིགས་པ་གསུམ་དང་ཉོན་མོངས་པ་སྤངས་པའི་རྣམ་པར་གྲོལ་བའི་གློག་དང་འདྲ་བ་དང་བྱང་ཆུབ་ཀྱི་ཕྱོགས་
Vol. 114 · folio 26b
སུམ་ཅུ་རྩ་བདུན་གྱི་བདུད་རྩིའི་ཆར་རབ་ཏུ་འབེབས་ཞེས་བྱ་བར་སྦྱར་ཏེ། ཇི་ལྟར་བདུད་རྩིས་མི་འཆི་བའི་རྒྱུ་བྱེད་པ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་རྣམས་ཀྱང་མི་འཆི་བའི་རྒྱུ་བྱེད་པས་ན་བདུད་རྩི་ཞེས་བྱ་སྟེ། ཆར་འབེབས་པ་ནི་སྟོན་ཅིང་སྒྲོགས་ཞེས་བྱ་བའི་ཐ་ཚིག་གོ། །དཀོན་མཆོག་
གསུམ་གྱི་རིགས་རྒྱུན་མི་གཅོད་པ་ནི་ཆོས་རིན་པོ་ཆེ་རབ་ཏུ་གཏོར་བས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ་ཞེས་བྱ་བས་བསྟན་ཏེ། དཀོན་པ་དང་། རིན་ཆེ་བ་དང་། དོན་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཆོས་རིན་པོ་ཆེ་ཞེས་བྱའོ། །དེ་རབ་ཏུ་གཏོར་བ་ནི་ཕྱོགས་
བཅུར་རབ་ཏུ་བསྒྲགས་ཤིང་བསྟན་པའི་དོན་ཏེ། དེ་ལྟར་བསྟན་ཅིང་བཤད་པས་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱེད་པ་ཡིན་ནོ། །རང་བཞིན་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཕྱི་ནང་གི་དངོས་པོ་ལ་མ་ཆགས་པ་ནི། ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་
པ་དག་ཅིང་ཕྱི་ནང་དུ་བློ་རབ་ཏུ་སྦྱངས་པ་ཞེས་བྱ་བས་བསྟན་ཏེ། ནོར་བུ་རིན་པོ་ཆེ་ཕྱི་ནང་དག་ཅིང་སྦྱངས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཕྱིའི་ཡུལ་རྣམས་ལ་མཚན་མ་དང་མངོན་རྟགས་སུ་མི་འཛིན་པ་དང་། ནང་གི་སེམས་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པས་
བློ་རབ་ཏུ་སྦྱངས་པ་སྟེ། དེའི་ཕྱིར་བསམ་པ་དག་པ་ཡིན་ནོ། །རང་གི་ཡོན་ཏན་གྱི་བདག་ཉིད་ཆེ་བར་གནས་པ་ནི། མཚན་དང་དཔེ་བྱད་བཟང་པོའི་མཆོག་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། མཚན་དང་དཔེ་
བྱད་དེ་དག་འགྲུབ་པའི་རྒྱུ་དགེ་བའི་རྩ་བ་བརྒྱ་སྟོང་གིས་ཤིན་ཏུ་བརྒྱན་ཞེས་བྱ་བར་སྦྱར་ཏེ། དགེ་བའི་རྩ་བ་དེ་ཡང་གང་ཞེ་ན། རང་གི་གཟི་བརྗིད་ཀྱི་རྒྱན་ཅེས་བྱ་བ་སྟེ། མཚན་དང་དཔེ་བྱད་རེ་རེ་ལ་ཡང་བསོད་ནམས་གྲངས་མེད་པས་འགྲུབ་པར་འགྱུར་བའི་རྒྱུ་སྦྱིན་པ་དང་། ཚུལ་ཁྲིམས་
ལ་སོགས་པ་རང་གི་ཡོན་ཏན་གྱི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་ཅེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་རྣམ་པར་དག་པ་ནི་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཐམས་ཅད་ལ་དབང་ཐོབ་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཞེས་བྱ་བས་བསྟན་ཏེ། ས་བཅུ་པའི་
Vol. 114 · folio 27a
དུས་ན་བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་མཛད་དེ། དེ་ལྟར་ཐོབ་པ་དག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་པར་ཉེ་བ་ནི་སྐྱེ་བ་གཅིག་གིས་ཐོགས་པས་རྒྱལ་ཚབ་ཏུ་གྱུར་པ་ཞེས་བྱ་བས་
