འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ
Sanskrit title (Tibetan script, as in the text) ཨཱརྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ་ཀཱིར་ཏི་མཱ་ལ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 117 · folio 1b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ་ཀཱིར་ཏི་མཱ་ལ་ནཱ་མ། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་
བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་
རྒྱས་ཐུགས་དང་འཇམ་དབྱངས་ལ་སོགས་རྒྱལ་སྲས་རབ་མཆོག་རྣམས་ཀྱིས་ཇི་ལྟ་བར། །མཁྱེན་པའི་དེ་ཉིད་ཆོས་ལམ་ལེགས་པར་བློ་མ་སྦྱངས་པ་རྣམས་ཀྱིས་མ་ཤེས་པ། །ཤིན་ཏུ་སྦྱོར་བ་གོམས་པར་བྱས་
ན་བློ་ཆུང་རྣམས་ལའང་དེ་བློ་སྐྱེ་བར་འགྱུར། །དེས་ན་བདག་ལ་རྟག་ཏུ་ཆོས་ཀྱི་དེ་ཉིད་རྟོགས་པ་མངོན་པར་འབྱུང་བར་ཤོག །མདོ་སྡེའི་དབང་པོ་ཏིང་འཛིན་རྒྱལ་པོ་ཡི། །འདིར་ནི་འགྲེལ་པ་བྱེད་པར་འབད་པ་དེ། །
བློ་ཡངས་གྱུར་པ་ཉིད་ཀྱིས་སངས་རྒྱས་ནས། །ཐུབ་པ་སྐྱེས་མཆོག་ཉིད་དུ་འགྱུར་བ་ཡིན། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པས་ནི་འབྲེལ་པ་དང་བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་
Vol. 117 · folio 2a
དགོས་པ་རྣམས་ཉན་པའི་སྐྱེ་བོ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དང་པོར་བརྗོད་པར་བྱ་བ་ཡིན་ནོ། །དེ་ཡང་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་ནས་སྡུད་པར་བྱེད་པས་འདི་སྐད་བདག་གིས་ཞེས་སྨྲས་པ་ཡིན་ནོ། །དེ་ལ་
ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ནི་བརྗོད་པར་བྱ་བའོ། །དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཀྱང་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་སྟེ། རྒྱུ་ལ་འབྲས་བུར་བཏགས་ནས་སོ། །རྗོད་པ་དང་
བརྗོད་བྱ་དེ་དག་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །ཡང་དགོས་པ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་
མངོན་སུམ་དུ་བྱེད་པའོ། །དེ་ནས་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་ནས། བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པས་སེམས་ཅན་མ་ལུས་པའི་དོན་མཛད་པ་ནི་དགོས་པའི་དགོས་པ་ཡིན་ནོ། །དེས་འདོད་པའི་འབྲས་བུ་མཐར་
ཐུག་པ་ཡོངས་སུ་རྫོགས་པས་འདོད་པར་བྱ་བ་གཞན་མེད་དོ་ཞེས་བྱ་བ་ནི་དགོས་པ་མཐར་ཐུག་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་བས་ནི་མདོའི་དོན་མ་ལུས་པ་བསྡུས་པ་བསྟན་ཏོ། །བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་ཐོས་པའོ། །ཐོས་པ་
Vol. 117 · folio 2b
ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པ་མེད་པར་སྡུད་པ་པོས་བསྟན་པ་ཡིན་ནོ། །སྡུད་པ་པོ་ནི་ཀུན་དགའ་བོ་ཡིན་ཏེ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ཟུང་ཤིག་ཅེས་བྱ་བའི་ཚིག་གིས་སོ། །ཕྱག་ན་རྡོ་རྗེ་ཡང་ཡིན་ཏེ། ཇི་ལྟར་གཞན་དུ་བཤད་པ་བཞིན་ནོ། །ད་ནི་གང་གི་ཚེ་གང་ལས་གང་དུ་གང་དག་དང་
ལྷན་ཅིག་མདོ་སྡེ་རིན་པོ་ཆེ་དཔེ་མེད་པ་འདི་ལྟ་བུ་ཁྱོད་ཀྱིས་ཐོས་ཞེས་འདྲི་བའི་ལན་གདབ་པའི་ཕྱིར་དང་། རང་ཉིད་ཚད་མར་བསྟན་པའི་ཕྱིར་སྡུད་པར་བྱེད་པས་ཡུལ་ལ་སོགས་པ་བསྟན་པ་ནི་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་དུས་གཅིག་ན། འདི་ལྟ་བུའི་མདོ་སྡེ་རིན་པོ་ཆེ་འདི་ཐོས་ཀྱི་གཞན་
གྱི་ཚེ་ནི་གཞན་ཐོས་སོ་ཞེས་བྱ་བས་ནི་སྨན་པའི་རྒྱལ་པོ་སྙིང་རྗེ་ཅན་བཞིན་དུ་བདག་ཉིད་མང་དུ་ཐོས་པ་ཡིན་པར་སྡུད་པ་པོས་བསྟན་པ་ཡིན་ཏེ། འདི་ལྟ་བུའི་མདོ་སྡེ་རིན་པོ་ཆེ་ཐམས་ཅད་དུ་ཐོས་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི་བསམ་པས་སོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་
གཅིག་ལ་རྨི་ལམ་དུ་ལྷ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱིས་དུས་ཐུང་ངུ་ལ་ལོ་བརྒྱ་ལ་སོགས་པ་དམིགས་པ་ལྟ་བུར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་དང་། དེ་བཞིན་གཤེགས་པའི་དང་པོའི་དབང་གིས་སྐད་ཅིག་གཅིག་ལ་ཐོས་པ་མི་བརྗེད་པ་ཡིན་པ་ལ་འགལ་བ་མེད་དོ་ཞེས་བྱ་བ་ནི་བསྡུས་
པའི་དོན་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་རྣམས། །བཅོམ་པས་བཅོམ་ལྡན་འདས་ཞེས་བརྗོད། །ཅེས་བྱ་བ་ནི་གསུང་རབ་ཀྱི་ཚིག་ཡིན་ནོ། །ངེས་པའི་ཚིག་གི་
ཚུལ་གྱིས་ནི་ཉོན་མོངས་པ་ལ་སོགས་པ་བཅོམ་པས་བཅོམ་ལྡན་འདས་སམ། དབང་ཕྱུག་དང་ནི་གཟུགས་བཟང་དང་། དཔལ་དང་གྲགས་དང་ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དག་ལ་ལྡན་ཞེས་གྲུབ། །ཅེས་བྱ་བ་དེ་དག་འདི་ལ་ཡོད་པས་བཅོམ་ལྡན་འདས་
ཏེ། དབང་ཕྱུག་ལ་སོགས་པ་ཀུན་དང་ལྡན་པས་བཅོམ་ལྡན་འདས་སོ། །རྒྱལ་པོའི་ཁབ་ན་བཞུགས་ཞེས་བྱ་བ་ལ་བཞུགས་པ་ནི་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། སྟོན་པས་བཞུགས་པ་དང་། མཉམ་པར་བཞག་པས་བཞུགས་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་པ་སྟེ།
Vol. 117 · folio 3a
གང་ཅུང་ཟད་སྐུའི་ཕྲིན་ལས་སུ་བགྲང་བ་དེ་དག་ཐམས་ཅད་སྤྱོད་ལམ་གྱིས་བཞུགས་པའོ། །གང་དག་གསུང་གི་ཕྲིན་ལས་རྣམས་ནི་སྟོན་པས་བཞུགས་པའོ། །གང་དག་ཐུགས་ཀྱི་ཕྲིན་ལས་རྣམས་ནི་འདི་དག་ལས་གཞན་པའི་བཞུགས་པ་རྣམ་པ་གཉིས་པོ་ཡིན་ཏེ། རྟག་ཏུ་
མཉམ་པར་གཞག་པ་ཉིད་དང་། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མཉམ་པར་བཞག་པས་བཞུགས་པའོ། །ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་རྣམ་པར་གཟིགས་པ་དང་། ལྷ་ལ་སོགས་པ་ཉེ་བར་འདུ་བ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་
ཞེས་བྱ་བས་གནས་གཉིས་བསྟན་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བའི་ཕྱིར་རོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་དོན་དང་ལྡན་པའི་མིང་ངོ་། །བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་སྤུངས་པའི་རིན་པོ་ཆེ་ཆེན་པོའི་རིའི་རྒྱལ་པོ་སྟེ། བདེ་བར་གཤེགས་པ་སྲས་དང་བཅས་
པའི་རྒྱལ་བ་བསྐྱེད་མ་སྟོན་པའི་གནས་ཏེ། དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་བྱུང་བའི་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེའི་གདན་བཞིན་དུ་མངོན་པར་མི་གཡོ་བ་ཡིན་ནོ། །འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་
ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་ནི། ཉོན་མོངས་སྒྲིབ་པ་སྤངས་པ་ཉིད། །བདུད་རྣམས་ཀུན་གྱིས་མི་ཕྱེད་པས། །ཉན་ཐོས་དགེ་འདུན་དགེ་འདུན་ཉིད། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་། བྲལ་བའི་ཕྱིར་དང་། ཉོན་མོངས་
པ་བཅོམ་པའི་ཕྱིར་དང་། ཐེག་པ་གཅིག་ཏུ་བསྟན་པས་བསམ་པ་གཅིག་པ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་དང་། ཚོགས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དགེ་འདུན་ཞེས་བྱའོ། །དགེ་སློང་དགེ་འདུན་རྟག་གནས་པས། །སྔོན་ཉིད་དུ་ནི་བསྟན་པར་བྱས། །ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཕྱིས་
བསྟན་པ་ནི་མདོ་སྡེ་རིན་པོ་ཆེ་དཔག་ཏུ་མེད་པ་ཉན་པའི་དོན་དང་། དེ་བཞིན་གཤེགས་པ་རྣམས་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་ཞུགས་པ་ཡིན་པའི་ཕྱིར་ཐམས་ཅད་དུ་དྲུང་ན་གནས་པ་མེད་པར་བསྟན་པའི་ཕྱིར་རོ། །ཐབས་ཅིག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་ཏུའོ། །ཡོན་ཏན་གྱིས་ཕྱེ་བའི་ཆེ་བ་བསྟན་ནས། ད་ནི་
Vol. 117 · folio 3b
གྲངས་ཀྱི་ཆེ་བ་བསྟན་པའི་ཕྱིར། དགེ་སློང་འབུམ་དུ་ཚང་བ་ཞེས་བྱ་བ་སྨོས་ཏེ། གྲངས་འབུམ་དུ་ཚང་བ་ཞེས་བྱ་བ་རྣམ་པར་བཅད་པའོ་ཞེས་བྱ་བའི་བར་དུའོ། །བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་པར་གྱུར་ན་ཡང་རབ་ཏུ་གྲགས་པའི་བྱང་ཆུབ་སེམས་དཔའ་ཉེ་བར་མཚོན་པར་བྱ་བའི་ཕྱིར་ཁྲག་
ཁྲིག་ཕྲག་བརྒྱད་ཅུ་ཞེས་བྱ་བ་ལ་སོགས་པ་ཚིག་སྨོས་སོ། །ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ལ་བར་མ་ཆོད་པ་ཉིད་དུ་སངས་རྒྱས་ཉིད་མངོན་དུ་བྱེད་པ་ལ་སོགས་པ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་དང་ཐབས་ཅིག་གོ་ཞེས་བྱ་བར་འབྲེལ་ཏོ། །མངོན་པར་ཤེས་པ་
ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རབ་ཏུ་གྲགས་པ་ཞེས་བྱ་བའི་དོན་ཏོ། །གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བ་བ་ནི་སྔགས་ཀྱི་གཟུངས་དང་། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། མངོན་པར་རྟོགས་པའི་གཟུངས་སོ། །དེ་ལ་ནི་སྔགས་ཀྱི་གཟུངས་གང་
ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་དང་བཅས་པའི་ཡེ་ཤེས་ཀྱི་སྦྱོར་བ་དང་། ཏིང་ངེ་འཛིན་ལ་དབང་བས་བྱུང་བ་དེ་ནི་སྔགས་ཀྱི་གཟུངས་ཞེས་བརྗོད་དོ། །ཏིང་ངེ་འཛིན་ལ་དབང་བའི་སྟོབས་ཀྱིས་སེམས་ཅན་གྱི་གདོན་དང་འཚེ་བ་ཞི་བར་བྱ་བའི་ཕྱིར་སྔགས་ཀྱི་ཚིག་ཏིང་ངེ་
འཛིན་ལ་དབང་ཐོབ་པ་ལས་བྱུང་བ་འམ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བྱུང་བ་ཡང་རུང་བས་མངོན་པར་བྱིན་གྱིས་རློབ་ཏེ། སྔགས་ཀྱི་ཚིག་འདི་དག་གིས་སེམས་ཅན་རྣམས་ཀྱི་གདོན་དང་། འཚེ་བ་དང་། ཉེ་བར་འཚེ་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག་ཅེས་
བརྗོད་པས་དེས་དེ་དག་ལ་སྔགས་ཀྱི་ཚིག་དེ་དག་འགྲུབ་པར་འགྱུར་རོ། །དེ་ལྟར་ན་གོང་མ་གོང་མའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་སེམས་ཅན་རྣམས་ཀྱི་དོན་དེ་དང་དེ་ལ་དམིགས་ནས་བྱིན་གྱིས་བརླབས་པ་དེ་ལྟ་དེ་ལྟར་ཡང་དག་པར་འཕེལ་བར་འགྱུར་རོ། །དེ་ལྟ་
བས་ན་དེ་ལྟར་ཏིང་ངེ་འཛིན་གྱི་དབང་གིས་བྱུང་བའི་སྔགས་འཛིན་པས་སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདིར་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་དཔའ་རྣམས་ལས་ཆོས་ཉན་པ་ན་སྔོན་གོམས་པར་མ་བྱས་པ་དང་། སྔོན་
Vol. 117 · folio 4a
མ་ཐོས་པའི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཀྱིས་བསྡུས་པ་ཚད་མེད་པ་དཔག་ཏུ་མེད་པའི་ཆོས་དེ་དག་རྣམས་ཀྱང་གོ་རིམས་བཞིན་དུ་བསྐལ་པ་རབ་ཏུ་མང་པོར་ཡང་མི་བརྗེད་པར་དྲན་པ་དང་ཤེས་རབ་ཀྱིས་འཛིན་པ་ནི་ཆོས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་དོན་གྱི་
གཟུངས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ཉིད་ཀྱིས་དེ་ལྟར་གཟུང་བའི་ཆོས་གང་ཡང་ཚད་མེད་པ་གྲངས་མེད་པའི་དོན་དེ་རྣམས་དུས་ཚད་མེད་པར་མི་བརྗེད་པར་དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས་འཛིན་པ་གང་ཡིན་པ་དེ་ནི་དོན་གྱི་གཟུངས་ཞེས་བྱའོ། །དེ་ལ་མངོན་པར་རྟོགས་པའི་
གཟུངས་གང་ཞེ་ན། ཇི་སྐད་གསུངས་པའི་ཆོས་ཐམས་ཅད་མངོན་པར་རྟོགས་པའི་དོན་བསྒོམས་པས་བསྟན་པར་གྱུར་པ་དེ་ཉིད་ལ་མངོན་པར་འདོད་ཅིང་མངོན་པར་མི་གཡོ་བའི་ཆོས་ཉིད་ལ་བཟོད་པའི་བཟོད་པ་ནི་མངོན་པར་རྟོགས་པའི་གཟུངས་ཞེས་བྱའོ། །ས་ཐམས་ཅད་ལ་ཡང་གཟུངས་སོ་སོར་
ཐོབ་པ་ནི་ཡོད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཁྱད་པར་དུ་འཕགས་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །གཉིས་པ་ལ་ནི་དྲི་མ་མེད་པ་ཞེས་བྱ་བའོ། །གསུམ་པ་ལ་ནི་ཤིན་ཏུ་རབ་ཏུ་གནས་པ་ཞེས་བྱ་བའོ། །བཞི་པ་ལ་ནི་གཟུང་བར་དཀའ་བ་ཞེས་བྱ་བའོ། །
ལྔ་པ་ལ་ནི་ཡོན་ཏན་གྱིས་སེམས་བརྒྱན་པ་ཞེས་བྱ་བའོ། །དྲུག་པ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒྲོན་མ་ཞེས་བྱ་བའོ། །བདུན་པ་ལ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའོ། །བརྒྱད་པ་ལ་ནི་རྣམ་པར་མི་རྟོག་པ་ཞེས་བྱ་བའོ། །དགུ་པ་ལ་ནི་སྒོ་མཐའ་ཡས་པ་ཞེས་བྱ་བའོ། །བཅུ་པ་ལ་ནི་མི་ཟད་པའི་ཟ་མ་
ཏོག་ཅེས་བྱ་བ་སྟེ། དེ་ལྟར་ན་ས་དང་ས་ལ་གཟུངས་སོ་སོར་ཐོབ་ཅིང་གཟུངས་རྟོགས་པར་ཁོང་དུ་ཆུད་པའོ། །མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བ་ལ། ངེས་པ་དང་དྲང་བའི་དོན་གྱི་མདོ་སྡེ་རྣམས་རྟོགས་པ་ནི་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེའི་རབ་ཀྱི་མཐར་ཐུག་པ་ཐོབ་པ་ནི་གཟུངས་དང་
མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པའོ། །དེ་དག་དང་ཐབས་ཅིག་ཏུ་བཞུགས་ཞེས་བྱ་བར་སྦྱར་རོ། །ཉོན་མོངས་པ་མེད་པས་མདོ་སྡེ་ལ་སོགས་པ་སྦྱིན་ཞིང་རབ་ཏུ་བསྟན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའོ། །མངོན་པར་ཤེས་པ་ཆེན་པོ་ནི་མི་ཉམས་ཤིང་སྒྲིབ་པ་མེད་པར་ཡུལ་ཐམས་ཅད་
Vol. 117 · folio 4b
འཛིན་པའི་ཤེས་རབ་བོ། །དེ་ཉིད་རྒྱུར་གྱུར་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རབ་འབྱམས་རྣམས་སུ་ཁྱབ་པའི་ངག་བརྗོད་པ་ལ་མཁས་པའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེ་རྣམས་ཀྱི་དམ་པའི་ཕ་རོལ་ཏེ་རབ་ཀྱི་མཐར་ཕྱིན་པ་ཐོབ་
པས་སོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ནི་དཔའ་བར་འགྲོ་བ་ལ་སོགས་པ་ལ་ལྷུན་གྱིས་གྲུབ་པར་འཇུག་པའོ། །འབད་པ་དང་བཅས་པས་ཐོད་རྒལ་ལ་སོགས་པ་ལ་འཇུག་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་ལྡང་བ་ཇི་ལྟ་བ་བཞིན་དུ་ཤེས་པ་གང་གིས་ཤེས་པ་དེ་ནི་མཉམ་
པར་གཞག་པ་དང་ལྡང་བ་ཤེས་པའོ། །དེ་ལ་མཁས་པ་ནི་དེས་གསལ་བའོ། །སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་རབ་ཏུ་བཀུར་བ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་ནི་ཡོན་ཏན་དམ་པ་རྣམས་བརྗོད་པའོ། །བསྔགས་པ་ནི་བསམ་གྱིས་མི་ཁྱབ་པའི་
སེམས་ཅན་གྱི་དོན་བྱེད་པའི་སྦྱོར་བའི་ཁྱད་པར་རབ་ཏུ་སྟོན་པའོ། །དེའི་ཕྱིར་བཀུར་བ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་ནས་རབ་ཏུ་བསྔགས་པའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་ལ་མཁས་པ་ཞེས་བྱ་བ་ལ། ཡིད་ཀྱི་ཤུགས་ཀྱི་རྫུ་འཕྲུལ་གྱིས་དུས་གཅིག་
ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་གི་ལུས་ཡང་དག་པར་སྟོན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཉན་པའི་ཕྱིར་དང་། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འགྲོ་བ་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་མཁས་པའོ། །བདུད་ཐམས་ཅད་སྐྲག་པར་བྱ་བའི་ཤེས་པ་ལ་
མཁས་པ་ཞེས་བྱ་བ་ལ་ཤེས་རབ་དང་། ཐབས་དང་། སྙིང་རྗེ་ཆེན་པོའི་ཡེ་ཤེས་མཁས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་ཆེན་པོ་སྤྲུལ་པར་བྱེད་པའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་
སོ། །དེ་དག་སྐྱེ་བ་མེད་པ་ལ་སོགས་པའི་ངོ་བོར་རྣམ་པར་རིག་པ་ནི་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དེ་ལ་མཁས་པ་ནི་གསལ་བའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་དད་པ་ལ་སོགས་པའི་དབང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་རྣམ་པ་
Vol. 117 · folio 5a
ཐ་དད་པ་སྐྱེ་བ་མཆོག་དང་མཆོག་མ་ཡིན་པ་དང་འབྲེལ་པ་དེ་རྣམས་ཤེས་ནས་དེ་དག་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་ཡེ་ཤེས་ལ་མཁས་པའོ། །སངས་རྒྱས་ཐམས་ཅད་ལ་མཆོད་པ་ཞེས་བྱ་བ་ལ་སོགས་པ་ལ། །དེ་བཞིན་གཤེགས་པའི་མཆོད་པ་ནི་རྣམ་པ་གཉིས་
ཏེ། །སྒྲུབ་པའི་མཆོད་པ་ནི་ཇི་སྐད་གསུངས་པའི་བསླབ་པའི་གནས་རྣམས་ལས་མི་འདའ་བར་བསྲུངས་པ་དང་། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་སྒྲུབ་ཅིང་རྫོགས་པར་བྱེད་པའོ། །མེ་ཏོག་དང་སྤོས་ལ་སོགས་པ་ནི་ཕྱིའི་མཆོད་པ་སྟེ། དེ་དག་གཉིས་ཀ་མཆོད་པའི་ལས་ཀྱི་བྱ་བའོ། །
དེ་དག་གི་སྒྲུབ་པ་ཤེས་པ་ལ་མཁས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འཇིག་རྟེན་པའི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རྙེད་པ་དང་མ་རྙེད་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བསྟོད་པ་དང་སྨད་པ་དང་། གྲགས་པ་དང་མ་གྲགས་པ་ཞེས་བྱ་བ་འདི་དག་ནི་འཇིག་རྟེན་གྱི་
