རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) པྲ་ཏཱི་ཏྱ་ས་མཏྤཱ་ད་ཨཱ་དི་བི་བྷངྒ་ནིར་དེ་ཤ་སྱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 115 · folio 189b

གང་ལ་ལས་ཀྱི་བག་ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ཡོད་པ་ཞེས་རྒྱས་པར་སྨྲས་ཏེ། འདུ་བྱེད་སྐད་ཅིག་མ་རྣམས་ནི་སྐད་ཅིག་རེ་རེ་ལ་ཡོངས་སུ་གྱུར་པའི་བྱེ་བྲག་ཡོད་པ་ཡིན་ནོ། །དེ་བས་ན་ཡོངས་སུ་གྱུར་པའི་བྱེ་བྲག་འགའ་ཞིག་སྟོན་པར་བྱེད་པ་ནི་གང་ལ་ལས་ཀྱི་བག་ཆགས་ཀྱི་གནས་

སྐབས་ཡོངས་སུ་གྱུར་པའི་བྱེ་བྲག་ཡོད་པ་རང་གི་འབྲས་བུ་མངོན་པར་འགྲུབ་པར་བྱེད་པ་དེ་ནི་འདིའི་འཇུག་པ་ཞེས་བྱ་བ་ཡིན་ཏེ་ཡོངས་སུ་གྱུར་པའི་བྱེ་བྲག་དེ་ནི་བག་ཆགས་འདིའི་འཇུག་པ་ཡིན་པར་བསྟན་ཏེ། དཔེར་ན་མ་དུ་ལུང་གའི་མེ་ཏོག་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བསྒོས་པ་ཅི་ཞེ་ན། ཡོངས་

སུ་གྱུར་པའི་བྱེ་བྲག་གིས་གེ་སར་དམར་པོར་མངོན་པར་འགྲུབ་པར་བྱེད་པ་ནི་འཇུག་པ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །གང་གི་ཕྱིར་སྲིད་པའི་རྐྱེན་གྱིས་ལེན་པ་ཡིན་པར་རྟོག་པར་བྱེད་ཅེ་ན། དེའི་ཕྱིར། ཚོར་བ་ལ་སྲེད་པ་ནི་གདོན་མི་ཟ་བར་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། དེ་དང་ལྡན་པ་དང་བྲལ་བར་

བྱ་བའི་ཕྱིར་ཞེས་བྱ་བ་ནི་ཚོར་བ་དང་ལྡན་པ་དང་བྲལ་བར་བྱ་བའི་ཕྱིར་ཏེ། དེ་བས་ན་བདེ་བའི་ཚོར་བ་དང་ལྡན་པར་བྱ་བའི་ཕྱིར་དང་། སྡུག་བསྔལ་གྱི་ཚོར་བ་དང་བྲལ་བར་བྱ་བའི་ཕྱིར་འདོད་པ་ལ་སོགས་པ་ལེན་པར་བྱེད་ལ་ཞེས་བྱ་བ་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་།

བདག་ཏུ་སྨྲ་བ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །མེད་ན་མི་འབྱུང་བ་ཉིད་ཡིན་པར་སྟོན་པ་ནི་བདེ་བ་དང་སྡུག་བསྔལ་གཉིས་ཀྱི་ཚོར་བ་ལ་ལྡན་པ་དང་བྲལ་བར་སྲེད་པ་ནི་གདོན་མི་ཟ་བར་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་པར་བྱེད་དོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཡིན་ཏེ། དེ་

ལྟར་ན་ལེན་པ་མེད་པར་ཡང་ལས་རྣམས་སྲིད་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་སྲིད་པའི་རྐྱེན་ཁོ་ནས་སྲིད་པ་ཡིན་པར་འདོད་པ་མ་ཡིན་ཞེས་བྱའོ། །འདོད་པ་ལ་སོགས་པ་ལེན་པ་མེད་པར་ཡང་ཞེས་བྱ་བ་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་

ལེན་པའོ། །ཅི་ཞེ་ན། ཚོར་བ་ཙམ་ལ་སྲེད་པས་ནི་ལས་སྣ་ཚོགས་ཀུན་ནས་སློང་བར་བྱེད་པ་མ་ཡིན་ལ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་རྣམས་ལྡན་པ་དང་བྲལ་བ་ལ་སོགས་པར་སྲེད་པ་སྣ་ཚོགས་མ་ཡིན་པ་ལུས་དང་ལོངས་སྤྱོད་

Vol. 115 · folio 190a

སྒྲུབ་པར་བྱེད་པ་ཅན་གྱིས་ནི། ལས་སྣ་ཚོགས་ཀུན་ནས་སློང་བར་བྱེད་པ་མ་ཡིན་གྱི། ལེན་པས་ཡིན་ཏེ། འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་སྣ་ཚོགས་ལས་བྱུང་བའི་འདོད་ཆགས་རྣམ་པ་སྣ་ཚོགས་འགྲུབ་པའི་ཕྱིར་རོ། །

འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་ཀྱི་སྒོ་ནས་ཀུན་ནས་བསླང་བའི་ལས་སྣ་ཚོགས་ནི་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་སྣ་ཚོགས་ལ་འདུན་པ་དང་འདོད་ཆགས་ཀྱི་སྒོ་ནས་ཏེ། སྒོ་དེ་ཁོ་ན་ནས་ཕྱིས་སྲིད་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་

འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་ཀྱི་སྒོ་ཁོ་ན་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཡང་སྲེད་པའི་རྐྱེན་ཁོ་ནས་སྲིད་པ་ཡིན་པར་འདོད་པ་མ་ཡིན་ནོ། །ངན་སོང་དུ་འགྲོ་བས་སྐྲག་པ་དང་བདེ་འགྲོ་འདོད་པ་རྣམས་ཀྱི་འགྲོ་བ་དེ་དང་མི་མཐུན་པའི་སྲེད་པ་ངན་སོང་དུ་འགྲོ་བ་དང་མི་མཐུན་

ཞིང་དེ་དང་མི་འཕྲོད་པ་ཞེས་བྱ་བའི་དོན་གང་ཡིན་པ་དེ་ནི་ངན་སོང་དུ་འགྲོ་བའི་ལས་རྣམས་སྲིད་པར་བྱེད་པའི་རྐྱེན་དུ་འཐད་པ་མ་ཡིན་ཏེ། ངན་སོང་ལས་ཕྱིར་ཕྱོགས་པ་ཡིན་པའི་ཕྱིར་རོ། །བདེ་འགྲོའི་ཚོར་བ་ལ་སྲེད་པ་སྔོན་དུ་སོང་བའི་འདོད་པ་ལ་སོགས་པ་ལ་འདུན་པ་དང་འདོད་ཆགས་ནི་འཐད་

པ་ཡིན་ནོ་ཞེས་བྱ་བ་ནི་ངན་སོང་བའི་འགྲོ་བ་ལ་སྐྲག་པ་དང་། བདེ་འགྲོ་འདོད་པ་དེ་དག་རྣམས་ཀྱིའོ། །དེ་ལྟར་ན་སྲིད་པའི་རྐྱེན་གྱིས་ལེན་པ་ཉིད་ཡིན་པ་ནི་ཐམས་ཅད་དུ་འགལ་བ་མེད་པ་ཡིན་ནོ། །གང་དག་གི་སྲེད་པ་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། ཡང་སྲིད་དང་མི་མཐུན་པར་བྱེད་

པ་དག་གི་ནི་དེའི་རྐྱེན་གྱིས་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྲེད་པའི་རྐྱེན་གྱིས། ཇི་ལྟར་ལས་དག་སྲིད་པར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྲེད་པ་ཡང་སྲིད་དང་རྗེས་སུ་མཐུན་པ་མ་ཡིན་པ་ནི་སྡུག་བསྔལ་གྱི་ཚོར་བ་དང་བྲལ་བར་འདོད་པ་ཡིན་ཏེ། སྲིད་པ་ལ་

རྒྱབ་ཀྱིས་ཕྱོགས་པའི་སྲིད་པའི་རྐྱེན་གྱིས་ལྟ་བ་ལ་སོགས་པའི་ལེན་པ་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ཡང་སྲིད་པའི་རྐྱེན་ཁོ་ནས་སྲིད་པ་ཡིན་པར་བསྟན་པ་མ་ཡིན་ནོ། །འོ་ན་གང་བཅོམ་ལྡན་འདས་ཀྱིས་གཞན་ནས་དགའ་བ་ཉིད་ལེན་པ་ཡིན་པར་གསུངས་ལ། དེའི་རྐྱེན་གྱིས་ཀྱང་སྲིད་པ་

Vol. 115 · folio 190b

ཡིན་པར་ཚོར་བའི་མདོ་སྡེ་ལས་གསུངས་པར་རྒྱས་པར་འབྱུང་བ་དེ་དག་གིས་ནི་སྲེད་པའི་རྐྱེན་ཁོ་ནས་སྲིད་པར་འགྱུར་བ་ཡིན་པར་སྟོན་པར་བྱེད་པ་ནི་དགའ་བ་དེ་ནི་སྲེད་པ་ཡིན་པར་བསམས་པའོ། །དེ་ཉིད་ཀྱི་ཕྱིར་ཡང་འབྱུང་བ་བའི་སྲེད་པ་དགའ་བ་འདོད་ཆགས་དང་མཚུངས་པར་ལྡན་པའོ་ཞེས་འབྱུང་བས་

མདོ་སྡེའི་ཚིག་འདི་དག་སྲེད་པ་ཡིན་པར་རུང་ལ། དེར་ཡང་ལྷ་རྣམས་མགུ་བ་ནི་དགའ་བ་ལ་བརྟེན་པ་ཡིན་ནོ་ཞེས་ཀྱང་གསུངས་སོ་ཞེ་ན་ཞེས་སྨྲས་སོ། །སྲིད་པ་དང་འདོད་ཆགས་མཚུངས་པར་ལྡན་པ་སྲེད་པ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་ཞེས་བྱ་བ་ནི་གཞན་དང་གཞན་འདྲེས་པ་ལ་དེ་དང་མཚུངས་པར་ལྡན་

པ་ཞེས་བྱ་བ་སྟེ། དཔེར་ན་བྱམས་པ་དང་ལྡན་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་མོ་ཞེས་བྱ་བ་བཞིན་ནོ། །དགའ་བ་ཡང་དགའ་བར་བྱེད་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་དགའ་བ་ཞེས་བྱ་བ་ནི་འདོད་ཆགས་དང་མཚུངས་པར་ལྡན་པའོ། །ལེན་པ་ནི་ཚོར་བ་ཁོ་ན་ཡིན་ནོ་ཞེས་བྱ་

བར་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དངོས་པོའི་རང་གི་མཚན་ཉིད་ཡིན་པའི་ཕྱིར་དང་། འདིར་འདུན་པ་དང་འདོད་ཆགས་གང་ཡིན་པ་ཉེ་བར་ལེན་པ་ཡིན་པར་གསུངས་པའི་ཕྱིར་རོ། །ཚོར་བ་ལ་དགའ་བ་ནི་སྲིད་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་དེ་དང་ལྡན་པ་དང་བྲལ་བ་སྲེད་པ་ཡིན་ཏེ། དགའ་བ་ནི་བདེ་

བའི་ཚོར་བའི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་ཡང་ལེན་པ་ཡིན་ཏེ་ཞེས་བྱ་བ་ནི་སྲེད་པ་དེ་ཡང་རྒྱུ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །རྒྱུའི་རྒྱུ་ལ་དེའི་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་ལེན་པའི་རྒྱུ་ནི་སྲེད་པ་ཡིན། སྲེད་པའི་རྒྱུ་ནི་དགའ་བ་ཡིན་པས་རྒྱུའི་རྒྱུ་ཡིན་ནོ། །དེའི་ཞེས་གང་སྨྲས་པ་ནི་དེའི་ཞེས་བྱ་བ་གང་

ཟག་དང་སྦྱར་ཏེ། གང་ཟག་དེའི་ལེན་པའི་རྒྱུ་ལ་ལེན་པ་ཡིན་ནོ་ཞེས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཚོར་བ་ལ་དགའ་བ་མང་བ་རྣམས་ཡིད་འབྱུང་བ་སྐྱེད་པའི་ཕྱིར་ཏེ། དགའ་བ་ཉིད་ལེན་པ་ཡིན་ནོ་ཞེས་བྱས་ན་དེ་དག་ཚོར་བ་ལ་ཡིད་འབྱུང་བ་སྐྱེ་བར་འགྱུར་ཏེ། དགའ་བའི་ཉེས་དམིགས་མཐོང་བའི་ཕྱིར་རོ། །དེས་དེ་ལ་

བར་ཆད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་དེས་ཚངས་པར་སྤྱོད་པ་དེ་ལ་བར་ཆད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དྲི་མ་བརྒྱུད་པའི་རྒྱུ་ཡིན་པས་བུད་མེད་ལ་དྲི་མའོ་ཞེས་ཉེ་བར་གདགས་ཏེ་ཞེས་བྱ་བ་ནི་བུད་མེད་མཐོང་ན་ཞེས་རྒྱས་པར་ཇི་སྐད་དུ་སྨྲས་པའི་རིམ་པས་སོ། །དཔེར་ན། སངས་

Vol. 115 · folio 191a

རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་སངས་རྒྱས་འབྱུང་བ་ཁོ་ན་བདེ་བ་མ་ཡིན་གྱི། ཞལ་མཐོང་ན་དང་བ་སྐྱེ་བར་འགྱུར་ལ། དང་བ་ལས་བདེ་བར་འགྱུར་བ་ཡིན་ནོ། །ཆོས་བསྟན་པ་ཡང་བདེ་བའོ། །ཞེས་བྱ་བ་ཡང་དེ་བཞིན་དུ་སྦྱར་རོ། །སོགས་པའི་སྒྲས་རྒྱུའི་རྒྱུ་གཞན་

ལ་ཡང་དེ་བཞིན་དུ་ཉེ་བར་གདགས་པ་བསྒྲུབ་པར་བྱའོ། །སྨྲས་པ། གལ་ཏེ་སྲིད་པའི་བརྒྱུད་པའི་རྒྱུ་སྲེད་པ་ཡིན་ན། འོ་ན་ཅིའི་ཕྱིར་མདོ་སྡེ་གཞན་ལས་སྲིད་པ་ཉིད་ཀུན་འབྱུང་བའི་བདེན་པར་གསུངས། སྲིད་པ་ཉིད་ཀུན་འབྱུང་བའི་བདེན་པར་བརྗོད་པར་བྱ་དགོས་སོ་ཞེས་བསམས་པ་སྟེ། སྲིད་པས་

ཡང་སྲིད་འབྱུང་བའི་ཕྱིར་རོ། །ཡང་ན་སྲིད་པའི་རྒྱུའི་རྒྱུ་སྲིད་པ་ཡང་ཀུན་འབྱུང་གི་བདེན་པར་བསྟན་ན། ལེན་པ་ནི་སྲིད་པའི་མངོན་སུམ་གྱི་རྒྱུ་ཡིན་ཡང་ཀུན་འབྱུང་གི་བདེན་པར་མ་བསྟན་ན་ཅིའི་ཕྱིར་སྲིད་པ་ཀུན་འབྱུང་གི་བདེན་པར་མདོ་སྡེ་ལས་བསྟན། སྡུག་བསྔལ་གྱི་བདེན་པ་རྒྱས་པར་བསྟན་

ནས་ཀུན་འབྱུང་གི་བདེན་པ་གང་ཞེ་ན། སྲིད་པ་ཡང་འབྱུང་བ་དགའ་བ་འདོད་ཆགས་དང་མཚུངས་པར་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །རྩ་བ་བཅད་ཕྱིར་དེ་སྐད་དུ་གསུངས་སོ་ཞེས་བྱ་བ་ནི་ཡང་སྲིད་ཀྱི་རྩ་བ་བཅད་པའི་ཕྱིར་སྲེད་པ་དེ་ཉིད་ཀུན་འབྱུང་གི་བདེན་པ་

ཡིན་པར་གསུངས་ཏེ། དེ་རྒྱུན་བཅད་ན་རྩ་བ་བྱུང་བས་ཡང་སྲིད་འགྲུབ་པར་མི་འགྱུར་རོ། །དེ་རྒྱུན་བཅད་པ་ཉིད་ཀྱིས་ལན་པ་རྒྱུན་བཅད་པ་ཡིན་པས་སྲིད་པའི་མངོན་སུམ་གྱི་རྒྱུ་ཉིད་ཡིན་པ་ནི་ཀུན་འབྱུང་གི་བདེན་པར་མ་གསུངས་སོ། །ཡང་ན་ལེན་པ་དང་ལྷན་ཅིག་པ་དེ་ལ་བསྟན་ཏེ་ཞེས་བྱ་བ་ནི་སྲེད་

པ་དེ་ལ་ཀུན་འབྱུང་བའི་བདེན་པར་བསྟན་ཏེ། དེས་ཉེ་བར་ལེན་པ་ཡིན་པས་ཀུན་འབྱུང་གི་བདེན་པའོ་ཞེས་སྟོན་ཏོ། །དེ་ལ་ཐ་དད་པ་མེད་པར་ཡང་སྲིད་འདོད་པ་ནི་ཡང་འབྱུང་བ་པའི་སྲེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། གང་གིས་འདི་ལ་འདོད་པ་ཡིན་གྱི། ལྷར་ཤོག་ཅིག་ཅེའམ། མིར་ཤོག་

ཅིག་ཅེས་བྱ་བ་ནི་མ་ཡིན་ནོ། །ཐོབ་པའི་དངོས་པོ་ལ་དམིགས་པའི་དགའ་བ་དང་འདོད་ཆགས་གཉིས་འདྲེས་པའི་ཕྱིར་དགའ་བ་འདོད་ཆགས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ལུས་དང་ལོངས་སྤྱོད་ཀྱི་དངོས་པོ་ལ་དམིགས་པའི་དགའ་བ་དང་འདོད་ཆགས་གཉིས་རིམ་གྱིས་འབྱུང་བ་ན་དེ་

Vol. 115 · folio 191b

གཉིས་འདྲེས་པའི་ཕྱིར་དེ་དང་ལྡན་པ་ཞེས་བྱའོ། །དེ་ལ་དགའ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འདོད་ཆགས་ནི་ཆགས་པའི་མཚན་ཉིད་ཡིན་པར་གྲགས་པ་ཉིད་ཡིན་ནོ། །ཐོབ་པའི་ལོངས་སྤྱོད་སྣ་ཚོགས་དང་ལུས་ཀྱི་དངོས་པོ་འདོད་པ་ནི་དེ་དང་དེ་ལ་

མངོན་པར་དགའ་བ་དང་། ཡང་འབྱུང་བ་པའི་སྲེད་པ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །མ་ཐོབ་པའི་ལོངས་སྤྱོད་སྣ་ཚོགས་འདོད་པ་འདི་ཡང་སྣ་ཚོགས་ལ་དམིགས་པ་ཡིན་པའི་ཕྱིར་ཐ་དད་པར་ཕྱེ་སྟེ། ཡང་སྲིད་ཀྱི་མཚན་ཉིད་ལ་སྲེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དང་དེ་ལ་མངོན་པར་

དགའ་བར་བྱེད་དོ་ཞེས་གསུངས་སོ། །ཐོབ་པ་དང་མ་ཐོབ་པའི་ལུས་ཀྱི་དངོས་པོ་གཉིས་དང་ཡུལ་གཉིས་ལ་ཞེས་རྒྱས་པར་འབྱུང་བ་ནི་ཐོབ་པའི་ལུས་ལ་ནི་ཡང་འབྱུང་བའི་སྲེད་པའོ། །ཐོབ་པའི་ཡུལ་ལ་ནི་དགའ་བ་འདོད་ཆགས་དང་ལྡན་པའི་སྲེད་པའོ། །མ་ཐོབ་པའི་ཡུལ་ལ་ནི་དེ་དང་དེ་ལ་

མངོན་པར་དགའ་བའི་སྲེད་པའོ། །དེ་ལྟར་སྲེད་པ་རྣམ་པ་བཞི་གོ་རིམས་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ན་དང་པོ་ནི་རྣམ་གྲངས་ཀྱི་སྲེད་པ་ཡང་འབྱུང་བ་པ་ཡིན་ཏེ། དེ་ལྟར་མ་ཕྱེ་བར་གཅིག་གིས་བསྟན་ཏོ། །གཉིས་པ་ནི་རྣལ་འབྱོར་སྤྱོད་པའི་ཚུལ་དུ་བཤད་པར་ཕྱེ་ནས་སྲེད་པ་རྣམ་པ་

གཉིས་སུ་བསྟན་ཏོ། །ཡང་འབྱུང་བ་པའི་སྲེད་པ་ལོགས་ཤིག་ཏུ་བསྟན་པ་ཡང་ཐ་དད་པར་དབྱེའོ། །དེ་བས་ན་ལེན་པའི་མཚན་ཉིད་འདུན་པ་དང་འདོད་ཆགས་ཀྱང་འདིར་འདུས་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་འདིར་ཡིན་ཏེ། དགའ་བ་འདོད་ཆགས་དང་ལྡན་པ་དང་དེ་དང་དེ་ལ་མངོན་པར་

དགའ་བར་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་མདོ་སྡེ་འདི་ལས་ཇི་ལྟར་རིག་པར་བྱ་ཞེ་ན་ཞེས་བྱ་བ་ནི་ལས་ནི་ཞིང་། སྲེད་པ་ནི་རླན། རྣམ་པར་ཤེས་པ་ནི་ས་བོན་ཞེས་བསྟན་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདིར་ཇི་ལྟར་རིགས་པར་བྱ་ཞེས་བྱ་བ་ཡིན་ནོ། །དེ་དག་འདིར་བསྟན་

པའི་ཕྱིར་སྲིད་པའི་གནས་སྐབས་ཀྱི་ལས་ནི་ཞིང་ཡིན་ནོ་ཞེས་སྨྲས་ཏེ། དེ་ལ་རྣམ་པར་གནས་པའི་ལས་ནི་འདུ་བྱེད་ཀྱི་གནས་སྐབས་དང་སྲིད་པའི་གནས་སྐབས་སོ། །དེ་ལ་འདིར་སྲིད་པའི་གནས་སྐབས་ཀྱི་ལས་ནི་ཞིང་དུ་བསྟན་པ་ཡིན་ནོ། །དེར་ཉེ་བར་འགྲོ་བ་ལན་པ་དང་བཅས་པའི་རྣམ་པར་ཤེས་

Vol. 115 · folio 192a

པ་ནི་ས་བོན་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་འགྲོ་བས་ན་འགྲོ་བ་སྟེ་ལས་དེ་འགྲོ་བ་ནི་ཉེ་བར་འགྲོ་བ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། གལ་ཏེ་བསོད་ནམས་ཀྱི་འདུ་བྱེད་མངོན་པར་འདུ་བྱེད་ན་བསོད་ནམས་ཀྱིས་རྣམ་པར་ཤེས་པ་ཉེ་བར་འགྲོ་བ་ཡིན་ནོ་ཞེས་རྒྱས་པར་

གསུངས་པ་ཡིན་ཏེ། ལེན་པ་གང་གིས་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དེ་ས་བོན་ཡིན་ནོ། །ལེན་པ་དེ་ཉིད་ནི་རླན་ཡིན་ནོ། །རྣམ་པ་དེ་གསུམ་ཞེས་བྱ་བ་ནི་ལས་ཞིང་དང་། རྣམ་པར་ཤེས་པ་ས་བོན་དང་། ལེན་པ་རླན་རྣམས་ཡིན་ནོ། །མ་རིག་པ་ནི་རླན་མི་ཟད་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་

ཞེས་རྒྱས་པར་འབྱུང་བ་ལ། རླན་མི་ཟད་པའི་རྒྱུ་ཞེས་བྱ་བ་ནི་ལེན་པའི་རླན་མི་ཟད་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་ནང་ནས་འབྱུང་བ་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེ་འདིའི་ནང་ནས་སེམས་ཅན་དེ་དག་གི་མ་རིག་པ་མུན་པར་གྱུར་པ་ནི་ཞེས་འབྱུང་བ་ཡིན་ནོ། །གཞན་ལས་ནི་རྣམ་གྲངས་ཀྱིས་རྣམ་པར་

ཤེས་པའི་གནས་བཞི་སྟེ་ཞེས་རྒྱས་པར་འབྱུང་བ་ལ། མདོ་སྡེ་གཞན་ལས་ནི་རྣམ་པར་ཤེས་པའི་གནས་བཞི་སྟེ། གཟུགས་ལ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་གནས་པ་དང་། ཚོར་བ་ལ་ཉེ་བར་འགྲོ་བ་དང་། འདུ་ཤེས་ལ་ཉེ་བར་འགྲོ་བ་དང་། འདུ་བྱེད་ལ་ཉེ་བར་འགྲོ་བ་སྟེ། རྣམ་པར་ཤེས་

པའི་གནས་བཞི་པོ་དེ་དག་རྣམ་གྲངས་ཀྱིས་ཞིང་ཡིན་པར་སྟོན་ཏོ། །ཇི་ལྟ་ཞེ་ན། དགེ་སློང་དག་རྣམ་པར་ཤེས་པའི་གནས་ཞེས་རྒྱས་པར་འབྱུང་བ་ཡིན་ཏེ། སའི་ཁམས་ཀྱི་ཚིག་བླ་དགས་ཞེས་གསུངས་པའི་ཕྱིར་རྣམ་པར་ཤེས་པའི་གནས་བཞི་ནི་རྣམ་གྲངས་ཀྱིས་ཞིང་ཡིན་པར་སྟོན་ལ། སའི་

ཁམས་ནི་ཞིང་ཡིན་པར་སྟོན་ཏེ། ཇི་སྐད་དུ། དགེ་སློང་དག་རྣམ་པར་ཤེས་པའི་གནས་བཞི་ལ་ཞིང་ཞེས་བྱ་བ་ནི་དེའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་སོ། །དེ་ལས་ཅིར་འགྱུར་ཞེ་ན། ཡུལ་གང་ལ་དགའ་བ་དང་འདོད་ཆགས་པ་ནི་ཞེས་རྒྱས་པར་འབྱུང་བ་ལ། ཡུལ་གང་ལ་དགའ་བ་དང་།

འདོད་ཆགས་པ་ནི་རྣམ་པར་ཤེས་པའི་གནས་བཞི་ཡུལ་དེ་ལ་དམིགས་པ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་བརླན་པར་བྱེད་དོ། །མིང་དང་གཟུགས་དེ་ནི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་གནས་བཞིའོ། །དེའི་ཞིང་ཡིན་པར་འདིར་གསུངས་སོ་ཞེས་བྱ་བ་

Vol. 115 · folio 192b

ནི་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དེའི་འོ། །འདིར་ཞེས་བྱ་བ་ནི་མདོ་སྡེ་འདིར་རོ། །དཔེར་ན་གང་ལ་བརྟེན་ནས་ཆུས་ས་བོན་བརླན་པར་བྱེད་པ་དེ། ས་བོན་གྱི་ཞིང་ཡིན་པར་སྨྲས་པ་དེ་བཞིན་ནོ། །དེ་ལ་གཟུགས་ལ་ཉེ་བར་འགྲོ་ཞིང་རྣམ་པར་ཤེས་པ་གནས་པ་ནི་འདོད་པའི་

ཁམས་སོ། །ཚོར་བ་ལ་ཉེ་བར་འགྲོ་བ་ནི་བསམ་གཏན་ནོ། །འདུ་ཤེས་ལ་ཉེ་བར་འགྲོ་བ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་ལ་ཉེ་བར་འགྲོ་བ་ནི་སྲིད་པའི་རྩེ་མོ་པ་ཡིན་ནོ་ཞེས་བརྗོད་དེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་ལ་སྲེད་པའི་དབང་གིས་རྣམ་པར་

ཤེས་པ་གནས་པ་ཡིན་ནོ་ཞེས་བྱ་སྟེ། ཕུང་པོ་བཞི་ནི་ཇི་ལྟར་སྲིད་པར་རྣམ་པར་ཤེས་པའི་གནས་བཞི་ཡིན་ནོ། །ལས་ཀྱི་སྲིད་པ་ལ་མ་བརྟེན་པར་ཞེས་རྒྱས་པར་འབྱུང་བ་ནི་ལས་ཀྱི་སྲིད་པའི་སྟོབས་ཀྱིས་རིས་མཐུན་པ་གཞན་དུ་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བས་ལས་ནི་ཞིང་ཡིན་པར་མདོ་

