རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 115 · folio 137b
པར་གྱུར་པ་དེ་བས་ན་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གནོད་པར་གྱུར་ཅེ་ན། ལག་པའི་འདུས་ཏེ་རེག་པ་དང་། དབྱུག་པའི་འདུས་ཏེ་རེག་པས་ཀྱང་ཞེས་རྒྱས་པར་འབྱུང་བ་ཡིན་ན། །གཟུགས་ཞེས་བྱ་བ་ནི་གནོད་པར་གྱུར་པ་ཞེས་བྱའོ་ཞེས་བྱ་བ་ནི་རྣམ་པར་གྱུར་པ་ཞེས་
བྱ་བའི་དོན་གང་ཡིན་པ་ཡིན་གྱི། སྡུག་བསྔལ་གྱི་ཚོར་བ་བསྐྱེད་པས་གནོད་པར་གྱུར་པ་ནི་མ་ཡིན་ནོ། །ནད་པ་གཉིད་ནི་ག་ལ་ཡོད། །ཐུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་བྱ་བར་མངོན་པ་ཡིན་ཏེ། ཇི་ལྟར་ཟུག་རྔུས་ཟུག་པ་བཞིན་དུ་གནོད་པར་འགྱུར། །ཞེས་བྱ་བར་མངོན་
པ་ཡིན་ནོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལ་ཅིས་གནོད་ཅེ་ན་ཞེས་བྱ་བ་ནི་སེམས་པ་མེད་པ་ལ་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་རོ་ཞེས་བསམ་པའོ། །དེའི་ཕྱིར་ལག་པའི་འདུས་ཏེ་རེག་པ་ལ་སོགས་པས་གཞན་དུ་འགྱུར་བར་བྱས་པའོ་ཞེས་སྨྲས་པའོ། །གཟུགས་ན་སྤྱོད་པ་
དག་ལ་ཇི་ལྟར་གནོད་པར་འགྱུར། །ཞེས་བྱ་བ་ནི་དེ་དག་ནི་བསལ་བ་ཡིན་པའི་ཕྱིར་ལག་པ་དང་དབྱུག་པ་དང་བོང་བའི་འདུས་ཏེ་རེག་པས་རྣམ་པར་གྱུར་པར་བྱར་མི་ནུས་སོ། །དེའི་ཕྱིར་དེའི་ས་པའི་མེས་ཞེས་སྨྲས་ཏེ། འཇིག་པའི་དུས་ཀྱི་ཚེ་ཞེས་བྱ་བར་རིག་པར་བྱའོ། །སེམས་
ཅན་གྱི་གྲངས་སུ་གཏོགས་པ་ལ་ཇི་ལྟར་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་ཉིད་ནི་མེས་འཇིག་པར་འགྱུར་གྱི། སེམས་ཅན་གྱི་འཇིག་རྟེན་ནི་མ་ཡིན་ཏེ། རྫུས་ཏེ་སྐྱེས་པ་རྣམས་ལ་ལུས་ཤི་བ་མེད་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་མེས་ཞེས་སྨྲས་ཏེ། ཅི་ཞེ་ན། གནོད་པར་བྱར་ནུས་ཞེས་འོག་ཉིད་
ནས་འཆད་དེ་སྣོད་ཀྱི་འཇིག་རྟེན་གྱི་གྲངས་སུ་གཏོགས་པའི་གཟུགས་དེ་དག་ཀྱང་། གལ་ཏེ་ཕྲད་ན་གནོད་པར་བྱར་ནུས་པ་དག་གཟུགས་ཀྱི་མཚན་ཉིད་འཐོབ་པའི་ཕྱིར་གཟུགས་ཞེས་བརྗོད་དོ། །མཐུ་ཁྱད་པར་ཅན་དང་ལྡན་པས་གནོད་པར་གྱུར་པའི་ཕྱིར་རོ་ཞེས་བྱ་སྟེ། ཁམས་གསུམ་གྱི་
འདོད་ཆགས་དང་བྲལ་བ་རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་མེས་ཇི་ལྟ་བ་དེ་བཞིན་དུ་ཆུ་དང་རླུང་གིས་ཀྱང་དེ་དག་འཇིག་པའི་དུས་ཀྱི་ཚེ་གནོད་པར་འགྱུར་ཞིང་གནོད་པར་བྱར་ཡང་ནུས་པའི་ཕྱིར་གཟུགས་ཞེས་བྱའོ། །གནོད་པར་བྱར་མེད་པ་ཡིན་ཡང་ཞེས་རྒྱས་པར་འབྱུང་བ་ནི་
Vol. 115 · folio 138a
བསམ་གཏན་བཞི་པའི་ས་པ་དང་། བར་མ་དོའི་སྲིད་པའི་གཟུགས་ལ་སོགས་པ་རྣམས་གནོད་པར་བྱར་མེད་པ་ཡིན་ཡང་། དེའི་རིགས་ཡིན་པའི་ཕྱིར་ཏེ། གནོད་པར་བྱར་མེད་དུ་ཟིན་ཀྱང་གཟུགས་ཀྱི་རིགས་ཡིན་པའི་ཕྱིར་གཟུགས་ཞེས་བྱའོ། །སངས་རྒྱས་ཀྱི་སྤྲུལ་པ་བཞིན་ནོ་
ཞེས་བྱ་བ་ནི་ཇི་ལྟར་སངས་རྒྱས་ཀྱི་སྤྲུལ་པ་རྣམས་ལ་གནོད་པ་བྱར་མེད་དུ་ཟིན་ཀྱང་དེའི་རིགས་ཡིན་པའི་ཕྱིར་གཟུགས་ཞེས་བྱའོ། །སྲིད་པ་བར་མའི་གཟུགས་ཀྱང་མཐུ་ཁྱད་པར་ཅན་དང་ལྡན་པས་ཀྱང་གནོད་པར་བྱར་མི་ནུས་སོ། །བསམ་གཏན་བཞི་པའི་གཟུགས་ནི་དེ་དག་བསྐལ་པས་
འཇིག་པ་མེད་པའི་ཕྱིར་གནོད་པར་བྱར་མེད་དུ་ཟིན་ཀྱང་དེའི་རིགས་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །གཞན་དག་ན་རེ་གཟུགས་ཞེས་བྱ་བ་ནི་གགས་བྱེད་པ་ཡིན་ནོ་ཞེའོ་ཞེས་བྱ་བ་ནི་ལག་པ་དང་། དབྱུག་པ་དང་བོང་བ་ལ་སོགས་པས་རང་གི་ཡུལ་དུ་འབྱུང་བའི་གགས་བྱེད་པའི་མཚན་ཉིད་དེ་ཐོགས་པར་བྱེད་པ་ནི་
གཟུགས་ཡིན་གྱི། གནོད་པས་ནི་མ་ཡིན་ནོ། །དེའི་ཕྱིར་ཚིགས་སུ་བཅད་པ་དེ་གཉིས་དང་ཡང་མི་འབྱོར་པ་ཡིན་ནོ་ཞེས་སྨྲས་ཏེ། གཟུགས་ཀྱི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་འདི་གཉིས་པོ་དེ་ནི། ནད་པ་གཉིད་ནི་ག་ལ་ཡོད། །ཅེས་རྒྱས་པར་འབྱུང་བ་དང་། འདོད་པ་སྐྱེས་པའི་ལུས་ཅན་
དེ། །ཞེས་རྒྱས་པར་འབྱུང་བ་འདི་གཉིས་དང་འདི་མི་འབྱོར་ཞིང་མི་མཐུན་པ་ཡིན་ཏེ། ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་སྨྲས་པས་ནི་གགས་བྱེད་པ་ཡིན་པར་ཁོང་དུ་ཆུད་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གནོད་པར་གྱུར་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱེད་པ་ཡིན་ནོ། །གཉིས་པ་
ཡང་དེ་བཞིན་ནོ། །གྲང་བ་དང་དྲོ་བ་དང་། བཀྲེས་པ་ལ་སོགས་པས་ཀྱང་ཞེས་བྱ་བ་ནི། སོགས་པའི་སྒྲས་རླུང་དང་ཆར་པ་ལ་སོགས་པས་ཀྱང་ཞེས་བྱ་སྟེ། ཅི་ཞེ་ན། གགས་བྱེད་དོ་ཞེས་བྱར་མི་རུང་སྟེ། རང་གི་ཡུལ་དུ་འབྱུང་བའི་མཚན་ཉིད་གེགས་བྱེད་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་
བྱེད་མ་ཡིན་པ། །ཞེས་རྒྱས་པར་འབྱུང་བ་ནི་གང་གིས་གནོད་པར་བྱེད་པའི་དོན་ནི་གཟུགས་ཀྱི་དོན་ཡིན་པ་དེའི་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་གཟུགས་ཡིན་པར་མི་འགྲུབ་སྟེ། ཐོགས་པ་མེད་ཅིང་ཡུལ་ན་མི་གནས་པ་ལ་ནི་ལག་པ་ལ་སོགས་པས་བྱར་མེད་པའི་ཕྱིར་རོ། །གང་
Vol. 115 · folio 138b
དག་གི་གགས་བྱེད་པ་ནི་གཟུགས་ཡིན་ནོ་ཞེས་བྱ་བ་དེའི་ཡང་མི་འགྲུབ་སྟེ། ཡུལ་ན་མི་གནས་པ་ལ་གགས་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པ། །ཞེས་བྱ་བ་རྫས་གཞན་དུ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི། ཁས་བླངས་པ་དང་ཆོས་ཉིད་ཀྱིས་ཞེས་རྒྱས་པར་
འབྱུང་བ་ནི་ཁས་བླངས་པས་ལུས་དང་། ངག་ལྡོག་པ་ཙམ་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་དེ་ཉེ་བར་བརྟགས་པའི་ཕྱིར་རོ་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཁས་བླངས་པ་ཙམ་ལུས་དང་ངག་མི་ལྡོག་པ་མ་ཡིན་པ་ཞེས་བྱ་བ་ལ་ཉེ་བར་བརྟགས་པའི་ཕྱིར་རོ། །ཆོས་ཉིད་ཀྱིས་ཀྱང་ཅི་ཞེ་ན། ལུས་
དང་ངག་ལྡོག་པ་ཙམ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ཞེས་བྱ་བ་ལ་དེ་ཉེ་བར་བརྟགས་པའི་ཕྱིར་རོ། །བཏགས་པ་ཅན་དེ་ནི་གཟུགས་མེད་པ་ཉིད་ཡིན་ཏེ། མཚན་ཉིད་དང་ལྡན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བརྟགས་པས་གྲུབ་པ་ནི་བཏགས་པ་ཅན་ནོ། །མཚན་ཉིད་མངོན་པར་
གྲུབ་པ་མ་ཡིན་པས་མཚན་ཉིད་དང་ལྡན་པ་མ་ཡིན་ནོ། །གཟུགས་ཡོད་པ་ལ་དེ་བརྟགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ཀྱི་གཟུགས་ཡོད་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་བརྟགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ཁམས་ན་སྡོམ་པ་དང་སྡོམ་པ་
མ་ཡིན་པ་ཡིན་པ་དང་། ཅིག་ཤོས་ཀྱི་རིག་བྱེད་མ་ཡིན་པའི་གཟུགས་བརྟགས་པ་མེད་དོ། །ཡང་ན་གཟུགས་ཡོད་པ་ལ་ཞེས་བྱ་བ་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ལའོ། །དེ་ཉིད་ཀྱི་ཕྱིར་ལུས་དང་ངག་ལྡོག་པ་དང་། ལྡོག་པ་མ་ཡིན་པ་ཙམ་ལ་དེ་ཉེ་བར་བརྟགས་པའི་ཕྱིར་རོ་ཞེས་
སྨྲས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་ལ་བརྗོད་པར་བྱ་བ་མང་དུ་ཡོད་དེ། རེ་ཞིག་འདིར་ཤིན་ཏུ་འཕྲོས་པ་གཞག་གོ་ཞེས་བྱ་བ་ནི། ཇི་ལྟར་བརྗོད་པར་བྱ་བ་མང་བ་དེ་ལྟར་ལས་གྲུབ་པ་དང་། ཆོས་མངོན་པའི་མཛོད་ལས་བལྟ་བར་བྱའོ། །ཇི་ལྟར་མིང་དང་གཟུགས་ཉིད་ཡིན་པར་
བསྟན་ཟིན་ཏོ་ཞེས་བྱ་བ་ནི་རྣམ་པ་གང་གིས་མིང་ཉིད་ཡིན་པ་ནི་མིང་ནི་འདུད་པར་བྱེད་པས་མིང་ཞེས་བྱ་བ་དང་། དེ་བཞིན་དུ་རྣམ་པ་གང་གིས་གཟུགས་ཉིད་ཡིན་པར་བསྟན་པ་ནི་གནོད་པར་གྱུར་པས་གཟུགས་ཞེས་བྱའོ་ཞེས་བསྟན་པ་དག་ཡིན་ནོ། །ཅིའི་ཕྱིར་ཕུང་པོ་ལྔ་ལ་མིང་དང་གཟུགས་ཉིད་
Vol. 115 · folio 139a
དུ་རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་བཅས་པ་ཡིན་ཏེ། གདུལ་བྱའི་སྤྱོད་པ་ཐ་དད་པ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྨོངས་
དང་དབང་པོ་འདོད་གསུམ་ལ། །ཕུང་པོ་ལ་སོགས་རྣམ་གསུམ་བཤད། །ཅེས་བསྟན་པ་ཡིན་ནོ། །དེ་བས་ན་ཕུང་པོ་ལྔ་རྣམས་མིང་དང་གཟུགས་ཉིད་དུ་རྣམ་པར་གཞག་པ་འདི་ཡང་དགོས་པ་དང་བཅས་པ་ཡིན་པས་དེའི་དགོས་པ་བརྗོད་པར་བྱ་དགོས་ཏེ། དེ་བས་ན་བྱིས་པ་ཕལ་ཆེར་དེ་
གཉིས་ལ། །ལུས་ཅན་དང་ལུས་སུ་མངོན་པའི་ང་རྒྱལ་བྱེད་པར་བསྟན་པའི་ཕྱིར་རོ་ཞེས་སྨྲས་ཏེ། དེ་གཉིས་ལ་ཞེས་བྱ་བ་ནི་མིང་དང་གཟུགས་གཉིས་ལ་སྟེ། དེ་ལ་ལུས་ཅན་ལ་མངོན་པའི་ང་རྒྱལ་བྱེད་པ་ནི་མིང་ལ་སྟེ། གང་ཐོས་པར་བྱེད་པ་དང་། མཐོང་བར་བྱེད་པ་དང་། སྣོམ་པར་
བྱེད་པ་དང་། རོ་མྱོང་བར་བྱེད་པ་དང་། རེག་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའམ། བདེ་བ་དང་སྡུག་བསྔལ་བར་སེམས་པ་དེ་ནི་ལུས་ཅན་ལ་སྟེ། དྲན་པ་དང་། ངོ་ཤེས་པ་དང་། དགའ་བ་དང་། ཞེན་པ་དང་། རྨོངས་པ་ནི་ལུས་འདི་ལ་གནས་པའི་བདག་ཡིན་པར་
མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །ལུས་ལ་མངོན་པའི་ང་རྒྱལ་བྱེད་པ་ནི་ཞེས་བྱ་བ་ནི་གཟུགས་ལ་འདི་ནི་བདག་འདིའི་ལུས་སོ། །དེ་ཡང་འདི་ལ་བརྟེན་པ་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །མིང་སྔར་སྨོས་པ་ནི་དེས་གཟུགས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིང་དེས་
གཟུགས་ལ་གཟུང་བ་ཡིན་པའི་ཕྱིར་རོ། །མིང་གིས་གཟུགས་གཟུང་གི །གཟུགས་ཀྱིས་མིང་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ངེས་པར་བྱ་ཞེ་ན། དེའི་ཕྱིར། འདི་ལྟར་དེ་ལ་ནི་དེས་བདག་དང་བདག་གི་ཞེས་རྒྱས་པར་སྨྲས་ཏེ། འདི་ལྟར་མིང་དེས། བདག་དང་བདག་གིའོ་ཞེས་བདག་
དང་བདག་གིར་གཟུགས་དེ་ལ། བདག་གིར་བྱེད་དོ། །ཡུལ་ན་མི་གནས་པའི་མིང་གིས་ནི་བདག་གི་སྙམ་པ་ལ་སོགས་པར་ཞེན་པ་ལ་མ་གཏོགས་པར་གཞན་དུ་གཟུགས་ཉེ་བར་འཛིན་པར་ནུས་པ་མ་ཡིན་ནོ། །གཟུགས་ནི་དམིགས་པ་མེད་པའི་ཕྱིར་མིང་ལ་དེ་བཞིན་དུ་འཛིན་པར་ནུས་པ་མ་ཡིན་པས་སོ། །
Vol. 115 · folio 139b
དེས་བཏང་ན་ཡང་རུལ་བར་འགྱུར་རོ་ཞེས་བྱ་སྟེ། མིང་དེས་གཟུགས་དེ་བཏང་ན་ཡང་གང་གི་ཕྱིར་དེ་རུལ་བར་འགྱུར་བ་དེ་བས་ན་ཡོངས་སུ་སྐྱོང་བ་ཉིད་ཀྱིས་མ་རུལ་བའི་རྒྱུའི་དངོས་པོ་བྱེད་པས་དེས་དེ་གཟུང་བ་ཞེས་བྱའི། མིང་གིས་གཟུགས་བཏང་བའི་གཟུགས་ལ་ནི་དེ་ལྟར་རྣམ་པར་འགྱུར་
བར་འགྲོ་བས་དེ་ནི་དེས་གཟུང་བ་མ་ཡིན་ནོ། །དེའི་དབང་གིས་ཀྱང་བྱ་བ་དག་ལ་འཇུག་གོ་ཞེས་བྱ་བ་ནི་གནས་པ་དང་། འགྲོ་བ་དང་། ཁྲུས་བྱེད་པ་དང་། སྟན་ལ་འདུག་པ་དང་། ཟས་ཟ་བ་ལ་སོགས་པའི་བྱ་བ་དག་ལ་མིང་གི་དབང་གིས་འཇུག་སྟེ། འདུན་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །
དེ་ལྟར་ན་གདོན་མི་ཟ་བ་ཁོ་ནར་སྒྲུབ་པར་བྱེད་པའི་དོན་གྱིས་ན་གཟུགས་ནི་མིང་གིས་བསྡུས་ཤིང་ཟིན་པ་ཞེས་བྱའོ། །དཔེར་ན་གྲོང་ཁྱེར་གཟུང་ངོ་། །རྒྱལ་སྲིད་འབྱུང་ངོ་ཞེས་བྱ་བ་བཞིན་ནོ། །འཇིག་རྟེན་ན་ཡང་མིང་འདོད་པའི་རྗེས་སུ་གཟུགས་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་
འདོད་པའི་མཚན་ཉིད་དག་གཟུགས་ལ་ཡོད་པ་མ་ཡིན་པས། གཟུགས་ཀྱི་མིང་གཟུང་ཞེས་མི་བྱའོ། །དེ་མེད་པར་ཡང་རིས་མཐུན་པ་གཞན་དུ་འགྲུབ་པ་མ་ཡིན་གྱི་ཞེས་རྒྱས་པར་འབྱུང་བ་ནི་མིང་དེ་དག་མེད་པར་ནི་རིས་མཐུན་པ་གཞན་དུ་གཟུགས་མངོན་པར་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ཡང་
མིང་ཁོ་ནས་གཟུགས་གཟུང་བ་ཡིན་ཏེ། དེ་ཡོད་ན་དེ་ཡོད་པ་ཡིན་པའི་ཕྱིར་རོ། །གཟུགས་ནི་མེད་པར་ཡང་གཟུགས་མེད་པ་དག་ཏུ་མིང་མངོན་པར་འབྱུང་བར་འགྱུར་བས་དེའི་ཕྱིར་མ་ཟིན་པ་ཡིན་ནོ་ཞེས་སྟོན་ཏོ། །མིང་ནི་རྒྱུན་ལ་བརྟེན་ནས་རིས་མཐུན་པ་གཞན་དག་ཏུ་ཞེས་རྒྱས་པར་འབྱུང་བ་ནི་མིང་གི་
རྒྱུན་ལ་བརྟེན་ནས་སྲིད་པ་བར་མའི་རྒྱུན་གྱིས་རིས་མཐུན་པ་གཞན་དུ་སྔོན་མ་བྱུང་བའི་གཟུགས་ཀྱི་རྒྱུན་ལེན་པར་བྱེད་ཀྱི། རིས་མཐུན་པའི་གཟུགས་ཀྱི་རྒྱུན་སྔོན་བྱུང་བས་ཇི་ལྟར་མིང་གི་རྒྱུན་བཞིན་དུ་རིས་མཐུན་པ་གཞན་དུ་མིང་མངོན་པར་འགྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་རིས་
མཐུན་པ་གཞན་དུ་སྔོན་མ་བྱུང་བའི་གཟུགས་ཀྱི་རྒྱུན་མིང་གིས་ལེན་ཏོ་ཞེས་བྱའོ། །གཟུགས་ཀྱི་རྒྱུན་ནི་སྔོན་མ་བྱུང་བའི་མིང་གི་རྒྱུན་ལེན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྔོན་གྱི་རིས་མཐུན་པའི་མིང་གི་རྒྱུན་ནི་སྔོན་བཞིན་དུ་རིས་མཐུན་པ་གཞན་དུ་མིང་གི་རྒྱུན་རྗེས་སུ་འཇུག་གོ། །དེའི་
Vol. 115 · folio 140a
ཕྱིར་ཡང་མིང་ཉིད་ཀྱིས་གཟུགས་བཟུང་བ་ཡིན་ཏེ། འཛིན་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །འཛིན་པར་བྱེད་པ་ནི་སྔོན་གཟུང་བའི་གཟུང་བར་བྱ་བ་བོར་ནས་དེ་ལས་གཞན་པ་སྔོན་མེད་པ་འཛིན་པར་བྱེད་དོ། །གཟུགས་ནི་གཟུང་བར་བྱ་བ་ཡིན་ཏེ། གཟུང་བར་བྱ་བའི་མཚན་
ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་སྔར་གཟུང་བ་ནི་འདོར་ལ། སྔོན་མེད་པ་ནི་ལེན་པར་བྱེད་དོ། །གང་ཡང་འབྱུང་བ་རྒྱུར་བྱས་པའི་གཟུགས་སྐྱེས་པ་དག་ཅེས་བྱ་བ་ལ། རྒྱུར་བྱས་པའི་གཟུགས་ནི་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པའོ། །དེ་དག་ཇི་ལྟར་རྣམ་པར་ཤེས་
པའི་རྐྱེན་གྱིས་ཡིན་ཞེ་ན་ཞེས་བྱ་བ་ནི་འབྱུང་བའི་རྐྱེན་གྱིས་དེ་ལས་གཞན་པ་རྒྱུར་བྱས་པ་དེ་སྐྱེས་པའི་ཕྱིར་རོ། །གལ་ཏེ་འབྱུང་བ་དང་འབྱུང་བ་ལ་བརྟེན་པའི་གཟུགས་རྣམས་ཞེས་རྒྱས་པར་འབྱུང་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དེ་དག་ཐམས་ཅད་སྤྱིར་ལས་ཀྱིས་ཡོངས་སུ་བསྒོས་པའི་
རྣམ་པར་ཤེས་པའི་རྐྱེན་གྱིས་སྐྱེ་བ་ཡིན་གྱི། འབྱུང་བ་ཉི་ཚེས་ནི་མ་ཡིན་ནོ། །འདིར་སྨྲས་པ། འོ་ན་ཇི་ལྟར་དེ་དག་འབྱུང་བ་ལས་གྱུར་པ་ཞེས་བྱ་ཞེ་ན། དེའི་ཕྱིར་འབྱུང་བ་དང་ཐ་དད་པ་མེད་པར་སྐྱེ་བ་ན་འབྱུང་བ་ལས་གྱུར་པ་ཞེས་བྱ་སྟེ་ཞེས་སྨྲས་སོ། །དེ་ནི་དེ་དག་ཐ་དད་པ་མེད་པར་སྟོན་པ་ནི།
དེ་འཛིན་པ་དང་འཕྲོག་པ་དང་ཡོངས་སུ་གྱུར་ན་དེ་འཛིན་པ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། འབྱུང་བ་བཟུང་ནས་འབྱུང་བ་ལས་གྱུར་པ་ཡང་བཟུང་བའི་ཕྱིར་རོ། །འབྱུང་བ་ཡོངས་སུ་གྱུར་ན་འབྱུང་བ་ལས་གྱུར་པ་ཡང་ཡོངས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །རེ་ཞིག་འཇིག་རྟེན་ན་
ཡང་དབང་པོ་དང་དོན་གཉིས་ལས་བདེ་བ་དང་སྡུག་བསྔལ་སྐྱེ་བ་དང་ཞེས་བྱ་བ་འཇིག་རྟེན་ན་གྲུབ་པ་ཡིན་ཏེ། དེ་ཡོད་ན་དེ་ཡོད་པའི་ཕྱིར་རོ། །དེ་ཡང་དེ་གཉིས་ལས་མཚན་ཉིད་མི་མཐུན་པ་ཡིན་ནོ། །བརྡབས་པ་ལས་སྒྲ་དང་ཞེས་བྱ་བ་ཅི་ཞེ་ན། སྐྱེ་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། དེ་ཡང་
དེ་ལས་མཚན་ཉིད་མི་མཐུན་པ་ཡིན་ནོ། །རྭ་ལས་འདམ་བུ་དང་ཞེས་བྱ་བ་ནི་གལ་ཏེ་རྭ་ནི་ས་ལ་སོགས་པའི་བདག་ཉིད་ཡིན་དུ་ཟིན་ཀྱང་། འདམ་བུ་ཡང་དེ་འདུས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི། རྭ་དང་འདམ་བུའི་རིགས་ནི་ཐ་དད་པ་ཡོད་དོ། །མེ་དང་ཤིང་ལས་དུ་བ་དང་ཞེས་བྱ་བ་
Vol. 115 · folio 140b
འདི་ལ་ཡང་རིགས་ཐ་དད་པ་ཡོད་པ་ཡིན་ཏེ། མེ་ནི་དྲོ་བའི་བདག་ཉིད་ཀྱི་མེ་ཡིན་ནོ། །ཤིང་ནི་དུ་བ་མ་ཡིན་གྱི་དུ་བའི་རིགས་ཡིན་ནོ། རྡོ་ཐལ་དང་ཆུ་ལས་མེ་དང་ཞེས་བྱ་བ་ཅི་ཞེ་ན། སྐྱེ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདི་ལ་ཡང་འབྱུང་བའི་རིགས་ཐ་དད་པའི་ཕྱིར་མཚན་ཉིད་མི་
མཐུན་པ་ཉིད་གྲུབ་པ་ཡིན་ཏེ། །རྡོ་ཐལ་དང་ཆུ་གཉིས་འབྱུང་བ་གཞན་ཡིན་པའི་ཕྱིར་རོ། །ཀླུའི་སེམས་ཀྱི་མཐུས་ཆུ་དང་ཞེས་བྱ་བ་ཅི་ཞེ་ན་སྐྱེ་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། །ཆུ་ནི་ཀླུ་ལ་སློང་ངོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་བྱེ་བྲག་ལས། ལྷའི་མིག་དང་རྣ་བ་ཞེས་བྱ་བ་ནི་
སྣང་བར་ལྷག་པར་མོས་པ་དང་། སྒྲ་མཉན་པའི་རྩོལ་བ་རབ་ཏུ་སྦྱོར་བའི་ཕྱིར་རོ། །སྤྲུལ་པའི་སེམས་ལས་སྤྲུལ་པ་དང་ཞེས་བྱ་བ་ཅི་ཞེ་ན་གཟུགས་མེད་པ་ལས་ཀྱང་གཟུགས་སྐྱེའོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །རླུང་གི་སྟོབས་འཆང་བ་ལ་སོགས་པ་རྩེ་བར་མངོན་པར་དགའ་བ་ལས་རླུང་དང་
ཆར་པ་ལ་སོགས་པ་དང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་འབྲུག་གི་སྟོབས་འཆང་བ་དང་། ཆར་པའི་སྟོབས་འཆང་བ་ལ་སོགས་པ་ཡང་ཡིན་པར་རིག་པར་བྱའོ། །ཀླུའི་སེམས་ཀྱི་མཐུས་ཆུའི་ཞེས་བྱ་བ་ཅི་ཞེ་ན། གཟུགས་མེད་པ་ལས་ཀྱང་གཟུགས་སྐྱེའོ་ཞེས་སྐབས་དང་སྦྱར་ཏེ། ཀླུ་ཆེན་པོས་བྱིན་གྱིས་
བརླབས་པའི་མཚོ་ནི་སྐམ་པར་མི་འགྱུར་བ་ཡིན་ནོ། །གཟུགས་ལས་ཀྱང་གཟུགས་མེད་པ་སྐྱེ་བ་ནི་མིག་ལ་སོགས་པ་ལས། རྣམ་པར་ཤེས་པའི་ཚོགས་ལྔ་མཚུངས་པར་ལྡན་པ་དང་བཅས་པའོ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་དང་བཅས་ཞེས་བྱ་བའི་དོན་གང་ཡིན་པའོ། །མཚན་ཉིད་མི་མཐུན་
