འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ

Sanskrit title (Tibetan script, as in the text) ཨཱརྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ་ཀཱིར་ཏི་མཱ་ལ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 117 · folio 56a

བཞིན་དུ་རབ་ཏུ་ཤེས་པར་འགྱུར། ཇི་ལྟར་ན་འཇུག་པའི་མཚན་ཉིད་བྱ་བ་ལ་འཇུག་པར་འགྱུར། སྐྱེ་བ་དྲན་པར་ཇི་ལྟར་འགྱུར། འཁོར་རྣམས་མི་ཕྱེད་པར་ཇི་ལྟར་འགྱུར། ཇི་ལྟར་སྤོབས་པ་མཐའ་ཡས་པར་འགྱུར། ཞེས་བྱ་བ་སོགས་པའི་ཞུ་བ་རྣམས་ཀྱི་ལན་གདབ་

པའི་ཕྱིར། ཟླ་འོད་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཟླ་འོད་གཞོན་ནུར་གྱུར་པ་ལ་བོས་ནས་བཀའ་སྩལ་པ། ཆོས་གཅིག་དང་ལྡན་ན་ཡོན་ཏན་འདི་དག་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཆོས་གཅིག་པོ་གང་ཞེ་ན། ཞེས་ཐེ་ཚོམ་བསལ་

བའི་ཕྱིར་དྲིས་པ་དང་། གཞོན་ནུ་འདི་ལ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ལན་འདེབས་པའོ། །ཆོས་ཐམས་ཅད་མིང་དང་བྲལ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་མིང་དང་སྐད་དང་ཡི་གེ་དང་བྲལ་བས་སྐྱེ་བ་དང་བྲལ་བ། རྒྱུ་དང་རྐྱེན་དང་མཚན་ཉིད་མི་མཐུན་པ་སྒྲོ་

བཏགས་པ་ཐམས་ཅད་ལས་དབེན་པ་གཉིས་སུ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་སེམས་དང་། ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ། གཟུང་བ་དང་། འཛིན་པ་མེད་

པར་ཆོས་ཐམས་ཅད་རབ་ཏུ་ཤེས་སོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པས་གསལ་བར་མཛད་པའི་ཕྱིར། ཆོས་རྣམས་བསྟན་པ་གཅིག་པོ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཅེས་བྱ་བ་ནི་ངེས་པར་བསྟན་པ་གཅིག་གོ། །གང་

གིས་ཆོས་གཅིག་རབ་ཏུ་བསྟན་པ་འདི་རབ་ཏུ་ཤེས་པ་དེས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཡང་དག་པའི་མཐའ་རབ་ཏུ་ཤེས་པར་འགྱུར་ཏེ། འདིར་གང་གིས་ཅི་ཡང་བརྗོད་དུ་མེད་པའོ། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པའི་

མཐའི་ངོ་བོ་ཉིད་དུ་གང་གིས་ཤེས་པའོ། །ཤེས་ནས་མིང་དང་རྒྱུ་མཚན་ལ་སོགས་པ་ལ་ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མེད་པས་མ་སྐྱེས་པར་ཤེས་སོ། སྐྱེ་བ་དྲན་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ལ་སོགས་པའི་ལན་ནི་གང་གི་ཚེ་སྐྱེ་བ་དྲན་པ་དེའི་ཚེ་བྱ་བ་ཐམས་ཅད་

Vol. 117 · folio 56b

ལ་རྨོངས་པར་མི་འགྱུར་རོ། །དེས་ན་རྨོངས་པ་མེད་ན་ཡང་དག་པའི་མཐའ་ཡོངས་སུ་ཤེས་སོ། །ཡང་དག་པའི་མཐའ་ཡོངས་སུ་ཤེས་ན། བྱང་ཆུབ་སེམས་དཔའི་འཁོར་རྣམས་མི་ཕྱེད་པར་འགྱུར་རོ། །ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་པའི་བྱིས་པ་རྣམས་ནི་འཁོར་བའི་སྡུག་བསྔལ་

ཉམས་སུ་མྱོང་བར་འགྱུར་རོ། །ཆོས་རྣམས་ལ་མི་རྟོག་པ་ནི་རང་གི་རྣམ་པར་རྟོག་པས་བཟོས་སྤྲུལ་པའི་སྒྱུ་མའི་དྲ་བའི་རང་བཞིན་ལ་མཁས་པ་རྨོངས་པར་མི་འགྱུར་རོ། །དེའི་ཕྱིར། སྟོང་པ་རྙོག་པ་མེད་པའི་ཆོས། །འདི་ནི་མཁས་པའི་ས་ཡིན་ཏེ། །ཞེས་བྱ་བ་ནི་འདི་ནི་བྱང་ཆུབ་སེམས་དཔའི་

སྤྱོད་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱན་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ནི་ཉོན་མོངས་པ་མ་ལུས་པ་བག་ཆགས་དང་བཅས་པ་རབ་ཏུ་སྤོང་བར་བྱེད་པའི་ཕྱིར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་བག་ཆགས་དང་བཅས་པ་རབ་

ཏུ་སྤངས་པར་གྱུར་པ་དེའི་ཚེ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་ཞེན་པར་མི་འགྱུར་རོ། །དེ་མི་གནས་པའི་སྦྱོར་བས་སངས་རྒྱས་ཀྱི་རིགས་ལ་གནས་ནས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་

དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེ་ལ་ལྷ་ཀླུ་རྟག་ཏུ་བཀུར་སྟི་བྱེད། །ཅེས་བྱ་བ་ལ་སོགས་པས་ནི་ཆོས་ལ་གུས་པ་ཉིད་ཀྱིས་ཆོས་ཉིད་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཆོད་པ་བྱེད་པར་

འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱང་རབ་ཏུ་དགྱེས་པའི་ཐུགས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་རབ་ཏུ་སྟོན་པར་འགྱུར་རོ། །གང་གིས་སྟོང་ཉིད་ཤེས་དེ་བྱང་ཆུབ་སེམས། །ཞེས་བྱ་བ་ནི་སྟོང་པ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་འདུལ་

བའི་ཕྱིར་སྟོང་པ་ཉིད་དང་རབ་ཏུ་ལྡན་པའི་ཆོས་སྟོན་པར་འགྱུར་རོ། །དེ་ཐོས་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་འཇུག་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །དེས་ཀྱང་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། །ཆོས་ཀུན་

Vol. 117 · folio 57a

སྒྱུ་མ་ལྟ་བུར་ཤེས་པར་གྱིས། །ཇི་ལྟར་བར་སྣང་རང་བཞིན་སྟོང་པ་ལྟར། །ཞེས་བྱ་བ་ལ། གཟོད་མ་ནས་མ་སྐྱེས་པའི་ནམ་མཁའ་ནི་ཐོགས་པ་དང་བཅས་པའི་དངོས་པོའི་དོན་བྱེད་པ་ཙམ་གྱི་ཕྱིར་རང་བཞིན་གྱིས་སྟོང་པའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་

པར་ཤེས་ནས་ཞེན་པ་མེད་པས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །དེ་དག་གི་ཡང་རང་བཞིན་དེ་འདྲར་ཤེས། །ཞེས་བྱ་བ་ལ། ཤེས་པས་གདུལ་བྱའི་སྐྱེ་བོ་རྣམས་ལ་མངོན་པར་བལྟས་ནས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་སེམས་ཅན་གདུལ་བྱ་རྣམས་

གདུལ་བའི་ཕྱིར་དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་སྤྲོས་ཏེ། དེ་དག་ཏུ་སངས་རྒྱས་ཀྱི་མཛད་པ་མཛད་དེ་མྱ་ངན་ལས་འདས་ཀྱང་སྐྱེ་བ་དང་འགག་པ་ཅི་ཡང་མེད་དོ། །དེ་ལྟར་ཆོས་ཀུན་ལ་ཡང་རབ་བརྟགས་ཏེ། །ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་གདུང་

རྒྱུད་མི་གཅད་པའི་ཕྱིར་ཞུགས་ནས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་ཆེན་པོར་གྱུར་ནས། བདུད་ཐམས་ཅད་ཀྱིས་མི་གཡོ་བའི་ཡིད་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ལྷག་པའི་བསམ་པ་དང་། གསོལ་

བ་འདེབས་པ་མེད་བཞིན་རྟག་ཏུ་ཉེ་བར་གནས་པའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །སྤོབས་པ་མི་ཟད་པས་མདོ་སྡེ་དཔག་ཏུ་མེད་པའི་དོན་ཤིན་ཏུ་ཕྲ་བ་རབ་ཏུ་སྟོན་པ་ལ་མཁས་པས་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་གདུལ་བ་ལ་

མཁས་པའོ། །མ་ཚང་བ་མེད་པའི་སྟོབས་ཀྱིས་ཤུགས་འཆང་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་ཕྲ་བའི་ཆོས་ཀྱི་རང་བཞིན་རྟོགས་པའི་ཕྱིར་མ་ཚང་བ་མེད་པའི་སྟོབས་ཏེ། སྟོབས་བཅུ་ཐོབ་པར་འགྱུར་རོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་ཡང་ཡིད་

དུ་འོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་དང་ཡོན་ཏན་གྱི་ཚོགས་སྟོན་ཏེ་གོ་སླའོ། །བསྐལ་པ་སྟོང་མང་དེ་ཡི་བསོད་ནམས་སྟོབས། །ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་འཛིན་པའི་བསོད་ནམས་ནི་མཐའ་ཡས་ཤིང་སྨྲ་བར་མི་ནུས་ཏེ། དཔག་ཏུ་མེད་པའི་ཕྱིར་

Vol. 117 · folio 57b

རོ། །མདོ་སྡེ་འཛིན་པའི་བསོད་ནམས་ཀྱི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། སྐྱེས་བུ་ལ་ལ་བསོད་ནམས་འདོད་པས་འདིར། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྐྱེས་བུ་བསོད་ནམས་འདོད་པ་འགའ་ཞིག་གིས་དེ་བཞིན་གཤེགས་པ་རྣམས་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་

དཔག་ཏུ་མེད་པར་བསྙེན་བཀུར་དང་ཀུན་ཏུ་སྤྱོད་པས་བསྙེན་བཀུར་བྱས་ལ། གཞན་བསོད་ནམས་འདོད་པ་ཞིག་གིས་ཆོས་ཟབ་མོའི་ཚུལ་འདི་ལས་སེམས་ཤིན་ཏུ་དང་བས་ཚིགས་སུ་བཅད་པ་གཅིག་ཅིག་ཕྱི་མའི་དུས་ཏེ་དམ་པའི་ཆོས་འཇིག་པའི་དུས་སུ་འཛིན་ན། དེ་ལ་སྔ་མའི་བསོད་

ནམས་ཆར་མི་ཕོད། །ཅེས་བྱ་བ་ལ། སྔར་བསྟན་པའི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཆར་ཡང་མི་ཕོད་དོ་ཞེས་བྱ་བའི་དོན་ཏེ། གཙོ་བོ་ཉིད་དུ་གྱུར་པའོ། །དེ་ཕྱིར་བྱེ་བྲག་འདི་འཕགས་དེ་འདྲ་སྟེ། །ཞེས་བྱ་བ་ལ་སོགས་པས་ནི་ཉེ་

བར་སྡུད་པའོ། །བསོད་ནམས་དཔག་མེད་དཔེ་ལས་འདས་གྱུར་པ། །ནམ་མཁའ་དང་མཉམ་འདིར་ནི་ཐོབ་གྱུར་པས། །ཚིག་གི་བདག་པོ་འཇོམ་མཆོག་འདྲ་གྱུར་པ། །དེ་ནི་བྱང་ཆུབ་སེམས་དཔའ་དེ་རྒྱལ་སྲས། །མདོ་སྡེ་འཛིན་པའི་ལེའུ་སྟེ་བཅུ་གཅིག་པའི་བཤད་པ་རྫོགས་

སོ།། །།ད་ནི་ཏིང་ངེ་འཛིན་རྗེས་སུ་བསླབ་པའི་ལེའུ། གཞོན་ནུ་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེ་འཛིན་པའི་ལེའུར་ཕན་ཡོན་བསྟན་པ་སྔོན་དུ་འགྲོ་བའི་ཚིག་གིས། གཞོན་ནུ་སེམས་ནི་ངོ་བོ་ཉིད་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ་ཞེས་བྱ་

བ་ལ་སོགས་པ་ལ། ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་མེད་པའོ། །གཟུགས་མེད་པའི་ཕྱིར་འདི་ནི་འདིའོ་འདི་ནི་འདིའོ་ཞེས་ངེས་པར་བསྟན་པར་མི་ནུས་སོ། །སེམས་ཅི་ལྟ་བ་སངས་རྒྱས་ཀྱི་ཡོན་ཏན་ཡང་དེ་ལྟ་བུའོ། །དེ་བཞིན་གཤེགས་པ་ཡང་དེ་ལྟ་བུའོ། །ཆོས་ཐམས་ཅད་

ཀྱང་དེ་ལྟ་བུའོ། །ཞེས་བྱ་བར་རབ་ཏུ་ཤེས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་ངེས་པར་བརྟགས་པ་ལ་མཁས་པར་འགྱུར་རོ། །དེ་ནི་ཁམས་གསུམ་ལས་བྱུང་བ་ལ་མཁས་པའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ། །ཁམས་གསུམ་ལ་མ་ཆགས་པའོ། །ཁམས་

Vol. 117 · folio 58a

གསུམ་ལས་ཡང་དག་པར་འདས་པའོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། ཉོན་མོངས་པ་དང་། སྒྲ་དང་ཡི་གེ་ལ་མངོན་པར་ཞེན་པ་དང་བྲལ་བ་དེ་ནི་ཆོས་ཀྱི་ཚུལ་ལ་མཁས་སོ། །ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་དགོད་པའི་ཡེ་

ཤེས་ལ་མཁས་པའི་བློ་དང་ཡང་དག་པར་ལྡན་པའི་ཕྱིར་གཞན་གྱིས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུ་སྔོན་ཡོངས་སུ་སྦྱོང་བ་བྱས་པ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་ཞེས་བྱ་བ་ནི་སྦྱང་བ་བྱས་པ་བྱེ་བ་བརྒྱ་སྟོང་

ཆོས་ཟབ་མོ་ལ་བཟོད་པའི་སྟོབས་ཀྱིས་ཞེས་བྱ་བའི་བར་དུའོ། །གཟུངས་ནི་ཤེས་རབ་བོ། །སྒྲིབ་པ་མེད་པའི་བཟོད་པ་སོ་སོར་ཐོབ་པར་གྱུར་ཏོ། །དེ་དག་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ནི་སངས་རྒྱས་སུ་དེ་བསམ་པ་ངེས་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཞེས་བྱ་བ་

ལ་སོགས་པའི་ཚིགས་སུ་བཅད་པས་ནི་དོན་དེ་ཉིད་སླར་ཡང་བསྟན་པའོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གང་། །ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ཆོས་ཉིད་དུ་མཚན་ཉིད་གཅིག་པར་ཤེས་

པའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་སེམས་བརྟེན་པོས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་བསླབ་པར་བྱའོ། །དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་གྱི་གཟུགས་ཀྱི་སྐུ་ནི་མ་ཡིན་ཏེ། སྒྲོ་

བཏགས་པའི་རྟོག་པ་ཐམས་ཅད་རབ་ཏུ་སྤངས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྐུ་མཐོང་བ་ནི་སངས་རྒྱས་མཐོང་བའོ། །ཏིང་ངེ་འཛིན་མཐོང་བའོ། །དེ་བཞིན་དུ་ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དོ་ཞེས་རྣམ་པར་རིག་ནས་ཁམས་གསུམ་ལ་མི་བརྟེན་པའི་

སེམས་ནི་བདུད་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པའི་སེམས་ཀྱིས་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པའོ། །སྐྱེ་བ་མེད་ཅིང་འགག་པ་མེད་པར་ཆོས་རྣམས་རང་བཞིན་རྟོགས་ན་ཡང་། དེ་བཞིན་གཤེགས་པས་གསུངས་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་

Vol. 117 · folio 58b

གནས་རྣམས་མ་ཉམས་པས་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེར་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་འགྲུབ་པར་འགྱུར་ཞེས་གསུངས་པའི་ཕྱིར་རོ། །བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལས་མི་

ཉམས། ཆོས་རབ་ཏུ་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ལ་སློབ་པ་ནི་ཏིང་ངེ་འཛིན་ལ་རྗེས་སུ་སློབ་པ་ཡིན་ནོ། །ཏིང་འཛིན་སེམས་ལ་ངེས་རྟོག་པ། །ཀུན་དུ་རྣམ་པར་མི་རྟོག་ཉིད། །དེ་ལ་ཡང་དག་རྗེས་སློབ་པ། །བསྒྲུབ་པ་ཞེས་འདིར་བཤད་པ་ཡིན། །ཏིང་ངེ་འཛིན་ལ་རྗེས་སུ་

སློབ་པའི་ལེའུ་སྟེ་བཅུ་གཉིས་པའི་བཤད་པ་རྫོགས་སོ།། །།ཏིང་ངེ་འཛིན་ལ་སློབ་པའི་རྗེས་སུ་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཉེ་བར་བསྟན་པའི་ཕྱིར། ཏིང་ངེ་འཛིན་ངེས་པར་བསྟན་པ་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་ཉིད་དང་ཞེས་

བྱ་བ་ནི་ཇི་ལྟ་བ་བཞིན་ནི་རང་བཞིན་གྱིས་སྟོང་པ་ཉིད་བཞིན་ནོ། །དེ་ནི་མི་རྟོག་པ་ལོག་པར་མཐོང་བ་མ་ཡིན་པ་གང་གིས་ཀྱང་ཉེ་བར་མ་བསྐྱེད་པ་སྟེ། སྐྱེ་བ་མེད་ཅིང་འགག་པ་མེད་པ་ཉིད་དོ། །སེམས་དང་སེམས་ལས་བྱུང་བ་དང་། ཆོས་དང་ཆོས་ཅན་དང་། ལས་དང་བྱ་བ་ལ་སོགས་པའི་

ཡིད་ལ་བྱེད་པ་རྒྱུན་ཆད་པ། ཕུང་པོ་ལ་སོགས་པ་རྗེས་སུ་མི་དམིགས་པ་དམིགས་སུ་མེད་པའི་ངོ་བོ་ཉིད་དྲན་པ་དང་། བློ་གྲོས་དང་། རྟོག་པ་དང་། ཁྲེལ་ཡོད་པ་དང་། བརྟན་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། ནན་ཏན་གྱི་གནས་སུ་གྱུར་པ། བྱང་ཆུབ་སེམས་དཔའ་

ཐམས་ཅད་ཀྱི་སློབ་པ་ཏིང་ངེ་འཛིན་ལས་རབ་ཏུ་བྱུང་བའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་གྱི་རྟེན་དུ་གྱུར་པ་ལ་དེ་ནི་ཏིང་ངེ་འཛིན་ངེས་པར་བསྟན་པ་ཞེས་བྱའོ། །ངེས་པར་བསྟན་པ་འདི་ལ་རབ་ཏུ་གནས་པ་ནི་ཏིང་ངེ་འཛིན་དང་བྲལ་བར་མི་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་

ཡོན་ཏན་དང་མངོན་པར་མི་འབྲལ་ཏེ། སེམས་འཁྲུལ་པ་མེད་པ་ཡིན། ལྷུན་གྱིས་གྲུབ་པ་ཡིན། སེམས་ཅན་མ་ལུས་པའི་དོན་བྱེད་པར་ནུས་པར་འགྱུར་རོ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་གསུངས་ཏེ། ཏིང་

Vol. 117 · folio 59a

འཛིན་མཉམ་པ་མེད་པའི་ས། །ཞེས་བྱ་བ་ལ་སོགས་པ་ལ། མཉམ་པ་མེད་པ་ནི་སྟོང་པ་ཉིད་དོ། །ཞི་བ་ནི་རང་བཞིན་གྱིས་ཞི་བའོ། །ཕྲ་བ་ནི་རགས་པ་ལ་དམིགས་པའི་བློས་རྟོགས་པར་མི་ནུས་པའོ། །དེ་ཉིད་ཀྱི་ཕྱིར་མཐོང་དཀའོ། །གང་གི་ཕྱིར་འདུ་

ཤེས་ཐམས་ཅད་བཅོམ་པ་སྟེ་དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །སྟོང་པ་ཉིད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །དེ་དག་རྒྱ་ཆེར་བསྟན་པའི་ཕྱིར། རྟོག་པ་མེད་ཅིང་རྣམ་རྟོག་མེད། །ཅེས་བྱ་བ་ལ་སོགས་པ་ལ། གཟུང་བ་དང་འཛིན་པའི་

རྣམ་པར་རྟོག་པ་རྣམ་པར་སྤངས་པ་ནི་གཞི་མེད་པས་བསྟན་དུ་མེད་པའོ། །སེམས་ཀྱང་དམིགས་པ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ་བ་ལ། མཉམ་པར་གཞག་པར་གྱུར་ཀྱང་རློམ་སེམས་མེད་པ་ནི། རློམ་སེམས་མེད་པ་ཇི་བཞིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བསྒྲགས་

སོ། །ཆོས་ནི་རྡུལ་ཙམ་ཡང་ཡོད་མེད་པས་ཡོད་པ་མ་ཡིན་པ་ལ་དམིགས་པར་ག་ལ་འགྱུར། ཆོས་རྣམས་དམིགས་སུ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་བྱ་བ་ལ། སེམས་ཀྱིས་དམིགས་པ་མེད་པ་ཞེས་བྱ་བ་དེ་ཡང་རྣམ་པར་རྟོག་པའོ། །ཆོས་དེ་རྣམ་པར་

མ་བརྟགས་པ། །ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་ཞེས་བྱས་ནས་སོ། །སྒྲ་ཡིས་དོན་རྣམས་རབ་བསྟན་ཏེ། །སྒྲ་དེ་ཉིད་ཀྱང་དངོས་པོ་མེད། །མི་བདེན་པ་ཡི་སྒྲ་དེ་ཡིས། །གང་དུ་ཅི་ཞིག་སྟོན་པར་བྱེད། །སྒྲ་ནི་བྲག་ཅ་ལྟ་བུ་སྟེ། །འཁྲུལ་པ་འབའ་

ཞིག་ཙམ་ཉིད་དོ། །ཞེས་བྱའོ། །ཆོས་འདི་རྣམས་ནི་མི་གནས་ཏེ། །ཞེས་བྱ་བ་ལ། གནས་དང་། གནས་པ་དང་། གནས་པ་པོ་རྣམས་མི་དམིགས་པ་ནི་གནས་པ་མེད་པ་ཉིད་གནས་པ་པོ་ཞེས་བྱ་བའི་སྒྲས་བརྗོད་དོ། །དེ་བཞིན་དུ། འགྲོ་ཞིང་འཆི་འཕོར་བརྗོད་པ་ཡི། །ཞེས་བྱ་བ་