སྡེ་དེ་ལས་བསྟན་པ་ཡིན་ཏེ། དཔེར་ན་ཞིང་གི་སའི་སྟོབས་ཀྱིས་འབྲས་བུ་ལ་སོགས་པའི་ས་བོན་སྐྱེ་བ་བཞིན་ནོ། །འདི་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་སྐྱེ་བ་དང་མངོན་པར་འགྲུབ་པ་དེ་གཉིས་ལའོ། །ཇི་ལྟར་ན་ལས་དང་སྲེད་པ་དེ་གཉིས་རྒྱུ་ཡིན་ཞེ་ན་ཞེས་བྱ་བ་ནི་

ལས་རྒྱུ་ཡིན་པར་ཇི་ལྟར་འཐད། མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ཡང་སྲེད་པ་ཇི་ལྟར་ཡིན་ཞེས་བྱ་བ་ཡིན་ནོ། །སེམས་ཅན་གྱི་རིས་དེ་དང་དེར་ཞེས་རྒྱས་པར་འབྱུང་བ་ལ་སེམས་ཅན་གྱི་རིས་དེ་དང་དེར་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་རིས་སུའོ། །སྐལ་

བ་འདྲ་བར་འགྲོ་བ་ཞེས་བྱ་བ་ནི་འདྲ་བར་འགྲོ་བ་སྟེ། ཇི་ལྟ་ཞེ་ན། སྐྱེ་བ་འདྲ་བར་འགྲོ་བས་ན་དེ་དང་མཐུན་པར་འགྲོ་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ལྷ་ལ་སོགས་པའི་སེམས་ཅན་གྱི་རིས་སུ་འདྲ་བར་ཉེ་བར་འགྲོ་བ་ནི་སྐྱེ་བ་ཡིན་པར་བསྟན་ཏོ། །ལས་དང་རྗེས་སུ་མཐུན་པར་ཉེ་བར་

འགྲོ་བ་ནི་སེམས་ཅན་གྱི་རིས་དེ་དང་དེར་སྐྱེ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་སོ། །དེའི་རྒྱུ་ནི་ལས་ཡིན་ཏེ་ཞེས་བྱ་བ་ནི་སྐྱེ་བ་དེའིའོ། །ལས་སྣ་ཚོགས་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པ་དང་བཅས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་ས་བོན་དང་མཐུན་པར་མྱུ་གུ་མང་པོ་འབྱུང་

Vol. 115 · folio 193a

བ་ནི་ས་བོན་རྣམ་པ་མང་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་ཐམས་ཅད་དུ་དེ་ས་བོན་དང་མཐུན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ལས་སྣ་ཚོགས་ཡིན་པའི་ཕྱིར་རིས་མཐུན་པ་རྣམ་པ་མང་པོ་ཐ་དད་པར་སྐྱེ་བའི་རྒྱུ་ཉིད་དུ་འཐད་པ་ཉིད་དོ། །

དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་ཡང་ལས་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ཏེ། དེ་བས་ན་དེ་ནི་སྐྱེ་བའི་རྒྱུ་ཉིད་དུ་རིགས་པ་ཡིན་ནོ། །དེ་ལྟར་ན་སྐྱེ་བའི་རྒྱུ་ལས་ཡིན་ནོ་ཞེས་རིགས་པ་བསྟན་པ་ཡིན་ནོ། །ལུང་ཡང་ཡོད་དོ་ཞེས་སྟོན་པ་ནི། ཇི་སྐད་དུ་དེ་བས་ན་བདག་ནི་སེམས་ཅན་རྣམས་ཞེས་རྒྱས་

པར་གསུངས་པ་ཡིན་ནོ། །ཐ་དད་པ་མེད་པར་སྲིད་པ་ནི་མངོན་པར་འདོད་པ་ཡིན་ནོ། །མངོན་པར་འགྲུབ་པ་ནི་འགྲུབ་པ་ཡིན་ཏེ་ཞེས་བྱ་བ་ངེས་པའི་ཚིག་གི་ཚུལ་གྱིས་ཏེ། ཐ་དད་པ་མེད་པར་སྲེད་པ་གང་ཡིན་པ་ནི་འདི་འབའ་ཞིག་ལ་མངོན་པར་འདོད་པ་གང་ཡིན་པའོ། །དེའི་མཚན་ཉིད་ཀྱང་འདི་ལྟ་སྟེ། རིས་

མཐུན་པའི་སྐལ་བ་འདྲ་བ་ཐམས་ཅད་དུ་ཕུང་པོར་གཞན་འབྱུང་བ་ཙམ་སྟེ་ཞེས་བྱ་བ་ཡིན་ཏེ། ཙམ་སྨོས་པ་ནི་བྱེ་བྲག་བསལ་བ་ཡིན་ནོ། །དེའི་རྒྱུ་ནི་སྲེད་པ་ཡིན་ནོ་ཞེས་བྱ་བ་ནི་མངོན་པར་འགྲུབ་པ་དེའིའོ། །དེ་ལ་ཐ་དད་པ་མེད་པའི་ཕྱིར་དང་ཞེས་བྱ་བ་ནི་ལྷ་དང་མིའི་མདོག་དང་ཚུལ་དང་གནས་པའི་

རྣམ་པ་ཐ་དད་པ་མེད་པར་ཕྱིས་ཀྱང་ཡོད་པར་འདོད་པའི་སྲེད་པ་དེ་ལའོ། །རྣམ་པར་སྨིན་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདི་ལྟར་དེ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པས་སོ། །དམིགས་ཀྱིས་ཕྱེ་བའི་དངོས་པོ་པ་ནི་འདོད་པ་ན་སྤྱོད་པའི་དགེ་བ་ཡིན་ནོ་

ཞེས་བྱ་བ་ནི་དམིགས་ཀྱིས་ཕྱེ་བའི་ལུས་ལ་སྲེད་པ་ནི་དམིགས་ཀྱིས་ཕྱེ་བའི་དངོས་པོ་པ་འདོད་པ་ན་སྤྱོད་པའི་དགེ་བ་ཡིན་གྱི་གཟུགས་ན་སྤྱོད་པ་མ་ཡིན་ནོ། །སྤྱིར་འཇུག་པ་ནི་གལ་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་གང་དུ་སྐྱེས་པ་ས་དེ་པའི་ཡིན་པའི་རྣམ་པར་གཞག་གོ་ཞེས་བྱ་བ་ནི་དམིགས་ཀྱིས་མ་

ཕྱེ་བའི་དངོས་པོ་པ་འདོད་པའི་ཁམས་སམ་གཞན་གང་དུ་ཡང་རུང་སྐྱེས་པར་སྲིད་པ་ནི་ས་དེ་པར་རྣམ་པར་གཞག་གོ། །གལ་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་ཞེས་བྱ་བ་ནི་ས་དེ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་རིག་པར་བྱའོ། །

Vol. 115 · folio 193b

ལས་མེད་པར་ནི་ལུས་སྣ་ཚོགས་པར་མི་འགྱུར་ལ་ཞེས་བྱ་བ་ནི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྲེད་པ་མེད་པར་ནི་མངོན་པར་འགྲུབ་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི་ལས་ཡོད་དུ་ཟིན་ཀྱང་སྲེད་པ་མེད་ན་མངོན་པར་འགྲུབ་པ་མེད་པའི་ཕྱིར་རོ། །དཔེར་ན་ས་བོན་ཐ་དད་པ་མེད་པར་ཞེས་རྒྱས་པར་འབྱུང་བ་ནི་ས་བོན་ལྟ་

བུ་ནི་ལས་ཡིན་ནོ། །ཆུ་ལྟ་བུ་ནི་སྲེད་པ་ཡིན་ནོ། །ཡང་དཔེར་ན་ཆུས་བརླན་པའི་འཇིམ་པ་ལས་ཞེས་རྒྱས་པར་འབྱུང་བ་ལ། དེ་ཡང་བརྐོས་པ་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་བྱ་བ་ལ་དེ་ཡང་ཞེས་བྱ་བ་ནི་རྒྱའི་འབུར་ཏེ། དེ་ནི་བརྐོས་པ་དང་རྗེས་སུ་མཐུན་པ་ཡིན་ཏེ། ཡང་སྲིད་ཀྱང་དེ་འདྲ་ཞེས་བྱ་བའི་

དོན་ཏོ། །འཇིམ་གོང་གཤེར་བ་ལྟ་བུ་ནི་སྲེད་པ་དང་བཅས་པའི་རྣམ་པར་ཤེས་པའོ། །བརྐོས་པ་ལྟ་བུ་ནི་ལས་ཡིན་ནོ། །སྐྱེ་བ་དང་མངོན་པར་འགྲུབ་པ་གཉིས་ལ་ཐ་དད་དུ་བྱ་བ་ནི་སྨྲས་ཟིན་ཏོ། །ལས་དང་སྲེད་པ་དེ་གཉིས་རྒྱུ་ཡིན་པ་དེ་ཡང་སྨྲས་ཟིན་ཏོ། །འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འདིར་ཞེས་རྒྱས་

པར་འབྱུང་བ་ནི་གལ་ཏེ་ལས་ནི་སྐྱེ་བའི་རྒྱུ་ཡིན། སྲིད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ན། འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་འདིར་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས། སྲེད་པ་དང་ལས་ཀྱི་བར་དུ་ཅིའི་ཕྱིར་ལེན་པ་བཅུག་ཅེ་ན་ཞེས་བྱ་བ་ཡིན་ནོ། །

དེའི་བྱེ་བྲག་གིས་ཞེས་བྱ་བ་ནི་ལེན་པའི་བྱེ་བྲག་གིས་སོ། །ལས་བྱེ་བྲག་ཏུ་ཞེས་བྱ་བ་ནི་ལེན་པའི་བྱེ་བྲག་གིས་ལས་བྱེ་བྲག་ཏུ་སྲིད་པའི་དངོས་པོ་ཡིན་པར་བསྟན་པའི་ཕྱིར་རོ། །ཅི་ཞེ་ན། སྲེད་པ་དང་ལས་ཀྱི་བར་དུ་ལེན་པ་བཅུག་པ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །གང་དག་འབྱུང་བ་མེད་པར་སྲེད་པར་བྱེད་

པ་ཞེས་བྱ་བ་ནི་རྒྱུན་ཆད་པ་ལའོ། །དེ་དག་གི་ནི་མངོན་པར་འགྲུབ་པ་གང་གི་རྒྱུ་ཞེ་ན་ཞེས་བྱ་བ་ནི་དེ་དག་ལ་ཡང་སྲིད་པ་སྲེད་པ་ཡོད་པ་མ་ཡིན་ནོ། །དེ་དག་གི་ཡང་ཞེས་རྒྱས་པར་འབྱུང་བ་ལ་བདག་ཏུ་ལྟ་བར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བར་མངོན་པར་ཞེན་ཅེས་བྱ་བའི་དོན་ཏེ། འཇིག་ཚོགས་

ལ་ལྟ་བ་ཡོད་ན་ནི་གདོན་མི་ཟ་བར་ཕུང་པོ་ལ་སྲེད་པ་ཡོད་པ་ཡིན་ནོ། །གནམ་ལྕགས་ཀྱི་སྒྲ་ལ་སོགས་པས་སྐྲག་ནས་ཞེས་བྱ་བ་ནི་ཅི་ཞེ་ན། དེ་དག་ལ་ཡང་བདག་ཏུ་སྲེད་པ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྟེ། བདག་ལ་སྲེད་པ་མ་ཡིན་པ་ཉིད་ཡིན་ཏེ། བདག་ལ་སྲེད་པ་དང་བྲལ་ན་འཇིགས་པའི་རྒྱུ་ཡོད་པ་མ་ཡིན་ནོ། །

Vol. 115 · folio 194a

འཆི་བ་རྣམས་ཀྱང་ལུས་ལ་མངོན་པར་དགའ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ་སེམས་ཅན་འཆི་བའི་ཚེ་འདུ་ཤེས་གསལ་བ་མ་ཡིན་པ་ཐམས་ཅད་ཀྱང་སྔོན་གོམས་པའི་བདག་ལ་ཆགས་པ་འབྱུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེ་བས་ན་བདག་ནི་མེད་པར་འགྱུར་རོ་ཞེས་ལུས་ལ་མངོན་པར་

དགའ་བའི་ཕྱིར་རོ། །འཕགས་པ་རྣམས་ནི་དེ་ཚར་གཅོད་པར་བྱེད་དེ། ལན་ཅིག་ཕྱིར་འོང་བ་ལ་དེའི་ཚེ་དེ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་དག་ལ་ཡང་ལུས་ལ་སྲེད་པ་ཁོ་ན་ཡིན་ཏེ། དེ་ཉིད་དེ་དག་གི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་ལུས་ལ་སྲེད་པ་དེ་ཉིད་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་

གྱི་ཚོར་བ་ལ་ཞེ་སྡང་ནས་དེ་ལུས་རྒྱུན་ཆད་པར་འདོད་པ་ནི་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བའི་ལུས་མེད་པར་རོ། །ལུས་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཡིད་བྱུང་བར་ཡོངས་སུ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་དགྲ་བཅོམ་པ་ཚངས་པར་སྤྱོད་པ་ལ་ལེགས་པར་ཞུགས་པ་ལམ་འདི་ཉིད་ལ་ཡང་ལེགས་པར་བསྒོམས་

པ་དག་ཚེ་ཟད་ན་ཇི་ལྟར་ནད་དང་བྲལ་བ་བཞིན་དུ་ཤིན་ཏུ་དགའ་བ་ལྟར་དེ་དག་ནི་ལུས་ལ་ཡང་དག་ཇི་ལྟ་བ་བཞིན་དུ་ཤེས་པ་ཁོ་ནས་ཆགས་པ་དང་བྲལ་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་དག་ལུས་ལ་སྲེད་པ་མེད་པ་གྲུབ་པ་མ་ཡིན་ཏེ། འདི་ལྟར་འབྱུང་བ་མེད་པར་འདོད་པའི་ཕྱིར་རོ། །གཞན་

དག་ནི་མངོན་པར་འགྲུབ་པའི་རྒྱུ་ཇི་ལྟར་སྲེད་པ་ཡིན་ཞེས་བྱ་བ་ལ་ཞེས་རྒྱས་པར་འབྱུང་བ་ནི་བཙུན་པ་དཔལ་ལེན་ནོ། །དེ་ལ་འཆི་ཀར་འཆི་ཀའི་སེམས་ཐ་མ་ལས་གཞན་པ་སྲིད་པ་བར་མའི་གཟུགས་ལ་མངོན་པར་དགའ་བས་དེ་ལྟར་ན་མངོན་པར་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་པར་སྟོན་

པར་བྱེད་ལ། སྲིད་པ་བར་མ་ནི་མངོན་པར་འགྲུབ་པ་ཡིན་ནོ་ཞེས་འཆད་པར་བྱེད་དོ། །སྔར་ནི་སྲིད་པ་བར་མའི་གཟུགས་བྱུང་ལ། དེ་ལ་མངོན་པར་དགའ་བ་ལ་བརྟེན་ནས་ཕྱིས་ཕུང་པོ་ལྔ་པའི་སྲིད་པ་བར་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སྲིད་པ་བར་མའི་སེམས་ཀྱི་འཇུག་ཐ་མས་ཀྱང་ཁྲག་དང་ཁུ་བ་ལ་

སོགས་པ་ཞེས་བྱ་བ་སྩོགས་པའི་སྒྲས་གང་དུ་ལས་དང་ཉོན་མོངས་པ་ཅན་དང་བདག་ལ་སོགས་པ་བསྡུས་པ་ལ་ཅུང་ཟད་མངོན་པར་དགའ་ནས་ཞེས་བྱ་བ་མངོན་པར་དགའ་བའི་སྲེད་པས་སོ། །དེ་ལྟར་ན་ཡང་སྲེད་པ་དེ་རྒྱུ་ཡིན་ཏེ། ཕུང་པོ་གཞན་འབྱུང་བའི་རྒྱུའི་མཚན་ཉིད་ལས་མངོན་པར་འགྲུབ་པ་ཡིན་ནོ་ཞེས་བྱ་བ་

Vol. 115 · folio 194b

ཡིན་ནོ། །རགས་པ་དང་ཕྲ་བ་ཞེས་བྱ་བ་ལ། རགས་པ་ནི་འཆི་ཀའི་གནས་སྐབས་ནའོ། །ཕྲ་བ་ནི་སྲིད་པ་བར་མའོ། །སྣང་བ་ནི་འཆི་ཀའི་གནས་སྐབས་ནའོ། །མི་སྣང་བ་ནི་སྲིད་པ་བར་མའོ། །རྣམ་པར་སྨིན་པ་ལས་སྐྱེས་པའི་མིག་གི་དབང་དུ་བྱས་ནས་འགྲོ་བ་གཞན་དང་འགྲོ་བ་གཞན་གཉིས་ཀྱང་ཞེས་བྱ་སྟེ། ཐ་

མའི་གནས་སྐབས་ཀྱི་ལུས་ཀྱི་དངོས་པོ་རེས་འགའ་མིའི་འགྲོ་བས་བསྡུས་པ་ཡིན་ལ། སྲིད་པ་བར་མ་ནི་ལྷ་ལ་སོགས་པས་བསྡུས་པ་ཡིན་ནོ། །འོན་ཏེ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཡིན་ན་ནི་ཞེས་བྱ་བ་ནི་སྲིད་པ་བར་མའི་གཟུགས་ཞེས་བྱ་བའི་སྐབས་དང་སྦྱར་རོ། །

འདི་ལྟར་སེམས་ཅན་གྱི་གྲངས་སུ་གཏོགས་པའི་སྲིད་པ་བར་མ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲིད་པ་སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་དང་། གསུང་རབ་ལས་སྲིད་པ་བར་མ་སེམས་ཅན་གྱི་གྲངས་སུ་གཏོགས་པར་འབྱུང་བའི་ཕྱིར་རོ། །གལ་ཏེ་ཤའི་

མིག་གིས་མཐོང་ནས་ཡིན་ན་ནི་ཞེས་བྱ་བ་ནི་སྲིད་པ་བར་མའི་གཟུགས་ལའོ། །དེའི་ཚེ་མིག་གི་རྣམ་པར་ཤེས་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཆི་ཀའི་གནས་སྐབས་ན་ཡིད་ཀྱི་རྣམ་པར་ཤེས་པའི་གནས་སྐབས་ལ་འཆི་བ་ཡིན་ནོ། །སྲིད་པ་བར་མའི་གཟུགས་ཀྱང་ལྷའི་མིག་གི་

ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ཞེ་ན། ཤའི་མིག་གིས་མཐོང་ནས་མངོན་པར་དགའ་བའོ་ཞེས་བྱ་བ་མི་རིགས་པའི་ཕྱིར་རོ། །འོན་ཏེ་རྨི་ལམ་བཞིན་དུ་ཞེས་རྒྱས་པར་འབྱུང་བ་ལ་དེ་ལ་སྲིད་པ་བར་མའི་གཟུགས་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཡང་སྲིད་པ་བར་མའི་གཟུགས་

ནི་དེའི་ཚེ་ཆོས་ཀྱི་དབང་གིས་རྨི་ལམ་བཞིན་དུ་བརྟགས་ནས་མངོན་པར་དགའ་ཞིང་མངོན་པར་དགའ་བར་འགྲུབ་པར་བྱེད་དོ་ཞེས་བྱ་བར་འགྱུར་རོ། །སྐལ་བ་མི་འདྲ་བའི་ས་པ་གཉིས་ཡིན་ན་ཡང་ཞེས་རྒྱས་པར་འབྱུང་བ་ནི་གང་གི་ཚེ་འཆི་ཀའི་སེམས་འདོད་པ་ན་སྤྱོད་པ་ཡིན་ན་ནི་སྲིད་པ་

བར་མའི་གཟུགས་གཟུགས་ན་སྤྱོད་པ་ཡིན་པ་དང་། འཆི་ཀའི་སེམས་གཟུགས་ན་སྤྱོད་པ་ཡིན་ན་ནི་སྲིད་པ་བར་མའི་གཟུགས་འདོད་པ་ན་སྤྱོད་པ་ཡིན་ཏེ་དེ་ལྟར་ན་སྐལ་བ་མི་འདྲ་བའི་ས། འཆི་ཀའི་སེམས་དང་སྲིད་པ་བར་མའི་གཟུགས་གཉིས་གང་གིས་པ་ཡིན་ཡང་རུང་སྟེ། སྲིད་པ་བར་མའི་

Vol. 115 · folio 195a

གཟུགས་ལ་མངོན་པར་དགའ་བར་བྱེད་པ་མི་རིགས་སོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་མངོན་པར་དགའ་བས་ནི་གཟུགས་ན་སྤྱོད་པའི་གཟུགས་ལ་མངོན་པར་དགའ་བར་བྱེད་པ་མ་ཡིན་ཏེ། སྲེད་པ་ནི་སའི་རིས་ཡོངས་སུ་ཆད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་མངོན་པར་དགའ་བས་

ཀྱང་འདོད་པ་ན་སྤྱོད་པའི་གཟུགས་ལ་མངོན་པར་དགའ་བར་བྱེད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ས་རྣམས་ཀྱི་རིས་ཡོངས་སུ་ཆད་པའི་ཕྱིར་དང་ས་འོག་མའི་འདོད་ཆགས་དང་བྲལ་བའི་ཡང་ཕྱིར་རོ། །གཟུགས་མེད་པ་ན་ཡང་སྲིད་པ་བར་མ་ཡོད་པ་མ་ཡིན་པས་ཞེས་རྒྱས་པར་འབྱུང་བ་ལ་དེར་ཇི་ལྟ་བ་དེ་བཞིན་དུ་

འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་གཞན་དུ་ཡང་དེ་མེད་པར་ཡང་མངོན་པར་འགྲུབ་པའི་རྒྱུ་སྲེད་པ་ཡིན་པར་ཇི་སྟེ་མི་འདོད་ཅེས་བྱ་བ་ནི་དེ་ཞེས་བྱ་བ་ནི་སྲིད་པ་བར་མིའི་གཟུགས་ལ་མངོན་པར་དགའ་བ་ཞེས་བྱ་བའི་དོན་ཏོ། །དེ་དག་ཐམས་ཅད་ཀྱི་ལུས་ལ་སྲེད་པ་མ་སྤངས་པ་ནི་ཞེས་རྒྱས་པར་འབྱུང་

བ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་ལ་སོགས་པར་སྐྱེས་པ་རྣམས་ཀྱི་ལུས་ལ་སྲིད་པ་མ་སྤངས་པ་ནི་ས་དེ་ལས་འདོད་ཆགས་དང་མ་བྲལ་བ་རྣམས་ཞེས་བྱ་བ་ནི་ས་གང་དུ་སྐྱེས་པ་དེ་ལས་འདོད་ཆགས་དང་མ་བྲལ་བ་རྣམས་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་དུ་གང་དུ་སྐྱེ་བར་འགྱུར་བ་

དེར་མངོན་པར་འགྲུབ་པའི་རྒྱུ་ཡིན་པ་སྐྱོན་ཉེས་པ་མེད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པ་ནི་ས་དེ་པ་ཉིད་ཀྱི་ལུས་ལ་སྲེད་པ་ཡིན་པར་རྣམ་པར་གཞག་པ་མ་ཡིན་ནམ། ཇི་ལྟར་འདི་འདོད་པའི་ཁམས་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེ་ན། དེ་ཉིད་འདོད་པའི་ཁམས་འདི་མངོན་པར་འགྲུབ་པར་

བྱེད་པའི་རྒྱུ་ཡིན་ནོ་ཞེས་མི་སྟོན་ཏོ། །འོན་ཀྱང་ལས་ཀྱིས་དེ་འདོད་པའི་ཁམས་སུ་སྐྱེ་བར་སྟོན་ཏོ། །དེ་བས་ན་དེར་མངོན་པར་འགྲུབ་པའི་རྒྱུ་ནི་འགྲུབ་པའི་རྒྱུ་ཞེས་བྱའོ། །དེའི་ཕྲ་རྒྱས་མ་བཅོམ་པའི་ཕྱིར་རམ་ཞེས་བྱ་བ་ནི་ལུས་ལ་སྲེད་པའི་ཕྲ་རྒྱས་འཇིག་རྟེན་ལས་འདས་པའི་ལམ་གྱིས་མ་

བཅོམ་པའི་ཕྱིར་རོ། །འཇིག་པའི་ལམ་གྱིས་ཉམས་མ་སྨད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་དེའི་ཕྲ་རྒྱས་ཡང་དག་པར་བཅོམ་པ་མ་ཡིན་ཏེ། འོན་ཀྱང་ཉམས་སྨད་པ་ཡིན་ཏེ། དེ་ཕྱིས་ཀྱང་མངོན་དུ་འགྱུར་བའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཞེས་རྒྱས་

Vol. 115 · folio 195b

པ་ནས་མུ་བཞིའོ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། གང་ཟག་གང་ཞིག་སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་མ་སྤངས་པ་ཡང་ཡོད། །གང་ཞིག་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་སྤངས་ལ། སྐྱེ་བའི་ཀུན་དུ་སྦྱོར་བ་ནི་མ་སྤངས་པ་ཡང་ཡོད། གཉི་ག་སྤངས་པ་

ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ཡིན་ནོ། །དེ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ལ་ཞེས་བྱ་བ་ནི་སྐྱེ་བ་དང་མངོན་དུ་ཕྱོགས་པ་གཉིས་ལའོ། །དེ་ནི་དེ་གཉིས་ཀྱི་ཀུན་དུ་སྦྱོར་བ་ཡིན་ནོ་ཞེས་བྱ་བ་

ནི་སྐྱེ་བ་དང་མངོན་པར་འགྲུབ་པ་གཉིས་ཀྱིའོ། །དེ་ཡང་གང་གིས་སྐྱེ་བར་ཀུན་དུ་སྦྱོར་བ་ཞེས་བྱ་བ་ལ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ཡང་། དེ་ནི་འདིའི་ཞེས་བྱ་བ་ཀུན་དུ་སྦྱོར་བ་དེ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་འདིའི། སོ་སོར་མ་བརྟགས་པས་འགོག་པའི་ཚུལ་དུ་

འགག་པ་སྟེ་ཞེས་བྱ་བ་སོ་སོར་བརྟགས་པས་འགོག་པ་ནི་མ་ཡིན་ཏེ། ས་དེ་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཕྱིར་རོ། །དབང་པོ་རྣམས་ཡོངས་སུ་སྨིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ཤིན་ཏུ་ཆེར་གྱུར་

པའི་ཕྱིར་རོ། །སྲིད་པ་བར་མ་ཉིད་དེའི་གཉེན་པོ་ངེས་པར་སྐྱེ་བར་འགྱུར་བ་ཉིད་ཀྱི་ཚུལ་དུ་རྒྱུན་གནས་པས་ན་དེ་བས་ན་སྤངས་པ་ཞེས་བྱའོ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་དེའི་གཉེན་པོ་གང་ཡིན་པ་སྤོང་བའི་ལམ་ངེས་པར་སྐྱེ་བའི་ཚུལ་དུ་སྲིད་པ་བར་མའི་རྒྱུན་ཉིད་གནས་པའི་ཕྱིར་དེའི་གཉེན་པོ་མ་

སྐྱེས་སུ་ཟིན་ཀྱང་སྐྱེ་བར་ཀུན་དུ་སྦྱོར་བ་སྤངས་པ་ཞེས་བྱའོ། །སོ་སོར་བརྟགས་པས་འགོག་པ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ས་དེ་པའི་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པའི་ས་པའི་ཐམས་ཅད་དུ་རྣམ་པ་དགུ་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་སྲིད་པ་བར་མ་