བསྟན་ཏེ། དཔེར་ན་འཕགས་པ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་མེད་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་གྱུར་པ་ལྟ་བུར་ཤ་སྟག་ཅེས་བྱ་བའི་དོན་ཏོ། །ལས་རྣམ་པར་དག་པ་ནི་གདུལ་བ་དང་མཐུན་པར་བསྒྲལ་བའི་ཐབས་སྟོན་པས་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་མོས་པ་ཞེས་བྱ་བ་ལ་
སོགས་པའོ། །སེམས་ཅན་རྣམས་ཐེག་པ་གང་ལ་མོས་པ་དང་། ཐེག་པ་གང་གིས་རྣམ་པར་གྲོལ་བར་འགྱུར་བའི་ཐབས་ལ་མཁས་པ་ནི་གདུལ་བ་འདུལ་བའི་ཆོ་ག་ཤེས་པ་ཞེས་བྱའོ། །སྦྱོར་བ་རྣམ་པར་དག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། མངོན་པར་བྱང་ཆུབ་པ་
ལ་འཇུག་པར་མཁས་པ་ནི། བྱང་ཆུབ་ཀྱི་སའི་སྙིང་པོ་རྡོ་རྗེའི་གདན་གནོན་པ་དང་། རྣམ་པར་གནོན་པ་ལ་མི་འཇིགས་པའི་ཚུལ་ཤེས་པ་ཞེས་བྱ་བས་བསྟན་ཏེ། མངོན་པར་བྱང་ཆུབ་པར་འགྱུར་བའི་ས་ཉིད་སའི་སྙིང་པོ་སྟེ། རྡོ་རྗེའི་གདན་ཡང་དེ་ཡིན་ནོ། །དེར་བདག་ཉིད་
འགྲོ་བ་ལ་མི་འཇིགས་པ་དང་། སེམས་ཅན་རྣམས་གཟུད་ཅིང་དགོད་པ་ལ་མི་འཇིགས་པས་མནན་པ་དང་རྣམ་པར་མནན་པ་ལ་མི་འཇིགས་པའི་ཚུལ་ཤེས་པ་ཞེས་བྱའོ། །སྤྲུལ་པས་སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པ་ནི། སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ཞེས་བྱ་བ་
ལ་སོགས་པས་བསྟན་ཏེ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་རབ་ཏུ་བཟུང་བ་དང་ཞེ་འགྲས་པ་རྣམས་ཚར་གཅོད་པ་སྟེ། དགའ་ལྡན་གྱི་ཕོ་བྲང་ནས་བབས་པ་དང་། ལྷུམས་སུ་གཤེགས་པ་ནས་མྱ་ངན་ལས་འདས་པའི་བར་དུ་སངས་རྒྱས་
ཀྱི་སྐུ་རབ་ཏུ་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ལ་དཔའ་ཞིང་དབང་བྱེད་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རབ་ཏུ་བསྐོར་བ་ཤ་སྟག་འཁོད་ཅེས་བྱ་བའི་ཐ་ཚིག་གོ། །བསྔགས་པ་ནི་བསྟན་པའོ། །ཡོན་ཏན་དང་ཕན་ཡོན་ནི་བཤད་པ་སྟེ། བྱང་ཆུབ་སེམས་
Vol. 114 · folio 27b
དཔའ་དེ་དག་གི་ཡོན་ཏན་གོང་དུ་སྨོས་པ་རྣམས་ནི་བསྟེན་པར་བྱ་བ་ཡིན་པས་ན་ཡོན་ཏན་ཞེས་བྱ་བ་ལ། ཚེ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་མེད་པས་ཕན་ཡོན་ཞེས་བྱའོ། །ཚིམ་ཞིང་མགུ་ལ་ཡི་རངས་པས་ནི་ཤེས་རབ་རྣམ་པ་གསུམ་གྱིས་སྦྱོར་བའི་དུས་ནའོ། །ཆེད་དུ་བརྗོད་པ་ནི་ཆོས་ཀྱི་
ཤུགས་ཀྱིས་དགའ་བ་སྐྱེས་པའི་ཚིག་འབྱིན་པ་ལ་བྱའོ། །གནས་རྣམ་པར་དག་པ་བསྟན་པའི་ཕྱིར། ཤ་ར་དྭ་ཏིའི་བུ་ཡང་འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངན་སོང་ནི་འོག་ཏུ་ལྟུང་བའི་ཕྱིར་ཏེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་
