འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 114 · folio 56b
སྒྲོལ་བ་སྟེ། དེའི་ཕྱིར་མ་ཞུམ་པའི་ལྷག་པའི་བསམ་པ་ཞེས་བྱའོ། །སེམས་ཅན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྟག་ཏུ་བརྩོན་པས་ན་བརྩོན་པ་མི་ཟད་པའི་ལྷག་པའི་བསམ་པ་ཞེས་བྱའོ། །ལས་མི་ཟད་པ་བསྟན་པའི་ཕྱིར། ཡང་ལྷག་པའི་བསམ་པ་ཞེས་བྱ་
བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱུང་པོ་ནི་མི་མ་ཡིན་པ་སྟེ། དེ་དག་ལ་གནོད་པ་མི་བྱེད་པས་ནི། དེས་པ་ཞེས་བྱའོ། །སེམས་ཅན་རྣམས་ནི་འགྲོ་བ་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱ་སྟེ། དེ་དག་ཀུན་ལ་བུ་གཅིག་པོ་བཞིན་དུ་བྱམས་པའོ། །
འཕགས་པ་ནི་གང་ཟག་ཆེན་པོ་བརྒྱད་ལ་སོགས་པ་སྟེ། དེ་དག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པར་ཤེས་ནས་དེ་དག་ལ་ཆོས་གོས་དང་བསོད་སྙོམས་དང་སྙུན་གྱི་རྐྱེན་སྨན་གྱི་ཡོ་བྱད་ལ་སོགས་པས་ཕན་པར་བྱེད་དོ། །འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་སྟེ། དེ་དག་ལ་ལས་
དང་ཉོན་མོངས་པའི་དབང་དུ་གྱུར་ཞེས་སྙིང་རྗེ་བའོ། །བླ་མ་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པ་སྟེ། དེ་དག་ལ་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་པ་བྱེད་པས་ན་གུས་པའོ། །དཔུང་གཉེན་མེད་པ་ནི་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཉེན་པ་སྟེ། དེ་དག་སྐྱེ་བ་
ལ་སོགས་པའི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པས་ན་དཔུང་གཉེན་ནོ། །སྐྱབས་མེད་པས་ནི་ལྷག་མཐོང་དང་བྲལ་བ་སྟེ། དེ་དག་ལ་ལྷག་མཐོང་སྟོན་པར་བྱེད་པས་སྐྱབས་སོ། །གླིང་མེད་པ་ནི་ཆུ་བོ་ཆེན་པོ་བཞིས་བདས་པ་སྟེ། དེ་དག་ཆུ་བོ་བཞི་ལས་རློན་པར་བྱེད་པས་ན་གླིང་
ངོ་། །མགོན་མེད་པ་ནི་ཞི་གནས་དང་བྲལ་བ་སྟེ། དེ་དག་ལ་ཞི་གནས་སྟོན་པས་ན་མགོན་ནོ། །གྲོགས་མེད་པ་ནི་ཚེ་འདི་དང་ཕྱི་མའི་ཞིང་བླས་དང་བསོད་ནམས་ལ་སོགས་པ་གྲོགས་མེད་པ་སྟེ། དེ་དག་ལ་ཚེ་འདི་དང་ཕྱི་མའི་དོན་དུ་གྱུར་པའི་གྲོགས་ཅི་རིགས་པར་བྱེད་པས་ན་གྲོགས་སོ། །
གྱ་གྱུ་ཅན་ནི་བསམ་པ་མི་དྲང་བའོ། །དམུ་རྒོད་ནི་སྨྲ་བའི་དོན་གསལ་བར་མི་སྟོན་པའོ། གཡོན་ཅན་ནི་བདག་གི་ཉེས་པ་བཅབ་པའི་ཐབས་བཟུང་སྟེ། གཏམ་རླུང་ལ་བསྐུར་བའོ། །ཐིབས་པོ་སྤྱོད་པ་ནི་གཞན་ལ་སླུ་བའི་ཕྱིར་བདག་ཉིད་གཞན་དུ་གནས་ལ་གཞན་དུ་སྟོན་པའོ། །
Vol. 114 · folio 57a
བྱས་པ་མི་གཟོ་བ་ནི་ཕན་བཏགས་པ་མི་དྲན་པའོ། །འཁུ་བ་ནི་བྱང་ཆུབ་སེམས་དཔའ་ལ་རྐུ་ཐབས་ཀྱིས་རྒོལ་བ་སྟེ། དེ་དག་ལ་འདིས་བདག་ལ་ཕན་བཏགས་སོ་སྙམ་དུ་བྱས་པ་ཚོར་བའོ། །གནོད་པ་བྱེད་པ་ནི་ཚེ་ཕྱི་མའི་དོན་གྱི་བགེགས་བྱེད་པའོ། །ལོག་པར་
གྱུར་པ་ནི་ལམ་ལོག་པར་ཞུགས་པ་སྟེ། དེ་དག་ཡང་དག་པའི་ལམ་ལ་འགོད་པས་བདེན་པའོ། །ལེགས་པར་བྱས་པ་ནི་དགེ་བ་བྱས་པའོ། །གཞན་གྱི་འཁྲུལ་པ་ནི་ཕ་རོལ་གྱི་ཉེས་པ་བྱས་པའོ། །ལོག་པར་ཞུགས་པ་ནི་མི་དགེ་བ་ལ་འཇུག་པ་སྟེ། དེ་དག་མི་དགེ་བ་ལས་སླར་བཟློག་
པས་ན་ཀུན་སྲུང་བའོ། །ཐབས་ཀྱི་དགེ་བ་སྤྱོད་པ་ནི་རྗེས་སུ་ཡི་རང་བ་དང་། བསྔོ་བ་ལ་མཁས་པ་ལ་སོགས་པའི་སྒོ་ནས་དགེ་བ་སྤྱོད་པ་སྟེ། དེ་དག་ལ་ཉེས་པར་མི་ལྟ་བའོ། །སྦྱིན་པའི་གནས་ནི་གང་ཟག་ཡོན་ཏན་ཅན་ཏེ། དེ་དག་ལ་རྙེད་པ་དང་བཀུར་སྟིས་རིམ་གྲོ་བྱེད་
པའོ། །རྗེས་སུ་བསྟན་པས་ནི་འདི་གྱིས་ཤིག །འདི་ནི་མ་བྱེད་ཅིག་ཅེས་སྟོན་པ་སྟེ། ཇི་སྐད་བསྟན་པ་བཞིན་དུ་བྱེད་པས་ན་མཐུན་པར་འཛིན་པའོ། །གདམས་ངག་གིས་གང་ཟག་ཕ་རོལ་པོའི་བསམ་པ་དང་བག་ལ་ཉལ་ལ་སོགས་པ་རྟོགས་པར་བྱ་སྟེ། དེ་དག་གི་གཉེན་པོར་མི་
སྡུག་པའམ་བྱམས་པ་ལ་སོགས་པ་བསྒོམ་པ་ལ་སྦྱོར་བའོ། །རྗེས་སུ་བསྟན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་བསྟན་པ་སྟེ། ཇི་སྐད་བསྟན་པ་བཞིན་བསྒྲུབས་པས་ན་བཀའ་བློ་བདེ་བའོ། །དགོན་པར་གནས་པ་ལ་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་ཕྱིར་ཕུ་དུད་བྱེད་པའོ། །
ཆོས་གོས་ལ་སོགས་པ་རྙེད་པ་དང་། ཕྱག་འཚལ་བ་ལ་སོགས་པ་བཀུར་སྟི་དང་། བསྟོད་པའི་ཚིགས་སུ་བཅད་པ་དག་ལ་མ་ཆགས་པས་ན་དོན་དུ་མི་གཉེར་བའོ། །དམ་པའི་ཆོས་བཙལ་བ་དང་། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བའོ། །ལྷག་པའི་
བསམ་པ་དག་པས་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཡོན་ཏན་ཡོད་པར་ཡིད་ཆེས་པར་བྱ་བའི་ཕྱིར་སྤྱོད་ལམ་སྒྱུར་བའི་ཚུལ་འཆོས་པ་མེད་པའོ། །ངག་བསྡམས་པས་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བདག་གི་ཡོན་ཏན་གླེང་བའམ། བསྟན་པའི་ཚུལ་གྱིས་ཚིག་གི་ལམ་འཇམ་པོ་
Vol. 114 · folio 57b
ཀུན་ཏུ་སྤྱོད་པའི་ཁ་གསག་མེད་པའོ། །ནན་གྱིས་སློང་བ་ནི་ཐོབ་ཀྱིས་འཇལ་བའོ། །སེམས་ཉོན་མོངས་པ་ཅན་མ་ཡིན་པ་ནི་གནས་ངན་ལེན་དང་བྲལ་ཏེ་རྩེ་གཅིག་ཏུ་གནས་སུ་བཏུབ་པས་ན་ལས་སུ་རུང་བའོ། །ཡེ་ཤེས་ཀྱི་མཐུས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་ཀྱང་འཁོར་བར་སྐྱེ་བའི་
བསོད་ནམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྩོགས་པས་ན་འཁོར་བར་གཞོལ་བའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཁས་བླངས་པས་ན་སེམས་ཅན་གྱི་དོན་བྱེད་པའི་ཚེ་ཕྱི་ནང་གི་སྡུག་བསྔལ་ཐམས་ཅད་ལ་ཇི་མི་སྙམ་སྟེ། དེ་བས་ན། དཀའ་འམ་སླ་འམ་སྙམ་པ་ཡི། །རྣམ་པར་རྟོག་པ་སྤངས་ནས་
ནི། །འགྲོ་བ་འདི་དག་ཉམ་ཐག་ཅེས། །ཁྱོད་བདག་ཉིད་ཀྱི་ཞལ་གྱིས་བཞེས། །ཞེས་གསུངས་པ་ལྟ་བུའོ། །རྒྱུ་མི་ཟད་པ་བསྟན་པའི་ཕྱིར་དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་གི་ལྷག་པའི་བསམ་པ་ཐམས་ཅད་མི་ཟད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་པ་དང་
ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་སུ་བགྲང་ངོ་ཅོག་ཐམས་ཅད་ཀྱི་ཉེ་བར་བསྟན་ཏེ་བརྟས་ཤིང་སྨིན་པར་བྱས་པ་དང་། སེམས་ཅན་མཐའ་ཡས་ཐམས་ཅད་ཉེ་བར་འཚོ་བ་སྟེ། གསོས་སུ་གྱུར་པ་དང་། ལྷག་པའི་བསམ་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ཟད་པ་ཡང་
དག་པར་བསྒྲུབས་པ་རྒྱུ་རྣམ་པར་དག་པ་འདི་གསུམ་གྱི་ཕྱིར་འཁོར་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཟད་པར་མི་ནུས་ཞེས་གསུངས་སོ། །ལྷག་པའི་བསམ་པ་མི་ཟད་པ་བཤད་ཟིན་ཏོ།། །།ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དྲུག་སྟེ། ཕན་པའི་ཆོས་ཐམས་ཅད་བྱེད་པ་
དང་། ཆོས་བཞིན་བྱེད་པ་དང་། ཆོས་ཀྱི་རྗེས་སུ་སྲུང་བར་བྱེད་པ་དང་། ཆོས་ལ་བརྩོན་པ་དང་། ཆོས་ལས་མི་གཡོ་བ་དང་། ཆོས་ལས་མི་ཉམས་པ་སྟེ། དེ་དག་བསྟན་པའི་ཕྱིར་དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་
སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ཟད་པ་གཞན་ལ་ལྟ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱས་པར་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བདག་དང་གཞན་གྱི་དོན་བྱེད་པ་ཕུན་སུམ་ཚོགས་པ་བསྟན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་
Vol. 114 · folio 58a
གསུམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། བསམ་གཏན་དང་ཤེས་རབ་གཉིས་ཀྱིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན། བརྩོན་འགྲུས་ནི་གཉི་གར་འགྲོ་བར་བསྟན་ཏོ། །དེ་དག་མི་ཟད་པ་ཡང་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་།
བསམ་པ་དང་སྦྱོར་བ་དང་། ལྷག་པའི་བསམ་པ་མི་ཟད་པའི་རྒྱུ་ལས་བྱུང་བའི་ཕྱིར་མི་ཟད་པར་རིག་པར་བྱའོ། །ཡང་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་
བསྒྲུབས་པ་དང་། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཟད་མི་ཤེས་པ་རྟོགས་པར་བྱ་བའི་རྒྱུར་བསྒྲུབ་པ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ཟད་མི་ཤེས་པ་ཐོབ་པར་བྱ་བའི་རྒྱུར་བསྒྲུབ་པའི་ཕྱིར། མདོ་འདི་ལས་གསུངས་པའི་སྤྱོད་པ་དེ་དག་མི་ཟད་པར་ཤེས་པར་བྱ་སྟེ། མི་
ཟད་པ་བརྒྱད་ཅུ་རེ་རེ་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །སྦྱིན་པ་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕན་པའི་ཆོས་ཐམས་ཅད་བྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །སྦྱིན་པ་མི་ཟད་པ་ནི་རྣམ་པ་གསུམ་སྟེ། འབྲས་བུ་ཡོངས་སུ་བཟུང་བ་དང་། མི་མཐུན་པའི་ཕྱོགས་དོར་བའི་རང་བཞིན་རྣམ་པར་དག་པ་དང་། གཉེན་པོ་ཡོངས་སུ་བཟུང་བའི་རང་བཞིན་རྣམ་པར་དག་པས་སྦྱིན་པ་མི་ཟད་པར་རིག་པར་བྱའོ། །འབྲས་བུ་ཡོངས་སུ་
བཟུང་བ་ཡང་ཕྱི་དང་ནང་གི་སྦྱིན་པའི་བྱེ་བྲག་གི་རྣམ་པ་གཉིས་ཏེ། དེ་ལ་ཕྱིའི་སྦྱིན་པ་ནི་ཟས་འདོད་པ་རྣམས་ལ་ཟས་སྦྱིན་པ་ནས། རྩེད་མོ་ཐམས་ཅད་གཏོང་བའི་སྦྱིན་པའི་བར་གྱིས་བསྟན། ནང་གི་སྦྱིན་པ་ནི་རྐང་པ་སྦྱིན་པ་ནས་རུས་པ་དང་རྐང་སྦྱིན་པའི་བར་གྱིས་བསྟན་ཏོ། །
དེ་དག་ཀྱང་ཕྱིའི་རྒྱལ་སྲིད་ཡོངས་སུ་བཏང་བའི་དཔེས་ནང་གི་ཡོན་ཏན་གྱི་རྒྱལ་སྲིད་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་ཕྱིའི་སྦྱིན་པ་ནི་བསྡུས་པའི་དོན་ཉི་ཤུ་བཞིའོ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། ཡོངས་སུ་ལོངས་སྤྱོད་པ་ཕུན་སུམ་ཚོགས་པ་དང་། ཡོངས་སུ་ལོངས་སྤྱོད་པའི་
Vol. 114 · folio 58b
མཐུའི་བསམ་པའི་སྒོ་ཕུན་སུམ་ཚོགས་པ་དང་། སེམས་ཅན་བྱམས་པ་དྲན་པས་ཡིད་བདེ་བ་ཕུན་སུམ་ཚོགས་པ་དང་། མཛོད་དྲན་ནས་ཡིད་བདེ་བ་ཕུན་སུམ་ཚོགས་པ་དང་། རོལ་མོ་ཕུན་སུམ་ཚོགས་པ་དང་། གྲགས་པ་བསྟོད་པ་ཕུན་སུམ་ཚོགས་པ་དང་། དྲི་ཞིམ་པ་རང་ལས་བྱུང་བ་ཕུན་
སུམ་ཚོགས་པ་དང་། ཟས་ཀྱི་རོ་ཕུན་སུམ་ཚོགས་པ་དང་། ཕྱོགས་དང་འཁོར་ཕུན་སུམ་ཚོགས་པ་དང་། མལ་ཆ་ཕུན་སུམ་ཚོགས་པ་དང་། སྟན་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་དང་། སྟན་གྱི་རྒྱན་ཕུན་སུམ་ཚོགས་པ་དང་། སྟན་ལ་རེག་པ་ཕུན་སུམ་ཚོགས་པ་དང་། རང་དབང་ཡོད་
པ་ཕུན་སུམ་ཚོགས་པ་དང་། སྐྱེས་བུ་ཆེན་པོ་ཤེས་པ་ཕུན་སུམ་ཚོགས་པ་དང་། འཁོར་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཕུན་སུམ་ཚོགས་པ་དང་། ཡོངས་སུ་འཛིན་པ་ཆེན་པོ་ཕུན་སུམ་ཚོགས་པ་དང་། ཆོས་ཕུན་སུམ་ཚོགས་པ་དང་། དགོས་པ་བསམ་པ་ལ་མཁས་པ་ཕུན་སུམ་
ཚོགས་པ་དང་། དབང་ཕུན་སུམ་ཚོགས་པ་དང་། ཆུང་མ་ཕུན་སུམ་ཚོགས་པ་སྟེ། ནོར་དང་འབྲུ་དང་མཛོད་དང་བང་བ་ཡོངས་སུ་གཏོང་བ་དང་། གྲོང་དང་གྲོང་ཁྱེར་ལ་སོགས་པ་གཏོང་བའི་ཚིག་གཉིས་ཀྱིས་དབང་ཕུན་སུམ་ཚོགས་པ་བསྟན། གཞན་ནི་ཚིག་རེ་རེ་དང་གོ་རིམས་བཞིན་སྦྱར་རོ། །ནང་
གི་སྦྱིན་པ་ནི་བསྡུས་པའི་དོན་བརྒྱད་པོ་གནས་ཕུན་སུམ་ཚོགས་པ་དང་། བགོ་བཤས་སྐྱེ་བོ་བསྐྱང་བ་ཕུན་སུམ་ཚོགས་པ་དང་། རང་རྒོལ་བའི་མཐུ་ཕུན་སུམ་ཚོགས་པ་དང་། ལས་ཀྱི་མཐའ་ལ་རྟོག་པས་བག་མེད་པ་ཕུན་སུམ་ཚོགས་པ་དང་། རྩོད་པ་སྦྱོང་བས་ཆད་པ་བཅད་པ་དང་།
ཕན་པར་བྱ་ཞེས་པ་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཀྱི་འབྲས་བུས་ཉེ་བར་འཚོ་བ་ཕུན་སུམ་ཚོགས་པ་དང་། ལུས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ལུས་ཤིན་ཏུ་འཇམ་པ་དང་། སྙིང་པོའི་ལུས་སུ་གྱུར་པས་བསྟན་ཏེ། རྐང་པ་སྦྱིན་པ་མན་ཆད་དང་གོ་རིམས་བཞིན་དུ་སྦྱར་རོ་
ཞེའོ། །ཟས་ཀྱིས་ནི་བྱ་བ་ལྔ་བྱེད་དེ། འདི་ལྟར་ལྟོགས་ནས་ཚེ་ཟད་པར་འགྱུར་བ་དང་། བཀྲེས་པས་སྤོབས་པ་ཞན་པ་དང་། བྲུ་བས་གདུངས་པ་སྡུག་བསྔལ་བ་དང་། ཉམ་ཆུང་བས་སྟོབས་མེད་པ་དང་། རིད་པས་ཁ་དོག་མི་མཛེས་པ་ལ་ཟས་བྱིན་ན་ཚེ་དང་སྤོབས་པ་དང་། བདེ་
Vol. 114 · folio 59a
བ་དང་། སྟོབས་དང་། ཁ་དོག་ཉེ་བར་སྟོན་པར་འགྱུར་བས་བྱང་ཆུབ་སེམས་དཔས་ཀྱང་། དེ་བཞིན་གཤེགས་པའི་ཚེ་དཔག་ཏུ་མེད་པ་དང་། སྤོབས་པ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་དང་། སྟོབས་བསམ་གྱིས་མི་ཁྱབ་པ་དང་།
སྤུ་མདོག་མཛེས་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར་ཟས་འདོད་པ་རྣམས་ལ་ཟས་སྦྱིན་པའོ། །བཏུང་བས་ནི་སེམས་ཅན་སྐོམ་གྱིས་གདུངས་པ་རྣམས་ཀྱིས་གདུང་བའི་སྲེད་པ་སེལ་བར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་རང་གི་ཉོན་མོངས་པ་དང་སྲེད་པ་ཐམས་ཅད་བསལ་བར་བྱ་བའི་ཕྱིར་བཏུང་བ་
འདོད་པ་རྣམས་ལ་བཏུང་བ་སྦྱིན་པ་ཞེས་བྱ་སྟེ། ཉོན་མོངས་པ་ནི་ཁོང་ཁྲོ་བ་ལ་སོགས་པ་ལ་བྱའོ། །སྲེད་པ་ནི་ཡང་སྲིད་པར་འབྱུང་བར་བྱེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེ་ལ་མངོན་པར་དགའ་བ་སྟེ། ཁམས་གསུམ་དུ་སྦྱོར་བའི་རྒྱུའི་གཙོ་བོ་ཡིན་པས་ན། ཉོན་མོངས་པའི་ནང་ནས་མིང་གིས་
བཀར་ཏེ་སྨྲས་སོ། །བཞོན་པས་ནི་ངལ་བ་ལ་སོགས་པའི་སྡུག་བསྔལ་མེད་པར་བྱེད་པ་དང་། བགྲོད་པའི་གནས་སུ་ཕྱིན་པའི་འབྱོར་བ་གཉིས་བྱེད་པས། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པའི་སྙུན་ཐམས་ཅད་སྤངས་པའི་བདེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་
པའི་འབྱོར་བ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཁྱོགས་ལ་སོགས་པ་བཞོན་པ་སྦྱིན་པའོ། །གོས་ཀྱིས་ནི་ལུས་ཀྱི་ཡན་ལག་དང་དྲི་མ་ལ་སོགས་པའི་མི་སྡུག་པ་འགེབས་པ་དང་། གཞན་གྱི་མིག་སྔར་སྡུག་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་ཉེས་པར་སྤྱོད་པའི་སྐྱོན་མི་མཛེས་པ་དགབ་པའི་ཕྱིར།
བདག་གི་དབང་དུ་བྱས་ཏེ་ངོ་ཚ་ཤེས་པ་དང་། གཞན་གྱི་དབང་དུ་བྱས་ཏེ་ཁྲེལ་ཡོད་པའི་གོས་གཉིས་དང་། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུའི་མདོག་ཡོངས་སུ་སྦྱངས་པའི་ཕྱིར་གོས་འདོད་པ་རྣམས་ལ་གོས་སྦྱིན་པའོ། །མར་མེས་ནི་མུན་པ་བསལ་ཏེ་བལྟ་བར་བྱ་བའི་དངོས་པོ་
ཐམས་ཅད་མཐོང་བར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པའི་ལྷའི་སྤྱན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གཟུགས་རགས་པ་དང་ཕྲ་བ་དང་། ཉེ་བ་དང་རིང་བ་ལ་སོགས་པ་ཡོངས་སུ་གཟིགས་པར་བྱ་བའི་ཕྱིར་མར་མེ་སྦྱིན་པའོ། །རོལ་
Vol. 114 · folio 59b
མོའི་སྒྲས་ནི་སེམས་ཅན་རྣམས་ཀྱི་རྣ་བའི་དབང་པོ་སིམ་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པའི་ལྷའི་སྙན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྒྲ་ཆེན་པོ་དང་ཆུང་ངུ་ལ་སོགས་པ་ཐོགས་པ་མེད་པར་གསན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོལ་མོའི་སྒྲ་སྦྱིན་པའོ། །
སྤོས་ནི་བདུག་པ་རྣམས་སོ། །བྱུག་པ་ནི་ཙན་དན་ལ་སོགས་པའི་ལྡེ་གུ་སྟེ། དེ་དག་གིས་ནི་དྲི་ཞིམ་པར་བྱེད་པས་དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བའི་ཚུལ་ཁྲིམས་ལ་སོགས་པས་བྱུག་པའི་ཕྱིར་སྤོས་དང་། བྱུག་པ་སྦྱིན་ནོ། །མེ་ཏོག་ཕྲེང་ནི་མེ་ཏོག་བརྒྱུས་པ་སྟེ། དེ་ནི་ཕན་
ཚུན་བསྐྱོད་ཀྱང་མི་འབྲུལ་ཞིང་ཆུད་ཟ་བར་མི་འགྱུར་བས་གཟུངས་དང་། བཤད་པའི་དོན་མི་བརྗེད་པའི་སྤོབས་པ་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་མེ་ཏོག་ཕྲེང་བ་སྦྱིན་པའོ། །ཕྱེ་མ་ནི་ཙན་དན་དང་གུར་གུམ་ལ་སོགས་
པའི་ཕྱེ་མ་སྟེ། དེ་དག་གིས་ནི་དྲི་ཞིམ་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དག་ལ་རང་བཞིན་གྱིས་མངའ་བའི་ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར་ཕྱེ་མ་སྦྱིན་པའོ། །རོ་ནི་ཁ་བ་དང་། སྐྱུར་བ་དང་། ཚ་བ་དང་། བསྐ་བ་
དང་། ལན་ཚྭའི་རོ་དང་། མངར་བ་སྟེ། རོ་གཞན་དང་གཞན་དེ་དག་གིས་ནི་ལྕེའི་དབང་པོས་ཚོར་བར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་སྐྱེས་བུ་ཆེན་པོའི་མིད་པ་ན་རོ་བྲོ་བ་ཚོར་བར་བྱེད་པའི་རྩ་བདུན་སྟོང་གྱེན་དུ་ལྟ་བ་ཡོད་དེ། ཐ་ན་ཏིལ་གྱི་འབྲས་བུ་ཙམ་
གཅིག་གསོལ་ན་ཡང་སྐུ་ཐམས་ཅད་དུ་ཁྱབ་པར་འགྱུར་བ་ཐོབ་པར་བྱ་བའི་ཕྱིར་བྲོ་ཐམས་ཅད་སྦྱིན་པའོ། །གནས་ནི་ཁང་ཁྱིམ་ལ་སོགས་པ་སྟེ། དེ་དག་གིས་ནི་བདག་གནོད་བྱེད་རྣམས་ལས་སྐྱོབ་པར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་ཐམས་ཅད་ཀྱི་གནས་ལ་སོགས་པའི་