ལ་སོགས་པ་ལ། འཆི་འཕོ་དང་འགྲོ་བ་དང་བྲལ་བ་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བརྗོད་དོ། །མཉམ་པར་བཞག་པའོ་ཞེས་བྱ་བ་དང་། མཉམ་པར་མ་བཞག་པའོ་སྙམ་པའི་རློམ་སེམས་ཏེ། རློམ་སེམས་མ་ལུས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་མཉམ་པར་

Vol. 117 · folio 59b

གཞག་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །ཞི་གནས་དང་ལྷག་མཐོང་མཉམ་པ་ཉིད་དུ་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་བསྒོམ་པ་དང་མངོན་པར་ལྡན་པ་ཞེས་བྱ་བའོ། །ཡི་གེ་དག་གིས་འཇུག་པར་མི་

ནུས་ཏེ། །ཞེས་བྱ་བ་ལ། ཆོས་ཉིད་ལ་ཞུགས་པ་ལ་ཡི་གེའི་ཉམས་སུ་མྱོང་བ་ཡོད་པར་མི་འགྱུར་ཏེ། །ཡི་གེ་དང་སྐད་དང་སྒྲ་ཐམས་ཅད་དང་བྲལ་བ་བསྒོམ་པ་ཙམ་གྱིས་རྟོགས་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཇི་སྐད་བཤད་པའི་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་

པར་དགའ་བས་སེམས་གཞན་མ་ཡིན་པ་ནི་ནམ་མཁའ་དང་མཉམ་པའི་སེམས་སོ། །གལ་ཏེ་ཞིང་འདི་བསྐལ་པས་ཚིག་གྱུར་ཀྱང་། །ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་ནུས་པ་སྟོན་པ་ཡིན་ནོ། །གལ་ཏེ་སངས་རྒྱས་ཀྱི་ཞིང་འདི་བསྐལ་པ་སྲེག་པའི་མེས་བསྲེགས་པས་སྣོད་

ཀྱི་འཇིག་རྟེན་ཐལ་བ་བཞིན་དུ་མངོན་སུམ་དུ་བྱས་པར་གྱུར་ཀྱང་རིའི་མཆོག་གི་དབུས་སུ་ཞུགས་པ་དེ་མེས་མི་ཚིག་གོ། །ཅིའི་ཕྱིར་བསྲེག་བྱའི་དངོས་པོ་ཡིན་ན་མི་འཚིག་ཅེ་ན། ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐལ་པ་མི་ཉུང་

བར་འཇིག་པའི་བསྐལ་པའི་མེས་འཇིག་རྟེན་གྱི་ཁམས་འདི་བསྲེགས་ཀྱང་ནམ་མཁའ་ནི་ཚིག་པར་མི་འགྱུར་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡང་ནམ་མཁའ་བཞིན་དམིགས་པ་ཐམས་ཅད་དང་བྲལ་བ་ལ་

ཡང་བསྲེག་པར་བྱ་བའི་ངོ་བོ་མི་དམིགས་པའི་ཕྱིར་དེ་ཚིག་པར་མི་འགྱུར་རོ། །གལ་ཏེ་སངས་རྒྱས་ཞིང་འདི་འབར་གྱུར་ཀྱང་། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཞིང་འདི་བསྐལ་པའི་མེས་སྲེག་པར་བྱེད་པ་ན་ཏིང་ངེ་འཛིན་ལ་གནས་པས་བསྐལ་པའི་མེ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཡིད་ཀྱིས་སམ་

ཚིག་གིས་ཀྱང་རུང་། བསྐལ་པ་བསྲེག་པའི་མེ་རབ་ཏུ་ཞི་བར་གྱུར་ཅིག།།ཅེས་བྱ་བ་བརྗོད་པ་ན་སྐད་ཅིག་དེ་ཉིད་ལ་མ་ལུས་པར་རབ་ཏུ་ཞི་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སྔགས་ལ་སོགས་པའི་སྟོབས་ཀྱིས་འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད་དེ། དེའི་གཉེན་

Vol. 117 · folio 60a

པོའི་ཕྱོགས་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ལ་ནི་གཉེན་པོའི་ཕྱོགས་མེད་པའི་ཕྱིར། གཞན་དུ་འགྱུར་བ་མེད་དོ། །དེ་ཡི་རྫུ་འཕྲུལ་སྟོབས་ཀྱང་མཐའ་ཡས་འགྱུར། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་འགྲོ་བ་དང་འོང་བ་ལ་

སོགས་པའི་མཚན་ཉིད་ཅན་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ལ་བྱང་ཆུབ་སེམས་དཔའ་དེ་མངོན་སུམ་དུ་ཕྱོགས་པར་འགྱུར་རོ། །སྤོབས་པ་མཐའ་ཡས་པས་ཆོས་མཐའ་ཡས་པ་ཉན་པ་དང་། སྤྲུལ་པ་མཐའ་ཡས་པ་སྤྲོ་བར་བྱེད་པ་དང་། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ངེས་པར་

བསྒྲུབས་པའི་ཕྱིར། དེ་ཚེ་རྫུ་འཕྲུལ་ཁྱད་པར་ཐོབ། །ཅེས་བྱ་བ་ལ་སོགས་པ་ལ། ནམ་ཞིག་ཉོན་མོངས་མེད་གྱུར་པ། །དེ་ཚེ་རྫུ་འཕྲུལ་ཐོབ་འགྱུར་ཏེ། །གང་གི་ཚེ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉོན་མོངས་པ་རྣམ་པར་སྤངས་པར་གྱུར་པ་དེའི་ཚེ་རྫུ་འཕྲུལ་ལ་དབང་ཐོབ་པར་གྱུར་

པ་ན་ཇི་ལྟར་འདོད་པ་བཞིན་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པར་འགྱུར་བས་བརྟགས་པའི་དྲི་མ་ཐམས་ཅད་སྤངས་པར་གྱུར་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པ། །འཇིག་པའི་དུས་ཀྱི་མེས་བཅོམ་ཕྱེར་བྱས་ཀྱང་། ནམ་མཁའ་

བཅོམ་ཞིང་ཕྱེ་མར་བྱེད་མི་ནུས། །དེ་བཞིན་ཏིང་འཛིན་བརྟན་ཐོབ་རྣལ་འབྱོར་པ། །ཏིང་ངེ་འཛིན་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའི་བཤད་པ་རྫོགས་སོ།། །།ད་ནི་ལུང་བསྟན་པའི་མཚན་མ་འཛུམ་པ་ཡང་དག་པར་བསྟན་པའི་ལེའུ་རབ་ཏུ་བསྒྲུབ་པའི་ཕྱིར། དེ་ནས་ཞེས་

བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ་ནི་ཡང་དག་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་འཛུམ་པ་མཛད་པ་ཡོངས་སུ་ཞུ་བའི་ཕྱིར། སྡུག་བསྔལ་གཙེས་པའི་

སེམས་ཅན་གཟིགས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་ཀུན་ནས་དཀྲུགས་པའི་སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་ཉེ་བར་གཟུང་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་དེ། སངས་རྒྱས་སུ་གྱུར་

Vol. 117 · folio 60b

ནས་སེམས་ཅན་མ་ལུས་པ་རབ་ཏུ་དགྲོལ་བར་བྱའོ་ཞེས་བྱའོ། །དཔའ་བོས་བསྐལ་པ་བྱེ་བ་མང་སྤྱད་དེ། །ཞེས་བྱ་བ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རྣམས་བསྐལ་པ་མི་ཉུང་བར་གོམས་པར་མཛད་པའི་

སྦྱིན་པ་རེ་ཞིག་གསུངས་པ། གླང་པོ་དང་། མགྱོགས་འགྲོ་དང་། ཤིང་རྟའི་མཆོག་དང་། གྲོང་ཁྱེར་གྱི་མཆོག་དང་། རྒྱལ་སྲིད་ཀྱི་མཆོག་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་གི་མཆོག་ལ་སོགས་པ་ཡང་བྱང་ཆུབ་ཀྱི་ཕྱིར་

སྦྱིན་པ་བཏང་ངོ་། །ཁྱེད་ཀྱི་ཚུལ་ཁྲིམས་དྲི་མེད་རྣམ་དག་སྟེ། །ཞེས་བྱ་བ་ལ་ཚུལ་ཁྲིམས་འཆལ་པའི་དྲི་མ་སྤངས་པས། བདག་ཉིད་གཏོང་ཞིང་ཚུལ་ཁྲིམས་ཡོངས་མི་ཉམས། །ཞེས་པ་ནི་སྐྱེས་པའི་རབས་བཞིན་ནོ། །ལུས་དང་ངག་དང་ཡིད་ཀྱང་རབ་ཏུ་བསྡམས། །བདེ་

གཤེགས་སེམས་དུལ་ཁྱོད་ལ་ཕྱག་འཚལ་ལོ། །བཟོད་ལ་དགྱེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། །སྡུག་བསྔལ་དང་དུ་ལེན་པ་དང་། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་པའི་བཟོད་པ་རྣམས་ལ་རབ་ཏུ་གནས་པའི་ཕྱིར་ལུས་དུམ་བུར་བྱས་

ཀྱང་ཁྲོ་བ་མི་འབྱུང་སྟེ། བདག་ཏུ་འདུ་ཤེས་མེད་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་རྒྱུད་ཡིན་པའི་ཕྱིར་བཅད་ཅིང་བཅད་པ་ནས་འོ་མའི་རྒྱུན་འཛག་པར་གྱུར་པའི་ངོ་མཚར་ཆེ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བའོ། །སྟོབས་བཅུ་དང་ལྡན་པའི་ཕྱིར་ཐོགས་པ་

མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ན་ཡང་ཐུགས་རྗེ་ཆེན་པོས་བསྐུལ་བའི་ཕྱིར། སེམས་ཅན་འདི་དག་ནི་ཕྱིན་ཅི་ལོག་ཏུ་ཞུགས་པའོ་ཞེས་རྗེས་སུ་བརྩེ་བའོ། །ཆོས་ཐམས་ཅད་ནི་བདག་དང་བདག་གི་བ་དང་བྲལ་བས་སྟོང་པའོ་ཞེས་རབ་ཏུ་ཤེས་ན་

ཡང་འཇིག་རྟེན་རྣམས་དེ་ཁོ་ན་ཉིད་ཀྱི་ལམ་ལས་ཉམས་པར་གཟིགས་ནས་དེ་དག་གི་ཕྱིན་ཅི་ལོག་སྤང་བར་བྱ་བའི་ཕྱིར་ཆོས་རྣམས་རང་བཞིན་གྱིས་བདག་མེད་པའི་ལམ་རབ་ཏུ་བསྟན་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་དོ་ཞེས་པ་ནི་སྙིང་རྗེའི་ཐབས་ལ་མཁས་པ་ཞེས་

Vol. 117 · folio 61a

གསུངས་སོ། །ཟླ་བ་སྐར་མར་བཅས་པའི་མཁའ་ལྟུང་ཞིང་། །ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པ་གསུངས་པ་ཉིད་དུ་བསྟན་ཏེ། གལ་ཏེ་ནམ་མཁའ་ལྟུང་བའམ་ས་ལ་སོགས་པའི་འབྱུང་བ་རྣམས་གཞན་དུ་འགྱུར་བ་ནི་སྲིད་ཀྱི་བཅོམ་ལྡན་འདས་ཀྱི་

བཀའ་ནི་གཞན་དུ་གསུང་བར་མི་འགྱུར་ཏེ། དེའི་རྒྱུ་རྨོངས་པ་མི་མངའ་བའི་ཕྱིར་རོ། །དམིགས་པའི་ལྟ་བ་ལ་མངོན་པར་ཞེན་པའི་སེམས་ཅན་གཟིགས་ནས་དེ་དག་གི་རྨོངས་པའི་མུན་པ་བསལ་བའི་ཕྱིར་ཟབ་མོ་རང་བཞིན་གྱིས་ཞི་བ་སྟོང་པ་ཉིད་སྟོན་པར་མཛད་དེ།

དམིགས་པ་མེད་པའི་བསླབ་པ་ལ་ལེགས་པར་བསླབས་པའི་ཕྱིར་རོ། །ཁྱོད་ལ་འཁྲུལ་པ་ཡོད་མི་མངའ། །ཞེས་བྱ་བ་ལ། ཕྱིན་ཅི་ལོག་ཏུ་སྟོན་པའི་འཁྲུལ་པ་མི་མངའ་བར་གསུངས་པ་ནི། བདག་ཏུ་འདུ་ཤེས་གང་གནས་པ། །དེ་དག་འཁྲུལ་པར་འགྱུར་ཏེ། མི་

མཁས་པ་ཞེས་པ་རྨོངས་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་ཤེས་པ་རྣམས་ནི་བདག་མེད་པ་ཉིད་སྟོན་པར་མཛད་དེ། དེའི་ཕྱིར་ཡང་དག་པ་གསུངས་པ། ཡང་དག་པའི་ཆོས་ལ་རབ་ཏུ་གནས་པ་ཡང་དག་པར་བདེན་པ་ལ་གནས་པ། ཡང་དག་པར་སྤྱོད་

པ། ཡང་དག་པར་སྨོན་པ། ཡང་དག་པའི་རྒྱུ་མཐུན་པ། ཡང་དག་པའི་ཚིག་སྨྲ་བ། ཡང་དག་སྤྱོད་པ་ཕུན་སུམ་ཚོགས། །ཡང་དག་མཐའ་ལ་ཤིན་ཏུ་བསླབས། །ཡང་དག་བསམ་པ་ཡང་དག་སྤྱོད། །ཡང་དག་མཁྱེན་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་ཡང་དག་

པ་གསུངས་པར་བསྟོད་ནས་ཡེ་ཤེས་གསུངས་པ་ཉིད་དུ་བསྟོད་པའི་ཕྱིར། ཁྱོད་ཀྱི་ཤེས་རབ་མཉམ་པ་མེད། །ཅེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གསུང་བ་ཉིད་ཀྱིས་ན། ཡེ་ཤེས་གསུང་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ཡིན་

ནོ། །བྱམས་པ་གཙོ་བོར་གྱུར་པ་ཉིད་དུ་བསྟོད་པ། སེམས་ཅན་ཀུན་གྱི་བཤེས་གཉེན་ཁྱོད། །ཅེས་བྱ་བ་ལ་སོགས་པ་ལ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཤིན་ཏུ་གོམས་པར་བྱས་པས་འགྲོ་བ་མ་ལུས་པའི་དོན་བྱ་བའི་ཕྱིར་རབ་ཏུ་གནས་པའི་རི་རབ་

Vol. 117 · folio 61b

བཞིན་དུ་མི་གཡོ་བ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་མནན་ནས་བདག་མེད་པའི་སེང་གེའི་སྒྲ་ངེས་པར་བསྒྲགས་པས་མུ་སྟེགས་པ་རྣམས་སེང་གེས་ཝ་ཇི་ལྟ་བ་བཞིན་དུ་གདུག་པའི་སེམས་དང་ལྡན་པ་གདུལ་དཀའ་བ་དྲག་པོ་ཆེན་པོ་ཡང་ཐབས་ཀྱི་སྟོབས་

ཀྱིས་ཁྱོད་ཀྱིས་འདུལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྔར་བསྟན་པའི་དོན་ཉིད་སྡུད་པར་བྱེད་པས་ཚིགས་སུ་བཅད་པས་བསྟན་པར་བྱ་བའི་ཕྱིར། འཁྲུལ་པ་མེད་པའི་ཆོས་ཚིག་ཁྱོད་སྟོན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་སྟོབས་བཅུ་བདེན་

པ་གསུང་ལ་བསྟོད་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། སྟོབས་བཅུ་དང་ལྡན་པ་ལ་བདག་གིས་བསྟོད་པ་བགྱིད་པའི་བསོད་ནམས་ཉེ་བར་བསགས་པ་དེས་ཤཱཀྱ་སེང་གེ་ཇི་ལྟ་བ་བཞིན་དུ་བདག་ཀྱང་སངས་རྒྱས་སུ་གྱུར་ཅིག་ཅེས་ཟླ་འོད་ཀྱིས་སྨོན་ལམ་བཏབ་པའོ། །དེ་ནས་

ཟླ་འོད་ཀྱི་བསམ་པ་མཁྱེན་ནས་བཅོམ་ལྡན་འདས་འཛུམ་པ་མཛད་དོ་ཞེས་བྱ་བ་ལ་སོགས་པ་ལ། སྟོབས་བཅུའི་སྲས་ཀྱི་ཐུ་བོ་བྱམས་པས་དེ་ཞུས་ཏེ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་འཛུམ་པ་མཛད་པའི་རྒྱུ་ཞུས་པ་ནི། འདྲེན་པས་གང་གི་སླད་དུ་

འདི་ལྟར་འཛུམ་པ་མཛད། །ཅེས་བྱ་བ་ལ། འཛུམ་པ་མཛད་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས་སོ། །ལྷ་ལ་སོགས་པ་ནམ་མཁའི་དཀྱིལ་ན་གནས་པ་རྣམས་ཀྱང་དགའ་བའི་སེམས་ཀྱིས་བཅོམ་ལྡན་འདས་ལ་བལྟ་ཞིང་གནས་སོ། །བདེ་གཤེགས་ཟིལ་གྱིས་མ་ནོན་དེ་

ལུང་བསྟན་དུ་གསོལ། །ཞེས་བྱ་བས་ནི་ཞུས་པའོ། །བསྐལ་པ་མི་ཉུང་བར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པས་སེམས་ཅན་ཐམས་ཅད་ཀྱིས་སེམས་ཀྱི་སྤྱོད་པ་མཁྱེན་པ་ལ་བཅོམ་ལྡན་འདས་ཐོགས་པ་མེད་པར་འཇུག་པས་དེའི་ཕྱིར་ལུང་བསྟན་དུ་གསོལ།

མི་ཡི་གཙོ་བོ་ལ་ནི་གང་གིས་མཆོད། །ཅེས་བྱ་བ་ལ་སོགས་པ་ལ། བསོད་ནམས་ཉེ་བར་བསགས་པའི་ཕྱིར་ཞུས་པའོ། །པདྨ་བྱེ་བ་འདབ་མ་བྱེ་བར་ལྡན། །ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་གདན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་མང་པོ་མཆིས་

Vol. 117 · folio 62a

པས་མགོན་པོ་ལ་དེའི་སླད་དུ་ཞུའོ། །གང་གིས་དེ་བཞིན་གཤེགས་པ་ལ་རབ་ཏུ་མཆོད་ན་སུ་ཞིག་གིས་མཆོད་པར་བགྱིས་པས། སངས་རྒྱས་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར། །ཞེས་བྱ་བ་དང་། གང་གིས་ཕྲ་ཞིང་ཤིན་ཏུ་བལྟ་དཀའི་ཆོས། །ཞེས་

བྱ་བ་ལ་སོགས་པ་ལ་གང་ཆོས་ཤིན་ཏུ་ཕྲ་བ་སྟོང་པ་ཞི་བའོ་ཞེས་རིག་ནས་བསྒོམ་པ་དེ་དག་གི་སླད་དུ་བདག་ཞུའོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཁྲུལ་པའམ་བསྙེལ་བ་ཁྱོད་ལ་མི་མངའ་བས་འཛུམ་པ་མཛད་པ་

ཅིའི་ཕྱིར་གསུངས་ཤིག་པའོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་གུས་པ་དང་བཅས་པར་འོངས་པ་ལ་སྤོས་ཀྱི་གླང་པོ་ནི་སངས་རྒྱས་མི་བསྐྱོད་པའི་ཞིང་ནས་སོ། །བདེ་བ་ཅན་ནས་ནི་མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་དབང་

ཕྱུག་གོ། །རྗེ་བཙུན་འཇམ་དཔལ་ལ་ནི་ཡུལ་ངེས་པ་བསྟན་པ་མེད་དེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་ཆོས་ཉན་པའི་ཕྱིར་བདག་ཉིད་ཀྱི་ལུས་རབ་ཏུ་སྟོན་པས་སོ་ཞེས་བྱ་བས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེ་བའི་

བདག་ཉིད་ཅན་རྣམས་འདིར་འདུས་པ་ལ་སྣོད་མ་ཡིན་པ་ནི་གང་ཡང་མ་མཆིས་པས་རྒྱུ་མ་མཆིས་པར་དེ་བཞིན་གཤེགས་པ་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་དགོས་པ་བཅོམ་ལྡན་འདས་བཤད་དུ་གསོལ། བྱམས་པ་བསྐྱེད་ཅིང་དགའ་བ་འཕེལ་བར་བགྱིད། །ཅེས་བྱ་བ་ལ་

སོགས་པ་ལ། དེ་བཞིན་གཤེགས་པའི་བཀའ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། དེ་ལྟ་བུར་གྱུར་པའི་གསུང་གི་དབྱངས་ཀྱིས་ཐུགས་རྗེ་ཅན་གྱིས་སེང་གེའི་སྒྲ་བསྒྲག་ཏུ་གསོལ། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་

ལས་ཞེས་བྱ་བ་ལ་སོགས་པ་ལ། གཅིག་ཅིག་བསྟན་པའི་སྒྲ་ལས་མོས་པ་སྣ་ཚོགས་ཅན་རྣམས་ལ་སྐད་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་བདག་ལ་སྟོན་ཏོ་སྙམ་དུ་རང་རང་གི་བསམ་པས་རྟོགས་སོ། །དེ་ལྟ་བུས་ན་གང་གིས་འཛུམ་པ་མཛད་པ་ཁྱོད་ཀྱིས་གསུངས་པའོ། །

Vol. 117 · folio 62b

སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པའི་གསུང་ནི་དགའ་བ་སྐྱེད་པར་བྱེད་ཀྱི་འདོད་ཆགས་ནི་མ་ཡིན་ནོ། །བྱམས་པ་སྐྱེད་པར་བྱེད་ཀྱི་ཞེ་སྡང་ནི་མ་ཡིན་ནོ། །ཤེས་རབ་སྐྱེད་པར་བྱེད་ཀྱི་གཏི་མུག་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་གསུང་ནི་འཁོར་གྱི་དཀྱིལ་

འཁོར་ལས་ཕྱི་རོལ་དུ་མི་འདའ་ཞིང་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའོ། །ས་འདི་གས་པར་འགྱུར་ཡང་སྲིད། རྒྱ་མཚོ་སྐེམས་པར་འགྱུར་ཡང་སྲིད། ཟླ་བ་དང་ཉི་མ་ནི་ལྟུང་ཡང་སྲིད་ཀྱི་ཡང་དེ་བཞིན་གཤེགས་པའི་གསུང་ནི་གཞན་དུ་འགྱུར་ཞིང་གསུང་བ་མ་ཡིན་ནོ། །བསྐལ་

པ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པར་སངས་རྒྱས་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་ན། གང་གི་དོན་དུ་འཛུམ་པ་མཛད་པར་གྱུར། །ཅེས་བྱ་བའོ། །འཛུམ་པས་ཕྱེ་བའི་ཞལ་མཛེས་རྒྱས་པ་དོན་གྱི་དགོངས་པ་ཅན། །ནམ་