བར་གཏོགས་པ་དང་། སྐྱེ་བ་པའི་ནང་དུ་གཏོགས་པ་བསྟན་པ་ཡིན་ནོ། །གཟུགས་ལ་འདོད་ཆགས་དང་བྲལ་བའི་འཕགས་པ་གང་ཡིན་པ་དེས་ནི་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་གང་གིས་སྲིད་པ་བར་མར་ཀུན་དུ་སྦྱོར་བར་བྱེད་པ་དེ་ནི་འདིས་སྤངས་

Vol. 115 · folio 196a

པ་ཡིན་ཏེ། གཟུགས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྐྱེ་བའི་ཀུན་དུ་སྦྱོར་བ་ནི་མ་སྤངས་པ་ཡིན་ཏེ། གཟུགས་མེད་པ་ན་སྤྱོད་པ་མ་སྤངས་པའི་ཕྱིར་རོ། །འཕགས་པ་སྨོས་པས་ནི་འཇིག་རྟེན་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །ཁམས་གསུམ་ལ་

འདོད་ཆགས་དང་བྲལ་བ་ཡང་ཡིན་པ་དེས་ནི་དེ་གཉི་ག་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བར་ཀུན་དུ་སྦྱོར་བ་དང་མངོན་པར་འགྲུབ་པར་ཀུན་དུ་སྦྱོར་བའོ། །དེས་ཀྱང་ཀུན་དུ་སྦྱོར་བ་གང་གིས་སྲིད་པ་བར་མར་ཀུན་དུ་སྦྱོར་བར་བྱེད་པ་དང་། སྐྱེ་བར་ཀུན་དུ་སྦྱོར་བ་གཉི་ག་སྤངས་པ་ཡིན་ནོ། །དེ་ལས་

གཞན་གྱིས་གཉི་ག་མ་སྤངས་སོ་ཞེས་བྱ་བ་ནི་ཇི་སྐད་དུ་སྨྲས་པ་གསུམ་པོ་དེ་དག་ལས་གཞན་བདག་ཅག་ལ་སོགས་པ་དེ་དག་གིས་ནི་སྐྱེ་བར་ཀུན་དུ་སྦྱོར་བ་དང་། མངོན་པར་འགྲུབ་པར་ཀུན་དུ་སྦྱོར་བ་གཉི་ག་སྤངས་པ་མ་ཡིན་ནོ། །འོ་ན་གང་ལས་སྲེད་པ་ནི་ཞེས་རྒྱས་པར་འབྱུང་བ་དེ་དག་གིས་

ནི་ཐ་དད་པ་མེད་པའི་སྲེད་པ་ནི་མངོན་པར་འདོད་པ་ཡིན་ནོ། །མངོན་པར་འགྲུབ་པ་ནི་འགྲུབ་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེའི་ཕྱོགས་སུ་གཏོགས་པ་ཡིན་པས་ན་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་སྨྲས་པ་ཡང་སྲིད་པ་བར་མ་འདི་མངོན་པར་འགྲུབ་པ་ཡིན་པར་ཇི་ལྟར་འགྲུབ་པར་འགྱུར། དེ་བས་

ན་སྲིད་པ་བར་མའི་རྒྱུ་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་དེར་གྱུར་ཏེ། ཇི་སྐད་དུ་འཆི་ཀའི་སེམས་དང་སྲིད་པ་བར་མའི་གཟུགས་གཉིས་གཅིག་ཏུ་ཚོགས་པར་འབྱུང་ལ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །དེ་ལྟ་ཡིན་ན་ནི་སྲིད་པ་བར་མའི་རྒྱུ་ཞེས་རྒྱས་པར་འབྱུང་བ་ནི་དེར་ཡང་གལ་ཏེ་མངོན་པར་འགྲུབ་པ་ནི་

སྲིད་པ་བར་མ་ཁོ་ན་ཡིན་པར་འདོད་ན། དེ་ལྟ་ཡིན་ན་སྲིད་པ་བར་མའི་རྒྱུ་སྲེད་པ་ཁོ་ན་ཡིན་པར་འགྱུར་གྱི། ལས་ནི་མ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལས་ནི་སྐྱེ་བའི་རྒྱུ་ཡིན། སྲིད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེས་སྨྲས་པའི་ཕྱིར་རོ། །དེ་ལས་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དམྱལ་བ་

ལ་སོགས་པའི་སྲིད་པ་བར་མ་ཐ་དད་པ་ཇི་ལྟར་འཐད་པར་འགྱུར་ཞེས་སྨྲས་ཏེ། དམྱལ་བ་མྱོང་བར་འགྱུར་བའི་ལས་བྱས་པས་ནི་དམྱལ་བ་ལ་སོགས་པའི་སྲིད་པ་བར་མ་ཐ་དད་པ་ཡིན་གྱི། སྲེད་པས་བྱས་པ་ནི་མ་ཡིན་ནོ། །འདིར་ཡང་སྔར་ལས་སྣ་ཚོགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་

Vol. 115 · folio 196b

ཏོ། །ཉེས་པ་གཞན་འདི་ཡང་ཡོད་དེ། སྐྱེ་བའི་རྒྱུ་ཡང་ལས་ཉིད་ཡིན་པར་འགྱུར་གྱི། སྲེད་པ་ནི་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལས་ནི་སྐྱེ་བའི་རྒྱུ་ཡིན། སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེས་སྨྲས་པའི་ཕྱིར་རོ། །དེས་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་ན། འདོད་ཆགས་

དང་བྲལ་བ་ཡང་གཟུགས་མེད་པར་སྐྱེ་བར་འགྱུར་རོ་ཞེས་སྨྲས་ཏེ། དེ་ལ་སྲིད་པ་བར་མའི་རྒྱུ་ནི་མེད་དེ། སྲེད་པ་མེད་པའི་ཕྱིར་རོ། །སྐྱེ་བའི་རྒྱུ་ནི་ཡོད་དེ། དེ་ལས་ཡིན་ནོ། །དེ་བས་ན་དེ་ནི་གཟུགས་མེད་པར་སྐྱེ་བར་འགྱུར་རོ། །གཟུགས་མེད་པ་སྨོས་པས་དེར་ནི་སྲིད་པ་བར་མ་མེད་པར་ཡང་སྐྱེ་བར་སྲིད་པ་བསྟན་པ་

ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྲིད་པ་བར་མར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་པར་འགྱུར་རོ་ཞེས་བྱ་སྟེ། སྐྱེ་བའི་རྒྱུ་ནི་ལས་ཡིན་པའི་ཕྱིར་དང་། སྲིད་པ་བར་མའི་སྲེད་པ་ནི་སྤངས་ཀྱི། སྐྱེ་བའི་རྒྱུ་ལས་ཡོད་པའི་ཕྱིར་ཕྱིས་ཀྱང་སྐྱེ་བར་འགྱུར་གྱི། ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ནོ། །དེ་བས་

ན་སྲིད་པ་བར་མ་ཐམས་ཅད་མངོན་པར་འགྲུབ་པ་ཁོ་ན་ཡིན་པར་འདོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཁ་ཅིག་ལས་ནི་མངོན་པར་འགྲུབ་པ་སྲིད་པ་བར་མ་ཡིན་པར་ཡང་འདོད་དེ། ཇི་སྐད་དུ། གང་ཟག་གང་ཞིག་སྐྱེ་བར་ཀུན་དུ་སྦྱོར་བ་སྤངས་པ་ལ། མངོན་པར་འགྲུབ་པར་ཀུན་དུ་སྦྱོར་བ་སྤངས་

པ་མ་ཡིན་པ་ཞེས་རྒྱ་ཆེར་འབྱུང་བ་ཡིན་ནོ། །ཁ་ཅིག་ལས་ནི་ཕུང་པོ་གཞན་འབྱུང་བ་ཙམ་མངོན་པར་འགྲུབ་པ་ཡིན་པར་འདོད་དེ། གང་ནས་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ། །གཞན་དག་ན་རེ། ཁྲག་དང་ཁུ་བས་གྲོགས་བྱེད་པའི་ལས་ནི་འདིར་སྲིད་པ་ཡིན་པར་བསམས་

སོ་ཞེ་ན་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་ད་ལྟར་གྱི་སྐྱེ་བའི་ཚེ་ལའོ། །གཞན་དག་ཅེས་བྱ་བ་ནི་བཙུན་པ་དབལ་ལེན་དེ་ཉིད་དོ། །དེའི་ཞེས་རྒྱས་པར་འབྱུང་བ་ལ་དེ་སྐད་དུ་སྨྲ་བ་དེ་དག་ནི་རིས་གསུམ་དུ་རྣམ་པར་གཞག་པར་འདོད་དེ། སྔོན་གྱི་རིས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་པའོ། །

དེའི་ནི་འདུ་བྱེད་ལ་ཡང་དེ་དག་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་སྲིད་པ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔོན་གྱི་མཐའི་སྐྱེ་བའི་རིས་དེ་དག་ལ་ཁྲག་དང་ཁུ་བས་གྲོགས་བྱེད་པའི་དོན་ཡོད་པ་མ་ཡིན་གྱི། རིས་གཉིས་པ་སྐྱེ་བ་འདི་ལ་ཡིན་ནོ། །སྲིད་པ་ནི་གསུམ་སྟེ་ཞེས་རྒྱས་པར་འབྱུང་

Vol. 115 · folio 197a

བ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །འདིར་སྲིད་པ་གཉིས་ཏེ། གཟུགས་དང་གཟུགས་མེད་པའི་སྲིད་པ་གཉིས་ལ་ཁྲག་དང་ཁུ་བས་གྲོགས་བྱེད་པའི་ལས་ནི་འདིར་སྲིད་པ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་འདིའི་དོན་མི་འཐད་པ་

ཡིན་ཏེ། གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ལས་ཀྱི་སྲིད་པ་ནི་ཡང་སྲིད་མངོན་པར་འགྲུབ་པར་བྱ་བ་ལ་ཁྲག་དང་ཁུ་བ་ལ་ལྟོས་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདིར་མ་རིག་པ་ལ་སོགས་པ་རང་གི་རྒྱུད་ལ་ཡོད་པ་རྐྱེན་དུ་སྟོན་པ་ཡིན་ནོ། །དེ་བས་ན་གཞན་གྱི་རྒྱུད་ལ་ཡོད་པ་

ཁྲག་དང་ཁུ་བ་དེ་ནི་འདིར་གཞུག་པར་མི་རིགས་སོ། །ཇི་ལྟར་ན། དེར་ལེན་པ་རྐྱེན་གྱི་དངོས་པོ་ཡིན་ཞེས་བྱ་བ་ནི་ཁྲག་དང་ཁུ་བ་དེ་ལ་མཚན་ཉིད་ཇི་སྐད་དུ་སྨོས་པ་ནི་ལེན་པ་དེ་ལས་དེའི་ཁྲག་དང་ཁུ་བ་དག་སྲིད་པ་ཡིན་པར་གྱུར་པའི་ཕྱིར་ཞེས་བྱའམ། རྣམ་པ་གང་གིས་རྐྱེན་གྱི་དངོས་པོ་ཡིན། འོན་ཏེ་

ཁྲག་དང་ཁུ་བ་དག་ལེན་པ་དེའི་རྐྱེན་གྱིས་མ་ཡིན་པ་ཁོ་ན་ཡིན་ན་ནི་འོ་ན་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་འདི་ཅིའི་ཕྱིར་སྨྲས། ཁྲག་དང་ཁུ་བའི་རྐྱེན་ཀྱང་བརྗོད་པར་བྱ་དགོས་སོ། །འོན་ཏེ་ཁྲག་དང་ཁུ་བ་ཉིད་ནི་ལེན་པ་ཡིན་ལ། དེའི་རྐྱེན་གྱིས་སྲིད་པའོ་ཞེ་ན་ནི་འདི་ནི་རིགས་པ་མ་ཡིན་ཏེ།

འདིར་འདུན་པ་དང་འདོད་ཆགས་གང་ཡིན་པ་ནི་ལེན་པ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རོ། །གཞན་ཡང་འདིར་ཇི་ལྟར་ཁྲག་དང་ཁུ་བས་གྲོགས་བྱེད་པའི་ལས་ནི་སྲིད་པ་ཡིན་པའི་ཁུངས་བརྗོད་པར་བྱ་དགོས་སོ། །སྲིད་པའི་བསྡུས་པའི་དོན་ནི་རྣམ་པར་གཞག་པ་རྣམ་པ་བཅོ་ལྔ་ཡིན་པར་འདིར་བསྟན་ཏེ།

རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲིད་པ་གང་ཞེ་ན། སྲིད་པ་གསུམ་སྟེ་ཞེས་རྒྱས་པར་བསྟན་པའོ། །ལས་རྣམ་པར་གཞག་པ་ནི་ཇི་སྐད་དུ། མདོ་སྡེ་འདི་ལས་ནི་ལས་ཀྱི་སྲིད་པས་བསྡུས་པ་ནི་སྲིད་པ་གསུམ་ཡིན་པར་རིག་པར་བྱའོ་ཞེས་སྨྲས་པ་ཡིན་ནོ། །བྱེད་པ་རྣམ་པར་གཞག་པ་

འདིས་བར་མ་ཆོད་པར་ཡང་སྲིད་འབྱུང་བར་བྱེད་པས་སྲིད་པ་ཞེས་བྱའོ། །དཔེར་ན་འདིས་ངེས་པར་བྱེད་པས་དེད་པ་ཞེས་བྱ་བ་བཞིན་ནོ་ཞེས་སྨྲས་པ་ཡིན་ནོ། །ཁྱད་པར་རྣམ་པར་གཞག་པ་ནི་ཇི་སྐད་དུ། ལས་ནི་གནས་སྐབས་གཉིས་ཏེ། རང་གི་ངོ་བོའི་གནས་སྐབས་དང་བག་ཆགས་ཀྱི་གནས་སྐབས་

Vol. 115 · folio 197b

སོ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །ལེན་པ་རྐྱེན་དུ་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེ་ཡང་ཉེ་བར་ལེན་པ་ཡོད་ན་སྲེད་པའི་གནས་སྐབས་ཡིན་པར་འགྲོ་བར་འགྱུར་གྱི་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །དེའི་བདག་ཉིད་ཐོབ་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། འོ་ན་སྐབས་གང་གི་ཚེ་ལེན་པ་

དང་བཅས་པའི་ལས་རྣམས་སྟོབས་ཇི་ལྟ་བ་བཞིན་དུ་གདོན་མི་ཟ་བར་སྲིད་པར་འགྱུར་ཞེ་ན། འཆི་བའི་གདོན་མི་ཟ་བར་འགྱུར་རོ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །འབྲེལ་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་སྔོན་གྱི་ཚེའི་ལས་ཀྱི་རྣམ་པར་སྨིན་པ་རིས་མཐུན་པར་སྐལ་བ་མཉམ་པའི་ལྷག་མ་དང་འབྲེལ་

པའི་ཕྱིར་རོ་ཞེས་སྨྲས་པ་ཡིན་ནོ། །མི་ལྡོག་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཇི་ཙམ་ན་སྐྱེ་བའི་སྲིད་པ་ཡིན་པ་དེའི་བར་དུ་ལྡོག་པ་མེད་དོ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །གཙོ་བོའི་རྐྱེན་རྣམ་པར་གཞག་པ་ནི་ཇི་སྐད་དུ། འཆད་པ་དོན་མེད་པ་ཡང་མ་ཡིན་ཏེ། རྐྱེན་གཙོ་བོ་འཆད་པའི་ཕྱིར་རོ། །ལེན་པ་

ནི་སྲིད་པའི་རྐྱེན་གྱི་གཙོ་བོ་ཡིན་ཏེ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །དགེ་བ་ཀུན་དུ་འབྱུང་དུ་ཟིན་ཀྱང་ལེན་པའི་རྐྱེན་ཉིད་དུ་རྣམ་པར་གཞག་པ་ནི་ཇི་སྐད་དུ། གལ་ཏེ་དེའི་ཚེ་རྣམ་པར་ཤེས་པ་ལ་ལེན་པ་མེད་པར་གྱུར་ན་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །རང་གི་ངོ་བོ་རྣམ་པར་གཞག་པ་ནི་ཇི་སྐད་དུ། འཇུག་

པ་ཞེས་བྱ་བ་དེ་ཅི་ཞེ་ན། གང་ལ་ལས་ཀྱི་བག་ཆགས་ཡོངས་སུ་གྱུར་པའི་བྱེ་བྲག་ཡོད་པ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །རྣམ་པར་ངེས་པ་རྣམ་པར་གཞག་པ་ནི་ཅིའི་ཕྱིར་སྲེད་པ་ཁོ་ན་སྲིད་པའི་རྐྱེན་ཡིན་པར་འདོད་ཅེ་ན་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །ཞིང་གི་དངོས་པོ་རྣམ་པར་གཞག་པ་ནི་མདོ་སྡེ་

གཞན་གླེང་བསླང་བའི་ཕྱིར་ཇི་སྐད་དུ་སྲིད་པའི་གནས་སྐབས་ཀྱི་ལས་ནི་ཞིང་ཡིན་ནོ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །རྐྱེན་ཁྱད་པར་ཅན་རྣམ་པར་གཞག་པ་ནི་ཇི་སྐད་དུ། སེམས་ཅན་གྱི་རིས་དེ་དང་དེར་རིས་འདྲ་བར་འགྲོ་བ་ནི་སྐྱེ་བ་ཡིན་པའམ། ལས་དང་རྗེས་སུ་མཐུན་པར་འགྲོ་བ་ནི་སྐྱེ་བ་ཡིན་ལ་དེའི་

རྒྱུ་ནི་ལས་ཡིན་ཏེ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །གཞུང་ལུགས་གཞན་དགག་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། གཞན་དག་ན་རེ་ཁྲག་དང་ཁུ་བས་གྲོགས་བྱེད་པའི་ལས་ནི་འདིར་སྲིད་པ་ཡིན་པར་བསམས་སོ་ཞེ་ན། དེའི་ནི་འདུ་བྱེད་ལ་ཡང་དེ་དག་ཐལ་བར་འགྱུར་རོ་ཞེས་རྒྱས་པར་སྨྲས་པ་ཡིན་ནོ། །སྲིད་

Vol. 115 · folio 198a

པའི་ཡན་ལག་རྣམ་པར་དབྱེ་བའོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ་རྒྱ་ཆེར་འགྲེལ་པ། བམ་པོ་བཅུ་པ། སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་དེ་དག་གི་ཞེས་རྒྱས་པར་འབྱུང་བ་ཞེས་བྱ་བ་ལ། རྒྱས་པའི་ཚིག་ནི་མདོ་སྡེ་ལས་ཇི་ལྟ་

བ་བསྟན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། སེམས་ཅན་གྱི་རིས་དེ་དང་དེར་སྐྱེ་བ་དང་ཤིན་ཏུ་སྐྱེ་བ་དང་། འཕོས་པ་དང་། མངོན་པར་འབྱུང་བ་དང་། རབ་ཏུ་སྐྱེས་པ་དང་། ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་། ཕུང་པོ་རྣམས་མངོན་པར་གྲུབ་པ་

དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་འདི་ནི་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །དེ་དག་གིས་ནི་ཞེས་རྒྱས་པར་འབྱུང་བ་ནི་སྐྱེ་བ་རྣམ་པར་འབྱེད་པ་དེ་དག་གིས་ནི་གང་སེམས་ཅན་དེ་དང་དེ་དག་གི་ཞེས་བྱ་བ་ཚིག་འདིས་གང་དག་གི་སྐྱེ་བ་ཡིན་པ་བསྟན་པ་ཡིན་ནོ། །སེམས་ཅན་གྱི་རིས་དེ་དང་དེར་ཞེས་བྱ་བ་ཚིག་

འདིས་ནི་གང་དུ་སྐྱེ་བ་དེ་བསྟན་ཏོ། །གང་སྐྱེ་བ་དང་ཤིན་ཏུ་སྐྱེ་བ་དང་ཞེས་བྱ་བ་ནས་སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་འདི་ནི་སྐྱེ་བ་ཞེས་བྱའོ་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་བས་ནི་ཇི་ལྟར་སྐྱེ་བའི་མཚན་ཉིད་དེ་བསྟན་ཏོ། །དེ་དང་དེ་དག་གི་ཞེས་གང་སྨྲས་པ་དེ་སྟོན་པ་ནི་ཁམས་དང་། འགྲོ་བ་

དང་། སྐྱེ་གནས་དང་། གནས་དང་། ལུས་ཀྱི་དབང་པོ་དབྱེ་བ་ཐ་དད་པའི་ཞེས་སྨྲས་པ་ཡིན་ནོ། །དེ་ལ་ཁམས་དབྱེ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་ཐ་དད་པ་ལས་རིག་པར་བྱའོ། །འགྲོ་བ་དབྱེ་བ་ནི། དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། མི་དང་།

ལྷའི་འགྲོ་བ་ཐ་དད་པའོ། །སྐྱེ་གནས་དབྱེ་བ་ནི་མངལ་ནས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་ཐ་དད་པའོ། །གནས་དབྱེ་བ་ནི་བྱང་གི་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་དང་། ལྷོའི་འཛམ་བུའི་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་ཐ་དད་པའོ། །

ལུས་ཀྱི་དངོས་པོ་དབྱེ་བ་ནི་མདོག་བཟང་བ་དང་། མདོག་ངན་པ་དང་། བོང་ཚོད་དང་། ཚེ་རིང་བ་ལ་སོགས་པ་ཐ་དད་པའོ། །སེམས་ཅན་རྣམས་ཀྱི་ཞེས་གང་སྨྲས་པ་དེ་སྟོན་པ་ནི། མིང་དང་གཟུགས་དེ་འབྲེལ་པ་ནི་སེམས་ཅན་ཞེས་བྱ་སྟེ་ཞེས་སྨྲས་པ་ཡིན་ཏེ། དེ་འབྲེལ་པ་ནི་མིང་དང་འབྲེལ་པ་

Vol. 115 · folio 198b

ཡིན་གྱི། ཕྱིའི་དང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མིང་ནི་སྔར་བསྟན་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །དེ་དང་འབྲེལ་པའི་གཟུགས་ནི་དབང་པོ་གཟུགས་ཅན་རྣམས་ཏེ། དེ་དང་ཐ་དད་པར་འཇུག་པ་མ་ཡིན་པར་རིག་པར་བྱ་སྟེ། ཕན་པ་དང་། གནོད་པ་གཉིས་གཅིག་ལ་

གཅིག་རྗེས་སུ་བྱེད་པའི་ཕྱིར་རོ། །ཆགས་པའི་དབང་གིས་རྒྱས་པར་འབྱུང་བ་ལ། དེ་ལྟར་ངེས་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་སོ། །ཇི་ལྟ་ཞེ་ན། སེམས་ཅན་ཞེས་བྱ་བ་ནི་སའི་རྣམ་པ་དང་། རྟའི་རྣམ་པ་དང་། བའི་རྣམ་པ་བཟུང་ནས་ཚིག་སྦྱར་བ་ནི་སེམས་

ཅན་ཡིན་ཏེ། སའི་དོན་ནི་ཆགས་པའོ། །རྟའི་དོན་ནི་འབྲེལ་པའི་རྒྱུན་ནོ། །བའི་དོན་ནི་གནས་པ་སྟེ། ཆགས་པའི་དབང་གིས་འབྲེལ་པའི་རྒྱུན་གནས་པ་ཞེས་གང་སྨྲས་པ་ཡིན་ནོ། །འབྲེལ་པའི་རྒྱུན་ཅེས་བྱ་བ་འདི་ཅི་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་འབྲེལ་བའི་རྒྱུན་ཅེས་བྱ་སྟེ་ཞེས་བྱ་

བ་ལ་འབྲེལ་པ་སྨོས་པ་ནི་རྗེས་སུ་འབྲེལ་པའི་དོན་ཏེ། རྒྱུ་དང་འབྲས་བུ་འབྲེལ་ཏེ་འཚམ་པའི་རྒྱུན་ཡིན་ནོ། །དེ་ཡང་བྲེང་ཆགས་པའོ་ཞེས་བྱ་བ་ནི་རྒྱུན་དེ་ཡང་བྲེང་མ་ཆད་པ་དང་འཕེལ་བ་དང་། རྒྱས་པ་ཞེས་འདོན་པའི་ཕྱིར་རོ། །སེམས་ཅན་གྱི་རིས་དེ་དང་དེར་ཞེས་གང་བསྟན་པ་དེ་སྟོན་པ་ནི།

གང་ཞིག་གང་དང་འདྲ་བའི་སེམས་ཅན་གྱི་ཚོགས་ཞེས་བྱ་བ་ཡིན་ཏེ། ལྷ་ལ་སོགས་པའི་སེམས་ཅན་གྱི་ཚོགས་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་རྣམ་གྲངས་དགོས་པ་དང་བཅས་པ་ཡིན་པར་སྟོན་པ་ནི། སྐྱེ་བ་དང་ཤིན་ཏུ་སྐྱེ་བ་ཞེས་རྒྱས་པར་འབྱུང་བ་ནི་རྗེས་སུ་མཐུན་པར་རྣམ་པར་འཆད་པ་ནི་སྐྱེ་བའི་

རྣམ་གྲངས་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ཇི་ལྟ་ཞེ་ན་ཚིག་དང་པོ་ཚིག་གཉིས་པས་བཤད་དོ། །ཚིག་གཉིས་པ་ལ་སོགས་པ་ནི་གསུམ་ལ་སོགས་པས་སོ་ཞེས་བྱ་བ་འདི་ནི་རྗེས་སུ་མཐུན་པར་རྣམ་པར་འཆད་པ་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་ཇི་སྐད་དུ་བསྟན་ཅེ་ན། ཤིན་ཏུ་སྐྱེ་བ་ཞེས་བསྟན་པ་ཡིན་ནོ། །ཤིན་

ཏུ་སྐྱེ་བ་ཇི་སྐད་དུ་བསྟན་ཅེ་ན། འཕོས་པ་ཞེས་བསྟན་པ་ཡིན་ནོ། །འཕོས་པ་ཞེས་བྱ་བ་ཇི་སྐད་དུ་བསྟན་ཅེ་ན། མངོན་པར་འབྱུང་བ་ཞེས་བསྟན་པ་ཡིན་ནོ་རྒྱས་པར་བྱ་སྟེ། འགའ་ལ་ཁ་ཅིག་གི་ཚིག་གི་དོན་གྲགས་པ་ཡིན་པས། རྣམ་གྲངས་གཞན་འཆད་པ་རིགས་པ་ཡིན་ཏེ། སྐྱེ་བ་ལ་

Vol. 115 · folio 199a

སོགས་པའི་རྣམ་གྲངས་གཞན་གྱི་ཚིག་གི་དོན་ཁ་ཅིག་གྲགས་པ་ཡིན་ནོ། །གང་ཡང་སྐྱེ་བ་གང་ཞེ་ན། གང་སྐྱེ་བའོ་ཞེས་བྱ་བའི་ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་བའོ་ཞེ་ན་ཞེས་བྱ་བ་ནི་གཏན་ཚིགས་མེད་པ་སྟེ། ཇི་ལྟ་ཞེ་ན། རྣམ་གྲངས་གཅིག་པོ་དེ་ཉིད་ཀྱི་ཚིག་གི་

དོན་གྲགས་པ་མ་ཡིན་ལ། ཚིག་གི་དོན་གྲགས་པ་མ་ཡིན་པས་ན་གང་གི་ཚིག་གི་དོན་གྲགས་པ་གང་ཡིན་པ་དེ་བརྗོད་པར་རིགས་པ་ཡིན་ན་འདི་ནི་འདིས་དེའི་དོན་གོ་བར་བྱེད་པ་མ་ཡིན་ནོ་ཞེ་ན། འདི་སྔོན་མ་བྱུང་བ་མ་ཡིན་གྱི། དེ་དག་སྔོན་བྱུང་བ་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ནི་ཚིག་གི་

ལུགས་འདི་སྔོན་མ་བྱུང་བ་མ་ཡིན་ཏེ། ག་ལས་ཤེ་ན། བློ་སྔ་བའི་ཕྱིར་ཏེ། ཇི་ལྟ་ཞེ་ན། དེའི་ཕྱིར་དེ་བཞིན་དུ་གཞན་གྱི་དོན་རྣམས་ཀྱི་ཡང་དོན་ལ་ཁྱད་པར་མེད་པར་བསྟན་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཇི་ལྟར་གང་ཡང་སྐྱེ་བ་གང་ཞེ་ན། གང་སྐྱེ་བའོ་ཞེས་བྱ་བ་རྣམ་གྲངས་ཀྱི་དོན་མཐུན་པ་ཁྱད་པར་ཡོད་པ་མ་ཡིན་པ་