མཐུ་དང་ལྡན་པར་བྱ་བའི་ཕྱིར་གནས་སྦྱིན་པའོ། །མལ་ཆ་ནི་སྟན་ལ་སོགས་པ་སྟེ། དེ་དག་གིས་ནི་གཉིད་ཀྱི་བདེ་བ་ལ་སོགས་པ་མྱོང་བར་བྱེད་པས་བྱང་ཆུབ་སེམས་དཔས་ཀྱང་སྒྲིབ་པ་ཐམས་ཅད་སྤངས་པའི་རྣམ་པར་ཐར་པ་བརྒྱད་ཀྱི་གཟིམས་ཆ་དང་། འཕགས་པའི་གནས་པ་རྣམ་པར་ཐར་པའི་སྒོ་
Vol. 114 · folio 60a
གསུམ་དང་། ལྷའི་གནས་པ་བསམ་གཏན་བཞི་དང་། ཚངས་པའི་གནས་པ་ཚད་མེད་པ་བཞི་ཐོབ་པར་བྱ་བའི་ཕྱིར་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེ་ན་རྡོ་རྗེའི་གདན་རེ་རེ་ཡོད་པ་ཀུན་མནན་ཅིང་ཐོབ་པར་བྱ་བའི་ཕྱིར་སྟན་སྦྱིན་
པའོ། །ཡོ་བྱད་ནི་མིང་གིས་སྨོས་པ་འདི་དག་ལས་མ་གཏོགས་པ་ཁ་ཕྱིས་ཡན་ཆད་ཚོགས་ཆས་རྣམས་ལ་བྱ་སྟེ། དེ་དག་གིས་ནི་མི་བྲེལ་བར་བྱེད་པས། བྱང་ཆུབ་སེམས་དཔས་ཀྱང་བྱང་ཆུབ་ཀྱི་ཡོ་བྱད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་བསྐངས་བའི་ཕྱིར་ཡོ་བྱད་
སྦྱིན་པའོ། །མི་རྒ་བ་ནི་རྒ་བ་མེད་པའོ། །མི་འཆི་བ་ནི་འཆི་བ་མེད་པ་སྟེ། རྒ་བ་དང་འཆི་བ་མེད་པ་ཉིད་བདུད་རྩིའི་བདེ་བ་ཡིན་ཏེ། མྱ་ངན་ལས་འདས་པ་ལ་བྱའོ། །བྲན་ཕོ་དང་བྲན་མོ་ལ་སོགས་པ་མ་བཀོལ་ཏེ། རང་ཉམས་སུ་བཏང་བ་དང་། དེ་དག་འདོད་པ་ལ་
བྲན་ཕོ་བྲན་མོ་དགའ་བཞིན་དུ་བཏང་བས་ནི་དེ་དག་རང་ཉམས་ཀྱི་བདེ་བ་ཐོབ་པར་འགྱུར་བས་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་གཤེགས་པ་ལ་མངའ་བ། ཇོ་བོ་མེད་པའི་རང་དབང་བ། ཇོ་བོ་མེད་པའི་རང་དབང་དང་། དཔོན་པོ་མེད་པའི་རང་ཉམས་དང་། མཁན་པོ་དང་སློབ་
དཔོན་གྱིས་བསྟན་པའི་ལུང་མེད་པས་རང་ཉིད་མངོན་པར་འཚང་རྒྱ་བའི་རང་འབྱུང་གི་ཡེ་ཤེས་ཡོངས་སུ་བསྐང་བའི་ཕྱིར་བྲན་ཕོ་དང་བྲན་མོ་སྦྱིན་པའོ། །རིགས་དང་བསམ་པ་དང་། མོས་པ་དང་། སྨོན་ལམ་དང་། བརྩོན་འགྲུས་རྩོམ་པ་ལ་སོགས་པ་ཆེ་བས་སྐྱེས་བུའི་བྱེད་པ་ཆེ་བའི་ཕྱིར་བྱང་
ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། སངས་རྒྱས་རྣམས་ལ་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། དེ་དག་སྐྱེས་བུ་ཆེན་པོ་ཡིན་པར་འདི་དག་གིས་མཚོན་ཅིང་མངོན་པར་གསལ་བར་བྱེད་པའི་ཕྱིར། སྐྱེས་བུ་ཆེན་པོའི་མཚན་ནོ། །དམ་པ་སྨོས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་ལས་ཁྱད་
པར་དུ་བསྟན་པའི་ཕྱིར་ཡུལ་ན་གནས་པ་དང་། གསལ་བ་དང་། ཡོངས་སུ་རྫོགས་པའོ། །དེ་དག་ཀྱང་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལ་སོགས་པ་སུམ་ཅུ་རྩ་གཉིས་མདོ་དག་ལས་གསུངས་ཏེ། དེ་དག་བསྐང་བའི་ཕྱིར་གསེར་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་སྦྱིན་པའོ། །
Vol. 114 · folio 60b
སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྟེན་གྱི་ཚུལ་གྱིས་འཛིན་ཅིང་། གཟུགས་བཟང་པོས་མཛེས་པར་བྱེད་པས་དཔེ་བྱད་བཟང་པོ་སྟེ། དེ་དག་ཀྱང་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པ་བརྒྱད་ཅུ་མདོ་དག་ལས་གསུངས་པ་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གདུ་བུ་དང་།
དཔུང་རྒྱན་ལ་སོགས་པ་རྒྱན་སྣ་ཚོགས་སྦྱིན་པའོ། །གཙུག་གི་ནོར་བུ་དང་ཅོད་པན་ནི་ཡན་ལག་གི་དམ་པ་མགོ་བོའི་རྒྱན་ཏེ། དེ་བཞིན་གཤེགས་པའི་མཚན་དབུའི་གཙུག་ཏོར་ཚངས་པའི་འཇིག་རྟེན་ནས་ཀྱང་བལྟར་མི་མཐོང་བ་ཐོབ་པར་བྱ་བའི་ཕྱིར་མགོའི་རྒྱན་སྦྱིན་པར་བྱེད་དོ། །རྟ་ལ་སོགས་
པ་བཞོན་པས་ནི་བགྲོད་པར་བྱ་བའི་གནས་སུ་ཕྱིན་པར་བྱེད་པས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བཅུ་འབྲས་བུ་དང་བཅས་པ་འདིས་ཕྱིན་པར་བྱེད་པའམ། འདིར་ཕྱིན་པར་བྱ་བ་རྫོགས་པར་བྱ་བའི་ཕྱིར་རྟ་དང་བ་གླང་དང་དཔུང་བུ་ཆུང་དང་བཞོན་པ་སྦྱིན་པའོ། །བསམ་གཏན་བཞིའི་དང་པོ་
ལ་ཡན་ལག་ལྔ། གཉིས་པ་ལ་བཞི་ལ་སོགས་པ་དང་། ཡན་ལག་དེ་དག་གི་ཚོགས་དགེ་བ་ལ་འདུན་པ་དང་། དབང་པོ་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་ལུས་དང་སེམས་བདེ་བར་འགྱུར་བའི་གནས་སྐྱེད་མོས་ཚལ་ལ་སོགས་པ་སྦྱིན་པའོ། །གང་གི་
གོང་ན་བྱང་ཆུབ་གཞན་མེད་པ་ནི་བླ་ན་མེད་པ་སྟེ། དེའང་ཡང་དག་པ་ཕྱིན་ཅི་མ་ལོག་པར་རྫོགས་པ་མ་ལུས་པར་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱ་སྟེ། དགའ་བའོ་ཅོག་གི་ནང་ན་དེ་ནི་དགའ་བ་མཆོག་ཡིན་པས་དེ་ཐོབ་
པར་བྱ་བའི་ཕྱིར་འཇིག་རྟེན་པའི་དགའ་ཞིང་སྡུག་པའི་མཆོག་བུ་ཕོ་ལ་སོགས་པ་སྦྱིན་པ་སྟེ། འབྲས་བུ་གང་འདོད་པའི་ཕྱིར་དངོས་པོ་གང་སྦྱིན་པ་འོག་མ་དག་ལ་ཡང་ཅི་རིགས་སུ་སྦྱར་རོ། །གནས་གང་དུ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་རྣམས་གནས་ཤིང་འཛིན་པའི་
གནས་དེ་ནི་དམ་པའི་ཆོས་ཀྱི་མཛོད་དང་བང་བ་ཞེས་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་དང་དྲན་པ་གཉིས་ལ་བྱའོ། །བྱང་ཆུབ་ཉིད་སྙིང་པོ་ཡིན་པས་ན་བྱང་ཆུབ་ཀྱི་སྙིང་པོ་སྟེ། དེ་ཡང་ཇི་ལྟ་བུ་ཞིག་ཡིན་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་
Vol. 114 · folio 61a
ཐམས་ཅད་དང་ལྡན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡིན་ལ། དེ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་དབང་དང་ལྡན་པས་དམ་པའི་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བའི་ཆོས་བདག་མེད་པ་
རྟོགས་པའི་ཆོས་ལ་དགའ་ཞིང་མོས་པ་ཐོབ་པར་བྱ་བའི་ཕྱིར་ལུས་ཀྱི་བདེ་བ་དང་། སེམས་ཀྱི་དགའ་བ་དང་། རྒྱུད་སིམ་པར་བྱེད་པའི་རྩེད་མོ་ཐམས་ཅད་སྦྱིན་པའོ། །དམ་པའི་ཆོས་ཀྱི་རྐང་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་མ་གཏོགས་པ་ལྷག་མ་བདུན་ནམ་
བསླབ་པ་གསུམ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་མ་གཏོགས་པ་གཉིས་ལ་བྱའོ། །དམ་པའི་ཆོས་ཀྱི་ལག་པ་ནི་གདུལ་བྱ་སེམས་ཅན་ལ་དམ་པའི་ཆོས་བསྟན་ཏེ། དེ་བས་ན་སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་པའི་ལག་པ་བྱིན་ནས་ཁམས་གསུམ་གྱི་འདམ་ལས་དྲང་བར་བྱ་
བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་ནི་དད་པ་ལ་སོགས་པ་དང་། མིག་ལ་སོགས་པའོ། །སངས་རྒྱས་ཀྱི་སྤྱན་ནི་དོན་དམ་པ་རྟོགས་པའོ། །ཆོས་ཀྱི་སྤྱན་ནི་གསུང་རབ་ཀྱི་ཡན་ལག་རྣམས་རྟོགས་པའོ། །ཁམས་གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ནི་ཉན་ཐོས་དང་།
རང་སངས་རྒྱས་ཡིན་ལ་དེ་དག་གི་མཆོག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །སྙིང་པོ་མེད་པའི་ལུས་ནི་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ལྔ་ལ་བྱའོ། །སྙིང་པོ་མེད་པའི་ལུས་དེ་ལ་བརྟེན་ནས། སྙིང་པོ་དེ་ཆོས་ཀྱི་སྐུ་བླང་ཞིང་མྱ་ངན་ལས་འདས་པ་ཉེ་བར་འཚོ་
བར་བྱ་བའི་ཕྱིར་སྲོག་གནས་པའི་རྒྱུ་ཤ་དང་ཁྲག་ཡོངས་སུ་གཏོང་ཞེས་སྦྱར་རོ། །འཇམ་པ་ལ་སོགས་པ་ནི་པགས་པ་འཇམ་པ་ལ་སོགས་པའོ། །སངས་རྒྱས་ཀྱི་སྐུ་ནི་ནང་གི་ཉོན་མོངས་པ་དང་། ཕྱིའི་རླུང་ལ་སོགས་པས་གནོད་པ་བྱར་མེད་པའི་ཕྱིར། རྡོ་རྗེ་ལྟར་མི་ཤིགས་ཤིང་
སྲ་བ་དང་། སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་དོར་བའི་རང་བཞིན་རྣམ་པར་དག་པ་ཡང་སྦྱིན་པའི་སྐྱོན་རྣམ་པ་བཞི་སྤངས་པས་རིག་པར་བྱའོ། །སྦྱིན་པར་བྱ་བའི་དངོས་པོའི་སྐྱོན་དང་། བསམ་པའི་སྐྱོན་དང་། ལེན་པ་མགྲོན་དུ་གཉེར་བའི་སྐྱོན་དང་།
Vol. 114 · folio 61b
ལེན་པ་ལ་འབུལ་བའི་སྐྱོན་ནོ། །དེ་དག་ཀྱང་བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མི་མཐུན་པའི་ལོངས་སྤྱོད་པ་དང་། སེམས་ཅན་ལ་གནོད་པའི་སྦྱིན་པ་དང་། གཞན་
ཡང་དེ་དང་མཐུན་པ་དག་ནི་སྦྱིན་པར་བྱ་བའི་དངོས་པོའི་སྐྱོན་ནོ། །ང་རྒྱལ་བསྐྱེད་ཅིང་སྦྱིན་པ་ལ་སོགས་པ་ནི་བསམ་པའི་སྐྱོན་ནོ། །མགྲོན་དུ་གཉེར་ཏེ་ཡོངས་སུ་གཏོང་བ་ལ་སོགས་པ་ནི་ལེན་པ་མགྲོན་དུ་གཉེར་བའི་སྐྱོན་ནོ། །ཇི་སྐད་སྨྲས་པ་ལས་ཆུང་བའི་སྦྱིན་པ་ལ་སོགས་པ་ནི་ལེན་པ་
ལ་འབུལ་བའི་སྐྱོན་ཏེ། མདོའི་ཚིག་ལྷག་མ་རྣམས་ཀྱང་སྐྱོན་རྣམ་པ་འདི་བཞི་དང་མཐུན་མཐུན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སྐྱོན་དེ་དག་མེད་པས་ན་མི་མཐུན་པའི་ཕྱོགས་དོར་བའི་རང་བཞིན་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་མི་མཐུན་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བའི་
སྦྱིན་པ་ནི་བབ་ཅོལ་དང་། ཆོས་བཞིན་མ་ཡིན་པར་ལོངས་སྤྱོད་དག་བསྒྲུབས་ནས་གཞན་དག་ལ་སྦྱིན་པར་བྱེད་པ་སྟེ། དེ་ལྟ་བུའི་སྦྱིན་པ་བྱང་ཆུབ་སེམས་དཔའ་རྣམས་ལ་མེད་དོ་ཞེས་བྱ་བར་སྦྱར་ཏེ། དངོས་པོའི་སྐྱོན་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་མེད་པར་འོག་མ་དག་ལ་
ཡང་རྒྱ་ཆེར་སྦྱར་རོ། །སེམས་ཅན་ལ་གནོད་པའི་སྦྱིན་པ་ནི་ནད་ཀྱིས་གདུངས་པ་ལ་སོགས་པ་ནད་ཀྱི་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་གསོད་པར་བྱེད་པའམ། སྲོག་ཆགས་བསད་པའི་ཐབས་བསླབ་པ་སྦྱིན་པའམ། མཆོད་སྦྱིན་ངན་པ་ཡོ་ལང་ཆེན་པོ་གང་དུ་སྲོག་ཆགས་མང་པོ་
བསོགས་ནས་གསོད་པར་འགྱུར་བ་དེ་ལྟ་བུའི་མཆོད་སྦྱིན་ལ་སོགས་པ་བྱེད་ཅིང་སྦྱིན་པའོ། །སེམས་ཁེངས་པ་སྔོན་དུ་བྱས་ཏེ། ང་རྒྱལ་གྱི་བསམ་པས་གཏོང་བ་ནི་ང་རྒྱལ་བསྐྱེད་ཅིང་སྦྱིན་པ་ཞེས་བྱའོ། །སེམས་ཅན་དགྲ་བོས་འཇིགས་པ་དང་། སེམས་ཅན་མཛའ་བཤེས་ལ་
སྡུག་པ་དང་། སེམས་ཅན་ཐ་མལ་པ་ལ་མཛེས་པས་སྦྱིན་པ་བྱང་ཆུབ་སེམས་དཔའ་ལ་མེད་དོ། །སློང་བ་པོ་སྔར་མགྲོན་དུ་གཉེར་ལ་ཕྱིས་མི་གཏོང་བའི་སྦྱིན་པ་མེད་དོ། །ཇི་སྐད་སྨྲས་པ་དང་། ཇི་ལྟར་དམ་བཅས་པ་ལས་བསྙུངས་ཏེ། སྦྱིན་པ་མི་བྱེད་ཀྱི། མཚུངས་པའམ་
Vol. 114 · folio 62a
ལྷག་པར་བྱེད་པས་ཇི་སྐད་སྨྲས་པ་ལས་ཆུང་བའི་སྦྱིན་པ་མེད་དོ། །དངོས་པོ་བཟང་པོ་ཡོད་པ་ཐ་ཆད་དང་ངན་པ་སྦྱིན་པར་མི་བྱེད་དོ། །བདག་དང་གཞན་གཉི་ག་ལ་མི་མཁོ་བའི་དངོས་པོ་གཏོང་བ་ནི། ལྷག་པའི་བསམ་པ་མ་ཡིན་པས་སྦྱིན་པ་ཞེས་བྱའོ། །དངོས་པོ་
དམ་པ་སླང་བའི་ཕྱིར་ངན་པ་གཏོང་བ་ནི། གཡོ་སྒྱུའི་སྦྱིན་པའོ། །ནོར་བུ་དང་མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པ་འདྲ་བར་བཅོས་པ་སྦྱིན་པ་ནི་བཅོས་པའི་སྦྱིན་པའོ། །རོལ་མོའི་རྣམ་པར་སྨིན་པ་ལ་ཆགས་ཤིང་འཕྲལ་དུ་ཡང་རྩེད་མོའི་དགའ་བས་སེམས་གཡེངས་བཞིན་རོལ་མོ་བྱེད་པ་
རོལ་མོ་མཁན་ལ་གཏོང་བ་ནི་ལས་ཀྱི་རྣམ་པར་སྨིན་པ་དང་རྒོད་པས་སྦྱིན་པའོ། །སྨད་འཚོང་མ་ལ་སོགས་པའི་ཡན་ལག་སྤྱད་པའི་ཕྱིར་གཏོང་བ་ནི་ལོག་པའི་བསམ་པས་སྦྱིན་པའོ། །ལས་དང་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པའི་སྦྱིན་པ་ནི་གཏི་མུག་གི་བསམ་པས་སྦྱིན་པའོ། །
དངོས་པོ་འདི་ལ་མ་བཏང་ན་གདོན་མི་ཟ་བས་ཆད་པས་བཅད་པ་དང་བསད་པ་ལ་སོགས་པའི་གནོད་པ་མྱོང་བར་འགྱུར་རོ་སྙམ་ནས་གཏོང་བ་ནི། ཚོལ་བའི་བསམ་པས་སྦྱིན་པའོ། །རྟག་པར་ལྟ་བ་ལ་སོགས་པ་ལ་ཞེན་ནས་གཏོང་བ་ནི་ཕྱིན་ཅི་ལོག་གི་བསམ་པས་སྦྱིན་པའོ། །གཏོང་བ་ལ་
དགའ་བའི་བསམ་པ་མངོན་དུ་མ་གྱུར་བཞིན་དུ་གཏོང་བ་ནི་མ་དད་པར་སྦྱིན་པའོ། །དངོས་པོ་གཏོང་བར་མི་འདོད་བཞིན་དུ་གཏོང་བ་ནི་མི་དགའ་བར་སྦྱིན་པའོ། །དངོས་པོ་ལ་ཆགས་བཞིན་དུ་གཏོང་བ་ནི་ཉེ་བར་གནས་པའི་སྦྱིན་པའོ། །གང་ཟག་འདི་ལ་མ་སྦྱིན་ན་ཕ་མ་ལ་སོགས་པ་སུ་
ཡང་རུང་བ་བདག་ལ་མི་དགའ་བར་འགྱུར་རོ་སྙམ་ནས་གཏོང་བ་ནི་ངོར་བལྟས་ནས་སྦྱིན་པའོ། །འདི་ལ་ནི་སྦྱིན་འདི་ལ་ནི་མི་སྦྱིན་སྙམ་པའི་བསམ་པས་གཏོང་བ་ནི་སེམས་ཅན་ཐ་དད་པའི་སྦྱིན་པ་སྟེ་བསྟན་པའོ། །ཚིག་ལྷག་མ་གསུམ་ནི་བཤད་པ་སྟེ། འདི་ལ་སྦྱིན་ན་འབྲས་བུ་དང་ཕན་
ཡོན་ཆེ་བར་འགྱུར་སྙམ་ནས་དེ་ལ་གཏོང་བ་ནི། སྦྱིན་པའི་གནས་འདམ་ཞིང་སྦྱིན་པ་ཡིན་ལ། འདི་ལ་བྱིན་ན་འབྲས་བུ་དང་ཕན་ཡོན་ཆུང་བར་འགྱུར་སྙམ་ནས་གཏོང་བ་ནི་སྦྱིན་པའི་གནས་མ་ཡིན་པར་བརྙས་ཤིང་སྦྱིན་པ་སྟེ། བསམ་པའི་སྒོ་ནས་སེམས་ཅན་ཐ་དད་པར་དབྱེ་བ་དེ་ལྟ་བུ་
Vol. 114 · folio 62b
ཡང་མེད་ལ། ཚིག་གིས་ཀྱང་ཚུལ་ཁྲིམས་དང་ལྡན་པ་ལ། ཚུལ་ཁྲིམས་དང་ལྡན་པའོ་ཞེས་བསྟོད་པ་དང་། ཚུལ་ཁྲིམས་འཆལ་བ་ལ་ཚུལ་ཁྲིམས་འཆལ་བའོ་ཞེས་སྨད་དེ་མཐོ་དམན་དུ་ཕྱེ་ནས་སྦྱིན་པ་མེད་པར་སྦྱར་རོ། །འདི་ལ་འདི་ལྟ་བུ་ཞིག་སྦྱིན་ན། ཕྱིར་ཡང་དངོས་པོ་འགའ་ཞིག་
སྦྱིན་པར་འགྱུར་རོ་སྙམ་ནས་གཏོང་བ་ནི་ལན་ལ་རེ་བའི་སྦྱིན་པའོ། །གང་ཟག་འདི་ནི་སྦྱིན་པ་བྱེད་པ་གཏོང་ཕོད་པའོ་ཞེས་གྲགས་པ་ལ་སོགས་པ་འདོད་པའི་ཕྱིར་གཏོང་བ་ནི། གྲགས་པ་ལ་སོགས་པའི་ཕྱིར་སྦྱིན་པའོ། །བདག་ནི་གཏོང་ཕོད་ཅིང་སྦྱིན་པའི་བདག་པོ་ཡིན་གྱི་གཞན་ནི་དེ་ལྟ་
མ་ཡིན་ནོ་ཞེས་སྨྲ་ཞིང་གཏོང་བ་ནི། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པའི་སྦྱིན་པའོ། །བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་སྔ་རོལ་ཉིད་ནས་ཀྱང་ཡིད་དགའ་ལ། སྦྱིན་པའི་ཚེ་ན་ཡང་སེམས་དགའ་བར་བྱེད་ཅིང་། བྱིན་པས་ཀྱང་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་
བ་དང་། ཡིད་ལ་གཅགས་པ་དང་། འགྱོད་པའི་སྦྱིན་པ་མེད་པར་རིམ་བཞིན་སྦྱར་རོ། །སློང་བ་པོ་ལེགས་པར་འོངས་ན་སྐྱེན་པར་མི་སྦྱིན་པ་ནི། གནོད་པར་སྦྱིན་པའོ། །སློང་བ་པོའི་རིགས་དང་རུས་ལ་སོགས་པའི་སྐྱོན་བརྗོད་ནས་གཏོང་བ་ནི་གཞན་གྱི་རེ་བ་འབབ་པའི་སྦྱིན་པའོ། །
སྦྱིན་པ་བྱིན་ནས་སློང་བ་རྣམས་ལ་ཁྱོད་འདི་དང་འདི་ལྟར་ཕན་བཏགས་སོ་ཞེས་སྤྱོས་ཏེ་གཏོང་བ་ནི་སྨད་པ་སྦྱིན་པའོ། །སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་ཆགས་བཞིན་དུ་གཏོང་བ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་རེ་བའི་སྦྱིན་པའོ། །འདི་ཙམ་ཅིག་སྦྱིན་ནོ་ཞེས་གཏོང་བ་ནི་དཔགས་
ཏེ་སྦྱིན་པའོ། །དངོས་པོ་གང་ཐབས་ཇི་ལྟ་བུར་བཏང་ན་སློང་བ་པོའི་ཁྲོ་བ་ལ་སོགས་པ་སྐྱེད་པའི་སྦྱིན་པ་ནི་ཁྲོ་བ་ལ་སོགས་པ་སྐྱེད་པའི་སྦྱིན་པའོ། །སློང་བ་ཟས་ལ་བརྐམ་པ་དང་ནད་པ་ལ་སོགས་པ་ལ་ཧ་ཅང་བསོད་པ་དང་མང་དུ་སྦྱིན་པ་ནི་སློང་བ་རྣམས་གནོད་པའི་སྦྱིན་པའོ། །
སློང་བ་པོའི་ལུས་གཟུགས་དང་། ཆས་ལ་སོགས་པ་འཕྱས་བཏགས་ནས་མེ་ཏོག་ཕྲེང་ལ་སོགས་པ་ལྟར་དངོས་པོ་དེ་དག་མགོ་དང་མགྲིན་པ་ལ་སོགས་པར་བཏགས་ཤིང་བཅིངས་ནས་གཏོང་བ་ནི་འཕྱ་བ་དང་ཅོ་འདྲི་བའི་སྦྱིན་པའོ། །ཕྱིན་ཕྱོགས་སུ་བྱིན་པ་ནི་ས་ལ་སོགས་པ་ནི་དངོས་
Vol. 114 · folio 63a
སུ་ཟད་དོ། །ཆེད་འགའ་གཏོང་ཆེད་འགའ་མི་གཏོང་བ་ནི་མི་རྟག་པའི་སྦྱིན་པའོ། །སྦྱིན་པ་ལ་མ་གོམས་པས་གང་གི་ཚེ་སློང་བ་པོ་འོངས་པ་དེ་དང་དེའི་ཚེ་སྦྱིན་པའི་ཚུལ་ལ་མ་བྱང་བར་གཏོང་བ་ནི་ཤིན་ཏུ་མ་སྦྱངས་པའི་སྦྱིན་པའོ། །གང་ཟག་དེ་ཡང་གཏོང་བར་བྱེད་ན་བདག་
གིས་ཅིའི་ཕྱིར་མི་གཏོང་ཞེས་གཏོང་བ་ནི་གཞན་ལ་སྙོགས་པའི་སྦྱིན་པའོ། །བདག་ཉིད་ཚེའི་མཆོད་རྟེན་དང་། བྲན་གཡོག་ལ་སོགས་པའི་ཕྱིར་གཏོང་བ་ནི་ཡོངས་སུ་ཆད་པར་བྱས་ཏེ་སྦྱིན་པའོ། །མང་དུ་གཟས་པ་ལས་ཉུང་ངུ་གཏོང་བ་ནི་ཇི་ལྟར་བསྟབས་པ་ལས་ཆུང་བའི་སྦྱིན་པའོ། །གཏང་
བར་བྱ་བའི་དངོས་པོ་ངེས་པར་གཏང་བར་བྱ་བར་བསམས་པ་ལས། ཆགས་པའི་དབང་དུ་གྱུར་བཞིན་དུ་གཏོང་བ་ནི་སྤྲོ་བ་ལས་མི་སྤྲོ་བར་གྱུར་པའི་སྦྱིན་པའོ། །བཀྲེན་ཞིང་ཕོངས་པའི་སློང་བ་པོ་ཡོད་བཞིན་དུ། ཞིང་མ་ཡིན་ནོ་སྙམ་ནས་བཀྲེན་པ་མ་ཡིན་ཞིང་ཕོངས་པ་མ་ཡིན་པ་ལ་གཏོང་བ་ནི་
སེམས་ཅན་ཞིང་མ་ཡིན་ཞེས་སྦྱིན་པའོ། །བྱང་ཆུབ་སེམས་དཔའ་ནི་གཏང་བར་བྱ་བའི་དངོས་པོ་ཆེ་ཆུང་ཅི་བདོག་པ་གཏང་བར་བྱ་བ་ཡིན་པས་དངོས་པོ་ཆུང་ངུ་ལ་བརྙས་ཤིང་སྦྱིན་པར་ཡང་མི་བྱེད་ལ། དངོས་པོ་སྙིང་པོ་མེད་པར་རིགས་པས་རྒྱ་ཆེན་པོ་ལ་སྙེམས་ཤིང་སྦྱིན་པར་ཡང་མི་བྱེད་དོ། །
སྦྱིན་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ལས་གཞན་དུ་བསྔོ་བ་ནི་ལོག་པར་བསྒྲུབ་པའི་སྦྱིན་པ་སྟེ། དེ་ཡང་སྐྱེ་བར་འདོད་པའི་སྦྱིན་པ་ཞེས་བྱ་བས་བཤད་དེ། སྦྱིན་པའི་རྣམ་པར་སྨིན་པས་སྐྱེ་བ་གང་ཡང་རུང་བར་སྨིན་པ་ལ་སྐྱེ་བར་འདོད་པ་ཞེས་བྱའོ། །གང་དག་ཏུ་སྐྱེ་བར་འདོད་པ་ནི་
གཟུགས་དང་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ཚིག་ཕྱི་མ་རྣམས་ཀྱིས་བཤད་དེ། དེ་ལ་གཟུགས་བཟང་པོ་དང་། ལོངས་སྤྱོད་ཆེན་པོ་དང་། དབང་ཕྱུག་ཆེན་པོ་ལ་མངོན་པར་དགའ་བས་སྦྱིན་པ་གཏོང་བ་ནི་མིའི་ནང་དུ་སྐྱེ་བར་འདོད་པའོ། །བརྒྱ་བྱིན་ལ་སོགས་པར་སྐྱེ་བར་སྨོན་ཅིང་སྦྱིན་