ཆོས་བརྒྱད་དེ་འདི་དག་གིས་མ་གོས་པའོ། །ལུས་དང་ངག་དང་སེམས་ཡང་དག་པར་བརྒྱན་པ་ཞེས་བྱ་བ་ལ། སྲོག་ཆགས་གསོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་མི་དགེ་བའི་ལམ་སྤངས་པས་ལུས་བརྒྱན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་
འཁྱལ་པ་དང་། ངག་རྩུབ་པོ་མེད་པས་ངག་བརྒྱན་པ་དང་། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ཡོངས་སུ་སྤངས་པས་སེམས་བརྒྱན་པའོ། །ཡང་ན་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་ལུས་ཀྱི་རྒྱན་ཡིན་ནོ། །ཡན་ལག་དྲུག་ཅུ་དང་ལྡན་
པའི་གསུང་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པ་ཚངས་པའི་དབྱངས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པ་ནི་ངག་གི་རྒྱན་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པས་སེམས་ཅན་གྱི་སེམས་ཀྱི་རྒྱུན་གྱི་བྱེ་བྲག་རྟོགས་ནས་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་སེམས་ཅན་རྣམས་
འདུལ་བ་ནི་སེམས་ཀྱི་རྒྱན་ཡིན་ནོ། །དེའི་ཕྱིར་ལུས་དང་ངག་དང་སེམས་ཡང་དག་པར་བརྒྱན་པ་ཞེས་བྱའོ། །ཚངས་པའི་གནས་བཞིས་གནས་པའི་དབྱེ་བ་མེད་པའི་ཡོན་ཏན་བསྟན་པའི་ཕྱིར། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པ་ཞེས་བྱ་བ་གསུངས་ཏེ། བྱམས་པ་དང་སྙིང་རྗེ་
Vol. 117 · folio 5b
སྨོས་པ་ནི་དགའ་བ་དང་བཏང་སྙོམས་མཚོན་པའི་དོན་ཏོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཐུག་པའི་ཡོན་ཏན་དང་ལྡན་པ་བསྟན་པའི་ཕྱིར། བསྐལ་པ་གྲངས་མེད་པར་ཡིད་མི་སྐྱོ་བའི་བརྩོན་འགྲུས་ཆེ་བ་ཞེས་བྱ་བ་གསུངས་ཏེ། བསྐལ་པ་གྲངས་མེད་པ་མང་པོར་
གོམས་པ་བདག་གིར་བྱས་པ་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོས་བསྐལ་པ་གྲངས་མེད་པར་ཡིད་མི་སྐྱོ་བར་སེམས་ཅན་གྱི་དོན་བྱེད་པས་སོ། །འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་ཡོན་ཏན་ལ་སྦྱོར་བ་བསྟན་པའི་ཕྱིར། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་ཞེས་གསུངས་
ཏེ། སེང་གེའི་སྒྲ་ཆེན་པོ་ནི་ཆོས་ཐམས་ཅད་བདག་མེད་པའི་སྒྲ་སྟེ། ཇི་ལྟར་སེང་གེའི་སྒྲས་ཝ་རྣམས་སྐྲག་པར་བྱེད་པ་དེ་བཞིན་དུ་བདག་མེད་པའི་སེང་གེའི་སྒྲས་མུ་སྟེགས་ཐམས་ཅད་སྐྲག་པར་བྱེད་དེ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་
ཅེས་བྱའོ། །བདུད་དང་མུ་སྟེགས་ལ་སོགས་པ་ཟིལ་གྱིས་མི་ནོན་པའི་ཡོན་ཏན་དེ་དག་དང་ལྡན་པ་ཉིད་དུ་བསྟན་པའི་ཕྱིར། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་གསུངས་ཏེ། །སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་བརྙེས་ནས་རྒྱུན་མི་འཆད་པའི་
སྤོབས་པ་དང་ལྡན་པས་དེ་དག་གིས་ཟིལ་གྱིས་མི་ནོན་པ་ཡིན་ནོ། །བསྟན་མ་ཐག་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ་ཞེས་བྱ་སྟེ། ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབང་བསྐུར་བ་ཐོབ་
པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལའོ། །དེའི་ཕྱིར་ཐམས་ཅད་ཀྱང་ས་བཅུ་པའི་དབང་ཕྱུག་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་གྲངས་ཡོངས་སུ་བསྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མིང་རབ་ཏུ་བསྟན་པའི་ཕྱིར། ལྷུན་པོ་དང་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། སྔོན་གོམས་པར་བྱས་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ངོ་བོ་དེ་དང་དེས་ཐ་སྙད་ཀྱི་དོན་དུ་མིང་རབ་ཏུ་བསྒྲགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ། གང་ལ་བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་ཡོད་པ་དེ་ལ་བྱང་
Vol. 117 · folio 6a
ཆུབ་སེམས་དཔའ་ཞེས་བྱའོ། །དེའི་ཕྱིར་དེ་ནི་གཅིག་ཏུ་གཞན་གྱི་དོན་ལ་ཞུགས་པས་སེམས་དཔའ་ཆེན་པོ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ནས། ཚངས་རིས་ཀྱི་ལྷའི་བུ་ཞེས་བྱ་བའི་བར་དང་། དེ་ལས་གཞན་པ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་ཅིང་
སྟེ། ཀུན་ནས་ཡོངས་སུ་བསྐོར་བ་ནི་ཡོངས་སུ་བསྐོར་བའོ། །མདུན་གྱིས་བལྟས་ནས་ཞེས་བྱ་བ་ལ་མདུན་གྱིས་བལྟ་བ་བྱས་པ་སྟེ། མདུན་དུ་བྱས་པ་ལ་ཆོས་སྟོན་པའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མར་དགེ་བ་སྟེ། ཐོག་
མར་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱང་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ། །བར་དུ་དགེ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱང་མཐར་སངས་རྒྱས་ཉིད་དུ་འགྱུར་བའོ། །ཐ་མར་དགེ་བ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་དྲང་པོའི་རིམ་གྱིས་སངས་
རྒྱས་ཉིད་ཐོབ་པར་འགྱུར་བའོ། །ཡང་ན་ཐོས་པ་དང་བསམ་པ་དང་བསྒོམ་པའི་དུས་སུ་ཡང་ཚད་མ་ལས་བྱུང་བའི་དོན་གྱིས་མི་སླུ་བའི་ཕྱིར་རོ། །དོན་བཟང་པོ་ནི་ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་སྒྲུབ་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་འདོད་པའི་དོན་མ་ཚང་བ་མེད་པར་བདེ་
བར་རྟོགས་ཤིང་སྒྲུབ་པར་བྱེད་པའི་ཆོས་སྐད་སྣ་ཚོགས་ཀྱིས་སྟོན་པའོ། །མ་འདྲེས་པ་ནི་གཉིས་སུ་མེད་པའི་ཆོས་ཉིད་གསལ་བའོ། །ཡོངས་སུ་རྫོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཐབས་སྟོན་པའོ། །ཡོངས་སུ་དག་པ་ནི་ཉོན་མོངས་པའི་
འདམ་གྱིས་མ་གོས་པའོ། །ཡོངས་སུ་བྱང་བ་ནི་གཅིག་ཏུ་དག་པའི་ངེས་པར་འབྱུང་བའི་ཆོས་སྟོན་པའོ། །ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ་ཞེས་བྱ་བ་ལ། ཚངས་པ་ནི་མྱ་ངན་ལས་འདས་པའོ། །དེའི་ཆེད་དུ་སྦྱིན་པ་ལ་སོགས་པ་སྤྱད་པ་སྤྱོད་པའོ། །ཡང་དག་པ་ནི་
རབ་ཀྱི་མཐར་ཐུག་པའོ། །རབ་ཏུ་སྟོན་པ་ནི་གསལ་བར་བྱེད་པའོ་ཞེས་གསུངས་སོ། །དེའི་ཚེ་འཁོར་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་འདིར་ཟླ་འོད་གཞོན་ནུར་གྱུར་པ་ཉིད་གཙོ་བོར་གྱུར་པ་ཉིད་དུ་བསྟན་པའི་ཕྱིར། འཁོར་ཚོགས་པ་དེ་ཉིད་དུ་ཞེས་བྱ་བ་ལ།
Vol. 117 · folio 6b
སོགས་པ་གསུངས་ཏེ། འཁོར་ཚོགས་པའི་ནང་ནས་ཉེ་བའི་ཡུལ་དུ་འོངས་ནས་སོ། །འདུག་པར་གྱུར་པ་ནི་ཇི་ལྟར་རིགས་པའི་སྟན་ལ་འདུག་ནས་སོ། །སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་ཞེས་བྱ་བ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་སྦྱིན་པ་ལ་སོགས་པས་བསྙེན་
བཀུར་བྱས་ཤིང་། བྱ་བ་བྱས་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ། །དེའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པའོ། །སྐྱེ་བ་དྲན་པ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་ཤིང་བསྐྱེད་པའི་དགེ་བའི་རྩ་བ་དྲན་པར་གྱུར་པའོ། །སྤོབས་པ་
ཐོབ་པ་ནི་མི་བརྗེད་པའི་གཟུངས་ཀྱི་སྤོབས་པ་ཐོབ་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི། ཐེག་པ་ཆེན་པོའི་ཆོས་ཉིད་ལ་ཡང་དག་པར་ཞུགས་པ་ཉིད་དོ། སྙིང་རྗེ་ཆེན་པོ་ལ་བརྩོན་པ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པ་གདོན་པར་འདོད་པའི་མཚན་ཉིད་ཅན་གྱི་བརྩེ་བ་ཆེན་
པོ་ལ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གུས་པ་དང་བཅས་པས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཡོངས་སུ་ཞུ་བར་བྱེད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །བདག་བཅོམ་ལྡན་འདས་ལ་ཞུ་བར་བགྱིད་དོ་ཞེས་སྦྱར་ཏེ། ཕྱོགས་འགའ་ཞིག་
ཅེས་བྱ་བ་ནི་ཕྱོགས་མ་ལུས་པ་དུས་གཅིག་ཏུ་ཞུ་བ་ནི་མི་སྲིད་པ་དང་། རང་གི་ཐེ་ཚོམ་སྤང་པའི་དོན་དུ་བདག་ཅུང་ཟད་ཅིག་འདྲི་བར་བགྱིད་དོ་ཞེས་བྱ་བའོ། །དེ་ལྟར་ན་ཡང་སྐབས་ཕྱེ་བ་མཛད་ན་ཞུ་བར་བྱ་བ་ཡིན་པས་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་
ཀྱིས་བདག་ལ་སྐབས་ཕྱེ་ན་ཞེས་བྱ་བ་གསུངས་ཏེ། །བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པས་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་མཁྱེན་པས་རྟག་ཏུ་སྐབས་ཕྱེ་བ་ཡིན་ན་ཡང་ཟླ་འོད་གཞོན་ནུར་གྱུར་པ་ཁོ་ན་གུས་པ་བསྐྱེད་པའི་ཕྱིར། ཅི་འདོད་པ་དྲིས་ཤིག་ཅེས་
བྱ་བ་ལ་སོགས་པ་གསུངས་སོ། །གཞོན་ནུ་ང་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ལ་བསྟོད་པ་གཙོ་བོར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཉེ་བ་ན་གནས་པའི་གདུལ་བྱའི་སྐྱེ་བོའི་འཁྲུལ་པ་བཟློག་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བའི་བཤད་
Vol. 117 · folio 7a
པ་ནི་ཐམས་ཅད་གཟིགས་པ་ཞེས་བྱ་བ་སྟེ། གང་ལ་ཐམས་ཅད་གཟིགས་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོའི་དོན་ཇི་ལྟར་གནས་པ་བཞིན་གཟིགས་པའོ། །ཆོས་ཐམས་ཅད་ངེས་པར་རྟོགས་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་
དང་། མི་འཇིགས་པ་སྟེ་འཇིགས་པ་ཐམས་ཅད་དང་བྲལ་བས་དེ་དག་གི་ཁྱུ་མཆོག་ཏུ་གྱུར་པ་ནི་གཙོ་བོར་གྱུར་པའོ། །རྗེས་སུ་ཐོབ་པ་ནི་ཐམས་ཅད་གཟིགས་པ་ཉིད་ཀྱི་རྗེས་སུ་བརྙེས་པ་དང་ལྡན་ཞེས་བྱ་བའོ། །དེས་ན་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་
ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་དང་ལྡན་པ་ནི་དེ་དང་བཅས་པའོ། །མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅི་ཡང་མེད་དེ་ཞེས་བྱ་བ་དང་སྦྱར་རོ། །གཞོན་ནུ་ཞེས་བྱ་བ་ནི་མཆོད་པའི་ཚིག་གོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཤེས་བྱའི་ནང་ན་
གང་ཅུང་ཟད་མི་མཁྱེན་པ་ཅི་ཡང་མི་མངའ་སྟེ། དེས་ན་ཐམས་ཅད་མཁྱེན་ནོ་ཞེས་བྱ་བའི་དོན་ཏེ། འདིས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་བཤད་པ་ཡིན་ནོ། །ཐམས་ཅད་གཟིགས་པ་ཞེས་བྱ་བའི་བཤད་པ་ནི་མི་གཟིགས་པའམ་ཞེས་བྱ་བའོ། །ཆོས་ཐམས་ཅད་ལ་སྟོབས་དང་།
མི་འཇིགས་པ་ཞེས་བྱ་བའི་བཤད་པ་ནི་མི་གསན་པའམ། ཐུགས་སུ་མ་ཆུད་པའམ་ཞེས་བྱ་བའོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་བཤད་པ་ནི་མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅི་ཡང་མེད་དོ་ཞེས་བྱ་
བ་སྟེ། ཐམས་ཅད་མཁྱེན་པའི་ཚིག་གི་བཤད་པར་གྱུར་པ་ཚིག་ལྷག་མ་རྣམས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་དྲིས་ཤིག་ཅེས་བྱ་བའོ། །དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །ཞེས་བྱ་བ་ནི་དགའ་བར་བྱའོ་ཞེས་བྱ་བའི་དོན་
ཏོ། ཚིགས་སུ་པ་བཅད་པའི་དབྱངས་ཀྱིས་འདུལ་བའི་སེམས་ཅན་མགུ་བར་བྱ་བའི་ཕྱིར་དང་། བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཚིགས་སུ་བཅད་དེ་གསོལ་པ་ཞེས་རང་གི་སེམས་ལ་རྣམ་པར་གནས་པ་འདས་པ་སྨྲ་བར་འདོད་པ་ཡིན་ནོ། །ད་ནི་ཐེ་ཚོམ་ཐམས་ཅད་གཅད་པའི་
Vol. 117 · folio 7b
ཕྱིར། འོད་མཛད་ཇི་ལྟར་སྤྱད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །སྦྱིན་པ་ལ་སོགས་པ་ལ་ཇི་ལྟར་ཞུགས་པར་གྱུར་པས། བསམ་གྱིས་མི་ཁྱབ་ཡེ་ཤེས་འཐོབ། །ཅེས་བྱ་བ་སྦྱར་རོ། །འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །འོད་མཛད་
ཅེས་བྱ་བ་ནི་བོད་པའོ། །བསམ་གྱིས་མི་ཁྱབ་ཡེ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། གཞན་གྱིས་བསམ་པར་བྱ་མི་ནུས་པའི་ཕྱིར་རོ། །ལུང་ཡང་བསྟན་དུ་གསོལ། ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པ་འཐོབ་པར་འགྱུར་བ་བསྟན་དུ་གསོལ་ཞེས་བྱ་བའི་དོན་
ཏོ། །མགོན་པོ་གསུང་མཆོག་ཞུས་པ་ལུང་བསྟན་གསོལ། །ཞེས་བྱ་བ་ནི་ལུང་གི་ཚིག་ཡིན་ཏེ། ཨི་ཨ་དྷིས་ཁ་བསྐང་ནས་ལུང་བསྟན་གསོལ་ཞེས་བྱ་བའི་དོན་ཏོ། །མི་དང་ལྷས་མཆོད་པ་ཞེས་བྱ་བ་ལ་སོགས་པ་ཡང་རིང་པོར་སྦྱོར་བས་བོད་པ་སྟེ། ཇི་ལྟར་ལྷས་བྱིན་ཞེས་བྱ་བ་ལྟ་
བུའོ། །དེ་བཞིན་དུ་ཐམས་ཅད་དུ་བལྟ་བར་བྱའོ། །བདག་ལ་གཡོ་ནི་མ་མཆིས་ཏེ། ལྷག་པའི་བསམ་པས་ཞུ་བ་ལགས། །ཞེས་བྱ་བ་ལ་འགའ་ཞིག་སླུ་བའི་བསམ་པས་ཀྱང་འདྲི་བ་སྲིད་དོ་སྙམ་པའི་སོམ་ཉི་བསལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བདག་གི་དཔང་ནི་གཞན་མ་
མཆིས། །ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་མཁྱེན་ཅིང་མངོན་སུམ་དུ་གཟིགས་པའི་ཕྱིར་བཅོམ་ལྡན་འདས་ཁོ་ན་དཔང་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བསྟན་པའི་དོན་གཟུང་བའི་ཕྱིར། འདུན་དང་སྨོན་ལམ་རྒྱ་ཆེར་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། སངས་རྒྱས་ཉིད་མངོན་སུམ་དུ་བྱ་བའི་སྨོན་ལམ་དང་འདུན་པ་དང་སྤྱོད་པ་ཇི་ལྟ་བ་བཞིན་བདག་ལ་མཆིས་པ་དེང་ཁྱོད་ཀྱིས་མཁྱེན་པའོ། །ཤཱཀྱ་སེང་གེ་ཞེས་བྱ་བ་ལ། ཤཱཀྱའི་རིགས་སུ་སྐྱེ་བ་གཟུང་བ་དང་། མི་མཁྱེན་པའི་འཇིགས་པ་མི་མངའ་བས་ཤཱཀྱ་སེང་གེ་སྟེ། བདག་
ལ་བཤད་དུ་གསོལ་ཞེས་བྱ་བའོ། །བདག་ནི་ཚིག་ལ་གཙོ་བོར་འཛིན་པ་མ་ལགས་ཀྱིས། །ཞེས་བྱ་བ་ལ་བདག་ནི་ཚིག་ཙམ་གཙོ་བོར་འཛིན་པ་ཡང་མ་ལགས་ལ། སྒྲ་ཙམ་ལ་ལྷག་པར་ཆགས་པ་ཡང་མ་ལགས་ཀྱི། གཞན་དུ་ན་སྒྲུབ་པ་ཕུན་སུམ་ཚོགས་པར་བགྱིད་པས་དེའི་ཕྱིར།
Vol. 117 · folio 8a
མི་དབང་སྒྲུབ་པ་བདག་ལ་མྱུར་དུ་གསུངས། །ཞེས་བྱ་བ་བསྟན་པ་འབྲས་བུ་མེད་པ་མ་ལགས་སོ་ཞེས་བསྟན་པ་ཡིན་ནོ། །ད་ནི་མངོན་པར་འདོད་པ་ཉིད་ཞུས་པ་ནི། ཡོངས་སུ་སྡུད་པའི་ཆོས་རྣམས་གང་། །ཞེས་བྱ་བ་ལ་སོགས་པ་ལ། གང་བདག་གིས་ཆོས་རྣམས་
བསྡུས་པའི་སངས་རྒྱས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའོ། །གཅེས་སྤྲས་བགྱིད་པ་ནི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་ན་གཅེས་སྤྲས་བགྱིད་པའོ། །དེ་དག་གང་ལགས་ལུང་བསྟན་དུ་གསོལ་ཞེས་བཤད་ཟིན་ཏོ། །ཆོས་རྣམས་ཀུན་གྱི་མཐར་ཕྱིན་པ། །ཞེས་བྱ་
བ་ལ་ཆོས་རྣམས་ཀུན་གྱི་མཐར་ཐུག་པར་གྱུར་པ་དེའི་ཕྱིར་བདག་ཞུའོ་ཞེས་བྱ་བ་དང་འབྲེལ་ཏོ། །ཕན་པར་བགྱིད་པའི་ཆོས་རྣམས་བདག་ལ་གསུངས། །ཞེས་བྱ་བ་ལ། ཕན་པར་བྱེད་པར་གྱུར་པ་ཉེ་བར་མཁོ་བ་ཉིད་བདག་ལ་གསུངས་ཞེས་བྱ་བ་བསྟན་དུ་གསོལ་ཞེས་བྱ་བའོ། །ཅི་
ནས་མིས་བསྟེན་ཏེ་ངེས་པར་བསྟེན་པའི་མིའོ། །འགྱུར་ཞིང་ཞེས་པ་ནི་ཤེས་རབ་རྣོ་བར་འགྱུར་བའོ། །འདི་སྐད་བསྟན་པར་འགྱུར་ཏེ། ཆོས་གང་ལ་བསྟེན་པས་ཤེས་རབ་རྣོ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་འཛིན་པར་ནུས་པའི་ཤེས་རབ་མི་དེ་ལ་འབྱུང་བར་འགྱུར་
བའོ། །མི་བཟད་འཇིགས་དང་བྲལ་ཏེ་མི་སྐྲག་པས། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་དང་ཆོམ་རྐུན་དང་མེ་དང་མུ་གེ་ལ་སོགས་པའི་འཇིགས་པས་མི་སྐྲག་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་ལྟ་ན་ཡང་གཏོང་བར་མི་བགྱིད་པའོ། །ཇི་ལྟར་ན་གྲགས་པ་དང་ཞེ་སྡང་དང་གཏི་མུག་དང་
ཆགས་པ་དང་བྲལ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཉེས་པ་ཀུན་ཞི་ཞིང་གྲོལ་བར་འགྱུར་བའོ། །དགེ་སློང་ངམ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་སོགས་པའི་སྡོམ་པ། ཇི་ལྟར་ཚུལ་ཁྲིམས་མི་གཏོང་ཞིང་། །ཇི་ལྟར་བསམ་གཏན་འདོར་མི་འགྱུར། །ཞེས་བྱ་བས་ནི་མི་
གཏོང་བའི་རྒྱུ་ཞུས་པ་ཡིན་ནོ། །དགོན་པ་ལ་ནི་ཇི་ལྟར་བསྟན། །ཞེས་པས་ནི་སེམས་དབེན་པའི་མཚན་ཉིད་འཆད་པར་འགྱུར་རོ། །བདག་གི་ཤེས་རབ་ཇི་ལྟར་འཕེལ། །ཞེས་བྱ་བས་ནི་ཤེས་རབ་ལྷག་པར་འཕེལ་བར་འགྱུར་བའོ། །ཇི་ལྟར་མཆོག་གི་ཚུལ་ཁྲིམས་ལ་མངོན་པར་དགའ་
Vol. 117 · folio 8b
བར་འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་སྐྱོན་མེད་འགྱུར། ཇི་ལྟར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་འཇལ་བར་འགྱུར། ཇི་ལྟར་ལུས་དང་ངག་དང་ཡིད་དག་པར་འགྱུར། ཇི་ལྟར་ན་ལུས་དང་ཡིད་ཀྱི་ལས་རྣམས་དག་པར་འགྱུར། དེ་དག་ཐམས་ཅད་བདག་ལ་བསྟན་དུ་
གསོལ། །ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ། ཟླ་འོད་གཞོན་ནུར་གྱུར་པས་གང་ཞུས་པ་དེ་བསྟན་པར་བྱ་བ་རྣམས་ཉེ་བར་དམིགས་ནས་འདི་སྐད་ཅེས་བྱ་བ་ལ་