པ་ལས་ཀྱང་ཡིན་པ་ནི་དགེ་བ་དང་མི་དགེ་བ་ལ་ལུང་དུ་མ་བསྟན་པ་དང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་སེམས་ནི་ལུང་དུ་མ་བསྟན་པ་ལས་དགེ་བ་དང་མི་དགེ་བ་ཉིད་ཀྱིས་མཚན་ཉིད་མི་མཐུན་པ་ཡིན་ནོ། །དེ་གཉིས་ལས་ལུང་དུ་མ་བསྟན་པ་ནི་ལུང་དུ་མ་བསྟན་པ་ཉིད་ཀྱིས་མཚན་ཉིད་མི་མཐུན་པ་ཡིན་ནོ། །
འདོད་མ་ཆགས་པ་ལས་ཀྱང་འདོད་ཆགས་སྐྱེ་བ་དང་ཞེས་བྱ་བ་ནི་དབང་པོ་དང་དོན་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ལས་སོ། །འདོད་ཆགས་ལས་ཀྱང་འདོད་མ་ཆགས་པ་སྟེ་ཞེས་བྱ་བ་ནི་སེམས་པ་དང་མ་རིག་པ་ལ་སོགས་པའོ། །གྲངས་ཅན་པའི་བསྟན་བཅོས་ལས་ཀྱང་། དེའི་བདག་
Vol. 115 · folio 141a
ཉིད་མ་ཡིན་པའི་ངའོ་སྙམ་པ་ལས་ཀྱང་ཆེན་པོའམ་ཞེས་བྱ་བ་ནི་སྒྲའི་བདག་ཉིད་མ་ཡིན་པ་ལས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །སྙིང་སྟོབས་ལ་སོགས་པའི་བདག་ཉིད་ཡིན་པས་ཆེན་པོའམ་ངའོ་སྙམ་པ་ཡང་སྒྲ་ལ་སོགས་པའི་བདག་ཉིད་ཡིན་དུ་ཟིན་ཀྱང་། སྙིང་སྟོབས་དང་རྡུལ་
དང་མུན་པ་རྣམས་ལ་བྱེ་བྲག་གང་དང་ལྡན་པས་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་ཡིན་པར་བརྗོད་པ་འཐོབ་པར་འགྱུར་གྱི། དེའི་བདག་ཉིད་ཆེན་པོའམ་ངའོ་སྙམ་པ་ནི་མ་ཡིན་ནོ། །ཡང་ན་ཆེན་པོ་དང་ངའོ་སྙམ་པ་དེ་བྱེ་བྲག་ཡོད་མོད་ཀྱི། འོན་ཀྱང་ཆེན་པོ་དང་ངའོ་སྙམ་པ་ལས་སྒྲ་ལ་སོགས་པ་མི་འབྱུང་བ་ནི་མ་ཡིན་ཏེ། ཆེན་
པོ་དང་ངའོ་སྙམ་པ་དག་སྐྱེ་གནས་ཡིན་པར་མཐུན་པའི་ཕྱིར་རོ། །རིགས་མི་མཐུན་པ་རྫས་དང་ལས་གཉིས་ལས་ཡོན་ཏན་སྐྱེ་བ་དང་ཞེས་བྱ་བ་ནི་ཀུན་དུ་ལྡན་པ་དང་བྲལ་བ་དེ་གཉིས་ཀྱི་རྒྱུ་ནི་འདུ་བ་ཅན་ཡིན་པའི་ཕྱིར་རོ། །འདུ་བ་ཅན་གྱི་རྒྱུ་ནི་ཀུན་དུ་ལྡན་པ་དང་བྲལ་བ་གཉིས་ཀྱི་རྫས་ཡིན་ནོ། །འདུ་
བ་ཅན་མ་ཡིན་པའི་རྒྱུ་ནི་ལས་ཡིན་ནོ། །རྫས་ནི་ལས་རྣམས་འདུ་བ་ཅན་གྱི་རྒྱུ་ཡིན་ནོ། །འབྲས་ཅན་གྱིས་ཕོངས་པ་ལ་སོགས་པ་ནི་ཡོན་ཏན་འདུ་བ་ཅན་གྱི་རྒྱུ་མ་ཡིན་ནོ། །ཡོན་ཏན་གྱི་བྱེད་པ་ལ་ནི་ཡོན་ཏན་ཅན་གྱི་བྱེད་པ་ཡོད་པ་ཡིན་པས་རྫས་ནི་ལས་ལ་སོགས་པའི་རྒྱུ་ཡིན་ནོ། །བདག་དང་
དབང་པོ་དང་ཡིད་དང་དོན་འདུས་པ་ལས་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ་ཞེས་བྱ་བ་ནི་རིགས་མི་མཐུན་པའི་ཡོན་ཏན་ལས་ཡོན་ཏན་སྐྱེ་ཞེས་བྱ་བར་སྟོན་ཏོ། །ཇི་ལྟར་མཚན་ཉིད་མི་མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་བ་ཡིན། དེ་ལྟ་ན་ནི་ཐམས་ཅད་ལས་ཐམས་ཅད་ཅིའི་ཕྱིར་མི་འབྱུང་ཞེ་ན་
ཞེས་བྱ་བ་ནི་ཐ་དད་པར་བྱེ་བྲག་མེད་པའི་ཕྱིར་རོ། །གང་ཞིག་རྒྱུ་དང་རིགས་མཐུན་པ་དེ་ནི་ངེས་པ་ཡིན་པར་རིགས་ན་ཐམས་ཅད་ནི་ཐམས་ཅད་དང་རིགས་མཐུན་པ་མ་ཡིན་ནོ། །དཔེ་དེ་བདག་ཉིད་ཀྱིས་རེ་ཞིག་མཚན་ཉིད་མི་མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་ཡང་ཐམས་ཅད་ལས་ཐམས་ཅད་
འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་དེ་དག་གྲུབ་པ་ཡིན་ན་འདི་ལ་དྲི་བར་བྱ་ཅི་དགོས་ཞེས་བྱ་བ་ལ། དཔེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་པ་དེ་དག་གིས་ཞེས་སྟོན་པ་ནི་གང་ཡང་དབང་པོ་དང་དོན་གཉིས་ལས་བདེ་བ་དང་སྡུག་བསྔལ་སྐྱེ་བ་དང་། བརྡབས་པ་ལས་སྒྲ་དང་མེ་དང་། ཤིང་གཉིས་
Vol. 115 · folio 141b
ལས་དུ་བ་དང་རྡོ་ཐལ་དང་ཆུ་གཉིས་ལས་མེ་དང་ཞེས་བྱ་བ་ནས་བདག་དང་དབང་པོ་དང་ཡིད་དང་དོན་ཚོགས་པ་ལས་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གང་སྨོས་པ་རྣམས་ཀྱིས་རེ་ཞིག་མཚན་ཉིད་མི་མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་ཡང་ཐམས་ཅད་ལས་ཐམས་ཅད་
འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་དེ་དག་གྲུབ་པ་ཡིན་ཏེ། དབང་པོ་དང་དོན་གཉིས་ལས་བདེ་བ་དང་སྡུག་བསྔལ་ཡིན་པར་ཁམས་གསུམ་དུ་མ་གྲགས་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་དང་རང་བཞིན་གྱིས་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་བས་ན་དེ་གཉི་གས་ཀྱང་
བརྒལ་དུ་མེད་དོ་ཞེས་བྱ་བ་ནི་རེ་ཞིག་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་སྐྱེའོ་ཞེས་བྱ་བ་ནི་རིགས་ན་གཟུགས་མཚན་ཉིད་མི་མཐུན་པ་དག་རྣམ་པར་ཤེས་པ་ལས་ཇི་ལྟར་སྐྱེ་ཞེས་སྨྲས་པ་གང་ཡིན་པ་དང་། དེ་ལྟ་ན་འོ་ན་ཐམས་ཅད་ལས་ཐམས་ཅད་ཅིའི་ཕྱིར་མི་འབྱུང་ཞེས་སྨྲས་པ་གང་ཡིན་པ་དེ་གཉི་གས་
ཀྱང་བརྒལ་དུ་མེད་དོ། །འདིར་ཡང་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་ཞེས་རྒྱས་པར་འབྱུང་བ་ནི་རྐྱེན་ངེས་པ་ལ་སྐྱོན་དང་། རྐྱེན་ཅན་ངེས་པ་དང་། གཉི་ག་ངེས་པ་དང་། མ་ངེས་པ་ཡང་སྐྱོན་ཡིན་ནོ་ཞེས་བྱའོ། །རྐྱེན་ངེས་པའི་དབང་དུ་བྱས་ཏེ། གལ་ཏེ་རྣམ་པར་ཤེས་པ་ཁོ་ནའི་རྐྱེན་གྱིས་མིང་དང་གཟུགས་
ཡིན་ན་དགའ་བའི་ཀུན་འབྱུང་བ་ལས་གཟུགས་ཀུན་འབྱུང་བ་དང་ཞེས་བྱ་བའི་མདོ་སྡེ་དང་འགལ་བར་འགྱུར་རོ། །མདོ་སྡེ་ནི་འོག་ནས་འཆད་པ་ཡིན་ཏེ། དགའ་བའི་རྐྱེན་གྱིས་ཀྱང་གཟུགས་ཡིན་ཞེས་བསྟན་པ་ཡིན་ནོ། །རེག་པའི་ཀུན་འབྱུང་བ་ལས་ཤེས་ཞེས་རྒྱས་པར་འབྱུང་བ་ནི་རྣམ་པར་
ཤེས་པ་མ་ཏོགས་པར་སེམས་ལས་བྱུང་བ་ཐམས་ཅད་ཀྱི་སྤྱིའི་རྒྱུ་ཡིན་པའི་ཕྱིར་མིང་གི་རྐྱེན་རེག་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །མིང་དང་གཟུགས་ཀུན་འབྱུང་བ་ལས་རྣམ་པར་ཤེས་པ་ཀུན་འབྱུང་བ་ཞེས་བྱ་བ་ནི་མིང་གི་ཕྱོགས་གཅིག་ཏུ་གྱུར་པ་རྣམ་པར་ཤེས་པ་ནི་མིང་དང་གཟུགས་
ཀྱི་རྐྱེན་གྱིས་ཡིན་པར་བསྟན་ཏེ། རྐྱེན་ངེས་པ་ལ་ཇི་སྐད་དུ་གསུངས་པའི་མདོ་སྡེ་དང་འགལ་བ་ཡིན་ནོ། །རྐྱེན་ཅན་ངེས་པའི་དབང་དུ་བྱས་ནས། འོན་ཏེ་མིང་དང་གཟུགས་ཁོ་ན་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་ན་ནི་རྫུས་ཏེ་བྱུང་བ་རྣམས་ལ་ལོགས་ཤིག་ན་མིང་དང་གཟུགས་མེད་པའི་ཕྱིར་སྐྱེ་
Vol. 115 · folio 142a
མཆེད་དྲུག་རྣམ་པར་ཤེས་པའི་རྐྱེན་གྱིས་མ་ཡིན་པར་འགྱུར་རོ་ཞེས་སྨྲས་ཏེ། རྫུས་ཏེ་འབྱུང་བ་ནི་སྐྱེ་མཆེད་དྲུག་ཡོངས་སུ་ཚང་བ་ཁོ་ནར་ཅིག་ཅར་སྐྱེ་བ་ཡིན་ཏེ། དེ་དག་ལ་སྐྱེ་མཆེད་དྲུག་མ་གཏོགས་པར་མིང་དང་གཟུགས་རྣམ་པར་གཞག་ཏུ་མེད་དོ། །དེ་བས་ན་རྣམ་པར་
ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཀྱི་ཡན་ལག་རྣམ་པར་གཞག་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐྱེ་མཆེད་དྲུག་གོ། །འོན་ཏེ་དེ་དག་ཀྱང་མིང་དང་གཟུགས་ཙམ་ཡིན་པས་མིང་དང་གཟུགས་རྣམ་པར་གཞག་ན་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བར་བརྗོད་དུ་མེད་
པར་འགྱུར་ཞིང་རང་གི་རིགས་ཀྱི་སྐད་ཅིག་མ་གཞན་གང་ཡིན་པ་རྐྱེན་ཡིན་པར་ནི་འདི་ལས་བརྗོད་པར་བཞེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་ཤེས་པའི་འབྲས་བུ་གཞན་ཡང་ཡོད་པས་རྐྱེན་ཅན་ངེས་པར་རིགས་པ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཡན་ལག་ལ་ཡང་གསུམ་
འདུས་པ་ལས་རེག་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཡན་ལག་རྣམ་པར་གཞག་པའི་དུས་སུ་མིང་དང་གཟུགས་རྣམ་པར་གཞག་ཏུ་མེད་པས་རེག་པ་ནི་དེའི་ཚེ་མིང་མ་ཡིན་ལ། དེ་ཡང་གསུམ་འདུས་པ་ལས་བྱུང་བ་ཡིན་ཞིང་། དེའི་རྐྱེན་ཀྱང་རྣམ་པར་ཤེས་པ་ཡིན་ན་
ནི་མིང་དང་གཟུགས་ཁོ་ན་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་གྱི་གཞན་མ་ཡིན་ནོ་ཞེས་རྐྱེན་ཅན་ངེས་པར་བྱེད་ན་རྣམ་པར་ཤེས་པ་ནི་རེག་པ་དེའི་རྐྱེན་མ་ཡིན་པར་འགྱུར་རོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གལ་ཏེ། རེ་ཞིག་བསྟན་པའི་དོན་རྒྱུ་དང་
རྐྱེན་འདི་དག་ཡིན་ན་ནི་མིང་དང་གཟུགས་ཀྱི་རྒྱུ་ཐམས་ཅད་བརྗོད་པར་བྱ་དགོས་ཀྱི། རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ནོ། །འབྲས་བུ་ཤེས་པར་བྱ་བའི་ཕྱིར་ཡིན་ན་ནི་རྣམ་པར་ཤེས་པའི་འབྲས་བུ་ཐམས་ཅད་བརྗོད་པར་བྱ་བ་ཡིན་གྱི། མིང་དང་གཟུགས་འབའ་ཞིག་ནི་མ་ཡིན་ནོ། །འོན་ཏེ་གཉི་
ག་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་ཡིན་ན་ནི་འོ་ན་འདི་དག་ཅིའི་ཕྱིར་བསྟན་ཏེ། འཆད་པར་བྱེད་པ་དགོས་པ་མེད་པའི་ཕྱིར་རོ་ཞེ་ན། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་རྐྱེན་གཙོ་བོའི་དབང་དུ་བྱས་ཏེ། དེ་སྐད་བཤད་པ་ཡིན་ཏེ། རྣམ་པར་ཤེས་པ་ཁོ་ན་མིང་དང་
Vol. 115 · folio 142b
གཟུགས་ཀྱི་རྐྱེན་ཡིན་ནོ་ཞེས་རྐྱེན་གྱི་དབང་དུ་བྱས་པ་ཡིན་ནོ། །དེའི་བྱེ་བྲག་གིས་ཞེས་བྱ་བ་ནི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་བྱེ་བྲག་གིས་སོ། །རིས་མཐུན་པ་དེ་དག་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་མིང་དང་གཟུགས་དེའི་རིས་མཐུན་པ་ཐ་དད་པའི་ཕྱིར་ཞེས་བྱ་བའི་
དོན་ཏེ། མིང་དང་གཟུགས་ནི་ལྷ་དང་མི་ལ་སོགས་པའི་རིས་ཐ་དད་པ་ལ་ལྟོས་པར་བྱ་བ་མ་ཡིན་ནོ། །འབྲས་སཱ་ལུ་དང་། ནས་ལ་སོགས་པའི་མྱུ་གུ་ཐ་དད་པ་ནི་ས་བོན་གཙོ་བོར་གྱུར་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་འབྲས་སཱ་ལུ་དང་། ནས་ཀྱི་མྱུ་གུ་ཐ་དད་པ་ལ་ནི་ས་བོན་གཙོ་བོ་ཡིན་ཏེ། དེ་ཐུན་མོང་
མ་ཡིན་པའི་ཕྱིར་རོ། །ས་ལ་སོགས་པ་ནི་མ་ཡིན་ཏེ། འདྲ་བའི་ཕྱིར་རོ་དེ་བཞིན་དུ་མིང་དང་གཟུགས་རིས་མཐུན་པ་ཐ་དད་པ་དག་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་བྱེ་བྲག་གིས་འགྱུར་ཏེ། སྐྱེ་བའི་རྒྱུ་ནི་ལས་ཀྱི་ཡིན་པའི་ཕྱིར་རོ། །འདིར་ཡང་སྐྱེ་བའི་རིམ་པ་ཡོངས་
སུ་རྫོགས་པར་རྗོད་པར་བཞེད་པས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལས་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཡིན་ནོ། །འདིར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་གཙོ་བོ་ཡང་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་ནི་བརྒྱུད་པའི་ཚུལ་གྱི་གཙོ་
བོ་མ་ཡིན་ཏེ། བདག་པོའི་རྐྱེན་ཡིན་ནོ། །རྫུས་ཏེ་བྱུང་བ་རྣམས་ཀྱི་སྐྱེ་མཆེད་དྲུག་སྐྱེ་བ་ལ་ནི་རྣམ་པར་ཤེས་པ་གཙོ་བོའི་རྐྱེན་ཡིན་པར་གྲུབ་པ་ཡིན་ནོ། །ཁྱད་པར་དུ་ནི་མིང་དང་གཟུགས་ཀྱི་ཡང་ཅི་ཞེ་ན། རྣམ་པར་གཏན་ལ་དབབ་པའི་ཟླ་ལ་ནུས་མོད་ཀྱི། །ཞེས་བྱ་བ་ཡིན་ནོ། །རྟེན་ཅིང་འབྲེལ་པར་
འབྱུང་བའི་མདོ་སྡེ་འདིར་རྒྱུ་དང་འབྲས་བུར་འབྲེལ་པའི་གསུང་རབ་མཐའ་དག་བླངས་ཏེ་བཤད་པར་ནུས་ཏེ། གསུང་རབ་ཀྱི་ངོ་བོ་ཡུལ་ཡིན་པའི་ཕྱིར་རོ། །མིང་དང་གཟུགས་ཀྱིས་བསྡུས་པའི་དོན་ཡང་འདིར་རྣམ་པ་བཅུར་རྣམ་པར་གཞག་པ་ཡིན་པར་རིག་པར་བྱ་སྟེ། རང་གི་ངོ་བོ་རྣམ་
པར་གཞག་པ་ནི་མིང་དང་གཟུགས་ཀྱི་རང་གི་ངོ་བོ་བརྗོད་པའི་ཕྱིར་རོ། །དེ་ལ་མིང་གི་རང་གི་ངོ་བོ་རྣམ་པར་གཞག་པ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་གི་ངོ་བོ་བརྗོད་པ་ལས་རིག་པར་བྱའོ། །གཟུགས་ཀྱི་རང་གི་ངོ་བོ་རྣམ་པར་གཞག་པ་ནི་ས་ལ་སོགས་པའི་རང་
Vol. 115 · folio 143a
གི་ངོ་བོ་བརྗོད་པ་ལས་སོ། །རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང་། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་ཞེས་རྒྱས་པར་བསྟན་པའོ། །བསྡུས་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ་གཟུགས་འདི་དང་། སྔ་མའི་མིང་དེ་དག་
གཅིག་ཏུ་བསྡུས་ནས་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །ཐོག་མའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། རང་གི་རིགས་སྐད་ཅིག་མ་གཞན་གྱི་རྐྱེན་གྱི་དངོས་པོ་འདིར་མ་ཡིན་ནོ་ཞེས་རྒྱས་པར་བསྟན་པའོ། །ངེས་པའི་ཚིག་རྣམ་པར་གཞག་པ་ནི་ཇི་སྐད་དུ། འདུད་པས་ན་མིང་ཞེས་བྱ་བ་དང་
གནོད་པར་གྱུར་པ་དེ་བས་ན་གཟུགས་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་གཞག་པའི་དངོས་པོ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཅིའི་ཕྱིར་ཕུང་པོ་ལྔ་རྣམས་མིང་ཉིད་དུ་རྣམ་པར་གཞག་ཅེ་ན་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །ཉེ་བར་འཛིན་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། མིང་སྔར་
སྨོས་པ་ནི་དེས་གཟུགས་བཟུང་བའི་ཕྱིར་རོ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །རིགས་མི་མཐུན་པ་རྐྱེན་ཡིན་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། མཚན་ཉིད་མི་མཐུན་པའི་རྣམ་པར་ཤེས་པ་ལས་གཟུགས་ཇི་ལྟར་སྐྱེ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །རྐྱེན་ངེས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ།
དེ་ལྟ་ན་འོ་ན་ཐམས་ཅད་ལས་ཐམས་ཅད་ཅིའི་ཕྱིར་མི་འབྱུང་ཞེས་རྒྱས་པར་བྱས་ནས་ཆོས་ཉིད་ཀྱིས་རང་གི་ངོ་བོ་ཐ་དད་པ་ཆོས་དེ་དག་གི་ནུས་པ་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །གཙོ་བོའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེའི་བྱེ་བྲག་གིས་རིས་མཐུན་པ་དེ་དག་ཐ་དད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མིང་དང་
གཟུགས་རྣམ་པར་དབྱེ་བའོ། །སྐྱེ་མཆེད་དྲུག་གང་ཞེ་ན་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བསྟན་པ་དེ་ལ་སྐྱེ་མཆེད་དྲུག་ཀྱང་ཕྱི་དང་ནང་རྣམ་པ་གཉིས་སོ། །དེ་བས་ན་ཕྱི་རོལ་གྱི་བསལ་བའི་ཕྱིར། ནང་གི་སྐྱེ་མཆེད་དྲུག་སྟེ་ཞེས་རྒྱས་པར་མདོ་སྡེ་ཇི་ལྟ་བ་བཞིན་ནོ། །དྲུག་
ཉིད་སྐྱེ་མཆེད་ཡིན་པས་སྐྱེ་མཆེད་དྲུག་སྟེ། ཇི་ལྟར་ས་གསུམ་དང་འབྲས་བུ་གསུམ་དང་། ཚ་བ་གསུམ་ལྟ་བུའོ་ཞེས་བྱ་བ་ནི་ཇི་ལྟར་གསུམ་ཉིད་ས་ཡིན་པས་ས་གསུམ་དང་། གསུམ་ཉིད་ཚ་བ་ཡིན་པས་ཚ་བ་གསུམ་དང་། གསུམ་ཉིད་འབྲས་བུ་ཡིན་པས་འབྲས་བུ་ཞེས་བྱ་བ་དེ་བཞིན་དུ་དཔེ་
Vol. 115 · folio 143b
གསུམ་པོ་འདིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་མིང་དང་སྒྲ་ཉིད་ཡིན་པར་བསྟན་ཏེ། གཞི་གཅིག་ཏུ་བྱས་པ་ཡང་ཡིན་ནོ། །མིང་དང་སྒྲ་ཡིན་པ་དེ་ཉིད་ཀྱི་ཕྱིར་མང་པོའི་ཚིག་ཏུ་མ་ཡིན་ཏེ། ཇི་ལྟར་ཤིང་ཏོག་ཨ་མྲ་ལྔ་དང་བཅུ་ཞེས་བྱ་བ་ལྟ་བུའོ། །སྒྲ་སྦྱར་བ་བསྟན་པ་ནི་སྒྲ་སྦྱར་བ་གཞན་དུ་རྟོག་པ་
བསལ་བའི་ཕྱིར་ཏེ། དྲུག་གི་སྐྱེ་མཆེད་ནི་སྐྱེ་མཆེད་དྲུག་གོ་ཞེས་སྒྲ་སྦྱར་ན་ནི་དྲུག་གི་གནས་ཙམ་ཞིག་ཡིན་པར་གྲགས་པར་འགྱུར་བའམ། ཡིད་ཀྱི་སྐྱེ་མཆེད་ཙམ་ཞིག་ཡིན་པར་གྲགས་པར་འགྱུར་ཏེ། དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ནི་སྐྱེ་བའི་སྒོའི་དོན་གྱིས་སྐྱེ་མཆེད་ཡིན་ནོ། །དྲུག་
གི་སྐྱེ་མཆེད་ནི་སྐྱེ་མཆེད་དྲུག་གོ་ཞེས་སྒྲ་སྦྱར་ན་ནི་དྲུག་གིས་ཞེས་བྱ་བ་ཡང་གང་ཡིན། སྐྱེ་མཆེད་ཀྱང་གང་ཡིན། རྟོགས་པར་བྱ་བ་ཅི་ཡིན་པ་ངེས་པར་མ་ཟིན་པས་དེ་ཙམ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་མ་ཡིན་ནོ། །དྲུག་ལས་སྐྱེ་མཆེད་དམ། དྲུག་ཏུ་སྐྱེ་མཆེད་ཅེས་སྒྲ་སྦྱར་ན་ནི་དྲུག་ཀྱང་
ངེས་པར་བྱར་མེད་ལ། དེ་ལས་དང་དེ་དག་ཏུ་སྐྱེ་མཆེད་ཅེས་བྱ་བ་གཞན་ཅི་ཞིག་ཡིན་པ་བརྗོད་པར་བྱ་དགོས་སོ། །དེ་ཙམ་ཡང་མིང་དང་གཟུགས་ཀྱི་རྐྱེན་གྱིས་མ་ཡིན་ནོ། །དྲུག་དང་སྐྱེ་མཆེད་དང་ཞེས་སྒྲ་སྦྱར་ན་ནི། །གཞན་དྲུག་དང་སྐྱེ་མཆེད་བཅུ་གཉིས་སུ་ངེས་པར་འགྱུར་ཏེ། དྲུག་དང་སྐྱེ་
མཆེད་ཙམ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་ཡིན་པར་འདོད་པ་ཡང་མ་ཡིན་ནོ། །སྐྱེ་མཆེད་དྲུག་རྣམས་དེ་ནི་འདིའི་ཡིན་པས་འདི་ནི་སྐྱེ་མཆེད་དྲུག་གོ་ཞེས་སྒྲ་སྦྱར་ན་ནི་སྐྱེ་མཆེད་དྲུག་ལ་མ་གཏོགས་པ་སེམས་ཅན་ཞེས་བྱ་བའི་དངོས་པོ་གྲགས་པར་འགྱུར་བ་དང་སེམས་དང་སེམས་ལས་བྱུང་
བའམ། སེམས་ལས་བྱུང་བའི་རྒྱུན་ཙམ་གྲགས་པར་འགྱུར་ཏེ། དེ་ཡང་མིང་དང་གཟུགས་ཀྱི་རྐྱེན་གྱིས་ཡིན་པར་དགོངས་པ་ཡིན་ནོ། །སྐྱེ་མཆེད་རྣམས་སོ་ཞེས་མང་པོའི་ཚིག་ཕྱུང་ནས་སྒྲ་སྦྱར་ན་ནི་སྐྱེ་མཆེད་དྲུག་རྣམས་སོ་ཞེས་བྱ་བ་འགྲུབ་པར་
འགྱུར་ཏེ། ཇི་ལྟར་རྩ་བ་ལྔ་རྣམས་སོ་ཞེས་བྱ་བ་ལྟ་བུའོ། །བདག་ཡོད་པ་མ་ཡིན་ན་ཇི་ལྟར་ན་ནང་གི་ཞེས་བྱ་ཞེ་ན། དེའི་ཕྱིར་འདི་དག་ལ་བདག་ཏུ་ང་རྒྱལ་སྐྱེད་པར་བྱེད་པས་བདག་ནི་སོ་སོའི་ལུས་དང་སེམས་ཀྱི་རྒྱུན་ཡིན་ཏེ། དེའི་དབང་དུ་བྱས་པ་ཡིན་པས་ན་ཞེས་བྱའོ་ཞེས་རྒྱས་
Vol. 115 · folio 144a