པ་བཏང་བ་ནི་ལྷའི་ནང་དུ་སྐྱེ་བར་འདོད་པའོ། །གཞོན་ནུ་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་མ་ཐོབ་པའོ། །ཚེ་འདི་ཉི་ཚེ་ལ་སྦྱིན་པ་གཏོང་བ་ནི་ཚེ་གཅིག་ཏུ་ཟད་པའི་སྦྱིན་པ་སྟེ། བྱང་ཆུབ་སེམས་དཔའ་ནི་ཚེ་གཅིག་སྦྱིན་པ་བཏང་བ་ཙམ་གྱིས་ཆོག་པར་མི་འཛིན་པས་ཕྱིན་ཆད་ཆོག་ཅིང་མི་བདོག་པའི་སྦྱིན་པ་མེད་
Vol. 114 · folio 63b
ཅེས་བྱ་བར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ནི་རྣམ་པར་སྨིན་པ་ལ་མི་ལྟ་ཞིང་། སེམས་ཅན་ཐམས་ཅད་ལ་ལྟ་བས་སྦྱིན་པ་ལ་སོགས་པ་བསོད་ནམས་ཐམས་ཅད་ཚེ་རབས་གཅིག་ནས་གཅིག་ཏུ་ཁྱད་པར་དུ་འགྱུར་ཞིང་རྒྱུ་མཐུན་པའི་འབྲས་བུ་འབྱུང་བར་བསྔོའོ། །ལོངས་སྤྱོད་ཕུན་སུམ་
ཚོགས་པ་ལ་སོགས་པའི་ཕྱེད་དུ་ནི་མི་བསྔོ་ལ། དེ་ལྟར་སྦྱིན་པའི་ཚོགས་བསགས་པ་ཡང་ཐམས་ཅད་མཁྱེན་པ་ལས་གཞན་དུ་མི་བསྔོ་བས། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སུ་མ་བསྔོས་པའི་སྦྱིན་པ་མེད་དོ་ཞེས་གསུངས་སོ། །སྡོམ་བརྩོན་པ་རྣམས་ལ་ཟས་དང་སྐོམ་ལྷག་པར་
འགྱུར་བའམ། སྒོག་བཙོང་དང་ཤ་ཆང་མི་ཟ་ཞིང་མི་མཐུན་པ་དག་ལ་དེ་དག་བསྲེས་ཤིང་འབགས་པ་གཏོང་བ་ནི་རུང་བ་མ་ཡིན་པའི་སྦྱིན་པའོ། །རང་གི་གཡོག་འཁོར་ལ་སོགས་པ་མ་བྱིན་པར་དང་པོ་གཞན་དག་ལ་གཏོང་བ་ནི་དུས་ལ་མ་བབ་པར་སྦྱིན་པའོ། །དུག་དང་མཚོན་སྦྱིན་པའི་ནང་
དུ་ཆང་སྦྱིན་པ་ཡང་བསྡུའོ། །ལུག་ལ་སོགས་པ་བསད་དེ་ཤ་ཁྲག་ལ་སོགས་པ་ནི་སེམས་ཅན་ལ་ཐོ་འཚམས་ཤིང་སྦྱིན་པའོ། །དེ་ལྟར་མི་མཐུན་པའི་ཕྱོགས་དོར་བའི་རབ་ཏུ་དབྱེ་བ་རྒྱ་ཆེར་བཤད་ནས། མདོར་བསྡུས་ནས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་
ནི་མཁས་པས་སྨད་པ་མེད་དོ་ཞེས་གསུངས་ཏེ། སྦྱིན་པ་གང་ཚེ་འདི་ལ་བདེ་ཡང་ཚེ་ཕྱི་མ་ལ་མི་ཕན་པར་འགྱུར་བ་དང་། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་མི་བདེ་ཞིང་མི་ཕན་པར་འགྱུར་བ་དང་། ཚེ་འདི་ལ་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་དང་བཅས་པ་དང་།
ཚེ་འདི་དང་ཕྱི་མ་ལ་ཁ་ན་མ་ཐོ་བ་དང་བཅས་པའི་སྦྱིན་པ་ནི། མཁས་པས་སྨད་པ་ཞེས་བྱ་སྟེ། དེ་ལྟ་བུའི་སྦྱིན་པ་བྱང་ཆུབ་སེམས་དཔའ་ལ་མེད་དོ། །གཉེན་པོ་ཡོངས་སུ་བཟུང་བའི་རང་བཞིན་རྣམ་པར་དག་པ་ནི་གཉེན་པོ་རྣམ་པ་གསུམ་ཡོངས་སུ་བཟུང་བས་རིག་པར་བྱ་སྟེ། འཇིག་
རྟེན་པའི་གཉེན་པོ་དང་། འཇིག་རྟེན་ལས་འདས་པ་སློབ་པའི་གཉེན་པོ་དང་། བླ་ན་མེད་པའོ། །དེ་ལ་སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་བསྒྲུབས་པ་ཞེས་བྱ་བ་ནས། ཁམས་གསུམ་པ་དང་མ་འདྲེས་པ་སྟེ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་པའི་གཉེན་པོ་བསྟན། སྦྱིན་པ་དེ་ནི་འབྲས་བུ་
Vol. 114 · folio 64a
རྒྱུ་མཐུན་པ་རྣམ་པར་གྲོལ་བ་ཞེས་བྱ་བ་ནས། བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པ་སྟེ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་ལས་འདས་པ་སློབ་པའི་གཉེན་པོ་བསྟན། སྦྱིན་པ་དེ་ནི་ཡང་དག་པར་བསྔོས་པ་ཞེས་བྱ་བ་ནས། སྦྱིན་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་
ཤེས་ལ་བཏང་བ་སྟེ་ཞེས་བྱ་བའི་བར་གྱིས་བླ་ན་མེད་པ་བསྟན་ཏོ། །སྦྱིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པས་བསྒྲུབས་པ་ཞེས་བྱ་བ་ལ་སོགས་པས་སྦྱིན་པ་དེ་དག་རྣམ་པར་ཐར་པའི་སྒོ་གསུམ་གྱིས་བསྐྱེད་ཅིང་དེ་དག་དང་མ་བྲལ་བར་སྤྱད་པས་འཇིག་རྟེན་པའི་སྦྱིན་པ་དངོས་པོ་དང་མཚན་མར་བཟུང་
ནས་བྱིན་པ་ལྟར་དེ་དག་མི་ཟད་དེ་སྟོང་པ་ཉིད་ལ་སོགས་པ་ལྟར་ན་ནམ་ཡང་མི་ཟད་ཅེས་བྱ་བའི་དོན་ཏོ། །མངོན་པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་ཆོས་ཡང་དག་པའི་མཐའ་ལ་བྱ་སྟེ། དེ་ཐོབ་པའི་ཕྱིར་བསྔོས་པས་ན་མི་ཟད་པའོ། །ཡང་དག་པར་ཟིན་པས་ནི་
ཕྱིན་ཅི་མ་ལོག་པར་ཟིན་པ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་བཞིན་ཡིད་ལ་བྱེད་པས་ཟིན་ཞེས་བྱ་བའི་ཐ་ཚིག་གོ། །ཁམས་གསུམ་པ་དང་མ་འདྲེས་པ་ནི་ཁམས་གསུམ་པ་དེ་དང་། དེ་དག་གིས་སྲེད་པས་བདག་གིས་མ་བྱས་པའོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྣམ་
པར་གྲོལ་བའི་སྐུ་ལ་བྱ་བར་འདོད་དེ། དེ་སྦྱིན་པ་ལ་སོགས་པའི་ཚོགས་ཀྱིས་འགྲུབ་ལ། དེ་ལས་ཀྱང་སྦྱིན་པ་རྒྱུན་མི་འཆད་པར་འབྱུང་བས་སྦྱིན་པ་དེ་ནི་འབྲས་བུ་རྒྱུ་མཐུན་པས་རྣམ་པར་གྲོལ་བ་སྟེ། དེའི་ཕྱིར་མི་ཟད་པ་ཞེས་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་
ནི་བདུད་རྣམས་ཚར་གཅོད་པར་འགྱུར་བས་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གཏོགས་པས་ལྷའི་བུའི་བདུད་ལ་སོགས་པ་ཚར་གཅོད་ཅིང་དེ་དག་གིས་མེད་པའི་བྱར་མི་ནུས་པས་ན་སྦྱིན་པ་དེ་ནི་བདུད་ཐམས་ཅད་ཤིན་ཏུ་ཚར་གཅོད་པ་སྟེ་དེའི་ཕྱིར་མི་ཟད་པ་
ཞེས་བྱའོ། །སེར་སྣ་དང་བདག་དང་གཞན་དུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་མི་གནས་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཟད་པར་བྱ་བར་མི་ནུས་པས་ན་མི་ཟད་པར་སྦྱར་རོ། །ས་དང་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ཐོབ་པར་འགྱུར་བས་ན་ཁྱད་
Vol. 114 · folio 64b
པར་འགྲོ་བ་ཞེས་བྱའོ། །ཁ་ཅིག་གི་སྦྱིན་པ་ཡིན་ཡང་དུག་དང་མཚོན་ལ་སོགས་པ་སྐྱོན་དང་བཅས་པ་ལྟ་བུ་མ་ཡིན་གྱི་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་གཅིག་ཏུ་ཁ་ན་མ་ཐོ་བ་མེད་པས་ན་ལེགས་པར་བྱས་པ་ངེས་པའོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ལམ་ནི་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་ཡིན་ལ་སྦྱིན་པ་ཉིད་བསོད་ནམས་ཀྱི་ཚོགས་སུ་གཏོགས་པས་བྱང་ཆུབ་ཀྱི་ལམ་གྱི་ཚོགས་བསགས་པའོ། །གོང་དུ་བསྔོ་བར་བྱ་བ་དེར་བསྔོས་པ་ནི་ཡང་དག་པར་བསྔོས་པའོ། །སྦྱིན་པ་དེ་ནི་བྱང་ཆུབ་སྙིང་པོ་རྒྱན་བཀོད་པ་རྣམ་པར་གྲོལ་བ་རྒྱུ་མཐུན་པའི་འབྲས་བུ་སྟེ་
ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོ་ནི་མངོན་པར་སངས་རྒྱས་པའོ། །དེའི་རྒྱན་བཀོད་པ་ནི་གང་གིས་བྱང་ཆུབ་དེ་ཐོབ་པའི་རྒྱུ་དེ་སྦྱིན་པ་ལ་བྱའོ། །དེའི་ཕྱིར་རྣམ་པར་གྲོལ་བ་འབྲས་བུར་གྱུར་པ་དང་མཐུན་པའི་རྒྱུ་ཡིན་པས་ན་རྣམ་པར་གྲོལ་བ་རྒྱུ་མཐུན་པའི་འབྲས་བུ་ཞེས་བྱའོ། །བྱང་ཆུབ་
སེམས་དཔའི་སྦྱིན་པ་ནི་ཚེ་འདི་དང་ཚེ་རབས་གཞན་དུ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་པས་དེའི་ཕྱིར་མི་ཟད་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་འདི་ཙམ་མོ་ཞེས་ཚད་གཟུང་བར་མི་ནུས་པས་ན་མུ་མེད་པའོ། །ནམས་ཀྱང་ཟད་ཅིང་འབྲི་བ་མེད་པས་ན་ཡོངས་སུ་མི་འབྲི་བའོ། །
སྦྱིན་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་སུ་ཡང་མ་གྱུར་པས་ཀུན་ཏུ་མི་གཏོགས་པའོ། །འདས་པའི་དུས་སུ་སྦྱིན་ལ་མ་འོངས་པའི་དུས་སུ་མི་སྦྱིན་པ་མེད་པས་ཡོངས་སུ་མ་ཆད་པའོ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་འདྲ་བར་གཏོང་བས་ན་ཡངས་པའོ། །སྦྱིན་པའི་
འབྲས་བུ་ལ་མ་ཆགས་པས་ན་མི་གནས་པའོ། །མ་འོངས་པའི་འཁོར་བའི་བར་དུ་ཐུག་པ་མེད་པས་ན་ཐུག་པ་མེད་པའོ། །སྡིག་པ་མི་དགེ་བའི་ཆོས་དང་མ་འདྲེས་པས་ན་ཁ་ན་མ་ཐོ་བ་མེད་པའོ། །སུས་ཀྱང་སྐྱོན་གདགས་སུ་མེད་པས་ན་མ་སྐུར་བའོ། །སྦྱིན་པའི་མི་མཐུན་པའི་ཕྱོགས་
སེར་སྣའི་དབང་དུ་མི་འགྱུར་བས་ན་མི་ཐུལ་བའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་འཇིག་རྟེན་པ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་སྦྱིན་པ་དང་། འཇིག་རྟེན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱིན་པས་ཟིལ་གྱིས་མ་ནོན་པས་ན་ཟིལ་གྱིས་མི་ནོན་པའོ། །ཐམས་ཅད་
Vol. 114 · folio 65a
མཁྱེན་པ་ཉིད་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོས་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཏང་བ་སྟེ། རྣམ་པ་དེ་དག་གི་ཕྱིར་མི་ཟད་པ་ཡང་མཐུན་མཐུན་དུ་སྦྱར་རོ། །སྦྱིན་པ་མི་ཟད་པ་བཤད་ཟིན་ཏོ།། །།ཚུལ་ཁྲིམས་མི་ཟད་པ་ལ་
གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་བཞིན་བྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་ལ་ཚུལ་ཁྲིམས་མི་ཟད་པ་ཡང་རྣམ་པ་ལྔ་སྟེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱི་ཚུལ་ཁྲིམས་དང་། ལམ་གཉིས་ཀྱི་མཚན་ཉིད་ཀྱི་ཚུལ་ཁྲིམས་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཀྱི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་
ཀྱི་མི་མཐུན་པའི་ཕྱོགས་རྣམ་པར་དག་པས་ཟབ་པའི་ཚུལ་ཁྲིམས་སོ། །དེ་ལ་རྣམ་པ་དྲུག་ཅུ་རྩ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་མི་ཟད་པ་ཡིན་ནོ་ཞེས་བྱ་བས་ནི་སེམས་ཅན་ཐམས་ཅད་ལ་མི་གནོད་པ་ལ་སོགས་པ་རྣམ་པ་དྲུག་ཅུ་རྩ་ལྔ་
ལྟ་བུའི་ཚུལ་གྱིས་ཡོངས་སུ་དག་པས་ན་སེམས་ཅན་གཞན་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལྟར་རྒྱུན་ཆད་པར་མི་འགྱུར་བའི་ཕྱིར་མི་ཟད་པ་བསྟན་ཏོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་
དོན་བྱ་བའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སེམས་ཅན་ཐམས་ཅད་ལ་མི་གནོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱང་མདོར་བསྡུས་ན་རྣམ་པ་བཞིས་བསྟན་ཏེ། ཉེས་པར་
སྤྱོད་པ་ལ་ཕྱིར་ལོག་པ་དང་། བདག་ཉིད་འཕགས་པའི་ཚུལ་ཁྲིམས་ཀྱི་སྣོད་དུ་རུང་བ་དང་། མི་མཐུན་པའི་ཕྱོགས་སྤངས་པ་དང་། གཉེན་པོའི་ཕྱོགས་ཡོངས་སུ་བཟུང་བས་བསྟན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་རང་གི་ལུས་དང་སྲོག་ཀྱང་གཏོང་བར་བྱེད་
Vol. 114 · folio 65b
ན་བདག་གི་དོན་དུ་སེམས་ཅན་ཕ་རོལ་པོའི་སྲོག་གཅོད་པ་ལྟ་ག་ལ་བྱེད་པས་སེམས་ཅན་ཐམས་ཅད་ལ་མི་གནོད་པ་དང་། རང་གི་ལོངས་སྤྱོད་ཀྱང་གཞན་ལ་གཏོང་བར་བྱེད་ན་གཞན་གྱི་ལོངས་སྤྱོད་མ་བྱིན་པར་ལྟ་ག་ལ་ལེན་པས་གཞན་གྱི་ལོངས་སྤྱོད་དག་ལ་མི་རྐུ་བ་དང་། ཚེ་རབས་
ཐམས་ཅད་དུ་ཚངས་པར་སྤྱོད་པའི་ཕྱིར་བདག་གི་ཆུང་མ་ཡང་སེམས་ཅན་འདོད་པ་ལ་ཡོངས་སུ་གཏོང་ན་གཞན་གྱི་ཆུང་མ་ལ་ལྟ་ཆགས་པར་ག་ལ་བྱེད་པས་གཞན་གྱི་ཆུང་མ་དག་ལ་མ་ཆགས་པ་དང་། བྱང་ཆུབ་སེམས་དཔའ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད། དེ་བཞིན་དུ་སྨྲ་ཞིང་གཞན་དུ་
སྒྲུབ་པ་མ་ཡིན་པས་སེམས་ཅན་ཐམས་ཅད་ལ་མི་སླུ་བ་དང་། ཕ་རོལ་པོའི་འཁོར་བདག་གིར་བྱ་བའི་ཆེད་དུ་ཕ་བི་ལ་བླངས་ནས་ཚུ་བི་ལ་སྙོད་པ་དང་། ཚུ་བི་ལ་བླངས་ནས་ཕ་བི་ལ་སྙོད་པར་མི་བྱེད་པའི་ཕྱིར་བདག་གི་འཁོར་གྱིས་ཆོག་པར་འཛིན་པས་ཕྲ་མ་མེད་པ་དང་། ཕ་རོལ་པོས་
ངན་དུ་སྨྲས་ཤིང་ཆོ་རིགས་ལ་སོགས་པའི་སྒོ་ནས་ཞེར་འདེབས་པའི་ཚིག་མི་སྨྲ་བའི་ཕྱིར་ཚིག་དྲག་པོ་བཟོད་པས་མི་བརླང་བ་དང་། རྒྱལ་པོའི་གཏམ་དང་། རྐུན་པོའི་གཏམ་ལ་སོགས་པའི་ཚིག་དོན་མེད་པ་མི་སྨྲ་སྟེ། ཚིག་ཤིན་ཏུ་སྤོང་བས་ཚིག་རྐྱལ་པ་མི་སྨྲ་བ་དང་། བྱང་ཆུབ་
སེམས་དཔའ་ནི་ཕ་རོལ་པོའི་ལོངས་སྤྱོད་ཀྱི་བདེ་བ་དང་ལྡན་པར་སྨོན་ཅིང་། གཞན་བདེ་བ་ལ་དགའ་བས་ཕ་རོལ་པོའི་ལོངས་སྤྱོད་བདག་གིར་བྱ་བར་བརྣབ་སེམས་མེད་པ་དང་། འཕྲལ་དུ་ངན་དུ་བརྗོད་པ་དང་། ལྐོག་ནས་ངན་དུ་སྨྲས་པའི་ཚིག་གི་ལན་བཟོད་པས་གནོད་སེམས་མེད་པ་
དང་། མུ་སྟེགས་ཅན་ལ་སོགས་པ་སྟོན་པ་གཞན་གྱི་བསྟན་པ་མེད་པས་ཡང་དག་པར་ལྟ་བ་སྟེ། མི་དགེ་བ་བཅུ་སྤངས་པ་དེ་དག་གིས་ནི་ཉེས་པར་སྤྱོད་པ་ལས་ཕྱིར་ལྡོག་པ་བསྟན་ཏོ། །ཇི་ལྟར་ན་སྟོན་པ་གཞན་གྱིས་བསྟན་པ་མེད་པ་ནི་སེམས་ལ་རྙོག་པ་མེད་པས་སངས་རྒྱས་
ལ་དད་པ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་ན་དེ་བཞིན་གཤེགས་པ་བཞུགས་སམ་མི་བཞུགས་ཞེས་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་བ་ནི་ཆུ་རྙོག་པ་དང་འདྲ་བས་སེམས་ལ་རྙོག་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཐེ་ཚོམ་མེད་དེ། སེམས་ལ་རྙོག་པ་མེད་པས་སངས་རྒྱས་ལ་
Vol. 114 · folio 66a
དད་པ་ཞེས་བྱ་སྟེ། ནོར་བུ་ཆུ་འདང་བཞིན་དུ་སེམས་ལ་ཐེ་ཚོམ་གྱི་རྙོག་པ་མེད་པའི་ཕྱིར་སྟོན་པ་གཞན་གྱིས་བསྟན་པ་ལ་ཡིད་ཆེས་པ་མེད་དོ། །འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཀྱིས་བརྗོད་དུ་མེད་པ་ཆོས་ཉིད་ཀྱི་ཆོས་དེ་ནི་ཚད་མ་ཐམས་ཅད་ཀྱིས་སུན་མི་
ཕྱིན་ཅིང་གྲུབ་པ་ཡིན་ཏེ། དམ་པའི་ཆོས་ལ་དད་པ་ཞེས་བྱའོ། །འཕགས་པའི་ཚོགས་ཐམས་ཅད་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བརྒྱད་དང་། མོས་པས་སྤྱོད་པའི་ས་ལ་གནས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། དེ་དག་ལ་དགའ་ཞིང་དད་པས་དགེ་
འདུན་ལ་དད་པ་ཞེས་བྱའོ། །བླ་མ་མཁན་པོ་དང་སློབ་དཔོན་ལ་སོགས་པ་སྟེ་དེ་དག་ལ་ལུས་ཀྱིས་འདུད་པ་དང་། ངག་གིས་གསོང་པོར་སྨྲ་བ་ནི་བླ་མ་ལ་གུས་པས་སྲིད་ཞུ་ཆེ་བ་སྟེ། འདི་དང་དཀོན་མཆོག་གསུམ་ལ་ཡན་ལག་ལྔས་ཕྱག་འཚལ་བས་ལུས་རབ་ཏུ་འདུད་པ་གཉིས་ནི་
དད་པར་འགྱུར་བའི་སྦྱོར་བ་སྟེ། ཚིག་དེ་ལྔས་ནི་བདག་ཉིད་འཕགས་པའི་ཚུལ་ཁྲིམས་ཀྱི་སྣོད་དུ་རུང་བ་བསྟན་ཏོ། །ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བ་ནི། བསླབ་པའི་གཞི་ཕྲན་ཚེགས་ལ་ཡང་ངན་སོང་གི་རྒྱུ་ཡིན་པར་མཐོང་སྟེ། འཇིགས་པར་ལྟ་བས་ཚུལ་
ཁྲིམས་མི་ལྷོད་པ་ཞེས་བྱ་སྟེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་དུག་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོ་འཆི་བར་བྱེད་དོ། །དེ་བཞིན་དུ་སྡིག་པ་ཆུང་ངུས་ཀྱང་ངན་སོང་དུ་ལྟུང་ལ་སྡིག་པ་ཆེན་པོས་ཀྱང་ངན་སོང་དུ་ལྟུང་ངོ་ཞེས་གསུངས་པ་བཞིན་དུ་སྒྲུབ་པའི་ཕྱིར་རོ། །ཐེག་པ་གཞན་
ལ་མི་བསྟན་པ་ནི་ཐེག་པ་གཞན་དུ་སེམས་མ་བསྐྱེད་ཅིང་མ་བསྔོས་པ་སྟེ། རང་བཞིན་མ་བོར་བས་ན་ཚུལ་ཁྲིམས་མ་རལ་བ་ཞེས་བྱའོ། །ཚུལ་ཁྲིམས་མ་ཉམས་པ་གང་གིས་ངན་སོང་གསུམ་ལ་སོགས་པའི་གནས་སུ་སྐྱེ་བ་མེད་པས་ན་ཉམས་ང་བར་སྐྱེ་བ་སྤོང་བས་ཚུལ་ཁྲིམས་མ་ཉམས་པ་
ཞེས་བྱའོ། །ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་སྐྱེ་བོ་མི་སྲུན་པ་ལ་སོགས་པ་དང་། མ་འདྲེས་པས་ཚུལ་ཁྲིམས་མ་འདྲེས་པ་ཞེས་བྱའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་མ་འདྲེས་ཤིང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དཀར་པོའི་ཆོས་ཕྱོགས་གཅིག་ཏུ་འཕེལ་བས་ཚུལ་
Vol. 114 · folio 66b
ཁྲིམས་མ་འཆོལ་བ་ཞེས་བྱ་སྟེ། ཚིག་དེ་ལྔས་མི་མཐུན་པའི་ཕྱོགས་སྤངས་པ་བསྟན་ཏོ། །སོ་སོར་རྟོག་པའི་སྟོབས་དང་བསྒོམ་པའི་སྟོབས་ལ་འདྲིས་པས་ཚུལ་ཁྲིམས་ཉམས་པར་འགྱུར་བའི་ཉོན་མོངས་པ་དང་མི་དགེ་བའི་བཤེས་གཉེན་གྱི་དབང་དུ་མི་འགྲོ་ཞིང་ཇི་ལྟར་འདོད་པ་བཞིན་དུ་འགྲོ་
བས་འཕགས་པའི་ཚུལ་ཁྲིམས་ཞེས་བྱའོ། །མཁས་པ་ནི་འཕགས་པ་རྣམས་སོ། །ཚུལ་ཁྲིམས་ཇི་ལྟར་བླངས་པའི་དྲན་པས་ཚུལ་ཁྲིམས་མ་ཉམས་པར་བསྲུངས་ལ། ཉོན་མོངས་པ་དང་བཅས་པའི་ཉེས་པ་དང་། ཉོན་མོངས་པ་མེད་པའི་ཉེས་པ་ལ་སོགས་པ་ཤེས་བཞིན་གྱིས་
རྟོགས་པར་བྱ་སྟེ། ཉེས་པ་བྱུང་ངོ་ཅོག་ཚུལ་བཞིན་དུ་འཆོས་པ་ནི་རྣམ་པ་མཆོག་གི་ཚུལ་ཁྲིམས་ཞེས་བྱ་སྟེ། ཚུལ་ཁྲིམས་ཇི་ལྟར་བླངས་པ་བཞིན་དུ་བསྲུང་བ་དང་། ཉེས་པ་བྱུང་ངོ་ཅོག་ཕྱིར་འཆོས་པ་གཉིས་ཀྱིས་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་ཕྱིར་རོ། །རྒྱལ་རིགས་དང་
བྲམ་ཟེའི་རིགས་ལ་སོགས་པའི་འཁོར་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། གང་གི་སྒོ་ནས་ཀྱང་སྐྱོན་གདགས་སུ་མེད་པས་ན་མ་སྨད་པའི་ཚུལ་ཁྲིམས་ཞེས་བྱའོ། །མིག་ལ་སོགས་པའི་དབང་པོ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བར་འགྱུར་བའི་ཡུལ་རང་དགར་མི་གཏོང་སྟེ།
དབང་པོ་བསྲུངས་པས་ཤིན་ཏུ་སྦས་པའི་ཚུལ་ཁྲིམས་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཆོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། དེ་དག་གི་རྒྱུ་དང་འབྲས་བུ་མ་ལུས་པ་ལ་སེམས་པས། རྣམ་པར་གྲགས་པའི་ཚུལ་ཁྲིམས་དེ། །ཐེག་པ་ཀུན་