མཁའ་དང་མཉམ་མི་གཡོ་སྟོང་པ་གཅིག་ཏུ་ཞི་བ་ཉིད། །སུ་ཡི་སེམས་ཀྱིས་རྣམ་བསྒོམས་ཐུབ་པའི་དབང་པོས་བསྟན་དུ་གསོལ། །སྣ་ཚོགས་ཀྱིས་སྟོང་ཁྱོད་ནི་སྣ་ཚོགས་ཉིད་དུ་མཐོང་བར་འགྱུར། །འཛུམ་པ་མཛད་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའི་བཤད་པ་རྫོགས་སོ།། །།

འཛུམ་པའི་རྒྱུ་ཟླ་འོད་ལུང་སྟོན་པ་གསོལ་བ་ནི་དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་འོད་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ་ཟླ་འོད་གཞོན་ནུར་གྱུར་པ་འདི་ནི་དྲི་མ་མེད་པའི་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ་ཡང་དག་པའི་ཡོན་ཏན་

གྱིས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་པས་འཇིག་རྟེན་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པར་འགྱུར་རོ། །བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་དུ་སྔོན་སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ་ལ་ཏིང་ངེ་འཛིན་གྱི་ངོ་བོ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་བསྙེན་བཀུར་བྱས་སོ། །དེ་ནི་ཕྱི་མའི་དུས་

ན། ཏིང་འཛིན་འདི་ནི་ཤིན་ཏུ་རྒྱས་བྱེད་འགྱུར། །ཞེས་བྱ་བ་ལ། འདི་ནི་ཞེས་པ་ནི་ཏིང་ངེ་འཛིན་འདི་ཉིད་དོ། །རྒྱས་བྱེད་ཅེས་བྱ་བ་ནི། རྒྱས་པར་བྱེད་པར་འགྱུར་བའོ། །སངས་རྒྱས་བྱེ་བ་མང་པོས་ཡོངས་བཟུང་སྟེ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་

Vol. 117 · folio 63a

རྗེས་སུ་བཟུང་བས་ཉེ་བར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉིད་བསྟན་ཏོ། །འདྲེན་པ་རྣམས་ལ་མཆོད་པ་མཆོག་བྱེད་འགྱུར། །ཞེས་བྱ་བ་ནི། མཆོད་པ་ཁྱད་པར་དུ་འཕགས་པ་བྱེད་པར་འགྱུར་བའོ། །ལག་མཐིལ་སྐྱུ་རུ་འབྲུ་ལྔ་བཞག་པ་

བཞིན། །ཞེས་བྱ་བ་ནི། ལག་མཐིལ་ན་འདུག་པའི་སྐྱུ་རུ་རའི་འབྲུས་བུ་བཞག་པ་དང་འདྲ་བར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཤེས་བྱའི་དཀྱིལ་འཁོར་ལ་ཕྱིན་ཅི་མ་ལོག་པར་ལྟ་བར་བྱེད་དོ། །ཟླ་འོད་གཞོན་ནུས་མ་འོངས་པ་ན་སངས་རྒྱས་བྱེ་བ་ཕྲག་སྟོང་དང་།

དེའི་ཕྱི་ནས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བདེ་བར་གཤེགས་པ་རྣམས་ལ་མཆོད་པ་བྱས་ནས་ཞེས་བྱ་བ་ནི་མཆོད་པ་བྱས་ནས་བླ་ན་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ནས། དྲི་མ་མེད་པའི་འོད་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་བྱ་བའོ། །བདག་ཉིད་ལུང་

བསྟན་པ་ཐོབ་ནས། ཤིང་ཏ་ལ་བདུན་ཙམ་དུ་འཕགས་ནས་ནམ་མཁའ་ལ་འདུག་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་རྒྱལ་བ་ཆོས་མཆོག་སྟོན་མཛད་པ། །ཞེས་བྱ་བ་ལ་སོགས་པ་ལ། བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པའི་ཕྱིར་དང་། ཡེ་ཤེས་བརྟེན་པའི་ཕྱིར་

དང་། ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དང་། བདུད་ཀྱི་ཕྱོགས་ལས་རྒྱལ་བའི་ཕྱིར་བཅོམ་ལྡན་འདས་ལ་བསྟོད་པས་བདག་ཉིད་རབ་ཏུ་དགའ་བ་བསྟན་པའི་ཕྱིར་གསུངས་པ། གཏེར་མཆོག་དམ་པ་བདག་གིས་དེང་ཐོབ་སྟེ། །ཞེས་བྱ་བ་ལ། གཏེར་གྱི་

མཆོག་ནི་ཆོས་ཀྱི་གཏེར་ཏེ་མི་ཟད་པའི་ཡེ་ཤེས་ཀྱི་གཏེར་རོ། །དེ་བདག་གིས་རྙེད་པས་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་སྤངས་པའོ། །ཐེ་ཙོམ་གྱི་ཡིད་བདག་ལ་མ་མཆིས་སོ། །སངས་རྒྱས་སུ་འགྱུར་རམ་མི་འགྱུར་སྙམ་པ་ཡང་མ་མཆིས་ཀྱི། ངེས་པར་སངས་རྒྱས་ཉིད་དུ་

འགྱུར་བའོ། །གསེར་གྱི་ཁ་དོག་ལྟར་མཛེས་ཤིང་མཚན་ཐམས་ཅད་ཀྱིས་བརྒྱན་པའི་ཕྱག་བདག་གི་སྤྱི་བོར་རབ་ཏུ་བཞག་ནས་སངས་རྒྱས་ཉིད་དུ་བདག་དབང་བསྐུར་རོ་ཞེས་བྱ་བའོ། །གང་ལ་རི་བོང་འཛིན་འདྲའི་དྲི་མ་མེད་པའི་མདངས་མངའ་བ། །གཅིག་ཏུ་དྲི་མ་རབ་ཏུ་ཞི་བར་བྱེད་པས་

Vol. 117 · folio 63b

མཛེས་གྱུར་ཅིང་། །ཆོས་ལ་བདག་མེད་རྟོགས་པའི་བློ་ནི་དྲི་མ་མེད་ཞུགས་ཕྱིར། །དེ་ཉིད་མ་ལུས་རིག་པ་སངས་རྒྱས་བྱང་ཆུབ་ཏུ་ལུང་བསྟན། །འཛུམ་པ་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའི་འགྲེལ་པ་རྫོགས་སོ།། །།འཁོར་བའི་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་

བྱ་བ་ཉིད་ལ་ཏིང་ངེ་འཛིན་བླ་ན་མེད་པའི་སྨན་པ་ཆེན་པོ་ཡིན་ནོ་ཞེས་བྱ་བར་སྔོན་བྱུང་བའི་ལེའུ་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་བར་འདོད་པས་ཆོས་ཐམས་ཅད་ཀྱི་

རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་མཉན་པར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཏིང་ངེ་འཛིན་ཐོས་པ་ལ་སོགས་པས་སྲིད་པའི་སྡུག་

བསྔལ་ལས་གྲོལ་བར་འགྱུར་ཞེས་བྱ་བའི་སོམ་ཉི་བསལ་བ། གཞོན་ནུ་ཏིང་ངེ་འཛིན་འདི་ནི་ངན་སོང་ཐམས་ཅད་ལས་འདའ་བར་བྱེད་པ། ནད་ཐམས་ཅད་ལས་རབ་ཏུ་ཐར་བར་བྱེད་པ་ཡིན་ཞེས་བྱ་བ་ནི་ལན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྔོན་བྱུང་བའི་

གཏམ་བསྟན་པ་འདི་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བ་ནི་སྔོན་བྱུང་བའི་གཏམ་གསུངས་པ་སྟེ། སྔོན་ཆད་སྤྱད་པ་སྤྱོད་པ་དྲན་པ་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཉམས་སུ་མྱོང་བ་དེ་ཉིད་དྲན་པའོ། །དེ་དག་ཉིད་བསྟན་པ། སེང་གེ་རྒྱལ་མཚན་ཞེས་བྱ་བའི་དེ་

བཞིན་གཤེགས་པའི་བསྟན་པ་ལ། ཚངས་པས་བྱིན་ཞེས་བྱ་བའི་དགེ་སློང་མཁས་པ་ཆོས་སྨྲ་བ་ཆེན་པོ་བྱུང་ངོ་། །ང་ནི་དེའི་ཚེ་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་རྒྱལ་པོའི་བུར་གྱུར་པ་ལ་གསོ་བར་དཀའ་བའི་ནད་ཀྱིས་ཡོངས་སུ་སྡུག་བསྔལ་བར་གྱུར་པ་སྟེ། སྨན་པ་ལྔ་བརྒྱ་ཀུན་ཀྱང་ནད་དང་རྒྱུ་དང་གསོ་

བ་ལ་མཁས་པ་ཐམས་ཅད་ཀྱིས་དེའི་ནད་གསོ་བའི་ཕྱིར་བརྩོན་པའི་ཡིད་ཀྱིས་གསོ་བར་བྱེད་ཀྱང་གསོ་བར་མ་ནུས་སོ། །དེ་ནས་ཆོས་སྨྲ་བའི་དགེ་སློང་དེས་ང་ནད་ཆེན་པོས་ཉམ་ཐག་པ་ཐོས་ནས་ནད་འདྲི་བའི་ཕྱིར་ངའི་དྲུང་དུ་འོངས་པ་དང་། ནད་འདི་ནི་ཤིན་ཏུ་མི་བཟད་པ་སྟེ་སྨན་གྱིས་གསོ་བར་མི་ནུས་སོ་

Vol. 117 · folio 64a

སྙམ་དུ་རིག་ནས་ཏིང་ངེ་འཛིན་འདི་ང་ལ་བཤད་པར་གྱུར་ཏོ། །དེ་ནས་ཏིང་ངེ་འཛིན་ཐོས་པ་དང་ང་ཆོས་སྨྲ་བ་དང་། ཆོས་ལ་དགའ་བ་སྐྱེས་པར་གྱུར་པས་ནམ་མཁའ་དྲི་མ་མེད་པ་ལྟ་བུ་ཆོས་ཉིད་ཀྱི་ངོ་བོ་རྟོགས་ནས། སྤྲིན་དང་ཁུག་སྣ་ལ་སོགས་པ་དང་བྲལ་བ་ལྟར་ནད་ཐམས་ཅད་

དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱའོ། །དེའི་ཚེ་ཆོས་སྨྲ་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཡིན་ནོ། །རྒྱལ་པོའི་བུ་བློ་གྲོས་རྒྱལ་པོར་གྱུར་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིན་ནོ། །

ཏིང་ངེ་འཛིན་ཉམས་སུ་མྱོང་བའི་མཐུ་གསུངས་པ། དེ་བས་གཞོན་ནུ་ཁྱོད་ཀྱིས་ཕྱི་དུས་ན། །ཞེས་བྱ་བ་ལ་སོགས་པ་ལ། མ་འོངས་པའི་སེམས་ཅན་གྱི་སྤྱོད་པ་རབ་ཏུ་མཐོང་ནས་བག་ཡོད་པའི་གནས་པས་གནས་པར་བྱའོ་ཞེས་སློབ་པར་བྱེད་དོ། །ཕྱི་མའི་དུས་ན་དགེ་སློང་མང་པོ་དག་ཅེས་

བྱ་བ་ལ། དགེ་སློང་འདོད་པ་ཅན། གདུག་པ་ཅན། མ་བསྡམས་པ། སྡིག་པའི་སེམས་དང་ལྡན་པ་མང་པོ་དག་ཏིང་ངེ་འཛིན་འདི་རབ་ཏུ་སྤོང་བར་འགྱུར་རོ། །དེ་བཞིན་དུ་ཕྲག་དོག་ཅན་གཞན་གྱི་རྙེད་པ་མི་བཟོད་པ། དབང་པོ་གཡོ་བ། དབང་པོ་མ་བསྡམས་པའི་རང་བཞིན་ཅན། ཁྱིམ་

གཞན་ལ་ཆགས་པ། རྟག་ཏུ་རྙེད་པའི་ཆེད་དུ་ཁ་གསག་དང་། ཚུལ་འཆོས་པ་ཆེད་དུ་བྱེད་པ་དེ་དག་གིས་ཏིང་ངེ་འཛིན་འདི་རབ་ཏུ་སྤོང་བར་འགྱུར་རོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །ལག་པ་དང་ནི་རྐང་པ་རྣམ་པར་རྡོབ། །ཅེས་བྱ་བ་ལ། བྱ་བ་མ་ཡིན་པ་ལ་ཤིན་ཏུ་ཞུགས་པ་རྣམས་

ཏིང་ངེ་འཛིན་རབ་ཏུ་སྤོང་བ་འབྱུང་བར་འགྱུར་རོ། །གཅིག་ལ་གཅིག་ནི་མགུལ་འཁྱུད་ལག་པ་སྦྲེལ། །ཞེས་བྱ་བ་ལ། འདི་དག་གིས་ནི་སྤྱོད་ལམ་མི་འདྲ་བས་འཇུག་པ་ཉིད་དུ་སྟོན་པར་བྱེད་དོ། །གྲོང་དུ་སྤྱོད་ལམ་གཞན་དུ་སྒྱུར་བར་བྱེད། །ཅེས་བྱ་བ་དང་། མི་རིགས་སྦྱོར་བའི་མཚན་ཉིད་འདི་

དག་སྟེ། །ཞེས་བྱ་བ་ལ། མི་རིགས་པར་སྦྱོར་བའི་མཚན་ཉིད་ནི་འདི་དག་ཡིན་ནོ་ཞེས་ཤེས་པར་བྱས་ལ་སྤང་བར་བྱའོ། །གང་དག་ཚུལ་ཁྲིམས་གནས་ཤིང་ཡོན་ཏན་ལྡན། །ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་ལ་

Vol. 117 · folio 64b

ཡོངས་སུ་བརྙས་པར་འགྱུར་རོ། །གང་ཡང་གདུག་པའི་སེམས་དང་ལྡན་པ་དེ་དག་ལ་ནི་མཆོད་པར་འགྱུར་རོ། །དེ་ལྟ་བས་ན་གཞོན་ནུ་ཁྱོད་ཀྱིས་སོ་སོའི་སྐྱེ་བོ་ལ་ཡིད་བརྟེན་པར་མི་བྱའོ་ཞེས་བྱ་བའོ། །ང་ནི་ཡོན་ཏན་དག་གི་བསྔགས་བརྗོད་ན། །ཞེས་བྱ་བ་ལ། དགེ་སློང་དག་ནི་

ཇི་སྐད་བསྟན་པའི་ཡོན་ཏན་དག་ལ་མི་སྤྱོད་དེ། བྱང་ཆུབ་པོ་ཞེས་བྱ་བའི་སྒྲ་ཙམ་གྱིས་ནན་ཏན་སྙིང་པོར་བྱེད་པ་དང་བྲལ་བའི་ཕྱིར་བྱང་ཆུབ་མི་འཐོབ་ཀྱི། ནན་ཏན་སྙིང་པོར་བྱེད་པ་ལ་ནི་བྱང་ཆུབ་ཐོབ་པར་དཀའ་བ་མ་ཡིན་ནོ་ཞེས་བྱ་བས་ཐམས་ཅད་དུ་ནན་ཏན་སྙིང་པོར་བྱའོ་ཞེས་བྱ་བའི་དོན་

ཏོ། །ཏིང་འཛིན་ཡེ་ཤེས་རྡོ་རྗེ་ཡིས། །འདོད་ཆགས་ཞེ་སྡང་རྨོངས་ཆེན་གྱི། །ནད་རྣམས་ཕྱེ་མར་བཏག་བྱ་བ། །འདི་ལ་བརྟག་པར་བྱ་བ་མེད། །སྔོན་བྱུང་བའི་གཏམ་གྱི་ལེའུ་སྟེ་བཅུ་དྲུག་པའི་འགྲེལ་པ་རྫོགས་སོ།། །།སངས་རྒྱས་མང་པོ་མངོན་སུམ་དུ་བྱ་བའི་སྒོའི་ཏིང་

ངེ་འཛིན་ཉེ་བར་བསྟན་པར་བཞེད་ནས། དེ་ནས་གཏམ་འདི་མཐར་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་གཏམ་གྱི་སྦྱོར་བ་མཐར་ཕྱིན་པ་དང་། བྱམས་པས་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཚིགས་སུ་བཅད་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ། བྱ་རྒོད་ཀྱི་ཕུང་པོར་མཆི་བར་གནང་བ་

གསོལ་བའི་ཕྱིར། རྟག་ཏུ་སངས་རྒྱས་གནས་པར་བདེ་གཤེགས་མཆི། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་མཆོད་པའི་སླད་དུའོ། །དེ་བཞིན་གཤེགས་པ་ཡང་ཐུགས་ཀྱིས་ལན་འདེབས་པ་ནི། མ་ཕམ་བདུད་རྣམས་ཕམ་བྱས་ཁྱོད་སོང་ཤིག །ཅེས་བྱ་བ་ལ། མ་ཕམ་པ་ཞེས་བྱ་བ་ནི་

བྱམས་པའི་མིང་གི་རྣམ་གྲངས་སོ། །དེར་སོང་ན་འགྲོ་བ་མ་ལུས་པའི་དོན་ཆེན་པོར་འགྱུར་རོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བསྐུལ་བའོ། །ཡིད་ཀྱིས་བསྐོར་བ་བྱས་ནས་བྱ་རྒོད་ཕུང་པོ་ག་ལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་སྔོན་བཞིན་དུ་ཉེ་བར་མཁོ་བའི་མཆོད་

པ་ཐམས་ཅད་ཀྱིས་བརྒྱན་ཅིང་སྤྲུལ་ནས། སྐད་ཅིག་དེ་ལ་ཟླ་འོད་ཀྱི་ཁྱིམ་དུ་ཞུགས་པར་གྱུར་ཏོ། །ཞུགས་ནས་བཅོམ་ལྡན་འདས་ལ་ཡིད་ཀྱིས་བསྐོར་བ་བྱས་ནས་རང་གི་སྟན་ལ་ཉེ་བར་འདུག་ནས་རིག་པར་བྱེད་པ་ནི། རི་ཡང་ལྷ་རྫས་ཡངས་ཤིང་རྒྱ་ཆེ་བ། །ཞེས་བྱ་བ་ལ་སོགས་པ་ལ། གང་

Vol. 117 · folio 65a

གི་ཕྱིར་བཅོམ་ལྡན་འདས་ཀྱིས་བདག་བརྫངས་པའི་དོན་དེ་ཐམས་ཅད་བདག་གིས་བསྒྲུབས་ལགས་སོ་ཞེས་གསོལ་ཏོ། །རི་ཡང་རིན་ཆེན་སྣ་ཚོགས་རྣམ་པར་བཀྲམ། །ཞེས་བྱ་བ་ནི་བདག་གིས་རི་བརྒྱན་པ་ཡང་བགྱིས་སོ། །དབུས་སུ་རིན་ཆེན་སེང་གེའི་ཁྲི་ཡང་

བཙུགས། །ཞེས་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་གཟེངས་བསྟོད། ཡང་དག་པར་སྦྱར་ནས་གདན་ལས་བཞེངས་ཏེ་རྫུ་འཕྲུལ་གང་གིས་གཤེགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྒྱལ་པོའི་ཁབ་ནས་

བྱུང་སྟེ། ཆུ་དྲོན་ཅན་གྱི་སྒོ་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་གཤེགས་ནས་བྱམས་པས་སྤྲུལ་པའི་སེང་གེའི་ཁྲི་ལ་བཞུགས་ནས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ་འཁོར་རྒྱ་མཚོ་ལྟ་བུ་ལ་ཆོས་སྟོན་ཏོ། །དེ་ནས་ཟླ་འོད་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་

བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་ལ། གཞོན་ནུ་དེ་བཞིན་གཤེགས་པས་ཁྱོད་ལ་རྟག་ཏུ་སྐབས་ཕྱེ་ཡིས་ཅི་དང་ཅི་འདོད་པ་དྲིས་ཤིག་ཅེས་བྱ་བ་ནི་སྐབས་སྦྱིན་པའི་ཚིག་གོ། །བཅོམ་ལྡན་འདས་ལ་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མང་པོ་ལ་ཐེ་ཚོམ་ཟ་བ་བཟློག་པའི་ཕྱིར་ཞུས་སོ། །གཞོན་ནུ་ཆོས་བཞི་དང་ལྡན་ན་ཞེས་བྱ་བས་ནི་གྲངས་ངེས་པ་བསྟན་ཏོ། །དེ་ལྟ་ན་ཡང་མ་ཤེས་

ནས། བཞི་གང་ཞེ་ན་ཞེས་ཞུས་པའོ། །གཞོན་ནུ་འདི་ལ་ཞེས་བྱ་བ་ལ་སོགས་པས་ནི་ལན་ཡིན་ཏེ། དེ་ཡང་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དང་། དེ་བཞིན་ཉིད་ལ་ཤིན་ཏུ་དགའ་བས་ཞེས་བྱས་ནས་སོ། །འགྲོགས་ན་བདེ་བ་ནི་བདེ་བ་ཉིད་དོ། །དུལ་ཞིང་དུལ་བའི་ས་ཐོབ་པ་ཡིན་ཞེས་བྱ་བ་ནི་ཕ་

རོལ་གྱིས་སྤྱོས་སམ་སྤྱོས་པའི་ཚིག་ཉེས་པར་སྨྲ་ཞིང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བཟོད་པའོ། །རང་གི་ལས་ལ་ལྟ་བ་ང་རྒྱལ་བཅོམ་པས་ཆོས་འདོད་པའོ་ཞེས་བྱ་བ་རྣམས་བསྡོམས་ནས་ཆོས་གཅིག་ཅེས་བྱའོ། །གཞན་ཡང་ཞེས་བྱ་བས་ནི་ཆོས་གཉིས་པ་སྟོན་པར་བྱེད་དོ། །ཚུལ་

Vol. 117 · folio 65b

ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བས་ནི་ཚུལ་ཁྲིམས་སྤྱིར་བསྟན་པ་ཡིན་ལ། དབྱེ་བ་ཁྱད་པར་དུ་བསྟན་པ་ནི། ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ཚུལ་ཁྲིམས་དང་མི་མཐུན་པ་མེད་པ་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །བླངས་པའི་བསླབ་པའི་གནས་རྣམས་མ་

ཉམས་པས། ཚུལ་ཁྲིམས་མ་ཞིག་པའོ། །ལྟུང་བ་ཕྲ་མོ་ཡང་མི་འབྱུང་བས་ཚུལ་ཁྲིམས་ལ་སྐྱོན་མེད་པའོ། །དམིགས་པའི་ལྟ་བ་དང་བྲལ་བ་དང་ཁམས་གསུམ་ལ་རྟེན་པ་མེད་པའི་ཕྱིར་མི་གནས་པའི་ཚུལ་ཁྲིམས་ཞེས་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མེད་

པའི་ཕྱིར་མཆོག་ཏུ་མི་འཛིན་པའི་ཚུལ་ཁྲིམས་སོ། །འཁོར་གསུམ་ཡོངས་སུ་དག་པ་ཉིད་ཡིན་པས། ཚུལ་ཁྲིམས་མི་དམིགས་པའོ། །དེ་ལྟར་གཞོན་ནུར་གྱུར་པའི་ཚུལ་ཁྲིམས་ནི། འཕགས་པས་བསྟོད་པའི་ཚུལ་ཁྲིམས་དང་། མཁས་པས་བསྟོད་པའི་ཚུལ་ཁྲིམས་ཞེས་བརྗོད་དོ། །