སོགས་པས་བསྟན་པའོ། །ཇི་སྐད་བསྟན་པའི་ཞུས་པ་རྣམས་ཀྱི་ལན་གདབ་པའི་ཕྱིར། ཆོས་གཅིག་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཡོན་ཏན་འདི་དག་འཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
ཞེས་བྱ་བ་ནི་མདོར་ན་དེ་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་མྱུར་དུ་མངོན་པར་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་གཅིག་པོ་གང་ཞེ་ན་ཞེས་བྱ་བ་ནི་ཆོས་དུ་མ་ཡོད་པས་གང་ཡིན་མི་ཤེས་སོ་ཞེས་ཞུས་པའོ། །གཞོན་ནུ་འདི་ཞེས་བྱ་བ་ལ་སོགས་པས་ནི་གསལ་པོར་སྟོན་
པར་མཛད་པའོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་བུ་གཅིག་པ་ལ་བརྩེ་བ་ལྟ་བུ་དང་ལྡན་པའོ། །ཕན་པའི་སེམས་དང་ཞེས་བྱ་བ་ནི་མ་འོངས་པའི་དུས་ན་ཕན་པར་འགྱུར་བའི་ཆོས་ལ་ཞུགས་པའི་ཕྱིར་རོ། །ཁོང་ཁྲོ་བ་མེད་པའི་སེམས་
ནི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའོ། །མི་མཉམ་པ་མེད་པའི་སེམས་ནི་ཆོས་ཉིད་དང་མཉམ་པ་ཉིད་དུ་ཞུགས་པའོ་ཞེས་བྱ་བ་ཁྱད་པར་རྣམ་པ་གསུམ་གྱིས་ཁྱད་པར་ཅན་དུ་གྱུར་པ་ནི་གཅིག་ཉིད་ཡིན་པས་འདི་དང་ལྡན་ན་ཡོན་ཏན་འདི་དག་ཐམས་ཅད་འཐོབ་པར་འགྱུར་ཞིང་
ཞེས་བྱ་བ་ནི་བསྟན་པ་དང་། འཆད་པར་འགྱུར་བ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་པར་འགྱུར་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དོན་དེ་དག་ཉིད་ཚིགས་སུ་བཅད་པ་རྒྱས་པར་ཟླ་འོད་གཞོན་ནུ་ལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་
Vol. 117 · folio 9a
གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །ཡང་ཞེས་བྱ་བ་ནི་ཚིག་གི་རྒྱན་ནོ། །དེའི་ཚེ་ཞེས་བྱ་བ་ནི་སྟོན་པའི་སྐབས་ལ་བབ་པའི་ཚེའོ། །ཟླ་འོད་གཞོན་ནུར་གྱུར་པས་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཟླ་བའི་འོད་ཀྱིས་ཉོན་མོངས་པ་མ་ལུས་པའི་གདུང་བ་རབ་ཏུ་ཞི་བར་
བྱེད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེའི་སྨན་གྱི་ནུས་པ་སྐྱེད་པར་བྱེད་པའི་འོད་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །སྐྱོན་ཐམས་ཅད་དང་བྲལ་བས་གཞོན་ནུར་གྱུར་པ་ཞེས་བྱ་བ་དེ་ལ་གཏད་ནས་ཚིགས་སུ་བཅད་པ་གསུངས་པ། ཆོས་གཅིག་ཡང་དག་བླངས་ནས་ནི། །
བྱང་ཆུབ་སེམས་དཔའ་གང་གནས་པ། །ཞེས་བྱ་བ་ལ་སོགས་པ་སྟེ་བཤད་ཟིན་ཏོ། །མཉམ་པའི་སེམས་ལ་བརྟེན་པ་ཡིས། རྣམ་པར་སྨིན་པ་མཉམ་པར་བསྟན། །ཞེས་བྱ་བ་ལ། སེམས་མཉམ་པ་ཉིད་དུ་ཞུགས་པ་ལ་རྣམ་པར་སྨིན་པའི་ཁྱད་པར་གྱི་ཡོན་ཏན་དེ་བཞིན་གཤེགས་
པས་བསྟན་ཞེས་བྱ་བའི་དོན་ཏེ། དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་ཡང་མཉམ་པར་འགྱུར་བའོ། །ཆོ་ག་སྤྱོད་ཡུལ་མ་ལུས་པ་མཉམ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །མཉམ་པའི་སེམས་ཀྱི་ཡོན་ཏན་བསྟན་ནས། མི་མཉམ་པ་མ་ཡིན་པའི་གསུངས་པ། མཉམ་ཞིང་མི་
མཉམ་མ་ཡིན་སེམས་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པ་ལ། ཐ་བའི་སྐྱོན་བྲལ་ནེམ་ནུར་རབ་སྤངས་ན། །ཞེས་བྱ་བ་ལ། ཐ་བ་དང་འདྲ་བར་ཡོན་ཏན་གྱི་ལོ་ཏོག་སྐྱེ་བ་དང་བྲལ་བའི་སྐྱོན་ཏེ། འདོད་ཆགས་ལ་སོགས་པ་དང་བྲལ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་། ཆོས་
རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ནེམ་ནུར་རབ་ཏུ་སྤངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྐང་ལག་མཐིལ་ཡང་མཉམ་པ་ནི་སྔ་མ་བཞིན་ནོ། །མཆོག་ཏུ་འོད་གསལ་དག་པ་ནི་གསེར་གྱི་མདོག་ཉིད་དོ། །བལྟ་ན་སྡུག་པ་ནི་ཀུན་ནས་སོ། །ཕྱོགས་བཅུར་ལྷང་ངེར་སྣང་བ་ནི་ཕྱོགས་
བཅུ་རྣམས་སུ་བྱང་ཆུབ་སེམས་དཔའ་ལྷང་ངེར་སྣང་བའོ། །སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འོད་འཕྲོ་ཞིང་ཁྱབ་པར་བྱེད་དེ། གཟི་བརྗིད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་ནས་གདུལ་བའི་ཕྱིར་རོ། །ནམ་དེས་ཞི་བའི་ས་ནི་ཐོབ་པའི་ཚེ། །ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དང་བྲལ་
Vol. 117 · folio 9b
བའི་དེ་ཁོ་ན་ཉིད་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་གང་ཡིན་པ་དེ་ནི་ཞི་བའི་ས་ཞེས་བྱ་སྟེ། ས་དེ་ཐོབ་པ་ནི་བརྙེས་པའོ། །སངས་རྒྱས་མཁྱེན་ལ་སེམས་ཅན་མང་པོ་དགོང། །ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་བྱ་བ་ཐ་དད་པ་རྣམས་སངས་རྒྱས་མཁྱེན་པ་སྟེ། རྣམ་པ་
ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལའོ། །དགོད་ཅེས་བྱ་བ་ནི་རབ་ཏུ་དགོད་པར་བྱ་བ་སྟེ། དེའི་ཚེ་ནུས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞོན་ནུ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་སྔར་གསུངས་པའི་རྗེས་སུ་བསྟན་པས་འབྲས་བུ་གསུང་པ་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་
པ་ཉིད་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་མདོར་བསྡུ་ན་འདུས་བྱས་དང་འདུས་མ་བྱས་སོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པ་ནི་འདི་དག་གི་ཁོངས་སུ་གཏོགས་པ་ཡིན་ནོ། །ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱང་
ཡིན་པས་ཆོས་ཐམས་ཅད་དོ། །དེ་དག་གི་ངོ་བོ་རང་གི་ངོ་བོ་སྟེ། དེ་བཞིན་ཉིད་ཀྱི་ངོ་བོ་མཉམ་པ་ཉིད་ཀྱི་ངོ་བོ་ནི་མཉམ་པ་ཉིད་དོ། །རྣམ་པར་སྤྲོས་པ་ནི་ལུས་ཀྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གང་བཤད་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་
སྤྲོས་པའི་ཏིང་ངེ་འཛིན་ཏོ། །ཡང་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ནི་སྔ་མ་བཞིན་ནོ། །དེ་ནི་སྤྲོས་པ་དང་། གཞན་དུ་བྱ་བ་དང་། ཐ་དད་དུ་དབྱེ་བ་དང་། དུམ་བུར་བྱ་བར་མི་ནུས་པ་ཡིན་ཏེ། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ལ་དབྱེ་བ་མེད་པའི་ཕྱིར་
རོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཞེས་བཤད་པར་བྱའོ། །དང་པོའི་བཤད་པ་ཉིད་དང་སྦྱར་བའི་ཕྱིར། གཞོན་ནུ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ་འདི་ལྟ་སྟེ་ལུས་ཀྱི་སྡོམ་པ་དང་
ཞེས་བྱ་བ་ལ་སོགས་པ་བརྒྱ་ཕྲག་གསུམ་གྱིས་ནི་མདོར་བསྟན་པ་ཡིན་ལ། རྒྱས་པར་ནི་བཅོམ་ལྡན་འདས་ཉིད་ཀྱིས་འོག་ནས་ངེས་པར་སྟོན་པར་འགྱུར་རོ། །དེ་ལྟར་ན་ཡང་ཅུང་ཟད་ཙམ་དགྲོལ་བར་བྱའོ། །དེ་ལ་ལུས་ཀྱི་སྡོམ་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་
Vol. 117 · folio 10a
ལོག་པར་སྤྱོད་པ་སྤངས་པའི་འཁོར་གསུམ་ཡོངས་སུ་དག་པའོ། །ངག་གི་སྡོམ་པ་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་པ་སྤངས་པའོ། །ཡིད་ཀྱི་སྡོམ་པ་ནི། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་པའི་
འཁོར་གསུམ་ཡོངས་སུ་དག་པའོ། །ལས་ཡོངས་སུ་དག་པ་ནི་རྨི་ལམ་ལྟ་བུའི་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པར་ཐམས་ཅད་དུ་འཇུག་པའོ། །དམིགས་པ་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ནི་སེམས་ཙམ་སྒྱུ་མ་ལྟ་བུར་རྟོགས་པས་ཕྱི་དང་ནང་གི་གཟུང་བ་དང་འཛིན་པ་རྗེས་སུ་
མི་དམིགས་པའོ། །ཕུང་པོ་ཡོངས་སུ་ཤེས་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དབུ་བ་གོང་བུ་དང་། ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་གི་སྡོང་པོ་དང་། སྒྱུ་མ་ལྟ་བུ་ཉིད་དུ་ཡོངས་སུ་ཤེས་པའོ། །ཁམས་མཉམ་
པ་ཉིད་ཅེས་བྱ་བ་ནི། ཁམས་བཅོ་བརྒྱད་པོ་རྣམས་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དོ། །སྐྱེ་མཆེད་སེལ་བ་དང་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་པོ་རྣམས་གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པ་ཉིད་དུ་ཁོང་དུ་ཆུད་པའོ། །སྲིད་པ་སྤོང་བ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་
ཉིད་ལ་དམིགས་པ་ནི་རྗེས་སུ་མི་དམིགས་པའོ། །མི་སྐྱེ་བ་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་རང་དང་གཞན་དང་གཉི་ག་ཉིད་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་གདོད་ནས་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོང་དུ་ཆུད་པའོ། །བྱེད་པ་ལ་འཇུག་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་
ཀྱང་སེམས་ཅན་གྱི་དོན་བྱ་བ་མི་སྤོང་བར་བརྩོན་འགྲུས་བརྩམས་པས་འཇུག་པའོ། །རྒྱུ་གསལ་བར་བྱེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་རིག་ནས་བྲག་ཅ་ལྟ་བུའི་སྒྲས་བྱང་ཆུབ་ཀྱི་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟོན་པའོ། །ལས་ཀྱི་འབྲས་བུ་ཆུད་མི་གསོན་
པ་ཞེས་བྱ་བ་ནི་རྨི་ལམ་དང་འདྲ་བའི་ལས་རྣམས་ལས་འབྲས་བུ་ཡང་རྨི་ལམ་དང་འདྲ་བ་སོ་སོར་ངེས་པ་ཉིད་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཆོས་མཐོང་བ་ཞེས་བྱ་བ་ནི་ཆོས་རྣམས་མཐོང་བ་མེད་པ་ཉིད་ནི་དོན་དམ་པར་ཆོས་ཉིད་མཐོང་བ་ཡིན་
Vol. 117 · folio 10b
པས་ཆོས་མཐོང་བ་ཞེས་བྱའོ། །ལམ་བསྒོམ་པ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་མི་དམིགས་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པར་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་བསྒོམ་པ་རྗེས་སུ་མི་དམིགས་པར་སྒོམ་པ་ནི་ལམ་བསྒོམ་པའོ། །དེ་བཞིན་གཤེགས་པ་ལ་
བརྟེན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་བསླབ་པ་ཡོངས་སུ་སྐྱོང་བ་དང་། ཆོས་ཉིད་ལ་ནན་ཏན་བྱས་པས་སངས་རྒྱས་ལ་བརྟེན་པར་འགྱུར་རོ། །ཤེས་རབ་རྣོ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཆོས་ཉིད་ཟབ་མོ་ལ་བཟོད་པ་སོ་སོར་རྟོག་
པས་སངས་རྒྱས་ཉིད་མངོན་སུམ་དུ་བྱེད་པའི་ཤེས་རབ་ནི་རྣོ་བ་ཉིད་དོ། །སེམས་ཅན་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་བ་དང་དབང་པོ་མཆོག་དང་མཆོག་མ་ཡིན་པ་ལ་འཇུག་པའི་ཡེ་ཤེས་སོ། །ཆོས་ཤེས་པ་ཞེས་བྱ་བ་ནི་
ཆོས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ངོ་བོར་ཡོངས་སུ་ཤེས་པས་རྗེས་སུ་མི་དམིགས་པའི་སྦྱོར་བས་ཆོས་ཐམས་ཅད་མཐོང་བ་ནི་ཆོས་མཐོང་བའོ། །སོ་སོར་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ལ་
སེམས་ཅན་རྣམས་ཆོས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་ནན་ཏན་བྱེད་ཅིང་འཛུད་པ་དང་། བདག་ཉིད་ཀྱང་དེ་བཞིན་དུ་ནན་ཏན་གྱིས་ཡང་དག་པར་སྒྲུབ་པ་ནི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པའོ། །ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་ཤེས་པ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་ཡི་གེ་རྣམས་
གདོད་ནས་མ་སྐྱེས་པ་ལ་སོགས་པར་རབ་ཏུ་འབྱེད་པ་ནི་ཡི་གེའི་རབ་ཏུ་དབྱེ་བའོ། །ཚིག་རབ་ཏུ་འབྱེད་པ་ནི་སུ་པ་དང་དན་ཏའི་དབྱེ་བས་མིང་གི་ཚོགས་དང་ཚིག་གི་ཚོགས་དང་། ཡི་གེའི་ཚོགས། ཕོ་དང་མོ་དང་མ་ནིང་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབྱེ་བས་ཐ་དད་པའི་རྣམ་གྲངས་
དུ་མར་ཡོངས་སུ་ཤེས་པའོ། །ཆོས་ཉིད་མི་འགྱུར་ཞིང་མི་ཟད་པ་དེ་ནི་ཚིག་རབ་ཏུ་གནས་པར་གྱུར་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་པར་འབྱེད་པས་རབ་ཏུ་དབྱེ་བའི་ཡེ་ཤེས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དངོས་པོ་རྣམས་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ནི་
Vol. 117 · folio 11a
མུ་སྟེགས་ལ་སོགས་པས་ཡོངས་སུ་བརྟགས་པ་རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང་བདག་ལ་སོགས་པའི་རྫས་མ་ལུས་པ་སྒྲོ་བཏགས་པ་ཙམ་དུ་ཤེས་ནས་མི་ཞེན་པར་ཡོངས་སུ་གཏང་བ་ནི་དངོས་པོ་ལས་ཡང་དག་པར་འདའ་བའོ། །སྒྲ་ཡོངས་སུ་ཤེས་པ་ཞེས་བྱ་བ་
ནི་བྲག་ཅ་ལྟ་བུ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་ཡོངས་སུ་མ་གྲུབ་པར་ཤེས་པ་ནི་སྒྲ་ཡོངས་སུ་ཤེས་པའོ། །དགའ་བ་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཇི་ལྟ་བ་ཁོང་དུ་ཆུད་པས་དགའ་བ་དང་ཡིད་བདེ་བས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉམས་སུ་མྱོང་
བ་ནི་དགའ་བ་རབ་ཏུ་ཐོབ་ཅེས་བྱའོ། །ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོར་ཕན་ཡོན་མཐོང་བའི་ཆོས་རྣམས་ལ་ཇི་ལྟ་བ་བཞིན་བསླབས་ཤིང་ནན་ཏན་བྱས་པའི་དགའ་བས་ཐམས་ཅད་དུ་ཆོས་ཀྱི་དགའ་བ་དང་མི་འབྲལ་བ་ནི་ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་ཞེས་
བྱའོ། །དྲང་བ་དང་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ལམ་གྱི་བདེ་བ་རབ་ཏུ་རྟོགས་ནས་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་གྱི། ཉན་ཐོས་ལ་སོགས་པའི་ལམ་གྱིས་ནི་མ་ཡིན་ཏེ། སངས་རྒྱས་ཉིད་ཐོབ་པར་བྱ་བ་ལ་ཉན་ཐོས་ལ་སོགས་པའི་ལམ་ནི་དྲང་པོ་མ་ཡིན་པའི་ཕྱིར་རོ། །དེས་ན་དྲང་པོ་ཉིད་
ཀྱི་ངོ་བོ་ནི་དྲང་པོའོ། །ཤུགས་དྲང་བ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་ལ་གཡོ་བ་མེད་པས་རྟོག་པ་མེད་པའི་སྤྱོད་ལམ་ཉིད་ལས་སྤྱོད་ལམ་ལ་འཁྱོགས་པ་མེད་པ་ནི་ཤུགས་དྲང་བ་ཞེས་བྱའོ། །ཁྲོ་གཉེར་དང་བྲལ་བ་དང་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རབ་ཏུ་སྤངས་
པས། ཞེ་སྡང་གི་ཆ་ལ་གདགས་པའི་ཁྲོ་བ་ལས་ཀུན་ཏུ་བྱུང་བའི་སྨིན་མའི་བར་ན་རི་མོ་ཡོན་པོ་མེད་པ་ནི་ཁྲོ་གཉེར་དང་བྲལ་བ་ཞེས་བྱའོ། །དེས་པ་ཞེས་བྱ་བ་ལ། དེས་པ་ཉིད་ནི་དེས་པ་སྟེ་བཤེས་གཉེན་དུ་གྱུར་པ་ཉིད་ཀྱིས་ཞེ་སྡང་དང་བྲལ་བའི་ཕྱིར་འགྲོགས་ན་བདེ་བ་ནི་དེས་པ་ཞེས་
བྱའོ། །འཇམ་པ་ཞེས་བྱ་བ་ནི་མངར་བ་དང་། གྱ་ནོམ་པ་དང་། ཞིམ་པ་དང་། གཞན་ལ་ཕན་པའི་དངོས་པོ་དང་། སེམས་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཉིད་ནི་འཇམ་པ་ཞེས་བྱ་བའོ། །བཞིན་འཛུམ་པ་དང་གསོང་པོར་སྨྲ་བ་ཞེས་བྱ་བ་ལ། གདོང་གི་པདྨ་
Vol. 117 · folio 11b
རྒྱས་པར་བྱས་ཤིང་མཛེས་པས་དང་པོ་ཉིད་དུ་ཚུར་སྤྱོན། བདེ་བར་བྱོན་ནམ་ཞེས་ཕེབས་པར་སྨྲ་བ་ནི་བཞིན་འཛུམ་པ་དང་། གསོང་པོར་སྨྲ་བ་ཞེས་བྱའོ། །བླ་མ་ལ་གུས་པ་ཞེས་བྱ་བ་ནི་བླ་མ་དང་ཉེ་བ་ན་འཇིགས་པ་དང་བཅས་པ་དང་། གུས་པ་དང་བཅས་པས་དགེ་བའི་བཤེས་གཉེན་
གྱི་འདུ་ཤེས་ཀྱིས་དུས་ཐམས་ཅད་དུ་རྗེས་སུ་འཇུག་པ་ནི་བླ་མ་ལ་གུས་པ་ཞེས་བྱའོ། །བླ་མ་ལ་སྲི་ཞུ་ཆེ་བ་ཞེས་བྱ་བ་ནི་དམ་པའི་ཆོས་ཉན་པར་འདོད་པས་བླ་མ་དང་ཉེ་བར་ཕྱིན་ནས་ཉེ་བར་བལྟ་བ་དང་། ཡོངས་སུ་སྤྱོད་པ་ལ་ལེ་ལོ་མེད་པར་ཐམས་ཅད་དུ་འཇུག་པ་ནི་བླ་མ་ལ་སྲི་ཞུ་ཆེ་
བ་ཞེས་བྱའོ། །སྐྱེ་བས་ཆོག་ཤེས་པ་ཞེས་བྱ་བ་ནི་སྐྱེ་བ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་རིག་པའི་ཕྱིར་མངོན་པར་མ་ཞེན་ཅིང་། དོན་དུ་མི་གཉེར་ལ་རོ་མི་མྱང་བ་ཉིད་དུ་སེམས་ཅན་གྱི་དོན་ཆེད་དུ་བྱེད་པས་འདོར་བར་ཡང་མི་བྱེད་པ་ནི་སྐྱེ་བས་ཆོག་ཤེས་པ་ཞེས་བྱའོ། །ཆོས་དཀར་པོས་
མི་ངོམས་པ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཆོས་རྣམས་ཉན་པ་དང་། སེམས་པ་དང་སྒོམ་པས་ཡོངས་སུ་མི་སྐྱོ་བ་དང་། དཀར་པོའི་ཆོས་རྣམས་གོང་ནས་གོང་དུ་བསྟེན་པ་དང་། དགེ་བ་གང་ཡིན་ཞེས་ཚོལ་བ་ནི་ཆོས་དཀར་པོས་མི་ངོམས་པ་ཞེས་བྱའོ། །འཚོ་བ་རྣམ་
པར་དག་པ་ཞེས་བྱ་བ་ནི་རིགས་པས་རྙེད་པས་ཆོག་ཤེས་ཤིང་། རྙེད་པའི་ཆེད་དུ་སྤྱོད་ལམ་བསྲུངས་ནས་སྙན་པར་སྨྲ་བ་ལ་སོགས་པ་ཡོངས་སུ་སྤོང་བའི་ལོག་པའི་འཚོ་བ་ཡོངས་སུ་སྤངས་པ་ནི་འཚོ་བ་རྣམ་པར་དག་པའོ། །དགོན་པ་ལ་གནས་པ་མི་གཏོང་བ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་
རྒྱས་ཀྱི་སེམས་དང་བྲལ་བའི་སེམས་ཡོངས་སུ་མི་གཏོང་བ་དང་། ཡི་དམ་དུ་བླངས་པ་མི་སྤོང་བ་དང་། ཆོས་དབེན་པ་ལ་མངོན་པར་དགའ་བ་དང་། བསམ་གཏན་ལ་རྩེ་གཅིག་པ་ནི་དགོན་པ་ལ་གནས་པ་མི་གཏོང་བ་ཞེས་བྱའོ། །ས་རྣམ་པར་གཞག་པ་ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ས་དཀར་པོ་