ལ་རྣམ་པར་གྲགས། །ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་དང་ཆོས་གོས་ལ་སོགས་པས་རབ་ཏུ་བྱུང་བ་ལ་འོས་པ་ནི་རུང་བ་སྟེ། དེ་དག་མང་པོར་རྙེད་ཀྱང་ཇི་ཙམ་དགོས་པ་ཉི་ཚེ་ལེན་ཏེ། ཆོག་ཤེས་པས་འདོད་པ་ཆུང་བའི་ཚུལ་ཁྲིམས་ཞེས་བྱའོ། །ལྷུང་བཟེད་དང་ཆོས་གོས་
ལ་སོགས་པ་ངན་ངོན་གྱིས་ཆོག་ཤེས་ཤིང་མང་པོ་དང་བཟང་པོ་མ་རྙེད་ན་ཡང་གདུང་བ་མེད་པ། རྙེད་ན་ཡང་ཞེན་པ་དང་བཅས་པ་མེད་པར་ལོངས་སྤྱོད་དེ། དེ་ལྟར་ཆགས་པ་སྤོང་བས་ཆོག་ཤེས་པའི་ཚུལ་ཁྲིམས་ཞེས་བྱའོ། །འདུ་འཛིའི་ནང་ན་མི་གནས་པ་དང་། འདོད་པ་ལ་
Vol. 114 · folio 67a
འདུན་པ་ལ་སོགས་པ་ལ་མི་རྟོག་པ་ནི་སེམས་དབེན་པ་སྟེ། དེ་ལྟར་ཚུལ་ཁྲིམས་ཉམས་པར་འགྱུར་བའི་རྒྱུ་དང་བྲལ་བས་རང་བཞིན་གྱིས་དབེན་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། གོང་མ་གཉིས་ཀྱང་གང་ཟག་འདི་ལྟ་བུས་བསྒྲུབ་པར་ནུས་སོ་ཞེས་སྟོན་ཏོ། །ཇི་ལྟར་ལུས་
དབེན་པ་ནི་འདུ་འཛིའི་རྣམ་པར་སྤོང་བས་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཞེས་བྱ་བས་བསྟན་ཏོ། །ཇི་ལྟར་སེམས་དབེན་པ་ནི་གཞན་གྱི་ངོར་མི་ལྟ་བས་འཕགས་པའི་རིགས་ཀྱིས་ཆོག་ཤེས་པའི་ཚུལ་ཁྲིམས་ཞེས་བྱ་བས་བསྟན་ཏེ། གཞན་གྱི་ངོ་མི་ཆོད་པ་ཙམ་གྱི་ཕྱིར་ཚུལ་ཁྲིམས་
བསྲུང་བ་མ་ཡིན་གྱི། རང་གི་སེམས་སྙིང་ཐག་པ་ནས་འདོད་པ་ལ་འདུན་པ་ལ་སོགས་པ་ལས་དབེན་པར་དགའ་སྟེ། ཚུལ་ཁྲིམས་སྲུང་ཞེས་བྱ་བའི་ཐ་ཚིག་གོ། །དགོན་པ་ལ་གནས་པ་དང་། འཕགས་པའི་རིགས་ཀྱིས་ཚུལ་ཁྲིམས་དེ་གཉིས་ཀྱང་གང་གིས་བསྒྲུབ་པར་ནུས་
ཤེ་ན། དགེ་བའི་རྩ་བ་བདག་གི་ཁ་ན་ལས་པས་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་ཚུལ་ཁྲིམས་ཞེས་གསུངས་ཏེ། དགེ་བའི་རྩ་བ་རྣམས་ནི་བདག་ཉིད་ཀྱིས་བྱ་བ་ཡིན་པས་སྦྱངས་པའི་ཡོན་ཏན་ལ་སོགས་པ་ལ་ཡང་མི་གནས་སུ་མི་རུང་བར་བསྟན་ཏོ། །དང་པོ་སློབ་
དཔོན་དང་མཁན་པོ་ལ་སོགས་པ་ལ་ཚུལ་ཁྲིམས་བླངས་པ་བཞིན་དུ་བསྲུང་བ་ནི་ཇི་སྐད་སྨྲས་པ་དེ་ལྟར་སྤྱོད་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཇི་ཙམ་དུ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ནི་སེམས་ཅན་
གྱི་དོན་བྱ་བའི་ཚུལ་ཁྲིམས་ཡིན་ན། བླ་ན་མེད་པའི་བྱང་ཆུབ་དང་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་རྒྱུར་གྱུར་པ་རྣམས་ནི། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ཅི་རིགས་པར་མཐུན་མཐུན་དུ་སྦྱར་རོ། །སེམས་ཅན་རྣམས་སྲིད་པ་དང་ངན་སོང་ལས་སྐྱོབ་
པར་བྱེད་པས་ན་དཔུང་གཉེན་དུ་གྱུར་པ་སྟེ། དེ་ལྟ་བུའི་རང་བཞིན་གྱིས་བྱམས་པ་ནི་བྱམས་པའི་ཚུལ་ཁྲིམས་ཡིན་ཏེ་ཚུལ་ཁྲིམས་ཀྱི་སྒྲ་བཞིན་ཡིན་པར་རྒྱ་ཆེར་སྦྱར་བའོ། །སེམས་ཅན་གྱི་དོན་དུ་ཕྱིའི་སྡུག་བསྔལ་གྲང་བ་དང་། ཚ་བ་ལ་སོགས་པ་དང་། ནང་གི་སྡུག་བསྔལ་བཀྲེས་པ་དང་སྐོམ་པ་ལ་སོགས་
Vol. 114 · folio 67b
པ་ཐམས་ཅད་བཟོད་པ་ནི་སྡུག་བསྔལ་ཐམས་ཅད་བཟོད་པ་ཞེས་བྱའོ། །སེམས་ཅན་གྱི་དོན་ལ་སེམས་སྤྲོ་བ་ནི་སེམས་མ་ཞུམ་པ་ཞེས་བྱའོ། །བདག་གི་སེམས་ལ་ངེས་པར་སེམས་པ་ནི་ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང་ལྡན་པ་ཡིན་ཏེ། སྔོན་གྱི་མཐའ་དང་ལྡན་པ་དང་། ཕྱི་མའི་མཐའ་དང་
ལྡན་པ་དང་། དབུས་ཀྱི་མཐའ་དང་ལྡན་པ་དང་། སྔ་ནས་བྱ་བ་དང་ལྷན་ཅིག་རྗེས་སུ་སྤྱོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་འདས་པའི་དུས་ལ་བརྟེན་ནས་ཉེས་པར་བྱུང་བ་བཅོས་པ་དང་། མ་འོངས་པའི་དུས་སུ་ཉེས་པ་འབྱུང་བར་འགྱུར་བ་འཆོས་པར་འགྱུར་བ་དང་། ད་ལྟར་བྱུང་བའི་དུས་སུ་ཉེས་པ་བྱུང་བ་ཕྱིར་
འཆོས་པ་ནི་དུས་གསུམ་གྱི་མཐའ་དང་ལྡན་པའི་བག་ཡོད་པའོ། །ཉེས་པ་མ་བྱུང་བའི་སྔ་རོལ་ནས་བདག་ཇི་ལྟ་ཇི་ལྟར་སྤྱོད་ཅིང་། ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་དེ་ལྟ་དེ་ལྟར་གནས་ཀྱང་ཅི་མ་རུང་སྙམ་དུ་སྒྲིམ་པར་བྱེད་པ་ནི་སྔ་ནས་བྱ་བའི་བག་ཡོད་
པའོ། །དེ་སྔ་ནས་བྱ་བའི་བག་ཡོད་པ་དེ་ཉིད་ལ་བརྟེན་ནས། ཇི་ལྟ་ཇི་ལྟར་སྤྱོད་ཅིང་ཇི་ལྟ་ཇི་ལྟར་གནས་ན་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་གནས་པ་དེ་ནི་ལྷན་ཅིག་རྗེས་སུ་དཔྱོད་པའི་བག་ཡོད་པ་དེ་ལྟ་བུ་དག་གིས་ངེས་པར་སེམས་པ་བྱེད་དོ། །གཞན་གྱི་སེམས་བསྲུང་བ་ཕ་རོལ་
པོའི་འཁྲུལ་པ་འདི་བརྗོད་ན་དེ་དག་གདུང་བར་འགྱུར་རོ་སྙམ་དུ་སེམས་པ་སྟེ། ཐབས་གང་ཡང་རུང་བས་ཕ་རོལ་ཏུ་ཆུད་མི་ཟ་བར་བྱེད་པ་ཉིད་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཡིན་ནོ། །སྦྱིན་པ་ནི་བསྡུ་བའི་དངོས་པོ་དང་པོ་སྟེ། དེས་སེམས་ཅན་བསྡུས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སོགས་པའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་ཅན་སེར་སྣ་ཅན་དག་མཐོང་ན་རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་སྦྱིན་པར་མི་བྱེད་ཅེས་བྲིས་ཏེ། དེ་དག་ཡོ་བྱད་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། ངའི་ནོར་འདི་དག་ལས་ཇི་བདེར་ལོང་ལ་སྦྱིན་པ་བྱིན་ཏེ། བདག་ཀྱང་བདེ་བར་གྱིས་
ཤིག །གཞན་ཡང་བདེ་བར་གྱིས་ཤིག་ཅེས་གསུངས་པ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྦྱིན་པའི་ཚུལ་ཁྲིམས་སོ། །ཤིན་ཏུ་བཟུང་བ་ནི་བསླབ་པའི་གཞི་ཤིན་ཏུ་ཕྲ་བ་ལས་ཀྱང་མ་འདས་པའི་དོན་ཏོ། །ཕྱིར་མི་ལྡོག་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རང་
Vol. 114 · folio 68a
གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བར་གོ་ཆ་བགོས་པ་ལས་སོ། །བསམ་གཏན་གྱི་ཡན་ལག་གི་ཚོགས་ནི་སྔར་བཤད་པར་ཟད་དོ། །ཐོས་པ་ཚོལ་བས་ཆོག་མི་ཤེས་པར་བྱེད་པ་ཉིད། ཐོས་པའི་དགེ་བའི་རྩ་བས་མི་ངོམས་པའོ། །ཐོས་པའི་སྙིང་པོ་ནི་
དང་པོ་དམ་པའི་ཆོས་ཐོས་པ་ལས་བསམ་པ་དང་། སྒོམ་པ་དང་། སྒྲིབ་པ་སྤོང་བའི་རིམ་གྱིས་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའོ། །བྱང་ཆུབ་ཀྱི་ཡན་ལག་ནི་སུམ་ཅུ་རྩ་བདུན་ལ་སོགས་པའི་སྟེ། དེ་དག་ཉིད་ཚོགས་ཀྱང་ཡིན་ནོ། །དེ་དག་སྤེལ་བའི་ཐབས་ནི། དགེ་བའི་
བཤེས་གཉེན་ལ་བརྟེན་པ་ལས་འབྱུང་སྟེ། དགེ་བ་དང་སྐྱབས་དཔག་ཏུ་མེད་པར་སྦྱིན་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །ལམ་ཉམ་ང་བ་ནི་ལམ་ཕྱིན་ཅི་ལོག་ཏུ་ཞུགས་པ་སྟེ། དེ་འདོར་བའི་ཕྱིར་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའི་ཚུལ་ཁྲིམས་ཏེ། གནོད་པ་དཔག་
ཏུ་མེད་པ་སྟོབས་པར་བྱེད་པ་ནི། སྡིག་པའི་གྲོགས་པོའོ། །འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ནོ་སྙམ་པའི་འདུ་ཤེས་ལ་རྟོག་པས་རང་གི་ལུས་ལ་ཡང་མི་ལྟ་སྟེ། རྟག་པར་མི་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །ཐར་པའི་ཆ་དང་མཐུན་པ་ལ་སོགས་པ་དགེ་བའི་རྩ་བ་བརྟུན་ཏེ། རིངས་
པར་བྱེད་པས་སྲོག་ལ་ཡིད་མི་རྟོན་པའི་ཚུལ་ཁྲིམས་ཏེ། མདོ་ལས་ཀྱང་། སང་ཙམ་ཤི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འཆི་བདག་བདེ་ཆེན་དེ་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ། །ཞེས་གསུངས་སོ། །བསམ་པ་དག་སྟེ། འཁྲུལ་པ་དང་། མི་དགེ་བའི་ཆོས་
ཀྱི་དྲི་མ་མེད་པས་ཡིད་ལ་གཅགས་པ་མེད་པ་དང་། སྦྱོར་བ་དག་སྟེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ལོག་པའི་སྦྱོར་བ་བྱེད་པའི་ཕྱིར་བཅོས་མ་མ་ཡིན་པ་དང་། ལྷག་པའི་བསམ་པ་དག་པ་སྟེ། བདག་དང་གཞན་གྱི་དོན་དང་། ཡོན་ཏན་ཁྱད་པར་ཅན་བསྒྲུབ་པར་སེམས་པས།
ཡོངས་སུ་གདུང་བ་མེད་པ་ཞེས་བྱའོ། །ལས་ལེགས་པར་བྱས་པ་ནི་དགེ་བ་བྱས་པ་སྟེ། དེའི་ཕྱིར་འཆི་བའི་དུས་ན་ཡང་མི་དགེ་བ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །ཁེངས་པ་ནི་གང་ཟག་ཡོན་ཏན་ཅན་ཉེ་བར་འོངས་ནས་ལྡང་བ་དང་། བསུ་བ་མེད་པའོ། འདོད་ཆགས་ནི་འདོད་
Vol. 114 · folio 68b
པའི་ཁམས་ཀྱི་འདོད་ཆགས་ཏེ། དེ་དང་བྲལ་བས་མི་རྒོད་པའི་ཚུལ་ཁྲིམས་ཏེ། འདོད་པའི་ཡོན་ཏན་ལ་སེམས་མ་གཡེངས་ཞེས་བྱ་བའི་ཐ་ཚིག་གོ། །དྲང་བ་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་སུ་བཏུབ་པ་སྟེ། དེའི་ཕྱིར་ཞུམ་པ་དང་། རྒོད་པའི་གཡེང་བ་མེད་ཅེས་བྱ་བའི་ཐ་ཚིག་
གོ། །ཅང་ཤེས་པ་ནི་གདུལ་སླ་བའམ། དུལ་བར་གྱུར་པ་སྟེ། དེའི་ཕྱིར་མུ་ཅོར་མི་སྨྲ་སྟེ། མ་བརྟགས་པར་མི་སྨྲ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གྱི་རླུང་གི་རྐྱེན་གྱིས་སེམས་མི་འཁྲུགས་པའི་ཕྱིར་དུལ་བ་སྟེ། སེམས་དང་དབང་པོ་ཡུལ་ལ་མ་གཡེངས་ཞེས་བྱ་བའི་ཐ་ཚིག་གོ། །
ཉེ་བར་ཞི་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སོ། །ཇི་སྐད་སྨྲས་པ་བཞིན་བྱེད་པ་ནི་མཁན་པོ་དང་སློབ་དཔོན་ལ་སོགས་པས་གདམས་ངག་རྗེས་སུ་བསྟན་པ་ལ་སོགས་པ་ཇི་སྐད་བསྒོ་བ་བཞིན་བྱེད་པའོ། །འཕགས་པའི་ནོར་བདུན་ནི་
བདག་གི་ནོར་ཏེ་དེ་དག་དང་ལྡན་པའི་ཕྱིར། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་ཞེས་བྱའོ། །གཟོད་མ་ནས་ཤིན་ཏུ་དག་པ་ནི་དང་པོ་ཚུལ་ཁྲིམས་ཡང་དག་པར་ལེན་པའི་དུས་ན། རྒྱལ་པོའི་ཆད་པ་དང་། འཚོ་བ་མེད་པས་འཇིགས་པ་ལ་སོགས་པས་འཇིགས་ནས་
བླངས་པ་མ་ཡིན་གྱིས། བསམ་པ་དག་པས་བླངས་པས་ན། བསམ་པ་ཐམས་ཅད་ཡོངས་སུ་སྐོང་བའི་ཚུལ་ཁྲིམས་ཞེས་བྱ་སྟེ། ཇི་ལྟར་བསམས་པའི་དགོས་པ་འགྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་སྦྱར་ཏེ། དེ་བཞིན་
གཤེགས་པའི་ཚུལ་ཁྲིམས་ཐོབ་པར་བྱ་བའི་ཕྱིར་བསྔོས་པས། ད་ལྟ་ཉིད་ཀྱི་ཚུལ་ཁྲིམས་ནི། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡང་དག་པར་གཞོལ་བ་སྟེ། དེ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ནི་རྗེས་སུ་ཆགས་པ་དང་ཁོང་
ཁྲོ་བ་ལ་སོགས་པ་དང་བྲལ་བའོ། །ཆོས་ཉིད་ཀྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ལ་བྱའོ། །དེ་ལ་གང་ཟག་ལ་བདག་མེད་པ་ནི། གང་ལ་
Vol. 114 · folio 69a
བདག་ཏུ་སྒྲོ་བཏགས་པ་མེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཆོས་ལ་བདག་མེད་པ་ནི་གང་ལ་གཟུགས་སུ་བཏགས་པ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་ཙམ་དུ་བདག་དང་ཆོས་སུ་ཐ་སྙད་བཏགས་པ་རྣམས་ནི་སྒྲོ་བཏགས་པ་སྟེ། བརྗོད་
དུ་མེད་པའི་ཆོས་ཉིད་གང་ལ་མིང་དང་བརྡར་བཏགས་པ་མེད་པ་ཉིད་ཆོས་ཉིད་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ་ཆོས་ཉིད་ཀྱང་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །ལམ་གཉིས་ཀྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། གང་རྩེ་གཅིག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་གཅིག་
པ་ནི་དམིགས་པ་གཅིག་པ་སྟེ། ཞི་གནས་ཐམས་ཅད་ཀྱི་མཚན་ཉིད་དེ་ཡིན་པས་རྩེ་གཅིག་པའི་ཕྱིར་ཞི་གནས་ཐམས་ཅད་ཀྱི་མཚན་ཉིད་དེ་ནི་ཚུལ་ཁྲིམས་ཞེས་བྱའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་ནི་ལྷག་མཐོང་ཐམས་ཅད་ཀྱི་
མཚན་ཉིད་དོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་སྟོང་པ་ཉིད་རིག་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཚུལ་དུ་རིག་པ་ཉིད་དུ་ཚུལ་ཁྲིམས་ཡིན་ནོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་
ཕྱོགས་རྣམས་རྣམ་པར་དག་པས་ཟབ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། གང་མངོན་པར་འདུས་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་གང་ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་དང་། ཆོས་རྣམས་མ་སྐྱེས་པ་ཁོང་དུ་ཆུད་པ་ལས་བྱུང་
བས་ན་མ་སྐྱེས་པ་རབ་ཏུ་ཕྱེ་བ་སྟེ། དེ་ཉིད་ཀྱང་གང་ཞེ་ན། མི་སྐྱེ་བ་ལ་བཟོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །མ་བྱས་པ་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་སོ། །བྱ་བ་མེད་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་སྤྱད་ཟིན་པས་ཡང་བྱ་བ་མེད་པའི་དོན་ཏོ། །ཡང་ན་མངོན་
པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་སོ། །མ་བྱས་ཤིང་བྱ་བ་མེད་པ་ནི་འདས་པ་དང་མ་འོངས་པའི་དུས་སུ་བདག་དང་བྱེད་པ་པོ་ལ་སོགས་པའོ། །སྔོན་གྱི་མཐར་མ་བྱུང་བ་ལ་སོགས་པས་ནི་འདས་པའི་དུས་སུ་མ་བྱུང་བ་དང་། མ་འོངས་པའི་དུས་སུ་མ་འཕོས་པ་དང་། ད་ལྟར་གྱི་
Vol. 114 · folio 69b
དུས་སུ་མི་གནས་ཏེ། དུས་གསུམ་ལས་འདས་པ་དེ་ནི་ཚུལ་ཁྲིམས་ཞེས་བྱ་བར་བསྟན་ཏོ། །སེམས་དྲི་མ་མེད་པ་ནི་བསྟན་པའོ། །ཇི་ལྟར་དྲི་མ་མེད་པ་ནི་ཚིག་གཉིས་ཀྱིས་བཤད་དེ། རྣམ་པར་ཤེས་པ་ལ་ཉོན་མོངས་པ་མི་གནས་པ་དང་། གཟུང་བ་དང་འཛིན་པའི་ཡིད་ལ་བྱེད་པ་
དང་མ་འདྲེས་པའི་ཕྱིར་རོ། །གང་འདོད་པའི་ཁམས་ལ་མི་བརྟེན་པ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་ཡོན་ཏན་ལ་མི་བརྟེན་པ་དང་། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་གྱི་རོ་མྱོང་བར་མི་བྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་ཀྱང་དེ་དེར་མི་སྐྱེ་ཞིང་མི་འདུག་
པ་ནི་ཚུལ་ཁྲིམས་ཡིན་པར་བཤད་དོ། །གང་འདོད་ཆགས་ཀྱི་རྡུལ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་དུག་གསུམ་དང་བྲལ་བའི་ཚུལ་ཁྲིམས་ཡིན་པར་སྟོན་ཏེ། འདོད་ཆགས་ཉིད་རྡུལ་བཞིན་དུ་ཐར་པ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པས་འདོད་ཆགས་ཀྱི་རྡུལ་ལོ། །གནོད་
སེམས་ནི་ལས་ཀྱི་མཚན་ཉིད་ཡིན་ཏེ། དེ་ཉིད་ཐ་བ་དང་སྐྱོན་ཡང་ཡིན་པས། ཁོང་ཁྲོ་བ་ནི་ཉོན་མོངས་པ་སྟེ། གཉི་ག་རྩལ་བར་སྦྱར་རོ། །དུས་གསུམ་གྱི་ལས་དང་འབྲས་བུ་ལ་རྨོངས་པ་ནི་གཏི་མུག་གི་མུན་པ་དང་མ་རིག་པ་ཞེས་སྦྱར་རོ། །དངོས་པོ་རྣམས་བྱུང་ནས་འཇིག་པ་
མེད་པ་ནི་རྟག་པའོ། །བྱུང་ནས་ཞིག་སྟེ་མི་སྐྱེ་བ་ནི་ཆད་པ་སྟེ། དེ་གཉིས་མེད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་མཐུན་པར་བྱེད་པ་ནི་ཚུལ་ཁྲིམས་སོ། །འཇིག་ཚོགས་ལ་ལྟ་བ་མི་གནས་པའི་བཤད་པ་ནི། ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་བོར་བ་
ཡིན་ནོ། །མིང་དང་གཟུགས་དང་མ་འདྲེས་པའི་བཤད་པ་ནི་གོ་རིམས་བཞིན་དུ་མིང་དང་བརྡ་ལ་མངོན་པར་མ་ཞེན་པ་དང་། གཟུགས་ཀྱི་མཚན་ཉིད་ལ་མི་གནས་པ་ཞེས་གསུངས་པ་སྟེ། ལྷ་སྦྱིན་དང་། མཆོད་སྦྱིན་ཞེས་བྱ་བ་ལ་སོགས་པའི་བཏགས་པ་ནི་མིང་ངོ་། །ལྷ་སྦྱིན་
ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་བརྡའོ། །གཟུགས་ཀྱི་མཚན་ཉིད་ནི་ཐོགས་པ་དང་བཅས་པའི་གཟུགས་ལ་སོགས་པའོ། །ཡང་ན་མིང་དང་གཟུགས་ནི་ཕུང་པོ་ལྔ་ལ་བྱའོ། །རྒྱུའི་བག་ལ་ཉལ་ཞེས་བྱ་བ་ནི། ལྟ་བ་ལ་སོགས་པའི་ཀུན་ནས་དཀྲིས་པ་
Vol. 114 · folio 70a
འབྱུང་བའི་རྒྱུ་བག་ལ་ཉལ་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པའི་བཤད་པ་ནི། མི་དགའ་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་ཞེས་བྱ་བ་ཡིན་ཏེ། སེམས་མི་དགའ་བ་མེད་པ་དང་། ལུས་ཡོངས་སུ་གདུང་བ་མེད་ཅིང་། ལས་སུ་རུང་བ་ཉིད་ཤིན་ཏུ་
སྦྱངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུས་སངས་རྒྱས་ཀྱི་རིགས་མི་གཅོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་དེས་ཆོས་སྐུ་འཐོབ་པར་འགྱུར་ལ། དེ་ལས་ཀྱང་གཟུགས་ཀྱི་སྐུ་གཉིས་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དབྱེར་མེད་པའི་
ཕྱིར་ཆོས་ཀྱི་རིགས་མི་གཅོད་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་དེས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཐོབ་པར་འགྱུར་ལ། དེ་ལ་བཤད་པར་བྱ་བའི་ཆོས་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་དགེ་འདུན་གྱི་རིགས་མི་གཅོད་པ་ཞེས་བྱ་བ་ལ། འཕགས་
པའི་དགེ་འདུན་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། ཇི་སྐད་དུ་བསྟན་པའི་ཚུལ་ཁྲིམས་དེ་དག་ཀྱང་འདུས་མ་བྱས་རྟོགས་པར་འགྱུར་བའི་ཐབས་ཡིན་པས། ཚུལ་ཁྲིམས་དེས་དགེ་འདུན་གྱི་རིགས་མི་འཆད་པར་སྟོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚུལ་ཁྲིམས་མི་ཟད་པ་ནི་