པར་སྨོས་སོ། །འདི་དག་ལ་བདག་ཏུ་ང་རྒྱལ་སྐྱེད་པར་བྱེད་པས་བདག་གོ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་སོ། །དེ་གང་ཞེ་ན། དེའི་ཕྱིར་སོ་སོའི་ལུས་དང་སེམས་ཀྱི་རྒྱུན་ཡིན་ཏེ་ཞེས་སྨྲས་སོ། །བདག་དེའི་དབང་དུ་ཆེད་དུ་བྱས་ཏེ་ནང་ཞེས་བྱའོ། །དེར་བྱུང་
བ་ཞེས་བྱ་བ་ནི་ནང་དེར་བྱུང་བའི་སྐྱེ་མཆེད་གང་ཡིན་པ་སྟེ། སྐྱེ་མཆེད་དྲུག་དེ་ནི་ནང་གི་ཞེས་བྱའོ། །རྒྱུ་མཚན་བདུན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེར་བྱུང་བ་ཞེས་བྱ་བ་བདུན་པ་ཡིན་པའི་བདུན་པ་དེ་ནི་རྒྱུ་མཚན་གྱི་བདུན་པ་ཡིན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེའི་ཕྱིར་བྱུང་བ་དང་དེའི་རྒྱུ་མཚན་
དུ་བྱུང་བ་ལ་དེར་བྱུང་བ་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་ནི་མ་ཡིན་ཏེ། གཞན་གྱི་རྣམ་པར་ཤེས་པའི་རྒྱུ་དང་ཐུན་མོང་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་ནང་གི་སྐྱེ་མཆེད་མ་ཡིན་ཏེ། འདི་ལྟར་དེ་ནི་གཞན་དག་གི་རྣམ་པར་ཤེས་པའི་རྒྱུ་དང་ཐུན་མོང་ཡིན་པ་དང་སྐྱེ་
མཆེད་ཀྱང་ངོ་། །ཡང་ན་ནང་ཉིད་ནང་གི་ཡིན་ཏེ། རྣམ་པར་གདུལ་བར་བྱ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་བདག་གི་ཆེད་དུ་བྱས་པའི་སྐྱེ་མཆེད་གང་ཡིན་པ་དེ་ནི་ནང་གི་ཞེས་བྱ་སྟེ། ཇི་ལྟར་བུད་མེད་ཀྱི་ཆེད་དུ་བྱས་པ་གང་ཡིན་པ་དེ་ནི་བུད་མེད་ཀྱི་ཆེད་དུ་ཡིན་པ་བཞིན་ནོ། །ནང་ཉིད་ནང་གི་
ཡིན་ཏེ། དེ་ནི་རང་གི་དོན་ཉིད་ཡིན་པར་སྟོན་པ་དེ་ཡིན་ནོ། །ཇི་ལྟར་གདུལ་བྱ་ཉིད་གདུལ་བར་བྱ་བ་ཡིན་པ་དང་། ཚུལ་བཟང་ཉིད་ཚུལ་བཟང་བ་པ་ཡིན་པ་དང་། དམ་ཚིག་ཉིད་དམ་ཚིག་པ་ཡིན་པ་དང་། བྱེ་བྲག་ཉིད་བྱེ་བྲག་པ་ཡིན་པ་བཞིན་ནོ། །དེ་ལྟར་བྱས་ན་དེར་བྱུང་བ་ཞེས་བྱ་བ་ཡང་བརྗོད་
དགོས་པར་འགྱུར་རོ། །བདག་གི་སྒྲ་ལྷག་པར་སྔར་བྱས་པའམ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདག་ཏུ་ང་རྒྱལ་ལྷག་པར་འདི་ཉིད་ལ་སྐྱེད་པའི་སོ་སོའི་ལུས་དང་སེམས་ཀྱི་རྒྱུན་ནི་ངེས་པའི་ཚིག་གི་ཚུལ་གྱི་ནང་ཡིན་ནོ། །དེའི་དགོས་པ་ཡིན་པ་ནི་དེའི་ཆེད་ཡིན་པ་དང་སོ་སོའི་ལུས་དང་སེམས་ཀྱི་རྒྱུན་
གྱི་དོན་ཡིན་པ་དང་། དེ་སྐྱེ་བའི་རྒྱུན་གྱི་རྒྱུ་མཚན་ནི་ནང་གི་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བྱས་ན་བདག་གི་ཆེད་དུ་ཞེས་བྱ་བ་ཡང་བརྗོད་པར་མ་དགོས་པར་འགྱུར་རོ། །ཕྱི་རོལ་ནི་དེ་ལས་གཞན་ཡིན་ནོ་ཞེས་བྱ་བ་ནི་ནང་གི་མཚན་ཉིད་ཇི་སྐད་དུ་བསྟན་པ་དེ་ལས་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བའི་དོན་
Vol. 115 · folio 144b
ནི་སྐྱེ་མཆེད་ཀྱི་དོན་ཏེ་ཞེས་བྱ་བ་ནི་འདི་ནས་འགྲོ་བས་ན་སྐྱེ་ཞེས་བྱ་བ་འབྱུང་ཞེས་བྱ་བར་མངོན་པ་ཡིན་ནོ། །རྒྱས་པས་ན་མཆེད་པ་སྟེ། རྒྱ་ཆེར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་ཉིད་མཆེད་པ་ཡིན་པས་སྐྱེ་མཆེད་དོ། །ཡང་ན་འོང་བས་ན་སྐྱེ་ཞེས་བྱ་སྟེ། འབྱུང་བ་ཞེས་བྱ་བའི་དོན་གང་ཡིན་
པའོ། །འབྱུང་བ་དེ་མཆེད་པར་བྱེད་པས་སྐྱེ་མཆེད་དེ་འབྲས་བུའི་རྒྱུན་འབྱུང་བར་བྱེད་ཅེས་བྱ་བའི་དོན་གང་ཡིན་པའོ། །དེ་ལྟར་ན་འབྱུང་བའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ན་རེ་སྒོའི་དོན་ཡིན་ཏེ་ཞེས་བྱ་བ་ཅི་ཞེ་ན། སྐྱེ་མཆེད་ཀྱི་དོན་ཏོ་ཞེས་བྱ་བའི་སྐབས་དང་སྦྱར་
རོ། །དེ་དག་གིས་ཕྱི་རོལ་རྣམས་གང་གི་སྒོ་ཡིན་པར་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་སྐྱེ་མཆེད་སྒོའི་དོན་ཡིན་པར་སྨྲ་བ་དེ་དག་གིས་ཕྱི་རོལ་གཟུགས་ལ་སོགས་པ་རྣམས་གང་ཞིག་མཐོང་བར་བྱ་བའི་ཕྱིར་སྒོ་ཞེས་བརྗོད་པར་བྱ་དགོས་སོ། །གཞན་དག་ནི་མིག་གི་གཟུགས་ཡིན་པས་གཟུགས་
རྣམས་མཐོང་བར་བྱ་བའི་ཕྱིར་མིག་སྒོ་ཡིན་པར་ནི་རིགས་ན་གཟུགས་ནི་གང་ཞིག་མཐོང་བར་བྱ་བའི་ཕྱིར་གང་གི་སྒོ་ཡིན། དེ་ཉིད་དེ་ཉིད་ཀྱིས་མཐོང་བར་བྱེད་པའི་སྒོ་ཡིན་པར་ནི་རིགས་པ་མ་ཡིན་ནོ། །དོན་ནི་རྒྱུའི་རྣམ་གྲངས་ཀྱི་སྒྲ་ཡིན་པའི་ཕྱིར་སྒོའི་སྒྲ་ནི་གཟུགས་མཐོང་བའི་རྒྱུ་ཡིན་པའི་ཕྱིར་གཟུགས་
རྣམས་མཐོང་བར་བྱ་བའི་ཕྱིར་སྒོ་གཟུགས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་འབྱུང་བའི་དོན་ཉིད་སྐྱེ་མཆེད་ཀྱི་དོན་ཡིན་ནོ་ཞེས་སྨྲས་པ་ཡིན་པས་དེད་ལ་ཅི་གནོད། སྒྲ་ལ་སོགས་པ་ལ་ཡང་དེ་བཞིན་སྦྱར་རོ། །གཞན་དག་ན་རེ་གནས་ཀྱི་དོན་ཡིན་ཏེ། ལྷའི་སྐྱེ་མཆེད་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ལྷའི་
གནས་ལ་ལྷའི་སྐྱེ་མཆེད་ཅེས་བྱ་བ་བཞིན་ནོ། །མིག་གཉིས་ལས་རྣམ་པར་ཤེས་པ་གཅིག་སྐྱེ་ན་དེའི་གནས་གང་ཡིན་ཞེས་བྱ་བ་ནི་མིག་གཉི་ག་ཡང་སྐྱེ་མཆེད་ཡིན་པའི་ཕྱིར་དང་། གཉི་ག་ཡང་རྒྱུ་གཙོ་བོ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་དེའི་གནས་གཅིག་ཅིག་ཡིན་པར་ནི་འགྲུབ་པར་མི་འགྱུར་
རོ། །དེའི་ཕྱིར་གཉི་ག་ཡིན་ནོ་ཞེ་ན་ཞེས་རྒྱས་པར་སྨྲས་ཏེ། གཉི་ག་ཡང་མིག་གི་རྣམ་པར་ཤེས་པ་དེའི་གནས་ཡིན་ནོ་ཞེ་ན། བར་ན་དེ་མེད་པའི་ཕྱིར་ཞེས་བྱ་བ་མིག་དེ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། རྣམ་པར་ཤེས་པ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། དེའི་རྣམ་པར་ཤེས་པ་རྣམ་པ་གཉིས་སུ་
Vol. 115 · folio 145a
འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་ཡང་དེའི་གནས་ཡིན་ནོ་ཞེས་བྱ་བ་ནི་དེའི་བར་ན་ཡང་ཡོད་ན་ནི་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་ཆ་ཤས་དང་བཅས་པ་ཡིན་པར་འགྱུར་ཏེ། བྱེ་བྲག་པ་ཡན་ལག་ཅན་སྨྲ་བ་དག་དང་མཐུན་པའི་ཕྱིར་རོ། །གཅིག་པུ་དུ་
མ་ལ་བརྟེན་པར་སྨྲ་བ་འདི་ཡང་ངོ་མཚར་ཆེའོ། །གཉི་ག་ལས་གཅིག་སྐྱེ་བ་མ་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་ནི་འོན་ཏེ་འདི་སྙམ་དུ་མིག་གི་རྣམ་པར་ཤེས་པ་གཅིག་མིག་གཉི་ག་ལས་སྐྱེ་བ་མ་ཡིན་ནོ་སྙམ་ན་དེ་ཡང་། མི་རུང་སྟེ་གཉིས་ཀྱིས་ཞེས་རྒྱས་པར་འབྱུང་བ་ཡིན་ཏེ། མིག་གཉིས་
ཀྱིས་ནི་ཤིན་ཏུ་གསལ་བ་ཡིན་ཏེ། མཐོང་བ་ཤིན་ཏུ་གསལ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །གཅིག་གིས་ནི་གསལ་བ་མ་ཡིན་པར་མངོན་སུམ་དུ་གྲུབ་པ་ཡིན་ནོ། །དེ་བས་ན་གཅིག་གིས་རིམ་གྱིས་མཐོང་བ་མ་ཡིན་ནོ། །མིག་ཕྱེ་བ་དང་ཕྱེད་བཙུམས་པ་གཉིས་ཀྱིས་ཅིག་ཅར་ཞེས་རྒྱས་
པར་འབྱུང་བ་ནི་མིག་གཅིག་ཕྱེ་བ་དང་། གཅིག་ཕྱེད་བཙུམས་པ་ནི་མིག་ཕྱེ་བ་དང་ཕྱེད་བཙུམས་པ་སྟེ། གལ་ཏེ་གཅིག་ནས་མཐོང་བ་ཡིན་ན་ཡ་གཅིག་ཕྱེ་བ་དང་ཡ་གཅིག་ཕྱེད་བཙུམས་པ་དེ་གཉིས་ཀྱིས། ཅིག་ཅར་དུས་གཅིག་ཏུ་ཟླ་བ་གཉིས་ལ་སོགས་པ་མཐོང་བར་མི་འགྱུར་རོ། །ཇི་ལྟར་
མིག་གཉི་ག་ཕྱེ་བས་ཅིག་ཅར་དུ་མ་ཡིན་པ་དང་། གཉི་ག་ཕྱེད་བཙུམས་པས་ཅིག་ཅར་དུ་མ་ཡིན་པ་བཞིན་ནོ། །གཉི་ག་འབྱུང་བ་ཡང་ཡོད་དེ་དེ་བས་ན་དེ་ལྟ་བུ་ཡིན་ན་ནི་དེའི་རྒྱུ་ཡིན་ནོ་ཞེས་ངེས་པར་བྱར་རུང་ངོ་། །ཕྱི་རོལ་གྱི་མ་ཟིན་པ་རྣམས་ཀྱང་ཞེས་རྒྱས་པར་འབྱུང་བ་ནི་ཕྱི་རོལ་གྱི་
གཟུགས་ལ་སོགས་པ་མ་ཟིན་པ་རྣམས་ཀྱང་ཇི་ལྟར་གནས་ཉིད་ཡིན། གང་གི་ཕྱིར་གནས་ཀྱི་དོན་གྱིས་དེ་དག་སྐྱེ་མཆེད་ཅེས་རྗོད་པར་བྱེད། མ་ཟིན་པ་སྨོས་པས་ནི་དབང་པོ་དང་ལྷན་ཅིག་འདུག་པ་བསལ་བའི་ཕྱིར་ཏེ། དེ་དག་དབང་པོ་དང་ལྷན་ཅིག་འདུག་པའི་ཕྱིར་གནས་ཀྱི་དོན་ནི་སྐྱེ་
མཆེད་ཀྱི་དོན་ཏེ་ཞེས་བྱ་བར་འགྲུབ་པོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་དུས་མི་མཚུངས་པའི་ཡིད་དང་ཆོས་གཉིས་ཀྱང་ཇི་ལྟར་གནས་ཉིད་ཡིན་ཞེས་བྱ་བའི་སྐབས་ཡིན། ཡོད་ལ་དུས་མཚུངས་པ་ཡིན་ན་ནི་གནས་ལ་གནས་པ་པོ་གནས་སོ་ཞེས་མངོན་སུམ་དུ་འགྲུབ་པ་ཡིན་ན་ཡིད་ནི་འདས་མ་
Vol. 115 · folio 145b
ཐག་པ་ཡིན་པས་ཡོད་པ་མ་ཡིན་ནོ། །ཆོས་ནི་འདས་པ་དང་མ་འོངས་པ་ཡིན་པས་ཡོད་པ་མ་ཡིན་ན་ཇི་ལྟར་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་ཡིན། ལྷའི་གནས་བཞིན་དུ་མིག་ལ་སོགས་པ་ནི་གནས་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་དཔེར་ན་མ་ཟིན་པ་རྣམས་སྐྱེ་མཆེད་ཉིད་ཡིན་པ་དང་། ཡིད་
དང་ཆོས་གཉིས་ཀྱང་སྐྱེ་མཆེད་ཡིན་པར་འདོད་པ་བཞིན་ནོ། །ལུས་ཅན་མ་ཡིན་ཞིང་གཟུགས་ཅན་ཡིན་པའི་ཆོས་རྣམས་ཀྱི་གནས་ཞེས་རྒྱས་པར་འབྱུང་བ་ལ། ལུས་ཅན་མ་ཡིན་པ་ན་ལུས་མེད་པའོ། །གཟུགས་ཅན་མ་ཡིན་པ་ནི་གཟུགས་ཀྱི་མཚན་ཉིད་ཀྱི་ལུས་ལ་བྱེ་བྲག་ཏུ་གྱུར་
པའོ། །ལུས་ཅན་མ་ཡིན་པ་ལ་ནི་དེ་དག་གི་རང་གི་མཚན་ཉིད་ཀྱི་ལུས་མེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགུ་བརྒྱ་པ་ལས་གསུངས་པ་ཡིན་ནོ། །དེ་བས་ན་ལུས་ཅན་མ་ཡིན་ཞིང་གཟུགས་ཅན་མ་ཡིན་པའི་ཆོས་རྣམས་ཀྱི་གནས་རྣམ་པར་གཞག་པར་ནུས་པ་མ་ཡིན་ནོ། །འོ་ན་བདག་གི་ཀླད་
པའི་ཕྱེད་དུ་ཚོར་རོ། །བདག་གི་ཀླད་པའི་ཕྱེད་དུ་ཚོར་རོ་ཞེས་བྱ་བ་འདི་ཇི་ལྟར་ཡོངས་སུ་གཅོད་ཅེ་ན་ཞེས་རྒྱས་པར་འབྱུང་བ་ལ། ལུས་ཀྱི་ཕྱོགས་དེ་དག་ན་དེ་ཡོད་པའི་ཡུལ་ལས་ཞེས་བྱ་བ་ནི་ལུས་ཀྱི་ཕྱོགས་དེ་དག་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཚོར་བ་དེ་སྐྱེ་
བའི་ཕྱིར་ཅི་ཞེ་ན། བདག་གི་ཀླད་པར་ཚོར་རོ་བདག་གི་ཀླད་པའི་ཕྱེད་དུ་ཚོར་རོ་ཞེས་ཡོངས་སུ་གཅོད་པར་བྱེད་དོ། །འདི་ནི་དེ་ལྟ་བུ་ཁོ་ན་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ནི་ནད་ཅན་གྱི་ལུས་ཀྱི་ཕྱོགས་ལ་ལག་པའི་སོར་མོའི་རྩེ་མོའམ། གཞན་གང་ཡང་རུང་བས་མ་བཟུང་བར་ཚོར་བའི་རང་
བཞིན་ཡོངས་སུ་གཅོད་པ་མེད་དོ། །དེ་བས་ན་རྣམ་པ་དེ་དག་གིས་ནི་ལུས་ཀྱི་ཕྱོགས་དེ་དག་ན་དེ་ཡོད་པའི་ཡུལ་ལས་དེ་སྐྱེ་བའི་ཕྱིར་ཚོར་བའི་ཡུལ་ཡོངས་སུ་གཅོད་པར་མངོན་པའི་ང་རྒྱལ་བྱེད་དོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །འདིས་ནི་ནད་ཅན་གྱི་ལུས་ཀྱི་ཕྱོགས་ན་དེ་གནས་པ་ནི་ལག་པ་ལ་སོགས་
པའི་ཡུལ་ཡིན་པར་བསྒྲུབས་པ་ཡིན་ནོ། །རྒྱུ་ལ་ཡང་གནས་ཞེས་བྱ་བ་ནི་གནས་ཀྱི་དོན་ཉིད་སྐྱེ་མཆེད་ཀྱི་དོན་ཡིན་ལ། གནས་ཀྱི་དོན་ཡང་འདིར་རྒྱུའི་དོན་ཡིན་ནོ་ཞེས་སྟོན་པར་བྱེད་ཀྱི། གནས་ཀྱི་དོན་ལྷའི་གནས་ལྟ་བུ་ནི་མ་ཡིན་ནོ། །གནས་ཀྱི་དོན་རྒྱུའི་དོན་ཡིན་པར་ཇི་ལྟར་གང་དུ་མཐོང་ཞེ་ན།
Vol. 115 · folio 146a
ཇི་སྐད་དུ་ཚིགས་སུ་བཅད་པ་ལས། བདེན་པར་སྨྲ་ཞིང་ཁྲོ་མི་བྱེད། །སློང་ལ་ཆུང་ཡང་སྦྱིན་པར་བྱེད། །རྣམ་པ་འདི་གསུམ་གནས་ཀྱིས་ནི། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། རྒྱུ་འདི་གསུམ་གྱིས་ཞེས་བྱ་བར་མངོན་པ་ཡིན་ནོ། །རྣམ་པར་ཤེས་པའི་
ཚོགས་དྲུག་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་དེ་ཞེས་བྱ་བ་ནི་རྒྱ་ཆེར་བྱེད་ཅེས་བྱ་བའི་དོན་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར། དེ་སྐྱེ་བའི་རྒྱུན་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེ་བའི་རྒྱུན་གྱི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་སྐྱེ་བའི་རྒྱུན་ནི་རྒྱས་
པ་དང་། འོང་བ་དང་། སྐྱེ་བའོ། །རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེ་བ་ནི་དེའི་རྒྱུན་རྒྱས་པ་ཡིན་ནོ། །དེའི་ཕྱིར་རྒྱུན་གྱི་རྒྱུ་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་དོ་ཞེས་བྱ་བ་ནི་ངེས་པའི་ཚིག་ཡིན་ནོ། །དེ་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་།
རེག་བྱ་ཡུལ་གཟུགས་དང་བའི་བྱེ་བྲག་མིག་ལ་སོགས་པ་ལྔ་གོ་རིམས་བཞིན་ནོ་ཞེས་བྱ་བ་འདི་ལ་གཟུགས་ལ་སོགས་པ་ཡུལ་ཞེས་བྱ་བ་འདིས་ནི་གཟུགས་ཀྱི་སྐྱེ་མཆེད་དུ་དང་བ་བསྡུས་པར་འགྱུར་བ་བསལ་བ་ཡིན་ཏེ། འདི་དག་ནི་གཟུགས་ལ་སོགས་པ་ཡུལ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །གོ་
རིམས་བཞིན་ནོ་ཞེས་བྱ་བ་ཡང་ཇི་ལྟ་བུ་ཞེ་ན། གཟུགས་ལ་སོགས་པ་ལྔ་དང་། མིག་ལ་སོགས་པ་ལྔ་ཉིད་གོ་རིམས་བཞིན་དུ་བྱ་བར་ནུས་པ་ཡིན་ནོ། །བྱེ་བྲག་སྨོས་པ་ནི་ཡུལ་དང་འདྲེས་པར་འགྱུར་བ་བསལ་བའི་ཕྱིར་རོ། །གཟུགས་དང་བ་ཉིད་ཀྱི་བྱེ་བྲག་ཀྱང་དེ་དག་ལ་ཡོད་པ་ཡིན་ཏེ། དང་བའི་བྱེ་བྲག་ཅན་
ཁ་ཅིག་གི་ཡུལ་ནི་གཟུགས་ཡིན། ཁ་ཅིག་གི་ཡུལ་ནི་སྒྲའོ། །དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་ཡུལ་ཡིན་ནོ། །དེ་དག་ཀྱང་རང་གི་ཡུལ་ལ་དམིགས་པར་བྱེད་པར་ཡོད་དོ་ཞེས་བྱ་བ་ནི་ཡིད་ཆེས་པའི་ལུང་དང་རིགས་པས་ངེས་པར་བྱར་རུང་སྟེ། ཇི་སྐད་དུ་མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་
པའི་རྟེན་ནི་གཟུགས་དང་བའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། མིང་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ནས་ལུས་དང་རེག་བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་བར་དུ་གསུངས་པ་ཐམས་ཅད་ཡིན་ཏེ། ལོང་བ་ལ་སོགས་པ་ལ་གཟུགས་ལ་སོགས་པ་
Vol. 115 · folio 146b
མཐོང་བ་མེད་པའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་ལ་གཟུགས་དང་བའི་བྱེ་བྲག་མིག་ལ་སོགས་པ་ཡོད་དོ་ཞེས་བྱ་བ་འགྲུབ་པ་ཡིན་ནོ། །ཅིའི་ཕྱིར་འདི་ལས་རེག་བྱ་ཡུལ་ཞེས་རྒྱས་པར་འབྱུང་བ་ནི་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་རེག་བྱ་ཡུལ་དང་བའི་བྱེ་བྲག་ལུས་
ཞེས་བྱ་བ་སྟེ། ཇི་ལྟར་ལུས་ལ་ལུས་ཞེས་བྱ་བ་བཞིན་དུ་གཟུགས་ལ་སོགས་པ་ཡུལ་དང་བའི་བྱེ་བྲག་མིག་ལ་སོགས་པ་ནི་ལུས་ཞེས་མ་བསྟན་ལ། ཇི་ལྟར་ན་འདི་ལས་ཡུལ་རེག་བྱ་དང་བའི་བྱེ་བྲག་ལུས་ཡིན་ནོ་ཞེས་བསྟན་ཏེ། ལུས་ཀྱི་སྐྱེ་མཆེད་ཅེས་གསུངས་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར།
ལུས་ལ་ཁྱབ་པ་ཉིད་ཀྱི་ཕྱིར། །ཞེས་སྨྲས་ཏེ། འདི་ལྟར་ལུས་འདི་ནི་ལུས་ཀྱི་མཚན་ཉིད་ལ་ཁྱབ་པར་གནས་པ་ཡིན་གྱི་མིག་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་གནས་ནི་གནས་པ་ལ་བསྟན་པའམ། ལུས་བཞིན་དུ་གནས་ཡིན་པས་ལུས་ཀྱི་སྐྱེ་མཆེད་ཅེས་བྱའོ། །རྡུལ་ཕྲ་མོ་བསགས་
པའི་བྱེ་བྲག་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ཞེ་ན། ལུས་ཡིན་ནོ་ཞེས་བྱའོ། །མིག་ལ་སོགས་པ་རྟེན་ཀྱང་རྡུལ་ཕྲ་མོ་བསགས་པ་ཡིན་མོད་ཀྱི། འདི་ནི་རྡུལ་ཕྲ་མོ་བསགས་པ་བྱེ་བྲག་ཅན་ཡིན་ནོ། །བྱེ་བྲག་ཅན་ཉིད་ནི་ཕལ་ཆེ་བའི་ཕྱིར་རོ། །ཁྱད་པར་དུ་གྱུར་པ་འདིས་ན་བསགས་
པ་གང་ཡིན་པ་དེ་ནི་ལུས་ཡིན་པར་འདི་ལས་གསུངས་པ་ཡིན་ནོ་ཞེས་སྟོན་པ་ཡིན་གྱི། ཐམས་ཅད་དམ་མིག་ལ་སོགས་པ་ཐམས་ཅད་ནི་བསགས་པའི་དོན་གྱིས་ལུས་ཞེས་མི་བྱའོ། །བྱེ་བྲག་ཏུ་བྱ་བའི་ཕྱིར་ནི་མིག་གི་སྐྱེ་མཆེད་དང་ཞེས་བྱ་བ་ནས་ལྕེའི་སྐྱེ་མཆེད་དང་ཞེས་བྱ་བའི་བར་
དུ་བྱེ་བྲག་གི་མིང་སྟོན་ཏོ། །དེ་བས་ན་བྱེ་བྲག་དུ་ཡང་བྱས་པ་ཡིན་ལ། ལུས་ཀྱི་མིང་ཡང་ཡིན་པ་དེ་ནི་དེ་ཉིད་ཀྱིས་བྱེ་བྲག་ཏུ་བྱེད་པ་ནི་ལུས་ཀྱི་སྐྱེ་མཆེད་ཅེས་བྱའོ། །གང་གི་ཚེ་ལུས་ཀྱི་ཚོར་བ་ཞེས་སྟོན་པ་དེའི་ཚེ་ནི་མིག་ལ་སོགས་པ་ལྔ་ལ་ཡང་མིང་ལུས་ཞེས་བྱའོ། །ཅིའི་
ཕྱིར་ཞེ་ན། དེའི་ཕྱིར་རེ་རེ་ཡང་རྡུལ་ཕྲ་མོ་བསགས་པ་ཡིན་པའི་ཕྱིར་དང་ཞེས་སྨྲས་ཏེ། མིག་ལ་སོགས་པ་ལ་བྱ་བར་མངོན་ཏེ། བསགས་པའི་དོན་གྱིས་ལུས་ཞེས་བརྗོད་པ་ནི་ཐུན་མོང་གི་ཚིག་ཡིན་པའི་ཕྱིར་རོ། །ལུས་ལ་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལྔ་ཆར་ཡང་མིང་ལུས་
Vol. 115 · folio 147a
ཞེས་བྱ་སྟེ་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། གནས་ནི་གནས་པ་ལ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གནས་ལ་གནས་འདོགས་པ་ཡང་ཡོད་དོ། །ཁྲིའུ་སྨྲ་བ་དང་རི་འཛག་པ་དང་ཞེས་སྨྲས་ཏེ། ཁྲིའུའི་སྟེང་ན་མི་འདུག་པ་ལ་ཁྲིའུ་རུ་ཉེ་
བར་བཏགས་ནས་འདི་སྐད་དུ་ཁྲིའུ་སྨྲའོ་ཞེས་བྱ་བ་དང་། རི་ལ་ཡོད་པའི་ཆུ་ལ་རིར་ཉེ་བར་བཏགས་ནས་རི་འཛག་གོ་ཞེས་ཟེར་ཡང་རི་འཛག་པ་ནི་མ་ཡིན་ནོ། །བྱམས་པ་དང་ལྡན་པའི་སེམས་ཀྱིས་ཕྱོགས་གཅིག་ལ་མོས་པར་བྱས་ནས་ཞེས་བྱ་བ་འདིར་ཡང་ཕྱོགས་གཅིག་ན་གནས་
པའི་སྲོག་ཆགས་ལ་ཕྱོགས་གཅིག་གི་སྒྲར་བསྟན་པ་ཡིན་ཏེ། བྱམས་པས་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །སྐྱེ་མཆེད་ལྔ་བསྟན་ཟིན་ཏོ། །དྲུག་པ་ཡིད་ཀྱི་སྐྱེ་མཆེད་བརྗོད་པར་བྱེད་པ་ནི། ཡིད་ཀྱི་སྐྱེ་མཆེད་ཀྱི་ཕུང་པོའི་ནང་དུ་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ་
ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གི་མཚན་ཉིད་དོ། །ཁམས་ཀྱི་ནང་དུ་ནི་ཡིད་ཀྱི་ཁམས་གང་ཡིན་པ་རྣམ་པར་གཞག་པ་དང་། རྣམ་པར་ཤེས་པའི་ཁམས་དྲུག་གོ། །དེ་ལྟར་བྱས་ན་རྣམ་པར་ཤེས་པ་དྲུག་གི་མཚན་ཉིད་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྟན་པ་ཡིན་ནོ། །དེ་དག་