སྔར་བསྟན་པའི་སྐྱེ་བའི་མཚན་ཉིད་ཁོ་ན་སྟོན་པར་བྱེད་དེ། ཁྱད་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཤིན་ཏུ་སྐྱེ་བ་ལ་སོགས་པ་རྣམ་གྲངས་ཀྱི་ཁྱད་པར་ཐ་དད་པ་གཞན་རྣམས་ཀྱང་དོན་ཁྱད་པར་མེད་པར་བསྟན་པའི་ཕྱིར་ཏེ། དེ་དག་ཀྱང་སྐྱེ་བའི་དོན་དེ་ཉིད་ཀྱི་དོན་ཡིན་ཏེ་ཁྱད་པར་མེད་དོ། །གནས་སྐབས་ཀྱི་

བྱེ་བྲག་སྟོན་པའི་དོན་ནི་རྣམ་གྲངས་གཞན་ཡིན་ཏེ་ཞེས་བྱ་བ་ཇི་ལྟ་ཞེ་ན། སྐྱེ་བ་གང་ཞེ་ན་ཞེས་བྱ་བ་འདི་ནི་སྐྱེ་བ་འཇུག་པ་མཐའ་དག་ལ་དམིགས་མ་ཕྱེ་བར་འདིའི་བར་བརྗོད་པར་བྱའོ། །གཉིས་པ་ཤིན་ཏུ་སྐྱེ་བ་ནི་རྣམ་གྲངས་ཡིན་ཏེ། གནས་སྐབས་དང་བཅས་པའི་བྱེ་བྲག་བསྟན་པའི་ཕྱིར་རོ། །

དེ་ལྟར་ཤིན་ཏུ་སྐྱེ་བ་ལ་སོགས་པ་གནས་སྐབས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་ཇི་ལྟར་འཕངས་པ་བཞིན་དུ་མིང་དང་གཟུགས་ལ་སོགས་པ་ཞེས་རྒྱས་པར་སྨྲས་པ་ལ། དང་པོ་བྱུང་བ་ནི་སྐྱེ་བ་ཡིན་ཏེ་ཞེས་བྱ་བ་ནི་དང་པོ་མའི་མངལ་དུ་སྐྱེས་པ་དེ་ནི་དང་པོ་སྐྱེས་པ་ཞེས་

བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་སྐྱེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་དེའི་ཚེ་སེམས་ཅན་གྱི་རིས་སྐལ་བ་འདྲ་བ་དེར་སྐྱེས་པའི་ཕྱིར་རོ། །སྐྱེས་ནས་མིང་དང་གཟུགས་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་སྐྱེས་པ་ཡིན་ནོ་ཞེས་སྨྲས་ཏེ། ཤིན་ཏུ་སྐྱེས་པ་ཞེས་བྱ་བ་ནི་ཇི་ལྟར་སྟོབས་ཡོངས་སུ་རྫོགས་པ་ལ་འཇིག་རྟེན་ན་

Vol. 115 · folio 199b

སྟོབས་རྫོགས་པ་ཞེས་བྱ་བ་བཞིན་ནོ། །མིང་དང་གཟུགས་ཀུན་དུ་རྫོགས་པ་དབང་པོ་མ་ཚང་བ་མེད་པའི་གནས་སྐབས་སུ་འགྲོ་བ་ནི་འཕོས་པའོ་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་གནས་སྐབས་གང་ཡིན་པ་ལས་སྐྱེ་མཆེད་དྲུག་གིས་བསྡུས་པའི་དབང་པོའི་གནས་སྐབས་དེར་འགྲོ་བ་ནི་འཕོས་པ་

ཡིན་ཏེ། དཔེར་ན་སྐྱོན་མེད་པའི་གནས་སྐབས་སུ་འགྲོ་བ་ནི་སྐྱོན་མེད་པར་འཇུག་པ་ཞེས་བྱ་བ་བཞིན་ནོ། །མངལ་གྱི་སྒོ་ནས་བྱུང་བ་ཡིན་ནོ་ཞེས་བྱ་བ་དེ་ནི། ཡུལ་ལ་དམིགས་པར་མངོན་དུ་ཕྱོགས་པར་འཇུག་པ་ཞེས་བྱ་བ་ཡིན་ཏེ། དེའི་ཚེ་གཟུགས་ལ་སོགས་པའི་ཡུལ་ལ་འཛིན་པར་མངོན་དུ་ཕྱོགས་

པའི་ཕྱིར་རོ། །བཙས་ཕྱིན་ཆད་འདུག་པ་ནི་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ཏེ། ཁ་དོག་གྱུར་ནས་དེ་ཡང་དེའི་འོག་ཏུ་ནམ་མ་ཤིའི་བར་དུ་ཕུང་པོའི་རྒྱུན་ལ་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་ལྟར་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་སྐྱེ་བ་ཡོངས་སུ་རྫོགས་པའི་སྐྱེ་བས་

བསྡུས་པ་ཡིན་ནོ་ཞེས་སྨྲས་ཏེ། དེ་ནི་འདི་ནི་སྐྱེ་བའི་གནས་སྐབས་ཐ་དད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། གནས་སྐབས་ཐ་དད་པ་ཉིད་མཚན་ཉིད་ཡིན་པས་གནས་སྐབས་ཐ་དད་པའི་མཚན་ཉིད་ཡིན་ཏེ། ཇི་སྐད་དུ་སྨྲས་པའི་གནས་སྐབས་ཐ་དད་པའི་མཚན་ཉིད་ནི་སྐྱེ་བ་ཞེས་བྱའོ། །

དེ་ལྟར་གནས་སྐབས་ཐ་དད་པའི་མཚན་ཉིད་སྨྲས་ནས། རང་གི་མཚན་ཉིད་སྟོན་པ་ནི་སྐྱེ་བའི་རང་གི་མཚན་ཉིད་ནི་སེམས་ཅན་རྣམས་ཀྱི་བདག་གི་དངོས་པོ་ཐོབ་པའོ་ཞེས་རྒྱས་པར་འབྱུང་བའོ། །ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་དང་ཞེས་བྱ་བ་ནི་

དེ་དག་སྐྱེ་བ་ནི་སོ་སོར་ཐོབ་པ་ཡིན་ནོ། །ཕུང་པོ་ལ་སོགས་པའི་རྒྱུན་ལ་སེམས་ཅན་དུ་འདུ་ཤེས་ཤིང་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་རྒྱུན་ལ་ཞེས་བྱ་བའི་དོན་ཏེ། ཅི་ཞེ་ན་ཕུང་པོ་དང་ཁམས་ལ་སོགས་པ་ཐོབ་པ་ནི་སེམས་ཅན་རྣམས་ཀྱི་བདག་ཐོབ་པ་ཡིན་ནོ་ཞེས་བྱ་

བའོ། །གསུམ་སྨོས་པ་ནི་གཅིག་པུ་དང་ལུས་ཅན་དང་ཡུལ་ལ་དམིགས་པར་བྱེད་པ་ཡང་བདག་གོ་ཞེས་བདག་ཏུ་རྟོག་པ་རྣམ་པ་གསུམ་བཙལ་བའི་ཕྱིར་རོ་ཞེས་བྱ་བ་ལ་བདག་ཏུ་རྟོག་པ་རྣམ་པ་གསུམ་སྨྲས་པ་གང་ཡིན་པ་དེ་སྟོན་པ་ནི། གཅིག་པུ་དང་ལུས་ཅན་དང་། ཡུལ་ལ་དམིགས་པར་བྱེད་པ་ཡང་བདག་

Vol. 115 · folio 200a

གོ་ཞེས་བྱ་བ་ཡིན་ནོ། །སྤུངས་པའི་དོན་ནི་ཕུང་པོའི་དོན་ཡིན་པས་ཞེས་བྱ་བ་ནི་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པ་དང་། མ་འོངས་པ་ཞེས་རྒྱས་པར་འབྱུང་བ་ནས་དེ་ཐམས་ཅད་གཅིག་ཏུ་མངོན་པར་བསྡུས་པ་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་

འགྲོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར། ཕུང་པོ་སྨོས་པ་ནི་བདག་གཅིག་ཏུ་རྟོགས་པ་བསལ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེ་དག་ལ་བདག་ཏུ་འཛིན་པ་ནི་རྟག་པ་དང་རིལ་པོར་འཛིན་པ་སྔོན་དུ་སོང་བ་ཡིན་ལ་སྤུངས་པའི་དོན་ནི་ཕུང་པོའི་དོན་ཡིན་ནོ་ཞེས་བྱ་བས་རིལ་པོར་འཛིན་པ་ལོག་

གོ་ཞེས་བྱ་བ་ཡིན་ནོ། །ཆོས་ཙམ་གསོག་ནི་ཁམས་སོ་ཞེས་བྱ་བ་ངེས་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ངེས་ཚིག་གི་ཚུལ་གྱིས་སོ། །ཅི་ཞེ་ན། ཁམས་སྨོས་པ་ནི་ལུས་ཅན་བདག་ཡིན་པར་རྟོག་པ་བསྩལ་བའི་ཕྱིར་ཏེ། ཆོས་ཙམ་གསོག་ནི་རྣམ་པར་ཤེས་པ་ཡིན་ཏེ། སྟོང་ཞེས་བྱ་

བའི་ཐ་ཚིག་ཡིན་པས་ལུས་ཅན་བདག་ཡིན་པར་རྟོག་པ་བསྩལ་བ་ཡིན་ནོ། །མིག་ལ་སོགས་པ་ཡུལ་ལ་དམིགས་པར་བྱེད་པ་ནི་སྤུངས་པའི་དོན་དུ་ཡོད་པས་དམིགས་པར་བྱེད་པའི་བདག་ནི་གང་ཡང་ཡོད་པ་མ་ཡིན་པས་དེ་ལྟར་སྐྱེ་མཆེད་སྨོས་པ་ནི་བདག་ཏུ་རྟོག་པ་གསུམ་བསལ་བའི་ཕྱིར་

ཡིན་ནོ། །དེ་ལྟར་གནས་སྐབས་དང་བཅས་པའི་སྐྱེ་བའི་མཚན་ཉིད་ཐ་དད་པ་ཞེས་སྨྲས་པ་གང་ཡིན་པ་ནི་གནས་སྐབས་ཐ་དད་པ་དང་ལྷན་ཅིག་པ་དེ་སྐྱེ་བའི་མཚན་ཉིད་ཡིན་ཏེ། གནས་སྐབས་ཐ་དད་པ་དང་ལྷན་ཅིག་པ་ཡིན་པས་གནས་སྐབས་ཐ་དད་པ་དང་བཅས་པ་ཡིན་གྱི། རང་གི་མཚན་ཉིད་

ངེས་པའི་སྐྱེ་བའི་མཚན་ཉིད་བསྟན་པ་ནི་མ་ཡིན་ཏེ། དེ་དག་ནི་གནས་སྐབས་ཐ་དད་པ་དང་བཅས་པ་ནི་མ་ཡིན་ནོ། །དེ་ལྟ་བུ་སྐྱེ་བའི་མཚན་ཉིད་དེ་གང་ཞེ་ན། ཕུང་པོ་རྣམས་མངོན་པར་གྲུབ་པ་དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཡིན་ནོ། །དེ་ལྟར་བྱས་ན་ཞེས་རྒྱས་པར་འབྱུང་བ་ལ། དེ་ལྟར་མདོར་

སྐྱེ་བའི་མཚན་ཉིད་ཡིན་ཏེ། སྐྱེ་བའི་མཚན་ཉིད་བསྟན་པས། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་བྱུང་བའི་སེམས་ཅན་རྣམས་ཀྱི་སྐྱེ་བའི་མཚན་ཉིད་ཀྱང་བསྟན་པ་ཡིན་ཏེ། དེ་དག་ལ་གནས་སྐབས་ཐ་དད་པ་དང་བཅས་པའི་སྐྱེ་བའི་མཚན་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་མདོར་ན་རིས་མཐུན་པར་

Vol. 115 · folio 200b

མཚམས་སྦྱར་ནས་རྒྱུན་དང་བཅས་པ་ནི་སྐྱེ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། རྒྱུན་དང་ལྷན་ཅིག་པ་ནི་རྒྱུན་དང་བཅས་པའོ། །རྒྱུན་ཀྱང་འདིར་བདག་ཅག་ལ་སོགས་པའི་སྐྱེ་བའི་རྒྱུན་མཐའ་དག་ཡིན་ནོ། །དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་བྱུང་བ་རྣམས་ཀྱི་སྐྱེ་བའི་མཚན་ཉིད་ཀྱང་མདོར་སྨྲས་

པ་ཡིན་ནོ། །དེ་ལ་ཕུང་པོ་རྣམས་མངོན་པར་གྲུབ་པ་དང་ཞེས་བྱ་བ་འདིས་ནི་ཉིང་མཚམས་སྦྱར་བ་བསྟན་པ་ཡིན་ཏེ། གསར་དུ་བྱུང་བ་ནི་མངོན་པར་བྱུང་བ་ཡིན་པའི་ཕྱིར་རོ། །སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བྱ་བ་འདིས་ནི་རྒྱུན་དེ་བསྟན་པ་ཡིན་ནོ། །སྐྱེ་བ་རྣམ་པ་ལྔའི་ནང་ནས་ཞེས་བྱ་བ་ནི་སྐྱེ་བ་དང་།

ཤིན་ཏུ་སྐྱེ་བ་དང་། འཕོས་པ་དང་། མངོན་པར་བྱུང་བ་དང་། རབ་ཏུ་སྐྱེས་པ་སྟེ། རྣམ་པ་འདི་ལྔའི་ནང་ནས་དང་པོའི་སྐྱེ་བ་ནི་སྲིད་པའི་རྐྱེན་གྱིས་ཡིན་པར་རིགས་ཏེ། དེའི་འོག་ཏུ་སྐྱེ་བའི་ཕྱིར་རོ། །དེའི་འོག་མ་དག་ནི་འོག་མ་འོག་མ་རྐྱེན་ཡིན་ན་ཞེས་བྱ་བ་ནི་སྐྱེ་བ་དེ་ལས་འོག་མ་ཤིན་ཏུ་སྐྱེ་བ་ལ་སོགས་

པའི་ཚོགས་ཡིན་པར་བསྟན་ཏེ། འོག་མ་འོག་མ་རྐྱེན་ཡིན་ཏེ། འདིར་ཤིན་ཏུ་སྐྱེ་བ་ནི་སྐྱེ་བའི་རྐྱེན་གྱིས་ཡིན། འཕོས་པ་འགྲོ་བ་ནི་ཤིན་ཏུ་སྐྱེ་བའི་རྐྱེན་གྱིས་ཡིན། མངོན་པར་བྱུང་བ་ནི་འཕོས་པའི་རྐྱེན་གྱིས་ཡིན། རབ་ཏུ་སྐྱེས་པ་ནི་མངོན་པར་བྱུང་བའི་རྐྱེན་གྱིས་ཡིན་ན། ཇི་ལྟར་སྲིད་པའི་

རྐྱེན་གྱིས་ཡིན་ཞེས་བྱ། འདིར་སྨྲས་པ། འཕོས་པ་ནི་འོག་མ་རྐྱེན་ཡིན་པར་བསྟན། སྐྱེ་བ་ནི་རྒྱུ་ཡིན་ཏེ། སྔ་ལ་ཤིན་ཏུ་སྐྱེ་བ་ནི་འོག་མ་ཡིན། ཚོར་བར་བྱུང་བ་དང་། རབ་ཏུ་སྐྱེས་པ་ཡང་དེ་བཞིན་ནོ། །འོ་ན་ཤིན་ཏུ་སྐྱེས་པའི་རྐྱེན་འོག་མ་ཇི་ལྟར་ཡིན། སྐྱེ་བ་ནི་འོག་མ་མ་ཡིན་ནོ། །

འོ་ན་ཅི་ཞེ་ན། སྔ་མ་ཡིན་ནོ། །དེའི་རྐྱེན་གྱིས་ནི་ཤིན་ཏུ་སྐྱེ་བ་ཡིན་ནོ་ཞེས་ཟེར་ན་འདུན་པ་དང་ལྡན་པ་སྟོན་པ་ཡིན་པས་དེའི་ཕྱིར་ཉེས་པ་མེད་དོ། ཡང་ན་སྐྱེ་བ་ཡང་འོག་མ་ཡིན་ཏེ། གང་ལས་ཤེ་ན། ལས་ཀྱི་སྲིད་པ་ལས་ཡིན་ཏེ། དེ་བས་ན་ཉེས་པ་མེད་དོ། །དེ་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲིད་པ་རྩ་བ་

ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པའི་མདོ་སྡེ་ལས་ཀྱང་ཞེས་རྒྱས་པར་འབྱུང་བ་ལ། རིམ་པ་གང་གིས་སྐྱེ་བ་དང་ཞེས་བྱ་བ་ནི་སྐྱེ་བ་དང་ཤིན་ཏུ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པས་སོ། །གང་སྐྱེ་བ་དང་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་སྐྱེ་

Vol. 115 · folio 201a

མཆེད་རྣམས་ཏེ། ཕུང་པོ་སོ་སོར་ཐོབ་པ་དང་ཞེས་རྒྱས་པར་འབྱུང་བའོ། །ཇི་ལྟར་སྐྱེ་བ་ཞེས་བྱ་བ་ནི་ཕུང་པོ་རྣམས་མངོན་པར་གྲུབ་པ་དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བྱ་བའི་ཚིག་གཉིས་ཀྱིས་སོ། །རིམ་པ་གང་གིས་སྐྱེ་བ་དང་ཞེས་སྨྲས་པ་གང་ཡིན་

པ་དེ་ལ་རིམ་པ་སྟོན་པ་ནི་འདི་དག་སྟེ། དང་པོར་ནི་ས་བོན་བཏབ་པའི་སྐྱེ་བ་ཡིན་ཏེ། ཁྲག་དང་ཁུ་བ་ནུར་ནུར་པོའི་ནང་དུ་རྣམ་པར་ཤེས་པའི་ས་བོན་བཏབ་པའོ། །དེའི་འོག་ཏུ་དེ་འཕེལ་བའི་སྐྱེ་བ་དང་ཞེས་བྱ་བ་ནི་ཤིན་ཏུ་སྐྱེ་བ་ཡིན་ཏེ། གང་བར་སྐྱེས་པ་ནི་ཤིན་ཏུ་སྐྱེས་པ་སྟེ། ཉིང་མཚམས་སྦྱོར་

བའི་སྐད་ཅིག་མ་མ་གཏོགས་པར་སྐྱེ་མཆེད་དྲུག་ལ་ཐུག་གི་བར་དུ་ཡིན་ནོ། །དེའི་འོག་ཏུ་བཙས་པའི་སྐྱེ་བ་དང་ཞེས་བྱ་བ་ནི་འཕོས་པ་ཡིན་ཏེ། མངལ་གྱི་སྒོ་ནས་འབྱུང་བ་ཡིན་ནོ། །དེའི་འོག་ཏུ་དེ་འཕེལ་བའི་སྐྱེ་བ་དང་ཞེས་བྱ་བ་ནི་མངོན་པར་འབྱུང་བ་སྟེ། མངོན་དུ་བྱུང་བ་ནི་མངོན་པར་བྱུང་

བ་ཡིན་པའི་ཕྱིར་ཏེ། བྱིས་པའི་གནས་སྐབས་ནས་བཟུང་སྟེ། ལོངས་སྤྱོད་དང་ཐ་སྙད་བྱེད་པར་ནུས་པ་མ་ཐོབ་ཀྱི་བར་དུ་ཡིན་ནོ། །འཕེལ་ནས་ལོངས་སྤྱོད་དང་ཐ་སྙད་ནུས་པ་ཐོབ་པའི་སྐྱེ་བ་ཞེས་བྱ་བ་ནི་རབ་ཏུ་སྐྱེས་པ་དང་ཞེས་བྱ་བ་ཡིན་ཏེ། རྐྱེན་གང་ལས་ལོངས་སྤྱོད་དང་ཐ་སྙད་བྱེད་པར་

ནུས་པའོ། །གང་སྐྱེ་བ་དང་ཞེས་བྱ་བ་སྨྲས་པ་གང་ཡིན་པ་དེའི་དབང་དུ་བྱས་ནས། སྐྱེ་བ་ཡང་གང་ཞེ་ན་ཞེས་སྨྲས་ཏེ། གང་སྐྱེ་བ་དེ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་ཡིན་གྱི། བདག་ནི་མ་ཡིན་ནོ་ཞེས་སྨྲས་ཏེ། ཅི་ཞེ་ན། སྐྱེ་བ་ཞེས་བྱ་བར་སྦྱར་རོ། །

ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བདག་སྐྱེ་བ་མ་ཡིན་སྙམ་དུ་བསམས་པའོ། །དེའི་ཕྱིར། ཕུང་པོ་ལ་སོགས་པ་འཕེལ་བར་འགྲོ་བའི་ཕྱིར་རོ་ཞེས་སྨྲས་ཏེ། དང་པོར་ས་བོན་བཏབ་པའི་སྐྱེ་བ་དང་ཞེས་རྒྱས་པར་རིམ་པ་ཇི་སྐད་དུ་སྨྲས་པ་རྣམས་ཡིན་ནོ། །ཇི་ལྟར་སྐྱེ་ཞེས་སྨྲས་པ་གང་ཡིན་པ་

དེའི་དབང་དུ་བྱས་ཏེ། མི་རྟག་པ་དང་སྲོག་གི་དབང་པོའི་དབང་གིས་དང་ཞེས་རྒྱས་པར་སྨྲས་ཏེ། མི་རྟག་པ་ཉིད་ཀྱང་ཕུང་པོ་ལ་སོགས་པ་མངོན་པར་གྲུབ་པ་ཞེས་བྱ་བའི་ཚིག་འདིས་ཡིན་ནོ། །སྲོག་གི་དབང་པོའི་དབང་གིས་དང་ཞེས་བྱ་བ་ནི་སྲོག་གི་དབང་པོ་རབ་སྐྱེས་པ་ཞེས་བྱ་བའི་ཚིག་འདིས་

Vol. 115 · folio 201b

ཡིན་ནོ། །དུས་དཔག་ཏུ་ཡོད་པར་གནས་པའི་ཆོས་ཉིད་ཡིན་པའི་ཡང་ཕྱིར་མི་རྟག་པ་ཉིད་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་བདག་རྟག་པ་ནི་མ་ཡིན་ཏེ། ཕུང་པོ་རྣམས་མངོན་པར་གྲུབ་པ་ཞེས་བྱ་བ་འདིས་མི་རྟག་པ་བསྟན་ཏོ། །གསར་དུ་བྱུང་བ་ནི་མངོན་པར་བྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིས་

སྔོན་མ་བྱུང་བ་ལས་བྱུང་བ་སྟོན་པའི་ཕྱིར་རོ། །སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བྱ་བ་འདིས་ཀྱང་དུས་དཔག་ཏུ་ཡོད་པར་གནས་པའི་ཆོས་ཉིད་ཡིན་པའི་ཡང་ཕྱིར་བྱུང་བ་ལས་བྱུང་བའི་མཚན་ཉིད་དང་རབ་ཏུ་འཇིག་པའི་མི་རྟག་པ་བསྟན་ཏོ། །དེ་ལྟར་བཤད་པ་ནི་ཞེས་བྱ་བ་ནི་རིམ་པ་གང་གིས་སྐྱེ་བ་ཞེས་

བྱ་བ་ནས་བརྩམས་ནས་མི་རྟག་པ་ཉིད་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་བར་དུ་གོ་རིམས་བཞིན་དུ་སྐྱེ་བའི་རྣམ་གྲངས་བཅུ་ཡིན་པར་བརྗོད་དོ། །ཇི་ལྟ་ཞེ་ན། ས་བོན་བཏབ་པའི་སྐྱེ་བ་ནི་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནས་འཕེལ་ནས་ལོངས་སྤྱོད་དང་ཐ་སྙད་ནུས་པ་ཐོབ་པའི་སྐྱེ་བ་ནི་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བའི་བར་

དུའོ། །ཕུང་པོ་སོ་སོར་ཐོབ་པ་དང་། ཁམས་སོ་སོར་ཐོབ་པ་དང་། སྐྱེ་མཆེད་སོ་སོར་ཐོབ་པ་ཞེས་བྱ་བ་འདིས་རྣམ་པར་འཆད་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །ཕུང་པོ་མངོན་པར་གྲུབ་པ་དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བྱ་བ་འདི་

ཉིད་ངེས་པར་འཆད་པ་ནི་མི་རྟག་པ་ཉིད་སྐྱེ་བ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །གནས་གསུམ་ཚོགས་པས་མའི་མངལ་དུ་བུ་ཆགས་པར་འགྱུར་རོ་ཞེས་བྱ་བ་ནི་མ་ནི་རུང་བ་ཡིན་ཏེ། དུས་དང་ལྡན་པ་དང་། ཕ་མ་གཉི་ག་ཆགས་པ་དང་ལྡན་པར་ཚོགས་པ་དང་། དྲི་ཟ་ཉེ་བར་གནས་པ་སྟེ་གསུམ་ནི་དེ་

དག་གོ། །སྲིད་པར་གྱུར་པའི་ལས་ནི་རྒྱུ་མཐུན་པའི་འབྲས་བུའི་རྒྱུ་དང་རྐྱེན་མ་ཡིན་པར་འགྱུར་བ་དང་ཞེས་བྱ་བ་ནི་སྐལ་བ་འདྲ་བའི་རྒྱུད་བསྡུས་པའི་འབྲས་བུ་འདྲ་བའི་རྐྱེན་དུ་མི་འགྱུར་ཏེ། སྲེད་པའི་རྐྱེན་གྱིས་སྐྱེ་བ་ཁོ་ན་ཡིན་གྱི་གཞན་མ་ཡིན་པས་སོ། །དེ་ལ་དམིགས་པའི་སེམས་དང་སེམས་ལས་བྱུང་

བའི་དམིགས་པའི་རྐྱེན་ཅི་ཞེ་ན་སྲིད་པར་གྱུར་པའི་ལས་མ་ཡིན་པར་འགྱུར་རོ་ཞེས་སྐབས་དང་སྦྱར་རོ། །དེ་ལ་དམིགས་པའི་ཞེས་བྱ་བ་ནི་སྲིད་པར་གྱུར་པའི་ལས་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་མ་ངེས་པ་ཡིན་ན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་གཏན་ལ་

Vol. 115 · folio 202a

དབབ་པའི་དོན་དུ་འཆད་ན་ཡང་རྒྱུ་ཐམས་ཅད་བརྗོད་པར་བྱ་དགོས་སོ། །འབྲས་བུ་གཏན་ལ་དབབ་ན་ཡང་འབྲས་བུ་ཐམས་ཅད་བརྗོད་དགོས་པར་འགྱུར་རོ། །འོན་ཏེ་རྒྱུ་གཏན་ལ་དབབ་པའི་ཆེད་དུ་ཡང་མ་ཡིན། འབྲས་བུ་གཏན་ལ་དབབ་པའི་ཆེད་དུ་ཡང་མ་ཡིན་ནོ། །སྲིད་པའི་

རྐྱེན་གྱིས་སྐྱེ་བ་ཞེས་འཆད་པ་དོན་མེད་པར་འགྱུར་རོ། །དོན་མེད་པར་མི་འགྱུར་ཏེ། རྐྱེན་གཙོ་བོ་འཆད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་གཏན་ལ་དབབ་པའི་ཕྱིར་དེ་འཆད་ན་ཡང་རྒྱུ་ཐམས་ཅད་བརྗོད་པར་བྱ་མི་དགོས་ཏེ། རྐྱེན་གཙོ་བོ་གཏན་ལ་དབབ་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་མེད་