རྒྱུན་མི་ཟད་པའི་ཕྱིར་བལྟའོ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཇི་ལྟར་མི་ཟད་པ་རྗེས་སུ་འགྲོ་བ་དང་། ལྡོག་པའི་གཏན་ཚིགས་ཀྱིས་སྟོན་ཏེ། སྐྱེ་བའི་གནས་ལ་སོགས་པ་འོག་ནས་སྨོས་པ་གང་གིས་ཀྱང་ཟད་པར་མི་འགྱུར་ཏེ། འཁོར་བའི་མཐའི་བར་དུ་
རྒྱུན་མི་ཟད་པས་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མི་ཟད་པར་བསྟན་པས་ནི་རྗེས་སུ་འགྲོ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་མ་ཡིན་པ་གཞན་དག་གི་ཚུལ་ཁྲིམས་ལ་རྒྱུན་ཟད་པ་ཡོད་དམ་ཞེ་ན། དེ་ཉི་ཚེ་མི་ཟད་པར་བསྟན་སྙམ་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་ལ་སོ་སོའི་སྐྱེ་བོ་
རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བོའི་གནས་རྣམས་ཀྱིས་ཟད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལས་ལོག་པའི་ཕྱོགས་རྒྱ་ཆེར་གསུངས་ཏེ། སོ་སོའི་སྐྱེ་བོ་རབ་ཏུ་བྱུང་བ་དང་། དགེ་བསྙེན་གྱི་སྡོམ་པ་ནི་དེང་གི་དུས་འདི་ནས་ཇི་སྲིད་འཚོའི་བར་དུ་ཞེས་ཁས་
Vol. 114 · folio 70b
བླངས་པས་སྐྱེ་བའི་གནས་ཀྱིས་ཟད་པར་འགྱུར་ཏེ། འཆི་བའི་དུས་བྱས་པས་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་པའི་མངོན་པར་ཤེས་པ་ནི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་སྟེ། དེ་དག་གི་ཚུལ་ཁྲིམས་ནི་མངོན་པར་ཤེས་པ་ཇི་སྲིད་ཡོད་ཀྱི་བར་དུ་ཡོད་ལ། མངོན་
པར་ཤེས་པ་ཉམས་ན་མེད་དོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱད་པར་ཁས་བླངས་པའོ། །བསོད་ནམས་ཟད་པ་ནི་སྔོན་བསགས་པའི་བསོད་ནམས་གང་གིས་ལྷའི་བུར་སྐྱེས་པའོ། །གཟུགས་ཀྱི་ཁམས་ཀྱི་གནས་སུ་ནི་ཚད་མེད་པ་བཞི་དང་བསམ་གཏན་བཞི་བསྒོམས་པས་
སྐྱེ་བར་འགྱུར་ལ། དེ་དག་ཟད་པས་བསམ་གཏན་གྱི་སྡོམ་པ་ཡང་ཟད་པར་འགྱུར་རོ། །ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ནི། འདིར་གཟུགས་མེད་པའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཟུགས་མེད་པའི་ཁམས་སུ་སྐྱེས་པ་སྟེ། གང་གི་ཚེ་སྐྱེས་པ་
ཟད་ནས་འཆི་བའི་དུས་བྱས་པ་ན་གཟུགས་མེད་པའི་ལྷའི་བུའི་ཚུལ་ཁྲིམས་ཟད་པར་འགྱུར་རོ། །ཉན་ཐོས་ཐམས་ཅད་ནི་སློབ་པ་བདུན་དང་། མི་སློབ་པ་གཅིག་སྟེ། གང་ཟག་བརྒྱད་ལ་བྱའོ། །གང་གི་ཚེ་རང་སངས་རྒྱས་རྣམས་སེམས་ཅན་གྱི་དོན་དུ་རྫུ་འཕྲུལ་གྱིས་སེམས་ཅན་
གྱི་དོན་བྱེད་པ་བཏང་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་མངོན་དུ་བལྟས་པ་དེའི་ཚེ་སྙིང་རྗེ་ཆེན་པོ་དང་བྲལ་བ་ཞེས་བྱའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་མི་
ཟད་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མི་ཟད་པ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི་མི་ཟད་པ་ཞེས་ཅིའི་ཕྱིར་བྱ་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པའི་ལན་དུ་འདི་ལྟར་ཚུལ་ཁྲིམས་དེ་ལས་ཚུལ་ཁྲིམས་ཐམས་ཅད་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །སྐབས་འདིར་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་ལ་བྱ་ལ། དེ་ལས་དེ་བཞིན་གཤེགས་པ་མན་ཆད་ཀྱི་ཚུལ་ཁྲིམས་ཐམས་ཅད་འབྱུང་བའི་ཕྱིར་མི་ཟད་པ་སྦྱར་ཏེ། དེ་བས་ན་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་མི་ཟད་པས་ན་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་
Vol. 114 · folio 71a
མི་ཟད་པར་རིག་པར་བྱ་ཞེས་དངོས་སུ་གསུངས་ཏེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་མི་ཟད་པ་དེའི་ས་བོན་ཡང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཚུལ་ཁྲིམས་དེ་ཡིན་པས་དེའི་ཕྱིར་ན་སྐྱེས་བུ་དམ་པ་དེ་དག་ནི་ཚུལ་ཁྲིམས་མི་ཟད་པ་ཞེས་
བྱའོ་ཞེས་གསུངས་སོ། །ཚུལ་ཁྲིམས་མི་ཟད་པ་བཤད་ཟིན་ཏོ།། །།བཟོད་པ་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱིས་རྗེས་སུ་བསྲུང་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱི་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པར་ལྟའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཟོད་པ་མི་ཟད་པ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། གཞན་གནོད་པ་བྱེད་པ་ཉམས་སུ་ལེན་པའི་བཟོད་པ་དང་། ཆོས་ངེས་པར་སེམས་པ་ལ་མོས་པའི་
བཟོད་པའོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཡང་རྣམ་པ་བཞིས་བསྟན་ཏེ། བཟོད་པའི་མི་མཐུན་པའི་ཕྱོགས་ཀྱི་རྒྱུ་དང་བྲལ་བ་དང་། བཟོད་པའི་གཉེན་པོ་ཡང་དག་པར་འཛིན་པ་དང་། བཟོད་པའི་ལམ་རྣམ་པར་དག་པ་དང་། བཟོད་པའི་འབྲས་བུ་ཡང་དག་པར་འཛིན་
པའོ། །དེ་ལ་བཟོད་པའི་མི་མཐུན་པའི་ཕྱོགས་ཀྱི་རྒྱུ་དང་བྲལ་བའི་དབང་དུ་བྱས་ནས། བག་ལ་ཉལ་སྤངས་ནས་བཟོད་པར་ལྟའོ་ཞེས་བྱ་བ་ལ་སོགས་པ་ཚིག་བརྒྱད་གསུངས་ཏེ། མི་བཟོད་པའི་རྒྱུ་ཁོང་ཁྲོ་བ་ལ་སོགས་པའི་བག་ལ་ཉལ་སྤངས་ཏེ། གང་ལ་ཡང་མི་བཟོད་པའི་རྒྱུ་མེད་པས་
བཟོད་པར་ལྟའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་མཐུན་པ་རྣམས་ནི་འོག་མ་དག་ལ་ཡང་ཅི་རིག་པར་སྦྱར་རོ། །མི་གནོད་པ་ནི་ལག་པ་དང་བོང་བ་དང་དབྱུག་པ་ལ་སོགས་པས་གནོད་པར་མི་བྱེད་པའོ། །ཡོངས་སུ་མི་གདུང་བ་ནི་གཞན་གྱིས་གནོད་པ་བྱས་ཀྱང་སྡུག་བསྔལ་དང་ཡིད་
མི་བདེ་བ་མི་འབྱུང་བའོ། །གནོད་སེམས་མེད་པ་ནི་མཚོན་ཆ་ལ་སོགས་པ་གང་ཡང་རུང་བས་སེམས་ཅན་ཕ་རོལ་པོ་ཕུང་བར་སྦྱོར་བ་ནི་གནོད་སེམས་ཏེ། དེ་མེད་པའོ། །ཁོན་དུ་འཛིན་པ་མེད་པ་ནི་གནོད་པ་བྱས་པའི་འོག་ཏུ་ཁོན་གྱི་འདུད་པའི་བསམ་པ་མི་འདོར་ཞིང་རྒྱུན་དུ་འབྱུང་བའམ། ཡང་
Vol. 114 · folio 71b
ན་འདིས་བདག་ལ་གནོད་པ་བྱས། བྱེད། བྱེད་པར་འགྱུར། བདག་གི་མཛའ་བོ་ལ་གནོད་པ་བྱས། བྱེད། བྱེད་པར་འགྱུར། འདིས་བདག་གི་དགྲ་ལ་ཕན་པ་བྱས། བྱེད། བྱེད་པར་འགྱུར་ཞེས་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་ཁོན་དུ་འཛིན་པ་སྟེ། དེ་ལྟ་བུ་མེད་པའོ། །མི་ཁྲོ་བ་ནི་
ཡིད་དུ་མི་འོང་བའི་དངོས་པོ་དང་ཕྲད་ནས་འཕྲལ་དུ་གནོད་པ་བྱ་བའི་ཀུན་ནས་མནར་སེམས་ནི་ཁྲོ་བ་སྟེ། དེ་མེད་པའོ། །འཐབ་མོ་ནི་ཕ་མའམ། མཁན་པོའམ། སློབ་དཔོན་ནམ། དཀོན་མཆོག་གི་ཕྱིར་ཕན་ཚུན་དུ་ཚིག་གིས་འགྱེད་པ་སྟེ། དེ་མེད་པའོ། །རྩོད་པ་ནི་རིགས་དང་རུས་
ལ་སོགས་པ་སྨོས་ནས་མཚང་འབྲུ་བ་སྟེ། དེ་མེད་པའོ། །བཟོད་པའི་གཉེན་པོ་ཡང་དག་པར་འཛིན་པའི་དབང་དུ་བྱས་ནས། ཡུལ་གྱི་རྨ་མི་ཕྱིན་པས་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་ཚིག་དྲུག་གསུངས་ཏེ། ཁྲོ་བར་འགྱུར་བ་ལ་སོགས་པའི་ཡུལ་གྱི་རྐྱེན་གྱི་དབང་དུ་མ་
གྱུར་པས་རྨ་མི་ཕྱིན་པ་ཞེས་བྱའོ། །བདག་དང་གཞན་བསྲུང་བ་ནི་བདག་ཉིད་ཀྱང་མི་བཟོད་པའི་དབང་དུ་མི་འགྱུར་བ་དང་། གཞན་ཡང་མི་བཟོད་པའི་དབང་དུ་མི་འགྱུར་བར་བསྲུང་བའི་ཐབས་ལ་མཁས་པའོ། །བྱང་ཆུབ་ཀྱི་སེམས་དང་མཐུན་པ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་
སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་བྱེད་པ་བཞིན་དུ་ཀུན་ལ་བཟོད་པའོ། །ཚུལ་བཞིན་དུ་རབ་ཏུ་རྟོག་པ་ནི་ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་པའོ། །ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བ་ནི་ཁམས་གསུམ་གྱི་འཁོར་བའི་ཆོས་རྣམས་ལ་
ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བ་སྟེ། དེ་ལྟར་བྱུང་ན་མི་མཐུན་པ་དང་ཡིད་དུ་མི་འོང་བ་རྣམས་ལ་མི་བཟོད་པ་མེད་པའི་ཕྱིར་བཟོད་པར་བལྟའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་སྟོན་པ་ནི་གཞན་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་དང་ཕྲད་ན་འདི་ནི་ལས་ཀྱི་ལེ་ལན་
ཡིན་ཏེ། དེས་ན་བདག་གིས་བྱས་པའི་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམས་སུ་མྱོང་ལ། ཡང་སྡུག་བསྔལ་གྱི་རྒྱུ་མི་བཟོད་པ་འདི་ཡང་དག་པར་བླངས་ཏེ་འདུག་ན་ནི་བདག་ཉིད་ལ་མི་སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་བདག་ཉིད་སྦྱོར་བར་བྱེད་པར་ངེས་
Vol. 114 · folio 72a
སོ་སྙམ་ནས་གནོད་པ་མི་བྱེད་པའོ། །བཟོད་པའི་ལས་རྣམ་པར་དག་པའི་དབང་དུ་བྱས་ནས། ལུས་ཀྱི་རྒྱན་གྱི་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་ཚིག་བདུན་གསུངས་ཏེ། བཟོད་པ་དང་ལྡན་པའི་གང་ཟག་ནི་ཁྲོ་གཉེར་དང་བཞིན་གྱི་མདོག་འགྱུར་བ་དང་།
མིག་དམར་བ་ལ་སོགས་པ་མི་སྡུག་པ་མེད་དེ། དབང་པོ་ཞི་ཞིང་མདངས་བཟང་བ་ལ་ལུས་ཀྱི་རྒྱན་ཞེས་བྱའོ། །རྣམ་པ་གཉིས་སུ་ན་བཟོད་པ་ནི་མ་འོངས་པ་ན་ཡང་ལུས་མཛེས་པར་འགྱུར་བའི་རྒྱུ་སྟེ། འདི་ལྟར་བཟོད་པས་ནི་མཛེས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །
ངག་དང་སེམས་ཡོངས་སུ་དག་པ་ནི་ངག་རྩུབ་མོ་མི་འབྱིན་པ་དང་། ཞེ་སྡང་གི་བསམ་པ་མེད་པ་སྟེ། དེ་ལྟར་སྒོ་གསུམ་རང་བཞིན་དུ་གནས་པ་ནི་བཟོད་པའི་ལས་ཡིན་པར་བསྟན་ཏོ། །བསམ་པ་བརྟན་པ་ནི་བཟོད་པར་འགྱུར་བའི་ཡུལ་གྱི་རླུང་ཉེ་བར་འོངས་ཀྱང་དེས་བསྐྱོད་པར་མི་ནུས་
པའི་ཕྱིར་རོ། །ཡི་གེ་ཡ་མ་བརླ་ཡིན་པ་ནི་ཕ་རོལ་གྱིས་ངན་དུ་སྨྲས་པ་དང་། ངན་དུ་བརྗོད་པ་འདི་དག་ན་ཡི་གེ་ཙམ་དུ་ཟད་དོ་ཞེས་རྟོག་པའོ། །ཡང་ན་སྟོང་པ་དང་བདག་མེད་པ་ལ་སོགས་པའི་ཡི་གེ་དང་སྒྲ་ཙམ་གྱིས་འཇིགས་པར་མི་བྱེད་དེ། དེ་དག་ཡ་མ་བརླ་ཡིན་པར་
ཤེས་པར་བྱ་སྟེ། དེ་དག་གི་དོན་ཟབ་མོ་ལ་རྟོག་པར་བྱེད་པའོ། །ཡོངས་སུ་རྟོག་པ་མེད་པ་ནི་གང་གིས་གནོད་པར་བྱ། གང་ལ་གནོད་པར་བྱས། གང་ལ་གནོད་པར་བྱེད་ཅེས་རྣམ་པ་གསུམ་ལ་ཡང་ཡོངས་སུ་མི་རྟོག་པའོ། །རང་གི་སེམས་ལ་ངེས་པར་སེམས་པ་ནི་མི་
བཟོད་པར་བྱེད་པ་འདི་ཡང་རང་གི་སེམས་ཉིད་ལས་སྐྱེས་པར་ཟད་དོ་ཞེས་རྟོག་པའོ། །གཞན་གྱི་སེམས་བསྲུང་བ་ནི་བདག་གིས་གནོད་པ་བྱས་ན་གཞན་གྱི་སེམས་གདུང་བར་འགྱུར་རོ་སྙམ་དུ་སེམས་པའོ། །བཟོད་པའི་འབྲས་བུ་ཡང་དག་པར་འཛིན་པའི་དབང་དུ་བྱས་ནས་ཚངས་པའི་
འཇིག་རྟེན་གྱི་ལམ་དུ་འགྲོ་བས་བཟོད་པར་བལྟའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྲས་བུ་དེ་ཡང་རྣམ་པ་གསུམ་སྟེ། འབྱོར་པ་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་སྟེ། ཚིག་བཞི་དང་དྲུག་དང་། གཅིག་
Vol. 114 · folio 72b
གིས་གོ་རིམས་བཞིན་དུ་བསྟན་ཏོ། །འབྱོར་པ་ཕུན་སུམ་ཚོགས་པ་ཡང་འཇིག་རྟེན་གྱི་འབྱོར་པ་དང་། འཇིག་རྟེན་ལས་འདས་པའི་འབྱོར་པ་གཉིས་ཏེ། དང་པོའི་ཚིག་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་ཚངས་པའི་འཇིག་རྟེན་ནི་གཟུགས་ཀྱི་ཁམས་ཀྱི་ཚངས་རིས་
ལ་སོགས་པའོ། །དེའི་ལམ་ནི་ཐོབ་པར་བྱེད་པའི་རྒྱུ་སྟེ། ཚད་མེད་པ་བཞི་ཡིན་ལ། བཟོད་པ་ཡང་ཚད་མེད་པ་བཞི་པོ་དག་དང་རྗེས་སུ་མཐུན་པས་ལམ་དུ་འགྲོ་བ་ཞེས་བྱའོ། །བཟོད་པ་ལ་གནས་པའི་གང་ཟག་གིས་ནི་བྱད་གཟུགས་བཟང་པོ་དང་། གཡོག་འཁོར་མང་པོ་ལ་
སོགས་པ་འཐོབ་པར་འགྱུར་བའི་ཕྱིར། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བ་ཞེས་བྱའོ། །བཟོད་པ་ལ་གནས་པའི་གང་ཟག་གིས་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་དང་། ཚངས་པའི་སྒྲ་སྐད་འབྱིན་པའི་དབྱངས་ཐོབ་ཅེས་བྱ་བར་སྦྱར་རོ། །ཉེས་པ་ཐམས་
ཅད་ནི་བསྟན་པའོ། །གནོད་སེམས་ལ་སོགས་པ་ནི་བཤད་པ་སྟེ། གཞན་ནི་སྔར་བཤད་པར་ཟད་དོ། །ཕྱིར་རྒོལ་བ་ནི་བདུད་དང་མུ་སྟེགས་ལ་སོགས་པ་སྟེ། དེ་དག་ཀྱང་བཟོད་པས་ཕམ་པར་བྱས་པས་བཟོད་པར་ལྟའོ། །གཞན་གྱི་གནོད་པར་བྱ་བ་ཐམས་ཅད་ལས་ཤིན་ཏུ་
འདས་པ་ནི་བཟོད་པ་དང་ལྡན་པའི་གང་ཟག་དེ་ལ་སེམས་ཅན་སུ་ཡང་གནོད་པ་མི་བྱེད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྒྱུ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །གནོད་པ་ཉམས་སུ་ལེན་པའི་བཟོད་པའི་དབང་དུ་
བྱས་ནས། དེ་ལ་བཟོད་པ་ཡོངས་སུ་དག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་ནི་ཕྱིར་སེམས་ཅན་ལ་གནོད་པ་མི་བྱེད་པས་བཟོད་པར་བལྟའོ་ཞེས་བསྟན་པ་དེ་ནི་ཡོངས་སུ་མ་དག་པ་ཡིན་གྱི་གཞན་གྱིས་གནོད་པ་བྱས་ཀྱང་སླར་གནོད་པ་མི་བྱེད་ན་བཟོད་པ་ཡོངས་
སུ་དག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཟོད་པ་ཡོངས་སུ་དག་པ་གང་ཞེ་ན་ཞེས་སྨོས་སོ། །གནོད་པ་འབྱུང་བའི་རྒྱུ་ནི་ངག་དང་ལུས་དང་སེམས་གསུམ་ཡིན་ལ། དེ་དག་ཀྱང་བྲག་ཅ་དང་། གཟུགས་བརྙན་དང་། སྒྱུ་མ་དང་མཚུངས་ཏེ། རང་བཞིན་མེད་པར་རྟོགས་
Vol. 114 · folio 73a
པའི་ཕྱིར་དགེ་སྦྱོང་བྱེད་པའི་ཆོས་གསུམ་དང་། ལྷག་པའི་བསམ་པ་བཞི་སྟེ། གནོད་སེམས་ལ་སོགས་པ་ཉེ་བར་ཞི་བའི་ཕྱིར། དགེ་སྦྱོང་བྱེད་པའི་ཆོས་གཅིག་དང་རིམ་བཞིན་དུ་སྦྱར་རོ། །རང་གི་ཡོན་ཏན་ཡོངས་སུ་རྫོགས་པ་ནི་ཐོས་པ་དང་། གཏོང་བ་དང་། ཚུལ་
ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་གྱུར་པས། བསྔགས་པ་མ་ཡིན་ཁྲོ་བར་མི་འགྱུར་ཏེ། ཞེ་སྡང་ཡང་མི་སྐྱེད་ལ། ང་རྒྱལ་གྱིས་བདག་ཉིད་ཆེན་པོར་མི་སེམས་པ་ནི་མ་ཐོས་པར་མི་སེམས་པ་སྟེ། དེ་ལྟར་གྱུར་པས་བསྔགས་པས་རྗེས་སུ་ཆགས་པར་མི་
འགྱུར་ཞེས་སྦྱར་རོ། །ཤིན་ཏུ་དུལ་བའི་ཕྱིར་རྙེད་པས་དགའ་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དགུས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པར་རབ་ཏུ་དབྱེ་བ་དང་བཅས་མདོར་བསྡུས་པ་དང་བཅས་པ་བསྟན་ཏོ། །དེ་ལ་ཤིན་ཏུ་དུལ་བ་ནི་སྦྱངས་པའི་ཡོན་ཏན་རྣམས་ཀྱི་སེམས་
ཤིན་ཏུ་དུལ་བར་གྱུར་པ་ཡིན་ལ། རབ་ཏུ་ཞི་བ་ནི་ཞེ་སྡང་སྤངས་པ་སྟེ། དེ་བས་ན་ཆོས་གོས་ལ་སོགས་པ་རྙེད་པས་ཀྱང་དགའ་བ་མེད་ལ་མ་རྙེད་པས་ཁོང་ཁྲོ་བ་མེད་དོ། །སྙན་པ་ཐམས་ཅད་ནི་བྱིས་པ་སླུ་བ་ཕྱིན་ཅི་ལོག་ཡིན་པར་ཤེས་པས་རབ་ཏུ་བརྟག་པའི་ཕྱིར་དང་། བདག་
གི་ཡོན་ཏན་མ་གྲགས་སུ་ཟིན་ཀྱང་དེས་སྤ་གོང་བའམ། སེམས་ཞུམ་པ་མེད་དོ། །བློ་ཡངས་པའི་ཕྱིར་གོ་རིམས་བཞིན་དུ་སྙན་པ་ལ་ངོ་མཚར་དུ་མི་འཛིན་པ་དང་། མི་སྙན་པས་ཞུམ་པར་མི་འགྱུར་རོ། །ལེགས་པར་གནས་པ་ནི་བརྟན་པོར་གནས་པའོ། །མི་གཡོ་བ་ནི་རང་བཞིན་
གྱིས་མི་འདོར་བ་སྟེ། དེ་ལྟར་གྱུར་པས་སྨད་པས་ཀྱང་དམས་པར་མི་སེམས་ལ། བསྟོད་པས་ཀྱང་མཐོས་པར་མི་སེམས་སོ། སེམས་ཅན་རྣམས་ཀྱི་དོན་བྱ་བར་སེམས་ཤིང་བལྟ་བའི་ཕྱིར་དང་། ཁམས་གསུམ་གྱི་འདུས་བྱས་ཀྱི་བདེ་བ་མི་རྟག་པའི་ཕྱིར་གོ་རིམས་བཞིན་དུ་སྡུག་
བསྔལ་གྱིས་མི་སྐྱོ་བ་དང་། བདེ་བས་དགའ་བར་མི་འགྱུར་ཞེས་སྦྱར་རོ། །རྙེད་པ་དང་མ་རྙེད་པ་ལ་སོགས་པ་དེ་དག་གང་ལ་ཡང་མ་ཆགས་ཏེ། མི་གནས་པའི་ཕྱིར་འཇིག་རྟེན་པའི་ཆོས་རྣམས་ཀྱིས་མི་གོས་པ་ཞེས་མདོར་བསྡུས་ནས་བསྟན་ཏོ། །ཕ་རོལ་པོ་སྲོག་ལ་བབ་པའི་
Vol. 114 · folio 73b
གནོད་པ་བྱུང་ལ་དེ་ལ་མི་གནོད་ན་བདག་ལ་གནོད་ཀྱང་བཟོད་པ་ནི། གཞན་ལ་མི་གནོད་པའི་ཕྱིར་བདག་ལ་གནོད་པར་བཟོད་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་སོ། །སངས་རྒྱས་ཀྱི་སྐུ་ནི་སྐུ་གསུམ་ལ་བྱའོ། །ལེགས་
པར་བྱས་པའི་ལས་ཀྱི་སྟོབས་སྐྱེད་པ་ནི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་ཆེར་སྤྱད་དེ་མཐུ་དང་ལྡན་པར་བྱས་པས་གཞན་གྱིས་བདག་གི་སྲོག་བཅད་པ་དང་། མ་བྱིན་པར་བླངས་པ་ལ་སོགས་པ་ངན་དུ་བྱས་པ་ཐམས་ཅད་བཟོད་དོ། །མུ་སྟེགས་ཅན་ཐམས་ཅད་འཇོམས་
པས་དཔའ་བ་ནི། མུ་སྟེགས་ཅན་གྱི་དཀའ་ཐུབ་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་པས་དཔའ་བ་སྟེ། དེའི་ཕྱིར་རྒྱ་ཤུག་གི་འབྲུ་དང་། ཏིལ་འབྲུ་ཙམ་གྱིས་སྲོག་ཟུངས་བྱེད་ཀྱང་ལུས་གདུང་བ་དང་། སེམས་ཡོངས་སུ་གདུང་བ་ལ་ཅིས་མི་འབྱེད་ཅེས་བྱ་བའི་ཐ་
ཚིག་གོ། །བརྒྱ་བྱིན་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་བརྟུལ་ཞུགས་ཀྱང་ཟིལ་གྱིས་གནོན་པའི་ཕྱིར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟུལ་ཞུགས་ཐམས་ཅད་རྩོམ་པ་སྟེ། ཚིག་གོང་མས་ནི་མིའི་དཀའ་ཐུབ་ཐམས་ཅད་ཟིལ་གྱིས་གནོན་པའི་བཟོད་པ་བསྟན་ལ།