ལས་གཞན་གང་ཞིག་ཡིད་ཀྱི་ཁམས་ཡིན་ཞེ་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་དྲུག་དེ་དག་ལས་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ནི་གང་ཡང་མེད་ཀྱི་དེ་དག་གང་ཡིན་པ་ཉིད་ཅེས་རྒྱས་པར་འབྱུང་བ་ནི་ཇི་སྐད་དུ། དྲུག་པོ་འདས་མ་ཐག་པ་ཡིན། །རྣམ་ཤེས་གང་ཡིན་དེ་ཡོད་དོ། །
ཞེས་སྟོན་ཏོ། །རྣམ་པར་ཤེས་པ་དྲུག་པའི་གནས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་གནས་ནི་མིག་ལ་སོགས་པ་ལྔ་པོ་ཉིད་གོ་རིམས་བཞིན་དུ་ཡིན་ན་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ལ་མ་གཏོགས་པར་ཡོད་
པ་མ་ཡིན་པས་དེའི་གནས་བསྟན་པར་བྱ་བའི་ཕྱིར་དྲུག་པོས་འདས་མ་ཐག་པ་དེ་དག་ཉིད་ཡིད་ཀྱི་ཁམས་ཡིན་པར་རྣམ་པར་གཞག་སྟེ། ཇི་སྐད་དུ་ཆོས་མངོན་པའི་མཛོད་ལས། དྲུག་པའི་གནས་ནི་གྲུབ་བྱའི་ཕྱིར། ཁམས་ནི་བཅོ་བརྒྱད་རྣམས་སུ་དྲན། །ཞེས་སྟོན་ཏོ། །དེ་ལྟར་ཡིན་དུ་ཟིན་
Vol. 115 · folio 147b
ཀྱང་མིང་དང་གཟུགས་ཀྱི་ཚེ་སྐྱེ་མཆེད་དྲུག་ཡོད་པ་མ་ཡིན་ན་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་གནས་སྐབས་ན་མངལ་དུ་ངེས་པར་འཆི་བ་རྣམས་ཀྱིའོ། །སྐྱེ་མཆེད་དྲུག་ཐམས་ཅད་ཀྱི་དང་པོ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་ཡིན་པར་ངེས་པར་བྱའོ་ཞེས་བྱ་བ་ནི་རྫུས་ཏེ་བྱུང་བ་རྣམས་ཀྱི་སྐྱེ་མཆེད་
དྲུག་གི་དང་པོ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་མ་ཡིན་ན། ཇི་ལྟར་འདི་སྐད་དུ་ཐམས་ཅད་ཀྱི་ཞེས་སྨྲ་བར་བྱེད་ཅེ་ན། འདིར་ནི་སྐྱེ་བའི་རིམ་པ་ཡོངས་སུ་རྫོགས་པའི་དབང་དུ་བྱས་ཏེ་བསྟན་པ་ཡིན་ནོ། །དང་པོ་ནི་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་གཞན་ནི་
སྐྱེ་མཆེད་དྲུག་གི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཉིད་ཡིན་པས་སོ། །མིང་དང་གཟུགས་ཐམས་ཅད་སྐྱེ་མཆེད་དྲུག་གི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན་ངེས་པར་བྱའོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདིས་ནི་མིང་དང་གཟུགས་ཀྱི་གནས་སྐབས་ཉིད་དུ་ངེས་པར་འཆི་བ་རྣམས་ཀྱི་མིང་དང་གཟུགས་ནི་སྐྱེ་མཆེད་
དྲུག་གི་རྐྱེན་ཉིད་མ་ཡིན་པར་བསྟན་པ་ཡིན་ནོ། །སྤྲིན་ལས་ཆར་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་ཆར་པ་ཐམས་ཅད་ནི་སྤྲིན་གྱི་རྐྱེན་གྱིས་ཡིན་པར་ངེས་པ་ཡིན་གྱི། སྤྲིན་ཐམས་ཅད་ཆར་པའི་རྐྱེན་ནི་མ་ཡིན་ནོ། །འབྲས་བུ་ཐམས་ཅད་མེ་ཏོག་གི་རྐྱེན་གྱིས་ཡིན་ཏེ། མེ་ཏོག་ལས་བྱུང་བའི་འབྲས་
བུའི་དབང་དུ་བྱས་པ་ཡིན་གྱི། མེ་ཏོག་ཐམས་ཅད་འབྲས་བུའི་རྐྱེན་ནི་མ་ཡིན་ནོ། །ནར་ནར་པོ་ཐམས་ཅད་ནུར་ནུར་པོའི་རྐྱེན་གྱིས་ཡིན་པར་ངེས་པ་ཡིན་ཏེ། མངལ་གྱིས་བསྡུས་པའི་ནར་ནར་པོ་ནི་ནུར་ནུར་པོའི་རྐྱེན་གྱིས་ཡིན་པར་ངེས་པ་ཡིན་ཏེ། མངལ་གྱིས་བསྡུས་པའི་ནུར་ནུར་པོའི་དབང་དུ་བྱས་
པ་ཡིན་ནོ། །ནུར་ནུར་པོ་ཐམས་ཅད་ནི་ནར་ནར་པོའི་རྐྱེན་མ་ཡིན་ཏེ། དེ་དག་བཞིན་ནོ། །ཇི་ལྟར་དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡིན་ཞེ་ན་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་བཞི་ནི་དེའི་རྐྱེན་གྱིས་ཡིན་པར་བརྗོད་པར་བྱ་དགོས་ཏེ། ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་ནི་མིང་དང་
གཟུགས་ཀྱི་གནས་སྐབས་ཉིད་ནི་ཡོད་པ་ཡིན་པའི་ཕྱིར་རོ། །མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་སྦྱར་ཏེ་ཞེས་བྱ་བ་ནི་ཇི་ལྟར་འོས་པར་སྦྱར་རོ། །ཇི་ལྟར་ཡིན་ཞེ་ན། མིག་ལ་སོགས་པ་མངོན་པར་འགྲུབ་པའི་རྐྱེན་ཡིན་པའི་ཕྱིར་དང་། ལུས་དང་ཡིད་
Vol. 115 · folio 148a
ཀྱི་སྐྱེ་མཆེད་གཉིས་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་ཕྱིར་རོ། །རེ་ཞིག་མིག་ལ་སོགས་པ་མངོན་པར་འགྲུབ་པའི་རྐྱེན་མིང་དང་གཟུགས་ཡིན་པ་ནི་གྲུབ་པ་ཡིན་ཏེ། མིག་ལ་སོགས་པ་སྔར་མེད་པའི་ཕྱིར་རོ། །ལུས་དང་ཡིད་ཀྱི་སྐྱེ་མཆེད་ཡོངས་སུ་རྫོགས་པའི་རྐྱེན་ཇི་ལྟར་
ཡིན་ཞེ་ན། དེའི་ཕྱིར། མིག་ལ་སོགས་པ་མངོན་པར་གྲུབ་པའི་གནས་སྐབས་ན་ནི་ཞེས་རྒྱས་པར་སྨྲས་སོ། །བཞི་པོ་དེ་ལ་གནས་པ་ཡོངས་སུ་རྫོགས་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་ལུས་ཀྱི་སྐྱེ་མཆེད་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མིག་ལ་སོགས་པ་
ནི་ལུས་ཀྱི་ཕྱོགས་ཀྱི་འབྱུང་བ་ཆེན་པོ་ལ་བརྟེན་པ་ཡིན་གྱི་ལུས་ཀྱི་སྐྱེ་མཆེད་ལ་བརྟེན་པ་ནི་མ་ཡིན་ཏེ། འབྱུང་བ་ལས་གྱུར་པ་ནི་འབྱུང་བ་ལས་གྱུར་པ་ལ་བརྟེན་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། འབྱུང་བ་ལ་བརྟེན་པ་ཡིན་ན། བཞི་པོ་དེ་དག་དེ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་ཇི་ལྟར་བརྗོད་ཅེ་ན།
དེའི་ཕྱིར། དེ་དང་འབྲེལ་པར་འཇུག་པ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། མིག་ལ་སོགས་པ་ནི་ལུས་ཀྱི་སྐྱེ་མཆེད་དང་འབྲེལ་པར་འཇུག་པ་ཉིད་ཡིན་པ་བཟུང་ནས་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། ལུས་ཀྱི་སྐྱེ་མཆེད་མ་ལུས་པར་འགགས་པ་ལ་མིག་ལ་སོགས་པ་གནས་པ་མེད་པའི་ཕྱིར་རོ། །
ཡིད་ཀྱི་སྐྱེ་མཆེད་ཡོངས་སུ་རྫོགས་པ་ཡིན་ཏེ། གནས་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ནི་ཡིད་ཀྱི་སྐྱེ་མཆེད་ཀྱི་གནས་ཡིན་ནོ། །དེ་དག་ཀྱང་དེའི་ཚེ་ཡོངས་སུ་རྫོགས་པ་ཡིན་ནོ། །ཡིད་ཀྱི་སྐྱེ་མཆེད་ཀྱང་གནས་ཡོངས་སུ་རྫོགས་པ་དེའི་ཚེ་ཁོ་ན་ཡོངས་སུ་རྫོགས་པ་
ཡིན་ཏེ། མཐའ་དག་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་ཤེས་པ་དྲུག་གིས་བསྡུས་པ་ཡིད་ཀྱི་སྐྱེ་མཆེད་ཀྱི་གནས་ནི་དེའི་ཚེ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ལྟར་མ་བསྟན་ན་ནི་ཞེས་རྒྱས་པར་འབྱུང་བ་ནི་ཇི་ལྟར་མ་བསྟན་ཞེ་ན། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་
མཆེད་དྲུག་ཅེས་བྱ་བར་རོ། །སྐྱེ་མཆེད་བཞིའི་སྐབས་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་དེ་སྐད་དུ་མ་བརྗོད་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་བཞིའི་རྐྱེན་གྱིས་རེག་པ་ཞེས་དེ་སྐད་དུ་བརྗོད་པར་བྱ་དགོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་བཞིའི་སྐབས་ལ་བབ་པ་ཡིན་པས་སྐྱེ་
Vol. 115 · folio 148b
མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བརྗོད་པར་ནུས་པ་མ་ཡིན་ཏེ། སྐྱེ་མཆེད་དྲུག་གི་སྐབས་མེད་པའི་ཕྱིར་རོ། །རེག་པའི་གནས་ཡོངས་སུ་མ་རྫོགས་པར་བསྟན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་བཞིའི་མཚན་ཉིད་དུ་གྱུར་པའི་སྐྱོན་འདི་འདིར་ཡོད་པས་སོ། །
རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་གོ་ཞེས་བྱ་བ་ཡང་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རེག་པའི་ཡན་ལག་རྣམ་པར་དབྱེ་བའི་དབང་དུ་བྱས་ནས་སྐྱེ་མཆེད་བཞི་བསྟན་པ་ཡིན་པའི་ཕྱིར་སྟོན་པའི་ཚེ་རེག་པའི་ཚོགས་བཞིའོ་ཞེས་བརྗོད་པར་བྱ་དགོས་པར་འགྱུར་རོ། །འདི་ཉིད་ཀྱི་ཕྱིར་
མངོན་པར་གྲུབ་པ་དང་། ཡོངས་སུ་རྫོགས་པ་མཐའ་དག་གི་རྐྱེན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ཇི་ལྟར་རིགས་པར་ཡིན་ནོ། །གཙོ་བོའི་རྒྱུ་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཡན་ལག་གི་ཚེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་རྒྱས་
པར་འབྱུང་བ་ཡིན་ནོ། །ཆོས་མངོན་པའི་མཛོད་ལས་ཀྱང་། དེ་གྱུར་ན་ནི་རྣམ་འགྱུར་ཕྱིར། །མིག་ལ་སོགས་པ་གནས་ཡིན་ནོ། །ཞེས་བསྟན་པ་ཡིན་ཏེ། དེར་ཡང་གཙོ་བོའི་རྒྱུའི་དོན་ཉིད་གནས་ཀྱི་དོན་ཡིན་པར་ཡོངས་སུ་བསྟན་ཏེ། འབྲས་བུ་ནི་གཙོ་བོའི་རྒྱུ་རྣམ་པར་འགྱུར་བའི་
རྗེས་སུ་བྱེད་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་རྟོག་པ་མིང་དང་གཟུགས་ཀྱི་གནས་སྐབས་ན་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་ཉིང་འཚམས་སྦྱོར་བའི་སྐད་ཅིག་མ་ནས་བརྩམས་ཏེ། མིང་དང་གཟུགས་ཀྱི་གནས་སྐབས་ན། ལུས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་སྐྱེ་མཆེད་ཡོད་དོ་ཞེས་སྨྲ་བ་གང་ཡིན་པ་དེའི་
ལན་དུ། མིང་དང་གཟུགས་ཀྱི་གནས་སྐབས་ན་ལུས་ཡོད་ཀྱང་ལུས་ཀྱི་སྐྱེ་མཆེད་མ་ཡིན་ལ། ཡིད་ཡོད་ཀྱང་ཡིད་ཀྱི་སྐྱེ་མཆེད་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རེག་པའི་གནས་ནི་སྐྱེ་མཆེད་ཅེས་བྱ་བ་ཡིན་ཞེས་བྱ་བ་ནི་མིང་ལ་སོགས་པའི་སྐྱེ་མཆེད་ཉིད་ཡིན་པར་གཏན་ཚིགས་སྟོན་པ་ནི་མདོ་སྡེ་
ལས། རེག་པའི་སྐྱེ་མཆེད་ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་མིང་དང་གཟུགས་ཀྱི་གནས་སྐབས་ན་དེ་གཉིས་སྐྱེ་མཆེད་མ་ཡིན་ཏེ། རེག་པ་མེད་པའི་ཕྱིར་རོ། །འདིར་སྐྱེ་མཆེད་ཡིན་པའི་མིང་དང་གཟུགས་རྐྱེན་ཡིན་པར་བརྗོད་པར་བཞེད་པས་སྐྱེ་མཆེད་དྲུག་ནི་དེའི་རྐྱེན་གྱིས་ཡིན་ནོ་
Vol. 115 · folio 149a
ཞེས་བྱའོ། །རེག་པ་ནི་དེའི་ཚེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་གནས་སྐབས་ནའོ། །མདོ་སྡེ་འདི་ཉིད་ལས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མདོ་སྡེ་འདི་ལས་ཡིན་ཏེ། འདི་ལས་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་སྐྱེ་མཆེད་
དྲུག་གི་འོག་ཏུ་རེག་པ་བསྟན་གྱི་སྔར་ནི་མ་ཡིན་ནོ། །དེ་ནི་ཁུངས་སུ་མི་རུང་སྟེ་གསུངས་པ་དེ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་གོང་ཉིད་དུ་སྐྱེ་མཆེད་དྲུག་གི་རྐྱེན་ཉིད་དུ་མིང་དང་གཟུགས་ལ་བསམས་ཏེ། མངོན་པར་གྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་
ཕྱིར་ཇི་ལྟར་རིགས་པར་ཡིན་ནོ་ཞེས་ངེད་ཀྱིས་བསྟན་ཟིན་ཏོ། །འདིས་ནི་སྐྱེ་མཆེད་དྲུག་ནི་རེག་པའི་རྐྱེན་ཉིད་ཡིན་པར་བསམས་སྨྲས་པ་ཡིན་ཏེ། གནས་ཡོངས་སུ་རྫོགས་ན་དེའི་ཚེ་རེག་པ་ཡོངས་སུ་རྫོགས་པ་ཡིན་ནོ། །མིང་དང་གཟུགས་ཀྱི་གནས་སྐབས་ན་རེག་པ་མེད་པ་མ་ཡིན་ནོ། །གལ་ཏེ་
ཡང་དེའི་ཚེ་རེག་པ་མེད་པར་གྱུར་ན་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་ཡང་མིང་དང་གཟུགས་ཀྱི་གནས་སྐབས་ན་དེའི་ཚེ། རེག་པ་མེད་པར་གྱུར་ན་ཚོར་བ་ལ་སོགས་པ་ཡང་མེད་པར་འགྱུར་ཏེ། ཚོར་བ་ལ་སོགས་པའི་རྐྱེན་རེག་པ་ཡིན་པའི་ཕྱིར་རོ།། །།རྟེན་ཅིང་འབྲེལ་
པར་འབྱུང་བའི་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་བདུན་པ། ཚོར་བའི་ཕུང་པོ་གང་ཡིན་པ་དང་འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་ཡིན་ནོ་ཞེས་མདོ་སྡེ་ལས་གསུངས་པའི་ཕྱིར། །ཚོར་བ་ལ་སོགས་པ་
མེད་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བའི་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ་ཞེས་བསྟན་པ་འདི་དང་ཡང་འགལ་བར་འགྱུར་རོ་ཞེས་སྨྲས་སོ། །མིང་དང་གཟུགས་ཀྱི་གནས་སྐབས་ན་ཚོར་བ་ལ་སོགས་པ་མེད་
ན་ནི་ཇི་ལྟར་ན་མིང་ཕུང་པོ་བཞི་ཡིན་ཏེ། དེ་ཕུང་པོ་གཅིག་ཡིན་པར་འགྱུར་ཏེ། རྣམ་པར་ཤེས་པ་ཙམ་ཡོད་པའི་ཕྱིར་རོ། །ཡང་ན་གལ་ཏེ་སེམས་དང་ལྡན་པ་མ་ཡིན་པ་ཡོད་ན་ནི་ཕུང་པོ་གཉིས་ཡིན་ཏེ། དེ་དག་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །མིང་མཐའ་དག་ལ་དགོངས་ནས་དེ་
Vol. 115 · folio 149b
སྐད་དུ་རྣམ་པར་ཕྱེ་བ་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་དེར་འདི་སྙམ་དུ་ཚེ་གཅིག་རིལ་མཐའ་དག་གི་མིང་ལ་དགོངས་ནས་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ་ཞེས་དེ་སྐད་དུ་རྣམ་པར་ཕྱེ་བ་ཡིན་ནོ་ཞེ་ན། མི་རུང་སྟེ་སྐྱེ་མཆེད་དྲུག་གི་རྐྱེན་དུ་གྱུར་པའི་མིང་དང་གཟུགས་འདིར་
བརྗོད་པར་བཞེད་པའི་ཕྱིར་ཡིན་གྱི། ཚེ་མཐའ་དག་གི་མིང་ལ་དགོངས་ནས་དེ་སྐད་དུ་རྣམ་པར་ཕྱེ་བ་ནི་མ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་སྐྱེ་མཆེད་དྲུག་གི་རྐྱེན་དུ་གྱུར་པའི་མིང་དང་གཟུགས་བརྗོད་པར་བཞེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། ཚེ་མཐའ་དག་
གི་མིང་དང་གཟུགས་ཀྱང་སྐྱེ་མཆེད་དྲུག་གི་རྐྱེན་མ་ཡིན་པས་དེ་རྣམ་པར་ཕྱེ་བ་འདི་མ་ཡིན་པར་ངེས་པར་བྱའོ། །ཅིའི་མིང་གཟུགས་ཤེ་ན། འདི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བརྗོད་པར་བཞེད་པའི་ཕྱིར་རོ། །འདི་ལྟར་ཁ་ཅིག་ནི་ཚེ་མཐའ་དག་གི་མིང་དང་གཟུགས་ནི་རྣམ་པར་ཤེས་
པའི་རྐྱེན་གྱིས་ཡིན་པར་འདོད་དེ་འདིར་ཡང་འདི་ལ་དགོངས་པ་ཡིན་གྱི་ཞེས་བྱ་བ་ནི་ཕུང་པོ་བཞི་པའི་མིང་དང་གཟུགས་བསྟན་པ་འདིར་ཡང་མིང་མཐའ་དག་ལ་དགོངས་ནས་དེ་སྐད་དུ་རྣམ་པར་ཕྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་དགོངས་པ་ཡིན་ནོ། །སྐྱེ་མཆེད་དྲུག་གི་ཚིག་དེ་ལ་དགོངས་པ་མ་ཡིན་ནོ་ཞེས་བྱ་བ་
ནི་འདི་སྐད་དུ་མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་དགོངས་པ་མ་ཡིན་ནོ། །མིང་མཐའ་དག་ལ་དགོངས་ནས་དེ་ལྟར་རྣམ་པར་ཕྱེ་བ་ཡིན་ནོ་ཞེས་དེ་ལ་དགོངས་པ་ཡིན་ན་ནི་དགོངས་པ་འདི་ལྡོག་པར་འགྱུར་ཏེ། སྔར་མིང་
དང་གཟུགས་ཀྱི་གནས་སྐབས་ཉིད་ན་སྐྱེ་མཆེད་གཉིས་ཡོད་པ་དེ་བས་ན་རེག་པ་ཡང་ཡོད་པའི་ཕྱིར་ཚོར་བ་ལ་སོགས་པ་ཡང་ཡོད་པ་ཡིན་པས་མིང་དང་གཟུགས་ཀྱིས་བསྡུས་པ་ཉིད་ཡིན་གྱི་དེ་ལྟ་མ་ཡིན་ན་མིང་ཕུང་པོ་བཞི་པར་ཇི་ལྟར་འགྲུབ་པར་འགྱུར། དེ་ལ་གཏན་ཚིགས་ཅི་ཡོད་ཅེས་སྨྲས་པའི་
གཏན་ཚིགས་ནི། རྒྱུ་ཆེན་པོའི་རྣམ་གྲངས་ལས་མཐའ་དག་སྨོས་པའི་ཕྱིར་རོ་ཞེས་སྨྲས་ཏེ། འདི་ལྟར་རྒྱུ་ཆེན་པོའི་རྣམ་གྲངས་ལས་ཚེ་གཅིག་མ་ལུས་པ་མཐའ་དག་གི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སྨོས་པ་ཡིན་ཏེ། ཇི་ལྟ་ཞེ་ན། གལ་ཏེ་ཁྱེའུ་འམ་བུ་མོའི་རྣམ་པར་
Vol. 115 · folio 150a
ཤེས་པ་ཆད་ཅིང་ཞིགས་ཏེ་མེད་པར་གྱུར་ན་དེའི་མིང་དང་གཟུགས་རྒྱ་ཆེ་བ་དང་འཕེལ་བ་དང་། ཡངས་པར་འགྱུར་རམ་ཞེས་བྱ་བ་ཡིན་ནོ་ཞེ་ན། གཞན་དུ་དེ་རྣམ་པར་གཞག་པའི་ཕྱོགས་དེ་ནི་ལན་བཏབ་ཟིན་ཏེ། ཇི་སྐད་དུ་རྣམ་པར་ཤེས་པའི་ཡན་ལག་རྣམ་པར་
དབྱེ་བ་ལས་དེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་དགོངས་ནས་བསྟན་པ་མ་ཡིན་ནོ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །གཞན་ཡང་གལ་ཏེ་རེག་པའི་སྔ་རོལ་དུ་སེམས་ལས་བྱུང་བའམ་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་རེག་པའི་སྔ་རོལ་དུ་དེའི་གནས་སྐབས་ན་མིང་དང་གཟུགས་ཀྱི་གནས་
སྐབས་ན། སེམས་ལས་བྱུང་བ་ཚོར་བ་ལ་སོགས་པ་ཡོད་པ་མ་ཡིན་ཞིང་མི་ལྡན་པ་སྲོག་གི་དབང་པོ་ལ་སོགས་པའི་རྫས་ཡོད་པ་མ་ཡིན་ན་དེའི་ཚེ་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་ཕུང་པོ་བཞི་པ་གང་ཞིག་ཡིན་པ་བརྗོད་པར་བྱ་དགོས་ཏེ་ནུར་ནུར་པོ་ལ་སོགས་པའི་
གནས་སྐབས་ན་རེག་པ་མེད་ན་ཡང་ཚོར་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ། །རེག་པའི་འོག་ཏུ་ཡང་མིང་ཇི་ལྟར་ཡིན་ན་རྣམ་པ་གང་གིས་མིང་ཕུང་པོ་བཞི་པ་ཡོད་པར་འགྱུར། རྒྱུ་ཆེན་པོའི་རྣམ་གྲངས་ལས་མཐའ་དག་སྨོས་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེར་ཡང་མིང་དང་
གཟུགས་མ་གཏོགས་པར་རྣམ་པར་ཤེས་པ་ཡོད་པར་བྱ་དགོས་ཤིང་། རྣམ་པར་ཤེས་པ་ལ་མ་གཏོགས་པར་ཡང་ཕུང་པོ་ལྔ་པའི་མིང་དང་གཟུགས་ཡོད་པར་བྱ་དགོས་ན་ཚོར་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་ཕུང་པོ་དེ་ནི་མིང་ཕུང་པོ་བཞི་པ་ཡིན་ནོ་ཞེས་
བརྗོད་པ་ཡང་རིགས་པ་མ་ཡིན་ཏེ། དེའི་རྐྱེན་མེད་པའི་ཕྱིར་དང་། མིང་ཉིད་མིང་གི་རྐྱེན་མ་ཡིན་ཞིང་རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་རྐྱེན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་གཉིས་པོ་དེ་འདོད་པར་བྱོས་ཤིག་ཅེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་རེག་པའི་སྔ་རོལ་དུ་མིང་
ཡོད་པ་མ་ཡིན་ཏེ། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་རེག་པ་མེད་པའི་ཕྱིར་རོ། །རེག་པའི་འོག་ཏུ་ཡང་ཚོར་བ་ལ་སོགས་པའི་གནས་སྐབས་ན་ཕུང་པོ་བཞི་པའི་མིང་ཡོད་པར་མི་འགྱུར་ཏེ། མིང་དང་གཟུགས་ལ་མ་གཏོགས་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །
Vol. 115 · folio 150b