པར་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲིད་པ་དེ་མེད་པར་ཞེས་བྱ་བའི་དོན་ཏོ། །གནས་གཉིས་ཚོགས་སུ་ཟིན་ཀྱང་དྲི་ཟ་ཡང་མེད་པར་འགྱུར་ཏེ། དེ་མེད་པར་ཞེས་བྱ་བ་སྐབས་དང་སྦྱར་རོ། །དེའི་ཕྱིར་ཡང་སྲིད་པ་ཉིད་རྐྱེན་གཙོ་བོ་ཡིན་གྱི། དྲི་ཟ་ནི་མ་ཡིན་ནོ། །གནས་རྣམ་པ་

གསུམ་མེད་པར་ཡང་དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་རྣམས་དང་། གཟུགས་མེད་པ་རྣམས་སུ་ཇི་ལྟར་རིགས་པར་ཇི་ལྟར་འོས་པ། སྐྱེ་བ་ཡོད་པ་ཉིད་དེ། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་རྣམས་ནི་གནས་གཉིས་མེད་པར་ཡང་སྐྱེ་བ་ཡོད་པ་ཡིན་ཏེ། མ་ནི་རུང་

བ་ཡིན་ཏེ། དུས་དང་ལྡན་པ་དང་། ཕ་མ་གཉིས་ཆགས་པར་གྱུར་ཏེ། ཚོགས་པ་འདི་གཉིས་མེད་པར་ཡང་སྐྱེ་བ་ཡོད་པ་ཡིན་ནོ། །གཟུགས་མེད་པར་ནི་གནས་གསུམ་མེད་པར་ཡང་སྐྱེ་བ་ཡོད་པ་ཡིན་ཏེ། དེ་ན་ནི་ཕ་མའི་ལུགས་ཡོད་པ་མ་ཡིན་ལ། སྲིད་པ་བར་མ་ཡང་ཡོད་པ་པ་མ་ཡིན་ནོ། །དེའི་ཕྱིར་

ཡང་སྲིད་པ་ཉིད་རྐྱེན་གཙོ་བོ་ཡིན་པར་འགྲུབ་པ་ཡིན་ནོ། །སྐྱེ་བའི་བསྡུས་པའི་དོན་ནི་རྣམ་པ་བཅུ་གཉིས་ཡིན་པར་འདིར་བསྟན་ཏེ། སེམས་ཅན་དུ་བགྲང་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སེམས་ཅན་དེ་དང་དེ་དག་གི་ཞེས་བསྟན་པའོ། །མཐུན་པ་རྣམ་པར་གཞག་པ་ནི་ཇི་སྐད་

དུ། སེམས་ཅན་གྱི་རིས་དེ་དང་དེར་ཞེས་བསྟན་པའོ། །རྣམ་གྲངས་ཀྱི་དགོས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། རྗེས་སུ་མཐུན་པར་རྣམ་པར་འཆད་པ་ནི་སྐྱེ་བའི་རྣམ་གྲངས་ཡིན་ཏེ་ཞེས་བྱ་བ་དང་། གནས་སྐབས་ཀྱི་བྱེ་བྲག་སྟོན་པའི་དོན་ནི་རྣམ་གྲངས་གཞན་ཡིན་ཏེ་ཞེས་བསྟན་

Vol. 115 · folio 202b

པ་ཡིན་ནོ། །གནས་སྐབས་ཐ་དད་པའི་མཚན་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཇི་ལྟར་འཕངས་པ་བཞིན་དུ་མིང་དང་གཟུགས་ལ་སོགས་པ་མཐའ་ཚོར་བ་ལ་ཐུག་པའི་བར་གྱི་དང་པོ་བྱུང་བ་ནི་སྐྱེ་བ་ཡིན་ཏེ་ཞེས་བྱ་བ་དང་། སྐྱེས་ནས་མིང་དང་གཟུགས་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་

སྐྱེ་བ་ཡིན་ནོ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །རང་གི་མཚན་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྐྱེ་བའི་རང་གི་མཚན་ཉིད་ནི་སེམས་ཅན་རྣམས་ཀྱི་བདག་གི་དངོས་པོ་ཐོབ་པའོ་ཞེས་རྒྱས་པར་བསྟན་པའོ། བསྡུས་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། དེ་ལྟར་གནས་སྐབས་དང་

བཅས་པའི་སྐྱེ་བའི་མཚན་ཉིད་ཐ་དད་པ་རྒྱས་པར་བསྟན་ནས་ཡང་མདོར་སྟོན་པ་ནི་ཕུང་པོ་རྣམས་མངོན་པར་གྲུབ་པ་དང་། སྲོག་གི་དབང་པོ་རབ་ཏུ་སྐྱེས་པ་ཞེས་བསྟན་པ་ཡིན་ནོ། །སྲིད་པའི་རྐྱེན་དུ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲིད་པས་ནི་སྐྱེ་བ་དང་པོ་ལ་དེའི་ངོ་བོའི་ནུས་པ་ཡོད་པར་

བྱས་ནས་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །གོ་རིམས་རྣམ་པར་གཞག་པ་ནི་ཇི་སྐད་དུ། ས་བོན་བཏབ་པའི་སྐྱེ་བ་དང་། དེའི་འོག་ཏུ་དེ་འཕེལ་བའི་སྐྱེ་བ་དང་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །ལུས་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་ཡིན་གྱི།

བདག་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། མ་བྱུང་བ་ལས་བྱུང་བའི་མཚན་ཉིད་སྐྱེ་བའི་ལུས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡིན་ཏེ། ཕུང་པོ་ལ་སོགས་པ་ནི་སྐྱེ་བ་ཡིན་ནོ། །དེ་མི་རྟག་པ་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ། མི་རྟག་པ་ཉིད་སྐྱེ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྐྱེན་

གཙོ་བོ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲིད་པ་ནི་རྐྱེན་གཙོ་བོ་ཉིད་ཡིན་ཏེ། དེ་མེད་པར་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །སྐྱེ་བའི་ཡན་ལག་རྣམ་པར་འབྱེད་པའོ།། །།སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་རྒ་ཤི་གང་ཞེ་ན་ཞེས་སྨྲས་པའི་ངེས་པར་

འཆད་པ་ཡང་ཇི་སྐད་དུ་བསྟན་པ་ཡིན་ནོ། །དེ་བས་ན་རྒ་བ་ངེས་པར་བཤད་པའི་ཕྱིར། རྒ་བ་གང་ཞེ་ན། གང་དེའི་སྤྱི་གཅེར་དང་། སྐྲ་དཀར་དང་ཞེས་རྒྱས་པར་འབྱུང་བའི་ཚིག་རྣམ་པ་བཅོ་བརྒྱད་ཀྱིས་ཞེས་བྱ་བ་ཡིན་ཏེ། རྒྱས་པའི་ཚིག་ནི་མདོ་སྡེ་ལས་ཇི་ལྟར་འབྱུང་བ་བསྟན་པའི་ཕྱིར་རོ། །

Vol. 115 · folio 203a

ཇི་ལྟ་ཞེ་ན། གང་དེའི་སྤྱི་གཅེར་དང་། སྐྲ་དཀར་དང་། གཉེར་མ་འཚིགས་པ་དང་། རྙིས་པ་དང་། ཞུམ་པ་དང་། བ་ལང་སྒུར་པོ་ཆུ་འཐུང་བ་ལྟར་གུག་པ་དང་། ལུས་ལ་ནག་པོའི་ཐིག་ལེས་གང་བ་དང་། ལུད་པ་ལུ་ཞིང་དབུགས་རྒོད་པ་དང་། མདུན་དུ་ལུས་འབབ་པ་ལྟར་བྱེད་པ་དང་། འཁར་

བ་ལ་བརྟེན་པ་དང་། བླུན་པས་མོང་རྟུལ་བ་དང་། ཞན་པ་ཉིད་དང་ཉམས་པ་དང་། ཡོངས་སུ་ཉམས་པ་དང་། དབང་པོ་རྒུད་པ་དང་། ཉམས་པ་དང་། འདུ་བྱེད་རྙིངས་པ་དང་། ཤིན་ཏུ་རྙིངས་པ་རྣམས་ཡིན་ནོ། །ཡོངས་སུ་འགྱུར་བའི་མཚན་ཉིད་རྣམ་པ་བདུན་ནི་ཡོངས་

སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏོ་ཞེས་བྱ་བ་ལ་རྒས་པ་ནི་གཉིས་ཏེ། ཡོངས་སུ་ཉམས་པའི་རྒས་པ་དང་། ཉེ་བར་ཁྲིད་པའི་རྒས་པའོ། །དེ་ལ་ཡོངས་སུ་ཉམས་པའི་རྒས་པ་འདི་ནི་ཡོངས་སུ་འགྱུར་བའི་མཚན་ཉིད་རྣམ་པ་བདུན་བྱེ་བྲག་བདུན་ཏེ། དེ་ནི་ཡོངས་སུ་འགྱུར་བ་

རྣམ་པ་བདུན་ཡིན་ནོ། །ཡོངས་སུ་འགྱུར་བའི་མཚན་ཉིད་རྣམ་པ་བདུན་པོ་དེ་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏོ། །ཉེ་བར་ཁྲིད་པའི་རྒས་པ་ནི་གང་སྐད་ཅིག་མ་གཅིག་ནས་གཅིག་ཏུ་ཤི་བའི་བར་དུ་ཁྲིད་པར་བྱེད་པའོ། །གཟུགས་ཡོངས་སུ་འགྱུར་བའི་མཚན་ཉིད་ཅི་ཞེ་ན།

ཡོངས་སུ་ཉམས་པའི་རྒས་པ་སྟོན་པ་ཡིན་ནོ། །ཇི་ལྟ་ཞེ་ན། དེའི་ཕྱིར་སྐྲ་འབྱི་ཞིང་སྐྲ་མདོག་གྱུར་པ་དང་ཞེས་སྨྲས་ཏེ། སྐྲ་འབྱི་ཞིང་སྐྲ་མདོག་གྱུར་པ་དང་། སྤྱི་གཅེར་ཞེས་བྱ་བ་འདིས་ནི་སྐྲ་བྱི་བའོ། །སྐྲ་དཀར་ཞེས་བྱ་བ་འདིས་ནི་སྐྲ་མདོག་གྱུར་པའོ། །སྐྲ་མདོག་གྱུར་པ་གང་ཡིན་པ་

ནི་གཟུགས་ཡོངས་སུ་འགྱུར་བའི་མཚན་ཉིད་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་པ་ནི་རིགས་པ་ཡིན་ཏེ། ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །སྐྲ་བྱི་བ་གོ་ཇི་ལྟར་ཡིན་ཞེ་ན། སྐྲ་བྱི་བ་ནི་དེ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་ཏེ། གཟུགས་ཡོངས་སུ་འགྱུར་བ་

མེད་པར་སྐྲ་བྱི་བ་ཡོད་པ་མ་ཡིན་པས་སོ། །པགས་པ་འཁུམས་པ་དང་ཞེས་བྱ་བ་ཅི་ཞེ་ན། གཟུགས་རྣམ་པར་འགྱུར་བའི་མཚན་ཉིད་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་ནོ་ཞེས་གཉེར་མ་འཚིགས་པ་ཞེས་བྱ་བ་འདིས་སྟོན་ཏོ་ཞེས་སྐབས་དང་སྦྱར་ཏེ། པགས་པ་འཁུམས་པ་མེད་པར་གཉེར་མ་

Vol. 115 · folio 203b

འཚིགས་པ་ཡོད་པ་མ་ཡིན་པས་སོ། །མདངས་ཡོངས་སུ་ཉམས་པ་དང་ཞེས་བྱ་བ་ནི་རྙིས་པ་དང་ཞེས་བྱ་བ་འདིས་ཡིན་ཏེ། གཟུགས་རྣམ་པར་འགྱུར་བ་མེད་པར་མདོངས་ཡོངས་སུ་ཉམས་པ་ཡོད་པ་མ་ཡིན་ནོ། །ཤ་ལྷོད་པ་དང་ཞེས་བྱ་བ་ནི་ཞུམ་པ་དང་ཞེས་བྱ་བ་འདིས་ཡིན་ནོ། །དཔེ་དང་བཅས་

པའི་ལུས་ཀྱི་དབྱིབས་ཡོངས་སུ་གྱུར་པ་དང་ཞེས་བྱ་བ་ནི་བ་ལང་སྒུར་པོ་ཆུ་འཐུང་བ་ལྟར་གུག་པ་དང་ཞེས་བྱ་བའི་ཚིག་འདིས་ཡིན་ཏེ། འདིས་ནི་དཔེ་དང་བཅས་པའི་ལུས་ཀྱི་དབྱིབས་གྱུར་པ་སྟོན་པ་ཡིན་ནོ། །མདོག་གྱུར་པས་ཞེས་བྱ་བ་ནི་ལུས་ལ་ནག་པོ་ཐིག་ལེས་གང་བ་དང་ཞེས་བྱ་བའི་ཚིག་

འདིས་ཡིན་ཏེ། ཅི་ཞེ་ན། གཟུགས་རྣམ་པར་གྱུར་པའི་མཚན་ཉིད་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་པ་ཡིན་ཏེ། རེ་ཞིག་དེ་དག་ནི་ཡོངས་སུ་འགྱུར་བའི་རྣམ་པ་དང་པོ་ཡིན་ནོ། །སྟོབས་ཡོངས་སུ་འགྱུར་བའི་མཚན་ཉིད་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏོ་ཞེས་སྐབས་

དང་སྦྱར་རོ། །སྒྲ་དང་བཅས་ཤིང་ཤིན་ཏུ་དབུགས་རྒོད་པ་དང་ཞེས་བྱ་བ་ནི་ལུད་པ་ལུ་ཞིང་དབུགས་རྒོད་པ་ཞེས་བྱ་བའི་ཚིག་འདིས་ཡིན་ནོ། །འགྲེང་བ་དང་འགྲོ་བའི་གནས་སྐབས་གཉིས་ན་འབུབ་པ་ལྟ་བུར་མངོན་དུ་ཕྱོགས་པ་དང་ཞེས་བྱ་བ་ནི་འགྲེང་བའི་གནས་སྐབས་ན་འབུབ་པ་ལྟར་མངོན་དུ་ཕྱོགས་

པ་ནི་མདུན་དུ་ལུས་འབུབ་པ་ལྟར་བྱེད་པ་དང་ཞེས་བྱ་བའི་ཚིག་འདིས་ཡིན་ནོ། །འགྲོ་བའི་གནས་སྐབས་ན་ནི་འཁར་བ་ལ་བརྟེན་པ་དང་ཞེས་བྱ་བའི་ཚིག་འདིས་ཡིན་ཏེ། ཅི་ཞེ་ན། རྣམ་པར་འགྱུར་བའི་མཚན་ཉིད་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏོ་ཞེས་སྐབས་དང་སྦྱར་རོ། །འདི་ནི་

ཡོངས་སུ་འགྱུར་བའི་རྣམ་པ་གཉིས་པའོ། །ཤེས་རབ་རྣམ་པར་འགྱུར་བའི་མཚན་ཉིད་ཅི་ཞེ་ན། །ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏེ། བླུན་པས་མོང་རྟུལ་བ་ཉིད་ཅེས་བྱ་བའི་ཚིག་འདིས་ཡིན་ནོ། །ལེགས་པར་བཤད་པ་དང་ཉེས་པར་བཤད་པའི་ཞེས་རྒྱས་པར་འབྱུང་བ་ལ། ལེགས་

པར་བཤད་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཆོས་རྣམས་དང་། ཉེས་པར་བཤད་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དོན་ཤེས་པའི་སྟོབས་མེད་པའི་ཕྱིར་དང་། བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པའི་སྟོབས་མེད་པའི་ཕྱིར་བླུན་པ་ཡིན་ནོ་ཞེས་བྱ་སྟེ། འདི་དེ་ཉིད་ཀྱི་རྣམ་པར་འཆད་པ་ཡིན་ནོ། །འདི་དག་ནི་རྣམ་

Vol. 115 · folio 204a

པར་འགྱུར་བའི་རྣམ་པ་གསུམ་པ་ཡིན་ནོ། །དྲན་པ་རྣམ་པར་འགྱུར་བའི་མཚན་ཉིད་དག་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏེ། ཇི་ལྟ་ཞེ་ན། དེའི་ཕྱིར་མྱུར་དུ་བརྗེད་པ་དང་། དྲན་པ་མི་གསལ་བའོ་ཞེས་སྨྲས་ཏེ། ཞན་པ་ཉིད་ཅེས་བྱ་བའི་ཚིག་འདིས་ཡིན་

ཏེ། མྱུར་དུ་བརྗེད་པ་དང་། དྲན་པ་མི་གསལ་བ་འདི་ནི་རྣམ་པར་འགྱུར་བའི་རྣམ་པ་བཞི་པ་ཡིན་ནོ། །འཁྲིག་པ་དང་ཟས་ཀྱི་ལོངས་སྤྱོད་ཀྱི་བདེ་བ་རྣམ་པར་འགྱུར་བའི་མཚན་ཉིད་ནི་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་ཏེ། སྐྱེས་པ་ཉིད་ལ་གནོད་པར་འགྱུར་བའི་ཕྱིར་དང་། འཇུ་བའི་

མེ་ཞན་པར་གྱུར་པས་སོ། །དེ་ལ་འཁྲིག་པའི་བདེ་བ་རྣམ་པར་འགྱུར་བའི་མཚན་ཉིད་ནི་སྐྱེས་པ་ཉིད་ལ། གནོད་པ་ཡིན་པས་ཉམས་པ་ཞེས་བྱ་བའི་ཚིག་འདིས་སྟོན་ཏོ། །ཟས་ཀྱི་ལོངས་སྤྱོད་བདེ་བ་རྣམ་པར་འགྱུར་བའི་མཚན་ཉིད་ནི་འཇུ་བའི་མེ་ཞན་པར་གྱུར་པས་ཏེ། ཡོངས་སུ་

ཉམས་པ་ཞེས་བྱ་བའི་ཚིག་འདིས་ཡིན་ནོ། །འཁྲིག་པའི་ལོངས་སྤྱོད་ཀྱི་བདེ་བ་དེའི་ཚེ་རྣམ་པར་འགྱུར་བ་ནི་སྐྱེས་པ་ཉིད་ལ་གནོད་པར་གྱུར་པའི་ཕྱིར་རོ། །ཟས་ཀྱི་ལོངས་སྤྱོད་ཀྱི་བདེ་བ་རྣམ་པར་འགྱུར་བ་ནི་འཇུ་བའི་མེ་ཞན་པར་གྱུར་པའི་ཕྱིར་རོ། །འདི་ནི་རྣམ་པར་འགྱུར་བའི་རྣམ་པ་

ལྔ་པ་ཡིན་ནོ། །དབང་པོ་ཡོངས་སུ་འགྱུར་བའི་མཚན་ཉིད་ཀྱང་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་པ་ནི། ཡུལ་ལ་དམིགས་པའི་སྟོབས་ཞན་པ་དང་། ཉམས་པས་ཡིན་ཏེ། དབང་པོ་རྣམས་རྒུད་པ་དང་ཞེས་བྱ་བའི་ཚིག་འདི་དང་། ཉམས་པ་ཞེས་བྱ་བའི་ཚིག་འདིས་

ཡིན་ཏེ་གོ་རིམས་བཞིན་ནོ། །ཉམས་པ་ནི་རྣམ་པར་ཞིག་པའོ། །འདི་ནི་རྣམ་པར་འགྱུར་བའི་རྣམ་པ་དྲུག་པ་ཡིན་ནོ། །ཚེ་རྣམ་པར་འགྱུར་བའི་མཚན་ཉིད་ཀྱང་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་པ་ནི་ཇི་ལྟ་ཞེ་ན། ཚེའི་འདུ་བྱེད་རྣམས་འཆི་བར་ཉེ་བར་གྱུར་པས་ཏེ། འདུ་

བྱེད་རྣམས་རྙིངས་པ་ཞེས་བྱ་བའི་ཚིག་འདིས་ཡིན་ནོ། །ཡོ་བྱད་ཉུང་བར་མི་བཟོད་པས་སོ་ཞེས་བྱ་བ་ནི་ཤིན་ཏུ་རྙིངས་པར་གྱུར་པ་ཞེས་བྱ་བའི་ཚིག་འདིས་ཡིན་ནོ། །འདི་རྣམ་པར་འགྱུར་བ་རྣམ་པ་བདུན་པ་ཡིན་ནོ། །དགེ་སློང་སྐྱེ་བ་རྣམ་པ་བཞི་པོ་ཞེས་བྱ་བ་ནི་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་

Vol. 115 · folio 204b

དང་། རེག་པ་དང་། ཚོར་བའི་མཚན་ཉིད་དོ། །ཕོངས་པ་རྣམ་པ་ལྔ་ལ་སྐྲས་ཕོངས་པ་ནི་བྱི་བ་དང་མདོག་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱི་གཅེར་དང་སྐྲ་དཀར་ཞེས་བྱ་བའི་ཚིག་གཉིས་ཀྱིས་གོ་རིམས་བཞིན་དུ་བསྟན་ཏོ། །ལུས་ཕོངས་པ་ནི་དབྱིབས་དང་། ཤ་དང་སྟོབས་དང་། མདོག་ཕོངས་པའི་

ཕྱིར་རོ་ཞེས་བྱ་བ་དེ་ལ་དབྱིབས་ཕོངས་པ་ནི་གཉེར་མ་འཚིགས་པ་ཞེས་བྱ་བ་འདིས་བསྟན་ཏོ། །ཤ་ཕོངས་པ་ནི་རྙིངས་པ་ཞེས་བྱ་བ་འདིས་སོ། །སྟོབས་ཕོངས་པ་ནི་ཞུམ་པ་ཞེས་བྱ་བ་འདིས་ཡིན་ནོ། །མདོག་ཕོངས་པ་ནི་ལུས་ལ་ནག་པོ་ཐིག་ལེས་གང་བ་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །

འདིར་ཡང་གོ་རིམས་ནི་ཞུམ་པའི་མཇུག་ཐོགས་སུ་ལུས་ལ་ནག་པོ་ཐིག་ལེས་གང་བ་དང་ཞེས་བྱ་བ་འདི་ཉིད་ཡིན་ནོ། །ལས་ཕོངས་པ་ནི་ཞེས་རྒྱས་པར་འབྱུང་བ་འདི་ལ་ཡང་། སྨྲ་བ་ན་ལུད་པ་ལུ་བ་དང་དབུགས་རྒོད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིས་ནི་ལས་ཕོངས་པ་སྟོན་

ཏེ། སྨྲ་བ་ན་ལུད་པ་ལུ་ཞིང་དབུགས་རྒོད་པའི་ལུས་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་འདིས་ནི་ངག་གི་ལས་ཕོངས་པ་བསྟན་ཏོ། །ལངས་པ་ན་གདུང་མ་གུག་པ་བཞིན་དུ་གུག་པོར་གྱུར་པའི་ཕྱིར་རོ། །འདུག་པ་ན་ལུས་མདུན་དུ་གུག་པའི་ཕྱིར་རོ། །འགྲོ་བ་ན་འཁར་བ་ལ་བརྟེན་པའི་

ཕྱིར་རོ་ཞེས་བྱ་བ་ཚིག་འདི་གསུམ་གྱིས་ནི་ལུས་ཀྱི་ལས་ཕོངས་པ་བསྟན་ཏོ། །ཡིད་ཀྱི་ནི་ཞེས་བྱ་བ་ཡིད་ཕོངས་པ་ནི། ཤེས་རབ་རྨོངས་པ་དང་། དྲན་པ་ཞན་པའི་ཡང་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། རྨོངས་པ་དང་། ཞན་པའི་ཚིག་འདི་གཉིས་གོ་རིམས་བཞིན་ནོ། །དེ་ལྟར་ན་ལས་ཕོངས་

པ་རྣམ་པ་གསུམ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཕོངས་པའམ། ཡང་ན་ལུས་ཕོངས་པ་དང་རྣམ་པ་གཉིས་སོ། །ལོངས་སྤྱོད་ཕོངས་པ་ནི་ཞེས་རྒྱས་པར་འབྱུང་བ་ལ། བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་ཡོད་ལ། ལོངས་སྤྱོད་པ་ཞན་པའི་ཕྱིར་དང་ཞེས་བྱ་བ་ནི་ཉམས་

པ་ཉིད་ཅེས་བྱ་བའི་ཚིག་འདིས་བསྟན་ཏོ། །རྩེད་མོ་དང་དགའ་བའི་ཡོ་བྱད་ལ་ཞེས་བྱ་བ་ནི་གཟུགས་དང་རེག་པ་ཡིད་དུ་འོང་བ་ལའོ། །ཐམས་ཅད་ནས་ཐམས་ཅད་དུ་ལོངས་མི་སྤྱོད་པའི་ཕྱིར་དང་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་དང་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །དབང་པོ་གཟུགས་ཅན་

Vol. 115 · folio 205a

རྣམས་ཞེས་རྒྱས་པར་འབྱུང་བ་ནི་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་རྣམས་ནི་དེ་དག་གི་ཡུལ་གཟུགས་ལ་སོགས་པ་ལ། མི་གསལ་བ་རྒྱུ་དང་མི་རྒྱུ་བའི་ཕྱིར་ཞེས་བྱ་བ་ནི་འཇུག་པ་ཞན་པ་ཉིད་དང་། འཇུག་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དབང་

པོ་རྒུད་པ་དང་། ཉམས་པ་དང་ཞེས་བྱ་བའི་ཚིག་གཉིས་ཀྱིས་བསྟན་ཏེ། ལོངས་སྤྱོད་ཕོངས་པ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །སྲོག་གི་དབང་པོ་ཕོངས་པ་ནི་ཚེ་ཟད་པ་དང་། ཤི་བ་དང་ཉེ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་རྣམས་རྙིངས་པ་དང་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །འཆི་

བའི་རྐྱེན་ཅུང་ཟད་ཙམ་ཡང་མི་བཟོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་རྙིངས་པ་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །རྒས་པ་རྣམ་པར་འབྱེད་པ་རྒྱ་ཆེར་འགྲེལ་པའོ།། །།འཆི་བ་གང་ཞེ་ན་འཕོས་པ་དང་། འཕོ་བ་ཉིད་དང་ཞེས་བྱ་བ་རྒྱས་པར་རྣམ་གྲངས་བཅུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འཕོས་པ་

དང་། འཕོས་པ་ཉིད་དང་། ཞིག་པ་དང་། ནང་ཉམས་པ་དང་། ཚེ་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགག་པ་དང་། ཕུང་པོ་རྣམས་འདོར་བ་དང་། འཆི་བ་དང་འདུ་བྱེད་པའོ་ཞེས་བྱ་བ་ཡིན་ནོ། །དེ་ལ་འཕོས་པ་ནི་སེམས་ཅན་གྱི་རིས་དེ་དང་བྲལ་བའོ་ཞེས་བྱ་བ་ནི་འདི་

ལྟར་སེམས་ཅན་གྱི་རིས་ནས་འཕོས་པ་སྟེ། སྐལ་བ་འདྲ་བ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །འཕོ་བ་ཉིད་ནི་འཆི་བའི་གནས་སྐབས་ཏེ་ཞེས་བྱ་བ་ནི་འཕོ་བའི་གནས་སྐབས་གང་ཡིན་པའོ་ཞེས་འཆད་པར་འགྱུར་བའོ། །ཞིག་པ་ནི་གཟུགས་ཀྱི་ལུས་ལས་མིང་གི་ཚོགས་འབྲལ་

བའོ་ཞེས་བྱ་བ་ལ་གཟུགས་ཅན་མ་ཡིན་པའི་མིང་གི་ཚོགས་རྣམས། གཟུགས་ཀྱི་ལུས་ལས་གང་གིས་ཇི་ལྟར་འབྲེལ་ཞེ་ན། ཕན་པ་དང་གནོད་པ་གཉིས་གཅིག་ལ་གཅིག་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་མེད་པའོ། །ནང་ཉམས་པ་ནི་མདོ་སྡེ་དེ་ཉིད་ལས། གཟུགས་ཀྱི་ལུས་ལས་