ཆོས་གཉིས་པོ་འདི་དང་ལྡན་ན་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་རོ། །གསུམ་པ་ནི་གཞན་ཡང་གཞོན་ནུ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཁམས་གསུམ་ལ་སེམས་སྐྲག་པ་དང་སེམས་དངངས་པར་འགྱུར་ཏེ། དེ་ལ་ཞེན་པ་བཟློག་པའི་ཕྱིར་རོ། །སེམས་སྐྱོ་བ་ནི་དེའི་ཕྱིར་དོན་དུ་མི་གཉེར་

རོ། །དོན་དུ་མི་གཉེར་བས་མངོན་པར་མི་དགའོ། །མངོན་པར་མི་དགའ་བས་མ་ཆགས་མ་ཞེན་པའོ། །མ་ཆགས་མ་ཞེན་པས་ཁམས་གསུམ་ལ་ཡིད་སྐྱོ་ན་ཡང་སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བས་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་ཅན་རྣམས་དགྲོལ་བར་བྱའོ་ཞེས་སྤྲོ་བ་བསྐྱེད་

དེ། ངན་འགྲོར་འགྲོ་བ་ཡང་བྱང་ཆུབ་སེམས་དཔའ་འདོད་པར་བྱ་བ་ཡིན་ནོ། །བཞི་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དད་པ་ཅན་དུ་འགྱུར་ཏེ། བདེན་པ་དང་དཀོན་མཆོག་ལ་སེམས་རབ་ཏུ་དད་པའོ། །དད་པ་དང་ལྡན་པས་ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་ཡིན་ཏེ། དད་

ལྡན་ཡིན་ཕྱིར་ཆོས་ལ་བརྟེན། །ཞེས་པས་མང་དུ་ཐོས་པར་འགྱུར་རོ། །ཤེས་རབ་ལྡན་ཕྱིར་དེ་ཉིད་རིག །ཅེས་བྱ་བས་ཅི་ལྟར་ཐོས་པའི་ཆོས་རྣམས་གཞན་དག་ལ་ཡང་དག་པར་རབ་ཏུ་སྟོན་ཏོ། །སེམས་ཅན་འདི་དག་གིས་ཆོས་འདི་ཐོས་ན་ཕྱིར་མི་ལྡོག་པར་གྱུར་ནས་བླ་ན་མེད་པ་ཡང་

Vol. 117 · folio 66a

དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་ཞེས་བྱའོ། །ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ལ།

ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བའི་རྒྱུ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་མང་པོས་བཤད་པ་སྟེ། ངས་ཀྱང་དེ་བཞིན་གཤེགས་པ་མང་པོའི་ཐད་ནས་ཐོས་ནས་གཞན་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བ་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་

སངས་རྒྱས་མང་པོ་ངེས་པར་བརྗོད་པའི་ཏིང་ངེ་འཛིན་གྱི་སྔོན་བྱུང་བའི་གཏམ་བསྟན་པ་འདི་ཞེས་བྱ་བ་ནི་རང་ཉིད་ཀྱིས་མཉེས་པར་བྱས་པའི་དེ་བཞིན་གཤེགས་པ་རྣམས་ཚིགས་སུ་བཅད་པས་བསྟོད་པ་ནི། དྲན་པ་བསྐལ་པ་གཞལ་མེད་དཔག་ཡས་ན། །ཞེས་བྱ་བ་ལ་སོགས་པ་ལ།

འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་འདས་པ་ན། དབྱངས་ཀྱི་ཡན་ལག་སྒྲ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུང་སྟེ། དེའི་སྐུ་ཚེའི་ཚད་བརྒྱ་ཕྲག་དྲུག་ཅུར་གྱུར་ཏོ། །ཞེས་བྱ་བ་ནི་གྲངས་ངེས་པར་བསྟན་ཏེ། སྐྱོ་བ་མེད་པར་བསྟན་པའི་དུས་བསྟན་པའི་ཕྱིར་རོ། །དེ་

བཞིན་དུ་གཞན་དག་གིས་ཀྱང་གྲངས་ངེས་པར་བལྟ་བར་བྱའོ། །དབྱངས་ཀྱི་ཡན་ལག་སྒྲ་དང་པོར་བྱས་པ་ནས། ཚངས་པའི་སྙན་པ་བསྐལ་པ་གཅིག་ལ་སངས་རྒྱས་ཉིས་བརྒྱ་བྱུང་ངོ་། །ཡང་མཐའ་ཡས་དབྱངས་ནས་བརྩམས་ནས་ཆོས་ཀྱི་རང་བཞིན་འཕགས་ཀྱི་བར་དུ་སངས་རྒྱས་བརྒྱ་

རྩ་བརྒྱད་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཚེའི་ཚད་མ་བསྟན་ཡང་། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་བྱ་བའི་ཚིག་གིས་ཡོན་ཏན་དམན་པར་ཐེ་ཚོམ་མི་

བྱའོ། །བྱང་ཆུབ་ཕྱིར་ནི་འདི་དག་ངས་མཆོད་དེ། །ཞེས་བྱ་བ་ནི་བླ་མ་བསྟེན་པ་དང་། ཆོས་ཉན་པ་ལ་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དགོས་པ་གཞན་ཡང་བསྟན་མ་ཐག་པའི་ཆོས་ཀྱི་རང་བཞིན་སངས་རྒྱས་འཕགས་ཀྱི་མཚན་གང་ཉན་པ་དེ་ནི་

Vol. 117 · folio 66b

མྱུར་དུ་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །འདི་ནི་མཚན་པ་ཡིན་ཏེ། སངས་རྒྱས་གཞན་རྣམས་ཀྱི་མཚན་བསྒྲགས་པ་ཡང་དེ་བཞིན་དུ་འགྱུར་རོ། །སངས་རྒྱས་འདི་དག་གི་ཡང་ཕ་རོལ་ན། །ཞེས་བྱ་བ་ལ། མི་དབང་དབྱངས་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྱུང་སྟེ་དེ་བཞིན་གཤེགས་

པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་བརྒྱ་ཕྲག་གསུམ་མོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་བྱུང་ངོ་། །ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་ལ་སོགས་པའི་འཁོར་ལ་དེ་བཞིན་གཤེགས་པ་

མི་དབང་དབྱངས་ཞེས་བྱ་བ་དེ་ཆོས་སྟོན་ཏོ། །དེའི་ཆོས་བསྟན་པ་ཐོས་པ་རྣམས་ཕྱིར་མི་ལྡོག་པར་གནས་པར་གྱུར་ཏོ། །དེར་རྒྱལ་པོ་དཔལ་གྱི་སྟོབས་ཞེས་བྱ་བ་བྱུང་སྟེ། དེ་ལ་བུ་ནི་ལྔ་བརྒྱའོ། །བཙུན་མོའི་འཁོར་ནི་བྱེ་བ་བརྒྱ་ཕྲག་བརྒྱད་ཅུའོ། །བུ་མོ་ནི་བྱེ་བ་སྟོང་ཕྲག་བཅུ་

བཞིའོ། །རྒྱལ་པོ་དེ་སྟོན་ཟླ་ཐ་ཆུངས་ཀྱི་ཉ་ལ་ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ལྡན་པས་བུ་དང་བཙུན་མོ་དང་བུ་མོ་དང་། དེ་ལས་གཞན་པའི་འཁོར་བྱེ་བ་ཁྲག་ཁྲིག་བཅུ་དང་བཅས་པར་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ་། །ཉེ་བར་ཕྱིན་པ་དང་ཐལ་མོ་སྦྱར་བ་བྱས་ནས་

བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་པ་དང་། དེའི་བསམ་པ་མཁྱེན་ནས་ཏིང་ངེ་འཛིན་འདི་སྟོན་པར་མཛད་དོ། །རྒྱལ་པོ་དེས་ཏིང་ངེ་འཛིན་འདི་ཐོས་པ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་སྤངས་ནས་ཇི་ལྟར་འོངས་པའི་འཁོར་རྣམས་དང་བཅས་པར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་རབ་ཏུ་བྱུང་ནས་ཀྱང་ལོ་བརྒྱད་

ཀྱི་བར་དུ་འཆག་པ་ལ་མངོན་པར་བརྟེན་ནས། ཏིང་ངེ་འཛིན་ལ་སོགས་པའི་སེམས་དང་མཉམ་པར་གཞག་པ་ཉིད་ཀྱིས་དུས་བྱས་པར་གྱུར་ཏོ། །རྒྱལ་པོ་དེའི་རིགས་སུ་བྱུང་བ་རྫུས་ཏེ་སྐྱེས་པ་བཞིན་དུ་མངལ་གྱི་དྲི་མས་མ་གོས་པ་གཅིག་སྐྱེས་ཏེ། དེའི་ཕ་ནི་བརྟན་པའི་སྟོབས་ཞེས་བྱའོ། །

མ་ནི་བློ་གྲོས་ཆེན་མོ་ཞེས་བྱའོ། །རྒྱལ་བུ་གཞོན་ནུ་དེ་སྐྱེས་པ་ཙམ་ཉིད་ན་ཚིག་འདི་སྐད་ཅེས་རྒྱལ་བ་དེ་ཆོས་འཆད་དམ་ཅི་བཞུགས་སམ་ཞེས་བྱ་བ་ནི་ད་ལྟར་འཚོ་འམ་ཞེས་བྱ་བའོ། །ཏིང་ངེ་འཛིན་རབ་ཏུ་འཆད་དམ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པས་དེ་དག་གི་བསམ་པ་

Vol. 117 · folio 67a

མཁྱེན་ནས་ཏིང་ངེ་འཛིན་འཆད་དམ་ཞེས་པའོ། །རྐྱེན་རྣམས་མེད་པ་ནི་རྐྱེན་རྣམས་དང་བྲལ་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བས་ནི་རྐྱེན་དང་བྲལ་བའོ། །ཆོས་རྣམས་ཀུན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་

པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཏབ་པ་ཉིད་དེ་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་གཡོ་བར་བྱས་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་རྒྱལ་བས་འཆད་དམ་ཅི་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའི་ནོར་བླ་ན་མེད་པའོ། །ལུས་དང་ངག་དང་ཡིད་དང་ལྟ་བ་རྣམ་པར་

དག་པའོ། །དམིགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བའོ། །སྐྱེ་བ་མེད་པ་མངོན་སུམ་དུ་བྱ་བ་ལ་འཇུག་པའོ། །སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ཡེ་ཤེས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས་པའོ། །ཡི་གེ་རབ་ཏུ་དབྱེ་བ་ཤེས་པའོ། །རྫས་སུ་

མངོན་པར་ཞེན་པ་ལས་ཡང་དག་པར་འདའ་བའོ། །དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་ཞེས་བྱ་བ་ལ་སོགས་པ་དང་གཞན་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་མང་ངོ་། །ཏིང་ངེ་འཛིན་བསྒོམས་པ་ལས་བྱུང་བའི་དེ་བཞིན་གཤེགས་པས་མཁྱེན་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་

གྱི་མཐུ་ཡིན་ནོ་ཞེས་བྱ་བའོ། །གཞོན་ནུ་དེའི་ཚིགས་བཅད་དེ་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ལ། གཞོན་ནུ་དེས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་ཇི་ལྟ་བ་བརྗོད་པའི་ཚིགས་སུ་བཅད་པ་ཐོས་ནས་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཀྱིས་ནི་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་

ཐོབ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་སྟོབས་བརྟན་གྱིས་གཞོན་ནུ་དེ་ལ་སྨྲས་པ་དེ་བཞིན་གཤེགས་པ་དེ་ད་ལྟར་ཡང་བཞུགས་སོ། །འོན་ཀྱང་ཁྱོད་ལ་དྲི་བར་བྱའོ། །སུ་ལས་ཁྱོད་ཀྱིས་ཏིང་ངེ་འཛིན་འདི་ཐོས། །ཞེས་བྱ་བ་ལ། གཞོན་ནུས་གང་ལས་ཐོས་པ་གཞོན་ནུས་སྨྲས་པ། རྒྱལ་པོ་གསན་

དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པ་གཅིག་ལ་ཡང་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་སྟེ་དེ་དག་ལ་བདག་གིས་བསྙེན་བཀུར་བྱས་ཤིང་ཏིང་ངེ་འཛིན་ཡོངས་སུ་བསྒོམ་པའི་ཕྱིར་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཡོངས་སུ་ཞུས་སོ། །དེ་ནས་བཟུང་ནས་བསྐལ་པ་བྱེ་བ་བརྒྱ་

Vol. 117 · folio 67b

སྟོང་དུ་ཡང་སྐྱེས་སོ་ཅོག་ཏུ་སྐྱེ་བ་དྲན་ཞིང་མངལ་གྱི་དྲི་མས་མ་གོས་པར་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་མ་རྨོངས་ཤིང་དྲན་པ་འདུས་བྱས་པའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་དང་ནམ་ཡང་མ་བྲལ་ལོ། །ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་དང་རི་མོ་དང་བཅས་པར་བྱས་སོ། །

གུས་པ་དང་བཅས་པ་དང་རི་མོ་དང་བཅས་པས་གུས་པ་དང་རི་མོར་བགྱིས་པས་བདག་གི་སྙན་པ་དང་། གྲགས་པ་དང་། ཡོན་ཏན་འཕེལ་བར་འགྱུར་རོ། །འཐབ་པ་དང་། རྩོད་པ་དང་། མི་མཐུན་པ་ལ་ཡང་སེམས་ཀྱི་རྒྱུད་ཏིང་ངེ་འཛིན་གྱིས་ཡོངས་སུ་བསྒོས་པར་གྱུར་པས་ཁྲོ་བ་ལ་

སོགས་པ་དང་བྲལ་ནས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཉིད་དུ་བཟོད་པ་རབ་ཏུ་གནས་ནས་དེ་བཞིན་གཤེགས་པ་སྒྲའི་ཡན་ལག་དབྱངས་ཀྱི་སྤྱན་སྔར་བདག་གིས་བཟོད་

པའི་སྟོབས་ཀྱིས་རྟག་ཏུ་གནས་པར་བགྱིའོ་ཞེས་དམ་བཅས་སོ། །རྟག་ཏུ་ནི་དུས་ཐམས་ཅད་དུ་བཟོད་པའི་སྟོབས་ཀྱིས་གནས་པར་བགྱིའོ་ཞེས་པའོ། །བདག་བཟོད་པའི་སྟོབས་དེ་ལ་གནས་པ་ནི་བདུད་ཀྱིས་བདག་ལ་གཙེ་བ་རྣམ་པ་སྣ་ཚོགས་བྱས་ན་ཡང་བདག་གི་སེམས་འཁྲུགས་

པར་མ་གྱུར་ཏོ། །དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་བསྒྲགས་པ་ཡང་བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔོན་གྱི་བསྐལ་པ་དུ་མར་འདི་བས་ཆེས་མང་བའི་དཀའ་བ་སྤྱད་པ་ངས་དྲན་ཏེ། དེ་དང་དེ་བརྗོད་པར་མི་ནུས་སོ། །ད་ནི་

བདག་བདེ་བར་གཤེགས་པའི་དྲུང་དུ་མཆིའོ་ཞེས་བྱ་བ་ལ་དེས་དུས་དེ་ཉིད་ཀྱི་ཚེ་མངོན་པར་ཤེས་པ་ལྔ་བསྒྲུབས་ནས་རྫུ་འཕྲུལ་གྱིས་དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་མདུན་དུ་འདུག་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་

པ་ལ། ང་ནི་རྒྱལ་པོ་དཔལ་གྱི་སྟོབས་སུ་གྱུར། ངའི་བུ་རྣམས་ནི་ཆོས་སྐྱོང་བར་གྱུར་པ་དེ་དག་གོ། །བུ་མོ་གང་ཡིན་པ་དེ་དག་ནི་མྱ་ངན་ལས་འདས་སོ། །རྒྱལ་པོ་སྟོབས་བརྟན་ནི་ཟས་གཙང་མའོ། །སྐྱེད་པའི་མ་གང་ཡིན་པ་དེ་ནི་ལྷ་མོ་སྒྱུ་མའོ། །དེ་ལྟར་སྨོན་ལམ་གྱི་སྟོབས་ཀྱིས་དེ་

Vol. 117 · folio 68a

དང་དེར་སྐྱེ་བ་བཟུང་ངོ་། །ངས་དེ་ལྟར་བརྩོན་འགྲུས་བརྩམས་པས་ཏིང་ངེ་འཛིན་བསྒྲུབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བརྩོན་འགྲུས་བརྩམས་ལ་ཏིང་ངེ་འཛིན་འདི་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དཔག་ཏུ་མེད་པ་ཉེར་

བསྟེན་ནས། །ཏིང་འཛིན་རྒྱལ་པོ་ང་ཡིས་བདེ་བར་ཐོབ། །མ་བསླབས་པ་དག་བསླབ་ཕྱིར་རབ་བསྟན་ཏེ། །དེ་ནས་ང་ནི་བདེ་གཤེགས་ཐུབ་དབང་གྱུར། །སངས་རྒྱས་མང་པོ་ལས་ཏིང་ངེ་འཛིན་གྱི་སྒོ་ངེས་པར་བསྒྲུབས་པའི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་པ་རྫོགས་སོ།། །།

ཏིང་ངེ་འཛིན་རྗེས་སུ་ཡོངས་སུ་གཏད་པའི་ལེའུ་བསྟན་པར་བཞེད་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་འཛིན་པ་དང་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ཞེས་བྱ་བའི་བར་ན་

གནས་པ། དེ་ལ་ཡོན་ཏན་གྱི་ཕན་ཡོན་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་བསོད་ནམས་ཟིལ་གྱིས་མི་ནོན་པར་འགྱུར་ཞེས་བྱ་བ་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་པས་བསོད་ནམས་ལྷག་པའི་ཕྱིར་རོ། །བདུད་དང་མུ་སྟེགས་ལ་སོགས་པ་ཕས་ཀྱི་རྒོལ་བ་

ཐམས་ཅད་ཀྱིས་མི་རྫི་བའི་ཡེ་ཤེས་ཀུན་ཏུ་རྟོགས་པའི་ཕྱིར་རོ། །འདི་ཉིད་ཀྱི་ཕྱིར་ཡེ་ཤེས་དཔག་ཏུ་མེད་པར་འགྱུར། སྤོབས་པ་མཐའ་ཡས་པར་འགྱུར་ཏེ་ཞེས་བྱ་བའོ། །ཚིགས་སུ་བཅད་པས་ཕན་ཡོན་རྒྱས་པར་བསྟན་པ་བཤད་པའི་ཕྱིར་གསུངས་པ་ནི། བསྐལ་པ་བྱེ་བ་མཐའ་ཡས་དཔག་

ཏུ་མེད། །སྟོབས་བཅུས་དེ་ཡི་ཕན་ཡོན་བརྗོད་ན་ཡང་། །ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པར་སྤྱོད་ཀྱི། ཕན་ཡོན་མཐར་ཐུག་པར་བརྗོད་པ་ལྟ་ཞོག་ཆ་ཙམ་བགྲང་བར་ཡང་མི་ནུས་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་

ལས་ཆུ་ཐིགས་པ་གཅིག་བླངས་པ་བཞིན་ནོ་ཞེས་བྱ་བ་ལ། ཟླ་འོད་ཀྱིས་ཕན་ཡོན་ཤིན་ཏུ་རྒྱ་ཆེ་བ་ཐོབ་པས་སེམས་ཤིན་ཏུ་དགའ་ནས་ཐོས་པ་ཡང་ཤིན་ཏུ་རྙེད་པར་དཀའོ་སྙམ་དུ་བསམས་ཏེ། བཅོམ་ལྡན་འདས་ལ་ཞུས་པ་ནི། །ཕྱི་མའི་དུས་ན་སུ་དག་ནི། །ཞེས་བྱ་བ་ལ་སོགས་པ་ལ། བཅོམ་

Vol. 117 · folio 68b

ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བཤད་ཀྱིས་མཉན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཆོས་ཉིད་ལ་ནན་ཏན་གྱིས་ཞུགས་པ་དེ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན། བྱམས་པའི་སེམས་དང་ལྡན་པ་ཡིན། བསླབ་པ་ལ་གུས་པ་ཡིན་ཏེ་མདོ་འདི་ཉིད་ཉན་པར་འགྱུར་

རོ། །གང་དག་སྔོན་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་དེ་དག་ཉན་པར་འགྱུར་རོ། །གང་ཡང་སྔོན་གྱི་ཚེ་རབས་སུ་མུ་སྟེགས་ཅན་དུ་གྱུར་པ་དེ་དག་མ་དད་ནས་སྤོང་བར་འགྱུར་རོ། །ངའི་བསྟན་པ་ལ་རབ་ཏུ་བྱུང་བ་རྙེད་པ་དང་བཀུར་སྟི་འདོད་པ་དེ་དག་ཀྱང་རབ་ཏུ་སྤོང་བར་བྱེད་དོ། །གང་

གིས་འཛམ་བུའི་གླིང་གི་མཆོད་རྟེན་ཐམས་ཅད་བཤིག་པ་བས་ཡང་གཞན་ཞིག་གིས་མདོ་སྡེ་འདི་སྤངས་ན། འདིའི་སྡིག་ཁྱད་པར་དུ་འཕགས་ཤིང་ཆེའོ། །དེ་བཞིན་དུ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པ་བསད་པ་བས་གང་མདོ་སྡེ་འདི་སྤོང་བར་བྱེད་པ་དེའི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་

ནོ། །ཁྱེད་ལ་སུ་དག་སྤྲོ་བ་ཡོད། །ཅེས་བྱ་བ་ལ། ཕྱི་མའི་དུས་མི་བཟད་པ་ན་དམ་པའི་ཆོས་འཇིག་པའི་ཚེ་མདོ་སྡེ་འདི་འཆད་པར་སྤྲོ་བ་ཁྱེད་ལས་སུ་ཡོད་ཅེས་བཀའ་སྩལ་པ་དང་། ཟླ་འོད་ཀྱིས་ཞུས་པ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་བདག་གི་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་

གཅིག་ཏུ་ཆོས་ལ་དགའ་བས། མདོ་སྡེ་འདི་རྒྱ་ཆེར་རྒྱས་པར་བགྱིའོ་ཞེས་ཞུས་སོ། །གཞན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བརྒྱད་བརྒྱ་ཡང་སྟན་ལས་ལངས་ཏེ་བདག་ཅག་གིས་ཀྱང་ཕྱི་མའི་དུས་ན་མདོ་སྡེ་རིན་པོ་ཆེ་འདི་གཟུང་བར་བགྱིའོ་ཞེས་བྱ་བའོ། །ལྷ་ལ་སོགས་པ་རྣམས་ཀྱང་

བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ནས་བདག་ཅག་གིས་ཀྱང་ཆོས་འཛིན་པ་བསྲུང་བར་བགྱིའོ་ཞེས་གསོལ་ཏོ། །མདོ་སྡེ་འདི་རབ་ཏུ་བཤད་པ་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ནས་འོངས་པ་དེ་དག་ཀྱང་དེ་བཞིན་