དེ་བས་ན་དེ་གཉིས་ནི་འདོད་པར་བྱ་དགོས་པ་ནི་འདི་ལྟ་སྟེ་རེག་པའི་སྔ་རོལ་མིང་དང་གཟུགས་ཀྱི་གནས་སྐབས་ན་རེག་པ་དང་རེག་པའི་འོག་ཏུ་ཚོར་བ་ལ་སོགས་པའི་གནས་སྐབས་ན་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་མིང་འགྲུབ་
པར་འགྱུར་རོ། །རེག་པའི་འོག་ཏུ་ཡང་ཚོར་བ་ལ་སོགས་པའི་གནས་སྐབས་ན་ཕུང་པོ་བཞི་པའི་མིང་འགྲུབ་པར་འགྱུར་རོ། །དེ་ལྟར་བྱས་ན་གང་ཡང་རྒྱུ་ཆེན་པོའི་རྣམ་གྲངས་ནམ་མ་ཤིའི་བར་དུ་མིང་དང་གཟུགས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་ནོ་ཞེས་བྱ་བ་དེ་རུང་བར་འགྱུར་ཏེ། ཕུང་པོ་
བཞི་པའི་མིང་ལ་མ་གཏོགས་པར་ཀུན་གཞི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ། །དེ་ལས་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་འདི་ནི་མིང་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ནི་ལུས་ཀྱི་བདག་ཉིད་ནུར་ནུར་པོ་དེ་ལས་སྐྱེ་བའམ་དེར་སྐྱེས་པས་ན་དེ་ལས་སྐྱེས་པ་
ཞེས་བྱ་སྟེ། ནུར་པོ་ནུར་པོའི་གནས་སྐབས་ན་རེག་པ་ཡོད་པའི་ཁུངས་ནི་མདོ་སྡེ་འདི་ཡིན་ཏེ། རེག་པ་མེད་པར་ཚོར་བ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ནི་ལུས་དང་ཡིད་གཉིས་ཀྱང་སྐྱེ་མཆེད་ཉིད་ཡིན་པར་དེའི་ཚེ་འགྲུབ་པར་འགྱུར་རོ། །ཡང་གསུངས་པ་དེ་དེའི་དུས་ཀྱི་ཚེ་དབང་པོ་
གསུམ་འཐོབ་པར་འགྱུར་ཏེ་ཞེས་རྒྱས་པར་འབྱུང་བ་ནི་མངལ་དུ་འཇུག་པའི་མདོ་སྡེ་དེ་ཉིད་ལས་ཡང་གསུངས་པ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་དེའི་དུས་ཀྱི་ཚེ་དེས་དབང་པོ་གསུམ་འཐོབ་པ་ནི་ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། སྲོག་གི་དབང་པོ་སྟེ། དེ་ནི་སྐྱེ་མཆེད་དྲུག་གནད་དུ་
འདུས་པའི་དབང་པོ་ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དག་གཞི་དང་བཅས་པའི་དབང་དུ་བྱས་ཏེ་ཞེས་བྱ་བ་ནི་གཉི་གའི་གཞི་ཡང་སྲོག་གི་དབང་པོ་གང་ཡིན་པ་དེ་ཡིན་ཏེ། དེ་ལ་བརྟེན་ཏེ་འཇུག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དོན་གྱི་ཚུལ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཚེ་ཚོར་བ་བཏང་
སྙོམས་ཀྱི་དབང་པོ་ཡོད་དུ་ཟིན་ཀྱང་དབང་པོ་འདི་གསུམ་ཁོ་ན་བསྟན་པ་ནི་འདིའི་དོན་གྱི་ཚུལ་རྣམ་པ་གཞན་དུ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་མཆེད་དྲུག་གི་ནང་དུ་འདུས་པ་ཁོ་ན་བསྟན་གྱི་གཞན་མ་ཡིན་ཞེ་ན། མིང་དང་གཟུགས་ཀྱི་འོག་ཏུ་སྐྱེ་མཆེད་དྲུག་ཁོ་ན་སྐྱེ་བ་ཡིན་གྱི་གཞན་མ་ཡིན་པས་སོ། །དགེ་
Vol. 115 · folio 151a
འདུན་ཕལ་ཆེར་སྡེ་པ་དག་འདོན་པ། རྨོངས་པ་དང་ནི་སྲེད་པ་དག །ཅེས་རྒྱས་པར་འབྱུང་བ་ནི་རྨོངས་པ་དང་། སྲེད་པ་གཉི་ག་ཡང་མ་སྤངས་པ་ཉིད་ཡིན་ཏེ། དེ་ལས་སྐྱེས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་མའི་མངལ་དུ་གནས་པ་ཡིན་ནོ། །སེམས་ལས་བྱུང་བའི་ཆོས་གང་
ཡིན་པ་དེ་དག་ནི་མིང་ཡིན་པར་བསྟན་ཏེ། འདི་ནི་ནུར་ནུར་པོའི་གནས་སྐབས་ན་རེག་པ་ཇི་ལྟར་ཡོད་པའི་ཁུངས་འདིར་ཡིན་ནོ། །དེ་གཉི་ག་ཡང་ཞེས་བྱ་བ་ནི་མངལ་དུ་འཇུག་པའི་མདོ་སྡེ་དང་། གནས་བརྟན་གྱི་མདོ་སྡེའོ། །ཀྱེ་མ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དག་ཅེས་བྱ་བ་ནི་རང་
གི་ལྟ་བ་ལ་མཆོག་ཏུ་འཛིན་པ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་པའོ། །དེ་ལ་གནས་པའི་ངང་ཚུལ་ཡོད་པ་གང་དག་ཡིན་པ་ཞེས་སྦྱར་རོ། །ཉི་ཚེ་བ་ཐ་དད་པ་དེ་དག་གི་ལུང་དང་ཞེས་རྒྱས་པར་འབྱུང་བ་ནི་ཉི་ཚེ་བ་ཐ་དད་པ་དག་གི་ལུང་དང་། འདོན་པ་ཐ་དད་པ་རྣམས་གལ་ཏེ་བསྡུས་པའི་རྩ་བ་
ཉམས་པ་མ་ཡིན་ན་ཇི་ལྟར་ལུང་ཐ་དད་པ་དང་། འདོན་པ་ཐ་དད་པར་འགྱུར་ཞེས་བྱ་བ་ཡིན་ནོ། །སོ་སོའི་ལུང་ཐ་དད་པ་དེ་དག་ལ་ཁ་ཅིག་གིས་མདོ་སྡེ་རྣམས་སྡུད་པ་དག་ཀྱང་སྨྲས་པ་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཕྱིར་ཡང་བསྡུས་པའི་རྩ་བ་ཉམས་པ་ཡིན་པར་མངོན་པ་ཡིན་ནོ། །འདི་ལྟར་
བཤད་པ་ཆེན་པོ་ལས་ཚིག་རྣམ་པ་གསུམ་གསུངས་ཏེ། ཆོས་ཉིད་དང་མི་འགལ་བ་དང་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་བ་སྟེ་ཞེས་བྱ་བའམ་ཆོས་ཀྱི་ཕྱག་རྒྱའོ། །གསུམ་པོ་འདི་བསྟན་པར་ཇི་ལྟར་བྱས་ཤེ་ན། དགེ་
སློང་དེ་ལ་འདི་སྐད་དུ་སྨྲའོ། །ཚེ་དང་ལྡན་པ་བདག་གིས་ནི་ཆོས་འདི་དང་འདུལ་བ་འདི་དང་སྟོན་པའི་བསྟན་པ་འདི་བཅོམ་ལྡན་འདས་ལས་ཐོས། མངོན་སུམ་དུ་བཟུང་བ་ཡིན་ནོ། །དེ་དག་གིས་སྨྲས་པ། དེ་ནི་སྤྲོ་བར་བྱ་བ་མ་ཡིན་ནམ། དོར་བར་བྱ་བ་ཡང་མ་ཡིན་ནོ། །སྤྲོ་བར་ཡང་
མ་བྱེད། འདོར་བར་ཡང་མ་བྱེད་པར་རྣམ་པར་གཏད་པའི་ཕྱིར་ཚིག་དང་ཡི་གེ་ཟུང་ཤིག །མདོ་སྡེ་ལ་འཇུག་པར་བྱ་འདུལ་བ་མཐོང་བར་བྱའོ། །གལ་ཏེ་མདོ་སྡེ་ལ་ཞུགས་འདུལ་བ་བསྟེན་ན། མདོ་སྡེ་ལས་མི་འབྱུང་། འདུལ་བ་ལ་མི་སྣང་། ཆོས་ཉིད་དང་ཡང་འགལ་བར་འགྱུར་ན་དགེ་སློང་
Vol. 115 · folio 151b
དེ་ལ་འདི་སྐད་ཅེས་བྱའོ། །ཚེ་དང་ལྡན་པ་ཆོས་འདི་དག་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བཀའ་སྩལ་ན། ཚེ་དང་ལྡན་པས་ནི་ལོག་པར་ཟིན་ཏོ་ཞེས་རྒྱས་པར་འབྱུང་ངོ་། །ཚེ་དང་ལྡན་པའི་ཆེད་ཀྱི་ལ་སོགས་པ་དང་། ཚེ་དང་ལྡན་པའི་ཆེད་ཀ་དང་དགའ་བའི་མདོ་སྡེ་ལ་སོགས་པའོ། །
མིང་དང་གཟུགས་ཀྱི་གནས་སྐབས་ན་ལུས་དང་ཡིད་གཉིས་སྐྱེ་མཆེད་མ་ཡིན་པའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཀྱིས་ཐམས་ཅད་བསྡུས་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་དང་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་གནས་སྐབས་ཀྱི་ལུས་དང་ཡིད་གཉིས་སྐྱེ་མཆེད་མ་ཡིན་པའི་ཕྱིར་དང་།
ལུས་ནི་སྐྱེ་མཆེད་གཟུགས་ཅན་གྱི་ནང་དུ་འདུས་པར་ནུས་པ་མ་ཡིན་ཏེ། ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མིག་ལ་སོགས་པའི་དབང་པོའི་རྡུལ་ཕྲ་རབ་རྣམས་ལ་དབང་པོའི་མཚན་ཉིད་ཐ་དད་པའི་ཕྱིར་རོ། །ཡིད་དེ་ཡང་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་མ་ཡིན་ཏེ། རེ་ཞིག་ཡིད་ཀྱི་
སྐྱེ་མཆེད་ཀྱི་ནང་དུ་ནི་འདུས་པ་མ་ཡིན་ཏེ། སྐྱེ་མཆེད་མ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་ནི་མཚན་ཉིད་ཐ་དད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ལ་ཡང་དེ་སྐད་དུ་བརྗོད་དེ་ཞེས་རྒྱས་པར་འབྱུང་བ་ནི། འོན་ཏེ་ཡང་འདི་སྙམ་དུ་རྗེས་སུ་འགྲོ་བ་དང་། དེའི་རྒྱུ་ལ་ཡང་དེ་སྐད་དུ་བརྗོད་དེ་
ཞེས་བྱ་བ་ནི་སྐྱེ་མཆེད་ཀྱི་རྗེས་སུ་འགྲོ་བ་དང་ས་བོན་ལ་ཞེས་བྱ་བའི་དོན་གང་ཡིན་པའོ། །ལུས་དང་ཡིད་དེ་གཉིས་ཀྱང་ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་ཀྱི་རྗེས་སུ་འགྲོ་བ་ཡིན་པས་ན་དེ་སྐད་དུ་བརྗོད་པ་འཐོབ་པ་ཡིན་ནོ། །ཇི་ལྟར་ཞེ་ན། མ་བཏབ་པའི་ས་བོན་བཞིན་ཏེ། དཔེར་
ན་མ་བཏབ་པའི་ས་བོན་ནི་རེ་ཞིག་མྱུ་གུ་མངོན་དུ་སྐྱེད་པར་བྱེད་པའི་ས་བོན་མ་ཡིན་ནོ། །འོན་ཀྱང་དེའི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར་དེ་ཡང་ས་བོན་ཡིན་ནོ་ཞེས་བྱ་བ་དེ་བཞིན་ནོ་ཞེ་ན། མིག་ལ་སོགས་པ་མངོན་པར་གྲུབ་པ་ཡང་ཞེས་རྒྱས་པར་འབྱུང་བ་ནི་དེ་ལྟ་ཡིན་ན་ནི་མིག་ལ་སོགས་པ་
སྐྱེ་མཆེད་དྲུག་མངོན་པར་གྲུབ་པ་ཡང་རེག་པ་མེད་ན་སྐྱེ་མཆེད་མ་ཡིན་པར་འགྱུར་ཏེ། གང་གི་ཚེ་མིག་ལ་སོགས་པ་གཅིག་ཁོ་ན་ཞིག་རྣམ་པར་ཤེས་པ་དང་བཅས་པ་ཡིན་ན་ནི་དེ་ཁོ་ན་རེག་པའི་སྐྱེ་མཆེད་ཡིན་པར་འགྱུར་གྱི་ལྷག་མ་ལྔ་ནི་དེའི་ཚེ་རེག་པ་མེད་པས་དེའི་སྐྱེ་མཆེད་ཉིད་ཡིན་པར་
Vol. 115 · folio 152a
མི་འགྱུར་ཏེ། ཇི་ལྟར་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཀྱི་ལུས་དང་ཡིད་བཞིན་ནོ། །ནུས་པ་ཡིན་པའི་ཕྱིར་དེའི་སྐྱེ་མཆེད་ཡིན་ན་ནི་ཞེས་བྱ་བ་ནི་འོན་ཏེ་འདི་སྙམ་དུ་རེག་པ་མེད་དུ་ཟིན་ཀྱང་རེག་པ་དེ་སྐྱེད་པར་ནུས་པའི་ཕྱིར་དེའི་སྐྱེ་མཆེད་ཡིན་ནོ་ཞེ་ན་
ཡང་དེ་ལྟ་བུ་དེ་ནི་ཡོད་མོད་ཀྱི་མིང་དང་གཟུགས་ཀྱི་གནས་སྐབས་ན་ལུས་དང་ཡིད་གཉིས་ཀྱིས་རེག་པ་སྐྱེད་པར་སྔར་གང་གིས་ནུས་པ་མེད་པར་འགྱུར། གང་གིས་ནི་སྐྱེ་མཆེད་ཡིན་པར་མི་འདོད་ཅེས་བྱ་བ་འདི་ནི་བརྗོད་པར་བྱ་དགོས་སོ། །ཞན་པས་སོ་ཞེ་ན་ཡང་ཞེས་བྱ་བ་ནི་འོན་ཏེ་འདི་
སྙམ་དུ་དེ་གཉིས་ཞན་པ་ཡིན་པས་སྔར་ནུས་པ་ཉིད་མེད་དོ་སྙམ་ན་དེའི་ཕྱིར་ཞན་པ་ནི་ཞན་པ་ལ་ནུས་པ་ཡིན་ཏེ་ཞེས་སྨྲས་ཏེ། ལུས་ཞན་པ་དང་ཡིད་ཞན་པ་ནི་རེག་པ་ཞན་པ་ལ་ནུས་པ་ཡོད་དོ། །ཇི་ལྟར་ཡིད་ཞན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞན་པ་ལ་དེའི་ཚེ་ནུས་པ་ཡིན་ནོ། །ཡིད་ཀྱི་སྐྱེ་མཆེད་དང་ཡིད་
ལ་བྱེད་པ་མེད་པར་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་གནས་སྐབས་དེའི་ཚེ་ཡིད་ཀྱི་སྐྱེ་མཆེད་དང་ཡིད་མངོན་པར་འདུ་བྱེད་པ་ནི་ཡོད་པ་མ་ཡིན་ཏེ། རེག་པ་མེད་པའི་ཕྱིར་རོ། །འདིར་ཡིད་ཀྱི་སྐྱེ་མཆེད་ཡིན་པར་སྐྱེ་མཆེད་ཀྱི་དབང་དུ་བྱས་ཏེ།
རྗེས་སུ་འགྲོ་བ་ལ་ཡང་དེ་སྐད་ཅེས་བྱ་སྟེ་ཞེས་དེ་དག་གིས་ལན་བཏབ་པ་ཡིན་ནོ། །ཡིད་མངོན་པར་འདུ་བྱེད་པའི་དབང་དུ་བྱས་ནས་ཡིད་ཀྱི་རྣམ་པར་ཤེས་པ་གོམས་པའི་འཇུག་པ་རྙེད་པ་ནི་དེ་སྐྱེད་པ་ཡིད་ལ་བྱེད་པ་ཡིན་གྱི་ཞེས་བྱ་བ་ནི་འཇུག་པ་རྙེད་པ་དེ་ཡང་རེག་པའི་རྐྱེན་གྱིས་ནི་མ་ཡིན་པས་
དེ་བས་ན་དེའི་ཚེ་རེག་པ་མི་འགྲུབ་པོ། །མ་ཡིན་ཏེ་མདོ་སྡེ་གཞན་ལས་ཡིད་ལ་བྱེད་པའི་དམིགས་པ་དང་ཞེས་རྒྱས་པར་འབྱུང་བ་ལ་དེ་ལྟར་ནི་མ་ཡིན་ཏེ། མདོ་སྡེ་གཞན་ལས་ཡིད་ལ་བྱེད་པའི་དམིགས་པ་ཡང་བསྟན་པའི་ཕྱིར་རོ། །རྣམ་པ་ཡང་བསྟན་པའི་ཕྱིར་རོ། །ཡོངས་སུ་བཅད་པར་བྱ་བ་
ཡང་བསྟན་པའི་ཕྱིར་རོ། །ཆོས་མངོན་པར་ཁོང་དུ་ཆུད་པར་འདོད་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་ཞེས་རྒྱས་པར་འབྱུང་བ་ནི་འདིར་ཡིད་ལ་བྱེད་པའི་དམིགས་པ་དང་རྣམ་པ་ཡང་བསྟན་པ་ཡིན་ཏེ། དམིགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །རྣམ་པ་ནི་སྡུག་བསྔལ་བའི་རྣམ་པ་སྟེ། ནད་ཡིན་
Vol. 115 · folio 152b
པར་ཡིད་ལ་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་ནད་ཉིད་རྣམ་པ་ཡིན་ནོ། །ཆོས་འདི་དག་བདག་གིས་ཡིད་ལ་བྱེད་པ་ན་ཞེས་རྒྱས་པར་འབྱུང་བ་འདིར་ནི་སྐྱེ་བ་དང་དམིགས་པ་ཡང་བསྟན་ཏེ། ཆོས་འདི་དག་བདག་གིས་ཡིད་ལ་བྱེད་པ་ན་ཞེས་གསུངས་པའི་ཕྱིར་དང་དམིགས་པ་ནི། འདོད་པའི་
ཟག་པ་བྱུང་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྐྱེ་བ་ཡང་བསྟན་ཏེ་དེ་དག་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ན་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་རྒྱས་པར་འབྱུང་བ་དེ་ལ་འདས་པ་ནི་དམིགས་པ་ཡིན་པར་
བསྟན་ཏོ། །བྱུང་བ་ཞིག་གམ་ཞེས་བྱ་བ་ནི་རྣམ་པའོ། །འདི་ཡིད་ལ་བྱེད་ཅིང་འདི་ཡིད་ལ་མི་བྱེད་པར་ཞེས་རྒྱས་པར་འབྱུང་བ་དེར་ཡང་དམིགས་པ་དང་རྣམ་པ་བསྟན་ཏེ། གཟུགས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཞེས་གསུངས་པའི་ཕྱིར་རོ། །དགེ་སློང་དག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་
ལག་ལ་ཞེས་རྒྱས་པར་འབྱུང་བ་ལ། ཡིད་ལ་བྱེད་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་ལ་ཡོངས་སུ་གཅོད་པ་ནུས་སོ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། ཤིན་ཏུ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ནི་ཡོངས་སུ་བཅད་པར་བྱ་བ་ཡིན་པར་བསྟན་ཏོ། །འདི་ལ་
ནི་འཇུག་པ་རྙེད་པ་དེ་བསྐྱེད་པའི་ཆེད་དུ་འདོད་པ་བཞིན་བྱེད་པ་འགའ་ཡང་མེད་དོ། །ཁ་ཅིག་ཏུ་རྩོལ་བ་ནི་ཡིད་ལ་བྱེད་པ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ནི་འོན་ཏེ་ཡང་འདི་སྙམ་དུ་ཁ་ཅིག་ཏུ་ནི་རྩོལ་བ་ནི་ཡིད་ལ་བྱེད་པ་ཡིན་ཏེ། གང་དུ་དམིགས་པ་དང་རྣམ་པ་ལ་སོགས་པ་ཡོངས་སུ་ཆོད་པའོ། །
ཁ་ཅིག་ཏུ་ནི་འཇུག་པ་རྙེད་པ་སྟེ། གང་དུ་དེ་ཡོངས་སུ་མི་ཆོད་པའོ། །དེའི་ཕྱིར་ཁ་ཅིག་ཏུ་གང་རྩོལ་བ་ནི་ཡིད་ལ་བྱེད་པ་ཡིན་ཁ་ཅིག་ཏུ་ནི་འཇུག་པ་རྙེད་པའོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེས་སྨྲས་སོ། །རྩོལ་བ་མེད་ན་རྣམ་པར་ཤེས་པ་དེ་སྐྱེ་བར་མི་འགྱུར་རོ་ཞེ་ན་ཡང་ཞེས་བྱ་བ་ནི་འོན་ཏེ་
ཡང་ཁྱོད་ཉིད་ལ་རིགས་པ་བརྗོད་པར་བྱ་སྟེ། དམིགས་པ་གང་ལ་གང་གི་རྩོལ་བ་ཡོད་པ་མ་ཡིན་པ་དེའི་རྩོལ་བ་མེད་ན་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་བ་ནི་དམིགས་པ་དེ་ལ་རྣམ་པར་ཤེས་པ་སྐྱེ་བ་མེད་དོ་ཞེས་བྱ་བའི་དོན་གང་ཡིན་པའོ། །གང་གི་ཚེ་དམིགས་པ་གཞན་ལ་རྩོལ་བ་བྱ་བ་ལས་དེ་
Vol. 115 · folio 153a
ལས་གཞན་པའི་དམིགས་པ་ལ་རྣམ་པར་ཤེས་པ་སྐྱེས་པའི་ཚེ་རྩོལ་བ་མེད་པར་སྐྱེ་བ་ཡིན་པས་དེའི་ཕྱིར། དེ་འགལ་བ་མེད་དེ་ཡིད་ལ་བྱེད་པ་ནི་དེ་སྐྱེད་པར་བྱེད་པ་ཡིན་ལ་དེ་རྩོལ་བ་མེད་པ་ཡང་ཡིན་ནོ་ཞེས་སྔར་ཤེས་པར་བྱས་སོ་ཞེས་སྨྲས་ཏེ། དེ་འགལ་བ་མེད་དེ་
ཞེས་བྱ་བ་ནི་དམིགས་པ་དེ་ལ་རྣམ་པར་ཤེས་པ་སྐྱེ་བ་འགལ་བ་མེད་པ་ཡིན་ནོ། །ཡིད་ལ་བྱེད་པ་ནི་དེ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་རྩོལ་བ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་དམིགས་པ་དེ་ལ་རྩོལ་བ་མེད་པ་ཁོ་ན་ཡང་ཡིན་ནོ། །ཡང་ཞེས་
སྨོས་པས་ནི་དེ་རྩོལ་བ་དང་བཅས་པ་ཡང་ཡིན་ནོ་ཞེས་ཁང་དུ་ཆུད་པར་བྱའོ། །སྔར་ཤེས་པར་བྱས་སོ་ཞེས་བྱ་བ་ནི་སྔ་ཁོ་ནར་གཏན་ལ་ཕབ་པར་ཤེས་པར་བྱས་རྟོགས་པར་བྱས་ཏེ། ཇི་ལྟར་དེ་སྐྱེད་པ་ཡིན་ཞེ་ན། དེ་སྐྱེད་པར་བྱེད་པ་ཡིན་པས་དེ་སྐྱེད་པའོ་ཞེས་རྒྱས་པར་ངེས་པའི་ཚིག་གི་ཚུལ་གྱིས་རྣམ་
པར་ཤེས་པའི་ཡན་ལག་སྟོན་པའི་ཚེ་རྒྱས་པར་བྱས་སོ། །ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་ཞེས་རྒྱས་པར་འབྱུང་བ་ལ། ཁམས་དྲུག་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་ཆོས་ཀྱི་ཁམས་མ་གསུངས་པའི་ཕྱིར་
དེའི་ཚེ་རེག་པ་ལ་སོགས་པ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་བས་ན་དེའི་ཚེ་ཁམས་དྲུག་ཉིད་མིང་དང་གཟུགས་ཡིན་ནོ་ཞེས་སྨྲས་སོ། །དེའི་གནས་སྐབས་ཀྱི་ཞེས་བྱ་བ་ནི་ཁྲག་དང་ཁུ་བའི་གནས་སྐབས་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་དང་འབྲེལ་པའི་སྲིད་པ་བར་མའི་
གནས་སྐབས་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ནི་ཁྲག་དང་ཁུ་བའི་གནས་སྐབས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་རྣམས་དང་འབྲེལ་པའི་སྲིད་པ་བར་མའི་གནས་སྐབས་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་དོན་ཏོ། །གོ་རིམས་བཞིན་དུ་
བསྟན་ཏོ་ཞེས་བྱ་བ་ནི་སྐྱེས་བུ་འདི་ནི་ཁམས་དྲུག་པ་དང་ཞེས་བྱ་བ་ནི། མིང་དང་གཟུགས་ཀྱི་གནས་སྐབས་ཀྱི་སྐྱེས་བུ་ཡིན་པར་བསྟན་ཏེ། གནས་སྐབས་གཞན་ན་ཁམས་དྲུག་པ་ཙམ་ཡིན་པར་མི་སྲིད་པའི་ཕྱིར་རོ། །རེག་པའི་སྐྱེ་མཆེད་དྲུག་དང་ཞེས་བྱ་བ་ནི་རེག་
Vol. 115 · folio 153b
པའི་སྐྱེ་མཆེད་དྲུག་གི་གནས་སྐབས་ཡིན་པར་བསྟན་ཏོ། །ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་ནི་ཚོར་བའི་གནས་སྐབས་ཡིན་པར་བསྟན་ཏོ། །ཅི་ད་དོན་གྱི་ཚུལ་དེ་ལྟར་བརྟག་པར་བྱའམ་ཞེས་བྱ་བ་ནི་ཇི་ལྟར་རེག་པའི་སྐྱེ་མཆེད་ཀྱི་གནས་སྐབས་ན་ཁམས་དེ་དག་ཉིད་ཉེ་བར་རྒྱུ་བ་ཡོད་མོད་ཀྱི་འོན་ཀྱང་
རེག་པའི་སྐྱེ་མཆེད་དྲུག་ཅེས་བསྟན་པ་དང་དེ་བཞིན་དུ་ཁམས་དྲུག་གི་གནས་སྐབས་ན་གཞན་དག་ཀྱང་ཡོད་མོད་ཀྱི། འོན་ཀྱང་སྐྱེས་བུ་འདི་ནི་ཁམས་དྲུག་པའོ་ཞེས་བསྟན་པ་དག་ཅི་ད་དོན་གྱི་ཚུལ་དེ་ལྟར་བརྟག་པར་བྱའམ། མིང་དང་གཟུགས་ཀྱི་གནས་སྐབས་ན་ཁམས་དྲུག་ཙམ་ཁོ་ན་
སྐྱེས་བུ་ཡིན་ནམ། མིང་དང་གཟུགས་ཀྱི་གནས་སྐབས་སྐྱེས་བུ་འདི་ཡིན་པར་བསྟན་ཏོ་ཞེས་ཅི་ད་དོན་གྱི་ཚུལ་དེ་ལྟར་བརྟག་པར་བྱའམ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་མདོ་སྡེ་འདི་ཉིད་ལས་མཇུག་ཟད་དུ་ནང་གི་སའི་ཁམས་ལ་སོགས་པ་རྣམ་པར་ཕྱེ་བ་ཞེས་བྱ་བ་ནི་སྐྲ་དང་བ་སྤུ་དང་སེན་མོ་
ལ་སོགས་པ་རྣམ་པར་ཕྱེ་བའོ། །དེ་བཞིན་དུ་རེག་པའི་སྐྱེ་མཆེད་ཀྱི་གནས་སྐབས་ན་ཤིན་ཏུ་རིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་ནི་མིང་དང་གཟུགས་ཀྱི་གནས་སྐབས་ཀྱི་སྐྱེས་བུར་བསྟན་པ་མ་ཡིན་ནོ་ཞེས་སྟོན་ཏོ། །གནས་སྐབས་གང་ན་ཡང་ལུས་ཀྱི་ཁམས་དང་གཟུགས་ལ་སོགས་པའི་ཁམས་