འོག་མས་ནི་ལྷའི་དཀའ་ཐུབ་ཐམས་ཅད་ཟིལ་གྱིས་གནོན་པའི་བཟོད་པ་བསྟན་ཏོ། །ཆོས་ངེས་པར་སེམས་པ་ལ་མོས་པའི་བཟོད་པའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བཟོད་པ་ཞེས་བྱ་བ་ནི་གང་འདི་ཤིན་ཏུ་རྨ་མི་ཕྱིན་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །རྨ་མི་ཕྱིན་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་གཤེའོ། །འདི་ལས་སུ་ཞིག་གཤེ་ཞེས་བྱ་བ་ལ་སོགས་པ་རྟོག་པ་དང་། རྣམ་པར་རྟོག་པ་གང་གིས་ཀྱང་ཉམས་པར་མི་འགྱུར་བའོ། །དེ་ལ་ཅིའི་ཕྱིར་བཟོད་པ་ཞེས་བྱ་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་
དང་། མི་དམིགས་པའི་ཕྱིར་རོ་ཞེས་གསུངས་ཏེ། ཇི་ཙམ་དུ་མིང་དང་བརྡར་བཏགས་པ་རྣམས་ནི་བྱིས་པས་ཀུན་ཏུ་བཏགས་པ་ཡིན་གྱི། དོན་དམ་པར་མི་དམིགས་པའི་ཕྱིར། གཟུང་བ་དང་འཛིན་པས་རྨ་མི་ཕྱིན་པ་དེ་ལ་བཟོད་པ་ཞེས་བྱའོ། །གང་དག་མི་དམིགས་པའི་ཕྱིར་
Vol. 114 · folio 74a
ཤིན་ཏུ་རྨ་མི་ཕྱིན་པ་ལ་བཟོད་པ་ཞེས་བྱ་ཞེ་ན། གཤེའོ་ཞེས་བཟོད་པ་དེ་ནི་གཉི་ག་ལ་དམིགས་པ་བཟོད་པ་སྟེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གང་ཟག་འདི་ནི་བདག་ལ་གཤེ་སྟེ། དེ་བདག་གིས་བཟོད་པར་བྱའོ་ཞེས་བདག་དང་ཕ་རོལ་གཉིས་ཀ་ལ་
དམིགས་པ་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པ་ལ་མངོན་པར་དགའ་བའི་དབང་གིས་བདག་དང་གཞན་དུ་རྟོག་པར་འབྱུང་བར་ཟད་པས་མི་དམིགས་པའི་བཟོད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། འོག་མ་དག་ལ་ཡང་དེ་དང་མཐུན་པར་སྦྱར་རོ། །འདི་ལས་སུ་ཞིག་གཤེ་ཞེས་བྱ་བ་ནི་
བདག་གི་སའི་ཁམས་ལ་གང་ཟག་དེའི་སའི་ཁམས་གཤེ་འམ་ཞེས་བྱ་བ་ལ་སོགས་པར་བརྟགས་ན་བཟོད་པ་ནི་ཆོས་ལ་བགྲང་བ་ཞེས་བྱའོ། །འདི་དག་ནི་ཡི་གེའི་སྒྲ་འབྱུང་བ་ཞེས་བྱ་བ་ནི་གཤེ་བ་པོའི་གང་ཟག་གི་ཚིག་འདི་དག་འདི་ནི་ཀ་དང་ཨ་ལ་སོགས་པའི་ཡི་གེའི་སྒྲ་ཙམ་དུ་ཟད་
ན། མི་བཟོད་པར་བྱ་བ་ཅི་ཞིག་ཡོད་ཅེས་བྱ་བ་དེ་ནི་བྲག་ཅའི་སྒྲ་ལ་བཟོད་པ་ཞེས་བྱའོ། །འདི་ཡང་ཞེས་བྱ་བ་ནི་གཤེ་བ་པོའོ། །བདག་ཀྱང་ཞེས་བྱ་བ་ནི་གཤེ་བར་བྱ་སྟེ། གཉི་ག་སྐད་ཅིག་གིས་འཇིག་ཅིང་མི་རྟག་པ་ཡིན་ན། མི་བཟོད་དུ་ཅི་ཡོད་ཅེས་བཟོད་པའོ། །འདི་ནི་
ཕྱིན་ཅི་ལོག་ཡིན་གྱི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་བཞིའི་དབང་དུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ། །བདག་ནི་རིགས་ཀྱི་ཞེས་བྱ་བ་ནི་བདག་ནི་རིགས་པ་དང་ལྡན་པ་འདི་ལ་མི་བཟོད་པར་བྱ་བར་མི་རིགས་སོ་ཞེས་བཟོད་པའོ། །ལམ་བཟང་པོ་ནི་ཕྱིན་ཅི་མ་ལོག་པའི་ལམ་མོ། །བདག་ནི་མི་
རྟག་པ་ལ་བཟོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་ནི་རྟག་པ་དང་བདེ་བ་ལ་སོགས་པའི་གཉེན་པོ་ཡིན་པས་བདག་ནི་ཆོས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་ལ་སོགས་པ་ལ་བཟོད་ཀྱི། རྟག་གོ་ཞེས་བྱ་བ་ལ་སོགས་པ་ལ་མི་བཟོད་དོ་སྙམ་ནས་
མི་རྟག་པ་ལ་སོགས་པ་ལ་བཟོད་ན་གཉེན་པོས་སྤོང་བ་ཞེས་བྱ་བའི་བཟོད་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་ཤིན་ཏུ་བཟོད་པ་གང་ཞེ་ན་ཞེས་བྱ་བ་ནི་དམིགས་པ་ཐམས་ཅད་ཀྱི་རྨ་མི་ཕྱིན་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ཞེ་ན་ཞེས་བྱ་བའི་ཐ་
Vol. 114 · folio 74b
ཚིག་གོ། །གང་སྟོང་པ་ཉིད་རྟོགས་པ་དེ་ལ་ལྟ་བར་གྱུར་པ་ཡང་། བསལ་བ་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གིས་གཟུང་བ་དང་འཛིན་པའི་མཚན་ཉིད་རང་བཞིན་གྱིས་སྟོང་པ་ཡིན་པར་ཁོང་དུ་ཆུད་པ་དེ་ལ་དངོས་པོ་དང་མཚན་མ་ཡོད་པར་ལྟ་བའི་ལྟ་བར་གྱུར་པ་ཡང་བསལ་བ་མེད་དེ།
ཐོག་མ་ཉིད་ནས་མེད་པའི་ཕྱིར་རོ། །སྟོང་པ་ཉིད་དུ་སྒྲོ་འདོགས་པ་ཡང་མེད་ཅེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་རྟོགས་ཀྱང་སྔོན་མེད་པའི་སྟོང་པ་ཉིད་གཟོད་རྟོགས་པ་ཡང་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་ལྟ་བར་གྱུར་པ་ཉིད་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་
དུས་སུ་སྟོང་པའོ་ཞེས་གང་འདི་ལ་བཟོད་པ་དེ་ནི་ཤིན་ཏུ་བཟོད་པ་ཡིན་ནོ། །མཚན་མ་མེད་པ་ལ་སོགས་པ་ཡང་དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་ཏེ། སྟོང་པ་ཉིད་རྟོགས་པ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། །འདས་པའི་དུས་མ་སྐྱེས་ཤིང་མ་བྱུང་ལ། ད་ལྟར་གྱི་
དུས་སུ་མ་བསྐྱེད་ཅིང་། མ་བྱུང་བ་དེ་ལ་མ་འོངས་པའི་དུས་སུ་འཇིག་པ་གང་ཡང་མེད་པ་དེ་ལ་ཟད་པ་མེད་ཅེས་ཚིག་རྣམ་པར་སྦྱར་རོ། །མ་བྱས་པ་ནི་བྱེད་པ་པོ་ལ་སོགས་པས་སོ། །མངོན་པར་འདུས་མ་བྱས་པ་ནི་རྒྱུ་དང་རྐྱེན་གྱིས་སོ། །སྒྲོ་བཏགས་པ་མེད་པ་ནི་བསྟན་པའོ། །
ལྷག་མ་རྣམས་ནི་བཤད་པ་སྟེ། རྣམ་པར་མ་བརྟགས་པ་ནི་རྟོག་གེ་བ་རྣམས་ཀྱི་བློས་སོ། །མ་བསྒྲུབས་པ་ནི་ཚད་མ་དག་གིས་སོ། །མ་བསྟན་པ་ནི་གཞན་དག་ལ་བསྟན་དུ་མེད་པའོ། །ཉེ་བར་མ་གཏུགས་པ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་མངོན་པར་ཆགས་པར་བྱ་བའི་
ཡུལ་མ་ཡིན་པའོ། །མི་སྐྲག་མི་དངང་དངང་བར་མི་འགྱུར་བ་ནི། ཐོས་པ་དང་། བསམ་པ་དང་། སྒོམ་པའི་གནས་སྐབས་རྣམས་སུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣོད་ནི་བྱིན་གྱི་རླབས་ཀྱི་སྟོབས་བསྐྱེད་པའི་སླད་དུ་བདག་གི་ལུས་ལགས་ཏེ། བདག་གིས་བགྱིས་
ལགས་སོ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་དེ་དག་གནས་གཅིག་ཏུ་ཤོང་བའི་སྣོད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ཉིད་ཀྱི་ལུས་ཡིན་ཏེ། དེས་ཀྱང་ཇི་ལྟར་ཤོང་བར་འགྱུར་ཞེ་ན། དེའི་ཕྱིར་བྱིན་གྱི་རླབས་ཀྱི་སྟོབས་བསྐྱེད་པའི་སླད་དུ་ཞེས་ཤོང་བའི་ཐབས་བསྟན་ཏེ། དེ་ལ་དངོས་
Vol. 114 · folio 75a
པོའི་སྣོད་དུ་དངོས་པོ་ཤོང་བར་གྱུར་པའི་གཟུགས་རྣམས་ལ་ནི་སྐབས་འདིར་སྣོད་ཅེས་མི་བྱའི། མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་གང་གི་མཐུས་ལུས་གཅིག་གི་ནང་དུ་ཡང་དངོས་པོ་སྣ་ཚོགས་མེད་པོ་ཤོང་བར་འགྱུར་བ་དེ་ལྟ་བུའི་མཐུ་དང་
བྱིན་གྱི་རླབས་དང་ལྡན་པའི་ཡེ་ཤེས་དེ་ལ་སྣོད་ཅེས་བྱ་སྟེ། དེ་བདག་གིས་བསྐྱེད་ལགས་སོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་འདིའི་ཡུལ་ཅི་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེས་དམིགས་པར་བྱ་བའི་ཡུལ་འདྲི་བའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཞེས་བྱ་བ་
ལ་སོགས་པས་ནི་ཇི་སྙེད་ཀྱི་གཟུགས་ཁོ་བོའི་ལུས་སྟོང་པ་ཉིད་དུ་བཅུག་ཀྱང་ཁོ་བོའི་ལུས་ཀྱི་ཆོས་ཉིད་སྟོང་པ་ཉིད་ལ་འཕེལ་བའམ་འགྲིབ་པ་མེད་པའི་ལུས་སྟོང་པ་ཉིད་དེ་ནི་ཏིང་ངེ་འཛིན་དེས་དམིགས་པར་བྱ་བའི་ཡུལ་ཡིན་ནོ་ཞེས་སྟོན་ཏོ། །ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་སྟོང་ཕྲག་
བདུན་ཅུ་རྩ་དྲུག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་ནི་ཆོས་བཤད་པའི་ཕན་ཡོན་བསྟན་པའོ། །བཟོད་པ་མི་ཟད་པ་བཤད་ཟིན་ཏོ།། །།བརྩོན་འགྲུས་མི་ཟད་པ་ལ་གནས་
པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བསྟན་པའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡང་དག་པར་བླང་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྩོན་འགྲུས་མི་ཟད་
པ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། བརྩོན་འགྲུས་ཀྱི་རབ་ཏུ་དབྱེ་བ་དང་། སྒོ་དང་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་སེམས་ཀྱིས་བརྩོན་འགྲུས་ཀྱིས་བརྩོན་འགྲུས་ཐམས་ཅད་མདོར་བསྡུས་པ་བསྟན་ཏོ། །དེ་ལ་བརྩོན་འགྲུས་ཡང་དག་པར་བླངས་པ་བརྒྱད་ཀྱིས་ནི་རབ་ཏུ་དབྱེ་
བ་བསྟན་ཏོ། བརྩོན་འགྲུས་བརྒྱད་ཀྱང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། བརྩོན་འགྲུས་ཀྱི་ངོ་བོ་ཉིད་དང་། ཆུད་མི་ཟ་བའི་ཐབས་ཀྱིས་ཟིན་པ་དང་། གང་གི་ཕྱིར་བརྩོན་པ་གཉིས་དང་། གཅིག་དང་ལྔ་དང་རིམ་བཞིན་སྦྱར་རོ། །གང་གི་ཕྱིར་བརྩོན་པ་ཡང་སེམས་ཅན་
Vol. 114 · folio 75b
ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་གཉིས་ཀྱི་ཕྱིར་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་དང་། ཤེས་རབ་ཀྱི་ཚོགས་མི་ཟད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་པའོ། །ལྷག་མ་རྣམས་ནི་སངས་རྒྱས་ཀྱི་ཆོས་
ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་པའོ། །བརྩོན་འགྲུས་འདི་དག་གི་ཡུལ་དང་། དུས་དང་། བརྩོན་པ་དང་། འབྲས་བུ་ལ་སོགས་པ་མཐའ་ཡས་ཤིང་མི་ཟད་པས་ན་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་མི་ཟད་པ་ཞེས་བྱའོ། །བརྩོན་འགྲུས་ཡང་དག་པར་བླང་བ་ནི་བྱང་
ཆུབ་སེམས་དཔའ་སྤྱད་པར་བྱའོ། །གང་འདི་འཁོར་བ་ན་ཡོངས་སུ་མི་སྐྱོ་བ་ནི་གོ་ཆའི་དོན་བསྟན་པ་སྟེ་ཇི་ལྟར་མི་སྐྱོ་བ་ནི། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གོ་ཆ་བསམ་གྱིས་མི་ཁྱབ་པ་གྱོན་པར་བྱེད་པ་ནི་འཁོར་བའི་སྔོན་གྱི་མཐའ་
ཇི་སྙེད་པ་དེ་སྙེད་ཀྱིས་ཉིན་ཞག་གཅིག་ཏུ་གྱུར་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཁོར་བའི་སྔོན་གྱི་མཐའ་ལྟ་མེད་མོད་ཀྱི། འོན་ཀྱང་ཕུལ་དབྱུང་བའི་ཕྱིར་འཁོར་བའི་མཐའ་ཡོད་པ་ལྟ་བུར་སྒྲོ་བཏགས་ཏེ། ཉིན་ཞག་གཅིག་གི་ཚད་དེ་ཙམ་དུ་རིང་ལ། དེས་ཟླ་བ་
དང་ལོའི་གྲངས་བསྒྲེས་པའི་ཡུན་རིང་པོ་དེ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་དེ་བཞིན་གཤེགས་པ་གཅིག་མཐོང་ལ། དེ་ལྟར་བསྒྲེས་པ་ཤ་སྟག་གིས་འཇུག་པ་དེ་ལྟ་བུ་དང་བགྲང་བ་དེ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་
གཤེགས་པ་མཐོང་བའི་འོག་ཏུ་སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་སོགས་པ་མདོ་ལས་གསུངས་པ་ལྟར་དུས་ཡུན་རིང་ཞིང་འབྲས་བུ་བསྒྲུབ་དཀར་ཟིན་ཀྱང་མི་གོང་བ་ནི་གོ་ཆ་མི་ཟད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པ་
འདི་ཉིད་དང་བགྲང་བ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་གོང་དུ་བཤད་པ་བཞིན་དུ་ཉིན་ཞག་ཟླ་བར་བསྒྲེས། ཟླ་བ་ལོར་བསྒྲེས་པའི་ལོ་སྟོང་ཕྲག་བརྒྱ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་། དེ་བཞིན་གཤེགས་པ་གཅིག་མཐོང་ལ། དེ་ལྟ་བུ་ཤ་སྟག་གིས་བྱང་ཆུབ་ཀྱི་སེམས་ཀྱང་ཀུན་
Vol. 114 · folio 76a
བསྐྱེད། དེ་བཞིན་གཤེགས་པ་ཀུན་ཀྱང་མཐོང་ནས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱེད་པ་འདི་འདྲ་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གྱུར་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ནས་མཚན་དང་དཔེ་བྱད་ཐམས་ཅད་
ཀྱི་བར་དུ་སྔར་སྨོས་པ་ལྟ་བུའི་དུས་རིང་བ་དང་། བསྒྲུབ་དཀའ་བས་སྒྲུབ་པར་བྱེད་ཀྱང་མི་སྐྱོ་བ་ནི་གོ་ཆ་མི་ཟད་པ་ཞེས་བྱའོ། །བརྟུལ་བ་མི་ཟད་པ་ཡང་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། ཇི་ལྟར་བརྟུལ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་
ལས་ཀྱང་འབོགས་ཏེ་ཞེས་གསུངས་པའོ། །གང་གི་ཕྱིར་བརྟུལ་བ་ནི་གང་ལྟ་བ་དང་། གང་མཉན་པ་དང་། གང་བསྒྲུབ་པའི་ཕྱིར་སྤྲོ་བ་སྟེ། དེ་བཞིན་གཤེགས་པ་ལྟ་བར་སྤྲོ་བ་དང་། ཆོས་མཉན་པའི་ཕྱིར་སྤྲོ་བ་གཉིས་ཀྱིས་ནི་གོང་མ་གཉིས་བསྟན་ཏོ། །གང་བསྒྲུབ་པའི་ཕྱིར་སྤྲོ་བ་ཡང་
གཞན་གྱི་དང་བདག་གི་དོན་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་སྤྲོ་བ་དང་། དགེ་བའི་ཆོས་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་སྤྲོ་བ་གསུམ་གྱིས་བསྟན་ཏོ། །ངེས་པའི་ཚིག་ནི་བྱང་ཆུབ་སེམས་དཔའི་བརྟུལ་བ་ནི་ཕ་རོལ་གྱི་དོན་གྱི་ཕྱིར་འཇུག་པས་ན་ཞེས་བྱ་བ་
ལ་སོགས་པ་ཚིག་གི་ཚར་གསུམ་གྱིས་བསྟན་ཏེ། ཇི་ལྟར་ཕ་རོལ་གྱི་དོན་གྱི་ཕྱིར་འཇུག་ཅེ་ན། ཕ་རོལ་ཞི་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་དང་། དབང་པོ་གདུལ་བའི་ཕྱིར་དང་། འཁོར་བ་ཐམས་ཅད་ལས་ཡོངས་སུ་མྱ་
ངན་ལས་བཟླ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་མ་འབོགས་ཏེ། འཇུག་པས་ན་དེའི་ཕྱིར་བརྟུལ་བ་ཞེས་བྱའོ། །བརྩོན་འགྲུས་དེའི་རང་བཞིན་ནི། མི་ལྷོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གུས་པའི་བརྩོན་འགྲུས་དང་ལྡན་པས་
མི་ལྷོད་པའོ། །ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་ལ་མི་ནུས་སོ་སྙམ་དུ་མི་སེམས་པས་མ་ཞུམ་པའོ། །མི་མཐུན་པའི་ཕྱོགས་ལེ་ལོས་མི་བསྐྱོད་པས་ན་བསྟན་པའོ། །གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་བསྐྱོད་པས་ན་མི་བཟློག་པའོ། །བསམ་པ་
Vol. 114 · folio 76b
ནི་དགེ་བའི་བསམ་པ་ཞེས་སྨོས་པ་སྟེ། དུས་ཐམས་ཅད་དུ་དགེ་བ་གང་ཡིན་ཞེས་ཚོལ་ཞིང་སྒྲུབ་པའི་བསམ་པས་བརྩོན་འགྲུས་རྩོམ་པར་བྱེད་དོ། །རྒྱུ་ནི་སྙིང་རྗེ་ཆེན་པོ་ལ་གནས་ཤིང་ཞེས་སྨོས་ཏེ། སེམས་ཅན་གྱི་དོན་དུ་སྙིང་རྗེ་ཆེན་པོ་བསྐྱེད་པའི་རྒྱུས་སྒྲུབ་པར་ནུས་སོ་ཞེས་བྱ་བའི་ཐ་ཚིག་
གོ། །བརྩོན་འགྲུས་ཀྱི་ལས་ནི་རྟག་ཏུ་སེམས་ཅན་གྱི་དོན་ལ་བརྩོན་པར་འཇུག་པ་ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཀྱིས་ཟིན་པ་ནི་གོམ་པ་འདོར་བ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གོམ་པ་འདོར་བ་ལ་སོགས་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་
དང་། སེམས་ཅན་ལ་ལྟ་བས་ནི་ཐབས་བསྟན་ལ། ཉོན་མོངས་པའི་ཕྱོགས་སུ་ཡོང་མི་ལྟུང་བས་ན་ཤེས་རབ་བསྟན་ཏོ། །ཡང་དག་པར་འགྲུབ་པ་ནི་ཆུད་མི་ཟ་བ་དང་ཕྱིན་ཅི་མ་ལོག་པར་འགྲུབ་པའོ། །གང་ཇི་ལྟ་བུར་དགེ་བའི་སེམས་སྐྱེས་ཤིང་འབྱུང་བ་ནི་ཤེས་རབ་རྣམ་པ་
གསུམ་མམ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ། དགེ་བའི་སེམས་སྐྱེས་པ་འབྱུང་ངོ་ཅོག་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྔོ་བར་བྱེད་པ་ནི་བར་མ་དོར་ཟད་པར་མི་འགྱུར་བས་ཡང་དག་པར་འགྲུབ་པ་མི་ཟད་པ་ཞེས་བྱའོ། །དེ་ལྟར་བསྔོས་པ་ཅིའི་ཕྱིར་མི་ཟད་སྙམ་ནས། དེ་ཅིའི་
ཕྱིར་ཞེ་ན་ཞེས་དྲིས་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ་ཞེས་གསུངས་ཏེ། དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་བའི་རྩ་བ་
རྣམས་བྱང་ཆུབ་ཏུ་བསྔོས་པ་དེ་ལ། ཅིའི་ཕྱིར་ཡང་དག་པར་འགྲུབ་ཅེས་བྱ་ཞེ་ན། དེའི་ཕྱིར་ཡང་དག་པར་འགྲུབ་པ་ཞེས་བྱ་བ་ནི་གང་འདི་ཡང་དག་པར་སྒྲུབ་པ་སྟེ་ཞེས་བྱ་བ་གསུངས་སོ། །ཇི་ལྟར་བསྒྲུབས་ན་ཡང་དག་པའི་སྒྲུབ་པ་ཞེས་བྱ་ཞེ་ན། ཡང་དག་པར་ཞུགས་པ་ནི་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དགེ་བའི་རྩ་བ་གང་དག་ཡང་དག་པར་སྒྲུབ་ཅིང་བརྩོན་འགྲུས་བརྩམས་པ་རྣམས་ངན་སོང་དུ་ལྷུང་བའི་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་དང་། ཡོངས་སུ་མ་སྨིན་པའི་སེམས་ཅན་ཐམས་ཅད་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ས་གཞིར་ཡོངས་སུ་
Vol. 114 · folio 77a
སྨིན་པར་བྱ་བའི་ཕྱིར་དང་། དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར་དགེ་བ་དེ་དག་ཡོངས་སུ་སྔོ་བར་བྱེད་པ་ནི། ཡང་དག་པའི་སྒྲུབ་པ་ཞེས་སྦྱར་རོ། །ཅིའི་ཕྱིར་དེ་ལྟར་སྔོ་བར་བྱེད་ཅེ་ན། ཐམས་ཅད་མཁྱེན་
པའི་ཡེ་ཤེས་མངོན་པར་སྒྲུབ་པའི་ཕྱིར་ཞེས་གསུངས་སོ། །དེས་བསྔོས་པས་ཀྱང་ཅི་ཞིག་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་
བར་གྱུར་པ་དང་། ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་ཟློ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པར་ནུས་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་
པར་བྱེད་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཙམ་མོ་ཞེས་གཅོད་པར་བྱེད་པ་ནི་ཚད་དེ། དེ་ལྟར་གཅད་པར་མི་ནུས་པ་ནི་ཚད་མེད་པ་ཞེས་བྱའོ། །གལ་ཏེ་བདག་གིས་ཉིན་གཅིག་ལ་ཞེས་བྱ་བ་ལ་སོགས་པས་ནི་གལ་ཏེ་བདག་གིས་ཉི་མ་
གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱས། ཉི་མ་གཉིས་དང་གསུམ་ལ་སོགས་པ་ལས་དེ་བཞིན་དུ་སྨིན་པར་བྱས་པ་ནས་ཚུལ་དེ་ལྟ་བུས་བསྐལ་པ་དཔག་ཏུ་མེད་གྲངས་མེད་བསམ་གྱིས་