རྣམ་པར་མཐོང་བ་ལ་སོགས་པ་བརྒྱད། རང་སངས་རྒྱས་ཀྱི་ས་དང་དགུ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་དུ་བཅུའོ། །དེ་དག་གི་རྣམ་པར་གཞག་པ་ནི་ས་གང་དག་ལ་དུས་ཇི་སྲིད་དུ་གནས་ནས་ཡོན་ཏན་ཇི་སྙེད་ཡོད་པ་ཇི་ལྟ་བ་བཞིན་དུ་ཤེས་པས་རྣམ་པ་ཐམས་
Vol. 117 · folio 12a
ཅད་ཤེས་པ་ནི་ས་རྣམ་པར་གཞག་པ་ཤེས་པ་ཞེས་བྱའོ། །དྲན་པ་ཆུད་མི་གསོན་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ལ་སོགས་པ་ཡོངས་སུ་མི་མཉམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དྲན་པ་མི་ཉམས་པའོ། །ཕུང་པོ་ལ་མཁས་པ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་རྟོགས་པ་དང་། ངོ་བོ་མེད་པར་རྟོགས་
པ་ལ་མཁས་པ་ནི་ཕུང་པོ་ལ་མཁས་པ་ཞེས་བྱའོ། །མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་འཇུག་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་མངོན་སུམ་དུ་བྱས་ནས་མངོན་པར་ཤེས་པ་ལྔ་ངེས་པར་སྒྲུབ་པའོ། །དེ་ལས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་དག་པར་བསྟན་པས་སེམས་ཅན་དབང་དུ་བྱས་
པ་ནི་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་འཇུག་པའོ། །ཉོན་མོངས་པ་སེལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུན་ཆགས་པ་དང་། སྡང་བ་དང་རྟག་པར་ལྟ་བ་བྱུང་བའི་གཉེན་པོ་སྒོམ་པ་ནི་ཉོན་མོངས་པ་སེལ་བ་ཞེས་བྱའོ། །བག་ཆགས་ཀྱིས་མཚམས་སྦྱོར་བ་ཡང་དག་
པར་འཇོམས་པ་ཞེས་བྱ་བ་ནི་སྔོན་གྱི་སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱི་བག་ཆགས་རྩ་བ་ནས་སྤངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་ནི་བག་ཆགས་ཀྱིས་མཚམས་སྦྱོར་བ་ཡང་དག་པར་
འཇོམས་པ་ཞེས་བྱའོ། །ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ངེས་པར་སྒྲུབ་པ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱའོ། །བསྒོམས་པའི་རྒྱུ་མཐུན་པ་ཞེས་བྱ་
བ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམས་པའི་སྟོབས་ཀྱིས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་ནི་བསྒོམས་པའི་རྒྱུ་མཐུན་པ་ཞེས་བྱའོ། །ཉེས་པ་ལས་འབྱུང་བ་ལ་མཁས་པ་ཞེས་བྱ་བ་ལ། སོ་སོར་ཐར་པའི་འདུལ་བ་ལས་བསྟན་པའི་བསླབ་པའི་གནས་ཀྱི་བྱེ་བྲག་ལས་འདས་པ་རྣམས་
Vol. 117 · folio 12b
ལས་ལྡང་བར་བྱ་བ་ལ་མཁས་པ་ནི་ཉེས་པ་ལས་འབྱུང་བ་ལ་མཁས་པ་ཞེས་བྱའོ། །ཀུན་ནས་ལྡང་བ་གནོན་པ་ཞེས་བྱ་བ་ནི་མི་དགེ་བ་སྔོན་བྱས་པའི་ཉེས་པ་འཆགས་ཤིང་ཡང་མི་བྱེད་པའི་སྡོམ་པ་ཡང་དག་པར་ལེན་པ་དང་། གཉེན་པོའི་ཕྱོགས་སྒོམ་པ་ནི་ཀུན་ནས་ལྡང་བ་གནོན་པ་ཞེས་བྱའོ། །བག་
ལ་ཉལ་སྤོང་བ་ཞེས་བྱ་བ་ནི་ཁམས་གསུམ་གྱི་སྐྱེ་བ་ལ་སྲེད་ཅིང་དགའ་བའི་འཁྲི་ཤིང་རྒྱས་པ་རྩ་བ་ནས་གཅོད་ཅིང་སེལ་བ་དང་། ཆོས་ཐམས་ཅད་ལ་སྲེད་པ་རབ་ཏུ་སྤངས་པ་ནི་བག་ལ་ཉལ་སྤངས་པའོ། །སྲིད་པ་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ནི་སྲིད་པའི་རྒྱུ་མ་རིག་པ་དང་སྲིད་པ་ཡང་
དག་པར་སྤངས་པ་དང་། ཁམས་གསུམ་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་འདས་པ་ནི་སྲིད་པ་ལས་ཡང་དག་པར་འདའ་བ་ཞེས་བྱའོ། །སྐྱེ་བ་དྲན་པ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་སྟོབས་ཀྱིས་སྐྱེ་བ་བརྒྱུད་པ་དཔག་ཏུ་མེད་པ་མངོན་པར་དྲན་པ་ནི་སྐྱེ་བ་དྲན་པ་
ཞེས་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཐའ་གཉིས་དང་བྲལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཁོང་དུ་ཆུད་པས་ལས་དང་རྣམ་པར་སྨིན་པ་ལ་ཐེ་ཚོམ་མེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་ཞེས་བྱའོ། །ཆོས་སེམས་པ་ཞེས་
བྱ་བ་ནི་ཆོས་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་དེ་བཞིན་དུ་གནས་པ་ཡིན་པས་ཆོས་ཞེས་བྱ་བའི་སྒྲས་ཆོས་ཉིད་བསྟན་ལ། དེ་ལ་སེམས་པ་དང་སྒོམ་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་
རྟོག་པ་ནི་ཆོས་སེམས་པ་ཞེས་བྱའོ། །ཐོས་པ་ཚོལ་བ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱ་ཆེར་སྟོན་པའི་ཁྱད་པར་རྟོགས་པ་ཚོལ་ཞིང་། སྡེ་སྣོད་གསུམ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཤིན་ཏུ་རྒྱས་པ་རྨད་ག་ཅད་ཉན་ཞིང་དོན་གྱི་ཁྱད་པར་ཚོལ་བ་
ནི་ཐོས་པ་ཚོལ་བ་ཞེས་བྱའོ། །ཡེ་ཤེས་རྣོ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་རྣོ་བ་ཞེས་བྱའོ། །ཡེ་ཤེས་ལ་སྲེད་པ་ཞེས་བྱ་བ་ནི་གོང་མ་གོང་མའི་ཡེ་ཤེས་ཀྱི་ས་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་
Vol. 117 · folio 13a
ཚོལ་བ་ནི་ཡེ་ཤེས་ལ་སྲེད་པ་ཞེས་བྱའོ། །ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་མཛད་པའི་ཡེ་ཤེས་དང་། དེ་སྐྱེད་པར་བྱེད་པའི་ལམ་གྱི་ཡེ་ཤེས་རྟོགས་པས་རྒྱུ་དང་འབྲས་བུའི་ཡེ་ཤེས་རྟོགས་པ་ནི་ཡེ་ཤེས་རྗེས་སུ་
རྟོགས་པ་ཞེས་བྱའོ། །ཅང་ཤེས་ཀྱི་ས་དང་ཞེས་བྱ་བ་ལ། ཅང་ཤེས་ནི་ལྔ་སྟེ། གླང་པོ་ཆེ་དང་། རྟ་དང་། གླང་དང་། སེང་གེ་དང་། ཉན་ཐོས་རྣམས་ཏེ། འཇིགས་པ་དང་བྲལ་བ་ཉིད་དང་། དུལ་བ་ཉིད་ཀྱིས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཅང་ཤེས་ཆེན་པོ་སྟེ། ལམ་དྲང་པོ་ནས་
འགྲོ་བ་ཉིད་ཀྱི་ཕྱིར་དང་། འཇིགས་པ་ཐམས་ཅད་ཡང་དག་པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་ས་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུའོ། །དེ་དག་ལ་བསླབས་པས་ཡོན་ཏན་ཐམས་ཅད་ངེས་པར་སྐྱེད་པར་བྱེད་པས་ས་སྟེ། ཅང་ཤེས་ཀྱི་ས་ཞེས་བྱའོ། །སེམས་རི་ལྟ་བུ་ཞེས་བྱ་བ་ལ། བདུད་
དང་མུ་སྟེགས་པ་ཐམས་ཅད་ཀྱི་མི་བསྐྱོད་པ་དང་། བྱང་ཆུབ་ཆེན་པོར་སེམས་བརྟན་པ་རིའི་རྒྱལ་པོ་རི་རབ་ལྟར་མི་གཡོ་བར་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་ཀྱང་ལྷའི་བུའི་བདུད་ལ་སོགས་པ་བདུད་བཞིས་མངོན་པར་མི་གཡོ་བའི་ཐུགས་དེའི་ངོ་བོ་ནི་སེམས་རི་རབ་ལྟ་བུ་ཞེས་བྱའོ། །མི་བསྒུལ་བ་ཞེས་བྱ་བ་ནི་ཉོན་
མོངས་པའི་རླུང་ཐམས་ཅད་ཀྱིས་ཡང་དག་པར་མི་འཕྲོགས་པས་མི་བསྒུལ་བ་ཞེས་བྱའོ། །མི་གཡོ་བ་ཞེས་བྱ་བ་ལ། ཕྱི་དང་ནང་གི་མཚན་མ་རྣམས་ཡིད་ལ་མི་བྱེད་པས། རྗེས་སུ་མི་དམིགས་པ་ནི་མི་གཡོ་བའོ། །ཕྱིར་མི་ལྡོག་པའི་མཚན་ཉིད་ཅེས་བྱ་བ་ནི་གང་གིས་ཕྱིར་མི་ལྡོག་པར་མཚོན་པའི་
ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་དང་། བསྙེན་བཀུར་བྱས་པ་དང་། དེས་གསུངས་པའི་ཆོས་ཐོས་པ་དང་། བསྒོམ་པ་དང་མི་འབྲལ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་ཅེས་བྱའོ། །དཀར་པོའི་ཆོས་
མངོན་པར་རྫོགས་པར་འབྱོར་པ་ཞེས་བྱ་བ་ལ་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཅིང་། དཀར་པོའི་ཆོས་མངོན་པར་རྫོགས་པར་འབྱོར་པ་ཞེས་བྱའོ། །སྡིག་པའི་ཆོས་ལ་སྨོད་པ་ཞེས་བྱ་བ་ནི་སྡིག་པའི་ཆོས་ཀྱི་རྣམ་པར་
Vol. 117 · folio 13b
སྨིན་པ་ཡོངས་སུ་ཤེས་པས་དང་པོ་ནས་ཀྱང་སྡིག་པའི་ལས་མི་བྱེད་ལ། བྱས་པ་རྣམས་ཀྱང་འཆགས་ཤིང་ཕྱིན་ཆད་ཀྱང་མི་བྱེད་པར་ཡང་དག་པར་སྡོམ་པ་ནི་སྡིག་པའི་ཆོས་ལ་སྨོད་པ་ཞེས་བྱ་བའོ། །ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་མེད་པ་ཞེས་བྱ་བ་ལ་མ་རིག་པ་དང་སྲེད་པ་དང་འདོད་ཆགས་
དང་ཞེ་སྡང་དང་གཏི་མུག་རྣམས་མི་སྐྱེད་པ་དང་། ཡིད་ལ་མི་བྱེད་པ་ནི་ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་མེད་པ་ཞེས་བྱའོ། །བསླབ་པ་ཡོངས་སུ་མི་གཏོང་བ་ཞེས་བྱ་བ་ནི་ལས་དང་འབྲས་བུ་ངེས་པར་འབྲེལ་པར་རྟོགས་པས་བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་པ་བསྟན་པ་དང་། དེ་
བཞིན་གཤེགས་པ་ལ་གུས་པ་ནི་བསླབ་པ་ཡོངས་སུ་མི་གཏོང་བ་ཞེས་བྱའོ། །ཏིང་ངེ་འཛིན་ལ་རྣམ་པར་འཇོག་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་ཞིང་འགག་པའི་ངོ་བོ་ལ་རྟོགས་པ་ལ་མཁས་པ་དང་མ་ཚང་བ་མེད་པའི་ཏིང་ངེ་འཛིན་རྣམས་ལ་སེམས་རྩེ་གཅིག་
པ་ནི་ཏིང་ངེ་འཛིན་ལ་རྣམ་པར་འཇོག་པ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པ་ཞེས་བྱ་བ་ནི་དམན་པ་དང་འབྲིང་དང་མཆོག་གི་དབང་པོའི་དབྱེ་བ་ཐ་དད་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཤེས་ནས་དེ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པའི་ཕྱིར། དབང་པོ་མཆོག་དང་མཆོག་མ་ཡིན་པ་
མཁྱེན་པ་ནི་སེམས་ཅན་གྱི་བསམ་པ་ཤེས་པ་ཞེས་བྱའོ། །སྐྱེ་བའི་ཁྱད་པར་ཤེས་པ་ཞེས་བྱ་བ་ནི་འགྲོ་བ་རིགས་ལྔ་རྣམས་ཀྱི་འཁོར་བར་གང་དུ་སྐྱེས་ན་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེར་བྱང་ཆུབ་སེམས་དཔའ་རྣམས་བསམས་བཞིན་དུ་སྐྱེ་བ་ལེན་པའི་ཤེས་པ་ནི་སྐྱེ་བའི་ཁྱད་པར་ཤེས་པ་ཞེས་
བྱའོ། །ཤེས་པ་མཐའ་ཡས་པ་ཤེས་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་གནས་དང་། བཟོའི་གནས་ཤེས་པ་དེའི་ཁྱད་པར་ཉིད་དབྱེ་བ་དཔག་ཏུ་མེད་པ་ཤེས་པ་ནི་ཤེས་པ་མཐའ་ཡས་པ་ཤེས་པ་ཞེས་བྱའོ། །ཚིག་གི་དགོངས་པ་ཤེས་པ་ཞེས་བྱ་བ་ལ། སེམས་ཅན་
གྱི་བསམ་པ་ལ་དགོངས་པ་དང་། བསྟན་པ་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པའོ། །དེ་དང་དེ་ལ་དགོངས་ནས་བསྟན་པའི་དགོངས་པ་ཅན་གྱི་ཚིག་དེ་དང་དེ་རྟོགས་པའི་ཤེས་པ་ནི་ཚིག་གི་དགོངས་པ་ཤེས་པ་ཞེས་བྱའོ། །ཁྱིམ་ན་གནས་པ་ཡོངས་
Vol. 117 · folio 14a
སུ་གཏང་བ་ཞེས་བྱ་བ་ལ་ལུས་དང་ངག་དང་སེམས་དབེན་པ་དང་། ཆགས་པ་ཐམས་ཅད་ཡོངས་སུ་སྤངས་ནས་རབ་ཏུ་བྱུང་ནས་ངེས་པར་འབྱུང་བའི་སེམས་ནི་ཁྱིམ་ན་གནས་པ་ཡོངས་སུ་གཏང་བ་ཞེས་བྱའོ། །ཁམས་གསུམ་ལ་མངོན་པར་མི་དགའ་བ་ཞེས་བྱ་བ་ལ།
ཁམས་གསུམ་གྱི་རང་གི་ངོ་བོ་རྟོག་པས་མངོན་པར་ཞེན་པ་མེད་པ་དང་། མི་དམིགས་པའི་སྦྱོར་བས་ཁམས་གསུམ་ལ་མངོན་པར་མི་དགའ་བ་ཞེས་བྱའོ། །སེམས་ཞུམ་པ་མེད་པ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་རྒྱུར་གྱུར་པ་བྱང་ཆུབ་ཀྱི་སེམས་
མི་གཏོང་བ་དང་། རྟག་ཏུ་ཡང་དག་པར་བླངས་པ་མི་གཏོང་བའི་སེམས་ནི་སེམས་ཞུམ་པ་མེད་པ་ཞེས་བྱའོ། །ཆོས་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་འཇུག་པ་ནི་ཆོས་ལ་མངོན་པར་ཞེན་པ་མེད་
པ་ཞེས་བྱའོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་མི་གཏོང་བའི་སེམས་ཀྱིས་ཡང་དག་པར་ལེན་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །ཆོས་སྲུང་བ་ཞེས་བྱ་བ་ལ། དམ་པའི་ཆོས་སུན་འབྱིན་པ་རྣམས་དང་། གཞན་
གྱི་ཕྱོགས་ངན་པར་སྨྲ་བ་རྣམས་རིགས་པས་ཚར་བཅད་ནས་རང་གི་ཕྱོགས་སུ་འཇོག་པ་ནི་ཆོས་སྲུང་བ་ཞེས་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཞེས་བྱ་བ་ནི་རང་དང་གཞན་ལ་ངོ་ཚ་བས་སྡིག་པའི་ལས་སྤོང་ཞིང་མི་དགེ་བས་དམྱལ་བ་ལ་སོགས་པར་འགྲོ་བ་ཡིད་ཆེས་ཤིང་། དགེ་བས་ལྷ་དང་
མིར་སྐྱེ་བར་ཡིད་ཆེས་པས་དེའི་ཕྱིར་རྟག་ཏུ་ཆོས་ཚོལ་བ་ལ་མངོན་པར་སྦྱོར་བ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཞེས་བྱའོ། །འདུལ་བ་ལ་མཁས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མི་འབྱུང་བ་དང་། ལྟུང་བའི་ཁྱད་པར་དགེ་འདུན་གྱི་ལྷག་མ་ལ་སོགས་པ་སྦོམ་པོའི་གནས་རྟོགས་
པ་ནི་འདུལ་བ་ལ་མཁས་པ་ཞེས་བྱའོ། །རྩོད་པའི་གཞི་ཞི་བར་བྱེད་པ་ཞེས་བྱ་བ་ནི་ཚོགས་ཀྱི་ནང་ན་གནས་ན་ནི་ངེས་པར་རྩོད་པ་འབྱུང་བར་འགྱུར་བ་ནི་རྩོད་པའི་གཞི་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཚོགས་དང་འདུ་འཛི་རྣམ་པར་སྤངས་པ་ནི་རྩོད་པའི་གཞི་ཞི་བར་བྱེད་པ་ཞེས་བྱའོ། །འགྱེད་པ་མེད་
Vol. 117 · folio 14b
པ་ཞེས་བྱ་བ་ལ། འཇིག་རྟེན་པའི་འགྱེད་པའི་གཞི་ལས་བྱུང་བའི་རྣམ་པར་སྤྲོས་པ་སྤོང་ཞིང་འགྱེད་པ་མེད་པ་ནི་མི་རྩོད་པ་སྟེ་དགེ་སྦྱོང་གི་ཆོས་འགྱེད་པ་མེད་པ་ཞེས་བྱའོ། །བཟོད་པའི་ས་ཞེས་བྱ་བ་ནི་ལུས་དང་སེམས་ལ་གནོད་པ་ཆོས་ཉིད་ཀྱི་སྟོབས་ཀྱིས་བཟོད་པ་ནི་བཟོད་པའི་ས་ཞེས་བྱའོ། །བཟོད་
པ་ཡང་དག་པར་འཛིན་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་དུ་ལེན་པ་དང་། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་བླངས་ནས་རྟག་ཏུ་གོམས་པར་བྱེད་པ་དང་། གཞན་ངན་དུ་སྨྲ་བ་དང་། རིང་ནས་འོངས་པའི་ཚིག་གི་ལམ་རྣམས་བཏང་སྙོམས་སུ་བྱས་ནས་བཟོད་པ་མ་རལ་བར་བྱེད་པ་
ནི་བཟོད་པ་ཡང་དག་པར་འཛིན་པའོ། །ཆོས་རབ་ཏུ་འབྱེད་པ་ལ་མཁས་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དབྱེ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་རབ་ཏུ་དབྱེ་བས་མི་དམིགས་པ་ཉིད་ནི་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ཞེས་བྱའོ། །ཆོས་གཏན་
ལ་དབབ་པ་ལ་མཁས་པ་ཞེས་བྱ་ནི་ཆོས་ཐམས་ཅད་བརྗོད་དུ་མེད་པ་དང་། གདོད་ནས་མ་སྐྱེས་པའི་རང་བཞིན་དུ་རྣམ་པར་ངེས་པའི་ཤེས་པ་ནི་ཆོས་གཏན་ལ་དབབ་པ་ལ་མཁས་པ་ཞེས་བྱའོ། །ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཤེས་པ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རྣམ་པར་གཞག་པ་ཤེས་པ་ནི་ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཤེས་པ་ཞེས་བྱའོ། །ཆོས་ཀྱི་ཚིག་ངེས་པར་དགོད་པ་ལ་མཁས་པ་ཞེས་བྱ་བ་ནི་ཆོས་རྣམས་
ཀྱི་ཚིག་རབ་ཏུ་གནས་པ་ནི་དེ་བཞིན་ཉིད་ཀྱི་རབ་ཏུ་དབྱེ་བ་སྟེ། སྟོང་པ་ཉིད་བཅུ་དྲུག་ལ་སོགས་པའི་རབ་ཏུ་དབྱེ་བས་རབ་ཏུ་སྟོན་པའི་ཤེས་པ་ནི་ཆོས་ཀྱི་ཚིག་ངེས་པར་དགོད་པ་ལ་མཁས་པ་ཞེས་བྱའོ། །དོན་དང་དོན་མ་ཡིན་པའི་ཚིག་གི་དབྱེ་བ་དགོད་པ་ལ་མཁས་པའི་ཤེས་པ་ཞེས་བྱ་བ་ལ་
དོན་ནི་ཆོས་སོ། །དོན་མ་ཡིན་པ་ནི་ཆོས་མ་ཡིན་པའོ། །དོན་དང་དོན་མ་ཡིན་པ་དེ་དག་གཉིས་ཀ་ལ་བསྣན་པ་མེད་ཅིང་དབྲི་བ་མེད་པ་དང་། ཆོས་ཉིད་མཉམ་པ་ཉིད་ལ་སོ་སོར་བསྣན་དུ་མེད་པ་ཉིད་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་སྟེ། དབྱེ་བ་མེད་པའི་གནས་ནི་ཆོས་ཐམས་ཅད་གཉིས་
Vol. 117 · folio 15a
སུ་མེད་པའི་དེ་བཞིན་ཉིད་དོ། །དེ་ལ་མཁས་པ་ནི་གསལ་བ་སྟེ། བླང་བ་དང་དོར་བའི་ཆ་ཤེས་པ་ནི་དོན་དང་དོན་མ་ཡིན་པ་ལ་མཁས་པ་ཤེས་པ་ཞེས་བྱའོ། །སྔོན་གྱི་མཐའ་ཤེས་པ་ནི་སྔོན་གྱི་མཐའ་སྟེ་རྒྱུ་དང་བྱེད་པ་ཡིན་ནོ། །ཕྱི་མའི་མཐའ་ནི་བྱ་བ་སྟེ་འབྲས་བུ་ཡིན་ནོ། །དེ་ལ་རྒྱུ་
ནི་བྱང་ཆུབ་ཀྱི་སེམས་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བྱེད་པའོ། །འབྲས་བུ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །དེའི་རང་གི་ངོ་བོ་ཇི་ལྟ་བ་རིག་པ་ནི་སྔོན་གྱི་མཐའ་ཤེས་པའོ། །ཕྱི་མའི་མཐའ་ཤེས་པ་ཞེས་བྱ་བ་ནི་རྟན་ཅིང་འབྲེལ་བར་འབྱུང་བ་ལ་སྔོན་
གྱི་མཐའི་རང་བཞིན་མེད་ཅིང་ཕྱི་མའི་མཐའི་རང་བཞིན་མེད་པར་ཤེས་པ་ནི་ཕྱི་མའི་མཐའ་ཤེས་པ་ཞེས་བྱའོ། །དུས་གསུམ་མཉམ་པ་ཉིད་ཤེས་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་རྣམས་མི་དམིགས་པར་མཉམ་པ་ཉིད་དུ་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་
ཉིད་ནི་དུས་གསུམ་མཉམ་པ་ཉིད་ཤེས་པ་ཞེས་བྱའོ། །འཁོར་གསུམ་ཡོངས་སུ་དག་པ་ཤེས་པ་ཞེས་བྱ་བ་ནི་ལས་དང་བྱེད་པ་པོ་དང་བྱ་བ་རྣམས་རྗེས་སུ་མི་དམིགས་པའམ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཡིད་ལ་མི་བྱེད་པ་ནི་འཁོར་གསུམ་ཡོངས་སུ་དག་པ་
ཤེས་པ་ཞེས་བྱའོ། །སེམས་གནས་པ་ཤེས་པ་ཞེས་བྱ་བ་ནི་དམིགས་པ་དང་། དམིགས་བྱེད་ངོ་བོ་མེད་པ་ནི་སེམས་དང་སེམས་ལས་བྱུང་བའི་རང་གི་ངོ་བོ་མཐར་ཐུག་པ་ཉིད་ནི་སྤྲོས་པ་ཐམས་ཅད་རྗེས་སུ་མི་དམིགས་པའི་རང་བཞིན་གྱི་གནས་སྐབས་ཏེ། སེམས་གནས་པ་ཤེས་པ་ཞེས་
བྱའོ། །ལུས་གནས་པ་ཤེས་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབས་ཀྱི་རང་བཞིན་གྱིས་སམ། བདག་དང་བདག་གི་རང་བཞིན་གྱིས་ཐམས་ཅད་དུ་ཡོད་པ་མ་ཡིན་པས་གཟུགས་བརྙན་དང་འདྲ་བ་ཉིད་ནི་ལུས་གནས་པ་ཤེས་པ་ཞེས་བྱའོ། །སྤྱོད་ལམ་སྲུང་བ་ཞེས་བྱ་བ་ནི་འཁྲུལ་པ་མེད་པའི་སེམས་
ཀྱིས་ལུས་དང་ངག་དང་སེམས་ཀྱིས་བསྡམས་པ་མི་འཁྲུལ་པ་ཉིད་དོ། །སྤྱོད་ལམ་མི་འཁྲུགས་པ་ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་གཞག་པ་ཉིད་ཀྱིས་ལངས་པ་དང་འཆག་པ་དང་འདུག་པ་དང་ཉལ་བ་ལ་སོགས་པ་ན་རྣམ་པར་འགྱུར་བ་མེད་པ་ཉིད་ནི་སྤྱོད་ལམ་མི་འཁྲུགས་པ་ཞེས་བྱའོ། །སྤྱོད་