སོ། །མི་ཁོམ་པ་ནི་མངོན་པར་རྟོགས་པའི་སྐབས་མེད་པའི་ཕྱིར་ཏེ། དེ་ཡང་མི་ཁོམ་པ་བརྒྱད་པོ་སེམས་ཅན་དམྱལ་བར་སྐྱེས་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་། ཡི་དྭགས་སུ་སྐྱེས་པ་དང་། མཐའ་འཁོབ་ཀྱི་ཀླ་ཀློར་སྐྱེས་པ་དང་། གཟུགས་མེད་པ་དང་། འདུ་ཤེས་
མེད་པར་སྐྱེས་པ་དང་། ལོང་བ་དང་། འོན་པ་དང་། ལྐུགས་པ་ལ་སོགས་པར་གྱུར་པ་དང་། ལོག་པར་ལྟ་བར་གྱུར་པ་དང་། སངས་རྒྱས་མེད་པའི་བསྐལ་པ་ལ་སྐྱེས་པ་རྣམས་སོ། །སྡུག་བསྔལ་ནི་བརྒྱད་དེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་སྡུག་
པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔས་སྡུག་བསྔལ་བ་སྟེ། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་ཞེས་བྱ་བ་ལ་སོགས་པའི་སྒྲ་ཡང་མེད་ན་དངོས་སུ་ལྟ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན།
ཉེས་པ་བཅུ་གཅིག་སྤངས་པས་གནས་དེ་རྣམ་པར་དག་པའི་ཕྱིར་ཏེ། བསླབ་པ་ཕྲ་མོ་ལས་འདས་པའི་ཉེས་པ་མེད་པ་ནི་ལྟུང་བའི་འཁྲུལ་པ་དང་། ཉོན་མོངས་པའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ། བསླབ་པའི་རྩ་བ་བཞི་ལས་མ་གཏོགས་པའི་བསླབ་པའི་གཞི་གཞན་ལས་ཉམས་
པ་ནི་ལྟུང་བའི་འཁྲུལ་པ་ཞེས་བྱའོ། །དེའི་རྒྱུ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྟེ། གང་ཟག་འདིས་ཉོན་མོངས་པའི་དབང་གིས་ལྟུང་བའི་འཁྲུལ་པ་འདི་འདྲ་བ་བྱས་སོ་ཞེས་བྱ་བའི་སྒྲ་ཡང་གྲགས་པའི་དོན་ཏོ། །བསླབ་པ་རྩ་བ་ལས་འདས་པའི་ཉེས་པ་མེད་པ་ནི་ལོག་པར་
Vol. 114 · folio 28a
བསླབ་པ་ལས་འདས་པའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ། སྲོག་གཅོད་པ་ལ་སོགས་པ་ཉིད་ལོག་པ་ཡང་ཡིན་ལ། དེ་བས་ན་བསླབ་པ་ལས་འདས་ཏེ། དགེ་སྦྱོང་དུ་མི་རུང་བས་བསླབ་པ་ལས་འདས་ཞེས་བྱའོ། །སྐྱེ་གནས་ངན་པའི་ཉེས་པ་མེད་
པ་ནི་བུད་མེད་དུ་སྐྱེ་བར་འགྱུར་བའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ། སྐྱེས་བུ་དམ་པ་ཀུན་ཀྱང་པདྨ་ལས་སྐྱེས་པའི་ཕྱིར་རོ། །སྤྱོད་པ་མི་མཐུན་པའི་ཉེས་པ་མེད་པ་ནི་སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་སྒྲ་མེད་པས་བསྟན་ཏེ། བྱང་ཆུབ་སེམས་
དཔའི་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་ཉེས་པ་མེད་པའི་ཕྱིར་རོ། །སྒྲིབ་པའི་ཉེས་པ་མེད་པ་ནི་སྒྲིབ་པ་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྒོད་པ་དང་།
འགྱོད་པ་དང་། རྨུགས་པ་དང་། གཉིད་དང་། ཐེ་ཚོམ་དེ་དག་ཉིད་གཅོད་པ་ཡང་ཡིན་ཏེ། ཉོན་མོངས་པ་སྤོང་བའི་བར་དུ་གཅོད་པ་ཡིན་པའི་ཕྱིར་རོ། །དེ་དག་དངོས་སུ་སྤྱོད་པ་ནི་ཀུན་ནས་ལྡང་བ་ཞེས་བྱ་ལ། ས་བོན་སེམས་ལ་གནས་པ་ནི་བག་ཆགས་ཞེས་བྱའོ། །སེམས་