མེད་པར་ཞེས་བྱ་བ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་རྣམས་སོ། །རྣམ་པར་ཤེས་པའི་ཁམས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པ་ཙམ་ནི་རྣམ་པར་ཤེས་པའི་གནས་ཡིན་པར་གང་དུ་ཡང་མ་མཐོང་བའི་ཕྱིར་རོ། །དེ་བས་ན་ཇི་ལྟར་ལུས་དང་གཟུགས་ལ་སོགས་པ་ཡོད་
པ་ལ་སའི་ཁམས་ལ་སོགས་པ་ཙམ་བསྟན་པ་དེ་བཞིན་དུ་རེག་པ་ལ་སོགས་པ་ཡོད་པ་ལ་རྣམ་པར་ཤེས་པའི་ཁམས་ཙམ་བསྟན་པ་ཡིན་པས་མིང་དང་གཟུགས་ཀྱི་གནས་སྐབས་ན་རེག་པ་ལ་སོགས་པ་མེད་པར་འགྲུབ་པ་ཡིན་ནོ་ཞེ་ན། མདོ་སྡེ་འདིའི་དོན་ནི་འདི་མ་ཡིན་ནོ་ཞེས་བྱ་བ་ནི་དེར་གོ་རིམས་
བཞིན་ནོ་ཞེས་རྒྱས་པར་བསྟན་པ་གང་ཡིན་པའོ། །འོ་ན་ཅིའི་ཕྱིར་ཁམས་ལ་སོགས་པ་གསུམ་སྨོས་ཤེ་ན་ཞེས་བྱ་བ་ནི་གལ་ཏེ་དོན་འདི་མ་ཡིན་ན་ཁམས་ལ་སོགས་པ་ཞེས་བྱ་བ་རེག་པའི་སྐྱེ་མཆེད་དང་ཡིད་ཉེ་བར་རྒྱུ་བ་དང་རྣམ་པ་གཉིས་དང་གསུམ་ཅིའི་ཕྱིར་སྨོས་ཤེ་ན། དེའི་ཕྱིར་གནས་དང་གནས་པ་བསྟན་
Vol. 115 · folio 154a
པའི་ཕྱིར་རོ་ཞེས་སྨྲས་ཏེ། གནས་བསྟན་པའི་ཕྱིར་དང་། གནས་པ་བསྟན་པའི་ཕྱིར་རོ། །དེ་ལ་བརྟེན་ཏེ་འཇུག་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རེག་པའི་སྐྱེ་མཆེད་ནི་ཁམས་ལ་བསྟན་ཏེ། འཇུག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཡིད་ཉེ་བར་རྒྱུ་བ་རྣམས་ཀྱི་གནས་ཡིན་ཏེ་ཞེས་
བྱ་བའི་དོན་ཏེ། དེ་ཡང་ཞེས་བྱ་བ་ནི་རེག་པའི་སྐྱེ་མཆེད་ལ་བྱ་སྟེ། ཅི་ཞེ་ན། གནས་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །ལུས་ལ་ཁམས་སོ་སོར་བརྟག་པར་བྱ་བ་ནི་བདག་མེད་པར་བསྟན་པའི་ཕྱིར་ཅི་ཞེ་ན། ཁམས་སྨོས་པ་ཡིན་ནོ། །འདི་ལྟར་ཕྱིའི་སའི་ཁམས་ལ་སོགས་པ་དང་ཞེས་རྒྱས་པར་འབྱུང་
བ་ནི་དེ་ལས་ཕྱི་རོལ་གྱི་སའི་ཁམས་ལ་སོགས་པ་དང་ནང་གི་རྣམས་མཉམ་པར་བྱས་ནས་བདག་མེད་པ་མཐོང་བ་ཡོད་པ་ནི་རིགས་པ་དང་ལྡན་པ་ཡིན་ནོ། །དེ་བས་ན་ཁམས་སྨོས་པའི་དགོངས་པ་དེ་ཡིན་པར་གྲུབ་པ་ཡིན་ནོ། །ཇི་ལྟ་ཞེ་ན། ནང་གི་སའི་ཁམས་གང་ཡིན་པ་དང་ཕྱིའི་སའི་ཁམས་གང་
ཡིན་པའི་ཁམས་དེ་དག་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་དག་ཐམས་ཅད་བདག་གི་མ་ཡིན་ལ་འདི་ལ་ཡང་བདག་མ་ཡིན། བདག་གི་བདག་འདི་མ་ཡིན་ནོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སའི་ཁམས་ལ་འདོད་ཆགས་དང་བྲལ་བར་འགྱུར་རོ། །ནམ་
མཁའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་ནོ། །བདག་མེད་པ་ཡིན་ཡང་ཀུན་ནས་ཉོན་མོངས་པའི་ཚོར་བ་འབྱུང་ངོ་ཞེས་རྒྱས་པར་འབྱུང་བ་ནི་བདག་མེད་པ་ཡིན་ཡང་རེག་པའི་སྐྱེ་མཆེད་དྲུག་ལ་བརྟེན་ནས་ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་ཀྱི་མཚན་ཉིད་ཀྱི་ཚོར་བ་ཀུན་ནས་ཉོན་མོངས་པ་ཅན་འབྱུང་ངོ་ཞེས་བསྟན་
པར་བྱ་བའི་ཕྱིར་རེག་པའི་སྐྱེ་མཆེད་དྲུག་ཀྱང་སྨོས། ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་ཀྱང་སྨོས་པ་ཡིན་ཏེ། སྐྱེས་བུ་འདིའི་གནས་སྐབས་ཐ་དད་པ་མེད་པ་བསྟན་པ་ཡིན་ནོ། །དེ་བས་ན་ཐོག་མ་ཁོ་ནར་མངལ་དུ་ཕུང་པོ་ལྔ་པའི་མིང་དང་གཟུགས་ཞེས་བྱ་བ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་
ན་འདི་གྲུབ་པ་ཡིན་ཏེ། ཇི་སྐད་དུ་མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་ཡིན་ནོ་ཞེས་སྨྲས་པ་ཡིན་ཏེ། མིང་དང་གཟུགས་ཀྱི་གནས་སྐབས་ཉིད་ན་ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་ཡོད་པའི་ཕྱིར་རོ། །དྲུག་ཆར་གྱི་ཡང་གཉི་ག་ཚོགས་པ་ཡིན་ཏེ་ཞེས་བྱ་བ་
Vol. 115 · folio 154b
ནི་སྐྱེ་མཆེད་དྲུག་ཅར་གྱི་རྐྱེན་ཡང་མིང་དང་གཟུགས་ཚོགས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ལུས་དང་སེམས་གཉིས་གཅིག་ལ་གཅིག་རྗེས་སུ་བྱེད་པར་མཐོང་བའི་ཕྱིར་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པ་ཡིན་ལ་ལུས་དང་སེམས་གཉིས་ཀྱང་གཅིག་ལ་གཅིག་རྗེས་སུ་བྱེད་པར་སྣང་སྟེ། དེ་བས་ན་
ལུས་ནི་སེམས་ཀྱི་རྒྱུ་ཡིན་ལ་སེམས་ཀྱང་ལུས་ཀྱི་ཡིན་པར་གྲུབ་སྟེ་ངེས་པ་ཡིན་ནོ། །མིང་དང་གཟུགས་ཀྱི་གནས་སྐབས་ཀྱི་གཟུགས་ནི་སྐྱེ་མཆེད་དྲུག་གི་གནས་སྐབས་ཀྱི་ཡིད་ཀྱི་རྒྱུ་ཡང་ཡིན་ལ། མིང་ནི་མིག་ལ་སོགས་པའི་རྒྱུ་ཡང་ཡིན་ནོ། །སྐྲག་པ་དང་མྱ་ངན་དང་དགའ་བ་དང་། ནད་དང་
རྒ་བ་ལ་སོགས་པའི་གནས་སྐབས་ན་ཞེས་བྱ་བ་ནི་སྐྲག་པ་དང་མྱ་ངན་དང་དགའ་བའི་གནས་སྐབས་ན་ལུས་ནི་སེམས་ཀྱི་རྗེས་སུ་འབྲང་སྟེ། སྐྲག་ན་ལུས་འདར་བ་དང་རེངས་པར་འགྱུར་བའོ། །མྱ་ངན་གྱིས་ཉམ་ཐག་པ་ན་ལུས་མྱོགས་པའོ། །དགའ་ན་བདེ་བ་དང་མིག་མེ་ཏོག་ཁ་བྱེ་བ་ལྟ་བུའོ། །ནད་དང་རྒ་བའི་
གནས་སྐབས་ན་སེམས་ནི་ལུས་ཀྱི་རྗེས་སུ་འབྲང་སྟེ། ནད་ཀྱིས་ཉེན་ན་སེམས་འཁྲུག་པར་འགྱུར་རོ། །རྒས་ན་དྲན་པ་ཆུང་ཞིང་ཤེས་རབ་ཞན་པའོ། །སོགས་པའི་སྒྲས་ངལ་བ་ལ་སོགས་པའི་གནས་སྐབས་དང་བྱིས་པ་ལ་སོགས་པའི་གནས་སྐབས་ལ་ཡང་བརྗོད་པར་བྱའོ། །འོ་ན་ཅིའི་ཕྱིར་ཕྱིའི་སྐྱེ་མཆེད་
དྲུག་གི་རྐྱེན་འདིར་མ་བསྟན་ཅེ་ན། དེ་ནི་ཡན་ལག་ཐ་དད་པར་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་ཕྱིའི་སྐྱེ་མཆེད་དྲུག་གཟུགས་ལ་སོགས་པ་ནས་ཆོས་ཀྱི་སྐྱེ་མཆེད་ལ་ཐུག་པ་རྣམས་སོ། །མིང་དང་གཟུགས་ཀྱི་སྐད་ཅིག་མ་དང་པོའི་ཚེ་ན་ཡང་དེ་ཡོད་པ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་ཕྱིའི་
སྐྱེ་མཆེད་དྲུག་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་དང་གཟུགས་ཀྱང་རྐྱེན་ཡིན་པར་བསྟན་ཟིན་པའི་ཕྱིར་དང་ཞེས་བྱ་བ་ནི་དེའི་རྐྱེན་ཡིན་པར་བསྟན་ཟིན་ཏོ་ཞེས་སྟོན་ཏེ། མིང་གཟུགས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །སྒྲ་ཡང་གནས་སྐབས་མ་ངེས་པ་ཡིན་པའི་ཕྱིར་
དང་ཞེས་བྱ་བ་ནི་དེ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སམ་སྐྱེ་མཆེད་དྲུག་གི་གནས་སྐབས་ཡིན་ནོ་ཞེས་བྱ་བའི་གནས་སྐབས་ངེས་པ་ཡང་ཡོད་པ་མ་ཡིན་པས་དེའི་རྐྱེན་དུ་མ་བསྟན་ཏོ། །གནས་སྐབས་ངེས་པའི་རྐྱེན་ནི་འདིར་བསྟན་ཏོ། །ལྔ་པོ་ཡང་གང་ཞེ་ན། གཟུགས་དང་སྒྲ་
Vol. 115 · folio 155a
དང་དྲི་དང་རེག་བྱའི་སྐྱེ་མཆེད་རྣམས་ནི། གཅིག་ཁོ་ནར་སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་པའི་ཕྱིར་རོ། །སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམས་ཀྱི་རྐྱེན་ནི་འདིར་བསྟན་ཏོ། །འདིའི་ཕྱིར་ཡང་རྐྱེན་མ་བསྟན་ཏོ། །གཞན་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱིས་
བསྡུས་པའི་རེག་པ་ལ་སོགས་པའི་ཡང་རྐྱེན་ཡིན་པར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཤེས་རབ་དང་། དྲན་པ་དང་། ཡིད་ལ་བྱེད་པ་དང་། འདུན་པ་དང་། མོས་པ་ལ་སོགས་པ་རྣམས་ཏེ། ཅི་ཞེ་ན། ཆོས་ཀྱི་སྐྱེ་མཆེད་སེམས་ཅན་གྱི་གྲངས་སུ་གཏོགས་
པ་རྣམས་ཀྱི་རྐྱེན་ཡིན་པར་བསྟན་ཟིན་ཏོ། །ཇི་ལྟར་རེག་པ་ལ་སོགས་པའི་རྐྱེན་ཡིན་པར་བསྟན་ཅེ་ན། ཇི་ལྟར་མིང་དང་གཟུགས་ནི་སྐྱེ་མཆེད་དྲུག་གི་གནས་སྐབས་ཀྱི་ཡིད་ཀྱི་སྐྱེ་མཆེད་ཀྱི་རྐྱེན་ཡིན་པ་དེ་བཞིན་དུ་དེ་དང་མཚུངས་པར་ལྡན་པ་རེག་པ་ལ་སོགས་པ་ཆོས་ཀྱི་སྐྱེ་མཆེད་དུ་
གཏོགས་པ་རྣམས་ཀྱི་ཡང་རྐྱེན་ཡིན་ནོ། །མིང་དང་གཟུགས་ལ་ནུས་པའི་བྱེ་བྲག་ཡོད་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཡན་ལག་དབྱེ་བ་ལས་སོ། །ཇི་ལྟར་ཞེ་ན། ལས་ཀྱི་ཁྱད་པར་ལས་རྣམ་པར་ཤེས་པ་ཁྱད་པར་དུ་འགྱུར་རོ། །དེ་ལས་མིང་
དང་གཟུགས་ཁྱད་པར་དུ་འགྱུར་རོ། །དེ་ལས་སྐྱེ་མཆེད་དྲུག་གིའོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་མིང་དང་གཟུགས་ཁོ་ནའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡིན་ན་ནི་རྫུས་ཏེ་བྱུང་བ་རྣམས་ཀྱི་དེའི་རྐྱེན་རྣམ་པར་ཤེས་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་རྐྱེན་ངེས་པར་བྱེད་དེ་མིང་
དང་གཟུགས་ཁོ་ན་སྐྱེ་མཆེད་དྲུག་གི་རྐྱེན་ཡིན་གྱི། གཞན་མ་ཡིན་ན་ནི་རྫུས་ཏེ་བྱུང་བ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་རྐྱེན་མིང་དང་གཟུགས་ཡིན་ཞེས་བྱ་བར་མིང་དང་གཟུགས་སོགས་ཤིན་ཏུ་དབྱེར་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་ནོ། །འོན་
ཏེ་སྐྱེ་མཆེད་དྲུག་ཁོ་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་ཡིན་ན་ནི་དེ་དག་ལ་གནས་པའི་གཟུགས་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་ལ་གནས་པའི་གཟུགས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་མཚན་ཉིད་ཀྱི་རྐྱེན་མིང་དང་གཟུགས་མ་ཡིན་པར་འགྱུར་རོ། །ཡིད་ཀྱི་སྐྱེ་མཆེད་དང་མཚུངས་པར་ལྡན་པའི་ཆོས་
Vol. 115 · folio 155b
རེག་པ་ལ་སོགས་པ་རྣམས་ཀྱི་རྐྱེན་མིང་དང་གཟུགས་མ་ཡིན་པར་འགྱུར་རོ། །སྒྲའི་སྐྱེ་མཆེད་དེ་ཡང་གནས་སྐབས་མ་ངེས་པའི་ཕྱིར་སྐྱེ་མཆེད་དྲུག་གི་གནས་སྐབས་ན་ཡང་ཡོད་པས་དེའི་རྐྱེན་ཡང་མིང་དང་གཟུགས་མ་ཡིན་པར་འགྱུར་ཏེ་གལ་ཏེ་རྐྱེན་ཅན་ངེས་པར་བྱེད་དེ་སྐྱེ་མཆེད་དྲུག་ཁོ་
ནའི་རྐྱེན་མིང་དང་གཟུགས་ཡིན་གྱི་གཞན་གྱི་མ་ཡིན་པས་སོ། །སྐྱེ་བའི་རིམ་པ་ཡོངས་སུ་རྫོགས་པའི་གནས་སྐབས་ཀྱི་ཞེས་རྒྱས་པར་འབྱུང་བ་ནི་སྐྱེ་བའི་རིམ་པ་ཡོངས་སུ་རྫོགས་པ་ལ་གནས་སྐབས་བཅུ་གཉིས་ཡོད་པ་ཡིན་པས་སྐྱེ་བའི་རིམ་པ་ཡོངས་སུ་རྫོགས་པའི་གནས་སྐབས་སོ། །སྐྱེ་
བའི་རིམ་པ་ཡོངས་སུ་རྫོགས་པའི་གནས་སྐབས་དེའི་གང་ཟག་གི་ཆེད་དུ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ་ཞེས་རྐྱེན་བཤད་པ་ཡིན་པའི་ཕྱིར་རོ། །འདིས་ནི་རྐྱེན་ངེས་པ་བསལ་བ་ཡིན་ཏེ་སྐྱེ་བའི་རིམ་པ་ཡོངས་སུ་མ་རྫོགས་པའི་གནས་སྐབས་ན་ནི་རྣམ་པར་ཤེས་
པའི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡིན་ནོ། །ཡན་ལག་ཐ་དད་པ་ཡང་ཅི་ཞེ་ན། རྐྱེན་བཤད་པའི་ཕྱིར་ཞེས་སྐབས་དང་སྦྱར་རོ། །འདིས་ནི་རྐྱེན་བསལ་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ལ་གནས་པའི་གཟུགས་ལ་སོགས་པ་ནི་ཡན་ལག་ཐ་དད་པར་འགྱུར་བ་མ་ཡིན་ཏེ། སྔོན་མེད་པའི་རྫས་གཞན་མི་སྲིད་པའི་
ཕྱིར་རོ་ཞེས་སྨྲས་ཏེ། དེ་ལ་གནས་པའི་གཟུགས་ལ་སོགས་པ་དེ་དག་ནི་མིང་དང་གཟུགས་ཀྱི་གནས་སྐབས་ཉིད་ན་ཡོད་དོ། །དེའི་ཕྱིར་སྐྱེ་མཆེད་དྲུག་གི་གནས་སྐབས་ན་སྔོན་མེད་པའི་རྫས་གཞན་མེད་པ་ཡིན་ནོ། །སྒྲ་ཡང་གནས་སྐབས་མ་ངེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་
གནས་སྐབས་ན་སྔོན་མ་བྱུང་བའི་སྒྲ་ལན་འགའ་ཞིག་ཡོད་དུ་ཟིན་ཀྱང་དེའི་མིང་དང་གཟུགས་ཀྱི་རྐྱེན་གྱིས་ཡིན་པར་མི་བརྗོད་དེ། དེ་ནི་གལ་ཏེ་ན་མིང་དང་གཟུགས་ཀྱི་གནས་སྐབས་ཉིད་ན་ཡང་ཡོད་པ་ཡིན་ཏེ། གནས་སྐབས་མ་ངེས་པའི་ཕྱིར་རོ། །འདིར་ནི་གནས་སྐབས་ངེས་པའི་
རྐྱེན་བསྟན་པ་ཡིན་ནོ། །སྐྱེ་མཆེད་དྲུག་གིས་བསྡུས་པའི་དོན་རྣམ་པར་གཞག་པ་རྣམས་བཅུ་དྲུག་འདིར་བསྟན་པ་ཡིན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ནང་གི་སྐྱེ་མཆེད་དྲུག་ཅེས་བསྟན་པ་ཡིན་ནོ། །སྒྲ་སྦྱོར་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ་དྲུག་ཉིད་སྐྱེ་མཆེད་
Vol. 115 · folio 156a
ཡིན་པས་སྐྱེ་མཆེད་དྲུག་སྟེ། ཇི་ལྟར་ས་གསུམ་དང་འབྲས་བུ་གསུམ་དང་ཚ་བ་གསུམ་ལྟ་བུའོ་ཞེས་བསྟན་པ་ཡིན་ནོ། །ཐུན་མོང་མ་ཡིན་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་གཟུགས་ལ་སོགས་པ་ནི་མ་ཡིན་ཏེ། གཞན་གྱི་རྣམ་པར་ཤེས་པའི་རྒྱུན་དང་ཐུན་མོང་
ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེའི་དོན་རྣམ་པར་གཞག་པ་ནི་གནས་ཀྱི་དོན་ནི་སྐྱེ་མཆེད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ངེས་པའི་ཚིག་རྣམ་པར་གཞག་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་དེ་ཞེས་བསྟན་པ་ཡིན་ནོ། །རང་གི་དངོས་
པོ་རྣམ་པར་གཞག་པ་ནི་ཇི་སྐད་དུ་གཟུགས་དང་བའི་བྱེ་བྲག་ཅན་མིག་ལ་སོགས་པ་ལྔ་ཡིན་ནོ་ཞེས་བྱ་བ་དང་། ཡིད་ཀྱི་སྐྱེ་མཆེད་ནི་ཕུང་པོའི་ནང་དུ་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །ངེས་པའི་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཐམས་
ཅད་ཀྱི་སྐྱེ་མཆེད་དྲུག་གི་དང་པོ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་ཡིན་པར་ངེས་པར་བྱའོ་མིང་དང་གཟུགས་ཐམས་ཅད་སྤྲིན་ལས་ཆར་ལ་སོགས་པ་བཞིན་དུ་སྐྱེ་མཆེད་དྲུག་གི་རྐྱེན་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་
དུ། མངོན་པར་འགྲུབ་པ་དང་ཡོངས་སུ་རྫོགས་པའི་རྐྱེན་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་སྦྱར་ཏེ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་དྲུག་གི་རྟེན་གྱི་དངོས་པོ་རྣམ་པར་གཞག་པ་ནི་ཇི་སྐད་དུ། གཙོ་བོའི་རྒྱུ་ཡིན་པའི་ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ་ཞེས་བསྟན་པ་
ཡིན་ནོ། །རྣམ་པར་ངེས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་ཁ་ཅིག་རྟོག་པ་མིང་དང་གཟུགས་ཀྱི་གནས་སྐབས་ན་ལུས་ཡོད་ཀྱང་ཞེས་བྱ་བ་ནས་དེ་བས་ན་ཐོག་མ་ཁོ་ནར་མངལ་དུ་ཕུང་པོ་ལྔ་པའི་མིང་དང་གཟུགས་གྲུབ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །འདུས་པ་རྐྱེན་ཡིན་
པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། དྲུག་ཅར་གྱི་ཡང་གཉི་ག་ཚོགས་པ་ཡིན་ཏེ་ཞེས་བྱ་བ་ནས་ལུས་དང་སེམས་གཉིས་གཅིག་ལ་གཅིག་རྗེས་སུ་བྱེད་པར་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡན་ལག་གཞན་རྣམ་པར་གཞག་པ་ནི་ཇི་སྐད་དུ། །ཕྱིའི་སྐྱེ་མཆེད་ལས་
Vol. 115 · folio 156b
བརྩམས་ནས་དེ་ནི་ཡན་ལག་ཐ་དད་པ་ཡོད་པ་མ་ཡིན་ཏེ། མིང་དང་གཟུགས་ཀྱི་སྐད་ཅིག་མ་དང་པོའི་ཚེ་ན་ཡང་དེ་ཡོད་པ་ཡིན་པའི་ཕྱིར་དང་ཞེས་བསྟན་པ་ཡིན་ནོ། །གནས་སྐབས་ངེས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྒྲ་ཡང་གནས་སྐབས་མ་ངེས་པ་ཡིན་པའི་ཕྱིར་དང་ཞེས་བསྟན་
པ་ཡིན་ནོ། །སེམས་ཅན་གྱི་གྲངས་སུ་གཏོགས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་ལྔ་པོ་ཡང་གཅིག་ཁོ་ནར་སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྐྱེན་མཐའ་དང་བྲལ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། མིང་དང་གཟུགས་ལ་ནུས་པའི་བྱེ་བྲག་ཡོད་
པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་བསྟན་པ་ཡིན་ནོ། །མ་ངེས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྐྱེ་བའི་རིམ་པ་ཡོངས་སུ་རྫོགས་པའི་གནས་སྐབས་ཀྱི་ཆེད་དུ་རྐྱེན་བཤད་པ་ཡིན་པའི་ཕྱིར་དང་། ཡན་ལག་ཐ་དད་པ་ཡང་ཞེས་བསྟན་པ་ཡིན་ནོ། །སྐྱེ་མཆེད་དྲུག་རྒྱ་ཆེར་བཤད་
པ་རྫོགས་སོ།། །།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བའི་རེག་པ་གང་ཞེ་ན་ཞེས་བྱ་བའི་རེག་པའི་སྒྲ་འདི་ནི་རེག་བྱ་ལ་ཡང་མཐོང་། ཕྲད་པ་ལ་ཡང་མཐོང་། སེམས་ལས་བྱུང་བ་ལ་ཡང་མཐོང་སྟེ། གསུང་རབ་ལས་རབ་ཏུ་དབྱེ་བ་རྣམ་པ་དྲུག་ཅེས་འབྱུང་ངོ་། །དེ་བས་ན་
དེའི་ཕྱིར་དམིགས་མི་ཕྱེད་ན་འདིར་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་གང་ཞེ་ན། དེ་དམིགས་ཀྱིས་དབྱེ་བའི་ཕྱིར། རེག་པའི་ཚོགས་དྲུག་སྟེ་ཞེས་རྒྱས་པར་འབྱུང་བ་དེ་ལ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་རེག་པའི་རྟེན་ཐ་དད་པའི་སྒོ་ནས་རབ་ཏུ་དབྱེ་བ་བསྟན་གྱི་ཞེས་
སྨྲས་ཏེ། མིག་ལ་སོགས་པ་རྟེན་ཐ་དད་པའི་སྒོ་ནས་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་ཡིན་གྱི། ངོ་བོ་ཉིད་ནི་མ་ཡིན་ནོ། །གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་ཞེས་བྱ་བ་ནི་དེའི་ཚེ་གདུལ་བྱའི་བྱེ་བྲག་ལ་ལྟོས་པ་དང་མ་འོངས་པའི་གདུལ་བྱའི་བྱེ་བྲག་ལ་ལྟོས་ནས་ཀྱང་གསུངས་
པ་མ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་མ་དྲིས་པར་འཆད་པར་ཐལ་བར་འགྱུར་བའི་ཕྱིར་དང་། རབ་ཏུ་དབྱེ་བ་ནི་དྲིས་པ་ཡིན་པས་སོ། །གསུམ་པ་འདུས་བྱས་པས་རེག་པ་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་གསུངས་པ་ཡིན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། མིང་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་
Vol. 115 · folio 157a
པར་ཤེས་པ་སྐྱེའོ། །གསུམ་འདུས་པ་ལས་རེག་པའོ་འབྱུང་བའི་མདོ་སྡེ་ལས་ཀྱང་། གསུམ་འདུས་པ་ལས་ཞེས་བྱ་བ་ནི་རྒྱུ་བསྟན་པ་ཡིན་གྱི་ངོ་བོ་ཉིད་ནི་མ་ཡིན་ནོ། །གང་ལ་བརྟེན་ནས་སེམས་ལས་བྱུང་བའི་ཆོས་ཐམས་ཅད་སྐྱེའོ་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཆོས་