དབང་པོ་གཟུགས་ཅན་རྣམས་རྒྱུན་འཆད་པའོ་ཞེས་བྱ་བ་ནི་ཤི་བའི་གཟུགས་ཀྱི་ལུས་ནི་རྒྱུའི་རྗེས་སུ་འཇུག་པ་ཡོད་ཀྱི། མིག་ལ་སོགས་པའི་དབང་པོ་གཟུགས་ཅན་ནི་ཐམས་ཅད་ནས་ཐམས་ཅད་དུ་རྒྱུན་ཆད་དོ་ཞེས་བྱའོ། །ཚེ་ཉམས་པ་དང་དྲོད་ཡལ་བ་ཞེས་བྱ་བ་གཉི་ག་ཡང་གནས་པའི་རྒྱུ་ཞེས་རྒྱས་

Vol. 115 · folio 205b

པར་འབྱུང་བས་འདི་གཉིས་ཀྱི་བཤད་པ་བྱས་པ་ཡིན་ནོ། །དེར་སྔོན་གྱི་འཕེན་པ་དང་ཞེས་བྱ་བ་ནི་དེའི་སྐྱེ་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཕྱིར་རོ། །དྲོད་ཉེ་བ་སྟོན་པ་ནི་ཟས་སོ། །འདུ་བྱེད་གནས་པའང་དེ་བཞིན་ནོ་ཞེས་བྱ་བ་ནི་ཚེའི་འདུ་བྱེད་གནས་པ་ཞེས་བྱ་བའི་དོན་ཏོ། །ཚིག་གཉིས་གཉིས་ཀྱིས་འཕོས་པ་དང་།

འཕོ་བ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཚིག་གཉིས་གཉིས་ཀྱིས་འཕོས་པ་དང་འཕོ་བ་ཉིད་བསྟན་པ་སྟེ། ཞིག་པ་དང་ནང་ཉམས་པ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་ནི་གཟུགས་ཀྱི་ལུས་ལས་མིང་གི་ཚོགས་འབྲལ་བ་དང་། དེ་ལས་ཀྱང་དབང་པོ་གཟུགས་ཅན་རྣམས་རྒྱུན་

ཆད་པར་གྱུར་ན་འཕོས་པ་ཡིན་ཏེ། སྐལ་བ་འདྲ་བ་དེ་དང་བྲལ་བའི་ཕྱིར་རོ། །འཕོ་བ་ཉིད་ཀྱང་ཚེ་ཉམས་པ་དང་། དྲོད་ཡལ་བ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་བསྟན་ཏེ། འདི་གཉིས་ཀྱིས་དེ་ཡོངས་སུ་ཉམས་པར་འགྱུར་བའི་གནས་སྐབས་ནི་འཕོ་བ་ཉིད་ཅེས་བྱའོ། །དེ་ལྟར་ན་རེ་ཞིག་ཚེ་ཟད་

པ་རིམ་གྱིས་ཤི་བ་གང་ཡིན་པ་དང་ཞེས་རྒྱས་པར་འབྱུང་བ་ནི་དེ་ལྟར་ན་རེ་ཞིག་ཇི་སྐད་དུ་བསྟན་པའི་ཚེ་ཟད་པ་རིམ་གྱིས་ཤི་བ་གང་ཡིན་པ་དང་། འཆི་བའི་གནས་སྐབས་གང་ཡིན་པ་ཤི་བ་དང་འཆི་བ་དེ་གཉི་ག་ཤི་བ་ཡིན་པར་བསྟན་པ་ནི་ཚིག་གཉིས་གཉིས་ཤི་བ་དང་། འཆི་བ་ཉིད་ཡིན་

པར་བསྟན་པའི་ཕྱིར་རོ། །གང་ཡང་ཚེའི་ལྷག་མ་ལུས་པ་དེ་ནི་གློ་བུར་དུ་འཆི་བ་སྟེ་ཞེས་རྒྱས་པར་འབྱུང་བ་ལ། གློ་བུར་དུ་འཆི་བ་ཞེས་བྱ་བ་ནི་ཅིག་ཅར་ཡིན་གྱི་རིམ་གྱིས་མ་ཡིན་པའོ། །མདོར་བསྟན་པ་ཇི་ལྟར་ཡིན་ཞེ་ན། སྲོག་གི་དབང་པོ་འགག་པ་དང་། སྲོག་གི་དབང་པོ་དང་ལྡན་པ་ཡང་

ཕུང་པོ་རྣམས་འདོར་བ་དང་། འཆི་བ་ཞེས་བྱ་བ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །རིས་མཐུན་པར་སྐལ་བ་འདྲ་བའི་ཕུང་པོ་གཏོང་བ་ནི་དེ་འདོར་བ་ཡིན་ནོ། །དེས་ནི་ཞེས་བྱ་བ་དུས་བྱེད་པ་བསྟན་པ་དེས། སྔོན་གྱི་ལས་ཀྱིས་འཕངས་པ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །དང་པོའི་བྱེ་བྲག་རྣམ་པར་འབྱེད་པ་

ལས་ཞེས་རྒྱས་པར་འབྱུང་བ་ལ། སྐྱེ་བའི་མཚན་ཉིད་རྣམ་པ་བཞི་པོ་ནི་མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །འཆི་བའི་རབ་ཏུ་དབྱེ་བ་རྣམ་པ་དྲུག་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་དྲུག་ནི་ཤི་བའི་རབ་ཏུ་དབྱེ་བ་

Vol. 115 · folio 206a

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྫོགས་པར་ཤི་བ་དང་ཞེས་བྱ་བ་ནི་ཤི་བ་ཡིན་ཏེ། རིས་མཐུན་པའི་སྐལ་བ་འདྲ་བ་དང་བྲལ་བ་ཡོད་ན་ལྷག་མ་མ་ལུས་པར་ཤི་བ་ཡིན་གྱི། ལྷག་མ་དང་བཅས་པ་མ་ཡིན་ནོ། །མ་རྫོགས་པར་ཤི་བ་དང་ཞེས་བྱ་བ་ནི་འཆི་བ་ཉིད་ཡིན་ཏེ།

ལྷག་མ་དང་བཅས་པའི་འཆི་བ་ཡིན་པའི་ཕྱིར་རོ། །ཤི་བའི་རང་གི་མཚན་ཉིད་ནི་ཞེས་བྱ་བ་ནི་ཞིག་པ་དང་ནང་ཉམས་པ་ཞེས་བྱ་བ་ཡིན་ཏེ། དེ་དག་ནི་ཤི་བའི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ་གཟུགས་ཀྱི་ལུས་ལས་མིང་གི་ཚོགས་འབྲལ་བ་དང་། དེར་ཡང་དབང་པོ་གཟུགས་

ཅན་རྣམས་རྒྱུན་ཆད་པ་ཡིན་པས་ཞེས་བྱ་བའི་དོན་ཏོ། །མ་རྫོགས་པར་འཆི་བ་རྣམ་པར་དབྱེ་བ་དང་ཞེས་བྱ་བ་ནི་ཚེ་ཉམས་པ་དང་། དྲོད་ཉམས་པ་ཞེས་བྱ་བའི་ཚིག་གཉིས་ཀྱིས་མ་རྫོགས་པར་འཆི་བའི་མཚན་ཉིད་འཕོ་བ་ཉིད་ཅེས་བྱ་བ་རྣམ་པར་ཕྱེ་བ་ཡིན་ནོ། །རྫོགས་པར་ཤི་བ་རྣམ་པར་

དབྱེ་བ་དང་ཞེས་བྱ་བ་ནི་སྲོག་གི་དབང་པོ་འགག་པ་དང་། ཕུང་པོ་རྣམས་འདོར་བ་ཞེས་བྱ་བ་འདི་གཉིས་ཀྱིས་རྫོགས་པར་ཤི་བའི་མཚན་ཉིད་ཤི་བ་ཞེས་བྱ་བ་རྣམ་པར་ཕྱེ་བ་ཡིན་ནོ། །དུས་མ་ཡིན་པ་དང་། དུས་སུ་ཤི་བའོ་ཞེས་བྱ་བ་ནི་ཤི་བ་དང་དུས་བྱེད་པ་ཞེས་བྱ་བ་དང་གོ་རིམས་བཞིན་ཏེ།

དུས་མ་ཡིན་པར་འཆི་བ་ནི་ཉེ་བར་འཆི་བར་བྱེད་པའོ། །དུས་སུ་ཤི་བ་ནི་དུས་བྱེད་པ་སྟེ་དུས་རྫོགས་སོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་ལས་ཅིའི་ཕྱིར་མྱ་ངན་ལ་སོགས་པ་གསུངས་ལ་ཞེས་རྒྱས་པར་འབྱུང་བ་ནི་བསྟན་པ་ལས་ནི་མྱ་ངན་ལ་སོགས་པ་གསུངས་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་།

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །རྣམ་པར་འབྱེད་པ་ལས་ནི་མ་ཕྱེ་ཞེས་བྱ་བ་ནི། མྱ་ངན་ལ་སོགས་པ་ལས་བརྩམས་ནས་མྱ་ངན་ལ་སོགས་པ་བསྟན་པ་ཡོད་པ་མ་ཡིན་ནོ་ཞེ་ན་དེའི་ཕྱིར་རྒ་ཤི་ནི་སྲིད་པའི་

ཡན་ལག་ཉིད་དུ་བརྗོད་པར་བཞེད་པའི་ཕྱིར་རོ་ཞེས་སྨྲས་ཏེ། སྲིད་པའི་ཡན་ལག་རྣམ་པར་དབྱེ་ན་རྒ་ཤི་ནི་དངོས་སུ་སྲིད་པའི་ཡན་ལག་ཉིད་ཡིན་པར་བཞེད་ཀྱི་མྱ་ངན་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་མྱ་ངན་ལ་སོགས་པ་ནི་རྣམ་པར་མ་ཕྱེ་བའོ། །སྲིད་པའི་ཡན་ལག་ཉིད་དུ་བརྗོད་པར་བཞེད་

Vol. 115 · folio 206b

པ་ཡང་མ་ཡིན་ནོ། །འདི་ལ་ཁུངས་ཅི་ཡོད་ཅེ་ན། དེའི་ཕྱིར་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན་ཞེས་རྒྱས་པར་སྨྲས་ཏེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། དེར་གཏོགས་པ། རྒ་ཤིའི་བར་དུ་ཡིན་ནོ་ཞེས་མདོ་སྡེ་གཞན་ལས་གསུངས་ཀྱི་མྱ་ངན་ལ་སོགས་པ་ནི་མ་ཡིན་ནོ། །ཅི་

ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲས་པའོ། །ལུགས་ལས་བཟློག་པ་བརྟག་པའི་ཚེ་ཡང་ཞེས་རྒྱས་པར་འབྱུང་བ་སྟེ། མྱ་ངན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཅི་ཞིག་ཡོད་ཅེ་ན། གང་ཞིག་མེད་ན་མྱ་ངན་ལ་སོགས་པ་མི་འབྱུང་བར་གསུངས་པའོ། །ཡིན་ན་ནི་སྲིད་པའི་ཡན་ལག་ཏུ་བརྗོད་པར་ཡང་བཞེད་

དེ་མ་རིག་པ་ལ་སོགས་པ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཡིན་པར་བརྗོད་པར་བྱ་དགོས་པར་འགྱུར་བ་དང་། གང་ཞིག་མེད་ན་མྱ་ངན་ལ་སོགས་པ་མེད་པར་འགྱུར་ཞེས་བྱ་བ་ཡང་བརྗོད་པར་བྱ་དགོས་པར་འགྱུར་རོ། །འོ་ན་ཅི་དེ་དག་ཁས་མི་ལེན་ཏམ་ཞེས་བྱ་བ་ནི་མྱ་ངན་ལ་སོགས་པ་དེ་དག་སྲིད་

པའི་ཡན་ལག་ཡིན་པར་ཅིའི་ཕྱིར་ཁས་མི་ལེན་ཅེས་བྱ་བའི་དོན་ཏོ། །དེ་ལ་གོ་རིམས་མ་ངེས་པའི་ཕྱིར་དང་གཅིག་ཏུ་ཆད་པ་མེད་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་དག་ལ་གོ་རིམས་ནི་ཡོད་པ་མ་ཡིན་ཏེ་ཞེས་རྒྱས་པར་འབྱུང་བ་ནི་གནས་སྐབས་ངེས་པ་ཡིན་ན་ནི་འདིར་སྲིད་པའི་ཡན་ལག་ཏུ་བརྗོད་པར་བཞེད་

ཀྱི། གནས་སྐབས་མ་ངེས་པ་མ་ཡིན་ནོ། །གདོན་མི་ཟ་བར་འབྱུང་བ་ཡིན་ན་ནི་དེའི་ཕྱིར་མ་རིག་པ་ལ་སོགས་པ་བཞིན་དུ་སྲིད་པའི་ཡན་ལག་ཏུ་ཡང་བྱས་པར་འགྱུར་རོ། །འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒ་བ་དང་ཤི་བ་གཉིས་སོ། །ཇི་ལྟ་ཞེ་ན། དེའི་ཕྱིར། འབྱུང་བ་ནི་སྐྱེ་བ་

ཡིན་ནོ། །འཇིག་པ་ནི་ཤི་བ་ཡིན་ནོ། །གནས་པ་གཞན་དུ་འགྱུར་བ་ཉིད་ནི་རྒ་བ་ཡིན་ནོ་ཞེས་སྨྲས་སོ། །སྐད་ཅིག་མ་གཅིག་ཡིན་པའི་ཕྱིར་འདུས་བྱས་ལ་གནས་པ་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གནས་པ་ཞེས་བྱ་བ་ནི་རྒྱུན་ཡིན་པར་སྟོན་ཏེ། རྒྱུན་གྱི་མཚན་ཉིད་གནས་པ་དེའི་

སྔ་ཕྱིའི་བྱེ་བྲག་ནི་གཞན་དུ་འགྱུར་བ་ཉིད་ཡིན་ནོ་ཞེས་སྨྲས་སོ། །ཀུན་རྫོགས་པ་ལ་ཡོངས་སུ་ཉམས་པའི་དགའ་བ་ཡོད་པར་མདོ་སྡེ་འདི་ལས་བསྟན་ཏོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་གང་དེའི་སྤྱི་གཅེར་དང་། སྐྲ་དཀར་ཞེས་རྒྱས་པར་འགྱུར་བ་ཡིན་ནོ། །གལ་ཏེ་

Vol. 115 · folio 207a

གནས་པ་གཞན་དུ་འགྱུར་བ་རྒ་བ་ཡིན་ན་ཅིའི་ཕྱིར་སྐྱེ་བ་དང་འཇིག་པ་གཉིས་ཀྱི་བར་དུ་བསྟན། ཇི་ལྟ་ཞེ་ན། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ཡིན་ནོ། །ཐ་མར་ཅིའི་ཕྱིར་མ་བསྟན། མདོ་སྡེ་ལས་ནི་གནས་པ་གཞན་དུ་འགྱུར་བ་ཐ་མར་ཡང་བསྟན་ཏེ། དགེ་སློང་

དག་འདུས་བྱས་ཀྱི་སྐྱེ་བ་ཡང་སྣང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་ཡང་སྣང་ངོ་ཞེས་འབྱུང་ངོ་ཞེ་ན། འདི་ཉིད་གོ་རིམས་ཡིན་ནོ། །ཇི་ལྟ་ཞེ་ན། དང་པོར་སྐྱེའོ། །དེ་ནས་རྒས་སོ། །དེ་ནས་ཤིའོ་ཞེས་བྱ་བ་ཡིན་ནོ། །འདུས་བྱས་ཀྱི་མཚན་ཉིད་ལས་ཅིའི་ཕྱིར་དེ་ལྟར་མ་ཡིན་

ཞེ་ན་ཞེས་བྱ་བ་ནི་འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་ལས་འདུས་བྱས་ཀྱི་མཚན་ཉིད་གང་དག་ཡིན་པ་ལས་གནས་པ་གཞན་དུ་འགྱུར་བ་ཐ་མར་བསྟན་ཏོ་ཞེ་ན། སྐྱེ་བ་དང་འཇིག་པའི་བྱེ་བྲག་ཉིད་ཅེས་རྒྱས་པར་བྱུང་བ་ལ། བྱེ་བྲག་སྨོས་པ་ནི་རྒྱུན་བསྟན་པའི་ཕྱིར་ཏེ། སྐྱེ་བ་

དང་འཇིག་པ་དེ་གཉིས་ཀྱི་རྒྱུན་ཉིད་གནས་པ་གཞན་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འདུས་བྱས་ཀྱི་མཚན་ཉིད་ཀྱི་མདོ་སྡེ་ལས་ནི་གོ་རིམས་དེ་ལྟར་མ་ཡིན་ནོ། །གཞན་ཡང་གཉིས་ཀྱིས་ནི་སྔ་ན་མེད་པ་དང་ཞེས་རྒྱས་པར་འབྱུང་བ་ལ། འདུས་བྱས་ཀྱི་མཚན་ཉིད་གཉིས་ཀྱིས་ནི་སྔ་

ན་མེད་པ་དང་ཞིགས་ནས་མེད་པའི་མི་རྟག་པ་ཉིད་སྟོན་ཏོ། །སྐྱེ་བས་ནི་སྔ་ན་མེད་པའི་མི་རྟག་པའོ། །འཇིག་པས་ནི་ཞིགས་ནས་མེད་པའི་མི་རྟག་པའོ། །གསུམ་པ་གནས་པ་གཞན་དུ་འགྱུར་བ་གཅིག་གིས་ནི་དངོས་པོ་རྣམ་པར་འགྱུར་བའི་མི་རྟག་པ་སྟོན་པ་ཡིན་ནོ། །དེ་ལྟར་དངོས་པོ་

མེད་པའི་མཚན་ཉིད་མི་རྟག་པ་སྔར་བསྟན་ནས། གསུམ་པ་དངོས་པོ་རྣམ་པར་འགྱུར་བའི་མཚན་ཉིད་མི་རྟག་པ་ཕྱི་ནས་ཡིན་ཏེ། དེ་ལས་ནི་གོ་རིམས་དེ་ལྟ་བུ་ཡིན་ནོ། །ལོག་པར་ཅལ་ཅོལ་སྨྲ་བའི་རྒྱུ་རྣམ་པར་རྟོག་པ་ནི་མྱ་ངན་ཡིན་ནོ་ཞེས་བྱ་བ་འདི་ལ་ལོག་པར་ཅལ་ཅོལ་སྨྲ་བ་ནི་མ་འབྲེལ་བར་སྨྲ་

བ་ཡིན་པར་རིག་པར་བྱའོ། །ལོག་པར་ཅལ་ཅོལ་སྨྲ་བ་ཡང་མྱ་ངན་གྱིས་བསྐྱེད་པ་ཡིན་ཏེ། རྣམ་པར་བརྟགས་ཤིང་དཔྱད་ནས་ཚིག་སྨྲ་བ་ཡིན་གྱི། མ་བརྟགས་མ་དཔྱད་པར་མ་ཡིན་ནོ་ཞེས་བྱ་བ་ཡིན་པས་ལོག་པར་ཅལ་ཅོལ་སྨྲ་བའི་རྒྱུ་རྣམ་པར་རྟོག་པ་ནི་མྱ་ངན་ནོ་ཞེས་བསྟན་ཏེ། མི་སྡུག་པ་

Vol. 115 · folio 207b

དང་ཕྲད་ན་ལུས་ཀྱིས་མི་འདོད་པ་སྡུག་བསྔལ་མྱོང་བ་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བ་ལ་མི་འདོད་པ་སྨོས་པ་ནི་བདེ་བ་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཏེ། དེ་ཡང་ལུས་ཀྱི་ཡིན་པའི་ཕྱིར་རོ། །སེམས་ལས་བྱུང་བ་ནི་ཡིད་མི་བདེ་བ་ཡིན་ནོ་ཞེས་བྱ་བ་ནི་མི་བདེ་བ་མྱོང་བ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །

སྡུག་པ་དང་བྲལ་བ་ཉིད་བྲང་རྡུང་བ་ལ་སོགས་པས་ཞེས་རྒྱས་པར་འབྱུང་བ་ནི་མྱ་ངན་ལ་སོགས་པ་ནི་སྡུག་པ་དང་བྲལ་བ་སྔོན་དུ་སོང་བ་ཅན་ཉིད་ཡིན་པར་འདིས་སྟོན་པར་བྱེད་པ་ཡིན་གྱི། མི་སྡུག་པ་དང་ཕྲད་པ་སྔོན་དུ་སོང་བ་ཅན་མ་ཡིན་ནོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་ལས་ཞེས་རྒྱས་པར་འབྱུང་བ་ནི་

སྡུག་བསྔལ་ལ་སོགས་པ་ནི་སྡུག་པ་དང་བྲལ་བ་སྔོན་དུ་སོང་བ་ཅན་ཉིད་ཡིན་པར་འདིས་སྟོན་པར་བྱེད་པ་ཡིན་གྱི། མི་སྡུག་པ་དང་ཕྲད་པ་སྔོན་དུ་སོང་བ་ཅན་མ་ཡིན་ནོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་ལས་ཞེས་རྒྱས་པར་འབྱུང་བ་ནི་སྡུག་བསྔལ་ལ་སོགས་པ་ནི། སྡུག་པ་དང་བྲལ་བ་སྔོན་དུ་སོང་བ་ཅན་ཉིད་

ཡིན་པར་ཇི་ལྟར་བརྗོད་པ་དེ་ལྟར་བྱས་པ་དང་། ཇི་ལྟར་ཡང་ཐོག་མར་རྣམ་གྲངས་ཀྱིས་མྱ་ངན་གྱི་མཚན་ཉིད་བསྟན་པ་དེ་ལྟར་བྱས་ནས་མདོ་སྡེ་གཞན་ལས་གང་སྡུག་པའི་རིགས་ཅན་གྱི་སྡུག་པས་རབ་ཏུ་ཕྱེ་བའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་

བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་རོ་ཞེས་གང་གསུངས་པ་དེ་རིགས་པ་ཡིན་ནོ། །རྣམ་གྲངས་གཉིས་པ་ལ་ཡང་མི་སྡུག་པ་དང་ཕྲད་པས་རབ་ཏུ་ཕྱེ་བ་ནི་སྡུག་བསྔལ་ལ་སོགས་པ་ཡིན་ནོ་ཞེས་འབྱུང་བ་དེ་དང་ནི་རྗེས་སུ་མཐུན་པ་མ་ཡིན་ནོ། །འོ་ན་མི་སྡུག་པ་དང་

ཕྲད་པ་འདི་སྡུག་བསྔལ་ཡིན་པར་གསུངས་སོ་ཞེ་ན། བདེན་ཏེ་མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པས་སོ། །འདིར་ནི་སྔར་མྱ་ངན་དང་སྨྲེ་སྔགས་འདོན་པ་གཉིས་སྡུག་པ་དང་བྲལ་བ་སྔོན་དུ་སོང་བ་ཅན་ཉིད་ཡིན་པར་བསྟན་ལ། མྱ་ངན་ལ་སོགས་པ་ཐམས་ཅད་ཀྱང་སྡུག་

པའི་རིགས་ཅན་ཡིན་པར་བསྟན་ཏེ། དེ་བས་ན་སྡུག་བསྔལ་ལ་སོགས་པ་ནི་མི་སྡུག་པ་དང་ཕྲད་པ་དང་སྔོན་དུ་སོང་བ་ཉིད་ཡིན་པར་བསྟན་པ་མ་ཡིན་ནོ། །སྡུག་པ་དང་བྲལ་བར་བྱེད་པ་ཡོད་པ་ནི་མྱ་ངན་ལ་སོགས་པའི་ཚོགས་རྣམས་ཏེ་དེ་ལས་སྡུག་པའི་རིགས་ཅན་ཞེས་གསུངས་

Vol. 115 · folio 208a

ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་སྡེ་འདི་ལས་ཀྱང་མྱ་ངན་ལ་སོགས་པའི་ཚོགས་དེ་ཡང་སྡུག་པ་དང་བྲལ་བ་དང་གཅིག་ཏུ་བྱས་ནས་མྱ་ངན་ལ་སོགས་པའི་དབང་དུ་བྱ་སྟེ་སྡུག་པའི་རིགས་ཅན་ཞེས་གང་གསུངས་པ་དེ་ནི་རིགས་པ་ཡིན་གྱི། གཞན་དུ་མ་ཡིན་ནོ། །

འདིར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང་པོ་ཁོ་ན་སྐྱེ་བ་ཡིན་ནོ་ཞེས་དེ་སྐད་གསུངས་པ་ནི་མ་ཡིན་ནོ། །ཇི་ལྟར་ཡིན་པར་བྱས་ཤེ་ན། སྐྱེ་བ་རྣམ་པར་འབྱེད་པ་ལས་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ནི་སྐྱེས་ནས་ཚེ་ཡོངས་སུ་མ་རྫོགས་པ་བསྡུས་པ་ཡིན་ནོ་ཞེས་དེ་ལྟར་བྱས་པ་ཡིན་ནོ། །

དེའི་ཕྱིར་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཡིན་དུ་ཟིན་ཀྱང་སྐྱེས་པ་ཙམ་ཁོ་ན་ནི་རྒས་པར་བྱ་དགོས་པ་དང་འཆི་བར་བྱ་དགོས་པ་ནི་མ་ཡིན་ནོ། །ཇི་ལྟར་ནུར་ནུར་པོ་ལ་སོགས་པའི་རྐྱེན་གྱིས་ནར་ནར་པོ་ལ་སོགས་པ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་དེ་དག་གིས་ནི་ནམ་ཡང་རུང་། རྒ་ཤི་ནི་སྐྱེ་

བའི་རྐྱེན་གྱིས་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱ་བ་ཡིན་ཏེ། སྐྱེས་མ་ཐག་ཏུ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དཔེ་སྔར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་ཡན་ལག་རྣམ་པར་འབྱེད་པ་ལ་སོགས་སོ། །ལམ་གྱིས་དུབ་པ་དང་། ནད་དང་མྱ་ངན་དང་། ཡ་ང་བ་མ་སྤངས་པ་

དང་། གཞན་གྱིས་བྱས་པ་དག་གིས་ཤིན་ཏུ་མྱུར་བར་རྒས་པ་དང་ཤི་བ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་སྐྱེ་བ་ཁོ་ན་རྒ་ཤིའི་རྐྱེན་ཡིན་ན་ནི་ལམ་གྱིས་དུབ་པ་ལ་སོགས་པ་དེ་དག་ཁོ་ནས་ཤིན་ཏུ་མྱུར་བར་རྒས་ཤིང་ཤི་བར་མི་འགྱུར་བར་ཐལ་བར་འགྱུར་རོ། །འོན་ཏེ་རྒ་ཤི་ཁོ་ནའི་རྐྱེན་སྐྱེ་བ་

ཡིན་ན་ནི་ཞེས་རྒྱས་པར་འབྱུང་བ་ལ། སྐྱེ་བས་བྱེ་བྲག་ཏུ་བྱས་པ་གཞན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཀུན་དུ་འབྱུང་བ་མེད་པར་ཐལ་བར་འགྱུར་བ་དང་ཞེས་བྱ་བ་ལ། སྐྱེ་བས་བྱེ་བྲག་ཏུ་བྱས་པ་སྨོས་པ་ནི་རིགས་ཐ་དད་པ་ཀུན་ནས་ཉོན་མོངས་པའི་ཆོས་ཁ་ཅིག་ཀུན་

དུ་འབྱུང་བ་ཡང་གཏོགས་པ་དང་། ལན་འགའ་ཆོས་མ་ཡིན་པ་ཁ་ཅིག་ཀུན་དུ་འབྱུང་བ་ཡང་གཏོགས་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཁ་ཅིག་ཀུན་དུ་འབྱུང་བའང་གཏོགས་པ་དག་མེད་པར་ཐལ་བར་འགྱུར་བ་དང་། བདེ་བ་དང་། ཚོར་བ་བར་མ་དང་མྱ་ངན་ལ་སོགས་

Vol. 115 · folio 208b

པ་སྐྱེ་བས་བྱེ་བྲག་ཏུ་བྱས་པ་ཡང་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །དེ་ལ་ཚོར་བ་བར་མ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །མྱ་ངན་ལ་སོགས་པ་ནི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་