གཤེགས་པའི་བྱིན་གྱི་རླབས་ཀྱིས་ཆོས་འདི་ལྟ་བུ་ཐོས་ནས་སེམས་ཅན་བྱེ་བ་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་གནས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་ན་གནས་པ་མང་པོ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ནས་སངས་རྒྱས་ཉིད་དུ་

Vol. 117 · folio 69a

ལུང་བསྟན་པ་ངེས་པར་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱིས་ཀྱང་མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ངེས་པར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་བྱ་བ་ཡིན་ནོ། །གང་སུ་དག་ཕྱི་མའི་དུས་

ན་མདོ་སྡེ་འདི་ཉན་པ་དེ་དག་ཀྱང་ངེས་པར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བྱ་བ་ཉིད་ཡིན་ནོ། །ཏིང་འཛིན་རྒྱལ་པོ་མ་ལུས་དོན་ལྡན་པ། །བྱང་ཆུབ་མཆོག་གཙོའི་རྒྱུར་གྱུར་རབ་བརྟན་པས། །རྒྱལ་བ་ཀུན་གྱིས་རྗེས་གདམས་རབ་གཏད་དེ། །འགྲོ་བ་ཀུན་གྱི་དངོས་གྲུབ་ཆེར་འབྱུང་ཤོག །

ཏིང་ངེ་འཛིན་ཡོངས་སུ་གཏད་པའི་ལེའུ་སྟེ་བཅོ་བརྒྱད་པའི་བཤད་པ་རྫོགས་སོ།། །།སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པ་བཤད་པར་བཞེད་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་བྱང་

ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྗེས་སུ་བསྔགས་པ་ཐོས་ནས་མི་སྐྲག་པར་འདོད་པས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་མཁས་པར་བྱའོ། །གཞན་དུ་ན་ཤིན་ཏུ་ཟབ་པའི་ཆོས་ཐོས་ན་ཀུན་

དུ་རྨོངས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོས་ན་མི་སྐྲག །མི་དངང་། དངང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་ཆུང་ངུ་དང་། འབྲིང་དང་ཆེན་པོའི་དབྱེ་བས་མི་སྐྲག་པ་ལ་སོགས་པའི་ཚིག་གསུམ་གྱི་དོན་བལྟ་བར་བྱའོ། །བཅོམ་ལྡན་འདས་ཇི་ལྟར་ན་

བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མཁས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་ཟླ་འོད་ཀྱིས་བཅོམ་ལྡན་འདས་ལ་ཞུས་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཉན་ཅིང་ཐོས་ནས་ཞེས་བྱ་བ་ལ་སོགས་པ་

ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན་ཞེས་བྱ་བའི་བར་དུའོ། །གཞོན་ནུ་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པ་ལ་མཁས་པར་བྱའོ་ཞེས་བྱ་བའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་པའི་ངོ་བོ་ཆོས་ཐམས་

Vol. 117 · folio 69b

ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཞེས་བྱ་བ་འདི་ལྟ་བུའི་མཆོག་ཏུ་གྱུར་པའི་ཕན་ཡོན་ཟླ་འོད་ཀྱིས་ཐོས་པས། ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་རབ་ཏུ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རབ་ཏུ་མང་པོས་ཀྱང་མངོན་པར་ཤེས་པའི་

ཤེས་པ་ཐོབ་པར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་འདིའི་མཐུ་ལྷག་པར་གྱུར་པའི་དབང་གིས་ས་གཡོ་བ་དང་། ལྷ་ལ་སོགས་པས་མེ་ཏོག་གི་ཆར་འབེབས་པ་ལ་སོགས་པའི་ངོ་མཚར་ནི་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་ཤེས་པར་བྱའོ་ཞེས་བྱ་བའོ། །དེ་ནས་དེ་ཉིད་དུ་

དྲི་ཟའི་བུ་གཙུག་ཕུད་ལྔ་པ་ཞེས་བྱ་བ་སིལ་སྙན་ལྔ་བརྒྱ་དང་བཅས་པར་ནམ་མཁའི་དཀྱིལ་ནས་བབས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ་བསྙེན་བཀུར་དང་གཡོག་བྱེད་དོ། །བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་བསྟན་པ་ཉིད་ཀྱིས་ཟླ་འོད་ཀྱི་སེམས་

སངས་རྒྱས་ཀྱི་ཆོས་ལ་གཅིག་ཏུ་གཞོལ་བར་ངེས་པར་བསྟན་པ་ལ་མཁས་པ་ཐོབ་པར་བྱ་བ་དང་གཙུག་ཕུད་ལྔ་པ་ཅན་ཡང་རྒྱུད་ལ་མཁས་པ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་ནས་པི་ཝང་དང་སིལ་སྙན་རྣམས་ལས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་འདི་ལ་ངེས་པར་གཞོལ་བར་

འགྱུར་བའི་ཚིགས་སུ་བཅད་པའི་སྒྲ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱུང་བར་གྱུར་ཏེ། སྐྲ་གཅིག་ཁྱོན་ལ་སངས་རྒྱས་མང་པོ་ནི། །ཞེས་བྱ་བ་ལ་སོགས་པ་ལ་རྨི་ལམ་གྱི་ནང་དུ་ལྷ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་བ་དང་། བཞོན་པ་སྣ་ཚོགས་དང་། གཞལ་ཡས་ཁང་ལ་

སོགས་པ་མཐོང་ཡང་ཁྱིམ་དེར་དེ་དག་ཞུགས་པ་ཡང་མ་ཡིན་དེ་ནས་ཕྱིར་བྱུང་བ་ཡང་མེད་དོ། །དེ་བཞིན་དུ་རང་གི་སེམས་ཙམ་ལས་ཐ་མི་དད་པའི་དངོས་པོ་དོན་གྱིས་སྟོང་པ་དམིགས་སུ་མེད་པ། རྨི་ལམ་དུ་སྣང་བ་ལྟར་མ་རིག་པའི་བག་ཆགས་ཀྱིས་བསྒོས་པའི་སེམས་ཉིད་ཕྱིན་ཅི་ལོག་

ཏུ་དམྱལ་བ་ལ་སོགས་པར་རབ་ཏུ་སྣང་ངོ་། །བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པའི་བག་ཆགས་ཀྱིས་བསྒོས་པའི་སེམས་ལ་ནི་དེ་བཞིན་གཤེགས་པ་ལ་སོགས་པར་སྣང་བར་འགྱུར་རོ་ཞེས་བྱའོ། །སྐྲ་གཅིག་ཁྱོན་ལ་སྟེ། སྤུའི་ཁུང་བུར་སངས་རྒྱས་མང་པོ་གངྒཱའི་ཀླུང་གི་

Vol. 117 · folio 70a

བྱེ་མའི་གྲངས་དང་མཉམ་པར་རབ་ཏུ་སྣང་ངོ་། །སངས་རྒྱས་ཀྱི་ཞིང་ཡང་དེ་སྙེད་ཉིད་དེ་ཕན་ཚུན་ལྟོས་པ་མེད་པ་ཉིད་དུ་གནས་སོ། །འགྲོ་བ་ལྔར་སྐྱེས་པར་གྱུར་པའི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་། མི་རྣམས་ཀྱང་ངོ་། །འདྲེས་པ་མེད་

ཅིང་གནོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་འདྲེས་ཤིང་འདུས་པ་ཡང་མེད། གཅིག་ལ་གཅིག་གནོད་པ་ཡང་མེད་དེ། རང་རང་གི་དབང་དུ་སྣང་བ་ཙམ་གྱིས་མཐར་ཐུག་པའི་ཕྱིར་རོ། །རི་དང་། ཆུ་ཀླུང་དང་། ནགས་ཚང་ཚིང་ལ་སོགས་པ་རྣམས་ཀྱང་གཅིག་ལ་གཅིག་དོགས་པ་མེད་པར་

ཤེས་སོ། །འགྲོ་བ་ལྔར་སྣང་བ་སྤྱིར་བསྟན་ནས་རྒྱས་པར་སོ་སོར་བསྟན་པའི་ཕྱིར། དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། རི་དང་། རི་རབ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། འབིགས་བྱེད་

དང་། བྱ་རྒོད་ཀྱི་ཕུང་པོ་ལ་སོགས་པའི་རི་རྣམས་ཀྱང་ངོ་། །དེ་བཞིན་དུ་དམྱལ་བ་ཚ་བ་དང་། རབ་ཏུ་ཚ་བ་དང་། ཐིག་ནག་ལ་སོགས་པ་རྣམས་དང་། དེར་སྐྱེས་པ་རྣམས་ལ་སྡུག་བསྔལ་གྱི་རྣམ་པ་རབ་ཏུ་སྣང་ཞིང་སྡུག་བསྔལ་ཉམས་སུ་མྱོང་ངོ་། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་

ཁང་། །ཞེས་བྱ་བ་ལ། ལྷ་རྣམས་གཞལ་མེད་ཁང་ན་གནས་ཤིང་བདེ་བ་ཉམས་སུ་མྱོང་ངོ་། །དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང་། །ཞེས་བྱ་བ་ལ། སངས་རྒྱས་རྣམས་སྐྱེ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའོ། །ཡེ་ཤེས་བྲལ་བ་དག་གིས་དེ་མི་མཐོང་། །ཞེས་བྱ་

བ་ནི་སངས་རྒྱས་མཐོང་བའི་དགེ་བའི་རྩ་བ་དང་བྲལ་བ་རྣམས་ཀྱིས་སོ། །དེའི་གནས་ཉིད་ན་དམ་པའི་ཆོས་ནུབ་ཅིང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པར་ཡང་ཐོས་སོ། །དེ་བཞིན་དུ། འདྲེན་པ་བཞུགས་ཏེ་ཆོས་ཀྱང་སྟོན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཁ་ཅིག་ནི་དཔག་ཏུ་མེད་པར་ཚེ་

འདུ་བྱེད་པའོ། །ཁ་ཅིག་ནི་ཐུང་བ་ཉིད་དུའོ། །གནས་དེར་ལ་ལ་འདི་སྙམ་དུ་འདུ་ཤེས་ཏེ་ཞེས་བྱ་བ་ལ། ཁ་ཅིག་ནི་འདི་སྙམ་དུ་བདག་གིས་དེ་བཞིན་གཤེགས་པ་མཆོད་པ་བྱས་སོ་ཞེས་འདུ་ཤེས་ཤིང་། འདུ་ཤེས་སུ་འཛིན་པས་དགའ་བའི་འདུ་ཤེས་འཇུག་པར་གྱུར་ཀྱང་མ་སྐྱེས་པ་ལ་

Vol. 117 · folio 70b

མཆོད་པར་ནུས་པ་མ་ཡིན་ནོ། །མཐོང་བ་ལ་སོགས་པའི་ཐ་སྙད་རྣམས་ཇི་ལྟར་ཡིན་ཞེ་ན། རྨི་ལམ་གྱི་དཔེས་ཐམས་ཅད་གྲུབ་བོ་ཞེས་བྱ་བར། མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །ཞེས་བྱ་བ་ལ། རང་གི་ཁྱིམ་ན་ཉལ་བ་ཞིག་གིས་རྨི་ལམ་དུ་ལྷ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་ཞིང་འདོད་པའི་ཡོན་ཏན་ལྔས་ངོམས་

པ་མེད་པ་ཉིད་ལས་སད་པར་གྱུར་ན་འདོད་པའི་ཡོན་ཏན་ལྔ་མཐོང་བ་མེད་དོ། །རྨི་ལམ་དུ་མཐོང་བ་དེ་ཉིད་མ་སྐྱེས་པ་མི་བདེན་པའོ་ཞེས་ཤེས་སོ། །དེ་བཞིན་དུ་མཐོང་བ་དང་། ཉམས་སུ་མྱོང་བ་དང་། རྣམ་པར་ཤེས་པའི་ཐ་སྙད་རྣམས་ཀྱང་བརྫུན་པའི་བག་ཆགས་ཀྱིས་སྤྲུལ་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་

བྱ་བ་ལ་ཏིང་ངེ་འཛིན་གྱི་ངོ་བོ་ངེས་པར་རྟོགས་ནས་ཆོས་ཉིད་དེ་ཁོ་ན་ཉིད་ལ་གཡོ་བར་མི་འགྱུར་རོ་ཞེས་བྱ་བའོ། །ཡུལ་རྣམས་ལ་སྡུག་པ་དང་མི་སྡུག་པའི་ཆར་འབྱེད་པ་དང་བྲལ་བ་དེ་ནི་འཛིན་པ་དང་། དོར་བ་མེད་པས་བསེ་རུ་བཞིན་དུ་ཐེ་ཚོམ་མེད་པར་ལམ་གང་ཡིན་པ་དེ་རྣམ་

པར་སྒོམ་པར་བྱེད་པའོ། །ཆོས་ཐམས་ཅད་སྟོང་པའོ་ཞེས་ཡེ་ཤེས་ངེས་པར་བསྒྲུབ་པ། དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །ཞེས་བྱ་བའོ། །སྡུག་པ་དང་མི་སྡུག་པར་ཀུན་དུ་ཆགས་པ་མེད་པ་དེ་ལ་ནི་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་མི་སྡུག་པ་དང་ཕྲད་པའི་

སྡུག་བསྔལ་གྱི་མཐར་བྱས་འདི་གཉིས་རབ་ཏུ་སྤངས་ནས་ནི་ཆོས་ཉིད་གཅིག་པུ་ལ་བརྟེན་པར་བྱའོ། །གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པ་ནི་ཆོས་ཉིད་ཡིན་ནོ་ཞེས་ཐོས་ན་རྗེས་སུ་ཆགས་པའི་དབང་གིས་མངོན་པར་

ཞེན་ནོ། །ཆོས་མ་ཡིན་པ་ནི་དམྱལ་བ་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་ཁོང་ཁྲོ་བ་སྐྱེད་པར་བྱེད་དོ། །ཆོས་དང་ཆོས་མ་ཡིན་པ་མཉམ་པ་ཉིད་དུ་མ་རྟོགས་པས་ང་རྒྱལ་དང་རྒྱགས་པའི་དབང་གིས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞེས་བྱའོ། །མཉམ་པ་ཉིད་ལ་གནས་པ་རྣམས་ནི་

སྡུག་པ་དང་མི་སྡུག་པ་ལ་ས་གྲོལ་བ་ཉིད་དུ་གནས་པ་ཡིན་ནོ། །དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་རབ་ཏུ་གནས་པ་ཞེས་བྱའོ། །གང་དག་ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་དེ་དག་ནི་བདུད་ཀྱི་ཞགས་པས་

Vol. 117 · folio 71a

བཟུང་བ་ཞེས་བལྟ་བར་བྱའོ། །ཟླ་འོད་གཞོན་ནུས་ཚིགས་སུ་བཅད་པའི་དོན་ཁོང་དུ་ཆུད་པས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་གཅིག་ཏུ་ངེས་པས་ངེས་པར་བརྟེན་པ་ལ་མཁས་པ་ཐོབ་པར་གྱུར་ཏོ། །དྲི་ཟའི་བུ་གཙུག་ཕུད་ལྔ་པ་ཅན་

གྱིས་ཀྱང་སྒྲའི་རྗེས་སུ་འཇུག་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཆོས་ཉིད་རབ་ཏུ་རྟོགས་པར་གྱུར་ཞེས་བྱ་བའི་དོན་ཏོ། །རི་བོང་འཛིན་པའི་འོད་ལྟར་དཀར་བའི་དཀའ་འགྲེལ་གྲགས་པའི་མདངས་ལྡན་པ། །འཇམ་དཔལ་

དབྱངས་ཀྱི་ཞབས་ཀྱི་པདྨ་ལ་གུས་ཙམ་གྱིས་རབ་བསྒྲུབས་ལ། མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སྐྱེས་སྐྱེ་བོ་མ་ལུས་ཕན་དོན་དུ། །གལ་ཏེ་ལེགས་པར་མཐོང་ན་ཡེ་ཤེས་པ་ལ་བརྟེན་པའི་དོན། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་

པའི་འགྲེལ་པ་རྫོགས་སོ།། །།དབང་པོ་ཏོག་གི་རྒྱལ་མཚན་རྒྱལ་པོའི་ལེའུ་ངེས་པར་བསྟན་པར་བཞེད་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་རྩ་བ་དང་། བསླབ་པ་དང་། ཡོན་ཏན་གྱི་ཆོས་གདོན་མི་ཟ་ཞིང་ཚུལ་ཁྲིམས་

ཤིན་ཏུ་ཡོངས་སུ་དག་པར་བྱའོ་ཞེས་བྱ་བ་ལ། ཚུལ་ཁྲིམས་ལ་རབ་ཏུ་གནས་ནས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མཆོག་ཏུ་མཐར་ཐུག་པར་ངེས་པར་སྒྲུབ་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདུ་འཛི་མེད་པ་མང་ཞིང་ཞེས་བྱ་བ་ལ། དབེན་པ་ལ་དགའ་བའི་

ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཡོངས་སུ་འཛིན་པ་དང་། འཆང་བ་དང་། མངོན་པར་དགའ་བས་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་

ངེས་པར་གཟུང་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ཐམས་ཅད་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ནོ་ཞེས་བྱ་བའོ། །བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་ལ་མི་ལྟ་བས་རྒྱུན་མི་འཆད་པར་དགེ་བའི་བཤེས་གཉེན་བཙལ་བར་བྱའོ། །གཡོ་མེད་པ་ནི་བཅོས་མ་

Vol. 117 · folio 71b

མ་ཡིན་པའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། གཟུང་བར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བ་ལ། གང་གི་ཚེ་དགེ་བའི་བཤེས་

གཉེན་ཚོལ་བ་དང་། སྲི་ཞུ་བྱ་བ་དང་། གཡོག་བྱ་བ་ལ་ཡིད་མི་སྐྱོ་བར་གྱུར་པ་དེའི་ཚེ་བདེ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཉིད་ཡིན་ན་

སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །སྔོན་བྱུང་བ་བསྟན་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཞེས་བཤད་པ་ནི། འདས་པའི་བསྐལ་པ་བྱེ་བ་མང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། འདས་པའི་

བསྐལ་པ་དཔག་ཏུ་མེད་པ་ན་དེ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་དེས་ཏིང་ངེ་འཛིན་བཤད་དེ། ཆོས་ཐམས་ཅད་བདག་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤད་བུ་ལ་སོགས་པའི་བྱེད་པ་པོས་སྟོང་པ་སྒྱུ་མ་དང་།

སྨིག་རྒྱུ་དང་། གཟུགས་བརྙན་དང་། ཆུའི་ཟླ་བ་དང་འདྲ་བ་ལ་འཆི་བའི་དུས་བྱེད་པ་ན་སེམས་ཅན་དང་སྲོག་ལ་སོགས་པ་འཇིག་རྟེན་ཕ་རོལ་དུ་འགྲོ་བ་ཡང་མེད་ལ་ལས་དང་འབྲས་བུ་རྣམ་པར་ཉམས་པ་ཡང་མེད་དེ། ཇི་ལྟར་མེ་ལོང་གི་དཀྱིལ་དུ་བཞིན་གྱི་ཁ་དོག་ནག་པོ་དང་། དཀར་

པོ་དང་། ཐིག་ལེ་དང་། འདབ་རིས་ལ་སོགས་པ་མཐོང་བ་དང་འདྲ་བས་ལས་དང་འབྲས་བུའི་སྣང་བ་ཡང་སེམས་གྱི་རྒྱུད་ལ་དེ་དང་འདྲའོ་ཞེས་བྱ་བ་ཡིན་ནོ། །རིགས་པའི་ཚུལ་གྱིས་སྒོ་སྟེ་ཁྱབ་བྱེད་དུ་ཁས་བླངས་པས་སྐྱེ་བ་དང་། འཆི་བ་དང་། འཇིག་རྟེན་ཕ་རོལ་དུ་འགྲོ་བ་

དང་། བྱེད་པ་པོ་དང་། སྤྱོད་པ་པོ་ལ་སོགས་པ་མི་རིགས་སོ་ཞེས་བྱ་བ་ཡིན་ཏེ། གང་ལ་ཡི་གེའི་ཚིག་ཀྱང་མི་དམིགས་པས་སྟོང་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཉིད་ན་བཅོམ་ལྡན་མཁྱེན། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །དེ་ལྟ་བུའི་ཏིང་ངེ་

Vol. 117 · folio 72a

འཛིན་བཅོམ་ལྡན་འདས་ཀྱིས་བཤད་པའོ། །དེ་ནས་བདག་གིས་ཏིང་ངེ་འཛིན་འདི་ཐོས་ནས་ཉོན་མོངས་པའི་ནད་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ། །བྱང་ཆུབ་སེམས་དཔས་བསྒྲུབས་པའི་ནོར་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་

ཁྱད་པར་བསྟན་པས་འབྲས་བུའི་ཁྱད་པར་འདོད་པ་རྣམས་འཇུག་པར་བྱ་བའི་ཕྱིར་རོ། །དེ་ན་དགེ་སློང་ཆོས་སྨྲ་འདུག་པ་དག །ཅེས་བྱ་བ་ལ། དེར་ཆོས་འཆད་པའི་ཚེ་ཚུལ་ཁྲིམས་ཀྱི་སྤྱོད་པ་ཕུན་སུམ་ཚོགས་པས་ཆོས་འདི་ཐོས་ནས་སངས་རྒྱས་ཉིད་དང་རྗེས་སུ་མཐུན་པའི་སེམས་བསྐྱེད་

པར་གྱུར་ཏོ། །དེའི་བསམ་པ་མཁྱེན་ནས་ཁྱོད་བྱང་ཆུབ་ཏུ་སེམས་བསྐྱེད་དེ། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་ཉིད་དུ་ངེས་པར་འགྱུར་རོ་ཞེས་ཆོས་སྨྲ་བའི་དགེ་སློང་ལུང་བསྟན་པ་དེ་ནི་གཞན་མ་ཡིན་གྱི་ང་ཉིད་ཡིན་ནོ་ཞེས་བྱ་བས་ནི་ཐམས་ཅད་

དུ་ཏིང་ངེ་འཛིན་བཙལ་བ་དང་། དགེ་བའི་བཤེས་གཉེན་ལ་གཅིག་ཏུ་བརྟེན་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །གུས་པས་ཏིང་འཛིན་ཐོས་ནས་རྣམ་པར་བསྒོམས། །སངས་རྒྱས་གྱུར་ནས་འགྲོ་བའི་དོན་བྱ་ཞེས། །དེ་ལྟར་བ་སེམས་ནས་བདག་གཞན་དོན་གྱི་བློས། །དེ་ཡི་

དཀའ་འགྲེལ་དོན་བྱེད་གྲགས་པས་བྱས། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་ལེའུ་སྟེ་ཉི་ཤུ་པའི་འགྲེལ་པ་རྫོགས་སོ།། །།དམིགས་པའི་ལྟ་བ་ཅན་གྱི་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཆེད་དུ་སྔོན་བྱུང་བ་ཉེ་བར་བསྟན་པར་བྱ་བའི་ཕྱིར། །དེ་ནས་བཅོམ་ལྡན་འདས་

ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ནས་བརྩམས་ཏེ་སྔར་བསྟན་པའི་རྗེས་སུ་འབྲེལ་བར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྔོན་བྱུང་བའི་གཏམ་གྱི་རྒྱུད་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བ་ལ། དེ་དག་ཉིད་

བསྟན་པར་བྱ་བའི་ཕྱིར། སྔོན་བྱུང་འཛམ་བུའི་གླིང་ཞེས་བྱ་བ་འདིར། །ཞེས་བྱ་བ་ལ་སོགས་པ་ལ། སྔོན་བྱུང་བ་འཛམ་བུའི་གླིང་འདིར་ཚོང་དཔོན་གྱི་ཁྱེའུ་གཉིས་བྱུང་སྟེ་ཞེས་བྱ་བ་ནི། ཚོང་དཔོན་གྱི་ཁྱེའུ་གཉིས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །རབ་ཏུ་བྱུང་

Vol. 117 · folio 72b

ནས་ཀྱང་འཛིན་པ་ཐམས་ཅད་རྣམ་པར་སྤངས་ནས་བསེ་རུ་ལྟར་བསམ་གཏན་དང་རྗེས་སུ་མཐུན་པའི་ནགས་སུ་གནས་ནས་བསམ་གཏན་གྱི་དགའ་བ་དང་། བདེ་བ་ཉམས་སུ་མྱོང་ནས་རྫུ་འཕྲུལ་དང་ལྡན་ཞིང་བསམ་གཏན་ཐོབ་པར་གྱུར་ཏེ། སེམས་ཅན་རྣམས་ཀྱི་དབང་པོ་དང་བསམ་

པ་རྣམ་པར་ཤེས་ནས་ཕན་ཚུན་ཆོས་ཀྱི་འབྲེལ་པའི་གཏམ་བྱེད་ཅིང་གནས་སོ། །དེ་ནས་རྒྱལ་པོ་སྟོབས་དང་བཅས་པ་རི་དགས་ཤོར་དུ་སོང་བ་ལས། དེ་དག་དང་ཉེ་བའི་དགོན་པར་སོང་ངོ་། །མིའི་བདག་པོས་དེ་དག་མཐོང་ནས་རབ་ཏུ་དགའ་བ་སྐྱེས་སོ། །མངོན་པར་ཕྱག་འཚལ་ནས་

མདུན་དུ་འདུག་པ་དང་། དེའི་བསམ་པ་དང་རྗེས་སུ་མཐུན་པའི་གཏམ་རྒྱལ་པོ་དེ་ལ་སྨྲས་པ་རྒྱལ་རིགས་ཉོན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་འབྱུང་བ་མཆོག་ཏུ་རྙེད་པར་དཀའི། །ཞེས་བྱ་བ་ལ། སངས་རྒྱས་འབྱུང་བ་ནི་ཤིན་ཏུ་དཀོན་པ་ཡིན་པས་དེའི་ཕྱིར་བག་ཡོད་པར་གྱུར་

པས་ཆོས་བསྲུང་བ་ལ་འབད་པར་གྱིས་ཤིག་ཅེས་བྱ་བའོ། །ཚེ་འདི་རིའི་ཆུ་བོ་བཞིན་དུ་མྱུར་དུ་འགྲོ་ཞིང་མི་གནས་པ་བཞིན་དུ་ན་བ་དང་། རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བས་ཉེ་བར་གཙེས་པ་དེའི་ཚེ་

ཆོས་མ་གཏོགས་པའི་སྐྱབས་གཞན་མེད་དོ། །དེའི་ཕྱིར་ཆོས་སྐྱོང་བར་གྱུར་པས་ཕྱི་མའི་དུས་ཤིན་དུ་འཇིགས་སུ་རུང་བ་དེའི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་འཇིག་པ་ན། ཇི་ལྟར་འཇིག་པར་མི་འགྱུར་བ་དེ་ལྟར་མཛོད་ཅིག །ཅེས་དེ་དག་གི་རྣམ་པ་མང་པོས་མིའི་བདག་པོ་ལ་གདམས་

སོ། །དེ་ནས་གདམས་ངག་ཐོས་པས་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དེ་དག་གི་རྐང་པ་ལ་མངོན་པར་ཕྱག་འཚལ་ནས། རང་གི་ཕོ་བྲང་དུ་སོང་ངོ་། །གཞན་དམིགས་པའི་ལྟ་བས་ཤིན་ཏུ་གཡེན་སྤྱོ་བའི་དགེ་སློང་མང་པོ། །རྙེད་པ་དང་། བཀུར་སྟི་འདོད་པ་རྣམས། དེའི་ཁབ་ཏུ་ཞུགས་པ་

དང་། དེ་དག་གི་དབང་པོ་མ་བསྡམས་པར་མཐོང་ནས། མིའི་བདག་པོ་དེས་དེ་དག་ལ་གུས་པར་མ་བྱས་སོ། །དེ་ནས་དགེ་སློང་མང་པོ་བརྐམ་ཞིང་ཆགས། །ཞེས་བྱ་བ་ལ། ཤིན་ཏུ་བརྐམ་པ་ཆགས་པ་ཅན། དེ་བཞིན་གཤེགས་པའི་བསྟན་པ་ལས་ཉམས་པ་དེ་དག་གིས་མིའི་བདག་པོ་དེ་

Vol. 117 · folio 73a

ཕྱིན་ཅི་ལོག་ཏུ་འཛིན་དུ་འཇུག་གོ། །ཆོས་སྨྲ་བ་གཉིས་པོ་འདི་ནི་ཆད་པར་ལྟ་བ་ཡིན་ཏེ། མྱ་ངན་ལས་འདས་པའི་ལམ་སྟོན་པ་ཡང་མ་ཡིན་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྟོན་པར་འདོད་པས། དགེ་བ་དང་མི་དགེ་བའི་ལས་ཀྱང་མེད་ལ། དེ་མེད་

པས། མཐོ་རིས་དང་། ངན་སོང་ལ་སོགས་པའི་འབྲས་བུ་ཉིད་ཀྱང་རིང་བ་ཉིད་དུ་སྤངས་པ་ཡིན་ནོ། །གལ་ཏེ་མ་བསད་ན་ཡང་ཡུལ་གཞན་དུ་སྤངས་ཤིག །དེ་ལྟར་གྱུར་ན་དེ་བཞིན་གཤེགས་པའི་བསྟན་པ་རིང་དུ་གནས་པར་འགྱུར་རོ། །ཞེས་ཟེར་རོ། །དེ་དག་གི་ཚིག་གིས་མིའི་བདག་

པོ་ཐེ་ཚོམ་སྐྱེས་ཤིང་བསད་པའི་བསམ་པ་ཡང་བྱུང་བ་དང་མིའི་བདག་པོ་དེ་ལ་རྟག་ཏུ་རྗེས་སུ་འབྲེལ་བའི་ལྷ་ཞིག་ཡོད་པས་མིའི་བདག་པོ་འདི་ལྟ་བུའི་སེམས་མ་སྐྱེད་ཅིག །སྡིག་པའི་གྲོགས་པོའི་ཚིག་གིས་སྡིག་པའི་སེམས་མ་སྐྱེད་ཅིག །ཅེས་བསྐུལ་བ་དང་། རྒྱལ་པོ་དེ་ལྷའི་ཚིག་གིས་

བསྐུལ་བས་དེ་བཞིན་གཤེགས་པའི་བསྟན་པ་ལས་མི་གཡོ་བའི་དྲན་པ་ཡང་བྱུང་ངོ་། །དེའི་སྤུན་ཟླ་དགེ་སློང་དེ་དག་གིས་ལོག་པར་འཛིན་དུ་བཅུག་པས་བསད་པར་བྱའོ་སྙམ་ནས་དེ་སྟོབས་དང་བཞོན་པ་དང་བཅས་པར་གང་ན་ཆོས་སྨྲ་བ་གཉིས་གནས་པ་དེར་ཕྱིན་པ་དང་། ནགས་

དེ་ན་རྟག་ཏུ་གནས་པའི་ལྷ་དང་གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་སོ་ཕག་གི་ཆར་ཕབ་པས་སོ་ཕག་གི་ཆར་གྱིས་ཕྱེ་མར་བྱས་ནས་མནར་མེད་པར་སོང་བར་གྱུར་ཏོ། །དགེ་སློང་མང་པོ་དེ་དག་ཀྱང་དམྱལ་བར་སོང་བར་གྱུར་ཏོ། །དེ་ལྟ་བས་ན་ཆོས་ཟབ་མོ་སྤང་བར་མི་བྱ་སྟེ། དམྱལ་

བར་འགྲོ་བས་འཇིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཞོན་ནུ་ཁྱེའུ་མཆོག་གཉིས་པོ་བྱུང་བ་ཡང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་སྟོན་ཏོ། །ཆོས་སྨྲ་བ་གཉིས་པོ་དེ་གཞན་ཡིན་པར་མི་བལྟ་སྟེ། འོན་ཀྱང་གཅིག་ནི་དེ་བཞིན་གཤེགས་པ་མར་མེ་མཛད་ཡིན་ནོ། །གཉིས་པ་ནི་ང་

ཡིན་ནོ། །རྒྱལ་པོ་དེ་ནི་བྱམས་པ་ཡིན་ནོ། །ལྷ་མོ་དེ་ནི་ཟླ་འོད་ཡིན་ནོ། །དེའི་ནུ་བོ་དེ་ནི་ལྷ་སྦྱིན་ཡིན་ནོ་ཞེས་བྱ་བའོ། །རྨོངས་པའི་དྲ་བ་མ་ལུས་ཉེས་པའི་གཞི། །བདག་མེད་རྡོ་རྗེས་རྣམ་པར་བརྟགས་པའི་ཕྱིར། །འཇིག་རྟེན་བདེ་གཤེགས་སྲས་སུ་འགྲོ་གྱིས་ལ། །དེ་ནས་ཉེས་

Vol. 117 · folio 73b

བྲལ་ཐུབ་པའི་དབང་པོར་གྱུར། །སྔོན་བྱུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་འགྲེལ་པ་རྫོགས་སོ།། །།དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་བསྒྲུབ་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིས་པ་རྣམས་ནི་རྟག་ཏུ་ཆགས་བྱེད་དེ། །

ཞེས་བྱ་བ་ལ། ཕྱི་དང་ནང་རྣག་གི་རང་བཞིན་ཅན་གྱི་ལུས་ལ་མངོན་པར་ཞེན་པར་བྱས་ནས་བྱིས་པ་རྣམས་ཕན་པ་དང་། མི་ཕན་པ་ལ་ཡོངས་སུ་རྟོག་པར་མི་བཟོད་པ་གཡོ་བའི་སྲོག་དང་བདེ་བ་ལ་མངོན་པར་ཞེན་པས་སྡིག་པ་བྱས་ནས་དམྱལ་བར་ངེས་པར་འགྲོ་བར་འགྱུར་རོ། །

གང་ཡང་མངོན་པར་ཞེན་པ་དང་བྲལ་བ་དེ་དག་ནི་བདུད་དག་ལས་རྒྱལ་ནས་བྱང་ཆུབ་ཀྱི་ཤིང་ཆེན་པོའི་རྩ་བར། རབ་ཏུ་སད་པས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ལ་གཟུགས་ཀྱི་སྐུར་མི་བལྟའོ། །དེ་ཅིའི་

ཕྱིར་ཞེ་ན་ཞེས་བྱ་བ་ནི། གཟུགས་ཀྱི་སྐུས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། དེའི་ཕྱིར་སྐུ་གང་གིས་མངོན་པར་སངས་རྒྱས་པ་དེ་ཉིད་སྐུར་བལྟ་བར་བྱའོ་ཞེས་བྱ་བའི་ཐེ་ཚོམ་ཡོངས་སུ་སྤོང་བར་བྱེད་པ་སྟེ། ཆོས་ཀྱི་སྐུས་བསྒོས་པ་ནི་གཟུགས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་

སྐུ་ནི་གཟུགས་ཀྱི་སྐུས་བསྒོས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་དུ་གནས་པའི་ཕྱིར་རོ་ཞེས་བྱ་བས་སོ། །གཞོན་དུ་དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་

སྐུ་ལ་སྨོན་པར་འདོད་པ་དང་ཤེས་པར་འདོད་པས། ཏིང་ངེ་འཛིན་འདི་ཉིད་གཟུང་བར་བྱ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཏིང་ངེ་འཛིན་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱས་བསྒྲུབས་པའོ་ཞེས་བསྟན་པ་ནི་གཟུགས་ཀྱི་སྐུ་

ཞལ་གྱིས་བཞེས་ནས་གསུངས་པ་ཡིན་ནོ་ཞེས་བྱ་བར། བསོད་ནམས་བརྒྱ་པ་ལས་སྐྱེས་པའི་བློ་དང་དོན་གཅིག་ཏུ་བསྟན་པ་ཞེས་བྱ་བ་གསུངས་ཏེ། བསོད་ནམས་བརྒྱ་པའི་མཚན་ཉིད་ཅན་གྱི་རྒྱུ་ལས་བྱུང་བའི་ཆོས་ཀྱི་སྐུས་བསྐྱེད་པས་ན་བསོད་ནམས་བརྒྱས་བསྒྲུབས་པ་ཞེས་བརྗོད་དོ། །དོན་དམ་

Vol. 117 · folio 74a

པ་ནི་མཚན་མ་མེད་པའི་ཕྱིར་མཚན་ཉིད་ཐམས་ཅད་དང་བྲལ་བ་ཉིད་དོ། །ཟབ་པ་ནི་དམིགས་པའི་ལྟ་བ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ། །ཚད་མེད་པ་ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་གི་ཚད་མས་རྟོགས་པར་བྱར་མེད་པའི་ཕྱིར་རོ། །

མཚན་མ་མེད་པའི་ངོ་བོ་ཉིད་ནི་རང་གི་མཚན་མ་ཡང་མེད་པ་ཉིད་དོ། །མཚན་མ་ཐམས་ཅད་རྣམ་པར་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་རབ་ཏུ་བསྒོམ་པ་ཉིད་དོ། །མི་གཡོ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ངེས་པར་གནས་པ་ཉིད་དང་། ཤིན་ཏུ་

ནམ་མཁའི་ངོ་བོ་ཉིད་དོ། །མིག་ལྔའི་ཡུལ་ལས་ཡང་དག་པར་འདས་པ་ནི་མཐོང་བ་མེད་པའོ། །དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་ངོ་བོ་ཉིད་ནི་ཆོས་ཀྱི་སྐུར་རབ་ཏུ་ཤེས་པར་བྱ་སྟེ། མངོན་པར་ཞེན་པ་མེད་པའི་རྣལ་འབྱོར་གྱིས་སོ། །བསམ་གྱིས་མི་ཁྱབ་པ་ནི་སེམས་ཀྱི་ས་ལས་ཡང་

དག་པར་འདས་པའི་ཕྱིར་དང་། རྣམ་པར་སྤྲོས་པ་ཐམས་ཅད་ངེས་པར་བྲལ་བའི་ཕྱིར་བདེ་བ་དང་སྡུག་བསྔལ་ལ་སོགས་པས་མངོན་པར་མི་གཡོ་བའོ། །གནས་མེད་པ་ནི་གཟུང་བའི་གནས་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་སྨོན་པར་འདོད་པ་རྣམས་ཀྱི་སྒྲ་ལས་ཤིན་ཏུ་འདས་

པ་ཞེས་བྱ་བ་ནི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ལ་ཞེན་པར་མི་བྱ་སྟེ། སོ་སོར་རང་གི་རིག་པ་ཡིན་པའི་ཕྱིར་རོ། །སྙིང་པོ་ནི་འདོད་ཆགས་ལ་སོགས་པའི་དྲི་མའི་ངོ་བོ་དང་བྲལ་བ་ཉིད་དོ། །དབྱེར་མི་ཕྱེད་པ་ནི་ཞེ་སྡང་གི་མཚོན་ཆས་སོ། །བརྟན་པ་ནི་གཏི་མུག་གི་རླུང་གིས་མི་བསྐྱོད་པ་ཉིད་དོ། །འོ་ན་ཇི་

ལྟར་བསྒྲུབ་པར་བྱ་ཞེ་ན། སྟོང་པ་ཉིད་དུ་བསྟན་པས་ངེས་པར་བསྟན་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ཅེས་བྱ་བའི་སྒྲས་ནི་ཆོས་ཀྱི་སྐུ་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱའོ། །མ་སྐྱེས་པས་ནི་ཆོས་ཀྱི་སྐུ་སྐྱེད་པར་བྱེད་པའི་རྒྱུ་མེད་པས་སྐྱེ་བ་ལས་ཡང་དག་པར་འདས་པ་ཡིན་ནོ། །རྟག་པ་

ནི་ཐ་སྙད་ཙམ་དུ་མི་འགྱུར་བའི་རྟག་པ་ཉིད་དོ། །བྱེ་བྲག་མེད་པ་ནི་འཇིག་རྟེན་ལ་བསྒྲུབ་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་སྒྲའི་སྦྱོར་བ་འབྱུང་བ་སྟེ། མྱ་ངན་ལས་འདས་པ་ལ་སངས་རྒྱས་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་བྱེ་བྲག་མེད་པ་ཉིད་དོ། །སྒྲས་མྱ་ངན་ལས་འདས་

Vol. 117 · folio 74b

པ་ནི་སྒྲས་བརྗོད་དུ་མེད་པའོ། །དབྱངས་ཀྱིས་ཞི་བ་ནི་བྲག་ཅའི་སྒྲ་དང་འདྲ་བར་བརྗོད་པ་དང་། བརྗོད་བྱའི་རྣམ་པར་རྟོག་པ་ཞི་བས་ཞི་བའོ། །ཐ་མལ་པའི་སྒྲས་ནི་དངོས་པོ་དང་དངོས་པོ་མེད་པ་དང་། གཉི་ག་ཡང་རྣམ་པར་རྟོག་པ་ཙམ་ཉིད་ཀྱི་ཕྱིར་བརྡ་སྟེ། བརྡ་དེ་བརྡ་ཙམ་གྱིས་

ཐམས་ཅད་དུ་ཐ་སྙད་དུ་བྱེད་པའོ། །དོན་དམ་པ་ནི་ཇི་ལྟ་བའི་ཚིག་གིས་བསྟན་པར་བྱ་སྟེ། ཡང་དག་པ་དང་། བདེན་པ་དང་། དེ་བཞིན་ཉིད་དང་། དོན་དམ་པ་ཞེས་བྱ་བའི་རྣམ་གྲངས་སོ། །བསིལ་བ་དང་ཡོངས་སུ་གདུང་བ་མེད་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ཚ་བའི་ཡོངས་

སུ་གདུང་བ་མེད་པའི་ཕྱིར་རོ། །སྨད་དུ་མེད་པ་ནི་གང་གིས་ཀྱང་སྨད་དུ་མེད་པ་དེའི་ཕྱིར་སྨད་དུ་མེད་པ་ཞེས་བྱའོ། །ཁ་དོག་བསྟན་པས་མུ་མེད་པ་ཞེས་བྱ་བ་ནི་ཡོན་ཏན་བརྗོད་པ་ལ་མཐའ་མེད་པའི་ཕྱིར་རོ། །གཞོན་ནུ་དེ་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱའོ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་། མ་བཅོས་པ་

ཞེས་བྱ་བའི་དོན་ཏོ། །སྐུ་འདི་ཉིད་ཀྱི་ཁྱད་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པར་བྱ་བའི་ཕྱིར། །འདི་འདྲའི་འཇིག་རྟེན་མགོན་པོའི་སྐུ། །ཞེས་བྱ་བ་ནི་ཡང་དག་པར་བདེན་པའི་སྐུ་ཤེས་པར་འདོད་པ་དེས་ཏིང་ངེ་འཛིན་འདི་བསྒོམ་པར་བྱ་སྟེ། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ནི་སྐུ་ཡིན་པས་

ཏིང་ངེ་འཛིན་གྱི་ངོ་བོ་གང་གིས་མཐོང་བ་དེས་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་བྱུང་བ་མཐོང་བ་ཡིན་ནོ། །སངས་རྒྱས་སྐུ་ནི་དག་པ་སྟེ། །འོན་ཀྱང་གསལ་ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བ་ཉིད་དེ། རྨོངས་པའི་མུན་པ་མེད་པའི་ཕྱིར་རོ། །

བར་སྣང་མཚུངས་པ་ནི་སྤྲོས་པ་མེད་པས་སོ། །གལ་ཏེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པའི་མངོན་པར་བྱང་ཆུབ་སྐུ་མངའ་ན་ཇི་ལྟར་བར་སྣང་མཚུངས་པའི་སྐུ་ཡིན་ཞེ་ན། སངས་རྒྱས་བྱང་ཆུབ་ཅི་འདྲ་བ། །ཞེས་བྱ་བ་ལ་སོགས་པ་ལ། ཅི་ལྟར་སྐུ་གཟོད་མ་ནས་ཞི་

བ་ཡིན་པ་དེ་ལྟར་མཚན་རྣམས་ཀྱང་ཡིན་ལ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་དང་འདྲའོ། །སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་རྣམས་ཀྱང་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱའོ། །སུས་ཀྱང་ཤ་ཡི་མིག་གིས་ནི། །ནམ་ཡང་མཐོང་

Vol. 117 · folio 75a

བར་མི་ནུས་སོ། །ཞེས་བྱ་བ་ལ་སོགས་པ་ལ། མིག་གི་ཡུལ་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །མང་པོ་དག་ནི་འདི་སྐད་སྨྲ། །ངས་ནི་འཇིག་རྟེན་འདྲེན་པ་མཐོང་། །ཞེས་བྱ་བ་ནི་སྐུ་ཡང་གསེར་གྱི་ཁ་དོག་ལ་སྟེ། དེ་བཞིན་གཤེགས་པ་མཐོང་ངོ་ཞེ་ན། སངས་རྒྱས་དག་

གི་བྱིན་རླབས་དང་། །ཞེས་བྱ་བ་ལ། ཆོས་ཀྱི་སྐུའི་དབང་གིས་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་མཐོང་བར་གྱུར་ན་ཡང་ཚད་དང་ཆུ་དང་ཞེང་འདི་ཙམ་མོ་ཞེས་སུས་ཀྱང་གཞལ་བར་མི་ནུས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གལ་ཏེ་ཚད་

ཀྱང་རྙེད་གྱུར་ན། །ཞེས་བྱ་བ་ལ། ཁ་དོག་དང་དབྱིབས་སོ་སོར་ངེས་པའི་བདག་ཉིད་ཡིན་ན་ལྷ་དང་མི་ལ་སོགས་པ་དང་ཁྱད་པར་མེད་པར་འགྱུར་རོ། །མཉམ་པར་གཞག་པའི་སེམས་ཀྱི་ནི། །ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དང་ཉེ་བར་བྲལ་བའི་སེམས་ནི་མཉམ་པར་གཞག་པའོ། །དེའི་