ཐམས་ཅད་སྐྱེད་པར་བྱེད་པའི་སྒོ་ནས་རེག་པ་བསྟན་ཏོ། །བྱེད་པ་དེ་ཡང་མངོན་སུམ་མམ། རྗེས་སུ་དཔག་པས་མི་འགྲུབ་པས་དེ་བས་ན་ཇི་སྐད་དུ་དྲིས་པ་བཅུའི་མདོ་སྡེ་ལས་ཞེས་བྱ་བ་ནས་གང་ཡིན་པ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་སོ་ཞེས་བྱ་བའི་དབང་དུ་གསུངས་སོ། །དེ་ཡིད་ཀྱིས་
འགའ་ཡང་ཡོངས་སུ་མི་ཆོད་དོ་ཞེས་བྱ་བ་ནི་རེག་པ་འདིའོ། །དེའི་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ནི་ཚོར་བ་དང་། སེམས་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཇི་ལྟར་འོས་པ་རང་གི་མཚན་ཉིད་ཡིད་ཀྱིས་ཡོངས་སུ་ཆོད་པ་ཡིན་གྱི། དེ་ལྟར་རེག་པ་ནི་མ་ཡིན་ནོ། །ཇི་ལྟ་བ་བཞིན་
དུ་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། དེའི་ཕྱིར་ཡིད་བརྟན་དུ་རུང་བའི་ལུང་ལས་སོ་ཞེས་སྨྲས་སོ། །ཇི་ལྟ་ཞེ་ན། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་གསུམ་འདུས་པ་ལས་རེག་པའི་རྒྱུ་བསྟན་པ་ནི། ཡིད་བརྟན་དུ་རུང་བའི་ལུང་ལས་སོ། །གང་ཡང་ཚོར་བའི་ཕུང་པོ་དང་། འདུ་
ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་རེག་པ་ལ་བརྟེན་ནས་ཚོར་བ་གང་ཡིན་པ་དང་ཞེས་བྱ་བ་ནི་རེག་པའི་འབྲས་བུ་སྟོན་པའི་ཡིད་བརྟན་དུ་རུང་བའི་ལུང་ལས་སོ། །འདིར་སྨྲ་བ་ཡིད་ཀྱིས་ཡོངས་སུ་མི་ཆོད་པ་ཡིན་ན་ཡིད་བརྟན་དུ་རུང་བའི་ལུང་ཙམ་གྱིས་ཡོད་
པར་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། དེའི་ཕྱིར་ཡིད་བརྟན་དུ་རུང་བའི་ལུང་ཡང་རྣམ་པ་གསུམ་སྟེ། མངོན་སུམ་གྱི་དོན་དང་རྗེས་སུ་དཔག་པར་བྱ་བའི་དོན་དང་། དད་པར་བྱ་བའི་དོན་སྟོན་ཏོ་ཞེས་སྨྲས་སོ། །དེ་ལ་མངོན་སུམ་གྱི་དོན་ནི་འདི་ལྟ་སྟེ། ཁྲོས་པས་མདོག་ནི་མི་སྡུག་འགྱུར། །གཏུམ་
པ་ཉལ་ན་སྡུག་བསྔལ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་དཔག་པར་བྱ་བའི་དོན་ནི་བྲམ་ཟེའི་ཁྱེའུ་འདི་ལྟ་སྟེ་མདོག་ངན་པར་འགྲོ་བའི་ལམ་ནི་འདི་དག་སྟེ། འདི་ལྟ་སྟེ་ཁ་ཅིག་ཁྲོ་བ་ཡིན། འཁྲུག་པ་མང་བ་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དད་པར་བྱ་བའི་དོན་ནི་འདི་ལྟ་སྟེ།
Vol. 115 · folio 157b
རྣམ་པ་གསུམ་གྱི་གནས་ཀྱིས་བྱང་གི་སྒྲ་མི་སྙན་གྱི་མི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། འཛམ་བུའི་གླིང་གི་མི་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ། གསུམ་པོ་གང་གིས་ཤེ་ན། བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་དང་། ཚེ་ངེས་པ་དང་། ངེས་པར་ཁྱད་པར་དུ་འགྲོ་
བའོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །ཡིད་བརྟན་དུ་རུང་བའི་ལུང་རྣམ་པ་གསུམ་པོ་དེ་ལ་མངོན་སུམ་གྱི་དོན་དང་། རྗེས་སུ་དཔག་པར་བྱ་བའི་དོན་གཉིས་ནི་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀྱི་གོ་རིམས་བཞིན་དུ་ཡིད་ཆེས་པར་བྱ་སྟེ། གང་དེ་དག་དང་འགལ་བ་མེད་པ་མངོན་སུམ་གྱི་དོན་གྱི་
ཚིག་ལ་ནི་མངོན་སུམ་གྱི་ཚད་མའི་སྒོ་ནས་སོ། །རྗེས་སུ་དཔག་པར་བྱ་བའི་དོན་གྱི་ཚིག་ལ་ནི་རྗེས་སུ་དཔག་པའི་ཚད་མའི་སྒོ་ནས་ཡིད་ཆེས་པར་བྱའོ། །དད་པར་བྱ་བའི་དོན་དེ་ལ་ཡང་ཡིད་ཆེས་པར་བྱའོ། །དེ་ནི་རང་གི་སྡེ་པ་རྣམས་ཀྱིས་རྟོགས་པར་མི་ནུས་པ་ཡིན་ཡང་ཞེས་བྱ་བ་དེ་ནི་སྡུག་བསྔལ་ཡང་མ་
ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །ཚོར་བ་གསུམ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའོ། །བསམ་གཏན་བཞི་པ་དང་། གཟུགས་མེད་པ་ན་ཚོར་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་
རོ་ཞེས་བྱ་བ་ནི་དེ་དག་ན་ཚོར་བ་གཞན་བཀག་པའི་ཕྱིར་ཏེ། དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ལྔ་ནས་མེད་པ་ཞེས་བྱ་བ་ཡིན་ནོ། །མིག་ལ་སོགས་པའི་ཞེས་རྒྱས་པར་འབྱུང་བ་ནི་མིག་ལ་སོགས་པའི་གཟུགས་དང་བའི་བྱེ་བྲག་
ཀྱང་ཡོངས་སུ་མི་ཆོད་པ་ཡིན་ཏེ། སྐྱེ་མཆེད་ཀྱི་གཟུགས་དང་བ་ཡང་ཤེལ་སྒོང་ལ་སོགས་པ་རབ་ཏུ་གྲགས་པ་དེ་ལས་རིགས་གཞན་དུ་གྱུར་པ་གང་དབང་པོ་དང་ཞེས་བྱ་བ་ནི་ཡིད་ཀྱིས་ཡོངས་སུ་ཆོད་པར་མི་ནུས་སོ། །མ་རིག་པ་ཡང་མཚན་ཉིད་མི་མངོན་པ་ཡིན་པས་མངོན་པ་མེད་པ་ནི་
ཁྱད་པར་དུ་ཡོངས་སུ་ཆོད་པར་མི་ནུས་སོ། །ཡོངས་སུ་མི་ཆོད་པའི་མཚན་ཉིད་ཡིན་དུ་ཟིན་ཀྱང་ཞེས་རྒྱས་པར་འབྱུང་བ་དེ་དག་ནི་ཡོངས་སུ་མི་ཆོད་པའི་མཚན་ཉིད་ཀྱི་དོན་གང་ཡིན་པ་དེ་ནི་ཡིད་བརྟན་དུ་རུང་བའི་ལུང་ལས་ཁོང་དུ་ཆུད་པར་བྱས་ཏེ། དད་པར་བྱ་བའི་དོན་ནི་ཡིད་བརྟན་དུ་རུང་བའི་
Vol. 115 · folio 158a
ལུང་ཡིན་པའི་ཕྱིར་རོ། །དེ་དག་ནི་རྒྱུ་ལ་འབྲས་བུ་གདགས་པ་ཡིན་ཏེ་ཞེས་བྱ་བ་ནི་གསུམ་པོ་རྣམས་ཕྲད་པ་དང་། ཚོགས་པ་དང་འདུས་པ་ནི་རེག་པའི་རྒྱུ་ཡིན་ནོ། །དེ་བས་ན་དེ་ལ་རེག་པ་བཏགས་པ་ཡིན་ནོ། །དཔེར་ན། འཕགས་པ་རྣམས་ནི་མཐོང་བ་
བདེ། །ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་པ་སྟོན་ཏེ། འཕགས་པ་རྣམས་མཐོང་བ་ཁོ་ན་བདེ་བ་མ་ཡིན་གྱི། དེ་ནི་བདེ་བའི་རྒྱུ་ཡིན་པས་བདེ་བ་ཞེས་བྱའོ། །ཚངས་སྤྱོད་དྲི་མ་བུད་མེད་ཡིན། །ཞེས་བྱ་བ་ནི་བུད་མེད་ནི་ཚངས་པར་སྤྱོད་པའི་དྲི་མ་ཡིན་ཏེ་ཚངས་པར་སྤྱོད་པ་དགྲ་བཅོམ་པ་
ལ་ཡང་དྲི་མ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚངས་པར་སྤྱོད་པའི་དྲི་མ་འདོད་ཆགས་ཀྱི་རྒྱུ་ཡིན་པས་ཚངས་པར་སྤྱོད་པའི་དྲི་མ་ཞེས་བཤད་དོ། །འཇིག་རྟེན་ན་ཡང་མེ་ནི་བདེ་བའོ། །མེ་ནི་སྡུག་བསྔལ་བའོ་ཞེས་པ་ནི་ཇི་ལྟར་རྒྱུ་ལ་འབྲས་བུ་བཏགས་པ་བསྟན་པ་ཡིན་ཏེ། བདེ་བ་དང་
སྡུག་བསྔལ་གྱི་རྒྱུ་མེ་ལ་བདེ་བ་དང་སྡུག་བསྔལ་འདོགས་པར་བྱེད་དོ། །དེ་བཞིན་དུ་རེག་པའི་རྒྱུ་ཕྲད་པ་ལ་སོགས་པ་ལ་རེག་པ་འདོགས་པ་ཡིན་ནོ། །འཇིག་རྟེན་ན་ཡང་ཕྲད་པ་ལ་རེག་གོ་ཞེས་བརྗོད་དོ་ཞེ་ན་ཞེས་བྱ་བ་ནི་ཕྲད་པ་ལས་གཞན་མེད་དེ། སྒྲ་ལ་སོགས་པ་ལྟར་ཞེས་བསྟན་ཏོ། །འདིས་
ནི་ཕྲད་པ་ཙམ་ཁོ་ན་རེག་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་སྟོན་པ་ཡིན་ནོ། །སྐྱེ་མཆེད་དྲུག་ནི་གསུམ་གྱི་ནང་དུ་འདུས་པའི་ཕྱིར་དང་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་ནི་དབང་པོ་དང་། ཡུལ་དང་རྣམ་པར་ཤེས་པ་གསུམ་གྱི་ནང་དུ་འདུས་པ་ཡིན་ནོ། །ཇི་ལྟ་ཞེ་ན་རེ་ཞིག་མིག་གི་སྐྱེ་མཆེད་ནི་མིག་དང་གཟུགས་དང་
མིག་གི་རྣམ་པར་ཤེས་པ་གསུམ་གྱི་ནང་དུ་ཡན་ལག་གིས་འདུས་པ་ཡིན་ནོ། །དེ་བཞིན་དུ་ཡིད་ཀྱི་སྐྱེ་མཆེད་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་གསུམ་གྱི་ནང་དུ་ཡན་ལག་ཉིད་ཀྱིས་འདུས་པའི་བར་དུའོ། །འདི་ནི་རེ་ཞིག་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་འབྱུང་བའི་མདོ་སྡེ་དང་འགལ་བ་ཡིན་
ཏེ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་ནི་གསུམ་གྱི་ནང་དུ་འདུས་པའི་སྐྱེ་མཆེད་དྲུག་གི་རྐྱེན་ཡིན་པར་འོས་པ་མ་ཡིན་ཏེ། དེ་གསུམ་ཕྲད་པ་ནི་རེག་པ་ཡིན་ལ་དེ་གསུམ་ཕྲད་པ་ལས་རེག་པ་གཞན་ཡོད་པ་མ་ཡིན་ཏེ། དོན་ཐ་དད་པ་ཡིན་པའི་ཕྱིར་རོ། །གསུམ་འདུས་པ་ནི་སེམས་ལས་བྱུང་བའི་རེག་པ་ཡང་
Vol. 115 · folio 158b
མ་ཡིན་ནོ་ཞེས་བྱ་བ་ནི་ཕྲད་པ་ནི་བཏགས་པའི་ཆོས་ཡིན་པའི་ཕྱིར་དང་། གསུམ་ཕྲད་པ་ནི་གསུམ་ཉིད་ཀྱི་ཆོས་ཡིན་གྱི། འགའི་ནི་མ་ཡིན་ནོ། །རེག་པ་ནི་བཏགས་པ་ཡིན་ཏེ་ཞེས་བྱ་བ་ནི་ཐ་སྙད་པའོ། །འདིས་ནི་སེམས་ལས་བྱུང་བའི་རེག་པ་བརྟགས་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟ་ན་མི་ལྡན་པ་
ཡིན་པར་འགྱུར་ལ་ཞེས་བྱ་བ་ནི་རིས་འདྲ་བ་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ཡང་རེག་པ་སེམས་ལས་བྱུང་བ་ཡིན་པར་མི་འགྲུབ་པོ་ཞེས་སྟོན་ཏོ། །མི་ལྡན་པ་རེག་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་སྡེ་པ་གང་གི་གྲུབ་པའི་མཐའ་ཡང་མ་ཡིན་ནོ། །བཙུན་པ་གོས་དམར་བ་དང་། མདོ་སྡེ་འདི་ཉིད་ལས་ཀྱང་
གསུངས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ཉིད་ལས་ཞེས་བྱ་བའི་དོན་ཏོ། །ཚོར་བ་དང་འདུ་ཤེས་དང་སེམས་པ་དང་། རེག་པ་དང་ཡིད་ལ་བྱེད་པའོ་ཞེས་བྱ་བ་འདིས་ནི་རེག་པ་ནི་བཏགས་པ་ཡང་མ་ཡིན་ལ། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་སྟོན་ཏོ། །སེམས་ལས་བྱུང་བ་རྫས་སུ་ཡོད་པ་
རྣམས་ཚོར་བ་ལ་སོགས་པ་མིང་གི་དངོས་པོར་བརྗོད་པའི་ཕྱིར་རོ། །སྡེ་ཚན་དྲུག་པ་དྲུག་ལས་ཀྱང་སྡེ་ཚན་དྲུག་རྣམས་ནི་ཞེས་རྒྱས་པར་འབྱུང་བ་ལ། སྡེ་ཚན་དྲུག་པ་དྲུག་ཅེས་བྱ་བའི་མདོ་སྡེ་ལས་སྡེ་ཚན་དྲུག་ནི་སྡེ་ཚན་དྲུག་པོ་གང་ཡིན་པའི་དྲུག་པོ་འདི་དག་སྟེ། ནང་གི་སྐྱེ་མཆེད་དྲུག་ནི་སྡེ་ཚན་དྲུག་པ་དང་པོ་ཡིན་ནོ། །
ཕྱིའི་སྐྱེ་མཆེད་དྲུག་ནི་གཉིས་པའོ། །རྣམ་པར་ཤེས་པའི་ཚོགས་དྲུག་ནི་གསུམ་པའོ། །རེག་པའི་ཚོགས་དྲུག་ནི་བཞི་པའོ། །ཚོར་བའི་ཚོགས་དྲུག་ནི་ལྔ་པའོ། །སྲེད་པའི་ཚོགས་རྣམས་ནི་དྲུག་པ་ཡིན་ནོ། །དྲུག་ཚན་དྲུག་པོ་ཇི་ལྟ་བ་དེ་དག་ནི་རིགས་ཐ་དད་པ་ལས་རྣམ་པར་གཞག་པ་ཡིན་ཏེ།
གཞན་ནི་ནང་གི་སྐྱེ་མཆེད་དྲུག་གོ། །གཞན་ནི་ཕྱིའི་འོ། །གཞན་ནི་རྣམ་པར་ཤེས་པའི་ཚོགས་སོ་ཞེས་བྱ་བ་དེ་བཞིན་དུ་རེག་པའི་ཚོགས་དྲུག་གི་དྲུག་ཚན་ཡང་རིགས་ཐ་དད་པ་ལས་རྣམ་པར་གཞག་པ་ཡིན་གྱི། གསུམ་འདུས་པ་ཉིད་ནི་རེག་པ་མ་ཡིན་ནོ། །མིང་དང་གཟུགས་ལ་བརྟེན་ནས་
མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་། གསུམ་འདུས་པས་རེག་པ་མ་ཡིན་ནོ་ཞེས་འབྱུང་བའི་མདོ་སྡེ་གཞན་དང་། དེ་བཞིན་དུ་གཉིས་པོ་འདི་ལ་བརྟེན་ནས་རེག་པའོ་ཞེས་འབྱུང་བ་ཅི་མདོ་སྡེ་གཞན་དང་། དེ་བཞིན་དུ་གཉིས་པོ་འདི་ལ་བརྟེན་ནས་རེག་པའོ་ཞེས་འབྱུང་བ་ཅི་ཞེ་ན། མདོ་སྡེ་
Vol. 115 · folio 159a
གཞན་སྤངས་པར་འགྱུར་རོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །ཇི་ལྟ་ཞེ་ན། དགེ་སློང་དག་མ་རིག་པས་བསྒྲིབས་པའི་བྱིས་པ་སྲེད་པ་དང་མཚུངས་པར་ལྡན་པ་རྣམས་ཀྱི་རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་གྲུབ་སྟེ། འདིའི་རྣམ་པར་ཤེས་པ་དང་བཅས་
པའི་ལུས་འདི་དང་ཕྱི་རོལ་གྱི་ནི་མིང་དང་གཟུགས་ཏེ། དེ་ནི་གཉིས་སོ། །དགེ་སློང་དག །གཉིས་པོ་འདི་ལ་བརྟེན་ནས་རེག་པའོ་ཞེས་འབྱུང་བ་སྤངས་པར་འགྱུར་རོ། །འོན་ཏེ་རེག་པ་ཁོ་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ཡིན་ན་ནི་ཞེས་རྒྱས་པར་འབྱུང་བ་ནི་རྐྱེན་ཅན་ངེས་པ་ལ་སྐྱོན་སྟོན་པར་
བྱེད་དོ། །གཉིས་པ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་གཉིས་གང་ཞེ་ན། མིང་དང་། གཟུགས་དང་། ཡིད་དང་ཆོས་ཀྱི་བར་དུ་ཡིན་ཏེ། འདིར་ནི་རྣམ་པར་ཤེས་པ་ཡང་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ཡིན་ནོ་ཞེས་བསྟན་ཏོ། །གཙོ་བོའི་རྐྱེན་སྐྱེ་མཆེད་དྲུག་ཡིན་ཏེ། ཐུན་མོང་དང་
ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་སྔ་མ་བཞིན་ཏེ་ཞེས་བྱ་བ་ནི་གཙོ་བོའི་རྐྱེན་བརྗོད་པར་བཞེད་པའི་ཕྱིར། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བསྟན་པ་ཡིན་གྱི། རྐྱེན་ངེས་པ་བརྗོད་པར་བཞེད་པས་ནི་མ་ཡིན་ནོ། །སྐྱེ་མཆེད་དྲུག་གཙོ་བོའི་རྐྱེན་ཡིད་ཡིན་པ་དེ་ཡང་ཐུན་མོང་དང་
ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པ་ཉིད་ཀྱིས་སྟོན་ཏོ། །སྔ་མ་བཞིན་ཏེ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཡན་ལག་ལས་ཇི་ལྟར་སྔར་བསྟན་པ་ནི། གལ་ཏེ་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་པ་ཡིན་ན་ཅིའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཡིད་
ཀྱི་རྣམ་པར་ཤེས་པ་ཡིན་ཞེས་བྱ་བའི་བར་དུ་དྲིས་པ་དང་། མིག་ལ་སོགས་པ་ནི་གཅིག་ཏུ་སེམས་ཅན་གྱི་གྲངས་སུ་གཏོགས་པ་ཡིན་པའི་ཕྱིར་རོ་ཞེས་ལན་སྨྲས་ནས་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ནི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་ཞེས་རྒྱས་པར་སྨྲས་པ་དེ་བཞིན་དུ་
འདིར་ཡང་གཟུགས་ལ་སོགས་པ་གཞན་དག་ཀྱང་རེག་པའི་རྐྱེན་ཡིན་དུ་ཟིན་ཀྱང་རེག་པ་བསྐྱེད་པར་བྱ་བ་ལ་སྐྱེ་མཆེད་དྲུག་ནི་གཙོ་བོའི་རྐྱེན་ཉིད་ཡིན་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཐུན་མོང་གི་རྒྱུ་མིག་གི་སྐྱེ་མཆེད་ནི་སྔོན་པོ་ལ་སོགས་པའི་
Vol. 115 · folio 159b
གཟུགས་ཐམས་ཅད་ལ་དམིགས་པའི་མིག་གི་འདུས་ཏེ་རེག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཡང་ཕྱིར་ཏེ། ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་དུ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །འདིའི་ཕྱིར་ཡང་སྐྱེ་མཆེད་དྲུག་ནི་རྐྱེན་གཙོ་བོ་ཉིད་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། དེ་ཡོད་ན་ངེས་པར་ཡུལ་དང་རྣམ་པར་ཤེས་པ་དེ་གཉིས་ཀྱང་ཞེས་རྒྱས་པར་འབྱུང་བ་ལ། དེ་ཡོད་ན་སྐྱེ་མཆེད་དྲུག་དེ་ཡོད་ན་ངེས་པར་ཡུལ་དང་རྣམ་པར་ཤེས་པ་དེ་གཉིས་ཀྱང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་གཟུགས་ལ་སོགས་པ་ཡོད་པའི་ཕྱིར་དང་། རྣམ་པར་
ཤེས་པ་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གང་ཡང་རུང་བ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལས་ཞེས་རྒྱས་པར་འབྱུང་བ་ནི་དེ་ཁོ་ནའི་ཕྱིར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་ལས་སྐྱེ་མཆེད་དྲུག་ནི་རྐྱེན་གྱི་གཙོ་བོ་ཡིན་པའི་ཕྱིར། མིག་ལ་སོགས་པའི་སྒོ་ནས་མིག་གི་འདུས་
ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ཞེས་རེག་པ་བསྟན་པ་ཡིན་གྱི་གཟུགས་ལ་སོགས་པའི་སྒོ་ནས་ཞེས་བྱ་བ་གཟུགས་དང་། སྒྲ་དང་། དྲི་དང་། རོ་ལ་སོགས་པའི་སྒོ་ནས་གཟུགས་ཀྱི་འདུས་ཏེ་རེག་པ་ནས་ཆོས་ཀྱི་འདུས་ཏེ་རེག་པ་ཞེས་བསྟན་པ་མ་ཡིན་ཏེ། རྔ་སྒྲ་བཞིན་ནོ། །དཔེར་ན་རྔ་
ནི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རྔའི་སྒྲ་ཞེས་བརྗོད་ཀྱི་དབྱུ་གུའི་སྒྲ་ཞེས་མི་བྱ་བ་དེ་བཞིན་ནོ། །རྔ་སྒྲ་དེའི་རྒྱུའི་གཙོ་བོ་ཡིན་པ་ཡང་དེའི་གནས་ཡིན་པའི་ཕྱིར་དང་། ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །དབྱུ་གུ་ལ་སོགས་པས་ནི་ཅང་ཏེའུ་ལ་སོགས་པའི་སྒྲའི་རྒྱུ་ཡང་བྱེད་དོ། །དེ་
བཞིན་དུ་སྐྱེ་མཆེད་དྲུག་ནི་རེག་པའི་རྐྱེན་གྱི་གཙོ་བོ་ཡིན་ནོ། །སྒྲིབ་པའི་མདོ་སྡེ་ལས་གཉིས་པོ་འདི་ལ་བརྟེན་ནས་རེག་པ་ཞེས་ཇི་སྐད་དུ་རྒྱས་པར་གསུངས་པ་ལ་རྟེན་དང་དམིགས་པ་ཐ་དད་པའི་སྒོ་ནས་ཞེས་བྱ་བ་ནི་རྟེན་ཐ་དད་པའི་སྒོ་ནས་དང་། དམིགས་པ་ཐ་དད་པའི་སྒོ་ནས་སོ། །སྒྲིབ་པའི་
མདོ་སྡེ་ལས་རེག་པའི་རྐྱེན་གཉིས་སུ་ཇི་ལྟར་གསུངས་ཤེ་ན། ཇི་སྐད་དུ་དགེ་སློང་དག་བྱིས་པ་མ་རིག་པས་བསྒྲིབས་ཤིང་སྲེད་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་གྲུབ་སྟེ། འདིའི་རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་དང་ཕྱི་མའི་མིང་དང་གཟུགས་ཏེ་
Vol. 115 · folio 160a
དེ་ལྟར་གཉིས་སོ། །དགེ་སློང་དག་གཉིས་པོ་འདི་ལ་བརྟེན་ནས་རེག་པའོ་ཞེས་གསུངས་པ་ཡིན་ནོ། །འདི་ལས་ཇི་ལྟར་རྟེན་དང་དམིགས་པ་ཅན་གྱི་རེག་པ་ཐ་དད་པར་བསྟན་ཅེ་ན། དེའི་ཕྱིར་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཀྱིས་ནི་དེར་ནང་གི་སྐྱེ་མཆེད་བསྟན་ཏེ།
ལུས་སྨོས་པས་ནི་ལྔ་ཆར་སྨོས་པ་ཡིན་ནོ་ཞེས་སྨྲས་སོ། །དེའི་ཕྱིར་འདི་ལྟར་དེ་ལ་བརྟེན་པའི་ཚོར་བ་ནི་ལུས་ཀྱི་ཞེས་སྟོན་པ་བཞིན་ནོ་ཞེས་སྨྲས་སོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དང་། ལུས་ལ་བརྟེན་པའི་ཕྱིར་དང་རྡུལ་ཕྲ་རབ་བསགས་
པ་ཡིན་པའི་ཕྱིར་ལུས་སྨོས་པས་ནི་ལྔ་ཆར་སྨོས་པ་ཡིན་ནོ། །རྣམ་པར་ཤེས་པ་སྨོས་པས་ནི་སྐྱེ་མཆེད་ཡིན་པར་རོ། །ཕྱི་རོལ་གྱི་མིང་དང་གཟུགས་ནི་ཕྱི་ཡིན་ཏེ་ཞེས་བྱ་བ་ཇི་ཞེ་ན། སྐྱེ་མཆེད་དྲུག་བསྟན་པ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །དེ་ལ་མིག་གིས་ནི་ཆོས་ཀྱི་སྐྱེ་མཆེད་བསྟན་ཏོ། །གཟུགས་
ཀྱིས་ནི་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་བསྟན་ཏོ། །གཉིས་པོ་དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་དྲུག་དང་ཕྱིའི་ཞེས་སྟོན་ཏོ། །དེ་ལས་གསུངས་པ་ཞེས་བྱ་བ་མདོ་སྡེ་ལས་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་གང་གིས་རེག་པའི་བྱིས་པ་ཞེས་རྒྱས་པར་འབྱུང་བ་ནི་ནང་དང་ཕྱིའི་སྐྱེ་མཆེད་