རྣམས་སོ། །མ་སྐྱེས་པ་ལ་རྒ་ཤི་མེད་པའི་ཕྱིར་དང་ཞེས་བྱ་བ་ནི་རྒ་ཤི་གཉིས་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་མ་སྐྱེས་པ་ལ་རྒ་ཤི་ཡོད་པ་མ་ཡིན་ནོ། །ལམ་གྱིས་དུབ་པ་ལ་སོགས་པ་མེད་པར་ཡང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒ་ཤིའོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་

འབྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམ་པར་འབྱེད་པ་རྫོགས་པར་སྟོན་པ་ཡིན་ནོ། །ཆོས་བརྟགས་པ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ཡོངས་སུ་རྫོགས་པར་བསྟན་མི་ནུས་ཤེ་ན། དེའི་ཕྱིར་དེའི་ཡན་ལག་རྣམ་པར་འབྱེད་པ་རྫོགས་པར་

སྟོན་པ་ཡིན་ནོ་ཞེས་སྨྲས་སོ། །དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང་རྣམ་པར་འབྱེད་པ་བཤད་པར་བྱའོ་ཞེས་ངས་སྨྲས་པ་གང་ཡིན་པ་དེའི་ཆེད་དུ་ངས་སྨྲས་པ་འདི་དག་ཡིན་ནོ་ཞེས་བྱ་བ་ནི་འདི་དག་སོ་སོ་དང་། དེ་དག་གི་ཆེད་དུ་དང་། དེ་དག་གི་དབང་དུ་བྱས་ཏེ། དེ་ལྟ་བུ་ཞེས་

བྱ་བ་ནི་རྣམ་པར་འབྱེད་པའི་དབང་དུ་བྱས་ཏེ། དེ་དག་ངས་སྨྲས་སོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་ཞེས་རྒྱས་པར་འབྱུང་བ་ལ། དེ་དག་གིས་ནི་ཞེས་བྱ་བ་ནི་ངས་སྨྲས་པ་གང་ཡིན་པ་དེའི་ཆེད་དུ་ཁོ་བོས་སྨྲས་པ་འདི་དག་ཡིན་ནོ་ཞེས་བསྟན་པ་དེ་དག་གིས་སོ། །སྔར་དོན་དང་ཡི་གེ་ཐུགས་སུ་ཆུད་པ་

ཉིད་དེ་དང་ཞེས་བྱ་བ་ལ་སྔར་ཐུགས་སུ་ཆུད་པ་ནི་དོན་དང་ཡི་གེ་གཉིས་ཏེ། དེ་གང་ལ་ཡོད་པ་འདི་ནི་སྔར་དོན་དང་ཡི་གེ་ཐུགས་སུ་ཆུད་པ་ཉིད་དོ། །དེ་དང་ཞེས་བྱ་བ་སྔར་དོན་དང་ཡི་གེ་ཐུགས་སུ་ཆུད་པ་ཉིད་དེ་དང་ཤིན་ཏུ་ལྷན་ཏེ་བརྗོད་པ་དེ་ནི་བདག་ཉིད་ཡིན་ནོ་ཞེས་སྟོན་ཏོ། །དྲན་པ་ཉེ་བར་གནས་

པ་དང་ལྷན་ཏེ་རྣམ་པར་བལྟས་ནས་བརྗོད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་ཤིན་ཏུ་ལྷན་ཏེ་བརྗོད་པའོ། །དེའི་དངོས་པོ་ནི་ཤིན་ཏུ་ལྷན་ཏེ་བརྗོད་པ་ཉིད་དོ། །ཤིན་ཏུ་ལྷན་ཏེ་བརྗོད་པ་དེ་ནི་བདག་ཡིན་པར་སྟོན་པ་ཡིན་ཏེ། མི་ལྡན་པས་དེ་དག་བརྗོད་པ་ནི་མ་ཡིན་ནོ། །རང་གི་ཡོན་ཏན་བརྗོད་པ་ནི་

Vol. 115 · folio 209a

གདུལ་བྱ་རྣམས་ལ་དགོས་པ་བསྟན་པར་བྱ་བའི་ཕྱིར་རོ། །ཇི་སྐད་དུ། རྫུ་འཕྲུལ་སེང་གེའི་སྒྲ་སྒྲོགས་ཤིང་། །རང་གི་ཡོན་ཏན་རྗོད་བྱེད་གང་། །ཇི་སྲིད་དེ་འདོད་ཉེར་སྤྱོད་པའི། །ཐུགས་རྗེས་དབང་གིས་བྱུང་བ་ཡིན། །ཞེས་བསྟན་ཏོ། །རྒས་པའི་བསྡུས་པའི་དོན་རྣམ་

པར་གཞག་པ་ནི་རྣམ་པ་ལྔར་འདིར་བསྟན་ཏེ། རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། གང་དེའི་སྤྱི་ཅེར་དང་། སྐྲ་དཀར་དང་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །རང་གི་མཚན་ཉིད་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཡོངས་སུ་འགྱུར་བའི་མཚན་ཉིད་ཡོངས་སུ་ཉམས་པའི་རྒས་པ་ཡིན་པར་སྟོན་

ཏོ་ཞེས་བསྟན་པ་གང་ཡིན་པའོ། །རང་གི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། ཡོངས་སུ་འགྱུར་བའི་མཚན་ཉིད་རྣམ་པ་བདུན་གྱི་དབང་དུ་བྱས་ཏེ་གཟུགས་ཡོངས་སུ་འགྱུར་བའི་མཚན་ཉིད་ནི་སྐྲ་འབྱི་ཞིང་སྐྲ་མདོག་འགྱུར་བ་དང་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །གནོད་པ་

རྣམ་པར་གཞག་པ་ནི་ཇི་སྐད་དུ། ཕོངས་པ་ནི་རྒས་པ་ཞེས་བྱའོ་ཞེས་བསྟན་པའོ། །གནོད་པའི་རབ་ཏུ་དབྱེ་བ་རྣམ་པར་གཞག་པ་ནི་ཕོངས་པ་རྣམ་པ་ལྔ་ལ་ཞེས་རྒྱས་པར་བསྟན་པའོ། །ཤི་བའི་བསྡུས་པའི་དོན་རྣམ་པར་གཞག་པ་རྣམ་པ་དགུ་འདིར་བསྟན་ཏེ་བསྟན་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། འཕོས་

པ་དང་འཕོ་བ་ཉིད་རྣམ་པར་གཞག་པའོ། །དེ་ངེས་པར་སྟོན་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་ཞིག་པ་དང་། ནང་ཉམས་པ་དང་། ཚེ་ཉམས་པ་དང་། དྲོད་ཡལ་བ་ཞེས་བསྟན་པ་གང་ཡིན་པའོ། །མདོར་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲོག་གི་དབང་པོ་འགག་པ་དང་། ཕུང་པོ་རྣམས་

འདོར་བ་དང་འཆི་བ་ཞེས་བསྟན་པ་གང་ཡིན་པའོ། །སྲོག་གི་དབང་པོ་འགག་པ་ངེས་པར་འཆད་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ། སྲོག་གི་དབང་པོ་འགག་པ་གང་ཡང་ཞེ་ན། དུས་བྱེད་པའོ་ཞེས་སྨྲས་ཏེ། དུས་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པ་གང་ཡིན་པའོ། །

རྣམ་གྲངས་གཞན་ཡང་ལྷག་མ་མ་ལུས་པར་ཤི་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། རྫོགས་པར་ཤི་བ་དང་ཞེས་བསྟན་པའོ། །ལྷག་མ་དང་བཅས་པའི་ཤི་བ་རྣམ་པར་གཞག་པ་ནི་ཇི་སྐད་དུ། མ་རྫོགས་པར་ཤི་བ་དང་ཞེས་བསྟན་པའོ། །ཤི་བར་ངེས་པར་གཟུང་བའི་ཤི་བ་རྣམ་པར་གཞག་

Vol. 115 · folio 209b

པ་ནི་ཇི་སྐད་དུ་ཤི་བའི་རང་གི་མཚན་ཉིད་དང་ཞེས་བསྟན་པ་གང་ཡིན་པའོ། །འཆི་བ་ངེས་པར་འཆད་པ་རྣམ་པར་གཞག་པ་ནི་ཇི་སྐད་དུ་མ་རྫོགས་པར་འཆི་བ་རྣམ་པར་དབྱེ་བ་དང་ཞེས་བསྟན་པ་གང་ཡིན་པའོ། །ཡ་ང་བ་མ་སྤངས་པ་དང་འཕེན་པ་ཡོངས་སུ་ཟད་པ་རྣམ་པར་གཞག་པ་ནི་

ཇི་སྐད་དུ། དུས་མ་ཡིན་པར་འཆི་བ་དང་། དུས་སུ་འཆི་བ་ཞེས་བསྟན་པ་གང་ཡིན་པའོ། །འཆི་བ་རྣམ་པར་འབྱེད་པ་རྒྱ་ཆེར་འཆད་པའོ།། །།ཡན་ལག་བཅུ་གཉིས་རྣམ་འབྱེད་འདི། །ཡན་ལག་མ་ཡིན་ཡན་ལག་ཏུ། །དགོངས་མིན་ཡན་ལག་ངེས་རྟོགས་ནས། །ཡན་ལག་

ཐ་དད་ཡན་ལག་བརྟེན། །ཡན་ལག་བཅུ་གཉིས་རྣམ་པར་འབྱེད་པ་འདི་ལ། ཁ་ཅིག་ན་རེ་འདིར་མ་རིག་པ་ལ་སོགས་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོགས་པ་ཡན་ལག་བཅུ་གཉིས་བསྟན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་

གོ། །དེ་དང་ལྷན་ཅིག་བྱེད་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་དང་ལྷན་ཅིག་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། གནས་སྐབས་གང་ན་ཡང་མ་རིག་པ་ལ་སོགས་པ་ཉི་ཚེ་ཡོད་པ་ནི་མ་ཡིན་ན་གང་གི་ཕྱིར་མ་རིག་པ་ལ་སོགས་པ་འབའ་ཞིག་ཡན་ལག་ཉིད་ཡིན་པར་འགྱུར།

ཕུང་པོ་ལྔ་པའི་གནས་སྐབས་བཅུ་གཉིས་པོ་དེ་དག་ལ་ཡན་ལག་བཅུ་གཉིས་ཞེས་བྱའོ་ཞེས་བྱ་བ་ནི་གནས་སྐབས་སུ་གཏོགས་པ་ལ་དགོངས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་ཆོས་མངོན་པའི་མཛོད་ལས། གནས་སྐབས་ལ་ཡང་འདིར་འདོད་དེ། །ཡན་ལག་གཙོ་བོར་གྲགས་ཕྱིར་

ལོ། །ཞེས་སྨྲས་པ་ཡིན་ནོ། །ཅིའི་ཕྱིར་མ་རིག་པ་ལ་སོགས་པ་ཉིད་མདོ་སྡེ་ལས་བསྟན་ཅེ་ན་ཞེས་བྱ་བ་ནི་གལ་ཏེ་ཕུང་པོ་ལྔའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་ལ་ཡན་ལག་བཅུ་གཉིས་ཡིན་ནོ་ཞེས་བྱ་ན་ནི་འོ་ན་ནི་འདི་སྐད་དུ་བསྟན་དགོས་ཏེ་མ་རིག་པ་གང་ཞེ་ན། ཕུང་པོ་ལྔ་པ་ཡིན་ནོ་

ཞེས་རྒྱས་པར་བྱས་ནས་དེ་བཞིན་དུ་རྒ་ཤི་གང་ཞེ་ན། ཕུང་པོ་ལྔ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ངེས་པར་བརྗོད་དགོས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གནས་སྐབས་དེ་དག་གི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཕུང་པོ་ལྔ་པའི་གནས་སྐབས་བཅུ་གཉིས་པོ་དེ་དག་གི་ནང་ན་མ་

Vol. 115 · folio 210a

རིག་པ་ལ་སོགས་པ་ཇི་སྐད་དུ་བསྟན་པའི་ཡན་ལག་བཅུ་གཉིས་རྣམས་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། ཆོས་མངོན་པའི་མཛོད་ལས། ཡན་ལག་གཙོ་བོར་གྲགས་ཕྱིར་ལོ། །ཞེས་སྨྲས་པ་ཡིན་ཏེ། དེ་ལྟ་བུ་ནི་རྣམ་པར་སྨྲ་བ་རྣམས་ཀྱིས་དོན་ཡོངས་སུ་

བརྟགས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་མ་རིག་པ་ལ་སོགས་པ་དག་འདུ་བྱེད་ལ་སོགས་པའི་རྐྱེན་གཙོ་བོ་ཡིན་པར་ཇི་ལྟར་བསྟན་པ་མ་འདོད་ན་ཞེས་བྱ་བ་ནི་སློབ་དཔོན་གྱི་སྟེ། འདུ་བྱེད་རྣམས་ཀྱི་རྐྱེན་གཙོ་བོ་ནི་མ་རིག་པ་ཡིན་པར་རྣམ་པ་གཉིས་ལ་སོགས་པས་བསྟན་ཏེ། མ་རིག་པ་ལ་

སོགས་པ་དག་འདུ་བྱེད་ལ་སོགས་པའི་རྐྱེན་གཙོ་བོ་ཉིད་ཡིན་པར་ཇི་སྐད་དུ་བསྟན་པ་དག་གལ་ཏེ་མི་འདོད་ན། དེའི་གནས་སྐབས་ན་མ་རིག་པ་ལ་སོགས་པ་ཞེས་རྒྱས་པར་འབྱུང་བ་ལ། དེའི་གནས་སྐབས་ན་མ་རིག་པ་ལ་སོགས་པ་རྐྱེན་གཙོ་བོ་ཉིད་ཡིན་པ་གཞན་ཅི་ཡོད་ན་གང་གི་ཕྱིར་གཙོ་བོ་ཡིན་པའི་

ཕྱིར་མ་རིག་པ་ལ་སོགས་པའི་མིང་སྒྲོགས་པར་བྱེད་འོན་ཏེ་འདོད་ན་ཅི་ཞེ་ན། ཇི་སྐད་དུ་བསྟན་པའི་གཙོ་བོ་ཉིད་འདོད་ན། དེ་དག་ཡན་ལག་ཉིད་ཡིན་པར་ཡང་ཇི་ལྟར་ཁས་མ་བླངས་པ་ཡིན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་ཇི་ལྟར་བསྟན་པ་དེ་དག་ཉིད་ཅེས་བྱ་བའི་དོན་ཏོ། །ཕུང་པོ་ལྔ་པ་ཡོད་དུ་ཟིན་ཀྱང་

མ་རིག་པ་མེད་པའི་ཕྱིར་འདུ་བྱེད་མེད་པར་འགྱུར་ཏེ། དཔེར་ན་དགྲ་བཅོམ་ལྟ་བུའོ། །འདུ་བྱེད་མེད་པའི་ཕྱིར་ཡང་སྲིད་ཀྱི་རྣམ་པར་ཤེས་པ་མེད་དོ། །ཡང་སྲིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་མིང་དང་གཟུགས་མེད་པ་ཡིན་ཏེ། ཐམས་ཅད་ཇི་ལྟར་རིགས་པར་སྦྱར་རོ། །ཐམས་ཅད་ཀྱང་ཕུང་པོ་

ལྔ་པ་ཡིན་ན་ཞེས་རྒྱས་པར་འབྱུང་བ་ནི་མ་རིག་པ་ལ་སོགས་པ་ཕུང་པོ་ལྔ་པ་ཡིན་པར་ཀུན་དུ་བརྟགས་ཏེ། ཇི་སྐད་དུ་སྨྲས་པའི་དོན་ལྟ་བུ་ཡིན་ན་ཅིའི་ཕྱིར་མིང་དང་གཟུགས་འབའ་ཞིག་ཅེས་རྒྱས་པར་འབྱུང་བ་ལ་ཅིའི་ཕྱིར་མིང་དང་གཟུགས་གཅིག་པུ་འབའ་ཞིག་ཕུང་པོ་ལྔ་པ་ཡང་ཡིན་ཏེ། གཟུགས་གང་

ཞེ་ན་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་ཞེས་རྒྱས་པར་འབྱུང་བ་དང་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡིན་པར་བསྟན་ལ། གཞན་མ་རིག་པ་ལ་སོགས་པ་ཕུང་པོ་ལྔ་པ་ཅི་སྟེ་མ་ཡིན། འདི་ལྟར་མ་རིག་པ་ལ་སོགས་པ་ལས་གཞན་གཙོ་བོ་ཡིན་པར་མི་སྲིད་ལ་ཕུང་པོ་ལྔ་པར་

Vol. 115 · folio 210b

ཡང་མིང་དང་གཟུགས་ཁོ་ན་བསྟན་གྱི་གཞན་མ་ཡིན་པ་དེ་བས་ན་འདུ་བྱེད་ལ་སོགས་པའི་རྐྱེན་གཙོ་བོ་རེ་རེ་ཉིད་ཅེས་རྒྱས་པར་འབྱུང་བ་ཡིན་ནོ། །མུ་བཞི་བརྟགས་པས་ཇི་སྐད་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྐྱེན་དང་རྐྱེན་ཅན་གཉིས་ངེས་པ་དང་མ་ངེས་ལ་མུ་བཞིར་བརྟགས་པས་སོ། །ཇི་ལྟར་ཡིན་ཞེ་ན།

འདིར་ངེས་པ་ནི་མ་ཡིན་ཏེ། མ་ངེས་པ་ཡིན་པ་ཡང་འཆད་པ་དོན་མེད་པར་མི་འགྱུར་ཏེ། རྐྱེན་གཙོ་བོ་སྟོན་པའི་ཕྱིར་དང་དེ་བཞིན་དུ་ཡང་བསྟན་པའི་ཕྱིར་རོ་ཞེས་གང་སྨྲས་པ་ཡིན་ནོ། །གང་གི་ཆེད་དུ་ཡན་ལག་བཅུ་གཉིས་སྟོན་པ་དེ་ལ་མ་རིག་པ་རྐྱེན་དུ་འཆད་པ་དོན་མེད་པ་ཡིན་ནོ་ཞེ་ན། དེ་བསྟན་

པའི་ཆེད་དུ་ཡན་ལག་བཅུ་གཉིས་བསྟན་པ་འདིས་མདོར་ཅི་བསྟན་ཞེ་ན་ཞེས་སྨྲས་སོ། །གང་གིས་ཇི་ལྟར་ཅི་ཞིག་འཕེན་པ་དང་འཕངས་པ་དེ་ཉིད་གང་གིས་མངོན་པར་བསྒྲུབ་པ་དང་། ཇི་ལྟར་མངོན་པར་བསྒྲུབ་པ་དང་འཕངས་པ་དེ་མངོན་པར་གྲུབ་པ་གང་ཡིན་པ་དེ་དང་མངོན་པར་གྲུབ་པ་

གང་ཡིན་པ་དེ་ལ་དེའི་ཉེས་དམིགས་གང་ཡིན་པ་དེ་དག་བསྟན་ཏོ། །གང་གིས་འཕེན་ཞེ་ན་རྒྱས་པར་འབྱུང་བ་མ་རིག་པ་མེད་ན་འདུ་བྱེད་ཀྱིས་ཡང་སྲིད་འཕེན་པར་བྱེད་པ་མ་ཡིན་པས་དེ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སྨྲས་སོ། །དེ་ལྟ་མ་ཡིན་ན་ཡན་ལག་བཅུ་གཅིག་གིས་དོན་

འདི་བསྟན་པས་མ་རིག་པའི་ཡན་ལག་འཆད་པ་དོན་མེད་པར་འགྱུར་རོ། །ཇི་ལྟར་འཕེན་ཞེ་ན། རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་བསྒོས་པ་ཡིན་གྱི་ཡང་སྲིད་འབྱུང་བར་བྱ་བའི་ཕྱིར་རྣམ་པར་ཤེས་པའི་རྒྱུན་ནི་ནུས་

པའི་རྒྱུ་མ་ཡིན་ནོ། །ཅི་ཞིག་འཕེན་ཅེ་ན། ཡང་སྲིད་པ་པའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་ཞེས་བྱ་བ་ནི་ལས་སྣ་ཚོགས་པའི་ཕྱིར་རོ། །ཡང་སྲིད་པ་པ་སྨོས་པ་ནི་ད་ལྟར་བྱུང་བ་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་རོ། །ཅི་རིགས་པར་མཐར་གྱིས་དང་ཅིག་ཅར་

འབྱུང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ནི་རིམ་གྱིས་འབྱུང་བར་བྱ་བའི་ཕྱིར་འཕེན་ཏོ་ཞེས་སྐབས་དང་སྦྱར་རོ། །རེག་པ་དང་ཚོར་བ་ནི་ཅིག་ཅར་འབྱུང་བར་བྱ་བའི་ཕྱིར་རོ། །འཕངས་པ་དེ་ཉིད་གང་ཞེ་ན། རྣམ་པར་ཤེས་པ་ལ་དེའི་ས་བོན་ཡོངས་སུ་བརྟས་པའོ། །

Vol. 115 · folio 211a

ཞེས་བྱ་བ་ནི་ཡང་སྲིད་པ་པའི་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་རྣམས་ཀྱི་ས་བོན་ཡོངས་སུ་བརྟས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་འདུ་བྱེད་ཀྱིས་དེའི་ས་བོན་ཡོངས་སུ་བརྟས་པ་ཡིན་པར་རིག་

པར་བྱའོ། །གང་གིས་ཇི་ལྟར་གང་འཕངས་ཞེས་སྨྲས་པ་གང་ཡིན་པ་དེའི་བཤད་པ་དེ་དག་ཡིན་ནོ། །གང་གིས་མངོན་པར་འགྲུབ་པར་བྱེད་ཅེ་ན། ཇི་སྐད་དུ་བསྟན་པའི་རིམ་གྱིས་ཞེས་བྱ་བ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྔར་བསྟན་མ་ཐག་པ་སྔོན་འཕངས་

པས་འདིར་སྐྱེས་པའི་ཚོར་བ་ཞེས་བྱ་བ་ཚེ་སྔ་མའི་ལས་ཀྱིས་འཕངས་པས་ད་ལྟར་གྱི་ཚེ་འདི་ལ་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེས་པ་གང་ཡིན་པ་སྟེ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ཡིན་ནོ། །དེའི་རྐྱེན་གྱིས་ལེན་པས་སོ་ཞེས་བྱ་བ་ཅི་ཞེ་ན། མངོན་པར་འགྲུབ་པར་བྱེད་དོ་ཞེས་བྱ་བའི་

སྐབས་ཡིན་ནོ། །དེས་སྲིད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲིད་པའི་རྐྱེན་གྱིས་ལེན་པ་དེས་སྲིད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་ལས་ཀྱི་བག་ཆགས་རྣམ་པ་མང་དུ་ཡོད་དེ་ཞེས་རྒྱས་པར་འབྱུང་བ་དེ་དག་གིས་ནི་སྲིད་པའི་རྐྱེན་ཉིད་ལེན་པ་ཡིན་པར་སྒྲུབ་པར་བྱེད་དོ། །

ལེན་པའི་བྱེ་བྲག་གིས་ཡོངས་སུ་ཟིན་པ་གང་གིས་འདི་ནས་གཉིས་པར་ཡང་སྲིད་འབྱུང་བར་བྱེད་པ་དེ་འདིར་སྲིད་པ་ཞེས་བྱའོ་ཞེས་བྱ་བ་དེ་ནི་ལས་ཀྱི་བག་ཆགས་ཡིན་ཏེ། ལེན་པའི་བྱེ་བྲག་གིས་ཡོངས་སུ་ཟིན་པ་གང་ལས་འདི་ནས་གཉིས་པར་ཡང་སྲིད་འབྱུང་བར་འགྱུར་བའོ། །གང་གིས་

དེ་འཕངས་པ་དག་ཇི་ལྟར་སྒྲུབ་པར་བྱེད་པ་སྨྲས་པ་གང་ཡིན་པ་དེའི་བཤད་པ་འདི་ཡིན་ནོ། །མངོན་པར་གྲུབ་པ་དེ་གང་ཞེ་ན། མིང་དང་གཟུགས་ལ་སོགས་པ་འཕངས་པ་གང་ཡིན་པ་དེ་མ་འོངས་པ་ན་སྐྱེ་བའོ་ཞེས་བྱ་བ་ནི་བདག་ཐོབ་པའོ། །མངོན་པར་གྲུབ་པ་གང་ཡིན་པ་དེ་དང་ཞེས་སྨྲས་པ་གང་

ཡིན་པའི་བཤད་པ་འདི་ཡིན་ནོ། །ཡིད་དུ་འོང་བའི་ལང་ཚོ་དང་སྲོག་ཞིག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་ལང་ཚོ་ཞིག་པའི་ཕྱིར་དང་། ཡིད་དུ་འོང་བའི་སྲོག་ཞིག་པའི་ཕྱིར་རྒ་བ་དང་ཤི་བ་གཉིས་གོ་རིམས་བཞིན་དུ་ཡིན་ཏེ། རྒ་ཤི་ཉེས་དམིགས་ཡིན་པར་གྲུབ་པ་ཡིན་ནོ། །དེའི་ཉེས་

Vol. 115 · folio 211b

དམིགས་གང་ཡིན་པ་དང་ཞེས་སྨྲས་པ་དེའི་བཤད་པ་འདི་ཡིན་ནོ། །འཕགས་པའི་བདེན་པ་ལ་རིག་པ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་བདེན་པ་མཐོང་ན་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་ལ་ཟག་པ་མེད་པའི་ཤེས་རབ་ཀྱི་མཚན་ཉིད་ཀྱི་རིག་པ་སྐྱེས་

པ་ཡིན་ནོ། །གལ་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་མེད་པར་ཡང་སྲིད་འཕེན་པར་འགྱུར་ན་ནི་དེ་ཡང་འགྱུར་ཏེ། སྲིད་པའི་རྐྱེན་ངེས་པ་དང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་མེད་པ་དག་ཀྱང་ཡང་སྲིད་འཕེན་པར་འགྱུར་བར་འོང་ངོ་ཞེས་བྱའོ། །དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་བདེན་

པ་མཐོང་བ་ཡིན་པར་བསྟན་པ་གང་ཡིན་པ་དེ་ནི་སྔོན་གྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་ཡང་སྲིད་ཁྱད་པར་ཅན་འཕངས་པ་ལྷག་པར་བྱས་པ་ཡོད་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་སྔོན་གྱི་འཕེན་པ་ཡོད་དུ་ཟིན་ཀྱང་ཡང་སྲིད་མངོན་པར་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་གང་

གི་ཕྱིར་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། དེ་བས་ན་སྲིད་པའི་རྐྱེན་གྱིས་ལེན་པས་མངོན་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དོན་དེ་ཉིད་བསྡུ་བའི་ཕྱིར་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ནི་ཡན་ལག་བཅུ་གཉིས་བསྟན་པ་འདིས་མདོར་ཅི་བསྟན་ཅེ་ན་ཞེས་བྱ་བ་དེའི་དབང་དུ་བྱས་ནས། གང་གིས་འཕེན་དང་

ཇི་ལྟར་གང་། །དེ་སྒྲུབ་བྱེད་པའང་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །ཞེས་བྱ་བ་ནི་བསྟན་པའི་ཚིགས་སུ་བཅད་པའོ། །གཉིས་ཀྱི་ཡན་ལག་གཅིག་གིས་དང་། །རྣམ་པ་བཞི་དང་གཉིས་ཀྱིས་དང་། །གཅིག་གིས་གཅིག་

གི་གཅིག་གིས་ནི། །དོན་བདུན་རབ་ཏུ་བསྟན་པ་ཡིན། །ཞེས་བྱ་བ་དེ་དག་ནི་ངེས་པར་འཆད་པའི་ཚིགས་སུ་བཅད་པའོ། །གཉིས་ཀྱིས་ཞེས་བྱ་བ་འདིས་ནི་གང་གིས་འཕེན་དང་ཞེས་བྱ་བ་འདི་ངེས་པར་འཆད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཡིན་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱིས་