Vol. 117 · folio 15b
ལམ་མི་འཆོས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་བཟང་བས་སྡིག་པའི་རྣམ་པར་རྟོག་པ་ཡང་མེད་པ་དང་། ཆོས་མཉམ་པ་ཉིད་མཐོང་བས་མ་བཅོས་པའི་སྤྱོད་ལམ་ཉིད་ལ་གནས་པའི་ཕྱིར་སྤྱོད་ལམ་མི་འཆོས་པ་ཞེས་བྱའོ། །དབང་པོ་མཛེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་
མཐོང་བས་རིགས་པ་དང་མི་རིགས་པའི་དོན་རབ་ཏུ་སྟོན་པ་དང་། བསམ་པ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་དུས་ན་དབང་པོ་རབ་ཏུ་མཛེས་པ་ནི་དབང་པོ་མཛེས་པ་ཞེས་བྱའོ། །འཇིག་རྟེན་ཤེས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་བསམ་པའི་རྗེས་སུ་མཐུན་པར་འཇུག་པ་དང་། ལྡོག་པའི་
བྱེ་བྲག་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བར་ཆོས་སྟོན་པ་ནི་འཇིག་རྟེན་ཤེས་པ་ཞེས་བྱའོ། །ལྷུག་པར་གཏོང་བ་ཞེས་བྱ་བ་ནི་སློང་བ་ལ་སེམས་ཞུམ་པ་མེད་པས་ཐམས་ཅད་གཏོང་བ་ཉིད་དང་། བདོག་པ་རྣམས་མི་སྦེད་པ་དང་། སེར་སྣ་མེད་པ་ཉིད་ནི་ལྷུག་པར་གཏོང་བ་ཞེས་བྱའོ། །
ལག་བརྐྱང་ཞེས་བྱ་བ་ནི་རྟག་ཏུ་རབ་ཏུ་སྦྱིན་པའི་ཕྱིར་ལག་པ་བརྐྱང་བ་དང་། ཆོས་དང་ཟང་ཟིང་གི་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ནི་ལག་བརྐྱང་བ་ཞེས་བྱའོ། །སེམས་ཀྱིས་འཛིན་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གཟུང་བར་བྱ་བའི་ཡུལ་མི་
དམིགས་པ་ལ་གཅིག་ཏུ་དད་པའི་ཕྱིར་དང་། སེམས་དྲི་མ་མེད་པ་ནི་སེམས་འཛིན་པ་མེད་པ་ཞེས་བྱའོ། །ངོ་ཚ་ཤེས་པ་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ངོ་ཚ་བས་སྡིག་པའི་ལས་ལ་མི་འཇུག་པ་དང་གཞན་གྱི་སེམས་བསྲུང་བའི་ཕྱིར་ཚིག་འཁྱལ་པ་མི་སྨྲ་བ་ནི་ངོ་ཚ་ཤེས་པ་ཞེས་
བྱའོ། །ཁྲེལ་ཡོད་པ་ཞེས་བྱ་བ་ནི་གཞན་གྱིས་དབང་དུ་བྱས་ནས་ངོ་ཚ་བ་སྟེ། དཔྱས་མེད་པའི་ལས་རྣམས་ལ་འཇུག་པ་དང་། ཆོས་གཙོར་བྱེད་པ་ནི་ཁྲེལ་ཡོད་པ་ཞེས་བྱའོ། །མི་དགེ་བའི་སེམས་ལ་སྨོད་པ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་ལ་འཇུག་པ་བྱིས་པ་སོ་སོ་སྐྱེ་བོའི་ཆོས་རྣམ་
པར་སྤངས་པས་དེ་དག་ལ་ཡིད་མི་གཏོད་པ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་ལ་ཉེ་བར་བརྟེན་པ་ནི་མི་དགེ་བའི་སེམས་ལ་སྨོད་པ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་མི་གཏོང་བ་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ཉམས་པར་མི་བྱེད་པ་ཉིད་དང་། ཡི་དམ་
Vol. 117 · folio 16a
ལ་བརྟན་པ་ཉིད་ནི་སྦྱངས་པའི་ཡོན་ཏན་མི་གཏོང་བ་ཞེས་བྱའོ། །སྤྱོད་པ་ཡང་དག་པར་འཛིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉིད་ལ་རྗེས་སུ་འཇུག་པའི་ཕྱིར། སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་ཕ་རོལ་གནོན་པས་ཡང་དག་པར་འཛིན་པ་
ནི་སྤྱོད་ལ་ཡང་དག་པར་འཛིན་པ་ཞེས་བྱའོ། །དགའ་བར་སྤྱོད་པ་ཞེས་བྱ་བ་ནི་ཆོས་ཉིད་ཉམས་སུ་མྱོང་བའི་དགའ་བ་དང་། བསམ་གཏན་ཉམས་སུ་མྱོང་བའི་དགའ་བས་ཐམས་ཅད་དུ་དགའ་བ་ནི་དགའ་བར་སྤྱོད་པ་ཞེས་བྱའོ། །བླ་མ་རྣམས་ལ་ལྡང་ཞིང་སྟན་འདིངས་པ་ཞེས་བྱ་
བ་ལ་རྨུགས་པ་དང་གཉིད་དང་སྙོམ་ལས་ལ་སོགས་པ་དང་བྲལ་བས་རྟག་ཏུ་བླ་མ་ལ་བསྙེན་བཀུར་བ་ལ་ཞུགས་པའི་ཚེ། ངོ་ཚ་དང་ང་རྒྱལ་སྤངས་པས་བླ་མ་ལ་སོགས་པའི་གཡོག་བྱ་བ་ལ་ངལ་བ་མེད་པའི་སེམས་ཀྱིས་བླ་མ་ལ་ལྡང་ཞིང་བསྙེན་བཀུར་བྱེད་པ་ལ་མཁས་པར་གྱུར་
པའོ། ང་རྒྱལ་ཚར་གཅོད་པ་ཞེས་བྱ་བ་ནི་གཞན་གྱིས་བརྟགས་པའི་བདག་ཉེ་བར་མི་དམིགས་པ་དང་། ཕུང་པོར་མངོན་པར་ཞེན་པ་མེད་པས་གཟུང་བ་དང་འཛིན་པ་རྗེས་སུ་མི་དམིགས་པས་ང་རྒྱལ་གྱི་རྒྱུ་རྗེས་སུ་མ་དམིགས་པ་ནི་ང་རྒྱལ་ཚར་གཅོད་པ་ཞེས་བྱའོ། །སེམས་ཡང་
དག་པར་འཛིན་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྣམ་པར་གཡེང་བ་རབ་ཏུ་སྤངས་ནས་ཆོས་བདག་མེད་པ་ལ་རྣམ་པར་གཞག་སྟེ། བསྐྱེད་པ་དང་མ་བསྐྱེད་པའི་དགེ་བའི་ཆོས་རྣམས་རྣམ་པར་མི་ཉམས་པའི་ཤེས་པ་ནི་སེམས་ཡང་དག་པར་འཛིན་པ་ཞེས་བྱའོ། །སེམས་ཀྱི་སྤྲོ་བ་ཤེས་པ་
ཞེས་བྱ་བ་ནི་དགེ་བ་ལ་འཇུག་པའི་སེམས་གོང་ནས་གོང་དུ་བརྩོན་འགྲུས་བརྩམ་པ་ལ་སྦྱོར་བ་དང་། བརྩོན་འགྲུས་ཀྱི་འབྲས་བུ་མངོན་པར་མི་མཉམ་པའི་ཡེ་ཤེས་ནི་སེམས་ཀྱི་སྤྲོ་བ་ཤེས་པ་ཞེས་བྱའོ། །དོན་རྟོགས་པར་ཤེས་པ་ཞེས་བྱ་བ་ནི་དོན་དམ་པ་དང་ཡང་དག་པར་རབ་ཏུ་ལྡན་པའི་དངོས་པོ་
རྣམས་བདེན་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པའི་ཤེས་པ་ནི་དོན་རྟོགས་པར་ཤེས་པ་ཞེས་བྱའོ། །ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་རང་བཞིན་ཡེ་ཤེས་ཙམ་དུ་རྟོགས་པས་ཕྱི་རོལ་གྱི་གཟུང་བའི་དོན་རང་བཞིན་
Vol. 117 · folio 16b
མེད་པར་རྟོགས་པ་ནི་ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱའོ། །མི་ཤེས་པ་མེད་པར་གྱུར་པ་ཞེས་བྱ་བ་ནི་མ་རིག་པ་དང་བྲལ་བས་ཇི་ལྟར་གནས་པའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་དང་བྲལ་བ་ནི་མི་ཤེས་པ་མེད་པར་གྱུར་པ་ཞེས་བྱའོ། །སེམས་ལ་འཇུག་པ་
ཤེས་པ་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་རབ་ཏུ་རྟོགས་པས་འཕེལ་བ་དང་འགྲིབ་པ་ཤེས་པ་ནི་སེམས་ལ་འཇུག་པ་ཤེས་པ་ཞེས་བྱའོ། །སྤང་བ་དང་ངེས་པར་སྒྲུབ་པ་ལ་མཁས་པའི་ཤེས་པ་ཞེས་བྱ་བ་ལ། སྤང་བ་ནི་འདོད་པ་སྟེ་ཉོན་མོངས་པ་ཀུན་ཏུ་སྤོང་བའོ། །ངེས་པར་སྒྲུབ་པ་ནི་
དཀར་པོའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་སྤང་བ་དང་། ཡོངས་སུ་རྫོགས་པར་བྱེད་པ་ལ་མཁས་ཤིང་གསལ་བ་ནི་ཤེས་རབ་ཤིན་ཏུ་བསྒོམས་པ་རབ་ཏུ་གོམས་པ་ལས་བྱུང་བའི་ཤེས་རབ་རྣོན་པོ་ཉིད་ནི་སྤང་བ་དང་ངེས་པར་སྒྲུབ་པ་ལ་མཁས་པའི་ཤེས་
པ་ཞེས་བྱའོ། །སྒྲ་སྐད་ཐམས་ཅད་ཤེས་པ་ཞེས་བྱ་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་དེ་དག་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་ཤེས་པ་ནི་སྒྲ་སྐད་ཐམས་ཅད་ཤེས་པ་ཞེས་བྱའོ། །རྣམ་པར་གཞག་པ་ཤེས་པ་ཞེས་བྱ་བ་
ནི་ཉན་ཐོས་དང་རང་སངས་རྒྱས་དང་། མུ་སྟེགས་ལ་སོགས་པའི་དབང་པོའི་བྱེ་བྲག་རྣམ་པར་གཞག་པ་དང་། རྗེས་སུ་མཐུན་པར་ཆོས་སྟོན་པར་མཛད་པར་བྱེད་པའི་ཤེས་པ་ནི་རྣམ་པར་གཞག་པ་ཤེས་པ་ཞེས་བྱའོ། །དོན་གཏན་ལ་དབབ་པར་ཤེས་པ་ཞེས་བྱ་བ་ལ། དོན་
ནི་འདུ་བྱེད་ཀྱི་ཕུང་པོའོ། །དེའི་གཏན་ལ་དབབ་པ་ནི། འདུ་བྱེད་རྣམས་ཉིད་མི་རྟག་པ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བས་འདུ་བྱེད་ཉེ་བར་དཔྱད་པ་དེ་ནི་གཏན་ལ་དབབ་པ་སྟེ། དོན་གཏན་
ལ་དབབ་པ་ཤེས་པ་ཞེས་བྱའོ། །གནོད་པ་རྣམ་པར་སྤངས་པ་ཞེས་བྱ་བ་ལ་གནོད་པ་ནི་བྱིས་པ་རྣམས་ཀྱི་འཁོར་བའོ། །འཁོར་བ་ལས་ཡང་དག་པར་འདའ་བ་ཇི་ལྟ་བ་བཞིན་ཤེས་ནས་གཞན་རྣམས་ཀྱང་ཆོས་མ་ཡིན་པ་སྤང་དུ་བཅུག་ནས་དེ་ལས་ཡང་དག་པར་འདའ་བར་བྱེད་
Vol. 117 · folio 17a
པ་ནི་གནོད་པ་རྣམ་པར་སྤངས་པ་ཞེས་བྱའོ། །སྐྱེས་བུ་དམ་པ་དང་འགྲོགས་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་དང་འགྲོགས་པ་ནི་དེ་ལ་སྐྱབས་སུ་འགྲོ་ཞིང་། དེ་དག་གིས་གསུངས་པའི་ཆོས་
ཉན་པ་དང་མི་འབྲལ་བ་ཉིད་ནི་སྐྱེས་བུ་དམ་པ་དང་འགྲོགས་པའོ། །སྐྱེས་བུ་དམ་པ་དང་བསྟེན་པ་ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང་དགེ་བའི་བཤེས་གཉེན་དང་བསམ་པས་མི་འབྲལ་བ་ཉིད་དུ་རྟག་ཏུ་བསྟེན་
པ་ནི་སྐྱེས་བུ་དམ་པ་དང་བསྟེན་པ་ཞེས་བྱའོ། །སྐྱེས་བུ་ངན་པ་རྣམ་པར་སྤོང་བ་ཞེས་བྱ་བ་ལ། སྐྱེས་བུ་ངན་པ་ནི་གང་དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་མ་དད་པ་དང་། ངན་དུ་བརྗོད་པའི་བསམ་པ་ཅན། རྒྱུད་ཞེ་སྡང་གིས་བསྲེགས་པ། སྙོམ་ལས་ཅན་
ཆོས་ཉམས་སུ་ལེན་པ་ལ་རྒྱབ་ཀྱིས་ཕྱོགས་པ་དེ་དག་ནི་སྣོད་དུ་གྱུར་པ་མ་ཡིན་པ་ཞེས་དེ་རྣམ་པར་སྤོང་བ་ཉིད་ནི་སྐྱེས་བུ་ངན་པ་རྣམ་པར་སྤོང་བའོ། །བསམ་གཏན་རྣམས་སྒྲུབ་པ་ཞེས་བྱ་བ་ལ། སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམ་པར་གྲོལ་བའི་འདོད་པ་ལ་རྣམ་པར་རྟོག་
པ་ལ་སོགས་པ་དང་བྲལ་བའི་བསམ་གཏན་གྱི་བདེ་བ་དང་། ཡིད་མི་བདེ་བ་ཉམས་སུ་མྱོང་བ་ནི་བསམ་གཏན་རྣམས་སྒྲུབ་པ་ཞེས་བྱའོ། །བསམ་གཏན་ལ་རོ་མྱོང་བར་མི་བྱེད་པར་ཞེས་བྱ་བ་ནི་བསམ་གཏན་གྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་དོན་དུ་གཉེར་བ་དང་བྲལ་བ་ཉིད་དེ།
སེམས་ཅན་གྱི་དོན་བྱ་བའི་བསམ་པ་དང་། གོང་མ་གོང་མའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ངེས་པར་སྒྲུབ་པའི་བསམ་པས་བསམ་གཏན་དང་བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་མེད་པའོ། །མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ཞེས་བྱ་བ་ནི་རྟག་ཏུ་རྗེས་སུ་འབྲང་བའི་
མངོན་པར་ཤེས་པ་ལྔ་ལ་རབ་ཏུ་གནས་ནས། ཤིན་ཏུ་ཤེས་པར་དཀའ་བའི་སངས་རྒྱས་ཀྱི་ཆོས་རྣམས་དབང་པོ་མཆོག་དང་མཆོག་མ་ཡིན་པའི་ཤེས་པས་སེམས་ཅན་རྣམས་ཀྱི་བསམ་པ་ཤེས་ནས་གཞན་དག་ལ་སྟོན་ཅིང་རབ་ཏུ་འབྱེད་པ་ནི་མངོན་པར་ཤེས་པས་རྣམ་པར་འཕྲུལ་
Vol. 117 · folio 17b
པ་ཞེས་བྱའོ། །མིང་དང་བརྡ་ཞེས་བྱ་བ་ནི། །མིང་ནི་མིང་གིས་སྟོང་པ་སྟེ། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་པ། །མིང་གིས་ཀྱང་ནི་རབ་ཏུ་བསྒྲགས། །ཞེས་བྱ་བས་གདོད་ནས་མ་སྐྱེས་པའི་བརྡ་ཙམ་གྱིས་ཐ་སྙད་ཀྱི་དོན་དུ་ཁས་
བླངས་པ་ནི་མིང་དང་བརྡ་ཞེས་བྱའོ། །གདགས་པའི་ཐ་སྙད་ཅེས་བྱ་བ་ནི་འཇིག་རྟེན་གྱིས་བཏགས་པའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་མིང་སྟེ། དེ་བཞིན་དུ་ཐ་སྙད་དུ་འཇུག་པར་མི་ནུས་སོ་ཞེས་བྱ་བས་གདགས་པ་དང་ཐ་སྙད་དུ་དབྱེ་བ་བྱས་ནས་ཁས་བླངས་པ་ཡིན་ནོ། །བཏགས་
པ་ཡང་དག་པར་འཇོམས་པ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་ཆོས་ཉིད་ཉམས་སུ་མྱོང་བས་ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་བརྗོད་དུ་མེད་པར་ཤེས་པ་ནི་བཏགས་པ་ཡང་དག་པར་འཇོམས་པ་ཞེས་བྱའོ། །འཁོར་བ་ལས་ལྡོག་པ་ཞེས་བྱ་བ་ལ། འཁོར་བ་སྒྲུབ་པར་བྱེད་པའི་ལས་
མི་བྱེད་པ་སྟེ། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ་ཞེས་ཤེས་ནས་ཉོན་མོངས་པ་ཅན་གྱི་སེམས་བཟློག་པ་ནི་འཁོར་བ་ལས་ལྡོག་པ་ཞེས་བྱའི། སྤོང་བ་ནི་མ་ཡིན་ནོ། །རྙེད་པ་དོན་དུ་མི་གཉེར་བ་ཞེས་བྱ་བ་ལ། སྲེད་པ་སྤངས་པའི་ཕྱིར་ཇི་ལྟར་རྙེད་པའི་དོན་ཆུང་ངུ་
ཙམ་གྱིས་ཆོག་པ་ནི་འདོད་པ་ཆུང་བ་སྟེ། རྙེད་པ་དོན་དུ་མི་གཉེར་བ་ནི་རང་གི་དོན་ལ་ལྟོས་ནས་སོ། །གཞན་གྱི་དོན་ལ་ཞུགས་པ་རྣམས་ཀྱི་ནི་སྲེད་པས་བྱས་པ་མེད་པས་འདོད་པ་ཆུང་བ་ཞེས་བྱའོ། །རྙེད་པ་དང་བཀུར་སྟི་དང་དུ་མི་ལེན་པ་ཞེས་བྱ་བ་ལ། སེམས་ཀྱིས་ཀྱང་མི་འདོད་
ཅིང་མི་སེམས་པས་སྡིག་པའི་རྒྱུར་གྱུར་པའི་རྙེད་པ་དང་དུ་མི་ལེན་པ་ནི་རྙེད་པ་དང་བཀུར་སྟི་དང་དུ་མི་ལེན་པ་ཞེས་བྱའོ། །མི་སྙན་པ་བརྗོད་པས་ཞུམ་པ་མེད་པ་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་མངོན་པར་ཞེན་པ་མེད་
པས་མི་སྙན་པ་སྟེ་སྐྱོན་སྒྲོགས་པ་ལ་ཞུམ་པ་མེད་ཅིང་སྤྲོ་ཤི་བ་མེད་པ་ནི་མི་སྙན་པ་བརྗོད་པས་ཞུམ་པ་མེད་པ་ཞེས་བྱའོ། །བསྔགས་པ་ཡང་དག་པ་ལ་མ་ཆགས་པ་ཞེས་བྱ་བ་ལ། ཆགས་པ་ནི་དང་དུ་ལེན་པ་སྟེ། ཡང་དག་པའི་ཡོན་ཏན་གྱིས་བསྔགས་པ་བརྗོད་ཀྱང་རྙེད་པ་དང་བཀུར་
Vol. 117 · folio 18a
སྟི་ལ་དོན་དུ་གཉེར་བ་མེད་པའི་ཕྱིར་དགའ་བར་མི་འགྱུར་ལ། རྙེད་པ་དང་བཀུར་སྟི་ནི་དགེ་བའི་བར་ཆད་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། དགེ་བའི་རྗེས་སུ་མཐུན་པ་མ་ཡིན་པས་བསྔགས་པ་བརྗོད་པས་དགའ་བར་མི་འགྱུར་བས་བསྔགས་པ་ལ་མ་ཆགས་པ་
ཞེས་བྱའོ། །བཀུར་སྟི་བྱེད་པ་ལ་བཏང་སྙོམས་པ་ཞེས་བྱ་བ་ལ། ལས་ཀྱི་འབྲས་བུ་སོ་སོར་ངེས་པ་རྟོགས་པ་དང་། དུས་དང་དུས་མ་ཡིན་པ་རྟོགས་པའི་ཕྱིར་དང་། ཁ་ཅིག་ནི་བདག་གིར་བྱེད་ལ། ཁ་ཅིག་ལ་བཏང་སྙོམས་སུ་བྱེད་པ་ནི་བཀུར་སྟི་བྱེད་པ་ལ་བཏང་
སྙོམས་པ་ཞེས་བྱའོ། །བཀུར་སྟི་མི་བྱེད་པ་ལ་ཞུམ་པ་མེད་པ་ཞེས་བྱ་བ་ལ། བདག་ལ་བཀུར་སྟི་མ་བྱས་སོ་ཞེས་སེམས་སྤྲོ་ཤི་བར་མི་འགྱུར་བའོ། །རྟག་པ་ཉིད་དུ་ཡང་རྣལ་འབྱོར་གོམས་པར་བྱེད་པ་མི་འདོར་བས་དེས་ནི་བཀུར་སྟི་མི་བྱེད་པ་ལ་ཞུམ་པ་མེད་པ་ཞེས་བྱའོ། །སྨོད་པ་ལ་
ཁྲོ་བ་མེད་པ་ཞེས་བྱ་བ་ནི་སྨོས་པ་དང་། སྨད་པར་བྱ་བ་རྗེས་སུ་མི་དམིགས་པར་འཇིག་རྟེན་གྱི་ཆོས་སོ་སོར་བརྟགས་པའི་སྟོབས་ཀྱིས་སྨོད་པ་ལ་ཁྲོ་བ་མེད་དོ། །ཁྲོ་བའི་སེམས་མི་བསྐྱེད་ཅེས་བྱ་བའོ། །བསྟོད་པ་ལ་བཏང་སྙོམས་པ་ཞེས་བྱ་བ་ལ། གཅིག་ཏུ་དགེ་བའི་ཆོས་ལ་ཞུགས་
པས་བསྟོད་པ་ལ་སོགས་པ་ལ་རྣམ་པར་རྟོག་པར་མི་འགྱུར་ཞིང་ཆོས་ཚོལ་བ་ལ་སེམས་བརྟན་པའི་ཕྱིར་བསྟོད་པ་ལ་སོགས་པ་བདེན་པ་ཡིན་ན་ཡང་བསྟོད་པ་ལ་བཏང་སྙོམས་སུ་བྱེད་པའོ། །མ་རྙེད་པས་ཞུམ་པ་མེད་པ་ཞེས་བྱ་བ་ལ། སྔོན་བྱས་པའི་ལས་ཀྱི་རྗེས་སུ་འབྲང་བའི་ཕྱིར། འདི་ནི་
སྦྱིན་པ་མ་བྱས་པའི་འབྲས་བུ་ཡིན་ནོ་སྙམ་དུ་ཤེས་ནས་མ་རྙེད་པས་ཞུམ་པ་མེད་པ་ནི་མ་རྙེད་པས་སེམས་ཞུམ་པ་མེད་པ་ཞེས་བྱའོ། །ཁྱིམ་པ་དང་མི་བསྟེན་པ་ནི་རྙེད་པའི་དོན་དུ་ཉེ་བར་འགྲོ་བ་སྤངས་པའོ། །རབ་ཏུ་བྱུང་བ་དག་དང་མི་བསྟེན་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང་བྲེ་མོའི་
གཏམ་བྱེད་པས་བསམ་གཏན་དང་སྙོམས་པར་འཇུག་པ་ལ་མི་སྦྱོར་བ་སྤངས་ནས་མཉམ་པར་གཞག་པ་ཚོལ་བ་ནི་རབ་ཏུ་བྱུང་བ་དག་མི་བསྟེན་པ་ཞེས་བྱའོ། །སྤྱོད་ཡུལ་མ་ཡིན་པ་སྤང་བ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཐེ་ཚོམ་ལ་སོགས་
Vol. 117 · folio 18b
པ་ཉོན་མོངས་པའི་རྒྱུ་རྣམས་སྤྱོད་ཡུལ་མ་ཡིན་པ་ཡུལ་དུ་མི་བྱེད་པ་སྟེ། ཆོས་ཉིད་ཀྱིས་མི་མཐུན་པ་ཡིན་པའི་ཕྱིར་རོ། །དེས་ན་སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་ཞེས་བྱའོ། །སྤྱོད་ཡུལ་དུ་རྒྱུ་བ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ལམ་སྒོམ་ཞིང་། གཞན་དག་ཀྱང་དེ་ལ་སྦྱོར་
བར་བྱེད་པ་ནི་སྤྱོད་ཡུལ་དུ་རྒྱུ་བ་ཞེས་བྱའོ། །ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ལམ་མ་འཁྲུགས་པས་གཞན་གྱི་སེམས་མགུ་བར་བྱས་ནས། བྱང་ཆུབ་ཀྱི་ལམ་ལ་སྦྱོར་བར་བྱེད་པ་ནི། ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་
བྱའོ། །སྤྱོད་པ་མ་ཡིན་པ་རྣམ་པས་སྤོང་བ་ཞེས་བྱ་བ་ནི་བདག་ཉིད་ཀྱང་དཀར་པོའི་ཆོས་ཐམས་ཅད་རྗེས་སུ་སྲུང་ཞིང་གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འགོད་པ་ནི་སྤྱོད་པ་མ་ཡིན་པ་རྣམ་པར་སྤོང་བ་ཞེས་བྱའོ། །རིགས་སུན་པར་མི་བྱེད་པ་ཞེས་བྱ་བ་ནི་དམ་བཅས་པའི་དོན་ངེས་པར་
ཉམས་སུ་ལེན་པས་དེ་བཞིན་གཤེགས་པའི་རིགས་སུན་པར་མི་བྱེད་པ་སྟེ། གཞན་དུ་དམ་བཅས་ནས་གཞན་ཉམས་སུ་ལེན་པ་ནི་རིགས་དང་རྗེས་སུ་མཐུན་པ་མ་ཡིན་པས་རིགས་སུན་པར་བྱེད་པ་ཡིན་ནོ། །དེ་སུན་པར་མི་བྱ་བའི་ཕྱིར། བདག་དང་གཞན་ཇི་སྐད་གསུངས་པའི་
སྒྲུབ་པ་ཕུན་སུམ་ཚོགས་པ་ལ་རབ་ཏུ་འགོད་པའོ། །བསྟན་པ་བསྲུང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། རྟག་ཏུ་ཟབ་མོའི་ཆོས་ཚོལ་ཞིང་ངེས་པ་རྫོགས་པར་བྱེད་པ་དང་ཆོས་དང་ཆོས་ཀྱི་རྗེས་སུ་མཐུན་པར་སྒྲུབ་པར་བྱེད་པ་ནི་དེ་བཞིན་གཤེགས་པའི་བསྟན་པ་
བསྲུང་བ་ཡིན་ནོ། །སྨྲ་བ་ཉུང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་རབ་ཏུ་དམིགས་པས་རྟག་ཏུ་མཉམ་པར་གཞག་པའི་ཕྱིར། སྨྲ་བ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། དགོས་པ་ཙམ་སྒྲུབ་པ་ནི་སྨྲ་བ་ཉུང་བ་ཞེས་བྱའོ། །མཉེན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྒྱུས་བཞུས་པས་བེམས་པོ་ཤིང་འདྲ་བ་མེད་པ་
ཉིད་ནི་མཉེན་པ་ཞེས་བྱའོ། །ཚིག་གི་ལན་གླན་པ་ལ་མཁས་པ་ཞེས་བྱ་བ་ནི་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་པའི་ཕྱིར་ལན་སྨྲ་བའི་ནུས་པ་ཡོད་པས་རྒོལ་བ་དང་ཕྱིར་རྒོལ་བའི་ལན་ལ་མཁས་པ་ཡིན་ནོ། །ཕྱིར་རྒོལ་བ་ཚར་གཅོད་པ་ཞེས་བྱ་བ་ནི་ཚད་མ་དང་ལྡན་པའི་ཆོས་ཉིད་ཀྱི་
Vol. 117 · folio 19a