མི་ཁྱབ་པར་སེམས་ཅན་གྱི་ཁམས་སྨིན་པར་བྱས་ཀྱང་ད་དུང་སྨིན་པར་མ་བྱས་པའི་གན་ན་སྨིན་པར་བྱས་པ་ནི་བརྒྱའི་ཆ་གཅིག་ཀྱང་མེད་པ་ན་རྒྱུའི་བར་དུ་ཡང་མེད་དོ་ཞེས་ཐོས་ཀྱང་མི་སྐྲག་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་འགྲུས་མི་ཟད་པ་ཞེས་བྱའོ། །དེ་ལ་
བརྒྱའི་ཆ་ནི་གྲངས་བརྒྱའི་ནང་ནས་གཅིག་བླངས་པ་སྟེ། འོག་མ་དག་ལ་ཡང་དེ་དང་འདྲ་བར་སྦྱར་རོ། །གྲངས་ནི་མཚུངས་པ་ཉིད་དེ། དཔེར་ན་གངས་ཅན་དང་ཅིག་ཤོས་ནི་འབིགས་བྱེད་ཅེས་བྱའོ་ཞེས་བྱ་བ་ནི་རིགས་ཀྱི་ཡུངས་འབྲུ་ནི་མ་ཡིན་པ་ལྟ་བུའོ། །ཆ་ནི་ཆ་ཤས་སོ། །དེ་ཡང་
Vol. 114 · folio 77b
རིགས་འདྲ་བའི་ངོ་བོ་ཡིན་ཏེ། དཔེར་ན་རི་རྣམས་ཀྱི་ཆ་ནི་རིའི་རྩེ་མོ་ཡིན་གྱི། རྩྭའི་རྩེ་མོ་ནི་མ་ཡིན་པ་བཞིན་ནོ། །བགྲང་བ་ནི་དེ་ཡང་མཚུངས་པ་ཡིན་ཏེ། དཔེར་ན་རི་རབ་དང་། གངས་རི་ཞེས་བྱ་བའི་ཡུངས་འབྲུའང་ཡིན་ཞེས་མི་བརྗོད་པ་བཞིན་ནོ། །དཔེ་འདི་འདྲ་བདག་ཁོ་ན་ལ་ལེན་
ཏེ། དཔེར་ན་བ་མེན་ལ་བ་ལང་དང་འདྲའོ་ཞེས་བྱའི། སྦྲང་མ་ལ་མ་ཡིན་པ་བཞིན་ནོ། །རྒྱུར་ཡང་ཞེས་བྱ་བ་ནི་སྨིན་པ་དེས་མ་སྨིན་པའི་རྒྱུ་ཅན་དུའང་མི་བཟོད་ཅེས་བྱ་བར་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་བསོད་
ནམས་ཀྱི་ཚོགས་སྒྲུབ་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་དུང་ནི་ཇི་ལྟ་བུར་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་ན་ཉན་པའི་འཁོར་ཉེ་བ་རྣམས་ཀྱིས་ཇི་ལྟར་ཐོས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་མའི་ཕ་རོལ་ན་གནས་པའི་
སེམས་ཅན་རྣམས་ཀྱིས་ཀྱང་དེ་དང་འདྲ་བར་ཐོས་པར་བྱེད་པའི་གསུང་ལ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་སྒྲུབ་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞེས་བྱ་བ་ལ་སོགས་པས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པར་འགྱུར་ལ། ཆོས་ཀྱིས་རྗེས་སུ་འབྲང་བའི་ཡེ་ཤེས་
དང་ལྡན་པ་གཅིག་ཅིག་ཡོད་ན་དད་པས་རྗེས་སུ་འབྲང་བའི་གང་ཟག་དེ་དག་གི་ཡེ་ཤེས་གཅིག་ཏུ་བསྡོམས་ཀྱང་། ཆོས་ཀྱིས་རྗེས་སུ་འབྲང་བའི་གང་ཟག་གཅིག་པོའི་ཡེ་ཤེས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུར་ཡང་ཉེ་བར་མི་འགྲོ་བའི་བར་དུ་སྦྱར་ཏེ། འོག་མ་དག་ལ་ཡང་
ཚུལ་དེས་བསྒྲེ་བར་བྱའོ། །དེ་ལ་དད་པས་རྗེས་སུ་འབྲང་བ་ནི་བདག་ཉིད་ཀྱིས་ཤེས་པས་རྟོགས་པ་མེད་ཀྱི། གཞན་ལས་ཐོས་པ་བཞིན་དུ་དད་པས་འཕགས་པའི་ལམ་རྗེས་སུ་འཇུག་པའོ། །ཆོས་ཀྱིས་རྗེས་སུ་འབྲང་བ་ནི་དབང་པོ་རྣོན་པོ་གཞན་གྱི་དྲིང་ལ་མི་འཇོག་པ་ཆོས་ཀྱི་
Vol. 114 · folio 78a
ཚུལ་དང་མཐུན་པར་རིག་པ་དང་སྦྱོར་ཞིང་འཇུག་པའོ། །བརྒྱད་པ་ནི་རྒྱུན་དུ་འཇུག་པ་སྟེ། དགྲ་བཅོམ་པ་ནས་ཐུར་དུ་བགྲངས་ན་གང་ཟག་བརྒྱད་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པ་ནི་མྱ་ངན་ལས་འདས་པའི་ལམ་གྱི་རྒྱུན་དུ་ཞུགས་པ་ལ་བྱའོ། །
ལན་ཅིག་ཕྱིར་འོང་བ་ནི་འདོད་པའི་ཁམས་ཀྱི་བསྒོམས་པས་སྤང་བར་བྱ་བར་ཉོན་མོངས་པ་དྲུག་མན་ཆད་སྤངས་པ་སྟེ། འདོད་པའི་ཁམས་འདིར་ཡང་སྐྱེ་བ་ལེན་པའི་ཕྱིར་རོ། །ཉོན་མོངས་པ་དགུ་ཆར་སྤངས་པ་ནི་ཕྱིར་འདོད་པའི་ཁམས་སུ་སྐྱེ་བའི་རྒྱུ་མེད་པས་ཕྱིར་མི་འོང་བའོ། །ཁམས་
གསུམ་གྱི་ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་པའམ། འཇིག་རྟེན་གསུམ་གྱི་མཆོད་པའི་འོས་སུ་གྱུར་པས་ན་དགྲ་བཅོམ་པའོ། །སེམས་ཅན་མང་པོའི་དོན་མི་མཛད་ཀྱི། བདག་གཅིག་པུ་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་བསྒྲུབ་པས་ན་རང་སངས་རྒྱས་སོ། །མོས་
པས་སྤྱོད་པའི་ས་བཞི་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་ལ་བསྐལ་པ་བརྒྱས་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་དང་པོ་ལ་བསྐལ་པ་བརྒྱ་ཞེས་བཏགས་པའི་ཕྱིར་རོ། །འཁོར་བ་ཐོག་མ་མེད་པ་གང་ནས་བཟུང་སྟེ། གྲངས་མེད་པ་
བརྩམས་ཤེ་ན། བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ཅེས་བརྗོད། །ཅེས་བཤད་དེ། བཟང་པོ་ནི་དགེ་བའོ། །སྨོན་པ་ནི་སྨོན་ལམ་ཏེ། དེ་གཉིས་སུ་ལ་ཡོད་པ་ནི་བཟང་བ་
དང་སྨོན་པའི་སྟོབས་ཅན་ཞེས་བྱའོ། །དེ་ལ་དགེ་བའི་རྩ་བའི་སྟོབས་ཅན་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ཅན་ནི་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པའི་ཕྱིར་རོ། །སེམས་བརྟན་པ་ནི་མི་དགེ་བའི་གྲོགས་པོས་མོས་པ་བཟློག་ཀྱང་
བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཁྱད་པར་དུ་འགྲོ་བ་ནི་ཚེ་འདི་དང་ཕྱི་མ་ལ་དགེ་བའི་ཆོས་འཕེལ་བ་དང་། ཡོངས་སུ་མི་ཉམས་པའི་ཕྱིར་རོ། །དེ་ལྟར་གང་གི་ཚེ་དགེ་བའི་རྩ་བ་དང་། སྨོན་ལམ་གྱི་སྟོབས་དང་། སེམས་བརྟན་པ་དེ་བར་མ་དོར་མི་ལྡོག་པ་དང་། ཁྱད་
Vol. 114 · folio 78b
པར་དུ་འགྲོ་བ་སྟེ་ཡོན་ཏན་ཅུང་ཟད་ཀྱིས་ཆོག་པར་མི་འཛིན་པ་དེ་ནས་བཟུང་སྟེ། གྲངས་མེད་པ་གསུམ་རྩོམ་མོ། །ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་སྤངས་ནས་སྟོང་པ་ཉིད་ཀྱི་དོན་ལ་བཟོད་པ་རབ་
ཏུ་ཐོབ་པའི་ཕྱིར་རོ། །ས་བརྒྱད་པ་མི་གཡོ་བ་ཐོབ་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། མཚན་མ་དང་མཚན་མ་མེད་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་ནས་དེར་མི་ལྡོག་པའི་ཕྱིར་རོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་གླེང་གཞིའི་སྐབས་སུ་བཤད་
ཟིན་ཏོ།། །།བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ནི་མངོན་པར་སངས་རྒྱས་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་འདུག་པ་ལ་མངོན་པར་སངས་རྒྱས་པ་ཉིད་ནི་མ་ཡིན་པའོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ནི་དགེ་བས་མཐོ་རིས་སུ་སྐྱེ་བ་དང་། མི་དགེ་བས་ངན་སོང་དུ་སྐྱེ་བ་
གནས་ཡིན་པ་དང་། དགེ་བས་ངན་སོང་དུ་སྐྱེ་བ་དང་། མི་དགེ་བས་མཐོ་རིས་སུ་སྐྱེ་བ་གནས་མ་ཡིན་པ་ལ་སོགས་པ་མཁྱེན་པའོ། །སངས་རྒྱས་ཀྱི་ཆོས་གཞན་རྣམས་ནི་ཡི་གེ་མངས་སུ་དོགས་ནས་མ་བྲིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་
བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཚོགས་བསྒྲུབ་པའི་བརྩོན་འགྲུས་མི་ཟད་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ནི་སེམས་ཅན་ཁ་ཅིག་འདོད་ཆགས་
སྤྱོད་པ་དང་། ཁ་ཅིག་ཞེ་སྡང་སྤྱོད་པ་དང་། ཁ་ཅིག་གཏི་མུག་སྤྱོད་པ་དང་། ཁ་ཅིག་ང་རྒྱལ་སྤྱོད་པ་དང་། ཁ་ཅིག་རྣམ་པར་རྟོག་པ་ལ་སྤྱོད་པའི་འཇུག་པ་ཤེས་པ་ནི་སེམས་ཅན་གྱི་སྤྱོད་པ་དེ་དག་རྟོགས་པ་སྟེ། དེ་ཡང་ཇི་ལྟར་རྟོགས་པར་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་
འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་ཅན་གཅིག་གི་སེམས་ཀྱི་འཇུག་པ་གཅིག་ལ་ཡོད་པར་གྱུར་པ་དེ་ལྟ་བུའི་ཚུལ་དུ་སེམས་གཉིས་དང་གསུམ་ལ་སོགས་
Vol. 114 · folio 79a
པ་སེམས་ཅན་ཐམས་ཅད་དེ་སྙེད་དུ་ཚད་མེད་པའི་སེམས་ཀྱིས་གང་བར་གྱུར་པ་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པས་གང་བའི་སེམས་སུ་གྱུར་པ་ཡང་དེ་དང་འདྲ་བར་སྦྱར་ཏེ། དེ་ལྟ་བུར་གྱུར་པའི་སེམས་ཅན་གྱི་སེམས་དང་། ཉོན་མོངས་པ་
ཤེས་པར་བྱ་བའི་ཤེས་རབ་ཀྱི་ཚོགས་ཀྱིས་གཅིག་བསྒྲུབས་པས་མ་ལུས་པ་ཤེས་པར་འགྱུར་བ་དེ་ལྟ་བུའི་ཤེས་རབ་ཀྱི་ཚོགས་བསྐྱེད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སོ་སོའི་དམིགས་པས་བྱུང་བ་ནི་གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་ནས་བྱུང་བའོ། །ཞིག་པ་ནི་སེམས་
དང་ཉོན་མོངས་པ་བྱུང་ནས་འདས་པའི་དུས་སུ་ཞིག་པའོ། །ཞུ་བ་ནི་ད་ལྟར་བྱུང་ནས་འཇིག་པ་ལ་བལྟས་པ་དང་འབྱུང་བར་འགྱུར་བའོ། །ཤེས་རབ་དེས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ད་ལྟར་བྱུང་བའི་སེམས་དང་ཉོན་མོངས་པའི་གོང་དུ་སྨོས་པ་ལྟ་བུ་མང་པོ་ཤེས་པར་མ་ཟད་ཀྱི་དུས་
གསུམ་དང་ལྡན་པ་མ་ལུས་པར་ཤེས་པ་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་མི་ཟད་པ་གང་ཞེ་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་བརྩོན་འགྲུས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན་
ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་རྩ་བ་ནི་ཤེས་རབ་རྣམ་པ་གསུམ་དང་ལྡན་པ་ལ་སོགས་པ་སྟེ། དེ་དག་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་བསགས་པས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་འགྲུབ་པར་བྱེད་པས་སངས་རྒྱས་ཀྱི་
ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཚོགས་ཞེས་བྱའོ། །དེ་ཉིད་མདོར་བསྡུས་ནས་གསལ་བར་བསྟན་པའི་ཕྱིར། དང་པོའི་སེམས་བསྐྱེད་པ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། མངོན་པར་བྱང་ཆུབ་པའི་
བར་ན་གང་ཇི་ཙམ་དུ་བདག་དང་གཞན་གྱི་དོན་བྱ་བར་སེམས་ཤིང་དམིགས་པ་དང་། བདག་དང་གཞན་གྱི་དོན་སྒྲུབ་པར་སྦྱོར་བ་ལ་སོགས་པ་གང་དག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ཞེས་ཚིག་རྣམ་པར་སྦྱར་རོ། །བརྩོན་འགྲུས་ཐམས་ཅད་ཀྱི་སྒོ་བསྟན་
Vol. 114 · folio 79b
པའི་དབང་དུ་བྱས་ནས། གང་ལུས་ཀྱི་དགེ་བའི་ལས་ཀྱི་རྟེན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོ་གསུམ་ནས་དགེ་བ་སྤྱད་དོ་ཅོག་གི་རྟེན་ནི་བརྩོན་འགྲུས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྒོ་གསུམ་ནས་དགེ་བ་སྤྱད་དོ་ཅོག་གི་རྟེན་བརྩོན་འགྲུས་ཡིན་སྙམ་ནས། དེ་ཅིའི་ཕྱིར་ཞེ་ན་
ཞེས་དྲིས་པ་དང་། བརྩོན་འགྲུས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་དང་ངག་དང་སེམས་དང་ལྡན་པའི་ཕྱིར་དེ་ཞེས་གསུངས་སོ། །སྒོ་གསུམ་དང་ལྡན་པའི་བརྩོན་འགྲུས་རྣམ་པ་ཐམས་ཅད་དུ་འདྲ་ཡང་ཞེ་ན། ཐབས་དང་ཤེས་རབ་ཀྱིས་ཟིན་པའི་སེམས་ཀྱི་བརྩོན་འགྲུས་ཀྱིས་བརྩོན་
འགྲུས་ཐམས་ཅད་མདོར་བསྡུས་པའི་དབང་དུ་བྱས་ནས། ལུས་དང་ངག་གི་བརྩོན་འགྲུས་པས་སེམས་ཀྱི་བརྩོན་འགྲུས་ཉིད་མཆོག་ཅེས་བཤད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་གི་སྒོ་ནས་བརྩོན་འགྲུས་འབྱུང་ངོ་ཅོག་ཀྱང་སེམས་ཀྱིས་ཀུན་ནས་བསླངས་པ་ཡིན་པས་
ན་སེམས་ཀྱི་བརྩོན་འགྲུས་མཆོག་ཅེས་བཤད་དོ། །དེ་བས་ན་མདོ་ལས་ཀྱང་། འཇིག་རྟེན་ནི་སེམས་ཀྱིས་ཁྲིད་དོ། །སེམས་ཀྱིས་དྲངས་སོ་ཞེས་གསུངས་སོ། །དེ་བཞིན་དུ་སེམས་ཀྱིས་སངས་རྒྱས་བྱེད་པ་སྟེ། སེམས་ཉིད་ཀྱིས་མཐོང་བའོ། །སེམས་ཉིད་ང་ཡི་སངས་རྒྱས་ཏེ། །
སེམས་ཉིད་དེ་བཞིན་གཤེགས་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སེམས་ཀྱི་འཇུག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡང་རུང་བ་ལ་ཐོག་མ་འཇུག་ཅིང་རྩོམ་པ་སྟེ་ཐབས་ཀྱིས་བསྡུས་པའོ། །གནས་པ་ནི་སྤྱོད་པ་དེ་དག་མཐར་ཕྱིན་ཅིང་གྲུབ་པ་སྟེ་ཤེས་རབ་ཀྱིས་
བསྡུས་པའོ། །དེ་ཡང་རབ་ཏུ་དབྱེ་བ་དང་མདོར་བསྡུས་པས་བསྟན་ཏེ་སེམས་ཀྱི་འཇུག་པ་དང་གནས་པའི་ཚིག་ཕྲུགས་ཉི་ཤུ་རྩ་དགུས་ནི་དབྱེ་བ་བསྟན། ཐ་མའི་ཚིག་ཕྲུགས་གསུམ་གྱིས་ནི་མདོར་བསྡུས་ཏེ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་རྩོམ་པ་ནི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་
པ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་ཉེ་བར་ཞི་བ་ནི་རྩོམ་པ་མེད་ཅིང་ལྷུན་གྱིས་གྲུབ་པ་སྟེ། ཐབས་དང་ཤེས་རབ་དང་གོ་རིམས་བཞིན་དུ་ཀུན་ལ་ཡང་རྒྱ་ཆེར་སྦྱར་རོ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་ལྟ་ཡང་ཤེས་རབ་ཀྱིས་སེམས་ཅན་དུ་དམིགས་པ་མེད་པའི་ཕྱིར་
Vol. 114 · folio 80a
བདག་མེད་པ་ལ་བཟོད་པ་ཞེས་བྱ་བར་སྦྱར་རོ། །བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་སྡུད་ཀྱང་ཤེས་རབ་ཀྱིས་ཆོས་གང་ལ་ཡང་དངོས་པོར་མི་འཛིན་པས། ཆོས་ཐམས་ཅད་མི་འཛིན་པ་ཞེས་བྱ་བར་སྦྱར་རོ། །འཁོར་བ་ནི་ཁམས་གསུམ་སྟེ།
ཐབས་ཀྱིས་སེམས་ཅན་གྱི་དོན་གྱི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་མི་སྐྱོ་བར་སེམས་ཅན་གྱི་དོན་ཀྱང་སྤྱོད་ལ། ཤེས་རབ་ཀྱིས་ཁམས་གསུམ་དུ་ཡང་མི་དམིགས་ཞེས་བྱ་བར་སྦྱར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འོག་མ་སླ་བ་དག་ནི་མ་བཤད་དེ། དེ་དག་དང་འདྲ་བར་
མཐུན་མཐུན་དུ་སྦྱར་རོ། །སེམས་ལ་རྨ་མི་ཕྱིན་པ་ནི་བདག་ནི་བཟོད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པའི་རྟོག་པ་རྣམས་ཀྱི་རྨ་མི་ཕྱིན་པ་སྟེ། བཟོད་པ་མི་ཟད་པའི་སྐབས་སུ་བཤད་པ་ལྟ་བུའོ། །སེམས་དབེན་པ་ནི་མི་དགེ་བ་སྤངས་པ་དང་། དགེ་བ་རྩོམ་པ་གང་ལ་ཡང་མི་
རྟོག་པའོ། །སེམས་ལ་ངེས་པར་སེམས་པ་ནི་སྤྲོས་པ་ཐམས་ཅད་ལས་དབེན་པའི་སེམས་ལ་རྟོག་པའོ། །ཚུལ་བཞིན་སྦྱར་བ་ནི་ཐོས་པས་བཙལ་བའི་ཆོས་དེ་དག་ཤེས་རབ་མི་ཟད་པའི་སྐབས་ན་ཚུལ་བཞིན་སྦྱོར་བ་སུམ་ཅུ་རྩ་གཉིས་ལ་སོགས་པ་འབྱུང་བ་ལྟ་བུར་སྦྱོར་རོ། །དགེ་བའི་
བཤེས་གཉེན་ལ་སོགས་པ་ལས་ཇི་སྐད་ཐོས་པ་བཞིན་དུ་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་ཆོས་སྟོན་པ་ནི་སེམས་ཀྱི་འཇུག་པ་ཡིན་ལ། མིང་ལ་སོགས་པས་ཐ་སྙད་བཏགས་ཏེ་བརྗོད་ཀྱང་ཆོས་ཉིད་ནི་བརྗོད་པར་མི་ནུས་པས་ཆོས་ཉིད་བརྗོད་དུ་མེད་པར་རིག་པ་ནི་སེམས་གནས་པ་
སྟེ། དེ་བས་ན་མིང་ནི་གང་དང་གང་གིས་སུ། ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མ་ཡིན། དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་སོ། །སྤྲོས་པ་ཤིན་ཏུ་ཆད་པ་ནི་ཤེས་རབ་ཀྱི་ཚོགས་ཐོས་པ་དང་བསམ་པ་ལ་སོགས་པའི་རྟོག་པ་སྤངས་པའོ། །
ཡང་དག་པའི་ཤེས་པས་བཏང་སྙོམས་པ་ནི་སེམས་ཅན་ལ་བྱམས་པ་ལ་སོགས་པར་མི་རྟོག་པའོ། །ཟག་པ་ཟད་པ་ནི་མངོན་པར་ཤེས་པ་དྲུག་པ་སྟེ། དེ་ལ་མངོན་སུམ་དུ་བྱེད་པ་ནི་འདྲིས་པར་བྱེད་པའོ། །དྲན་པ་ཡིད་ལ་བྱེད་པ་མེད་པས་ནི་དྲན་པ་ཉེ་བར་གཞག་པས་ལུས་ལ་
Vol. 114 · folio 80b
སོགས་པའི་མཚན་ཉིད་སོ་སོར་ཡིད་ལ་བྱེད་པ་དེ་དག་མི་དམིགས་པའོ། །དབང་པོ་མེད་པའི་ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དབང་པོ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །མི་བརྫི་བའི་ཡེ་ཤེས་ནི་སྟོབས་ཉིད་དུ་གྱུར་པ་སྟེ། མ་དད་པ་ལ་སོགས་པ་མི་མཐུན་པའི་
ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ལ་བྱའོ། །བྱང་ཆུབ་ཀྱི་ཡན་ལག་ཡང་དག་པར་བྱུང་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་སྐྱེད་པར་བྱེད་པའི་དོན་ཏོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པའི་ཡེ་ཤེས་ནི་ཆོས་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་ས་དང་པོ་ལ་རྟོག་པའི་ཡེ་ཤེས་སོ། །གར་
ཡང་མི་འགྲོ་བ་ཞེས་བྱ་བ་ལ་ལམ་གྱི་དོན་ནི་ཚོལ་བའི་དོན་ཡིན་པས་གར་ཡང་མི་འགྲོ་བ་ནི་གནས་སུ་ཕྱིན་ཟིན་པས་ལམ་ཚོལ་བ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་གནས་ཀྱི་སེམས་ཞི་བ་ནི་ཞི་གནས་ཚོལ་བའི་དབང་གིས་སེམས་རྩེ་གཅིག་ཏུ་གྱུར་ཟིན་པ་ལ་བྱའོ། །རྒྱུ་རྟོགས་པ་ནི་ཀུན་ནས་ཉོན་
མོངས་པའི་ཕྱོགས་ཀྱིས་རྒྱུ་མ་རིག་པ་ལ་སོགས་པ་ཡིན་པ་དང་། རྣམ་པར་བྱང་བའི་རྒྱུ་མ་རིག་པ་འགག་པ་ལ་སོགས་པ་ཡིན་པར་རྟོགས་པའོ། །རྒྱུ་ཀུན་ཤེས་པ་ནི་རྒྱུ་དེ་དག་མི་དམིགས་པའོ། །ཆོས་ལ་ནན་ཏན་བྱེད་པ་ནི་གཞན་གྱི་སྒྲ་ལས་ཇི་སྐད་ཐོས་པ་བཞིན་དུ་སྒྲུབ་པར་བྱེད་པའོ། །
ལུས་ཀྱི་རྒྱན་ནི་མཚན་དང་དཔེ་བྱད་ལ་སོགས་པ་ཐོབ་པར་རྩོམ་པའོ། །ལུས་ཀྱི་ཆོས་ཉིད་ནི་ལུས་དང་རྒྱན་དེ་དག་མི་དམིགས་པའོ། །ངག་གི་རྒྱན་ནི་དེ་བཞིན་གཤེགས་པའི་གསུང་ཡན་ལག་ལྔའམ་དྲུག་ཅུའམ། སྟོང་ཕྲག་གྲངས་མེད་པ་དང་ལྡན་པ་ཐོབ་པར་རྩོམ་པའོ། །འཕགས་པ་མི་སྨྲ་བ་
ནི་སྨྲ་བའི་སྤྲོས་པ་སྤངས་ཏེ། སེམས་ནང་དུ་ཡང་དག་པར་འཇོག་པ་ལ་གནས་པའོ། །བྱེད་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྒྲུབ་པ་དང་བྲལ་བའོ། །འཇུག་པ་དང་གནས་པ་རྣམས་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལ་འཇུག་པ་གང་ཞེ་ན། གང་ཐབས་སུ་ལྟ་བའོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པའི་ཐབས་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་རྩོམ་པ་དང་། མིང་དང་བརྡ་ལ་སོགས་པ་ལ་བརྟེན་ཏེ། ཐ་སྙད་ཀྱི་འཇུག་པ་རྣམས་ནི། སེམས་ཀྱི་འཇུག་པ་ཞེས་