ཅན་ཐ་དད་པའི་ཉེས་པ་མེད་པ་ནི། རབ་འབྲིང་ཐ་མའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏེ། ཀུན་ཀྱང་སྔར་བསྟན་པ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གནས་ཞེས་བྱ་བའི་ཐ་ཚིག་གོ། །ཞིང་དང་ཆོས་ཐ་དད་པའི་ཉེས་པ་མེད་པ་ནི་སེམས་ཅན་དང་། ཐེག་པ་དང་
ཞིང་ཐ་དད་པའི་སྒྲ་ཡང་མེད་ཅེས་བྱ་བས་བསྟན་ཏོ། །སེམས་ཅན་འགྲོ་བ་དང་། རིགས་ཐ་དད་པ་དང་། ཉན་ཐོས་ལ་སོགས་པའི་ཐེག་པ་ཐ་དད་པ་དང་། མི་མཇེད་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཐ་དད་པའི་སྒྲ་མི་བསྒྲག་ཅེས་བྱ་བའི་དོན་ཏོ། །དཀོན་མཆོག་ཐ་དད་པའི་
ཉེས་པ་མེད་པ་ནི་སངས་རྒྱས་ལ་སོགས་པ་ཐ་དད་པའི་སྒྲ་མེད་པས་བསྟན་ཏེ། སངས་རྒྱས་ཀྱི་མཚན་དང་། གསུང་རབ་ཀྱི་ཡན་ལག་ཐ་དད་པ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཐ་དད་པའི་སྒྲ་མེད་པའི་ཕྱིར་རོ། །སྟོན་པ་ངན་པས་བསྟན་པའི་ཉེས་པ་མེད་པ་
Vol. 114 · folio 28b
ནི་བཟའ་བ་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ་བདག་གོ་སྙམ་དུ་ངར་འཛིན་པ་དང་། ཀུན་གྱིས་དགའ་བ་དང་བདེ་བས་ལུས་གནས་པའི་ཕྱིར་རོ། །བདག་དང་གཞན་དུ་འཛིན་པའི་ཉེས་པ་མེད་པ་ནི་ངར་འཛིན་པ་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། བདག་གོ་སྙམ་དུ་ངར་འཛིན་པ་དང་།
བདག་གིའོ་སྙམ་དུ་ང་ཡིར་འཛིན་པ་དང་། བདག་གི་བུ་དང་ཆུང་མ་ཡོངས་སུ་འཛིན་པའི་སྒྲ་ཡང་མེད་དོ། །ལོག་པར་ལྟ་བའི་ཉེས་པ་མེད་པ་ནི། བདུད་ལ་སོགས་པའི་སྒྲ་མེད་པས་བསྟན་ཏེ། ཚེ་ཕྱི་མ་མེད་པར་ལྟ་བ་ཉིད་མི་དགེ་བ་ལ་བག་མེད་པར་འཇུག་པ་ཡིན་པས་བདུད་དེ། དེའི་
ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི་སྒྲ་ཡང་མེད་ཅེས་སྦྱར་རོ། །བདག་པོ་རྣམ་པར་དག་པའི་དབང་དུ་བྱས་ནས་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་
རྒྱལ་པོ་ནི་ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པའི་ཆོས་ཐམས་ཅད་མ་ལུས་པ་དང་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་སྒོ་ནས་མངའ་མཛད་པའི་ཕྱིར་ཏེ། དེ་མ་གཏོགས་པར་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་མིའི་རྒྱལ་པོ་གཞན་གང་ཡང་མེད་དོ། །ཇི་ལྟར་བཅོམ་ལྡན་འདས་
ཤཱཀྱ་ཐུབ་པ་འཁོར་རྣམས་ལ་ཡི་གེ་དང་སྒྲ་དང་བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་སྟོན་པ་ལྟར་བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡི་གེ་དང་སྒྲ་དང་བརྡའི་ཚིག་རབ་ཏུ་དབྱེ་བས་ཆོས་མི་སྟོན་ཏོ། །འོ་ན་ཇི་ལྟར་ཆོས་སྟོན་ཅེ་ན། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་མིག་མི་འཛུམས་པར་བལྟས་པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་སྟེ། མིག་ནི་བླུན་པ་ཡིན་པས་ཏིང་ངེ་འཛིན་རྟོགས་པ་མི་སྲིད་ཀྱི། མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་