དོན་རབ་ཏུ་བསྒྲུབས་པས་རང་གི་ཕྱོགས་གཞག་པ་དང་། གཞན་གྱི་ཕྱོགས་ཚད་མས་གནོད་པས་སུན་ཕྱུང་བའི་དོན་རབ་ཏུ་བསྒྲུབས་པ་ནི་ཕྱིར་རྒོལ་བ་ཚར་གཅོད་པ་ཞེས་བྱའོ། །དུས་སུ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་དུས་ཤེས་པའི་ཕྱིར་ཕན་གདགས་པ་དང་། ཚར་གཅད་
པའི་དུས་ནི་འདི་ཡིན་ནོ་ཞེས་རྗེས་སུ་མཐུན་པ་དང་རྗེས་སུ་མཐུན་པ་མ་ཡིན་པའི་དུས་ཀྱི་རྣམ་པར་དབྱེ་བ་ཤེས་པའི་ཕྱིར་དུས་སུ་འགྲོ་བར་བྱེད་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྒྱུས་བྱིས་པའི་ཆོས་ཀྱི་སྐྱོན་མཐོང་བས་ཡིད་བརྟན་པའི་གནས་མ་ཡིན་པར་ཤེས་
ནས་སྤོང་བ་ནི་སོ་སོའི་སྐྱེ་བོ་ལ་ཡིད་མི་རྟོན་པ་ཞེས་བྱའོ། །སྡུག་བསྔལ་བ་རྣམས་ལ་ཁྱད་དུ་མི་གསོད་པ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར། དམན་པ་དང་ལྷག་པའི་ངོ་བོ་མེད་པས་བརྙས་པར་མི་བྱེད་པའོ། །གཞན་དུ་ན་ཁྱད་དུ་བསད་པས་འདུལ་བའི་
དོན་ནི་མ་གཏོགས་སོ། །དེ་དག་ལ་ནོར་སྦྱིན་པ་ཞེས་བྱ་བ་ལ་ཟང་ཟིང་རབ་ཏུ་སྦྱིན་པས་རྗེས་སུ་བཟུང་ནས་ཆོས་ཀྱི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་ནི་དེ་དག་ལ་སྦྱིན་པའོ། །དབུལ་པོ་རྣམས་ལ་བརྙས་པར་མི་བྱེད་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་འདི་དག་ནི་སྔོན་གྱི་ཚེ་
རབས་སུ་རང་གིས་སྦྱིན་པ་མ་བཏང་བས་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བསམས་ནས། དབུལ་པོ་རྣམས་ལ་བརྙས་པར་མི་རིགས་སོ། །ཚུལ་ཁྲིམས་འཆལ་པ་ལ་སྙིང་བརྩེ་བ་ཞེས་བྱ་བ་ལ། ལྟུང་བ་བྱུང་བའི་སེམས་ཅན་རྣམས་ལ་ལྟུང་བ་ལས་ལྡང་བའི་ཆོས་བསྟན་ནས་
ཚུལ་ཁྲིམས་ལ་རབ་ཏུ་འགོད་པར་བྱེད་པ་ནི་ཚུལ་ཁྲིམས་འཆལ་པ་ལ་སྙིང་བརྩེ་བ་ཞེས་བྱའོ། །ཕན་པའི་དངོས་པོ་ཞེས་བྱ་བ་ནི་གཞན་རྣམས་མ་འོངས་པའི་དུས་སུ་ཕན་པའི་ཆོས་ཀྱི་ལམ་ལ་ངེས་པར་སྦྱོར་བས་ཕན་འདོགས་པར་བྱེད་པ་ནི་ཕན་པའི་དངོས་པོ་ཞེས་བྱའོ། །སྙིང་བརྩེ་བའི་བློ་ཞེས་
བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མ་འོངས་པའི་སྡུག་བསྔལ་བསལ་བར་སྤྲོ་བའི་བློ་གང་ཡིན་པ་དེ་ནི་སྙིང་བརྩེ་བའི་བློ་ཞེས་བྱའོ། །ཆོས་ཀྱིས་ཕན་འདོགས་པ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་བཞིན་བསྟན་པས་ཆོས་ཀྱི་ལམ་ལ་འཛུད་པ་ནི་ཆོས་ཀྱིས་ཕན་འདོགས་པ་ཞེས་བྱའོ། །ཟང་ཟིང་ཡོངས་སུ་གཏོང་
Vol. 117 · folio 19b
བ་ཞེས་བྱ་བ་ནི་ཆོས་ལ་མངོན་པར་དགའ་བ་དང་། ཟང་ཟིང་གི་སྦྱིན་པས་གཞན་རྗེས་སུ་སྡུད་པ་ནི་ཟང་ཟིང་ཡོངས་སུ་གཏོང་བ་ཞེས་བྱ་བའོ། །མི་སྩོགས་པར་གནས་པ་ཞེས་བྱ་བ་ནི་བསགས་པའི་ཉེས་པ་མཐོང་བས་ཐམས་ཅད་ཡོངས་སུ་གཏོང་བ་དང་། སེར་སྣའི་སེམས་རྣམ་པར་སྤོང་བ་
ནི་མི་སྩོགས་པར་གནས་པ་ཞེས་བྱའོ། །ཚུལ་ཁྲིམས་ལ་བསྟོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཡིད་ཆེས་པའི་སྟོབས་ཀྱིས་ཚུལ་ཁྲིམས་ཀྱི་ཡོན་ཏན་བརྗོད་པའོ། །འཆལ་པའི་ཚུལ་ཁྲིམས་ལ་སྨོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་རྣམས་ནི་དམྱལ་བ་དང་བྱོལ་སོང་དང་
ཡི་དགས་རྣམས་སུ་ངེས་པར་སྐྱེ་བར་འགྱུར་རོ་ཞེས་ཤེས་ནས་འཆལ་པའི་ཚུལ་ཁྲིམས་སྤོང་བ་ནི་འཆལ་པའི་ཚུལ་ཁྲིམས་ལ་སྨོད་པ་ཞེས་བྱའོ། །ཚུལ་ཁྲིམས་དང་ལྡན་པ་ལ་གཡོ་མེད་པས་བསྟེན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ནི་འདོད་པར་བྱ་བའི་འབྲས་བུ་མཐོ་རིས་དང་
ཐར་པ་ཡིན་ནོ་ཞེས་ཤེས་ནས་ཚུལ་ཁྲིམས་དང་ལྡན་པ་ནི་རྙེད་དཀའ་བའི་འདུ་ཤེས་ཀྱིས་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་གཡོ་མེད་པར་བསྟེན་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་ཡོངས་སུ་གཟུང་བའི་རྫས་རྣམས་
མི་འཛིན་པ་དང་། བསམ་པ་བཟང་པོས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཐམས་ཅད་སྦྱིན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཞེས་བྱའོ། །ལྷག་པའི་བསམ་པས་མགྲོན་དུ་གཉེར་བ་ཞེས་བྱ་བ་ནི་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་
དང་མྱ་ངན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་དོན་དུ་མགྲོན་དུ་གཉེར་བ་ནི་ལྷག་པའི་བསམ་པ་མགྲོན་དུ་གཉེར་བ་ཞེས་བྱའོ། །ཇི་སྐད་སྨྲས་པ་བཞིན་བྱེད་པ་ཞེས་བྱ་བ་ནི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ་ནས་སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པར་བར་དུ་མྱ་ངན་
ལས་འདས་པ་ནི་ཇི་སྐད་སྨྲས་པ་བཞིན་བྱེད་པ་མ་ཡིན་ནོ། །དེ་ལས་བཟློག་པ་ནི་ཇི་སྐད་སྨྲས་པ་བཞིན་བྱེད་པ་ཞེས་བྱའོ། །རྒྱུན་མི་འཆད་པར་བསྙེན་བཀུར་བྱེད་པ་ཞེས་བྱ་བ་ལ། ང་རྒྱལ་མེད་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་རྟག་ཏུ་གནས་པ་དང་། དམ་པའི་ཆོས་མཉན་པའི་ཕྱིར་དང་། ཐེ་
Vol. 117 · folio 20a
ཚོམ་སྤང་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དང་ཡང་འདྲི་བ་ནི་རྒྱུན་མི་འཆད་པར་བསྙེན་བཀུར་བྱེད་པ་ཞེས་བྱའོ། །གུས་པར་བྱས་ཏེ་དགའ་བ་ཉམས་སུ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་ལུང་ཤེས་ནས་ཕྱིན་ཅི་མ་ལོག་པའི་དེ་ཉིད་རྟོགས་པའི་དགའ་བ་
ཉམས་སུ་མྱོང་ནས་མངོན་པར་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་བྱས་པས་ལྷག་པར་དགའ་བ་ཉམས་སུ་མྱོང་བའོ། །དཔེ་ཤེས་པ་ཞེས་བྱ་བ་ནི་སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་འདི་ལྟར་སྦྱིན་པ་ལ་སོགས་པ་ལ་མངོན་པར་སྦྱར་བས་སངས་རྒྱས་ཉིད་ཐོབ་པ་ཇི་ལྟ་བ་དེ་ལྟར་
ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་འཇུག་པར་བྱའོ། །ཞེས་འདྲ་བའི་དཔེ་ཤེས་པ་དང་། མི་འདྲ་བའི་དཔེ་དེ་ལས་བཟློག་པའི་ཤེས་པས་ནི་སངས་རྒྱས་ཉིད་མི་འཐོབ་པོ་ཞེས་གཞན་གྱི་རྒོལ་བ་ཚར་བཅད་ནས་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་
དག་གིས་བསྒྲུབ་བྱ་བསྒྲུབས་ནས་གཞན་གྱི་ཕྱོགས་སུན་ཕྱུང་ཞིང་རང་གི་ཕྱོགས་འཇོག་པ་ནི་དཔེ་ཤེས་པའི་དགོས་པ་ཡིན་ནོ། །སྔོན་བྱུང་བ་ལ་མཁས་པའི་ཤེས་པ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པར་བྱས་པའི་ཕྱིར་དགེ་བ་ཉིད་ལ་འཇུག་པ་དང་། གཞན་དག་ཀྱང་དེ་ཉིད་
ལ་ངེས་པར་སྦྱོར་བ་དང་། རྟག་ཏུ་མང་དུ་ཐོས་པ་གོམས་པར་བྱེད་པ་ནི་སྔོན་བྱུང་བ་ལ་མཁས་པའི་ཤེས་པ་ཞེས་བྱའོ། །དགེ་བའི་རྩ་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ལུས་ཀྱི་ལས་དང་། ངག་གི་ལས་འགའ་ཞིག་མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་
ཡོངས་སུ་བསྔོ་ཞིང་། གཞན་དག་ཀྱང་དགེ་བ་ལ་བསྐུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དགེ་བའི་རྩ་བ་སྔོན་དུ་འགྲོ་བ་ཉིད་དོ། །ཐབས་ལ་མཁས་པ་ཞེས་བྱ་བ་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་
དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ལ་སོགས་པ་ཆུང་ངུ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་པའི་ཕྱིར་དཔག་ཏུ་མེད་པར་འགྱུར་བ་ནི་ཐབས་ལ་མཁས་པ་ཞེས་བྱའོ། །མཚན་མ་སྤོང་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་རྟོགས་ནས་དངོས་པོའི་རང་བཞིན་མེད་པས་
Vol. 117 · folio 20b
རྫས་སུ་གྱུར་པའི་མཚན་མ་མི་དམིགས་པ་ནི་མཚན་མ་སྤོང་བ་ཞེས་བྱའོ། །འདུ་ཤེས་ཟློག་པ་ཞེས་བྱ་བ་ལ་ཟློག་པ་ནི་གཏང་བ་སྟེ། ཕྱིན་ཅི་ལོག་སྤོང་བ་ནི་འདུ་ཤེས་ཟློག་པ་སྟེ། ཕྱིན་ཅི་ལོག་གི་རྩ་བ་ལས་བྱུང་བའི་བདག་ལ་སོགས་པར་མངོན་པར་ཞེན་པ་ཟློག་པའོ། །དངོས་པོའི་མཚན་
ཉིད་ཤེས་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་བྱ་བའི་ཁྱད་པར་གྱིས་མཚོན་པ་ཡིན་ལ། ཆོས་ཐམས་ཅད་ནི་ནམ་མཁའི་རང་བཞིན་ནོ་ཞེས་བྱ་བས་མཚན་ཉིད་མེད་པའི་མཚན་ཉིད་ནི་དངོས་པོའི་མཚན་ཉིད་ཤེས་པའོ། །མདོ་སྡེ་མངོན་པར་བསྒྲུབ་པའི་ཤེས་པ་ཞེས་བྱ་
བ་ལ། དྲང་བའི་དོན་དང་། ངེས་པའི་དོན་གྱི་མདོ་སྡེ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བས་ཆོས་ཇི་ལྟར་འབྱུང་བ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་དང་རྗེས་སུ་མཐུན་པར་རབ་ཏུ་སྟོན་པ་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱིས་རྣམ་པར་དབྱེ་བས། དཔེ་སྣ་
ཚོགས་ཀྱི་འཇལ་བར་ཉེ་བར་དགོངས་པའི་ཚིག་ཡང་དག་པར་སྟོན་པ་ནི་མདོ་སྡེ་མངོན་པར་སྒྲུབ་པའི་ཤེས་པ་ཞེས་བྱའོ། །བདེན་པ་གཏན་ལ་འབེབས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་སྟེ། དེའི་གཏན་ལ་འབེབས་པ་ནི་རྣམ་པར་ཤེས་པ་འགགས་ཤིང་། མིང་དང་
གཟུགས་ལ་སོགས་པ་མ་སྐྱེས་པ་དང་བག་ཆགས་དང་བཅས་པའི་རྒྱུན་སྤངས་ཀྱང་འཁོར་བ་ཡོངས་སུ་མི་སྤོང་བ་ནི་བྱང་ཆུབ་སེམས་དཔའི་བདེན་པ་གཏན་ལ་འབེབས་པ་ཞེས་བྱའོ། །རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་མ་ལུས་པ་དང་བྲལ་བས་
སྤང་བར་བྱ་བའི་ངོ་བོ་མི་དམིགས་པ་ཉམས་སུ་མྱོང་བ་ནི་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ཞེས་བྱའོ། །ཚིག་མགོ་གཅིག་ཏུ་སྨྲ་བ་ཞེས་བྱ་བ་ནི་མུ་སྟེགས་ཀྱི་གཞུང་སྣ་ཚོགས་ཀྱིས་བརྟགས་པའི་ལྟ་བ་བསལ་ནས་ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་སྒྲུབ་པ་ནི་ཚིག་མགོ་གཅིག་ཏུ་སྨྲ་བ་ཞེས་
བྱ་བའོ། །མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོས་པ་ལ་མི་འཇིགས་པ་དང་། སྒྲུབ་པ་ལ་མི་འཇིགས་པ་དང་། གཞན་རྒོལ་བ་ལ་མི་འཇིགས་པ་དང་། མི་འཇིགས་པ་ཐོབ་པའི་འབྲས་བུ་ཉིད་ཡིན་པས་མི་འཇིགས་པ་ཐོབ་པ་ཞེས་བསྟན་ཏོ། །ཚུལ་ཁྲིམས་
Vol. 117 · folio 21a
དམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉམས་སུ་ལེན་པའི་ངོ་བོ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་དང་། སོ་སོར་ཐར་པའི་སྡོམ་པ་བླངས་པ་དང་། མི་དགེ་བ་མ་ལུས་པ་ལས་ལྡོག་པ་ནི་ཚུལ་ཁྲིམས་ཉིད་ཡིན་ཏེ། ངོ་བོའི་རྐྱེན་ཡིན་ན་ཡང་ཐམས་ཅད་
དང་རང་གི་ངོ་བོ་ཉིད་བརྗོད་པར་བྱའོ། །ཆོས་གཞན་ལ་ནི་མ་ཡིན་ནོ། །སྙོམས་པར་འཇུག་པ་ལ་གཞོལ་བ་ཞེས་བྱ་བ་ནི་ཁམས་གསུམ་མ་ལུས་པ་ལ་མངོན་པར་མི་དགའ་ཞིང་བདེན་པ་ལ་དགའ་བ་དང་། མྱ་ངན་ལས་འདས་པ་ལ་དགའ་བ་དང་། ཐམས་ཅད་མཁྱེན་པ་ཉིད་མངོན་པར་
འདོད་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་རྒྱུ་ཡིན་ནོ། །ཤེས་རབ་ཐོབ་པ་ཞེས་བྱ་བ་ལ། ཕ་རོལ་སྨྲ་བ་མ་ལུས་པའི་ལྟ་བ་སུན་འདོན་ནུས་པའི་ཤེས་པ་ཐོབ་པ་དང་། དམིགས་པ་ཐམས་ཅད་སྣང་བ་མེད་པའི་ཤེས་པ་ནི་ཤེས་རབ་ཐོབ་པ་ཞེས་བྱའོ། །གཅིག་པུར་དགའ་
ཞེས་བྱ་བ་ནི་འདུ་འཛི་ཐམས་ཅད་སྤངས་ནས་དཀར་པོའི་ཆོས་མདོར་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་གཅིག་པུ་དགའ་བ་ཞེས་བྱའོ། །ཤེས་ཀྱི་ཁེ་ཆུང་ངུས་ཆོག་ཤེས་པ་ཞེས་བྱ་བ་ལ། ཉུང་ངུ་ཙམ་ཤེས་པའི་ཤེས་པ་ཉིད་ནི་ཤེས་པ་སྟེ། དེའི་ངོ་བོ་ནི་ཤེས་པ་ཡིན་གྱི།
ཤེས་པ་ཞེས་བྱ་བའི་སྒྲ་རང་གི་སྐྱེ་བོ་ལ་ནི་མི་བྱ་སྟེ། གང་གི་ཕྱིར་ཅུང་ཞིག་ཙམ་གྱིས་ཆོག་ཤེས་པའོ་ཞེས་ཕྱིས་འཆད་པར་འགྱུར་རོ། །སེམས་ལ་རྙོག་པ་མེད་པ་ཞེས་བྱ་བ་ལ། ཉོན་མོངས་པ་དང་མི་འགྲོགས་པ་དང་། རང་བཞིན་གྱིས་རྣམ་པར་དག་པ་ལ་དམིགས་པས་འཛིན་པ་
མེད་པར་སྦྱོར་བའི་སེམས་ནི་རྙོག་པ་མེད་པ་ཞེས་བྱའོ། །ལྟ་བས་བྱས་པ་རྣམ་པར་སྤོང་བ་ཞེས་བྱ་བ་ལ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་ལྟ་བ་དྲུག་ཅུ་རྩ་གཉིས་ནི་རྩ་བར་གྱུར་པའི་བདག་ཏུ་ལྟ་བ་རྣམ་པར་སྤངས་པས་སྤངས་པར་འགྱུར་རོ། །གཟུངས་ཐོབ་པ་ཞེས་བྱ་བ་ནི་ཇི་སྐད་གསུངས་
པའི་གཟུངས་རྣམ་པ་བཞི་ཐོབ་པས་ཕྱིན་ཅི་མ་ལོག་པར་དོན་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་ནི་གཟུངས་ཐོབ་པ་ཞེས་བྱའོ། །ཡེ་ཤེས་ལ་འཇུག་པ་ཞེས་བྱ་བ་ནི་རྗེས་སུ་ཤེས་པ་ལ་སོགས་པའི་ཤེས་པ་རྣམས་ཕན་ཚུན་རྗེས་སུ་ཞུགས་པ་ཉིད་དུ་ཁོང་དུ་ཆུད་པ་ནི་ཡེ་ཤེས་ལ་འཇུག་པ་ཞེས་བྱའོ། །གནས་
Vol. 117 · folio 21b
ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་ཀྱི་གནས་སྐབས་ཀྱི་རྟེན་དུ་གྱུར་པ་དང་། རྩ་བར་གྱུར་པ་ནི་གནས་ཞེས་བྱའོ། །གནས་སྐབས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སེམས་ཀྱིས་བྲིས་པའོ་ཞེས་བྱ་བས་སེམས་ཉིད་ཀྱི་གནས་སྐབས་ལས་གཞན་པའི་གནས་ནི་མེད་པས་སོ། །རབ་ཏུ་གནས་པ་ཞེས་
བྱ་བ་ནི་དད་པ་ལ་སངས་རྒྱས་ཀྱི་ཆོས་རྣམས་གནས་པ་ཡིན་ཏེ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ཞེས་བྱ་བ་ནི་ཚིག་གིས་སོ། །སྒྲུབ་པ་ཤེས་པ་ཞེས་བྱ་བ་ལ། བསྒྲུབ་པར་བྱ་བས་ན་སྒྲུབ་པ་སྟེ། ལམ་གོམས་པར་བྱས་པས་བསྒྲུབ་བྱ་རྫོགས་པར་བྱེད་པའོ། །རྒྱུ་ཞེས་
བྱ་བ་ལ། མ་རིག་པ་ནི་རྒྱུ་སྟེ་འདུ་བྱེད་རྣམས་དང་། མི་དགེ་བའི་ཆོས་རྣམས་ཀྱིའོ། །རིགས་པ་ཞེས་བྱ་བ་ནི་ཐར་པ་དང་ཐར་པར་འདྲེན་པར་བྱེད་པའི་དགེ་བ་རྣམས་སོ། །ཚུལ་ཞེས་བྱ་བ་ནི་ཚུལ་དང་ལམ་གང་མ་རིག་པ་དང་སྲེད་པ་དག་དང་འབྲེལ་བའི་ལུགས་དང་ལྡན་ཞིང་དོན་ཤེས་པས་ཐར་པ་ཐོབ་པར་
བྱེད་པ་དེ་ནི་ཚུལ་ཞེས་བྱའོ། །སྒོ་ཞེས་བྱ་བ་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ན་ཐབས་ལ་མཁས་པ་སྟེ། སྐྱོན་ཐམས་ཅད་སྤངས་ནས་ལམ་གྱི་སྒོ་སྟོན་པའི་ཕྱིར་རོ། །ལམ་ཞེས་བྱ་བ་ལ། གང་ཟག་དང་ཆོས་ལ་བདག་མེད་པ་ལ་འཇུག་པར་བྱ་བའི་ཕྱིར་མི་རྟག་པ་དང་། སྡུག་བསྔལ་
བ་དང་། བདག་མེད་པ་དང་། སྟོང་པ་ཉིད་ཤེས་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པའི་ལམ་ཡིན་ནོ། །ས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་འབད་པ་མེད་པར་ཐོབ་པའི་གནས་སྐབས་ལ་
གནས་པའི་རྟེན་དུ་གྱུར་པའི་ཕྱིར་ས་ཞེས་བྱ་བ་ནི་སྒྲས་བརྗོད་དོ། །སྐྱེད་པ་དང་བྲལ་བ་ཞེས་བྱ་བ་ནི་འཁོར་བ་སྒྲུབ་པར་བྱེད་པའི་ལས་དང་བྲལ་བས་ལས་ཀྱིས་བསྐྱེད་པའི་སྐྱེ་བ་ཀུན་ཏུ་བཅད་པའོ། །ཡེ་ཤེས་ཀྱི་ས་ཞེས་བྱ་བ་ནི་བདག་ལ་སོགས་པར་ཀུན་ཏུ་རྨོངས་པ་དང་བྲལ་བས་ཆོས་བདག་མེད་པ་ལ་འཇུག་
པ་ནི་ཡེ་ཤེས་ཀྱི་ས་ཞེས་བྱའོ། །མི་ཤེས་པ་སྤོང་བ་ཞེས་བྱ་བ་ནི་བདག་ལ་སོགས་པར་རྨོངས་པའི་མ་རིག་པ་ནི་མི་ཤེས་པའོ། །དེ་དང་འགལ་བའི་བདག་མེད་པ་མཐོང་བས་འདིས་རབ་ཏུ་སྤོང་བས་ན་སྤོང་བ་ཞེས་བྱའོ། །ཤེས་པ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་དམིགས་པར་བྱ་བ་རྫས་མེད་པས་
Vol. 117 · folio 22a
དམིགས་པ་མེད་པ་ལ་རབ་ཏུ་གནས་པ་ནི་ཤེས་པ་དེ་རང་བཞིན་མཐར་ཐུག་པ་ལ་གནས་ཏེ་ཤེས་པ་ལ་གནས་པ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་བ་ལ། བསམ་གཏན་དང་། རྣམ་པར་ཐར་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་བསྒོམ་པ་ནི་རྣལ་འབྱོར་རོ། །
ཞི་གནས་དང་ལྷག་མཐོང་གི་ལམ་གང་ལ་གནས་ནས་ཀུན་ཏུ་སྤྱོད་ཅིང་གོམས་པར་བྱེད་པ་དེ་ལ་རྣལ་འབྱོར་སྤྱོད་པའི་ས་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཞེས་བྱ་བ་ནི་སྤྱོད་ཡུལ་ནི་བྱང་ཆུབ་སེམས་དཔའི་ཡུལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་ཐམས་ཅད་དང་། སངས་
རྒྱས་ཀྱི་ཡོན་ཏན་རྣམས་སོ། །སྐྱེས་བུ་དམ་པ་ལ་བརྟེན་པ་ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ་ཉིད་དང་། དེ་དག་དང་མི་འབྲལ་བའི་སེམས་སོ། །སྐྱེས་བུ་དམ་པ་མ་ཡིན་པ་སྤོང་བ་ཞེས་བྱ་བ་ནི་མུ་སྟེགས་ཅན་དམིགས་
པའི་ལྟ་བ་ཅན་རྣམས་དང་། དམ་པ་མ་ཡིན་པའི་ལམ་དུ་ཞུགས་པ་རྣམས་ནི་སྐྱེས་བུ་དམ་པ་མ་ཡིན་པའོ། །དེ་རྣམས་འདུལ་བའི་དུས་ལ་བབ་པ་མ་ཡིན་པར་ཤེས་ནས་མི་བརྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་སྤོང་བ་ཞེས་བྱའོ། །དེ་བཞིན་གཤེགས་པས་གསུངས་པ་ཞེས་བྱ་བ་ལ། བདེན་པ་
ཞེས་བྱ་བ་ནི་ལྷག་མས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཉམས་སུ་བསྟར་ནས་ཐར་པ་དང་། མྱ་ངན་ལས་འདས་པའི་མིང་གིས་བསྟན་པའོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་པའི་ས་ཀུན་དུ་འོད་ནི་སངས་རྒྱས་ཉིད་ཀྱི་ས་ཡིན་པས་
སངས་རྒྱས་ཀྱི་ས་ཞེས་བྱའོ། །མཁས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བ་ཞེས་བྱ་བ་ལ། ཆོས་ཉིད་ཅེས་བྱ་བ་ནི་ལྷག་མས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ལེགས་སོ་ལེགས་སོ་ཞེས་
རྗེས་སུ་ཡི་རང་བའོ། །བྱིས་པ་རྣམས་ཀྱིས་སྤངས་པ་ཞེས་བྱ་བ་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གོམས་པར་མ་བྱས་པའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། འདི་ནི་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་སྤོང་བར་བྱེད་