ཐ་དད་པའི་སྒོ་ནས་རེག་པ་འབྱུང་གི་གཞན་དུ་མ་ཡིན་ནོ། །དགོངས་པ་གང་གིས་བཤད་པ་དེ་དག་བདག་གིས་སྨྲས་ཟིན་ཏོ་ཞེས་བྱ་བ་ནི་ཇི་ལྟར་ཞེ་ན། སྐྱེ་མཆེད་དྲུག་ནི་གཙོ་བོའི་རྐྱེན་ཡིན་པའི་ཕྱིར་སྐྱེ་མཆེད་དྲུག་རྐྱེན་དུ་བསྟན་པ་དང་། རྟེན་དང་དམིགས་པ་ཐ་དད་པའི་སྒོ་ནས་རེག་པ་ཐ་དད་པར་
བསྟན་པའི་ཕྱིར་རྐྱེན་གཉིས་སྨྲས་སོ། །རེག་པའི་རྐྱེན་གསུམ་ཡང་འདོད་པ་ཁོ་ན་ཡིན་ནོ། །དེ་བས་ན་འདི་འཆད་པའི་བསམ་པའི་དབྱེ་བ་ཕྱིས་ཡང་བརྗོད་པར་མི་བྱའོ། །གང་གི་ཕྱིར་སྐྱེ་མཆེད་དྲུག་གི་འོག་ཏུ་རྣམ་པར་གཞག་ཅེ་ན་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་རེག་པའི་
རྐྱེན་གྱིས་ཚོར་བ་ཞེས་བྱ་བ་ཡིན་ཏེ། སྐྱེ་མཆེད་དྲུག་གི་འོག་ཏུ་གསུངས་པའི་ཕྱིར་རོ། །ཇི་ལྟར་ལུས་དང་ཡིད་ཀྱི་སྐྱེ་མཆེད་གཉིས་དེའི་ཚེ་ཡོངས་སུ་རྫོགས་པའི་ཕྱིར་ཡན་ལག་གཞན་དུ་རྣམ་པར་མ་བཞག་པ་ལྟར་རེག་པ་དང་ཚོར་བ་གཉིས་ཀྱང་དེའི་ཚེ་ཡོངས་སུ་རྫོགས་པའི་ཕྱིར་ཡན་
Vol. 115 · folio 160b
ལག་གཞན་ཉིད་དུ་རྣམ་པར་མི་གཞག་གོ། །གལ་ཏེ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ན། རྒྱུ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཅིའི་ཕྱིར་མིང་དང་གཟུགས་རྐྱེན་དུ་གསུངས་ཤེ་ན་ཞེས་བྱ་བ་ཇི་སྐད་འབྱུང་ཞེ་ན། ཀུན་དགའ་བོ་རེག་པ་རེག་པའི་རྐྱེན་དུ་བརྗོད་
པར་བྱ་བ་ཡོད་དོ། །ཀུན་དགའ་བོ་རེག་པ་རེག་པའི་རྐྱེན་དུ་བརྗོད་པར་བྱ་བ་ཅི་ཞེ་ན། ཀུན་དགའ་བོ་མིང་དང་གཟུགས་ཀྱི་རྐྱེན་གྱིས་རེག་པ་ཡིན་ནོ་ཞེས་བྱའོ། །དེར་ནི་ཐོགས་པ་དང་ཚིག་བླ་དགས་འདུས་ཏེ་རེག་པ་བརྗོད་པར་བཞེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་ཆེན་པོའི་རྣམ་གྲངས་ཀྱི་མདོ་སྡེ་
ལས། ཐོགས་པ་འདུས་ཏེ་རེག་པ་ནི་དབང་པོ་གཟུགས་ཅན་ལྔ་ལ་བརྟེན་པའོ། །ཚིག་བླ་དགསདྭགས་འདུས་ཏེ་རེག་པ་ནི་དྲུག་པ་ཡིད་ཀྱི་དབང་པོ་ལ་བརྟེན་པ་ཡིན་པར་བརྗོད་པར་བཞེད་པའི་ཕྱིར་ཏེ། མིག་ལ་སོགས་པའི་འདུས་ཏེ་རེག་པ་ནི་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་
ཐོགས་པ་འདུས་ཏེ་རེག་པ་ཞེས་བསྟན་ཏོ། །ཚིག་ལ་བརྟེན་ནས་དོན་ལ་འཇུག་པ་ནི་ཚིག་བླ་དགས་པ་ཞེས་བསྟན་ཏོ། །ཡང་ན་ཚིག་ལྷག་པར་བྱེད་པའི་ཡིད་ནི་ཚིག་བླ་དགས་པ་ཞེས་བྱའོ། །དེ་བས་ན་ཡིད་ཀྱི་འདུས་ཏེ་རེག་པ་ནི་ཚིག་བླ་དགས་འདུས་ཏེ་རེག་པ་ཞེས་བསྟན་ཏོ། །དེ་ལ་གཟུགས་ཀྱི་
རྐྱེན་གྱིས་འདུས་ཏེ་རེག་པ་དང་མིག་གི་རྐྱེན་གྱིས་འདུས་ཏེ་རེག་པ་ཞེས་བསྟན་ཏོ། །རྒྱུ་ཆེན་པོའི་རྣམ་གྲངས་དེ་ལས་སྐྱེ་མཆེད་དྲུག་རྐྱེན་ཉིད་ཡིན་པ་ཡང་བསྟན་ཟིན་ཏེ། ཇི་ལྟར་ཞེ་ན། དེའི་ཕྱིར། མིག་གི་འདུས་ཏེ་རེག་པ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཀུན་དགའ་
བོ་གལ་ཏེ་མིག་གི་འདུས་ཏེ་རེག་པ་ཡོད་ཀྱང་འགའ་ལ་གང་དུ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་དུ་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་མི་འབྱུང་བ་ཡིན་ནམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་རྣ་བ་དང་སྣ་དང་ལྕེ་
དང་ཡིད་ཀྱི་འདུས་ཏེ་རེག་པ་ཡོད་ཀྱང་འགའ་ལ་གང་དུ་ཡང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ནང་དུ་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་མི་འབྱུང་བ་ཡིན་ནམ། བཙུན་པ་མ་ལགས་སོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །འོན་ཏེ་
Vol. 115 · folio 161a
ཡང་གསུམ་འདུས་པ་ལས་རེག་པ་ཞེས་གསུངས་ན་འདུས་པ་ཞེས་བྱ་བ་དེ་ཅི་ཡིན་ཞེས་བྱ་བ་ནི་འདུས་པའི་མཚན་ཉིད་མ་བསྟན་པའི་ཕྱིར་ཅི་འདི་ཡུལ་གཅིག་ཏུ་ཚོགས་པ་ཡིན་ནམ། འོན་ཏེ་དུས་གཅིག་ཏུ་ཚོགས་པ་ཡིན་པ་དམིགས་ཀྱིས་མི་ཕྱེད་དོ། །གཞན་
འགའ་ཞིག་འདིར་འདུས་པ་ཡིན་པར་འདོད་ནས་ཚོགས་པ་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་ནི་ཚོགས་པ་ནི་འདུས་པ་ཡིན་ནོ་སྙམ་སེམས་ན་དེ་ལ་དེ་དག་གི་ཚོགས་པ་ཡུལ་དུའམ། དུས་སུ་འམ། གཞན་དུ་ཡིན་ཞེས་བརྗོད་པར་བྱའོ། །གལ་ཏེ་ལྷན་ཅིག་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་
དུས་གཅིག་ཏུ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡིན་ན་དབང་པོ་དང་དོན་གཉིས་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པར་འགྱུར་ཏེ། རྣམ་པར་ཤེས་པ་སྐྱེས་ཟིན་ན་ནི་དེ་གཉིས་ནུས་པ་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ཡང་དེ་དག་དང་ལྷན་ཅིག་སྐྱེས་པ་ཡིན་ན་ནི་
བདག་ཉིད་ཐོབ་པ་དེ་ལ་དེ་བསྐྱེད་པར་བྱ་བའི་ཕྱིར་དབང་པོ་དང་དོན་གཉིས་ཀྱི་ནུས་པ་རིགས་པ་མ་ཡིན་ནོ། །འོ་ན་མ་སྐྱེས་པ་དེ་ལ་དེ་བསྐྱེད་པར་ནུས་པ་དེ་གཉིས་ལ་ཡོད་དོ་ཞེ་ན། དེའི་ཕྱིར་མ་སྐྱེས་པ་ཡིན་ན་ཡང་མེད་པའི་ཕྱིར་རོ་ཞེས་སྨྲས་ཏེ། རྣམ་པར་ཤེས་པ་མ་སྐྱེས་པ་དེ་ལ་ནི་དབང་པོ་དང་
དོན་དེ་གཉིས་ནུས་པ་མེད་པའི་ཕྱིར་ཏེ། མ་སྐྱེས་པ་དེ་ལ་ནུས་པ་ཅི་ཞིག་ཡོད། དེ་མི་རིགས་པ་ཡིན་ནོ། །འདི་ལྟར་བདག་ཉིད་ཐོབ་པ་ནི་བདག་ཉིད་ཐོབ་པར་བྱའི་རྒྱུར་རིགས་པ་མ་ཡིན་ན། །མདོ་སྡེ་དང་གཉི་ག་ཡང་འགལ་བར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེས་པ་དང་། མ་
སྐྱེས་པ་ལ་དབང་པོ་དང་དོན་གཉིས་ནུས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་བའི་མདོ་སྡེ་དང་འགལ་བར་འགྱུར་རོ། །དེ་ལྟར་ན་རེ་ཞིག་རྣམ་པ་གཅིག་མདོ་སྡེ་དང་འགལ་བ་ཡིན་ནོ། །གཅིག་ལ་གཅིག་རྒྱུ་ཉིད་ཡིན་ན་ཡང་གཉིས་
ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་བའི་མདོ་སྡེ་དང་འགལ་བ་རྣམ་པ་གཉིས་པ་ཡིན་ནོ་ཞེས་བསྟན་ཏོ། །གཉིས་གང་ཞེ་ན། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དུ་ཡིན་ཏེ། རྣམ་པར་ཤེས་པ་ལ་བརྟེན་ནས་གཉིས་སྐྱེ་བ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་
Vol. 115 · folio 161b
ན་གཉི་ག་ཡང་མདོ་སྡེ་དང་འགལ་བ་ཡིན་ནོ། །དྲུག་པའི་གསུམ་ཡང་དུས་ཐ་དད་པ་ཡིན་པའི་ཕྱིར་ཇི་ལྟར་ཚོགས་ཡིན་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་དུས་ཐ་དད་པ་ཉིད་ནི་ཡིད་ནི་འདས་མ་ཐག་པ་ཡིན་ནོ། །རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བའོ། །ཆོས་ནི་རེས་
འགའ་མ་འོངས་པའོ། །རེས་འགའ་ད་ལྟར་བྱུང་བའོ། །རེས་འགའ་དུས་གསུམ་པའོ། །རེས་འགའ་དུས་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལྟར་ན་དུས་ཐ་དད་པ་ཡིན་པའི་ཕྱིར། ཇི་ལྟར་ཚོགས་པ་ཡིན་པར་ཞེས་བྱ་བ་ནི་ལྷན་ཅིག་ཏུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་དུས་ལ་དང་ཡུལ་
དུ་དང་དགོས་པ་འགའ་ཞིག་ལ་ཞེས་བྱ་བ་ཡིན་ནོ། །འོན་ཏེ་སྔར་སྐྱེས་པའི་དབང་པོ་དང་དོན་གཉིས་ཞེས་རྒྱས་པར་འབྱུང་བ་འདིས་ནི་དབང་པོ་དང་དོན་གཉིས་རྣམ་པར་ཤེས་པ་སྐྱེས་པ་ལ་ནུས་པ་དང་ལྡན་པ་ནི་ལྷན་ཅིག་འཇུག་པའི་མཚན་ཉིད་ཚོགས་པ་ཡིན་པར་སྟོན་ཏོ། །དེ་ལྟར་ཡིན་ན་དབང་པོ་དང་དོན་
གཉིས་སྐད་ཅིག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་སྐད་ཅིག་སྔ་མ་ལ་སྐྱེད་པ་གཉིས་རྣམ་པར་ཤེས་པའི་སྐད་ཅིག་མའི་ཚེ་རྣམ་པར་གནས་པའི་ཕྱིར་རོ། །དྲུག་པའི་གསུམ་པ་ལ་ཡང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ལྷན་ཅིག་ཚོགས་པ་ཡིན་པར་ཐལ་བར་འགྱུར་བ་ནི་དབང་པོ་དང་དོན་
གཉིས་རྣམ་པར་ཤེས་པའི་ཚེ་གནས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོར་ཞེས་རྒྱས་པར་འབྱུང་བ་ནི་འོན་ཏེ་འདི་སྙམ་དུ་རྒྱུ་དང་འབྲས་བུའི་དངོས་པོ་ནི་གསུམ་འདུས་པ་ཡིན་ཏེ། དབང་པོ་དང་དོན་ནི་རྒྱུ་ཡིན། རྣམ་པར་ཤེས་པ་ནི་འབྲས་བུ་ཡིན་ནོ། །ལྔའི་གསུམ་དག་ཅེས་བྱ་བ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་ལ་
སོགས་པའོ། །ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་དབང་པོ་དང་དོན་དང་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་དང་དམིགས་པ་ད་ལྟར་བྱུང་བ་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པ་དང་རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་མི་རིགས་ཏེ། སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྣམ་
པར་ཤེས་པ་སྐྱེས་པ་ལ་ནི་དེ་གཉིས་ཀྱི་ནུས་པ་མེད་པའི་ཕྱིར་རོ། །མ་སྐྱེས་པ་ཡིན་ན་ཡང་མེད་པའི་ཕྱིར་རོ་ཞེས་རྒྱས་པར་བྱས་པ་ཡིན་ནོ། །དབང་པོ་དང་དོན་གཉིས་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་དུས་ན་དེ་དག་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་དང་དོན་དེ་གཉིས་མེད་པའི་ཕྱིར་རོ། །གཅིག་
Vol. 115 · folio 162a
ཁོ་ན་དེ་ལ་ནུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རེག་པ་དེ་ལ་རྣམ་པར་ཤེས་པ་ཁོ་ན་ནུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་དང་རེག་པ་ལྷན་ཅིག་བྱུང་བ་ཡིན་ནོ་ཞེ་ན་ཡང་ཞེས་བྱ་བ་ནི་འོན་ཏེ་ཡང་འདི་སྙམ་དུ་སྔར་བྱུང་བའི་དབང་པོ་དང་དོན་ལ་བརྟེན་ནས་རྣམ་པར་
ཤེས་པ་དང་རེག་པ་ལྷན་ཅིག་འབྱུང་ངོ་སྙམ་པ་ཡིན་ནོ་རྣམ་པར་ཤེས་པ་ནི་རེག་པའི་རྒྱུ་ཡིན་པར་མི་འགྱུར་ཏེ། ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རེག་པ་སྐྱེས་པ་ལ་ནི་རྣམ་པར་ཤེས་པའི་ནུས་པ་དང་མི་ལྡན་པའི་ཕྱིར་དང་། མ་སྐྱེས་ན་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །
དེ་ལྟ་ན་ཡང་གསུམ་འདུས་པ་ལས་རེག་པ་འགྲུབ་པར་མི་འགྱུར་ཏེ། གཉིས་ཁོ་ན་དེ་ལ་ནུས་པ་ཡིན་པའི་ཕྱིར་རོ། །གང་དག་ཡང་གསུམ་འདུས་པ་ཁོ་ན་རེག་པ་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ནི་གང་དག་ཡང་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་འདུས་པ་ཁོ་ན་རེག་པ་
ཡིན་གྱི་འདུས་པ་ལ་མ་གཏོགས་པ་རེག་པ་ཡོད་པ་མ་ཡིན་ནོ། །འདུས་པ་ཞེས་བྱ་བ་ནི་གསུམ་པོ་རྣམས་རྒྱུ་དང་འབྲས་བུར་འདུག་པ་ཙམ་ཡིན་ནོ། །ལྷན་ཅིག་འབྱུང་བ་རྒྱུར་མི་འདོད་དོ། །འོ་ན་ཅི་ཞེ་ན། སྔར་བྱུང་བ་ཡིན་ནོ། །དེའི་ཡང་དབང་པོ་དང་དོན་གཉིས་རྣམ་པར་ཤེས་པའི་ཚེ་འགག་
པའི་ཕྱིར་ཚོར་བ་སྐྱེ་བའི་རྒྱུའི་དབང་པོར་རིགས་པ་མ་ཡིན་པས་ཞེས་བྱ་བ་ནི་དབང་པོ་དང་དོན་གྱི་སྐད་ཅིག་མ་སྔར་བྱུང་བ་ལ་བརྟེན་ནས་སྐད་ཅིག་མ་གཉིས་པ་ལ་རྣམ་པར་ཤེས་པ་སྐྱེའོ། །རྣམ་པར་ཤེས་པ་སྐྱེས་པའི་ཚེ་གསུམ་རྣམས་སོ་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་དུ་འདུས་
པ་ཡིན་ན་དེའི་ཚེ་ཡང་དབང་པོ་དང་དོན་དེ་གཉིས་འགག་པའི་ཕྱིར་རེག་པ་ནི་ཚོར་བ་སྐྱེ་བའི་རྒྱུའི་དངོས་པོར་རིགས་པ་མ་ཡིན་པས་རེག་པའི་རྐྱེན་གྱིས་ཚོར་བ་འགྲུབ་པར་མི་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེ་དག་གི་གསུམ་པོ་རྒྱུ་དང་འབྲས་བུར་གྱུར་པ་ནི་རེག་པ་ཡིན་གྱི་རྣམ་པར་ཤེས་
པ་འབའ་ཞིག་ནི་མ་ཡིན་པས་སོ་ཞེས་སྨྲས་སོ། །དེ་དག་གི་ཞེས་བྱ་བ་ནི་འདུས་པ་ཙམ་རེག་པ་ཡིན་པར་སྨྲ་བ་དེ་དག་གིའོ། །འདུས་པའི་དོན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཁོ་ན་ཡིན་ལ། གསུམ་འདུས་པ་ཡང་ལྷན་ཅིག་པའམ་ཞེས་རྒྱས་པར་འབྱུང་བ་ནི་སློབ་དཔོན་གྱི་ཡིན་ནོ། །ཇི་ལྟར་
Vol. 115 · folio 162b
རིགས་པར་འབྱུང་བ་ཞེས་བྱ་བ་ནི་ལྔ་པོའི་གསུམ་རྣམས་ནི་ལྷན་ཅིག་འབྱུང་ངོ་། །དྲུག་པའི་ནི་རིམ་གྱིས་སོ། །ཇི་ལྟར་གྲིབ་མ་དང་མྱུ་གུ་བཞིན་ནོ་ཞེས་བྱ་བ་ནི་ཅི་ཞིག་ཅེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ལྷན་ཅིག་འབྱུང་བ་ཡིན་དུ་ཟིན་ཀྱང་གཅིག་ལ་གཅིག་རྒྱུ་ཉིད་མ་ཡིན་ཏེ། མྱུ་གུ་ནི་
གྲིབ་མའི་རྒྱུ་ཡིན་ཏེ། དེ་ལྷན་ཅིག་འབྱུང་བ་ཡིན་དུ་ཟིན་ཀྱང་། དེ་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར་དང་། རང་གི་རྟེན་འབྱུང་བ་ཆེན་པོ་དང་དུས་ཐ་དད་པ་མེད་པའི་ཕྱིར་ཏེ། མྱུ་གུའི་རྒྱུ་ནི་གྲིབ་མ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ལྔ་པོའི་གསུམ་རྣམས་ལྷན་ཅིག་འབྱུང་དུ་ཟིན་ཀྱང་རྒྱུ་དང་འབྲས་
བུ་ཡིན་གྱི། གཅིག་ལ་གཅིག་རྒྱུ་ཉིད་ནི་མ་ཡིན་ནོ་ཞེས་བསྒྲུབས་པ་ཡིན་ནོ། །ད་ནི་དྲུག་པའི་གསུམ་གྱི་དབང་དུ་བྱས་ནས། རིམ་གྱིས་འབྱུང་བ་ཡང་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན། འབྲས་བུའི་དུས་ན་རྒྱུ་ཡོད་པ་ཡང་མ་ཡིན་ནོ་ཞེ་ན་ཞེས་སྨྲས་སོ། །ཇི་ལྟར་ས་བོན་དང་མྱུ་གུ་
རིམ་གྱིས་བྱུང་ཡང་རྒྱུ་དང་འབྲས་བུ་ཡིན་ལ། མྱུ་གུའི་དུས་ན་ས་བོན་ཡོད་པ་ཡང་མ་ཡིན་པ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། ཅིའི་ཕྱིར་དེ་འགག་པ་དང་སྐྱེ་བ་གཉིས་དུས་མཚུངས་པ་ཡིན་པའི་ཕྱིར་ཏེ་ཞེས་སྨྲས་ཏེ། ས་བོན་འགག་པ་དང་། མྱུ་གུ་སྐྱེ་བ་གཉིས་དུས་མཚུངས་པའི་ཕྱིར་ཞེས་བྱ་བའི་དོན་
ཏེ། ས་བོན་འགག་པའི་དུས་གང་ཡིན་པ་ཉིད་མྱུ་གུ་སྐྱེ་བའི་དུས་ཉིད་དེ་མ་ཡིན་ནོ། །གལ་ཏེ་འབྲས་བུའི་དུས་ན་རྒྱུ་ཡོད་པ་མ་ཡིན་ན། དངོས་པོ་མེད་པ་སྔོན་དུ་སོང་བའི་འབྲས་བུ་ཡིན་པར་ཇི་ལྟར་མི་འགྱུར་ཞེ་ན། དེའི་ཕྱིར་ཇི་ལྟར་རྒྱུ་མེད་པ་དག་གི་མེད་པ་སྔོན་དུ་སོང་བ་མ་ཡིན་པ་ཞེས་
སྐབས་དང་སྦྱར་རོ། །ཇི་ལྟར་ན་འབྲས་བུ་དེ་ནི་མེད་པ་སྔོན་དུ་སོང་བ་མ་ཡིན་ཞེ་ན། དེའི་ཕྱིར་དེ་དང་འབྲས་བུ་དུས་མཉམ་པའི་ཕྱིར་རོ་ཞེས་སྨྲས་ཏེ། རྒྱུ་མེད་པ་དང་དུས་མཉམ་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་འདས་ནས་ཡུན་རིང་དུ་ལོན་པའམ། མ་འོངས་པའི་ཆོས་རྣམས་དག་ཅེས་
བྱ་བ་ནི་གང་འདས་ནས་ཡུན་རིན་དུ་ལོན་པ་དང་མ་འོངས་པ་དག་གོ། །དེའི་དབང་གིས་དེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ཀྱི་དབང་གིས་དེ་སྐྱེ་བའི་ཕྱིར་ཏེ། ཡིད་ཀྱི་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པ་དེ་སྐྱེ་བའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཆོས་རྣམས་དེའི་དམིགས་པ་ཙམ་ཡིན་པར་འགྱུར་རོ། །
Vol. 115 · folio 163a
དམིགས་པ་ཙམ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་དེ་སྐྱེས་ལ་འགགས་པ་དང་། ཕྱིས་འབྱུང་བར་འགྱུར་བ་དག་ཅེས་སྨྲས་ཏེ་གང་འགགས་ནས་ཡུན་རིང་དུ་ལོན་པ་དང་། མ་འོངས་པ་དེ་དག་ལ་འབྱུང་བར་འགྱུར་བའི་རྐྱེན་རྙེད་པ་ཡོད་པ་མ་ཡིན་ན་དེ་དག་ལ་རྣམ་
པར་ཤེས་པ་འདི་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་མི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདི་ཞེས་བྱ་བ་ནི་འདི་ལ་བྱའོ། །ཇི་ལྟ་ཞེ་ན། རྐྱེན་རྙེད་པ་ཡོད་ན་ནི་དེ་དག་ལ་རྣམ་པར་ཤེས་པ་སྐྱེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་དེ་སྐྱེས་ལ་
འགགས་པ་དང་། འབྱུང་བར་འགྱུར་བ་དག་ལ་འབྱུང་བར་འགྱུར་བ་མེད་ན་ཅི་ཞེ་ན། རྣལ་འབྱོར་པ་རྣམས་ཀྱི་མཐུའི་བྱེ་བྲག་གིས་དེ་དག་ལ་ཤེས་པ་སྐྱེ་བར་མི་འགྱུར་ཏེ། མི་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །རྣལ་འབྱོར་པ་ལས་གཞན་དག་གི་དེ་ལས་
སྐྱེས་པའི་རྣམ་པར་ཤེས་པ་བསྒོས་པའི་རྒྱུད་ཡོངས་སུ་འགྱུར་བའི་བྱེ་བྲག་གིས་ཞེས་བྱ་བ་ནི་དེ་དག་ལས་སྐྱེས་པ་ནི་དེ་ལས་སྐྱེས་པའོ། །དེ་ལས་སྐྱེས་པ་ཡང་ཡིན། རྣམ་པར་ཤེས་པ་ཡང་དེ་ཡིན་པས་དེ་ལས་སྐྱེས་པའི་རྣམ་པར་ཤེས་པ་སྟེ། མངོན་སུམ་གྱི་དོན་དེ་ལ་དམིགས་པའི་རྣམ་པར་ཤེས་
པའོ། །དེས་བསྒོས་པའི་རྒྱུད་ནི་དེ་ལས་སྐྱེས་པའི་རྣམ་པར་ཤེས་པས་བསྒོས་པའི་རྒྱུད་དོ། །དེའི་ཡོངས་སུ་འགྱུར་བའི་བྱེ་བྲག་ནི་དེ་ལས་སྐྱེས་པའི་རྣམ་པར་ཤེས་པས་ཡོངས་སུ་བསྒོས་པའི་རྒྱུད་ཡོངས་སུ་འགྱུར་བའི་བྱེ་བྲག་གོ། །དེ་ནི་གལ་ཏེ་དེ་སྐྱེས་ལ་འགགས་པ་འདས་པ་རྣམས་ལ་དྲན་
པའི་ཤེས་པ་དེ་སྐྱེ་བར་མི་འགྱུར་རོ། །མ་འོངས་པ་ལ་ཞེས་རྒྱས་པར་འབྱུང་བ་ནི་མ་འོངས་པ་ཕྱིས་འབྱུང་བ་རྣམས་ལ། རྗེས་སུ་དཔོག་པའམ། མངོན་པར་འདོད་པ་སྔོན་མྱོང་བའི་རྗེས་སུ་དེ་དང་རིགས་གཅིག་པའི་རྗེས་སུ་དཔོག་པ་དང་། མངོན་པར་འདོད་པས་ཀྱང་གལ་ཏེ་འབྱུང་བར་འགྱུར་བའི་
རྐྱེན་རྙེད་པ་ཡོད་པ་མ་ཡིན་ན་ཤེས་པ་སྐྱེ་བར་མི་འགྱུར་རོ། །ཕྱིས་འབྱུང་བ་ལ་རྗེས་སུ་དཔོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་པ་ནི། རྗེས་སུ་དཔོག་པར་བྱེད་པའོ། །དེ་བཞིན་དུ་མངོན་པར་འདོད་པ་དང་མཚུངས་པར་ལྡན་པའི་ཤེས་པ་ནི་མངོན་པར་འདོད་པའོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words