འཕེན་པར་བྱེད་པ་ཡིན་ནོ། །དེ་ཡང་སྟོན་པར་བྱེད་པ་ནི། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་ཞེས་བྱ་བ་ཡིན་ནོ། །ཡན་ལག་གཅིག་གིས་དང་ཞེས་བྱ་བས་ནི་ཇི་ལྟར་འཕེན་པ་འདི་ངེས་པར་འཆད་པར་བྱེད་པ་ཡིན་ནོ། །དེ་ཡང་སྟོན་པར་བྱེད་པ་ནི་སེམས་ལ་བསྒོས་ཕྱིར་དང་ཞེས་བྱ་བ་ཡིན་ཏེ།

Vol. 115 · folio 212a

ལས་ཀྱི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པས་ཡང་སྲིད་འཕེན་པར་བྱེད་དོ། །རྣམ་པ་བཞི་དང་ཞེས་བྱ་བ་ནི་གང་འཕེན་པ་ཞེས་བྱ་བ་འདི་ངེས་པར་འཆད་པར་བྱེད་པ་ཡིན་ཏེ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་ཡན་ལག་བཞི་རྣམ་པ་

འཕེན་པ་ཡིན་ནོ། །དེ་ཡང་སྟོན་པར་བྱེད་པ་ནི་ཡན་ལག་བཞི་ནི་རིམ་གྱིས་འཕེན་ཅེས་བྱ་བ་ཡིན་ནོ། །འཕངས་པ་དེ་ཉིད་གང་ཞེ་ན། རྣམ་པར་ཤེས་པ་ལ་དེའི་ས་བོན་བག་ཆགས་ཡོངས་སུ་བརྟས་པའོ་ཞེས་སྨྲས་པ་གང་ཡིན་པ་དེ་སྡུད་པར་བྱེད་པ་ནི། དེའི་ས་བོན་ཡོངས་སུ་བརྟས་ཕྱིར་

ཞེས་བྱ་བ་འདི་ཡིན་ཏེ། གཉིས་ཀྱིས་དང་གཅིག་གིས་ཞེས་བྱ་བས་ནི་གང་གིས་ཇི་ལྟར་གང་ཞིག་དེ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་འདི་བསྟན་ཏེ་སྲིད་པའི་རྐྱེན་གྱིས་ལེན་པས་སྒྲུབ་པར་བྱེད་པ་ཡིན་ནོ། །འདི་ཡང་སྟོན་པ་ནི་ཚོར་བས་བསྐྱེད་པའི་སྲིད་པ་ལས་ལེན་པ་བྱུང་བས་སོ། །ཇི་

ལྟར་སྒྲུབ་པར་བྱེད་པ་ནི་གཅིག་གིས་བསྟན་པ་ལེན་པའི་རྐྱེན་གྱིས་བྱུང་བའི་སྲིད་པས་དེ་སྒྲུབ་པར་བྱེད་དོ། །དེ་ཡང་སྟོན་པ་ནི་དེའི་ལས་བསྒོས་པ་མངོན་དུ་གྱུར་པ་ཡིན་ཞེས་བྱ་བ་ཡིན་ནོ། །གཅིག་གིས་གྲུབ་པ་གང་ཡིན་པ་དེ་སྟོན་པ་ནི་སྐྱེ་བ་ནི་སྲིད་པ་ལས་གྲུབ་པ་ཡིན་ལ། དེ་ཡང་

སྟོན་པ་ནི་གྲུབ་པ་སྐྱེ་བ་ཡིན་ཞེས་བྱ་བ་ཡིན་ནོ། །གཅིག་གིས་ནི་དེའི་ཉེས་དམིགས་བསྟན་ཏེ་རྒ་ཤིས་སོ། །དེའི་དབང་དུ་བྱས་ཏེ། དེ་ལ་ཡང་། རྒས་སྩོགས་ཉེས་དམིགས་གང་གི་ཕྱིར། །ཞེས་སྨྲས་པ་ཡིན་ནོ། །གང་གི་ཕྱིར་བདེན་པ་མཐོང་བ་ལ་ནི་ཡང་སྲིད་པ་འཕེན་པ་ཡོད་པ་མ་

ཡིན་ཏེ། བདེན་པ་ལ་རིག་པ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་དང་། འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ལ་སྔོན་གྱི་འཕེན་པ་ཡོད་དུ་ཟིན་ཀྱང་ཡང་སྲིད་མངོན་པར་འགྲུབ་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་སྡུད་པར་བྱེད་པ་ནི་གང་གི་ཕྱིར། བདེན་པ་མཐོང་བ་འཕེན་པ་མེད། །སྲེད་

པ་བྲལ་ན་འབྱུང་བ་མེད། །ཅེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་བདེན་པ་མཐོང་བ་ལ་མ་རིག་པ་མེད་པ་ཡིན། གང་གི་ཕྱིར་འདིའི་ལས་ཀྱིས་ཡང་སྲིད་འཕེན་པར་མི་བྱེད་ཅེ་ན་ཞེས་བྱ་བའི་འབྲེལ་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་བདེན་པ་མཐོང་བ་ལ་ནི་ཡང་སྲིད་པ་འཕེན་པར་བྱེད་པ་ཡོད་པ་

Vol. 115 · folio 212b

མ་ཡིན་ཏེ། འཕགས་པའི་བདེན་པ་ལ་རིག་པ་སྐྱེས་པའི་ཕྱིར་རོ། །དེ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་འཕེན་པ་ཡིན་ནོ་ཞེ་ན། བདེན་པ་མཐོང་བ་ལ་བསྒོམ་པས་སྤང་བར་བྱ་བའི་མ་རིག་པ་མེད་པ་མ་ཡིན་ཏེ། དེ་བས་ན་གང་གི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་

ནི་མེད་པ་མ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །ཡང་སྲིད་འཕེན་པར་བྱེད་པའི་ལས་དེ་ལ་དབང་བྱེད་པ་གང་ཞེ་ན། དེའི་ཕྱིར་རིག་པ་མེད་པས་མ་རིག་པ་གང་ཡིན་པའོ་ཞེས་སྨྲས་སོ། །དེ་གང་ཞེ་ན་ཞེས་བྱ་བ་ནི་རིག་པ་མེད་པས་མ་རིག་པ་གང་ཡིན་པ་དེའོ། །དེའི་ཕྱིར་བདེན་པ་མཐོང་

བའི་མི་མཐུན་པའི་ཕྱོགས་གང་ཡིན་པའོ་ཞེས་སྨྲས་སོ། །བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་མ་རིག་པ་ཡིན་ཏེ། རིག་པ་མེད་པས་འབྱུང་བ་ཡིན་ནོ། །བདེན་པ་མཐོང་བ་མ་ཡིན་པ་ལ་ནི་རིག་པ་ཡོད་པ་ཡང་མ་ཡིན་ལ། བསྒོམ་པས་སྤང་བར་བྱ་བའི་མ་རིག་པ་ནི་རིག་པ་དང་

ལྷན་ཅིག་ཏུ་བདེན་པ་མཐོང་བ་ལ་རྗེས་སུ་འཇུག་པ་ཡིན་ནོ། །སྲེད་པ་ཡང་དེ་བཞིན་དུ་ཅིའི་ཕྱིར་མི་འདོད་ཅེས་རྒྱས་པར་འབྱུང་བ་ལ། དེ་ནི་དེ་ལ་དབང་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་དེ་ལའོ་ཞེ་ན། མི་མཐོང་བ་ནི་མཐོང་བ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་

རིགས་པ་ཡིན་ཏེ་ཞེས་བྱ་བ་ནི་མ་རིག་པ་ཡིན་པར་བསྟན་ཏོ། །དེ་བས་ན་སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ་ཞེས་སྨྲས་ཏེ། མ་རིག་པས་ནི་བདེན་པ་མཐོང་བའི་ཡུལ་བཀག་སྟེ་འདུག་པ་ཡིན་ཏེ། དེ་དམིགས་པ་ལ་སྐྱེས་པས་མི་སྣང་བར་བྱེད་པའི་ཕྱིར་རོ།། །།རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་

རྣམ་པར་འབྱེད་པ་རྒྱ་ཆེར་འགྲེལ་པ། བམ་པོ་བཅུ་གཅིག་པ། དཔེར་ན་སྣང་བའི་མུན་པ་ལྟ་བུར་སྒྲིབ་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ཡིན་པར་རིགས་པ་ཡིན་གྱི། སྲེད་པ་ནི་ཅི་ཞེ་ན། བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་པར་རིགས་པ་མ་ཡིན་ཏེ། དེ་ནི་མི་

མཐོང་བའི་མཚན་ཉིད་མ་ཡིན་གྱི་ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བདེན་པ་མཐོང་བའི་ཡུལ་ལ་ཁྱད་པར་བྱེད་པ་ཡང་མ་རིག་པ་ཡིན་པས་ཞེས་བྱ་བ་ནི་བདེན་པ་བཞི་ལ་དམིགས་པའི་ཕྱིར་དེ་ནི་མི་མཐུན་པའི་ཕྱོགས་ཡིན་པར་རིགས་ཀྱི་ཞེས་བྱ་བ་ནི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཞེས་

Vol. 115 · folio 213a

བྱ་བའི་ཐ་ཚིག་གོ། །སྲེད་པ་ནི་ཅི་ཞེ་ན། བདེན་པ་མཐོང་བའི་ཡུལ་ལ་ཁྱད་པར་བྱེད་པ་མ་ཡིན་ཏེ། འགོག་པ་དང་ལམ་གྱི་བདེན་པ་གཉིས་ལ་མེད་པའི་ཕྱིར་རོ་ཞེས་པ་ནི་སྲེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འགོག་པའི་བདེན་པ་དང་ལམ་ལ་དམིགས་

པ་ནི་དགེ་བའི་ཆོས་འདུན་པ་ཞེས་བྱ་བ་ཡིན་གྱི་སྲེད་པ་ནི་མ་ཡིན་ནོ། །ཇི་སྐད་དུ། འདོད་ཆགས་མེད་དེ་སྤང་བྱའི་ཕྱིར། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་སྲེད་པ་ནི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་ན་འགོག་པ་དང་ལམ་གྱི་བདེན་པ་གཉིས་མི་མཐོང་བ་མེད་པར་

འགྱུར་ཏེ། མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་དུ་མི་མཐོང་བ་ནི་མཐོང་བ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་རིགས་པ་ཡིན་ནོ་ཞེས་སྨྲས་པ་དེ་ནི་བདེན་ཏེ། སྲེད་པ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་བདེན་པ་མཐོང་བའི་མི་མཐུན་

པའི་ཕྱོགས་ཡིན་པས་སྲེད་པ་ཡང་ཡིན་པར་རིགས་སོ་ཞེ་ན། དེའི་ཕྱིར་སྲེད་པ་མེད་པར་མ་རིག་པ་ནི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་པར་གྲུབ་པ་ཡིན་ཏེ། འགོག་པ་དང་ལམ་གྱི་བདེན་པ་གཉིས་ལ་མ་འདྲེས་པ་ཡོད་པ་ཡིན་གྱི་ཞེས་བྱ་བ་ནི་མ་རིག་པ་ནི་བདེན་པ་མཐོང་བའི་མི་

མཐུན་པའི་ཕྱོགས་ཡིན་པར་ངེས་པར་མ་ནུས་ཀྱི། སྲེད་པ་ནི་མ་རིག་པ་མེད་པར་ཅི་ཞེ་ན། བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་པར་ངེས་པར་བྱ་བར་ནུས་པ་མ་ཡིན་ནོ། །དེ་ནི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཉིད་ཡིན་པར་ངེས་པར་བྱར་རུང་སྟེ། ཇི་ལྟ་ཞེ་ན་བདེན་པ་

མཐོང་བས་སྤང་བར་བྱ་བ་ཡང་མ་རིག་པ་ཡིན། དམིགས་པ་ཡང་མ་རིག་པ་ཡིན་པས་དམིགས་པ་ཡོངས་སུ་ཤེས་པས་སྤོང་བར་འགྱུར་རོ། །དེ་བས་ན་བདེན་པ་མཐོང་བའི་ཡུལ་འདྲ་བའི་ཕྱིར་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཡིན་པར་རིགས་སོ། །སྲེད་པ་ནི་དེ་ལ་དམིགས་

པའི་ཉོན་མོངས་པ་སྤངས་པ་ཡིན་པས་ཞེས་བྱ་བ་ཅི་ཞེ་ན། སྤོང་བ་ཡིན་པས་ཞེས་སྐབས་དང་སྦྱར་ལ། འདི་ནི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ཉིད་ཡིན་ན་ནི་དམིགས་པ་དེ་ཡོངས་སུ་ཤེས་པས་དེ་སྤོང་བར་འགྱུར་རོ། །གལ་

Vol. 115 · folio 213b

ཏེ་འདི་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་མ་ཡིན་ན། འོ་ན་དེའི་ཞེས་མཐོང་བས་སྤང་བར་བྱ་བ་སྲེད་པ་དེའི་གཉེན་པོ་བདེན་པ་མཐོང་བ་ཇི་ལྟར་ཡིན་ཞེ་ན་དེའི་ཕྱིར་མ་རིག་པ་མེད་པར་སྲེད་པ་མི་སྐྱེ་བའི་ཕྱིར་དང་། དེ་ཡང་དེས་རྒྱུན་གཅོད་པའི་ཕྱིར་རོ་ཞེས་སྨྲས་ཏེ། མ་རིག་པ་དེ་ནི་བདེན་

པ་མཐོང་བ་དེས་རྒྱུན་གཅོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མ་རིག་པའི་གཉེན་པོར་གྱུར་པ་བདེན་པ་མཐོང་བ་ནི་སྲིད་པའི་གཉེན་པོ་ཡིན་པར་ཡང་གྲུབ་པ་ཡིན་ཏེ། ཀུན་ནས་སློང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔེར་ན་སྐྱོན་གྱི་གཉེན་པོ་གང་ཡིན་པ་དེ་ནི་དེ་ལས་

བྱུང་བའི་ནད་ཀྱི་ཡང་གཉེན་པོ་ཡིན་པ་བཞིན་ནོ་ཞེས་སྨྲས་སོ། །གལ་ཏེ་ཡང་སྲེད་པ་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་ཡིན་ན་ནི་ཞེས་རྒྱས་པར་འབྱུང་བ་ནི། གལ་ཏེ་ཡང་སྲེད་པ་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་ཡིན་གྱི། མ་རིག་པ་ནི་མ་ཡིན་ན་དེ་ལྟ་ཡིན་ན་

ནི། བདེན་པ་རྣམས་ལ་རྨོངས་པ་གང་ཞིག་སྲིད་པ་རྒྱུན་ཆད་པར་འདོད་ན་བདེན་པ་མ་མཐོང་བ་ཡིན་པས་བདེན་པ་མཐོང་བས་སྤང་བར་བྱ་བའི་སྲེད་པ་མ་སྤངས་པ་དེའི་ཡང་སྲིད་འཕེན་པར་བྱེད་པ་མ་ཡིན་པར་འགྱུར་ཏེ། སྲེད་པ་མ་སྤངས་པར་ཡིན་ནོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྲིད་

པ་ལ་ཞེ་སྡང་ཞིང་ཡང་སྲིད་མེད་པར་སྲེད་པའི་དབང་གིས་ཞེས་རྒྱས་པར་སྨྲས་ཏེ། སྲིད་པ་ལ་ཞེ་སྡང་བའི་གང་ཟག་དག་སྲིད་པ་མེད་པར་སྲིད་པའི་དབང་གིས་ཡང་སྲིད་འཕེན་པར་བྱེད་པར་རིགས་པ་མ་ཡིན་ཏེ། སྲིད་པ་མེད་པར་སྲིད་པ་ནི་ཡང་སྲིད་ལ་རྒྱབ་ཀྱིས་བལྟས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་ཡང་

སྲིད་འཕེན་པ་ནི་ཡོད་པར་འདོད་དོ། །དེ་བས་ན་མ་རིག་པ་ཁོ་ན་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་ཡིན་གྱི། སྲེད་པ་ནི་མ་ཡིན་ནོ། །རེ་ཞིག་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ལ་ཞེས་རྒྱས་པར་འབྱུང་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་འདོད་པ་ན་

སྤྱོད་པ་ཡང་སྲིད་འཕེན་པར་བྱེད་པ་ལ་སྲེད་པས་དབང་བྱེད་པ་ཡིན་ཏེ། འདོད་པའི་སྲེད་པས་དེ་ལྷག་པར་སྤྱོད་པའི་ཕྱིར་ཏེ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ལྷག་པར་སྤྱོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་གཡོ་བ་ལ་ནི་ཇི་ལྟར་ཡིན་ཞེས་བྱ་བ་ནི་གཟུགས་དང་། གཟུགས་

Vol. 115 · folio 214a

མེད་པ་ན་སྤྱོད་པའི་འདུ་བྱེད་ལ་འདོད་པའི་སྲེད་པས་ཇི་ལྟར་དབང་བྱེད་པ་ཡིན། ཁམས་གོང་མ་ལ་དམིགས་པ་ནི་ས་འོག་མའི་སྲེད་པ་ཡོད་པ་མ་ཡིན་ཏེ། དེ་འདོད་པ་ནི་ཆོས་ལ་འདུན་པ་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་གྲུབ་པའི་མཐའ་ཡིན་ནོ། །གཟུགས་དང་

གཟུགས་མེད་པའི་སྲེད་པ་ཡང་དེ་ལ་དབང་བྱེད་པ་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེའི་ཕྱིར་བསམ་གཏན་གཟུགས་མེད་པ་མ་བསྐྱེད་པར་ནི་དེ་ལ་དམིགས་པའི་སྲེད་པ་སྐྱེ་བའི་གནས་སྐབས་ཡོད་པ་མ་ཡིན་ནོ་ཞེས་སྨྲས་ཏེ། གཟུགས་དང་གཟུགས་མེད་པ་ལ་དམིགས་པའི་སྲེད་པ་ཀུན་དུ་འབྱུང་

བའི་གནས་སྐབས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྲེད་པ་ནི་རང་གི་ཁམས་དང་ཞེས་རྒྱས་པར་འབྱུང་བ་ནི་འདི་ལྟར་སྲེད་པ་ནི་སྐལ་བ་མཐུན་པའི་ཁམས་དང་ས་ལ་དམིགས་པ་ཡིན་པར་ངེས་པ་ཡིན་ནོ། །རང་གི་ཁམས་དང་ས་ལ་དམིགས་པར་ངེས་པ་ཡིན་ན་ཡང་

དེ་བས་ན་འདི་ནི་སྐལ་བ་མི་མཐུན་པའི་ཁམས་དང་སྐལ་བ་མི་མཐུན་པའི་ས་ལ་དམིགས་པ་མ་ཡིན་པས་འདོད་པའི་སྲེད་པས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་ལ་དབང་བྱེད་པ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་སྲེད་པ་ནི་བསམ་གཏན་ནམ་གཟུགས་

མེད་པ་བསྐྱེད་ན་དེ་ལ་དམིགས་པ་ཀུན་དུ་འབྱུང་བ་ཡིན་པས་སྔར་སྐྱེས་ཟིན་པའི་མི་གཡོ་བའི་འདུ་བྱེད་ལ་དབང་བྱེད་པར་རིགས་པ་མ་ཡིན་ནོ། །མ་རིག་པ་ནི་ཅི་ཞེ་ན། རང་གི་ཁམས་དང་ས་ལ་དམིགས་པར་ངེས་པ་དེ་ལྟ་བུ་མ་ཡིན་ཏེ་དེ་ནི་སྐལ་བ་མི་འདྲ་བའི་ཁམས་དང་ས་ལ་ཡང་དམིགས་པ་ཡིན་པས་

དེ་བས་ན་མ་རིག་པ་ཁོ་ན་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པར་རིགས་པ་ཡིན་གྱི་ཞེས་བྱ་བ་ནི་ཁམས་གསུམ་ཆར་ལ་ཀུན་དུ་རྨོངས་པའི་མ་རིག་པའི་དབང་གིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་འབྱུང་བར་རིགས་པ་ཡིན་ནོ། །སྲེད་

པ་ནི་ཅི་ཞེ་ན། ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པར་རིགས་པ་མ་ཡིན་ནོ། །ཇི་ལྟར་མི་རིགས་པ་ནི་དེ་ལྟར་བསྟན་ཟིན་ཏོ། །ཡང་སྲིད་འཕངས་པ་ལ་ཡང་ཞེས་རྒྱས་པར་འབྱུང་བ་ནི་ས་གང་ལ་འདོད་ཆགས་དང་མ་བྲལ་བའི་ས་དེ་པའི་ལས་ཀྱིས་ཡང་སྲིད་འཕངས་པ་དག་སྒྲུབ་

Vol. 115 · folio 214b

པར་བྱེད་པ་དེ་ལ་དབང་བྱེད་པ་ཡིན་ནོ་ཞེས་བྱའོ། །འོ་ན་གང་དག་རང་གི་ས་ལ་དམིགས་པར་ངེས་པ་མ་ཡིན་གྱི་ཞེས་རྒྱས་པར་འབྱུང་བ་ནི་གལ་ཏེ་རང་གི་ས་ལ་ངེས་པ་ཡིན་ཏེ། དམིགས་པ་ངེས་པའི་ཕྱིར་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་སྲེད་པས་དབང་བྱེད་པར་རིགས་པ་མ་ཡིན་

ན། འོ་ན་གང་དག་རང་གི་ས་ལ་དམིགས་པར་ངེས་པ་མ་ཡིན་གྱི། སྐལ་བ་མི་འདྲ་བ་དང་ཁམས་ཐམས་ཅད་དུ་འགྲོ་བ་དག་དེ་དག་གི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་ཡིན་པར་ཅིའི་ཕྱིར་མི་བསྟན། དེ་དག་ཀྱང་མ་རིག་པ་དང་འགྲོགས་ཏེ་སྐལ་བ་མི་འདྲ་བའི་

ཁམས་དང་ས་ལ་མི་དམིགས་པར་བྱེད་པ་ཡིན་ནོ་ཞེ་ན་དེའི་ཕྱིར། མ་རིག་པ་ཁོ་ན་དེ་ལ་གཙོ་བོ་ཡིན་ཏེ་ཞེས་སྨྲས་ཏེ། དེ་ལ་ཞེས་བྱ་བ་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་དེ་ལའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བདེན་པ་མཐོང་བའི་ཡུལ་ལ་ཁྱབ་པ་ཡིན་པའི་ཕྱིར་དང་ཞེས་སྨྲས་ཏེ། བདེན་

པ་མཐོང་བའི་ཡང་སྲིད་འཕེན་པ་ཡིན་གྱི་བདེན་པ་མཐོང་བ་ནི་མ་ཡིན་ནོ། །དེ་བས་ན་བདེན་པ་མཐོང་བའི་མི་མཐུན་པའི་ཕྱོགས་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་དབང་བྱེད་པ་ཡིན་པར་མངོན་པ་ཡིན་ནོ། །བདེན་པ་མཐོང་བའི་ཡུལ་ལ་ཁྱབ་པ་ཡང་མ་རིག་པ་ཡིན་པས་བདེན་པ་མཐོང་བའི་

མི་མཐུན་པའི་ཕྱོགས་ཡིན་པར་རིགས་སོ། །སྐལ་བ་མི་འདྲ་བ་དང་། ཁམས་ཐམས་ཅད་དུ་འགྲོ་བ་ཡང་སྡུག་བསྔལ་དང་། ཀུན་འབྱུང་ལ་དམིགས་པ་ཡིན་པའི་ཕྱིར་བདེན་པ་མཐོང་བའི་ཡུལ་ལ་ཁྱབ་པ་མ་ཡིན་པས་དེ་དག་ནི་དེ་ལ་དབང་བྱེད་པར་རིགས་པ་མ་ཡིན་ཏེ། དེ་དག་མེད་

པར་ཡང་དེ་མཐུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐལ་པ་མི་འདྲ་བ་དང་། ཁམས་ཐམས་ཅད་དུ་འགྲོ་བ་དེ་དག་མེད་པར་ཡང་མ་རིག་པ་མ་འདྲེས་པ་ནི་ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་ནུས་པ་ཡོད་དོ། །འགོག་པ་དང་ལམ་ལ་དམིགས་པས་ཀྱང་ཡིན་ནོ། །མ་རིག་པ་མེད་པར་དེ་དག་

མེད་དོ་ཞེས་བྱ་བ་ནི་སྐལ་བ་མི་འདྲ་བའི་ཁམས་ཐམས་ཅད་དུ་འགྲོ་བ་དེ་དག་སྟེ། དེ་དག་ནི་མ་རིག་པ་མེད་པར་མངོན་དུ་འགྱུར་བ་མ་ཡིན་ཏེ། མ་རིག་པ་ནི་ས་ཆེན་པོ་པ་ཡིན་པའི་ཕྱིར་རོ། །ཡང་སྲིད་འཕེན་པར་བྱེད་པའི་ལས་ལ་མ་རིག་པ་ཁོ་ན་གཙོ་བོ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་མ་ཡིན་ནོ། །

Vol. 115 · folio 215a

དེ་བས་ན་དོན་བདུན་གྱི་དབང་དུ་བྱས་ཏེ་ཡན་ལག་བཅུ་གཉིས་འཆད་པ་དེ་དག་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་གང་གི་ཕྱིར་ལས་ཀྱིས་ཡང་སྲིད་འཕངས་ལ་སྲེད་པས་མངོན་པར་སྒྲུབ་པར་བྱེད་པ་ཡིན་པས་སོ། །དོན་བདུན་གྱི་དབང་དུ་བྱས་ཏེ་ཞེས་བྱ་བ་ནི་གང་གིས་འཕེན་པ་དང་།

ཇི་ལྟར་འཕེན་པ་དང་། གང་འཕེན་པ་དང་། གང་གིས་སྒྲུབ་པར་བྱེད་པ་དང་། ཇི་ལྟར་སྒྲུབ་པར་བྱེད་པ་དང་། གྲུབ་པ་གང་ཡིན་པ་དང་། དེའི་ཉེས་དམིགས་གང་ཡིན་པ་དང་དོན་བདུན་ཡིན་ནོ། །གཞན་དུ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རིམ་ཀྱིས་སོ་ཞེས་རྒྱས་པར་འབྱུང་བ་ནི་ཡན་ལག་བཅུ་གཉིས་

བསྟན་པ་ནི་དོན་བདུན་གྱི་དབང་དུ་བྱས་པ་མ་ཡིན་ནོ་ཞེས་རྒྱས་པར་བསྟན་པ་ནི་ཡན་ལག་བཅུ་གཉིས་བསྟན་པ་ནི་དོན་བདུན་གྱི་དབང་དུ་བྱས་པ་མ་ཡིན་ནོ་ཞེས་ངེས་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་གྱིས་ཡང་སྲིད་སྐྱེ་བའི་དབང་དུ་བྱས་ཏེ། ཡན་ལག་བཅུ་

གཉིས་འཆད་པར་བྱེད་པའོ། །གཞན་དུ་ཡང་ཡན་ལག་གཉིས་འཆད་པ་མེད་པར་འབྱུང་བའི་རིམ་གྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་སོ། །རིམ་གྱིས་ཡང་སྲིད་སྐྱེ་བར་འཆད་པ་ལ་ཡན་ལག་དུ་ཞིག་གིས་རྫོགས་པར་འགྱུར་ཞེ་ན།

ཇི་སྙེད་ཀྱི་རྒྱུ་དང་བཅས་པའི་ཡང་སྲིད་བསྟན་པར་ནུས་པའོ་ཞེས་བྱ་བ་ནི་སློབ་དཔོན་ནོ། །བདུན་ནམ་ལྔས་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ད་ལྟར་བྱུང་བའི་སྐྱེ་བས་བསྡུས་པ་བརྗོད་པར་འདོད་ན་ནི་ཡན་ལག་བདུན་གྱི་རྒྱུ་དང་བཅས་པར་བསྟན་པར་ནུས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་

ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བས་སོ། །འོན་ཏེ་མ་འོངས་པའི་སྐྱེ་བས་བསྡུས་པ་བརྗོད་པར་འདོད་ན་ནི་ཡན་ལག་

ལྔས་རྒྱུ་དང་བཅས་པར་བསྟན་པར་ནུས་ཏེ། ཇི་ལྟ་ཞེ་ན། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ཡིན་ནོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། གལ་ཏེ་བདུན་ཁོ་ནས་འཆད་པར་བྱེད་ན་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words