Vol. 117 · folio 22b
པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པར་དཀའ་བ་ཞེས་བྱ་བ་ལ་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ལ་གོམས་པར་མ་བྱས་པའི་སེམས་ཀྱི་རྒྱུད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཆོས་ཉིད་ཤེས་པར་དཀའ་བའོ། །མུ་སྟེགས་ཅན་ཐམས་ཅད་ཀྱིས་མ་
ཡིན་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པའི་བརྫུན་པའི་མངོན་པའི་ང་རྒྱལ་གྱིས་ཐར་པ་འདོད་པ་རྣམས་བདག་ཉིད་རྟག་པ་ལ་སོགས་པའི་ངོ་བོར་སྒོམ་པར་བྱེད་པ་དེ་དག་གིས་མ་ཡིན་པ་ཆོས་ཉིད་ཀྱི་དོན་དེ་ཁོ་ན་ཉིད་ནི་དེ་དག་གི་ཡུལ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་
གཟུང་བ་ཞེས་བྱ་བ་ནི་རྙེད་པར་དཀའ་བའི་ལམ་ཆེན་པོ་ལ་ནོར་བུ་རིན་པོ་ཆེའི་འདུ་ཤེས་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་ཆེན་པོའི་འདུ་ཤེས་ཀྱིས་མི་གཏོང་བའི་སེམས་ཀྱིས་ཆོས་ཉིད་ཡོངས་སུ་འཛིན་པའོ། །སྟོབས་བཅུ་དག་གིས་ཡོངས་སུ་གཟུང་བ་ཞེས་བྱ་
བ་ལ། སངས་རྒྱས་ཀྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པར་བྱ་བའི་སྦྱོར་བས་སྟོབས་བཅུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་རྗེས་སུ་སྟེ། ཕྱི་ནས་སངས་རྒྱས་ཀྱིས་མཁྱེན་པའོ། །ལྷ་རྣམས་ཀྱིས་མཆོད་པར་བྱ་བ་ཞེས་བྱ་བ་ལ། དཔག་ཏུ་མེད་ཅིང་རྒྱུན་མི་
འཆད་པའི་བདེ་བ་ཕུན་སུམ་ཚོགས་པ་ནི་འདི་ལ་མཆོད་པ་བྱས་པ་ཉིད་ལས་འབྱུང་བར་འགྱུར་རོ་ཞེས་ཤེས་ནས། དེ་འདོད་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །ཚངས་པས་ཕྱག་བྱ་བ་ཞེས་བྱ་བ་ནི་ཐར་པ་མ་ཡིན་པ་ལ་ཐར་པའི་འདུ་ཤེས་ཅན་དེ་དག་ཡང་དག་པའི་ཐར་པ་འབྱུང་བ་ནི་འདི་ཉིད་
ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་ཐར་པ་འདོད་པ་རྣམས་ཀྱིས་ཕྱག་བྱ་བ་ཡིན་ནོ། །ཀླུ་རྣམས་ཀྱིས་ཕྱག་བྱ་བ་དང་ཞེས་བྱ་བ་ལ། དུད་འགྲོའི་སྐྱེ་གནས་སྒྲུབ་པར་བྱེད་པའི་ལམ་གྱི་བག་ཆགས་ཀྱི་རྒྱུན་ཀུན་ཏུ་བཅད་པའི་ཕྱིར་ཕྱག་འཚལ་བའོ། །གནོད་སྦྱིན་གྱིས་རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་དཔེ་
མེད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་ན་ཡང་། ངན་འགྲོའི་ལམ་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར་རབ་ཏུ་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རང་བའོ། །མི་འམ་ཅི་རྣམས་ཀྱིས་བསྟོད་པར་བྱ་བ་ནི་ཐར་པར་འདོད་པའི་རབ་ཏུ་དགའ་བ་དང་། རབ་ཏུ་མགུ་བས་ཆོས་བརྗོད་པའི་དབྱངས་
Vol. 117 · folio 23a
སྙན་པས་མི་འམ་ཅིའི་རྒྱལ་པོ་ལྡོན་པ་བཞིན་དུ་སྟོད་པར་བྱེད་པའོ། །ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བསྔགས་པར་བྱ་བ་ཞེས་པ་ནི་དྲག་པོ་ཆེན་པོའི་སེམས་ཀྱིས་རྒྱུན་འཇུག་པ་ཉེ་བར་བཅད་པའི་ཆེད་དུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ནི་བསྒོམ་པའི་ལམ་ཐོབ་པས་ཡིན་གྱི། ཚིག་ཙམ་གྱིས་ཏིང་ངེ་འཛིན་རྟོགས་པ་མ་ཡིན་ནོ་ཞེས་བྱ་བས་སོ། །མཁས་པ་རྣམས་ཀྱིས་ཀུན་ཆུབ་པར་བྱ་བ་ཞེས་བྱ་བ་ནི་རིག་པར་བྱ་བ་རིག་པ་ནི་མཁས་པའོ། །དེས་ཕྱིར་མི་ལྡོག་པའི་ས་སངས་རྒྱས་ཉིད་མངོན་སུམ་དུ་བྱ་
བའི་ཕྱིར་ཉེ་བར་བཟུང་ནས་ཀུན་ཆུབ་པར་བྱེད་པའོ། །བླ་ན་མེད་པའི་ནོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཞེས་བྱ་བ་དང་འབྲེལ་ཏེ། ལྷ་དང་མིར་བཅས་པའི་སྐྱེ་དགུ་རྣམས་ཀྱི་བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། ཐར་པའི་བདེ་བའི་རྒྱུར་གྱུར་པ་ནི་བླ་ན་མེད་པའི་ནོར་ཞེས་བྱའོ། །ཟང་ཟིང་མེད་པའི་
སྦྱིན་པ་ཞེས་བྱ་བ་ལ། སྦྱིན་པ་ཐམས་ཅད་ཀྱི་ནང་ན་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ནི་མི་ཤེས་པའི་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར་ཆོས་ཀྱི་སྦྱིན་པ་ཉིད་ནི་སྦྱིན་པའི་མཆོག་གོ། །ནད་པ་རྣམས་ཀྱི་སྨན་དུ་གྱུར་པ་ཞེས་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་
ནི་འདན་ནྭན་ཏ་རི་ལ་སོགས་པས་ཀྱང་དེ་དག་གི་རྒྱུ་མ་ཤེས་ཤིང་གསོ་བ་ཡང་མི་ཤེས་པས་རྟག་ཏུ་ན་བ་དེ་དག་གི་འདོད་ཆགས་ལ་སོགས་པའི་ནད་རྣམས་རབ་ཏུ་ཞི་བར་བྱ་བའི་གསོ་བའི་སྨན་ནི་འདི་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་ནོ། །ཡེ་ཤེས་ཀྱི་མཛོད་ཅེས་བྱ་བ་ནི་ཡེ་ཤེས་ཐམས་ཅད་སྡུད་པར་བྱེད་པའི་ཏིང་ངེ་
འཛིན་གྱི་རྒྱལ་པོ་སྒོམ་པ་ལ་མངོན་པར་སྦྱོར་བ་ནི་ཡེ་ཤེས་མི་ཟད་པའི་མཛོད་ཡིན་པས་སོ། །སྤོབས་པ་མི་ཟད་པ་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ཆོས་ཉིད་ཀྱི་དེ་ཉིད་རྟོགས་པ་དང་། མི་ཟད་པའི་སྤོབས་པ་ནི་སྤོབས་པ་མི་ཟད་པའི་རྒྱུ་ཡིན་པས་སོ། །མྱ་ངན་དང་བྲལ་བ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་
དོན་མེད་པ་དང་། སྡུག་བསྔལ་གྱི་བདག་ཉིད་ཅན་ནོ་ཞེས་ཤེས་ནས་ཆོས་ཐམས་ཅད་བདག་མེད་པ་བསྒོམས་པས་མྱ་ངན་དང་བྲལ་བར་འགྱུར་རོ། །ཁམས་གསུམ་པ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཁམས་གསུམ་པ་འདི་དག་ནི་རྨི་ལམ་དང་འདྲ་ཞེས་བྱ་བར་ཤེས་ནས་དེ་ལྟ་བུའི་སྒྱུ་མ་ལྟ་བུའི་སེམས་ཅན་
Vol. 117 · folio 23b
ཐར་བར་བྱ་བའི་ཕྱིར་ཡོངས་སུ་མི་གཏོང་བ་ནི་ཁམས་གསུམ་ཡོངས་སུ་ཤེས་པ་ཞེས་བྱའོ། །ཕ་རོལ་ཏུ་འགྲོ་བ་དག་ལ་གཟིངས་ལྟ་བུ་ཞེས་བྱ་བ་ནི་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདའ་འདོད་པ་རྣམས་ལ་མི་རྟག་པ་ལ་སོགས་པ་བཤད་པ་དང་། ཆོས་ལ་བདག་མེད་པ་ལ་སོགས་པ་
བསྟན་པའོ། །ཆུ་བོའི་ནང་དུ་ཞུགས་པ་དག་ལ་གྲུ་ལྟ་བུ་ཞེས་བྱ་བ་ནི་འཁོར་བའི་ཆུ་ཀླུང་དུ་ལྷུང་ཞིང་རྒྱ་མཚོ་བཞིར་ནུབ་པ་རྣམས་སྒྲོལ་བའི་ཕྱིར་ཐེག་པ་ཆེན་པོའི་གྲུ་བོ་ཆེ་ནི་མི་ཕྱེད་པའི་གྲུ་ཡིན་ནོ། །གྲགས་པ་འདོད་པ་དག་གི་གྲགས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉན་པ་དང་བསམས་
པ་དང་བསྒོམས་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པའི་ས་རྣམས་ལ་མཆོད་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་སྤྲོས་པས་ཐམས་ཅད་དུ་ཁྱབ་པ་ནི་གྲགས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་བསྟོད་པ་ཞེས་བྱ་བ་ནི་དེ་བཞིན་
གཤེགས་པ་རྣམས་ཀྱིས་བརྙེས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མཐའ་མེད་པ་དེ་དག་གིས་སེམས་ཅན་གྱི་ཁམས་མ་ལུས་པ་བསྐྱབ་པའི་ཕྱིར་བླ་ན་མེད་པའི་ཆོས་ཆེན་པོའི་སྦྱིན་བདག་མཛད་པ་ལ་དྲི་མ་མེད་པའི་ཡོན་ཏན་གྱིས་བསྟོད་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་པ་ཞེས་
བྱ་བ་ནི་དཀའ་བ་བརྒྱ་ཕྲག་དུ་མས་བསྒྲུབས་པའི་སངས་རྒྱས་ཉིད་ཐོབ་ནས་ཀྱང་ཐབས་ལ་མཁས་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྦྱོར་བར་བྱེད་པས་ཡོན་ཏན་ཐམས་ཅད་དང་ཐར་པའི་བདེ་བ་ཐམས་ཅད་ཀྱི་སྦྱིན་བདག་ཉིད་ནི་བསྔགས་པའོ། །སྟོབས་བཅུ་རྣམས་ཀྱིས་བསྟོད་པ་ཞེས་
བྱ་བ་ནི་རྙེད་པར་དཀའ་ཞིང་རིན་ཆེ་བའི་ཆོས་རིན་པོ་ཆེའི་སྦྱིན་བདག་ཉིད་ནི་གཞན་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྟོབས་བཅུ་རྣམས་ཀྱིས་བསྟོད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་རྟོགས་ཤིང་ཁོང་དུ་ཆུད་པས་ཐེག་པ་གཞན་ལ་འདོད་པ་མེད་པའི་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པའོ། །སྙིང་རྗེ་ཅན་དག་གི་བཏང་སྙོམས་ཞེས་བྱ་བ་ལ། གཅིག་ཏུ་གཞན་གྱི་དོན་ལ་ཞུགས་པ་རྣམས་ལ་བཏང་སྙོམས་འབྱུང་བ་མ་ཡིན་ཏེ། བཏང་སྙོམས་ནི་སེམས་ཅན་གྱི་དོན་ལ་སྙོམས་པ་ཡིན་ནོ་ཞེ་ན། དེ་ལྟ་བུ་ནི་ཡོད་པ་མ་ཡིན་
Vol. 117 · folio 24a
ཏེ། སངས་རྒྱས་ཀྱི་མཛད་པ་མཛད་ཟིན་ནས་དེའི་ཚེ་གདུལ་བྱ་མེད་པ་ནི་བཏང་སྙོམས་སུ་རིགས་ཀྱི། །གཞན་དུ་མ་ཡིན་ནོ། །ཉེས་པ་ཞི་བར་འདོད་པ་དག་གི་བྱམས་པ་ཞེས་བྱ་བ་ལ། ཉེས་པ་ནི་ཞེ་སྡང་ཡིན་ཏེ། དེ་ཡང་དག་པར་མཐོང་བ་རྣམས་ཀྱི་གཉེན་པོའི་ངོ་བོར་
ངེས་པར་སྦྱར་བའི་བྱམས་པ་ཆེན་པོའི་བདག་ཉིད་དུ་བྱས་པའི་རྒྱུད་ཀྱི་མཚོ་ལ་ཞེ་སྡང་གི་མེ་ཆུང་ངུ་ཙམ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་ཉེས་པ་ཞི་བར་འདོད་པ་དག་གི་བྱམས་པ་ཞེས་བྱའོ། །ཐེག་པ་ཆེན་པོ་པ་དག་གི་དབུགས་འབྱིན་པ་ཞེས་བྱ་བ་ནི་གང་གི་ཚེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣང་བ་ཐོབ་
པར་གྱུར་པ་དེའི་ཚེ། ངེས་པར་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ་ཞེས་དབུགས་འབྱིན་པ་ཐོབ་པར་འགྱུར་རོ། །སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་ནན་ཏན་ཞེས་བྱ་བ་ནི་ནན་ཏན་གྱིས་ཐམས་ཅད་ཀྱི་མཆོག་སངས་རྒྱས་ཀྱི་ཆོས་མངོན་སུམ་དུ་མཛད་ནས་བདག་མེད་པའི་སེང་གེའི་སྒྲའི་སྒྲ་
བསྒྲགས་པའི་ངང་ཚུལ་གྱིས་ནན་ཏན་བྱེད་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལམ་ཞེས་བྱ་བ་ལ། དགེ་བའི་ཆོས་ཀྱི་ལམ་ཐམས་ཅད་ནི་ལམ་སྟེ། རྗེས་སུ་མི་དམིགས་པའི་སྦྱོར་བས་སངས་རྒྱས་ཉིད་འཐོབ་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་གདོད་ནས་ཞི་
ཞིང་མ་སྐྱེས་པའི་ཕྱག་རྒྱས་བཏབ་པ་ཉིད་ནི་ཆོས་ཐམས་ཅད་དོ་ཞེས་བྱ་བས་ཕ་རོལ་དང་ཕ་རོལ་མ་ཡིན་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྒྱས་བཏབ་པའོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་མི་འཕྲོགས་པ་ཞེས་བྱ་བ་ལ། མི་དགེ་བའི་བག་ཆགས་རྣམས་དང་བྲལ་བའི་ཕྱིར་
དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཐམས་ཅད་ཀྱིས་མི་གཡོ་བའི་ཡེ་ཤེས་ཉིད་ནི་མི་འཕྲོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་དུ་གྱུར་པ་ཞེས་བྱ་བ་ལ། དགའ་བ་དང་རབ་ཏུ་དགའ་བའི་བདེ་བ་
སེམས་ཅན་ཐམས་ཅད་ལ་བསྔོས་པའི་རྩེ་མོའི་ས་ནི་སྐྱེད་མོས་ཚལ་ཏེ། མཆོག་ཏུ་གྱུར་པའི་ཐེག་པ་དང་དམ་པ་ཞེས་བྱ་བའི་བར་དུའོ། །བདུད་ཀྱི་སྡེ་རྣམས་སྐྲག་པར་བྱེད་པ་ཞེས་བྱ་བ་ལ། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་རྣམ་པར་བསལ་བ་དང་། རྣམ་རྟོག་བསལ་བ་
Vol. 117 · folio 24b
ནི་བདུད་ཀྱི་སྡེ་རྣམས་སྐྲག་པར་བྱེད་པའོ། །བདེ་བར་འགྲོ་བ་རྣམས་ཀྱི་རིག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འགྲོ་བ་རྣམས་ཀྱི་རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལམ་ཐམས་ཅད་ཀྱི་གནོད་པ་རྣམ་པར་སེལ་བར་བྱེད་པའི་ཕྱིར་རོ། །དོན་གྲུབ་པ་རྣམས་ཀྱི་དོན་ཞེས་བྱ་བ་ནི་སངས་
རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ནི་འགྲོ་བ་མ་ལུས་པའི་དོན་མཛད་པའི་ཕྱིར་དོན་ཏེ་དགོས་པའོ་དགྲའི་ནང་དུ་སོང་བ་རྣམས་ཀྱི་སྐྱབས་ཞེས་བྱ་བ་ནི་ཚད་མ་དང་ལྡན་པའི་ཆོས་ཉིད་རབ་ཏུ་བསྟན་པས་དམིགས་པར་ལྟ་བ་ཅན་ཐམས་ཅད་དང་། ལྟ་བ་ལོག་པ་ཅན་ཐམས་ཅད་དུ་སུན་དབྱུང་
བས་ཡོངས་སུ་སྐྱོབ་པ་ཡིན་གྱི། གཞན་དུ་ན་དེ་དག་ལྟ་བ་ལོག་པར་ལྟུང་བར་འགྱུར་རོ། །ཕྱིར་རྒོལ་བ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པ་ཞེས་བྱ་བ་ནི་མུ་སྟེགས་ཀྱིས་ཁས་བླངས་པའི་ཆོས་ཅན་མི་རྟག་པ་ལ་སོགས་པའི་ཆོས་དང་བཅས་པ་ལ་སྐྱོན་འདི་ལྟ་བུ་ཡོད་དོ་ཞེས་བརྗོད་པས་
ཚར་གཅོད་པའོ། །མི་འཇིགས་པ་རྣམས་ཀྱིས་བདེན་པའི་རྣམ་པ་ཞེས་བྱ་བ་ལ། འཇིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་བརྟན་པར་བྱས་ཤིང་རབ་ཏུ་བརྟན་པར་བྱས་པས་མཉམ་པ་ཉིད་མཐོང་བར་ནུས་པ་ཉིད་ནི་དོན་དམ་པར་ན་མི་འཇིགས་པ་རྣམས་ཀྱི་བདེན་པའི་རྣམ་པ་ཞེས་བྱའོ། །སྟོབས་
རྣམས་ཡང་དག་པར་ཚོལ་བ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་ལ་འཇུག་པ་ལ་རྨོངས་པ་ཟློག་པའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་སུ་གྱུར་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་གཙོར་བྱས་པའི་དཀར་པོའི་ཆོས་ཐམས་ཅད་ཀྱི་བྱེད་པོར་འགྱུར་བའི་ཡོན་ཏན་ནི་སྔ་ལྟས་
སུ་གྱུར་པ་ཞེས་བརྗོད་དོ། །ཆོས་ཀྱི་སྐུའི་རྒྱན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པའི་སྐུ་སྟེ། དེས་དེ་མངོན་སུམ་དུ་མཛད་པས་སོ། །ཐར་པ་འདོད་པ་རྣམས་ཀྱི་དགའ་བ་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་དགེ་བའི་ཆོས་ཉམས་སུ་མྱོང་བས་བླ་ན་མེད་པའི་
ཆོས་ལ་དགའ་བ་ནི་ཐར་པ་ཐོབ་པར་བྱེད་པ་ཡིན་ནོ། །སྲས་ཐུ་བོ་རྣམས་ཀྱི་དགའ་བ་ཞེས་བྱ་བ་ནི་ཡབ་སངས་རྒྱས་ཀྱི་ཡོན་ཏན་གྱི་ནོར་ཐོབ་པས་བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱོང་བས་དགའ་བའོ། །སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པ་
Vol. 117 · folio 25a
ཐོབ་པར་བྱ་བ་དང་། ཐོབ་པ་རྣམས་ཡོངས་སུ་མི་ཉམས་པ་ཉིད་དུ་ཉེ་བར་འཛིན་ཅིང་བསྲུང་བའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་ཞེས་བྱ་བ་ནི་དམན་པ་ལ་མོས་པའི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་
ཀྱི་ཆོས་རྣམས་ཐོས་པ་ན་འཇིགས་ཤིང་སྐྲག་ནས་མ་རྟོགས་པས་ས་མ་ཡིན་པ་སྟེ་ཡུལ་མ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་ཀུན་ཏུ་རྟོག་པའི་དྲི་མ་རྣམས་རབ་ཏུ་སྤངས་པས་རྟོག་པ་མེད་པའི་ཆོས་ཉིད་དང་། དེ་རྟོགས་པས་སེམས་རྣམ་པར་དག་
པའོ། །ལུས་ཡོངས་སུ་དག་པ་ཞེས་བྱ་བ་ནི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཆོས་ཀྱི་སྨན་གྱི་བདུད་རྩི་འཐུངས་པས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པ་ནི་ལུས་རྣམ་པར་དག་པའོ། །རྣམ་པར་ཐར་པའི་སྒོ་རྣམས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ། སྟོང་པ་ཉིད་དང་། མཚན་མ་མེད་པ་
དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་ཞི་བའི་ཆོས་ཉིད་བསྒོམ་པའི་སྦྱོར་བས་མངོན་སུམ་དུ་བྱེད་པ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཆགས་པས་རྗེས་སུ་ཆགས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་
དབྲལ་བར་སྤྲོ་ཞིང་ཞུགས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཆགས་པ་ཞེས་བྱའོ། །ཞེ་སྡང་དང་བྲལ་བ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སེམས་ཀྱིས་འགྲོ་བ་ལ་ཕན་པ་ཉེ་བར་བསྒྲུབ་པ་ནི་ཞེ་སྡང་དང་བྲལ་བ་ཞེས་བྱའོ། །གཏི་མུག་གིས་མ་ཡིན་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་
པར་འབྱུང་བ་ལ་རྣམ་པར་ལྟ་བའི་ཆོས་ཀྱི་སྣང་བ་ཤར་བ་ལ་རྨོངས་པའི་མུན་པའི་སྐབས་མེད་པའི་ཕྱིར་རོ། །ཡེ་ཤེས་འབྱུང་བ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཟོ་ལ་སོགས་པ་ཐམས་ཅད་ལ་མཁས་པ་དང་ལེ་ལོ་མེད་པ་ནི་ཡེ་ཤེས་འབྱུང་བར་འགྱུར་བ་ཡིན་ནོ། །རིག་པ་སྐྱེ་བ་
ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཐོས་པ་དང་། ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་རིག་པ་སྐྱེ་བའི་རྒྱུ་ཞེས་བྱའོ། །མ་རིག་པ་སྤོང་བ་ཞེས་བྱ་བ་ནི་མི་དམིགས་པའི་སྦྱོར་བས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤོང་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་བསྒོམ་
Vol. 117 · folio 25b
པ་ནི་མ་རིག་པ་སྤང་བ་ཞེས་བྱའོ། །རྣམ་པར་གྲོལ་བ་སྙིང་པོར་བྱེད་པ་རྣམས་ཀྱི་ཚིམ་པ་ཞེས་བྱ་བ་ནི་འཕགས་པའི་ཆོས་འཐོབ་པའི་བདག་ཉིད་ཆེ་བ་དང་མ་བྲལ་བའི་དགའ་བ་རྗེས་སུ་འཛིན་ཅིང་མི་གཏོང་བའོ། །ཏིང་ངེ་འཛིན་སྙིང་པོར་བྱེད་པ་རྣམས་ཀྱི་དགའ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་བདེ་བ་
སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་སེམས་རྩེ་གཅིག་པ་དང་མི་འབྲལ་བ་ཉིད་ཀྱི་དགའ་བའོ། །བལྟ་འདོད་པ་རྣམས་ཀྱི་མིག་ཏུ་གྱུར་པ་ཞེས་བྱ་བ་ནི་གཞན་གྱིས་བརྗོད་དུ་མེད་པའི་ཆོས་ཉིད་མངོན་དུ་བྱེད་པ་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་མིག་གིས་བལྟ་བར་འདོད་པ་ཡིན་གྱི། ཕྱི་