རྣམ་པར་སྨིན་པའི་སེམས་ཀྱང་དེ་དང་འདྲ་བ་སྟེ། དཀར་པོའི་ཆོས་མང་པོས་ངེས་པར་བསྒྲུབས་པ་དགེ་བའི་ཆོས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པའི་ཏིང་ངེ་འཛིན་རྒྱ་ཆེ་བ་ངའི་སྐུ་ནི་མི་སྣང་ངོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པའི་ཕྱིར་གཞན་གྱིས་མི་མཐོང་ངོ་། །གང་གི་སེམས་

ནི་ཅི་འདྲ་བ། །ཞེས་བྱ་བ་ལ། གང་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སེམས་དེ་ནི་རྣམ་པར་རྟོག་པ་མེད་པའོ། །མིང་དང་གཟུགས་ཀྱང་དེ་འདྲ་སྟེ། །ཞེས་བྱ་བ་ཕུང་པོ་ལྔའི་རང་གི་རང་བཞིན་ཡང་རྣམ་པར་དག་པའོ། །དེའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་མེད་པས་མིང་དང་གཟུགས་ཀྱང་ངོ་བོ་

ཉིད་མེད་པ་ཞེས་བྱ་བའོ། །སྡིག་པའི་འདུ་ཤེས་གསུམ་པོ་དག །ཅེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་ཅན་དང་། མིང་དང་། རྒྱུ་མཚན་དང་། ཀུན་དུ་རྟོག་པའི་བདག་ཉིད་ཅན་བདག་དང་། བདག་གི་དང་། གཉི་གའི་འདུ་ཤེས་རབ་ཏུ་སྤངས་པས་ཡིད་

བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་ཆོས་ཀྱི་སྐུ་ལས་གདུལ་བྱའི་སྐྱེ་བོ་རྣམས་ལ་སྐལ་བ་ཅི་ལྟ་བ་བཞིན་དུ་དོན་སྒྲུབ་པར་བྱེད་པའོ། །དཔའ་བོ་ཆེན་པོ་ཆོས་ཀྱི་སྐུ། །ཞེས་བྱ་བ་ལ། ཆོས་ཉིད་ཀྱི་བདག་ཉིད་ཡིན་པའམ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་བདག་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་

Vol. 117 · folio 75b

བྱའོ། །གཟུགས་ཀྱི་སྐུ་ཡང་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུས་འགྲོ་བ་མ་ལུས་པའི་དོན་བྱེད་པ་ལྟ་བུའོ། །སྤྲུལ་པ་ཡང་སྤྲུལ་པའི་སྤྲུལ་པ་ལྟ་བུའོ་ཞེས་བྱ་བས་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ན་ཡང་སྐུ་གསུམ་རྣམ་པར་གཞག་པ་དང་མི་འགལ་བར་དེ་བཞིན་གཤེགས་

པ་ནི་ཆོས་ཀྱི་སྐུའོ་ཞེས་བྱ་བ་འདི་ངེས་པ་ཡིན་པར་རྟོགས་པར་བྱའོ། །ལྷག་མ་ནི་གོ་སླའོ། །རབ་འབྱམ་རྒྱ་ཆེན་དཔག་མེད་ན། །ཆོས་ཀྱི་སྐུ་ཡི་བྱིན་རླབས་ལས། །སངས་རྒྱས་ཡིད་བཞིན་ནོར་བུ་ལྟར། །འབྱུང་སྟེ་ནམ་མཁའ་དག་དང་འདྲ། །མི་ཤེས་རབ་རིབ་ཀྱིས་བསྒྲིབས་པ། །རབ་རིབ་

དྲེགས་པ་སེལ་བྱེད་པ། །དྲི་མེད་མིག་སྨན་དཀའ་འགྲེལ་འདི། །འཇམ་དཔལ་གྲགས་པས་བྱས་པ་ཡིན། །ཆོས་ཀྱི་སྐུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་རྫོགས་སོ།། །།ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞོན་ནུ་དེ་ལ་དེ་བཞིན་

གཤེགས་པའི་སྐུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང་ལས་ཀྱིས་ཀྱང་ཤེས་པར་སླ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་སྔོན་པོ་དང་། སེར་པོ་ལ་སོགས་པའི་མཚན་མའི་བྱ་བས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་སྔོན་པོ་འམ་ཞེས་བྱ་བ་

ལ་སོགས་པ་གསུངས་སོ། །དེ་ལ་རང་བཞིན་གྱིས་སྔོན་པོ་ནི་སྔོན་པོའོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སྔོན་པོར་སྣང་བའི་སྔོན་པོའོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་དཔེའི་ངོ་བོས་བསྟན་པར་མི་ནུས་པའོ། །སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་འོད་

སྔོན་པོར་སྣང་བས་སོ། །ཐམས་ཅད་དུ་འམ་གྱི་སྒྲ་ནི་ཕན་ཚུན་གྱི་ཁྱད་པར་ཡང་དག་པར་བསྟན་པ་འམ་རྣམ་པར་རྟོག་པར་བལྟ་བར་བྱའི་བསྡུ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སེར་པོ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །ཚངས་པ་འམ་ལྷ་འམ་ཞེས་བྱ་བ་ནི་ངེས་པར་གཟུང་བར་

མི་ནུས་པའོ། །དེ་ལྟ་ན་ཡང་ཁ་དོག་དེ་དང་དེས་འདུལ་བའི་གདུལ་བྱའི་སྐྱེ་བོ་རྣམས་ལ་དེ་དང་དེར་སྣང་བ་སྐྱེད་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྐུ་ནི་དག་པ་སྟེ། མཚན་མ་དག་གིས་བསམ་པར་མི་ནུས་པ་དང་། མཚན་མ་ཐམས་ཅད་དང་བྲལ་བས་བསམ་གྱིས་མི་ཁྱབ་པར་

Vol. 117 · folio 76a

བསྟན་ཏོ། །གཟུགས་ཀྱི་སྐུའི་ངེས་པ་ཡང་ཡོངས་སུ་གཟུང་བ་དང་། ཚད་གཟུང་བར་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་སླ་བ་མ་ཡིན་ན་ཡང་ཆོས་ཀྱི་སྐུ་ལྟ་སྨོས་ཀྱང་ཅི་དགོས། དོན་དེ་དག་ཉིད་ཚིགས་སུ་བཅད་པས་གསལ་པོར་བསྟན་པའི་ཕྱིར། འཇིག་

རྟེན་ཁམས་ཀྱི་རྡུལ་ཕྲན་དང་། །ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ནི་བགྲང་བར་ནུས་ཀྱང་སྲིད། སྐྲའི་རྩེ་མོ་བརྒྱར་གཤགས་པས་རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་བགྲང་བར་ནུས་ཀྱང་སྲིད་ཀྱི་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་བསྔགས་

པ་བརྗོད་པར་ནི་མི་ནུས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་མ་ལུས་པའི་འབྱུང་བ་ཆེན་པོ་ལྔའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་བས་ཀྱང་སེམས་ཅན་གཅིག་གི་སེམས་ཀྱི་སྤྱོད་པ་མང་བར་མཐོང་ངོ་། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་ཁྱད་པར་དེ་དག་

ཀྱང་ངའི་ཡང་དག་པའི་ཡོན་ཏན་གྱི་བསྔགས་པའི་དཔེར་བཟོད་པ་མ་ཡིན་ནོ། །དེ་བཞིན་དུ་མཚན་མ་དང་ལས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ནི་འདི་ལྟ་བུའོ་ཞེས་ཤེས་པར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར། སངས་རྒྱས་མཚན་མ་བྲལ་བ་སྟེ། །ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ། །ཟབ་

ཅིང་དཔག་ཏུ་མེད་པ་སྟེ། །དེ་ཕྱིར་སངས་རྒྱས་བསམ་མི་ཁྱབ། །ཅེས་བྱ་བ་དང་། ཆོས་རྣམས་དེ་དག་དཔག་ཏུ་མེད། །བསྐལ་པ་བྱེ་བར་བསྙེན་པས་ན། །དེ་ཕྱིར་ང་ཡི་ལུས་ཀྱང་ནི། །འོད་གསལ་བསམ་དུ་མེད་པ་གྲུབ། །ཅེས་བྱ་བ་ནི་བརྟགས་པ་ཐམས་ཅད་ལས་འདས་པ་ཡིན་ན་

ཡང་གདུལ་བྱ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་ནི་འདི་ལྟ་བུའོ་ཞེས་བརྟགས་སོ། །ཆོས་དང་ལོངས་སྤྱོད་སྤྲུལ་སྐུ་ཡང་། །ཐ་སྙད་དུ་ནི་ཉེར་བརྟགས་ནས། །དབྱེ་བ་བྱས་ཀྱི་ཆོས་སྐུ་ཡི། །ངོ་བོ་ཉིད་ཀྱིས་དབྱེ་བ་མེད། །དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་

གསུམ་པའི་འགྲེལ་པ་རྫོགས་སོ།། །།སོ་སོ་ཡང་དག་པར་རིག་པས་བསྒོས་པ་ནི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་གྱིས་ཡང་དག་པར་བསྒོས་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་པོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་

Vol. 117 · folio 76b

དེ་ལྟ་བས་ན་བདག་གིས་སོ་སོ་ཡང་དག་པར་རིག་པ་བཞི་མངོན་སུམ་དུ་བྱ་བར་འདོད་པ་ཞེས་བྱ་བ་ལ། །གཞོན་ནུ་བྱང་ཆུབ་སེམས་དཔའ་དེས་ཏིང་ངེ་འཛིན་འདི་གཟུང་བར་བྱ་ཞེས་བྱ་བར་འབྲེལ་ཏོ། །གང་གི་ཕྱིར་ཉེ་བར་བསྟན་པར་བྱ་བ་ཉིད་ནི་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་

སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །གཞོན་ནུ་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། མདོར་ཇི་ལྟར་བསྟན་པ་དེ་བཞིན་དུ་མ་བཤད་ཀྱི་ཆོས་ལ་དོན་ནན་ཏན་གྱིས་བསྒྲུབ་པར་བྱ་བའི་ཕྱིར་རོ། །ཇི་སྲིད་གཟུགས་

ཀྱི་ཐ་སྙད་ཡོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་ཡང་དེ་སྙེད་དོ་ཞེས་བྱ་བ་ལ་མིང་དང་། གདགས་པ་དང་། ཐ་སྙད་དང་། སྒྲ་འཇུག་པ་ཞེས་བྱ་བ་བྱེ་བྲག་གོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་

ཞེས་བྱ་བ་ལ། ཚོར་བ་ལ་སོགས་པའི་ཐ་སྙད་ཀྱང་བསམ་གྱིས་མི་ཁྱབ་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པའི་ཐ་སྙད་ཀྱང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ནི་ངག་གི་བརྗོད་པའི་སྤྱོད་ཡུལ་ལས་འདས་པའོ་ཞེས་བསྟན་པ་ཡིན་ནོ། །གཞོན་ནུ་དེ་ལྟར་འདུས་

བྱས་ལ་ཡང་ཉེས་པ་གྲངས་མེད། མྱ་ངན་ལས་འདས་པ་ལ་ཡང་ཕན་ཡོན་གྲངས་མེད་དེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདུ་བྱེད་བརྗོད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ། སེམས་ཅན་དཔག་ཏུ་མེད་པའི་བསམ་

པ་ཡོངས་སུ་ཤེས་པས་འདུས་བྱས་པའི་འདུ་བྱེད་ཀྱི་བརྗོད་པ་ཉིད་དོ། །དབྱངས་བརྗོད་པ་བསམ་གྱིས་མི་ཁྱབ་པ་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་ནི་བསམ་དུ་མི་ནུས་པའི་ཕྱིར་རོ་ཞེས་བྱས་ནས་སོ། །ཀུན་ནས་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པ་ནི་ཀུན་ནས་ཉོན་མོངས་པ་སྒྲུབ་པར་བྱེད་

པའི་སྦྱོར་བ་ལས་བྱུང་བའི་སྒྲ་བསམ་གྱིས་མི་ཁྱབ་པ་ཉིད་དོ། །རྣམ་པར་བྱང་བ་བརྗོད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པའི་རྒྱུ་འདོད་ཆགས་ལ་སོགས་པ་བཤད་པ་ཡང་རྣམ་པར་བྱང་བའི་རྒྱུ་ཡིན་ཏེ། ཐབས་ཀྱི་ཁྱད་པར་ལ་འཇུག་པའོ་ཞེས་བརྗོད་པས་རྣམ་པར་བྱང་

Vol. 117 · folio 77a

བའི་དགོངས་པ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྟོན་ཏོ་ཞེས་བྱ་བའོ། །གཞོན་ནུ་དེ་དག་ནི་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་བསམ་གྱིས་མི་ཁྱབ་པ་བརྗོད་པ་བཞིའོ། །ཞེས་བྱ་བ་ནི་ཡོན་ཏན་སྟོན་པའི་རྣམ་གྲངས་སོ་ཞེས་བྱ་བའི་དོན་ཏོ། །བསམ་གྱིས་མི་

ཁྱབ་པར་བསྟན་པ་སྟེ། ཞེས་བྱ་བ་ནི་དེ་དག་ཉིད་བཞི་པ་སྒྲུབ་པ་ལྔ་བཅུ་རྩ་བདུན་གྱིས་རྒྱ་ཆེར་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། གཞོན་ནུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདུ་བྱེད་ཀྱི་ཚུལ་བསམ་གྱིས་མི་

ཁྱབ་པ་ནི་འདུ་བྱེད་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བས་སེམས་ཅན་རྣམས་མྱ་ངན་ལས་འདས་པར་འཁྲིད་པར་བྱེད་པས་འདུ་བྱེད་ཀྱི་ཚུལ་གྱི་ལམ་ཞེས་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་ལས་གཞན་གྱིས་བསམ་པར་མི་ནུས་པས་བསམ་གྱིས་མི་ཁྱབ་པའོ། །འདུ་བྱེད་ཡོངས་སུ་བཤད་པའི་ཚུལ་

བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ། ཆོས་བསྟན་པའི་ཚུལ་ནི་ཡོངས་སུ་བཤད་པའི་ཚུལ་ཏེ། འདུ་བྱེད་ཇི་ལྟར་གནས་པ་བཞིན་ཡོངས་སུ་བསྟན་པས་ཁྱད་པར་གྱིས་རྣམ་པར་གཞག་པའི་ཕྱིར་ཆོས་སྟོན་པ་ནི་ཡོངས་སུ་བཤད་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། སྔ་མ་བཞིན་ནོ། །

ཀུན་ནས་ཉོན་མོངས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡང་དག་པའི་རྟོག་པ་ལ་སོགས་པས་སྤང་བར་བྱ་བ་ཅི་ལྟ་བ་བཞིན་དུ་སྤོང་བར་བྱེད་པ་དེ་རབ་ཏུ་སྟོན་པའི་ཐབས་ཀྱི་ཁྱད་པར་གྱི་ཚུལ་ལོ། །རྣམ་པར་བྱང་

བའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཚུལ་ནི་རྣམ་པར་གྲོལ་བའི་ལམ་སྟེ། ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་མཉམ་པར་རྟོགས་པ་ཉིད་ནི་གྲོལ་བའོ། །དེར་ཐབས་དུ་མས་འདྲེན་ཅིང་ཁྱེར་བར་བྱེད་པས་ན་ཚུལ་ཞེས་བྱའོ། །བསམ་གྱིས་མི་ཁྱབ་པ་ནི་སྔ་མ་བཞིན་

ནོ། །རིགས་པ་བཞི་སྟེ་ཞེས་བྱ་བ་ལ། རིགས་པ་ནི་རྗེས་སུ་དཔག་པ་སྟེ་འདུས་བྱས་ཀྱི་དངོས་པོ་ལ་རིགས་པ་འཇུག་གི །འདུས་མ་བྱས་ལ་ནི་མ་ཡིན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བསམ་པ་དང་ཡོངས་སུ་བཤད་པ་འཇུག་སྟེ། རྗེས་སུ་དཔག་པ་དང་།

Vol. 117 · folio 77b

མངོན་སུམ་དང་། ལུང་ལ་སོགས་པའི་བསམ་པ་འཇུག་གི་འདུས་མ་བྱས་ནི་མ་ཡིན་ནོ། །ཐམས་ཅད་དུ་འདུ་བྱེད་ཀྱི་ཡོན་ཏན་དང་། སྐྱོན་བསམ་གྱིས་མི་ཁྱབ་པ་རབ་ཏུ་བསྒྲུབ་པའི་ཕྱིར་རྒོལ་བ་ལ་སོགས་པའི་ཚིག་ནས་ཉེ་བར་བཟུང་ནས་སྒོར་འཇུག་པའི་ཐབས་ནི་རྣམ་པ་བཞིའོ། །ངེས་

པར་བསྟན་པ་ནི་བཤད་པའི་བྱེ་བྲག་ཡིན་ཏེ། འདུ་བྱེད་དང་། ཡོངས་སུ་བཤད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་བཞི་པོ་ཐམས་ཅད་དུ་བཤད་པར་བྱའོ། །སྒྲ་ནི་བརྗོད་པའོ། །ཚིག་གི་ལམ་ནི་དགོངས་པ་ཅན་གྱི་ཚིག་གོ། །དགོངས་ཏེ་བཤད་པ་བཞི་ནི་

སེམས་ཅན་ལ་དགོངས་པ་དང་། ཆོས་ཉིད་ལ་དགོངས་པ་དང་། བསྟན་པ་ལ་དགོངས་པ་དང་། དུས་ལ་དགོངས་པའོ། །ལྷ་ལ་ངེས་པར་རྟོག་པ་བཞི་ལ་ནི། རྣམ་པར་དག་པའི་ལྷ་ལ་རྟོག་པ་དང་། ཟག་པ་མེད་པའི་ལྷ་ལ་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ལྷ་ལ་རྟོག་

པའོ། །ངེས་པར་བསམས་ནས་རྟོག་པ་ནི་ངེས་པར་རྟོག་པའོ། །མིའི་ལུས་ཐོབ་པ་ལ་དམིགས་ནས་ཁྱད་པར་ཅན་གྱི་དགེ་བའི་ལས་ལ་ཀུན་ཏུ་སྤྱོད་པ་ནི་མི་ལ་རྟོག་པ་ཞེས་བྱའོ། །འདི་དག་ཐམས་ཅད་ནི་མིང་ཙམ་མོ་ཞེས་རྟོག་པ་ནི་མིང་ལ་ངེས་པར་རྟོག་པའོ། །རྟོག་པའི་བྱེ་བྲག་གིས་

འཇུག་པར་བྱ་བ་ལ་ཞུགས་པས་གོང་ནས་གོང་དུ་ཤིན་ཏུ་འདས་པའི་ཁྱད་པར་རོ། །རྡོ་རྗེའི་ཚིག་ནི་མི་ཕྱེད་པའི་གནས་ལ་རབ་ཏུ་གནས་པས་ན་རྡོ་རྗེའི་ཚིག་གོ། །ཡི་གེ་ཨོཾ་དང་སྭཱ་ཧཱ་ལ་སོགས་པ་གང་དག་གིས་གྲོས་སུ་བྱེད་ཅིང་རབ་ཏུ་སད་པར་བྱེད་པས་ལྷ་མངོན་དུ་ཕྱོགས་པར་བྱེད་པས་སྔགས་

ཀྱི་ཚིག་ཅེས་བྱའོ། །སྦྱིན་པ་ལ་སོགས་པ་ནི་སྡུད་པ་སྒྲུབ་པའོ། །སྡིག་པ་ནི་སྤོང་སྟེ་རིམས་ནད་བྱང་བ་བཞིན་ནོ། །མདོར་བསྟན་པས་ན་མདོ་སྡེ་སྟེ། བསྡུས་ཏེ་བཤད་པས་དོན་རྒྱས་པར་སྟོན་པའོ། །མདོ་སྡེའི་མཐའ་ནི་མདོ་སྡེ་མ་ལུས་པའི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །མདོ་

སྡེ་མཐར་ཐུག་པའི་གནས་ནི་ཐབས་ཟབ་མོ་ཟབ་མོའི་གནས་སུ་གྱུར་པའམ་དོན་ཡང་རུང་བའོ། །གདགས་པར་བྱ་བ་ལ་བཏགས་པ་ནི་ཐ་སྙད་ཀྱིས་ངེས་པར་རྣམ་པར་གཞག་པ་བྱས་པའོ། །སྣང་བ་རབ་ཏུ་སྒྲུབ་པར་བྱེད་པའི་ཚིག་ནི་སྣང་བའི་ཚིག་ཅེས་བྱའོ། །ཡེ་ཤེས་གསལ་བར་བྱེད་པས་ནི་

Vol. 117 · folio 78a

གསལ་བའི་ཚིག་ཅེས་བྱའོ། །སྤྱོད་པའི་ཁྱད་པར་རབ་ཏུ་བསྒྲུབ་པའི་ཚིག་ནི་སྤྱོད་པའི་ཚིག་ཅེས་བྱའོ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པ་ལ་འཇུག་པའོ། །དེ་རབ་ཏུ་སྒྲུབ་པར་བྱེད་པ་ནི་ངག་གི་རང་བཞིན་ནོ། །ཡི་གེའི་ཚོགས་ནི་ཚིག་གོ། །ཚིག་གི་ཚོགས་ནི་ངག་གོ་ཞེས་

བྱ་བས་སོ། །བསམ་པ་སྣ་ཚོགས་པའི་ཚིག་རྣམས་ཤེས་པར་དཀའ་བས་ན་བསམ་གྱིས་མི་ཁྱབ་པའི་ཚིག་ཅེས་བྱའོ། །སྔོན་གྱི་མཐའི་དང་ཕྱི་མའི་མཐའ་དང་། དབུས་མེད་པར་རབ་ཏུ་སྒྲུབ་པར་བྱེད་པའི་ཚིག་ནི་མཐའ་ཡས་པའི་ཚིག་གོ། །སུ་ཡང་གང་ནས་ཀྱང་འགྲོ་བ་དང་།

འོང་བ་དང་། རྒྱུ་བ་མེད་པ་ནི་རྒྱུ་བ་མེད་པ་ཞེས་བྱའོ། །ཡོངས་སུ་ནི་ཀུན་དུའོ། །དེ་ནི་མཐའ་སྟེ། རྟག་པ་དང་ཆད་པའི་མཚན་ཉིད་དོ། །གང་ལ་དེ་དག་མེད་པ་དེ་ནི་མཐའོ། །དེ་རྗོད་པར་བྱེད་པའི་ཚིག་དེ་དག་ནི་མུ་མེད་པའི་ཚིག་ཅེས་བྱའོ། །འདྲ་བར་གྱུར་པའི་ཆོས་མེད་པས་ན་

ཡོན་ཏན་ལ་སོགས་པ་གཞལ་བར་མི་ནུས་པའི་ཕྱིར་གཞལ་དུ་མེད་པའི་ཚིག་ཅེས་བྱའོ། །བགྲང་བར་བྱ་བ་མེད་པས་གྲངས་ཀྱང་མེད་དེ་ཡུལ་མེད་པའི་ཕྱིར་དེས་ན་གྲངས་མེད་པའི་ཚིག་ཅེས་བྱའོ། །ཚད་མས་ཡོངས་སུ་གཅད་པར་བྱ་བ་ནི་གཞལ་བྱ་ཡིན་ན་ཚད་མའི་ཡུལ་མ་ཡིན་