Vol. 114 · folio 81a
བྱའོ། །ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སེམས་ཅན་ལ་སོགས་པ་མི་དམིགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ཏེ། ཉམས་སུ་ལོན་པ་དང་། མིང་དང་བརྡ་ལས་འདས་པའི་ཆོས་ཉིད་བརྗོད་དུ་མེད་པ་ལ་སོགས་པ་དོན་དམ་པ་རྟོགས་པ་ནི་སེམས་
གནས་པ་ཞེས་བྱའོ། །དེ་ལ་སེམས་ཀྱི་བརྩོན་འགྲུས་མི་ཟད་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཀྱི་བརྩོན་འགྲུས་དེ་དག་རྫོགས་པར་བྱ་བའི་ཆེད་དུ་ཐབས་ཇི་ལྟ་བུས་འཇུག་པ་སྟོན་ཏོ། །འཇུག་པ་ཐམས་ཅད་དང་
གནས་དང་། མཚན་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་འཇུག་པ་ཐམས་ཅད་དང་། གནས་པ་ཐམས་ཅད་ལ་ཡང་གནས་ལ། གཟུང་བ་དང་འཛིན་པའི་མཚན་ཉིད་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་མ་ཐམས་ཅད་དང་ཡང་དག་པར་བྲལ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་
དགེ་བའི་རྩ་བ་བསྒྲུབ་པ་དང་སེམས་ཅན་གྱི་དོན་གྱི་བྱ་བ་ལ་སོགས་པ་ཡང་མི་བྱེད་དམ་ཞེ་ན། དེ་མཚན་མའི་ལས་ཐམས་ཅད་དུ་ཡང་འཇུག་པ་ཞེས་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ལ་
སོགས་པ་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་ལས་ལ་ཡང་གནས་པ་ཞེས་བྱ་བ་ནི། གང་དགེ་བའི་རྩ་བའི་རྒྱུ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་གང་གི་མཐུས་འདུས་བྱས་སུ་ཡང་མི་གཏོང་། འདུས་མ་བྱས་སུ་ཡང་མི་ལྟུང་བ་ནི་ཡེ་ཤེས་ཀྱི་ལས་ཞེས་
བྱའོ། །དེ་ལ་དགེ་བའི་རྩ་བའི་རྒྱུ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་རྒྱུ་འདུས་བྱས་སུ་ཡང་མི་གཏོང་བ་ནི་འདུས་བྱས་སུ་མི་གཏོང་བའི་ཡེ་ཤེས་ཀྱི་ལས་ཏེ། དེ་གཉིས་ནི་ཁམས་གསུམ་དུ་སྦྱོར་བ་འདུས་བྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པར་མི་
རྟོག་པའི་ཡེ་ཤེས་ཏེ། དེ་འབའ་ཞིག་ལ་མི་གནས་པས་ན་འདུས་མ་བྱས་སུ་མི་ལྟུང་བ་ཞེས་བྱའོ། །བརྩོན་འགྲུས་མི་ཟད་པ་བཤད་ཟིན་ཏོ།། །།བསམ་གཏན་མི་ཟད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ལས་མི་གཡོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །
Vol. 114 · folio 81b
དེ་བསྟན་པའི་ཕྱིར་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་མི་ཟད་པ་ཡང་རྣམ་པ་ལྔས་བསྟན་ཏེ། བསམ་གཏན་གྱི་རྣམ་པའི་ཁྱད་པར་རྣམ་པར་
དག་པ་ལ་གནས་པ་དང་། བསམ་གཏན་ཤིན་ཏུ་སྦྱངས་པའི་འབྲས་བུ་ལ་གནས་པ་དང་། མི་མཐུན་པའི་ཕྱོགས་དཔག་ཏུ་མེད་པའི་གཉེན་པོར་གྱུར་པས་གཉེན་པོ་ཚད་མེད་པ་དང་ལྡན་པ་དང་། ངེས་པའི་ཚིག་གིས་དམིགས་པ་ཐ་དད་པ་ལ་གནས་པ་དང་། མི་མཐུན་པའི་ཕྱོགས་ཡིད་ལ་བྱེད་
པ་སྤངས་པ་དང་། གཉེན་པོ་རྣམ་པར་དག་པ་ལ་གནས་པས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་ནི་འཇིག་རྟེན་པའི་བསམ་གཏན་དང་། སྙོམས་པར་འཇུག་པ་ལ་སོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་ལས་ཁྱད་པར་དུ་འཕགས་ཏེ། དེ་དག་
ཟིལ་གྱིས་ནོན་པའི་ཕྱིར་དང་། ཉི་མའི་སྒྲོན་མ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་དང་ལྡན་པས་ན་མི་ཟད་པ་ཡིན་ནོ། །དེ་ལ་བསམ་གཏན་གྱི་རྣམ་པའི་ཁྱད་པར་རྣམ་པར་དག་པ་ལ་གནས་པའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་རྣམ་པའི་ཁྱད་པར་རྣམ་པར་དག་པ་ལ་གནས་པ་ཡང་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཏེ། དཀའ་བར་སྤྱོད་པའི་ཁྱད་པར་དང་། མངོན་པར་ཤེས་པ་
དང་། ཆོ་འཕྲུལ་ཆེན་པོ་ལ་དབང་རྣམ་པར་དག་པའི་ཁྱད་པར་དང་། སེམས་ལ་དབང་ཐོབ་པའི་དབང་གི་ཁྱད་པར་རྣམ་པར་དག་པ་དང་། འཇུག་པ་དང་། གནས་པ་དང་། ལྡང་བ་ལ་དབང་བའི་ཁྱད་པར་དང་། འཇིག་རྟེན་ལས་འདས་པ་ལས་ཀྱང་འཕགས་པའི་དབང་གི་ཁྱད་པར་
དང་། ཕྱིར་ཉམས་པ་མེད་པའི་དབང་གི་ཁྱད་པར་དང་། ཤེས་བྱ་དང་ཉོན་མོངས་པ་མེད་པའི་དབང་གི་ཁྱད་པར་དང་། སེམས་ཅན་དང་ཆོས་སུ་འཛིན་པ་དང་བྲལ་བས་ལྟ་བ་རྣམ་པར་དག་པའི་ཁྱད་པར་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ལ་ཕན་འདོགས་པས། ཕན་འདོགས་
Vol. 114 · folio 82a
པ་རྣམ་པར་དག་པའི་ཁྱད་པར་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ་ལ་དབང་རྣམ་པར་དག་པའི་ཁྱད་པར་དང་། ཉམས་པ་མེད་པར་རྣམ་པར་དག་པའི་ཁྱད་པར་དང་། ཡེ་ཤེས་ཀྱི་ཁྱད་པར་ལ་གནས་པ་དང་། མཐར་ཕྱིན་པའི་བདག་ཉིད་ཆེན་པོ་དང་ལྡན་པའོ། །
དེ་དག་ལས་ཀྱང་དཀའ་བར་སྤྱོད་པའི་ཁྱད་པར་ནི་མདོའི་ཚིག་དང་པོ་བཞིས་བསྟན། ལྷག་མ་རྣམས་ནི་མདོའི་ཚིག་དེ་རེས་བསྟན་ཏོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི། སྐྱོན་ཐམས་ཅད་དང་བྲལ་བ་སྟེ། དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་བསམ་གཏན་ནི། འཇིག་རྟེན་པའི་བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞིའི་ཡན་ལག་རྟོག་པ་དང་དཔྱོད་པ་ལ་སོགས་པ་དེ་ལ་མ་ཆགས་པའོ། །སྙིང་རྗེ་ཆེན་པོ་ལ་དམིགས་པ་ཞེས་བྱ་བ་ནི་དང་པོ་བསམ་གཏན་ལ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་
པ་སྤང་བར་བྱ་བའི་ཕྱིར་རོ། །བསམ་གཏན་ལ་མཉམ་པར་བཞག་གོ་སྙམ་དུ་དམིགས་ནས་འཇུག་པའི་ཕྱིར་རོ། །འདོད་པའི་ཁམས་སུ་དམིགས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་ལ་ལྟ་བ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཏིང་ངེ་འཛིན་ལྡོག་པ་
ཡིན་ཏེ། འཇིག་རྟེན་པ་ལ་སོགས་པས་ནི་ཁམས་གོང་མའི་ཏིང་ངེ་འཛིན་ལ་གནས་པ་དེ་ལས་ལྡོག་ཅིང་། ཁམས་གོང་མར་གནས་པར་མི་ནུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤིན་ཏུ་དབང་དུ་གྱུར་པས་ཁམས་གོང་མ་ལས་འདོད་པའི་ཁམས་སུ་དམིགས་ཤིང་
སྐྱེས་ཀྱང་ཉམས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། ཚིག་དེ་དག་གིས་དཀའ་བར་སྤྱོད་པར་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཀུན་ཤེས་པའི་ཕྱིར་ཞེས་པ་ལ་སོགས་པས་མངོན་པར་ཤེས་པ་དང་། ཆོ་འཕྲུལ་ཆེན་པོ་ལ་དབང་རྣམ་པར་དག་པ་བསྟན་ཏེ་
སེམས་ཀྱི་སྤྱོད་པ་ཡང་སྔར་བསྟན་ལ། ཕྱིས་ཀྱང་སྟོན་པར་འགྱུར་རོ། །མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པ་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་སེམས་ཀྱི་སྤྱོད་པ་ཀུན་ཤེས་པ་དེས་མངོན་པར་ཤེས་པ་ལྔ་ལས་སུ་རུང་བར་བྱས་སོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་
Vol. 114 · folio 82b
དབང་ཕྱུག་ཤེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སེམས་ལ་དབང་ཐོབ་པའི་དབང་གི་ཁྱད་པར་རྣམ་པར་དག་པ་བསྟན་ཏེ། ཏིང་ངེ་འཛིན་རྩེ་གཅིག་པའི་མཚན་ཉིད་ཀྱིས་དབང་སྒྱུར་བ་ནི་སེམས་ཀྱི་དབང་ཕྱུག་ཤེས་པའོ། །དེའི་ཕྱིར་སེམས་ལས་སུ་རུང་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་
མོངས་པའི་དབང་དུ་མི་འགྲོ་ཞིང་ཇི་ལྟར་འདོད་པ་བཞིན་དུ་གནས་སུ་བཏུབ་ཅེས་བྱ་བའི་ཐ་ཚིག་གོ། །གཟུགས་དང་གཟུགས་མེད་པའི་ཁམས་ཟིལ་གྱིས་གནོན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཇུག་པ་དང་། གནས་པ་དང་། ལྡང་བ་ལ་དབང་བའི་ཁྱད་པར་བསྟན་ཏེ། བྱང་ཆུབ་
སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བསམ་གཏན་ལ་སོགས་པ་ལ་དང་པོ་ཡང་ཅི་དགར་སྙོམས་པར་འཇུག་ལ། བར་དུ་ཡང་ཇི་ཙམ་འདོད་པའི་བར་དུ་གནས་ཤིང་ཐ་མར་ཡང་ནམ་དགའ་བ་ན་ལྡང་བར་བྱེད་ཀྱི། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ནི་དང་པོ་སྙོམས་པར་འཇུག་
པའི་ཤུགས་མ་ཟད་ཀྱི་བར་དུ་ལྡང་བར་ཡང་མི་ནུས་ལ། ནམ་འདོད་པ་ན་བསམ་གཏན་གང་ཡང་རུང་བ་ལ་སྙོམས་པར་འཇུག་པ་ཡང་མི་ནུས་པས་ཟིལ་གྱིས་གནོན་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྙོམས་པར་འཇུག་པ་ཟིལ་གྱིས་གནོན་པའི་ཕྱིར་ཞེས་བྱ་
བ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པ་ལས་ཀྱང་འཕགས་པའི་དབང་གི་ཁྱད་པར་བསྟན་ཏེ། ཞི་བ་དང་རབ་ཏུ་ཞི་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་ཞི་བ་དང་རབ་ཏུ་ཞི་བའམ། ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤོང་བའི་ཕྱིར་ཞི་བ་དང་རབ་ཏུ་ཞི་བ་ཞེས་བྱའོ། །
ཤིན་ཏུ་མཐར་ཐུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉམས་པ་མེད་པའི་དབང་གི་ཁྱད་པར་བསྟན་ཏེ། མི་འཁྲུགས་པ་ནི་མཐར་ཐུག་པར་གྱུར་པ་མི་མཐུན་པའི་ཕྱོགས་ཀྱིས་ཉམས་པར་བྱར་མེད་པའི་ཐ་ཚིག་གོ། །ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་
པར་འཇོམས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས། ཤེས་བྱ་དང་ཉོན་མོངས་པ་མེད་པའི་དབང་གི་ཁྱད་པར་བསྟན་ཏེ། ལོག་པར་སྒྲུབ་པ་ནི་ལས་དང་ཉོན་མོངས་པ་གང་གིས་ཚེ་རབས་གཞན་དུ་ཉིང་མཚམས་སྦྱོར་བའི་རྒྱུ་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་ཡིན་ཏེ། དེའི་གཉེན་པོ་ཞེས་བྱ་བའི་
Vol. 114 · folio 83a
ཐ་ཚིག་གོ། །འཇིག་རྟེན་ཐམས་ཅད་ལས་བསྒྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སེམས་ཅན་དང་། ཆོས་སུ་འཛིན་པ་དང་བྲལ་བས་ལྟ་བ་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། འཇིག་རྟེན་ཐམས་ཅད་ནི་སེམས་ཅན་དང་ཆོས་སུ་འཛིན་པ་ལས་མངོན་པར་
ཞེན་པ་བསྟན་ཏེ། དེ་དག་ལས་བསྒྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཤེས་རབ་ལ་འཇུག་པ་སྟེ། བསམ་གཏན་འདིས་སེམས་ཅན་དང་ཆོས་སུ་འཛིན་པ་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་
ཐམས་ཅད་བསྒྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་ཐམས་ཅད་དུ་སེམས་ཅན་ལ་ཕན་འདོགས་པས་ཕན་འདོགས་པ་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། བསྒྲལ་བ་ནི་ངན་སོང་དང་། སྲིད་པའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་
ཀྱི་བསམ་པ་སྔོན་དུ་འགྲོ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་བསམ་པ་སྔོན་དུ་གཏོང་བའོ། །དེ་བཞིན་གཤེགས་པའི་བསམ་གཏན་མི་ཟད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ་ལ་
དབང་རྣམ་པར་དག་པའི་ཁྱད་པར་བསྟན་ཏེ། དེ་བཞིན་གཤེགས་པའི་བསམ་གཏན་ནི་གོང་དུ་བཤད་པའོ། །བསམ་གཏན་དེས་འཇིག་རྟེན་གྱི་ཁམས་གོང་དུ་དཀོན་མཆོག་གསུམ་གྱི་མཚན་མི་གྲག་པ་ནི་གྲག་པར་བྱེད། གང་དུ་གྲག་པར་ནི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་
ཆད་པར་བྱེད་དེ། དེ་ལྟར་བྱེད་པའི་བསམ་གཏན་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འཇུག་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པའོ། །རྟག་ཏུ་མཉམ་པར་གཞག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉམས་པ་མེད་པ་རྣམ་
པར་དག་པའི་ཁྱད་པར་བསྟན་ཏེ། འགྲོ་བ་དང་འདུག་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་མཉམ་པར་གཞག་པས་མ་ཉམས་པ་ཞེས་བྱ་སྟེ། སྤྱོད་ལམ་ཐམས་ཅད་དུ་ཉམས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་
Vol. 114 · folio 83b
ལ་སོགས་པས་ཡེ་ཤེས་ཀྱི་ཁྱད་པར་ལ་གནས་པ་བསྟན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་འཇུག་པས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཡེ་ཤེས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་དབང་སྒྱུར་
བའི་ཡེ་ཤེས་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་བདག་ཉིད་ཆེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཐར་ཕྱིན་པའི་བདག་ཉིད་ཆེན་པོ་དང་ལྡན་པ་བསྟན་ཏེ། ཡེ་ཤེས་ཀྱི་བདག་ཉིད་ཆེ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེ་བའོ། །དེ་ལྟ་བུ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
བསམ་གཏན་ནི་ནམ་མཁའ་ཁྱབ་ཅེས་བྱ་སྟེ། ནམ་མཁའ་བཞིན་ཐོགས་པ་དང་ཆགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་རྣམ་པར་དག་པ་བཅུ་དྲུག་པོ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་མེད་ན་འཇིག་རྟེན་པ་རྣམས་ལ་ལྟ་ག་ལ་ཡོད་ཅེས་བསྟན་པས་
ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་བདག་ཉིད་ཆེ་བ་བརྗོད་དོ། །བསམ་གཏན་ཤིན་ཏུ་སྦྱངས་པའི་འབྲས་བུ་རྣམ་པར་དག་པའི་དབང་དུ་བྱས་ནས། དེ་ལ་བསམ་གཏན་ཡོངས་སུ་སྦྱངས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་ཡོངས་སུ་སྦྱངས་པ་
ཞེས་བྱ་བ་ནི་བསམ་གཏན་གྱི་ཡོངས་སུ་སྦྱངས་པ་སྟེ། སེམས་ལས་སུ་རུང་བའི་འབྲས་བུ་གང་སྦྱང་བ་ལ་བྱའོ། །དེ་ཉིད་ཀྱང་གང་ཞེ་ན། གང་མངོན་པར་ཤེས་པ་དང་ཡེ་ཤེས་ཡོངས་སུ་རྫོགས་པའོ་ཞེས་བྱ་བ་གསུངས་ཏེ། འོག་ནས་སྨོས་པ་ལྟ་བུའི་མངོན་པར་ཤེས་པ་དང་ཡེ་ཤེས་
ཡོངས་སུ་རྫོགས་པ་རྣམས་ནི་སེམས་ལས་སུ་རུང་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གིས་གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་ཞེས་བྱ་བ་ལ་སོགས་པ་ཚིག་གི་ཚར་ཕྲུགས་ལྔས་ནི་ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་
དྲན་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་རྣམས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་མན་ཆད་ཚིག་གི་ཚར་ཕྲུགས་གསུམ་གྱིས་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་བསྟན་ཏེ། དངོས་གསལ་བ་རྣམས་ནི་མ་བཤད་དོ། །གང་གིས་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་མི་ཟད་པར་
Vol. 114 · folio 84a
ཤེས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གིས་གཟུགས་བཟང་པོ་དང་ངན་པ་ལ་སོགས་པ་ལྷའི་མིག་གིས་མཐོང་ངོ་ཅོག་ཐམས་ཅད་ཀྱི་ཆོས་ཉིད་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཤེས་ཀྱང་མི་ཟད་པའི་ཆོས་མངོན་སུམ་དུ་མི་བྱེད་དེ་འཕགས་པའི་ཉན་ཐོས་དག་
ལྟར་མྱ་ངན་འདས་པ་མངོན་སུམ་དུ་མི་བྱེད་པའི་ཡེ་ཤེས་ཞེས་བྱའོ། །གང་སྒྲ་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐར་བརྗོད་དུ་མེད་པར་ཤེས་པ་ནི་སྒྲ་ཆེན་པོའམ་ཆུང་ངུ་ལ་སོགས་པ་ལྷའི་རྣ་བས་ཐོས་སོ་ཅོག་འདས་པ་དང་། མ་འོངས་པའི་མཐར་བརྗོད་དུ་མེད་པ་སྟེ། དམིགས་
སུ་མེད་པར་ཤེས་པ་ནི་ཡེ་ཤེས་ཞེས་བྱའོ། །སེམས་འགོག་པར་ཤེས་པ་ནི་སེམས་ཀྱི་ཆོས་ཉིད་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བར་ཤེས་པ་སྟེ། དེ་ལྟར་ཤེས་ཀྱང་སེམས་ཀྱི་ཆོས་ཉིད་སེམས་འགོག་པ་མངོན་སུམ་ཡང་མི་བྱེད་པ་འདི་ནི་ཡེ་ཤེས་ཞེས་བྱའོ། །སྔོན་གྱི་
མཐའ་དང་ཕྱི་མའི་མཐའ་རྗེས་སུ་དྲན་པ་ནི་བདག་དང་ཕ་རོལ་རྣམས་འདས་པའི་དུས་ན་ཇི་ལྟ་བུར་གྱུར་ཅིང་བྱེད་པ་དང་། མ་འོངས་པའི་དུས་ན་བདག་དང་ཕ་རོལ་རྣམས་ཇི་ལྟར་འགྱུར་བ་ཤེས་པའོ། །གང་དུས་གསུམ་ལ་མ་ཆགས་པར་ཤེས་པ་ཞེས་བྱ་བ་ནི་དུས་གསུམ་གྱི་དངོས་པོ་
རྣམས་ལ་མཚན་མ་དང་དངོས་པོ་ཉིད་དུ་མི་འཛིན་ཅིང་། དུས་གསུམ་མཉམ་པ་ཉིད་དུ་ཤེས་པའོ། །ཞིང་ནམ་མཁའ་དང་མཚུངས་པར་ཤེས་པ་ནི་ཇི་ལྟར་ནམ་མཁའ་གསེར་དང་། བཻ་ཌཱུརྱ་ལ་སོགས་པ་གང་གི་རང་བཞིན་ཡང་མ་ཡིན་པ་ལྟར་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་སྟོང་པ་ཉིད་
དུ་ཤེས་པའོ། །དབྱེར་མེད་པའི་ཆོས་ནི་ཉན་ཐོས་དང་། རང་སངས་རྒྱས་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟག་པ་མེད་པའི་ཆོས་རྣམས་རྣམ་པར་གྲོལ་བར་རོ་གཅིག་པ་སྟེ། དེ་ལྟ་བུ་ཐོབ་པར་འདོད་པ་འདི་ནི་མངོན་པར་ཤེས་པ་ཡིན་ལ་དེའི་འོག་ཏུ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་མཉམ་
པར་མཐོང་སྟེ། རྣམ་པར་གྲོལ་བའི་རང་བཞིན་དུ་ཡང་མི་དམིགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ཡེ་ཤེས་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་བཟོ་དང་། གསོ་བ་རིག་པ་ལ་སོགས་པ་འཇིག་རྟེན་ཐམས་ཅད་དབྱེར་མེད་ཅིང་ཐུན་མོང་དུ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words