རོལ་གྱི་ཤའི་མིག་གིས་མ་ཡིན་ཏེ། དེ་དེས་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་མངོན་པར་ཤེས་པ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་རྩེ་ཞིང་འབད་པ་མེད་པར་མི་དམིགས་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པས་མངོན་པར་ཤེས་པ་ལྔ་རང་གི་ངང་
གིས་འཇུག་པར་འགྱུར་བ་ཉིད་ཡིན་ནོ། །མངོན་པར་སྒྲུབ་པ་འདོད་པ་རྣམས་ཀྱི་རྫུ་འཕྲུལ་ཞེས་བྱ་བ་ནི་ཡེ་ཤེས་རྟོག་པ་མེད་པ་ཉིད་དང་། སྒྲིབ་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པས་མངོན་པར་བསྒྲུབས་པའི་རྫུ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་
འཕྲོག་པར་ནུས་པའོ། །ཐོབ་པར་འདོད་པ་རྣམས་ཀྱི་གཟུངས་ཞེས་བྱ་བ་ནི་སྔར་བསྟན་པའི་གཟུངས་བཞི་པོ་དེ་དག་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་མཉམ་པ་འཛིན་པས་ན་གཟུངས་ཞེས་བྱའོ། །དྲན་པ་མི་བརྗེད་པ་ཞེས་བྱ་བ་ནི་འཁོར་བར་གཏོགས་པའི་སྦྱོར་བ་ཉིད་ཀྱིས་མྱ་ངན་ལས་
འདས་པ་ལ་དམིགས་པས་རང་བཞིན་གྱིས་ཞི་བ་ཉིད་ཀྱིས་དྲན་པ་མི་བརྗེད་པའོ། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཞེས་བྱ་བ་ལ། ཆོས་ཀྱི་སྐུས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཁྱབ་པ་མི་འཕྲོགས་པའི་སྦྱོར་བས་བྱིན་གྱིས་བརླབས་པ་ཡིན་ནོ། །འདྲེན་པ་རྣམས་ཀྱི་
ཐབས་མཁས་པ་ཞེས་བྱ་བ་ནི་བདེ་བ་ཐམས་ཅད་ཀྱི་ཞི་བར་འགྲོ་བ་ནི་དེ་ནས་བཟུང་ནས་ཉེ་བར་འགྱུར་བ་ཡིན་ནོ། །ཕྲ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤེས་པར་དགའ་བ་དང་། དམིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་
Vol. 117 · folio 26a
ཉིད་ཀྱི་ཕྱིར་རོ། ཤེས་པར་དཀའ་བ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་གི་ངོ་བོ་ནི་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་ཤེས་པར་དཀའ་བའོ། །དཀའ་བས་ཤེས་པ་ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱི་སྡུག་བསྔལ་གྱིས་ཀྱང་མི་ཤེས་པ་སྟེ། སྔར་ཉམས་
སུ་མ་མྱོང་བ་དང་མ་ཤེས་པ་དང་མངོན་པར་མ་སྦྱར་བས་སྔར་མ་སྐྱེས་པ་བསྐྱེད་པའི་ནུས་པ་མེད་པས་ཤེས་པར་དཀའ་བ་ཉིད་ནི་ཤེས་པར་དཀའ་བའོ། །ཡི་གེ་རྣམས་ལྡོག་པ་ཞེས་བྱ་བ་ནི་ངག་གི་ལམ་ཐམས་ཅད་མི་དམིགས་པར་ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གིས་སྟོན་པ་ནི་ཡི་གེ་
རྣམས་ལྡོག་པ་ཞེས་བྱའོ། །སྒྲས་ཤེས་པར་དཀའ་བ་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པར་བྱ་བའི་དེ་ཁོ་ན་ཉིད་ནི་ཚིག་ཙམ་གྱིས་རྙེད་པར་བྱ་བ་མ་ཡིན་ཏེ། ཚིག་གིས་མཚོན་པའི་དོན་ངེས་པར་རྟོགས་ནས་བསྒོམས་པའི་སྟོབས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་པའི་ཕྱིར་སྒྲས་ཤེས་
པར་དཀའ་བ་ཞེས་བྱའོ། །རྟོགས་པ་རྣམས་ཀྱིས་ཀུན་ཤེས་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་རིན་པོ་ཆེ་ཆེན་པོའི་འདུ་ཤེས་ཉིད་དང་། འགྲོ་བ་མ་ལུས་པའི་དོན་སྒྲུབ་པ་ཤེས་པ་ནི་མཁས་པའོ། །དེས་པ་རྣམས་ཀྱིས་ཤེས་པ་ཞེས་བྱ་བ་ནི་དེས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འགྲོ་
བ་མ་ལུས་པའི་དོན་བྱེད་པ་དང་ཆོས་ཉིད་ལ་དགའ་བའོ། །དེས་ཤེས་པ་ནི་བཀུར་སྟི་དང་གུས་པས་ཤེས་པའོ། །འདོད་པ་ཆུང་བ་རྣམས་ཀྱིས་རབ་ཏུ་རྟོགས་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། ཆོས་ཉིད་རྟོགས་པ་ཙམ་གྱིས་རང་གི་ཉམས་སུ་མྱོང་བ་རབ་ཏུ་རིག་
པ་ལ་རབ་ཏུ་རྟོགས་པ་ཞེས་བྱའོ། །བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་སྦྱིན་པ་ལ་སོགས་པ་ལ་ཞུགས་པ་བརྩོན་འགྲུས་བརྩམས་པ་རྒྱུན་མི་འཆད་པར་སངས་རྒྱས་ཉིད་ཉེ་བར་འཛིན་པའོ། །དྲན་པ་དང་ལྡན་པ་རྣམས་ཀྱིས་བཅངས་པ་ཞེས་
བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་བྱས་པ་ཆུད་མི་གསོན་པ་ནི་བཅངས་པའོ། །སྡུག་བསྔལ་ཟད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་རབ་ཏུ་སྤངས་པས་དེའི་ངོ་བོ་མེད་པའི་སྡུག་བསྔལ་ཟད་པ་ནི་སྡུག་བསྔལ་མེད་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་
Vol. 117 · folio 26b
པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སེམས་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། དེ་འགགས་པས་ཆོས་ཐམས་ཅད་འགགས་པས་རང་བཞིན་གྱིས་ཞི་བ་ཉེ་བར་བཟུང་ནས་མ་སྐྱེས་པ་ཞེས་བྱའོ། །ཐེག་པ་གཅིག་ཏུ་བསྟན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་བྱ་བ་དང་། དམིགས་
སུ་མེད་པའོ་ཞེས་བྱ་བ་འདིའི་ཁོངས་སུ་གཏོགས་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་པ་ཞེས་བྱའོ། །གཞོན་ནུ་འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ་ཞེས་བྱ་བ་ལ། དེ་རྣམ་པར་སྤྲོས་པ་ཞེས་བྱ་བ་ནི་ལྷག་མའོ། །ཡང་བཅོམ་
ལྡན་འདས་ཀྱིས་བཤད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་བསྟན་པའི་མཐོང་བའི་ཆོས་ཀྱི་ཡོན་ཏན་བསྟན་ཏེ། ཁྲག་ཁྲིག་ཕྲག་བརྒྱད་ཅུས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བར་འབྲེལ་ཏོ། །གལ་ཏེ་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ཟབ་མོ་ལ་བཟོད་པ་
ཐོབ་པར་འགྱུར་བ་མ་ཡིན་ནམ། ཐོས་པ་ཙམ་གྱིས་ཅི་ལྟར་འགྱུར་ཞེ་ན། དེ་ལྟ་བུའི་ནེམ་ནུར་བསལ་བའི་ཕྱིར། སྔོན་ཡོངས་སུ་སྦྱང་བ་བྱས་པ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་བྱེད་པ་དང་བྲལ་བས་སྔོན་ནི་ཐོབ་པར་མ་གྱུར་ལ། ད་ལྟར་ནི་ཐོབ་པར་གྱུར་ཏོ་ཞེས་བརྗོད་པར་བྱའོ། །དེ་བཞིན་
དུ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དྲུག་གིས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ། རྟོགས་པ་དང་རྗེས་སུ་མཐུན་པའི་བཟོད་པ་ནི་རྗེས་སུ་མཐུན་པ་ཞེས་བྱའོ། །སྒྲའི་རྗེས་སུ་འབྲང་བ་ནི་ཐོས་པའི་རྗེས་སུ་འབྲང་བའོ། །ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་
བྱ་བ་ནི་འདོད་ཆགས་དང་བྲལ་བར་གྱུར་ནས་ཉོན་མོངས་པའི་ཆ་ཙམ་ཡང་མེད་པའོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་བྱ་བ་ནི་ཆོས་མཐོང་བས་རྣམ་པར་དག་པ་སྐྱེས་པའོ། །དགེ་སློང་མ་རྣམས་ཀྱང་འདོད་ཆགས་དང་བྲལ་བ་ཐོབ་པོ། །དགེ་བསྙེན་
རྣམས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །དགེ་བསྙེན་མ་རྣམས་ཀྱིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏེ། སྔོན་ཡོངས་སུ་སྦྱངས་པའི་ཁྱད་པར་ཉིད་དང་བསམ་པ་དང་རྗེས་སུ་མཐུན་པར་འབྲས་བུ་བལྟ་བར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་
Vol. 117 · folio 27a
འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཞེས་བྱ་བ་ནི་བྱ་བའི་བྱེ་བྲག་གོ། །དེ་ལ་རྣམ་པ་དྲུག་ནི་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བ་ནི་གཅིག་གོ། །དེ་ལས་བཟློག་པ་ནི་གཉིས་པའོ། །བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ་བ་ནི་གསུམ་པའོ། །དེ་དག་
ལས་བཟློག་པ་ནི་བཞི་པའོ། །མཐའ་དམའ་ན་དབུས་མཐོ་བ་ནི་ལྔ་པའོ། །དེ་དག་ལས་བཟློག་པ་ནི་དྲུག་པའོ་ཞེས་བྱ་བ་ནི་རྣམ་པ་དྲུག་གོ། །གཡོ་བ་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་མཚན་མ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཆོས་ཀྱི་ཚིག་གི་བྱེ་བྲག་
གིས་ནི་ཤིན་ཏུ་གུས་པ་བསྐྱེད་པའི་ཕྱིར་དང་། ཆོས་ཉིད་ཀྱི་མཐུ་ཆེན་པོ་ཡང་དག་པར་བསྟན་ནས་འཆད་པ་ནི་གླེང་གཞིའི་ལེའུ་ཞེས་བྱའོ། །སངས་རྒྱས་ཆོས་རྣམས་གླེང་གཞི་ནི། །བྱང་ཆུབ་སེམས་ལ་ངེས་པར་བརྗོད། །ས་དང་ཕ་རོལ་ཕྱིན་པ་ལ། །དེ་ཉིད་ཡང་དང་ཡང་འབྱུང་ཕྱིར། །དེ་ནི་
གླེང་གཞིའི་ལེའུ་ལས། །བདེ་གཤེགས་དམ་པས་བཀའ་སྩལ་ཏེ། །གླེང་གཞི་དེ་ལས་ཐམས་ཅད་ཀྱང་། །བློ་དང་ལྡན་པས་ཤེས་པར་བྱ། །གླེང་གཞིའི་ལེའུའི་བཤད་པ་རྫོགས་སོ།། །།སཱ་ལའི་དབང་པོའི་རྒྱལ་པོའི་ལེའུ་བཤད་པར་འདོད་ནས། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཟླ་འོད་གཞོན་ནུ་ནི་ཐམས་ཅད་དུ་གསོལ་བ་འདེབས་པ་ལ་དབང་བས། དེའི་ཕྱིར་དེ་ལ་བོས་ནས་དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་ལ་ངས་བཀུར་སྟིར་བྱས་ཞེས་བྱ་བར་འབྲེལ་ཏོ། །སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ་
ཞེས་བྱ་བ་ལས། རྒྱལ་སྲིད་ཀྱི་དབང་ཕྱུག་དང་ལྡན་པའི་རང་གི་བདེ་བ་ལ་ལྟོས་པ་མེད་པས་ཏིང་ངེ་འཛིན་འདི་འདོད་ཅིང་སྟེ། ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་དང་། ཏིང་ངེ་འཛིན་ཐོབ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པའི་ཕྱིར་རོ། །བྱ་རྒོད་ཕུང་པོའི་རི་འདི་ཉིད་ལ་ཞེས་བྱ་བ་ནི་སྔོན་
གྱི་གནས་རྗེས་སུ་དྲན་པའི་ཤེས་པས་བསྐལ་པ་དཔག་ཏུ་མེད་པའི་སྐྱེ་བ་དྲན་པའི་བདག་ཉིད་ཀྱི་དྲན་པའི་རྒྱུ་སྟོན་པའོ། །བཀུར་སྟིར་བྱས་པ་ནི་བཀུར་བར་འོས་པ་ལ་མཆོད་པའོ། །བླ་མར་བྱས་པ་ནི་བླ་མ་ལ་གུས་པས་བསྟེན་པའོ། །རི་མོར་བྱས་པ་ནི་ཆེན་པོར་བརྩིས་པའོ། །མཆོད་པར་
Vol. 117 · folio 27b
བྱས་པ་ནི་མེ་ཏོག་ལ་སོགས་པས་སོ། །རྗེད་པར་བྱས་པ་ནི་ཡོན་ཆབ་དང་ཞབས་བསིལ་ལ་སོགས་པས་སོ། །གསོལ་བར་བྱས་པ་ནི་དེ་ལས་གཞན་པའི་མཆོད་པའི་རྣམ་པས་སོ། །དེ་དག་ཉིད་བསྟན་པའི་ཕྱིར་རིན་པོ་ཆེ་ཐམས་ཅད་དང་། མེ་ཏོག་དང་། སྤོས་དང་ཞེས་བྱ་བ་ལ་སོགས་
པ་ལ། གཙུག་ལག་ཁང་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བཀོད་པ་ཞེས་བྱ་བ་ནི་རྟེན་གྱི་ཁྱད་པར་ཉེ་བར་མཁོ་བ་ཐམས་ཅད་དང་ལྡན་པས་བསྙེན་བཀུར་བྱས་ཤིང་དགྱེས་པར་བྱས་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དྲུང་ནས་སོ། །ཆོས་
ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་རྒྱས་པར་ཐོས་ཏེ་ཞེས་བྱ་བ་ནི་མང་དུ་མང་པོ་དང་ལྷན་ཅིག་ངེས་པར་བྱ་བའི་ཕྱིར་མཉན་པར་བྱས་པའོ། །ཐོས་ནས་ཀྱང་གཞན་དག་ལ་རབ་ཏུ་བསྟན་པར་བྱས་སོ། །བདག་ཉིད་ཀྱིས་ཀྱང་ཉོན་མོངས་པ་མེད་པའི་སྒོམ་པས་
བསྒོམས་སོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་རྒྱུད་ལ་རྡུལ་དང་འདྲ་བའི་ཉོན་མོངས་པ་རྣམས་གང་བསྒོམས་པས་མི་སྐྱེ་བའི་བྱམས་པ་ཆེན་པོའི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པ་མེད་པའི་སྒོམ་པ་སྟེ། བསྒོམ་པ་དེ་གཞན་དག་ལ་ཡང་རབ་ཏུ་སྟོན་པར་བྱེད་པའོ། །དེ་དག་ཐམས་ཅད་ཀྱི་ཐ་མ་ནི་
དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ་ཞེས་བྱ་བ་ལ་སྔར་བསྟན་པའི་དེ་བཞིན་གཤེགས་པ་རྣམས་ཏིང་ངེ་འཛིན་གྱི་རོ་མྱང་བའི་ཕྱིར་བསྟེན་པས་མ་ངོམས་ནས་ཕྱི་ནས་ཡང་དེ་བཞིན་གཤེགས་པ་ལ་བརྟེན་པ། གཞོན་ནུ་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་
རྒྱལ་པོ་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་གི་དགེ་འདུན་བྱུང་སྟེ་ཞེས་བྱ་བས་ནི་མང་པོ་དང་ལྷན་ཅིག་བདག་གིས་ཐོས་པ་དང་། བཅོམ་ལྡན་འདས་ཀྱི་འཁོར་ཡང་མཐའ་ཡས་པར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་དེ་
ལ་ལོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་དུ་མཆོད་པ་དང་བསྙེན་བཀུར་ཆེན་པོ་བྱས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་མཉན་པའི་ཕྱིར་རོ། །དེའི་ཚེའི་ཚད་ནི་ལོ་བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ཏུ་གྱུར་ཏེ་ཞེས་བྱ་བ་ནི་ཇི་སྲིད་སྐུ་ཚེའི་མཐར་ཐུག་པར་མ་གྱུར་གྱི་བར་དུ་མཉན་པ་དང་གཟུང་བ་དང་བཅང་བར་
Vol. 117 · folio 28a
འདོད་པས་ཡོངས་སུ་མི་གཏོང་བའི་སྦྱོར་བས་བླ་མ་དང་ནམ་ཡང་བྲལ་བར་མ་གྱུར་ཏོ། །བཅོམ་ལྡན་འདས་དེའི་དྲུང་དུ་རབ་ཏུ་བྱུང་ནས་ཞེས་བྱ་བ་ནི་རྣམ་པར་གཡེང་བ་མ་ལུས་པ་སྤངས་པས་ཐོས་པའོ། །མཉན་ཅིང་གཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་
ནོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་སྐྱོ་བ་མེད་པའི་སེམས་ཀྱིས་ཇི་ལྟ་རང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་དང་གཡོག་བྱ་བ་དང་ལྡན་པ་བཞིན་དུ་ཁྱོད་ཀྱིས་ཀྱང་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར། གཞོན་ནུ་དེ་ལྟ་བས་ན་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་། གཡོག་བྱ་བ་ལ་བརྩོན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་
པ་དང་གཡོག་བྱས་པས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅེས་བྱ་བའི་སོམ་ཉི་དེ་ཅིའི་ཕྱིར་ཞེ་ན་ཞེས་འདྲི་བའི་ལན་གདབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་། གཡོག་བྱ་བའི་རྒྱུ་མཐུན་པས་ཞེས་བྱ་བ་གསུངས་ཏེ།
གང་གི་ཕྱིར་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། གཡོག་བྱས་པའི་ཡོངས་སུ་སྤྱོད་པའི་རྒྱུ་མཐུན་པ་ཉིད་དང་། མཉམ་པ་དང་བསམ་པའི་རྒྱུ་མཐུན་པའི་མཚུངས་པའི་འབྲས་བུས་ནི་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་དཀའ་བ་མ་ཡིན་པས་དེ་ལ་མངོན་པར་
སྦྱར་བར་རིགས་ནས་ཏིང་ངེ་འཛིན་འདི་ལྟར་རྒྱུན་མི་འཆད་པར་བསྒོམས་ན་ངེས་པར་བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་སྡུད་པར་བྱེད་དོ། །ལྷུག་པར་བསྟན་པའི་དོན་དེ་ཚིགས་སུ་བཅད་པས་སླར་ཡང་གསུངས་པ་ནི་བདེ་བར་ཁོང་
དུ་ཆུད་པར་བྱ་བའི་ཕྱིར་དང་། སྟོན་པ་ལ་དབང་ཐོབ་པར་བསྟན་པའི་ཕྱིར། སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱ་ཆེར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྔར་བསྟན་པ་ལས་ལྷག་པར་འཇུག་པ་ནི་རྒྱ་ཆེར་ཞེས་བྱའོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་ཏེ། ཡིད་དུ་འོངས་པའི་
Vol. 117 · folio 28b
དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའོ། །བསྟན་ཏོ་ཞེས་བྱ་བ་ནི་འདས་པའི་དུས་སྟོན་པའོ། །དྲན་པ་སྟོབས་བཅུ་བྱེ་བ་དྲུག་ཅུ་དག །སྔོན་ཚེ་བྱ་རྒོད་ཕུང་པོའི་རི་ལ་བཞུགས། །ཞེས་བྱ་བ་ལ། དྲན་པ་ནི་སྔོན་གྱི་དུས་སུ་སྟོབས་བཅུ་དང་ལྡན་པ་བྱེ་བ་དྲུག་ཅུ་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ལ་
བཞུགས་པ་དྲན་པར་གྱུར་པའོ། །དེ་དག་གིས་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཏིང་ངེ་འཛིན་འདི་བཤད་པར་མཛད་པའོ། །དེ་དག་ཐམས་ཅད་ཀྱི་ཐ་མར་གྱུར་པ་ནི་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བའོ། །དེ་ལ་ངས་ཏིང་ངེ་འཛིན་འདི་དྲིས་སོ། །ང་ཡང་
རྒྱལ་རིགས་ཉིད་གྱུར་ཏེ། །རྒྱལ་པོ་ས་བདག་གཙོ་བོ་ཡིན། །ཞེས་བྱ་བ་ལ་མིའི་བདག་པོ་ཐམས་ཅད་ཀྱི་ནང་ན་འཁོར་ལོས་སྒྱུར་བ་གཙོ་བོར་གྱུར་པའོ། །ང་ཡི་བུ་ཡང་ལྔ་བརྒྱ་སྟེ། །ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལ་ངེས་པར་བུ་ལྔ་བརྒྱ་ལས་མི་ཉུང་བ་འབྱུང་བར་འགྱུར་རོ། །སངས་རྒྱས་
དེ་ཡི་གཙུག་ལག་ཁང་། །བྱེ་བ་སྙད་ནི་ངས་བྱས་ཏེ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། གཡོག་བྱ་བའི་ཕྱིར་ཉེ་བར་མཁོ་བ་ཐམས་ཅད་མ་བྲལ་བ། ཙན་དན་ཤིང་དང་རིན་པོ་ཆེའི་ཀ་བ་ལ་སོགས་པས་མཛེས་པར་བརྒྱན་པ་རྣམས་བྱས་སོ། །རྒྱལ་པོ་དེའི་སྐྱེ་བོ་མང་པོ་
ལ་དགའ་ཞིང་ཡིད་དུ་འོང་བ་སྟེ་འཇིག་རྟེན་ཐམས་ཅད་ཀྱི་འདོད་པའོ། །འཇིག་རྟེན་པའི་བླ་མ་ཞེས་བྱ་བ་སྟེ། དེས་དེ་བཞིན་གཤེགས་པ་ལ་ཁྱད་པར་ཅན་གྱི་མཆོད་པ་དམ་པ་དག་ལོ་སྟོང་ཕྲག་བྱེ་བ་བཅོ་བརྒྱད་ཀྱི་བར་དུ་བྱས་སོ། །རྐང་གཉིས་གཙོ་བོ་རྒྱལ་བ་མ་སྨད་པ། །ལོ་ནི་
བྱེ་བ་སྟོང་ཕྲག་བདུན་ཅུ་དྲུག །དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མཆོད་པ་རྣམ་པ་མང་པོ་ངས་བྱས་སོ། །བཅོམ་ལྡན་འདས་དེའི་དྲུང་དུ་ང་བཙུན་མོ་དང་སྲས་དང་བཅས་པར་རབ་ཏུ་བྱུང་ནས། ལོ་བྱེ་བ་སྟོང་ཕྲག་བཅུ་བཞིར་ངས་ཏིང་ངེ་འཛིན་འདི་ཡོངས་སུ་ཞུས་ཏེ། ཚིགས་སུ་
བཅད་པ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་དང་། དཀྲིགས་ཕྲག་བྱེ་བ་བརྒྱ་རྣམས་ངས་གཟུང་ངོ་། །གཞུང་དེ་དག་ཀྱང་ཏིང་ངེ་འཛིན་འདིའི་ལེའུ་གཅིག་ཡིན་ནོ། །དེ་དག་ཀྱང་ངས་མཉན་ཅིང་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་བསྟན་ཏོ། །དེ་ལྟ་བུའི་ལེའུ་སྟོང་ཕྲག་བརྒྱའི་གཞུང་གྲངས་མེད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words