ཏུ་འགྲོགས་པའི་ཤེས་རབ་ཀྱིས་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པར་ཤེས་རབ་ཀྱིས་བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་སྟེ། ས་བརྒྱད་པ་ལ་བྱའོ། །དེ་ལྟར་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་དེ་བཞིན་གཤེགས་
Vol. 114 · folio 29a
ལས་བྱང་ཆུབ་སེམས་དཔའ་དེ་དག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་ཡང་བསྟན་ཏོ། །བདག་པོ་རྣམ་པར་དག་པར་ཡང་རྗེས་སུ་དྲན་པར་བྱ་བའི་མཚན་མ་ཐམས་ཅད་དང་བྲལ་བའི་སྒོ་ནས་བསྟན་ཏེ། དེ་ལ་རྗེས་སུ་དྲན་པར་བྱ་བའི་མཚན་མ་དང་བྲལ་བ་ཡང་རྣམ་པ་བཞི་
སྟེ། ཡོན་ཏན་ཡིད་ལ་བྱེད་པ་རྗེས་སུ་དྲན་པ་མ་ཡིན་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་སྐྱོན་མཚན་མ་དང་བཅས་པ་ལ་དམིགས་པ་སྤངས་པ་དང་། རྗེས་སུ་དྲན་པའི་ཕན་ཡོན་དང་། ཏིང་ངེ་འཛིན་དེའི་འབྲས་བུའོ། །ཡོན་ཏན་ཡིད་ལ་བྱེད་པ་རྗེས་སུ་དྲན་པ་མ་ཡིན་པ་ཡང་རྣམ་པ་ལྔས་
བསྟན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་རྗེས་སུ་དྲན་པ་མ་ཡིན་པ་ནི། གང་གཟུགས་ཀྱི་མཚན་ཉིད་རབ་ཏུ་མ་ཕྱེ་བས་ཞེས་བྱ་བས་བསྟན་ཏེ། དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གཟུགས་སུ་ཡིད་ལ་བྱས་ཤིང་བསྒོམས་
པས་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་འདི་བསྐྱེད་པ་མ་ཡིན་པས་རབ་ཏུ་ཕྱེ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐབས་འདིར་སངས་རྒྱས་ནི་ཆོས་ཀྱི་སྐུ་ལ་བྱ་བར་འདོད་ལ་དེ་ནི་མཚན་དང་དཔེ་བྱད་ལ་སོགས་པ་མཚན་མ་གང་གིས་རང་བཞིན་ཡང་མ་ཡིན་ཞིང་། མཚན་མ་ཅན་གྱི་ཤེས་པ་
གང་གིས་ཀྱང་རྟོགས་པར་བྱ་བ་མ་ཡིན་ཏེ། གང་གི་ཚེ་མཚན་མ་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་བ་དེའི་ཚེ་དོན་དམ་པར་སངས་རྒྱས་རྗེས་སུ་དྲན་པ་ཞེས་ཀྱང་བྱ་ལ། དེ་ལྟར་མཐོང་བའི་ཚེ་དེ་ཁོ་ན་མཐོང་བ་ཡིན་པས་བྱང་ཆུབ་སེམས་དཔའ་དེ་མི་སྐྱེ་བའི་ཆོས་
ལ་བཟོད་པ་ཐོབ་པར་ལུང་སྟོན་པར་ཡང་མཛད་པའི་ཕྱིར་རོ། །བཤད་པའི་ཚུལ་འདིས་སྤྲུལ་པའི་སྐུ་ལ་སོགས་པ་འོག་མ་རྣམས་ལ་ཡང་བསྒྲེ་བར་བྱའོ། །སྤྲུལ་པའི་སྐུ་ལ་དམིགས་པ་རྗེས་སུ་དྲན་པ་མ་ཡིན་པ་ནི། རིགས་དང་རུས་དང་ཆོ་རིགས་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། རིགས་ནི་
ཤཱཀྱའི་རིགས་ལ་སོགས་པའོ། །རུས་ནི་གཽ་ཏ་མ་ལ་སོགས་པའོ། །ཆོ་རིགས་ནི་རིགས་མཐོན་པོར་སྐྱེས་པ་ཉིད་ལ་བྱའོ། །རྒྱུ་ཡིད་ལ་བྱེད་པ་རྗེས་སུ་དྲན་པ་མ་ཡིན་པ་ནི་སྔོན་གྱི་མཐའི་དཀར་པོའི་སྤྱོད་པས་རབ་ཏུ་མ་ཕྱེ་བ་ཞེས་བྱ་བས་བསྟན་ཏེ། དཀར་པོའི་སྤྱོད་པ་ནི་ཕ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words