པའི་ཕྱིར་ཚད་མེད་པའི་ཚིག་ཅེས་བྱའོ། །ཤེས་པའི་དམིགས་པ་ནི་ཤེས་པའི་ཚིག་སྟེ། དམིགས་པ་མེད་པ་ཉིད་ཀྱི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ་ཡུལ་མེད་པ་ཉིད་ཀྱི་ཕྱིར་རོ། །ཤེས་པ་བསགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀུན་ནས་བསྡུས་པ་སྟེ། བྱང་ཆུབ་ཀྱི་སེམས་ནས་

བརྩམས་ཏེ་སངས་རྒྱས་ཉིད་ཀྱི་བར་དུ་ཡང་དག་པར་བསགས་པས་ན་བསགས་པའོ། །ཤེས་པའི་རིགས་པ་ནི་ཤེས་པ་སྐྱེ་བའི་གནས་ཏེ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པའོ། །སྔོན་ཡོངས་སུ་མྱོང་བའི་དཔག་ཏུ་མེད་པའི་དོན་རྣམས་

བསགས་པ་སྣང་བ་ནི་སྤོབས་པ་བསགས་པ་ཞེས་བྱའོ། །མདོ་སྡེ་མ་ལུས་པ་བསྡུས་ཤིང་བསགས་པ་ནི་མདོ་སྡེའོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་ཡང་དྲང་བའི་དོན་གྱི་མདོ་སྡེ་དང་ངེས་

Vol. 117 · folio 78b

པའི་དོན་གྱི་མདོ་སྡེས་བསྡུས་པ་དང་། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་ལ་སོགས་པའི་དབྱེ་བས་ཐ་དད་པའི་གསང་སྔགས་ཐོས་པ་ནི་མང་དུ་ཐོས་པ་ཞེས་བྱའོ། །ཚུལ་ཁྲིམས་དང་། ཐོས་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་རྣམས་ནི་ནོར་བཞི་ཞེས་བྱའོ། །

བསླབ་པ་ནི་བཞི་སྟེ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་དང་། ལྷག་པའི་སེམས་དང་། མི་དགེ་བ་ཐམས་ཅད་སྤངས་པའི་སྡོམ་པའི་བསླབ་པའོ། །སྤྱོད་ཡུལ་བཞི་ནི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་དང་། ཏིང་ངེ་འཛིན་གྱི་

ཡུལ་ཞེས་བྱའོ། །ལས་བཞི་ནི། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་ལས་དང་བཞིའོ། །སྤོབས་པ་བཞི་ནི། མྱུར་བའི་སྤོབས་པ་དང་། ཤིན་ཏུ་མྱུར་བའི་སྤོབས་པ་དང་། རྒྱུན་མི་

འཆད་པའི་སྤོབས་པ་དང་། རྗེས་སུ་མ་བསྟན་པའི་སྤོབས་པའོ། །ལམ་བསྒོམ་པ་ནི་བཞི་སྟེ། ཉན་ཐོས་ཀྱི་ལམ་བསྒོམ་པ་དང་། རང་སངས་རྒྱས་ཀྱི་ལམ་བསྒོམ་པ་དང་། བྱང་ཆུབ་སེམས་དཔའི་ལམ་བསྒོམ་པ་དང་། དེ་བཞིན་གཤེགས་པའི་ཁྱད་པར་གྱི་ལམ་བསྒོམ་པའོ། །

ཀུན་ནས་ཉོན་མོངས་པ་ཤེས་པ་བཞི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། འགྲོ་བའི་ཀུན་ནས་ཉོན་མོངས་པ་ཤེས་པའོ། །འབྲས་བུ་ཡོད་པའི་ཤེས་པ་བཞི་ནི།

འཆད་པ་འབྲས་བུ་ཡོད་པའི་ཤེས་པ་དང་། ལུང་བསྟན་པ་འབྲས་བུ་ཡོད་པའི་ཤེས་པ་དང་། བག་ལ་ཉལ་འཇོམས་པ་འབྲས་བུ་ཡོད་པའི་ཤེས་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་འབྲས་བུ་ཡོད་པའི་ཤེས་པའོ། །མ་རིག་པ་ཤེས་པ་བཞི་ནི། མ་རིག་པ་སྐྱེ་བ་ཤེས་

པ་དང་། མ་རིག་པའི་རང་གི་ངོ་བོ་ཤེས་པ་དང་། མ་རིག་པའི་འཇུག་པ་ཤེས་པ་དང་། མ་རིག་པ་འགག་པ་ཤེས་པའོ། །སྡུག་བསྔལ་ཤེས་པ་བཞི་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཤེས་པའི་སྡུག་བསྔལ་ཤེས་པ་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་ཤེས་

Vol. 117 · folio 79a

པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ཤེས་པ་དང་། འཁོར་བའི་ཕུང་པོ་ལྔའི་སྡུག་བསྔལ་ཤེས་པའོ། །ཡིད་མི་བདེ་བ་ཤེས་པ་བཞི་ནི། རྙེད་པ་མེད་པའི་ཡིད་མི་བདེ་བ་ཤེས་པ་དང་། མི་བསྔགས་པའི་ཡིད་མི་བདེ་བ་ཤེས་པ་དང་། མི་ཤེས་པའི་

ཡིད་མི་བདེ་བ་ཤེས་པ་དང་། མངོན་པར་རྟོགས་པ་མ་ཐོབ་པའི་ཡིད་མི་བདེ་བ་ཤེས་པའོ། །དབུལ་པོ་ཤེས་པ་བཞི་ནི། ཤེས་པས་དབུལ་བ་ཤེས་པ་དང་། ཚིག་གིས་དབུལ་བ་ཤེས་པ་དང་། སྒྲུབ་པས་དབུལ་བ་ཤེས་པ་དང་། ཐབས་ཀྱིས་དབུལ་བ་ཤེས་པའོ། །སྐྱེ་བ་ཤེས་

པ་བཞི་ནི། བསམས་བཞིན་དུ་སྐྱེ་བ་ཤེས་པ་དང་། ལས་ཀྱི་སྐྱེ་བ་ཤེས་པ་དང་། མངལ་ནས་སྐྱེ་བ་ཤེས་པ་དང་། མངལ་མ་ཡིན་པ་ནས་སྐྱེ་བ་ཤེས་པའོ། །ནང་ཤེས་པ་བཞི་ནི། ཕུང་པོ་ཤེས་པ་དང་། སྐྱེ་མཆེད་ཤེས་པ་དང་། ཁམས་ཤེས་པ་དང་། བདེ་བ་དང་སྡུག་

བསྔལ་གྱི་ཚོར་བ་ཤེས་པའོ། །ཕྱི་རོལ་ཤེས་པ་བཞི་ནི། ཕྱི་རོལ་ཉིད་ལྟ་བུར་དེ་དག་ཉིད་སྒྲོ་བཏགས་ནས་ཕུང་པོ་ལ་སོགས་པ་བཞི་པོ་ཤེས་པའི་ཤེས་པའོ། །ངོ་ཚ་ཤེས་པའི་ཤེས་པ་བཞི་ནི་བདག་ལ་ལྟོས་ནས་འཛེམ་པ་ནི་ངོ་ཚ་ཤེས་པའོ། །དེས་བྱ་བ་མ་ཡིན་པ་མི་བྱེད་

པའི་ཤེས་པ་དང་། བྱ་བར་འོས་པ་རྣམས་མི་འདོར་བའི་ཤེས་པ་དང་། དམ་བཅས་པ་དེས་བསྒྲུབ་པའི་ཤེས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མི་སླུ་བའི་ཤེས་པའོ། །བདེན་པ་ཤེས་པ་བཞི་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་འདོར་བའི་བདེན་པ་ཤེས་པ་དང་།

ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་བདེན་པ་ཤེས་པ་དང་། སེམས་ཅན་མི་སླུ་བའི་བདེན་པ་ཤེས་པ་དང་། སངས་རྒྱས་ཉིད་མངོན་སུམ་དུ་བྱ་བའི་བདེན་པ་ཤེས་པའོ། །སྲིད་པ་ཤེས་པ་བཞི་ནི། འདོད་པའི་སྲིད་པ་ཤེས་པ་དང་། གཟུགས་ཀྱི་སྲིད་པ་ཤེས་པ་དང་། གཟུགས་

མེད་པའི་སྲིད་པ་ཤེས་པ་དང་། མ་རིག་པའི་ལྟ་བའི་སྲིད་པ་ཤེས་པའོ། །དངོས་པོ་ཤེས་པ་བཞི་ནི། འདུས་བྱས་ཀྱི་དངོས་པོ་ཤེས་པ་དང་། འདུས་མ་བྱས་ཀྱི་དངོས་པོ་ཤེས་པ་དང་། ལུང་དུ་བསྟན་པའི་དངོས་པོ་ཤེས་པ་དང་། ལུང་དུ་མ་བསྟན་པའི་དངོས་པོ་ཤེས་པའོ། །གང་

Vol. 117 · folio 79b

ཟག་ཤེས་པ་བཞི་ནི། ཕུང་པོ་གང་ཟག་ཏུ་ཤེས་པ་དང་། བརྗོད་དུ་མེད་པའི་གང་ཟག་ཤེས་པ་དང་། ལས་འཛིན་པའི་གང་ཟག་ཤེས་པ་དང་། གང་ཟག་འབའ་ཞིག་པ་ཤེས་པའོ། །དམིགས་པ་ཤེས་པ་བཞི་ནི། བདག་གི་དམིགས་པ་ཤེས་པ་དང་། སེམས་ཅན་གྱི་དམིགས་པ་ཤེས་པ་

དང་། སྲེད་པའི་དམིགས་པ་ཤེས་པ་དང་། ཆོས་ཀྱི་དམིགས་པ་ཤེས་པའོ། །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འདི་དག་གིས་བསྟན་པ་ཡང་བསམ་གྱིས་མི་ཁྱབ་པས་མཐར་ཕྱིན་པར་བསྟན་པར་སླ་བ་མ་ཡིན་ནོ། །གཟུངས་བཞི་ནི། འདུ་བྱེད་ཐམས་ཅད་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་

གང་ཤེས་པ་འདི་ནི་གཟུངས་དང་པོའོ། །དབྱངས་མཐའ་ཡས་པར་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་གཉིས་པའོ། །ཀུན་ནས་ཉོན་མོངས་པ་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་གསུམ་པའོ། །རྣམ་པར་བྱང་བའི་ཡོན་ཏན་གྱི་ཕན་ཡོན་མཐའ་

ཡས་པར་བརྗོད་པ་དེ་ལ་གང་ཤེས་པ་འདིར་གཟུངས་བཞི་པ་སྟེ། ཚིག་གི་གཟུངས་དང་། དོན་གྱི་གཟུངས་དང་། སྔགས་ཀྱི་གཟུངས་དང་། མངོན་པར་རྟོགས་པའི་གཟུངས་སོ། །ཤེས་རབ་དང་དྲན་པ་གཉིས་ནི་གཟུངས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་གཟུངས་ཞེས་

བྱའོ། །ཚུལ་བཞི་ཞེས་བྱ་བ་ནས་བརྩམས་ནས་གཟུངས་འདི་དག་ལ་ཐུག་གི་བར་དུ་འདུ་བྱེད་དང་། ཡོངས་སུ་བཤད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་དག་གིས་ཐམས་ཅད་དུ་བསྟན་པ་འདི་དག་ནི་འདུ་བྱེད་ཁོ་ན་ལ་བརྟེན་པར་ངེས་སོ་ཞེས་བྱ་བའི་

དོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་སྔར་བསྟན་པ་རྣམས་སོ། །གཟུངས་གང་ཡིན་པ་དེ་ནི་ཤེས་པའོ། །ཤེས་པ་ནི་ཆོས་སོ་ཞེས་བྱ་བ་ལ། ཆོས་ཤེས་པས་ནན་གྱིས་ཡང་དག་པར་རིག་པ་གང་ཡིན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །དོན་གང་ཞིག་ཆོས་ཤེས་པས་ཇི་ལྟ་བ་

བཞིན་དུ་ངེས་པར་བྱས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་ཤེས་པས་ངེས་པར་བྱས་པའི་དོན་གང་ཡིན་པ་སེམས་ཅན་ཐམས་ཅད་དགའ་བར་བྱ་བའི་ཕྱིར་སྐད་སྣ་ཚོགས་ཀྱིས་ངེས་པའི་ཚིག་གིས་ཆོས་སྟོན་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་སྐྱེད་པ་ནི་ངེས་པའི་

Vol. 117 · folio 80a

ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་ཤེས་པས་ཐ་སྙད་ཀྱིས་སྟོན་པར་བྱེད་པའི་དུས་སུ་རིགས་པ་དང་གྲོལ་བའི་སྤོབས་པ་ཉིད་དང་། ཚིག་འདྲེས་པ་མེད་པ་ཉིད་དང་། ཚིག་ཞུམ་པ་མེད་པ་ཉིད་དང་། སྤོབས་པ་མཐའ་ཡས་པ་ཉིད་ཀྱིས་སོ་སོ་ཡང་དག་

པར་རིག་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་རྒྱས་པར་བསྟན་ནས་བདེ་བར་རྟོགས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཡེ་ཤེས་ཇི་སྙེད་པ། །

གཟུགས་སུ་བཏགས་པའང་དེ་སྙེད་དེ། །ཞེས་བྱ་བ་ལ། དེ་དག་ཐམས་ཅད་སྔར་བསྟན་ཟིན་པས་ཡང་བརྗོད་པར་མི་བྱའོ། །ངོ་མཚར་བསམ་གྱིས་མི་ཁྱབ་ཆོས། །སོ་སོ་ཡང་དག་རིག་དབྱེ་བས། །འགྲོ་བའི་མགོན་པོ་རྫོགས་སངས་རྒྱས། །རྐང་གཉིས་མཆོག་གིས་རབ་ཏུ་བསྟན། །དེ་

བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའི་འགྲེལ་པ་རྫོགས་སོ།། །།སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་སྐབས་དབྱེ་བས་སོ་སོ་ཡང་དག་པར་རིག་པའི་རྣམ་པར་དབྱེ་བ་རྒྱ་ཆེར་བསྟན་པའི་ཕྱིར། གཞོན་ནུ་དེ་ལ་བྱང་ཆུབ་སེམས་དཔའ་

ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་ན་ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོའི་ངོ་བོས་སམ། དེ་ལས་གཞན་པས་སམ། དེ་དག་གི་རང་བཞིན་སྟོང་པ་ཉིད་ཀྱིས་སྤྱོད་ན་སོ་སོ་ཡང་དག་པར་རིག་པ་ལགས། ཞེས་ཞུས་པའི་ལན་དུ་གཞོན་ནུ་འདི་ལ་བྱང་ཆུབ་

སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བས་གཟུགས་ལས་གཞན་དུ་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ། མ་སྐྱེས་པའི་གཟུགས་ལ་གཟུགས་ཀྱི་ངོ་བོ་མེད་པས་བརྟགས་པའི་གཟུགས་ལའམ། གཟུགས་ཀྱིས་སམ། གཟུགས་ལས་ཀྱང་བྱང་ཆུབ་ཡང་དག་པར་རྗེས་

སུ་མི་མཐོང་སྟེ། བརྟགས་པའི་གཟུགས་ནི་སྒྱུ་མ་དང་སྤྲུལ་པའི་གཟུགས་དང་འདྲ་བས་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཉིད་ཀྱི་གཟུགས་ལས་གཞན་དུ་ཡང་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སྒྲོ་བཏགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་

Vol. 117 · folio 80b

གཟུགས་མེད་པ་ཉིད་དོ། །དེའི་ཕྱིར་གཟུགས་ཉིད་བྱང་ཆུབ་བྱང་ཆུབ་ཉིད་གཟུགས་སོ་ཞེས་བྱ་བས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་གཟུགས་སོ། །གཟུགས་ཉིད་རྣམ་པར་ཤེས་པ་

ཞེས་བྱའོ། །གཟུགས་ཀྱི་ངོ་བོ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ། ཆོས་ཉིད་ཀྱི་གཟུགས་ལ་དབྱེ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལྟ་ན་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་དོ། །དོན་དེ་

དག་ཉིད་ཚིག་སུ་བཅད་པས་རྒྱ་ཆེར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱིས་ཀྱང་ནི་བྱང་ཆུབ་བསྟན། །བྱང་ཆུབ་ཀྱིས་ཀྱང་གཟུགས་བསྟན་ཏེ། །ཞེས་བྱ་བ་ལ། གཟུགས་ཀྱི་ཆོས་ཉིད་ནི་བྱང་ཆུབ་བོ། བྱང་ཆུབ་ཉིད་ཀྱང་

གཟུགས་སོ་ཞེས་བྱ་བའོ། །མི་མཚུངས་པ་ཡི་སྒྲ་རྣམས་ཀྱིས། །ཆོས་ཀྱི་བླ་མ་རབ་ཏུ་བསྟན། །ཞེས་བྱ་བ་ལ། གཟུགས་ཉིད་བྱང་ཆུབ་པོ་ཞེས་བྱ་བ་མི་འདྲ་བའི་སྒྲས་བསྟན་ན་ཡང་གཟུགས་ལ་བྱང་ཆུབ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །ཆོས་ཀྱི་བླ་མ་རབ་ཏུ་བསྟན་ཞེས་བྱ་བ་ནི་མ་སྐྱེས་

པའི་ཆོས་ནི་བསྟན་པར་བྱ་བ་དང་། སྟོན་པ་དང་། བསྟན་པ་དང་། བྲལ་བ་ཡིན་ན་ཡང་གདུལ་བྱའོ་བསམ་པའི་དབང་གིས་སྟོན་པར་བྱེད་དེ་ཞེས་རྗོད་པར་བྱེད་དོ། །གཟུགས་དང་བྱང་ཆུབ་མཉམ་པ་སྟེ། །ཐ་དད་བྱ་བ་དེར་མི་རྙེད། །ཅེས་བྱ་བ་ལ། སྣ་ཚོགས་སུ་ཆར་དབྱེ་བ་བཏགས་

པ། དམིགས་པ་རྙེད་པར་མི་འགྱུར་རོ། །མྱ་ངན་འདས་པ་ཟབ་པར་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། མྱ་ངན་ལས་འདས་པ་ནི་དམིགས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་ཤིན་ཏུ་ཟབ་པ་ཉིད་དོ། །དེ་ལྟ་ན་ཡང་སྒྲ་ཡིས་རབ་ཏུ་སྟོན་པར་བྱེད་ལ། མྱ་ངན་ལས་འདས་པ་དང་སྒྲ་ཡང་མི་

དམིགས་ཏེ། སྒྲ་དང་མྱ་ངན་ལས་འདས་པ་འདི་དག་གཉིས་སུ་མེད་ཅིང་ཐ་མི་དད་དོ། །དེ་བཞིན་སྟོང་པའི་ཆོས་རྣམས་ལ། །མྱ་ངན་འདས་པ་རབ་ཏུ་བསྟན། །ཞེས་བྱ་བ་ནི་གཞན་དུ་ན་ཕ་རོལ་ལ་རྟོགས་པ་སྐྱེ་བར་མི་འགྱུར་རོ། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མྱ་ངན་འདས་

Vol. 117 · folio 81a

དང་མཚུངས་མཉམ་པས། །ཞེས་བྱ་བ་ལ། གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་གྱིས་ནི་མྱ་ངན་འདས། །ཆོས་རྣམས་ཐམས་ཅད་ཅེས་བྱ་བས་སོ། །སངས་རྒྱས་ཀྱི་ནི་སྐུ་མཐོང་ནས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་

གཟུགས་ཀྱི་སྐུ་མཐོང་བ་ན་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་ཞེས་སྨྲ་ན་ཡང་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར་མཐོང་བར་ནུས་པ་མ་ཡིན་ཏེ། ཆོས་ཀྱི་སྐུར་ངེས་པའི་ཕྱིར་རོ། །འོ་ན་གཟུགས་ཀྱི་སྐུར་རྣམ་པར་གཞག་པ་ཇི་ལྟར་ཡིན་ཞེ་ན། གཟུགས་ཀྱི་མཚན་ཉིད་ཅི་འདྲ་བར། །

གཟུགས་ཀྱི་ངོ་བོ་ཉིད་ཤེས་ཏེ། །རང་བཞིན་མེད་ཅིང་མ་སྐྱེས་པ། །སྒྱུ་མ་སྤྲུལ་པའི་གཟུགས་བཞིན་ནོ། །གཟུགས་ཀྱི་རང་བཞིན་མ་ཤེས་པས། །བདག་གིས་ལུས་ཞེས་བདག་ཏུ་མཐོང་། །དེ་བཞིན་དུ་ཕུང་པོ་ལྔ་པོ་རྣམས་ལ། བདག་གིས་ཆོས་རྣམས་ཀྱི་མཚན་ཉིད་མཚན་

ཉིད་མེད་པར་མཚན་ཉིད་གཅིག་པར་ཤེས་པ་ནི་མཚན་ཉིད་དོ། །ཞེས་ཤེས་ནས། ཆོས་ཀྱི་སྐུ་ལ་རབ་ཏུ་གནས་ནས་ཆོས་སྟོན་ཏོ། །ཆོས་ཀྱི་སྐུ་ལ་མི་བརྟེན་པར་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཉིད་ཡིན་པས་ཆོས་ཉིད་དེ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་ཚིག་གིས་བརྗོད་པར་

མི་སྤྱོད་དོ། །དེ་བཞིན་དུ་འདི་ལྟ་བུའི་ཆོས་ཟབ་མོའི་ངོ་བོ་མི་ཤེས་པར་སངས་རྒྱས་ཀྱི་སྒྲ་ཐོས་པས་བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་ཚིག་ཙམ་དུ་སྨྲ་ཡང་སྒྲ་ཙམ་གྱིས་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་མཐོང་ན་ནི་སེམས་

ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྒྲ་ཐོས་པས་སངས་རྒྱས་སུ་འགྱུར་ན་དེ་ལྟ་བུ་ནི་མེད་དོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་བ་དེས་སངས་རྒྱས་མཐོང་ཞེས་བྱའོ། །དེའི་ཕྱིར་ཆོས་ཀྱི་སྐུ་དང་། སྟོང་པ་ཉིད་དང་། གཟུགས་ཐམས་ཅད་དུ་མཚན་ཉིད་གཅིག་པ་

ཡིན་ནོ། །དེས་ན། གང་གིས་གཟུགས་རྣམས་རབ་ཤེས་པ། །དེས་ནི་སྟོང་ཉིད་རབ་ཏུ་ཤེས། །གང་གིས་སྟོང་ཉིད་རབ་ཤེས་པ། །དེས་ནི་འདྲེས་པ་རབ་ཏུ་ཤེས། །ཞེས་བྱ་བ་ལ་སོགས་པ་དང་། རྣམ་པ་འདི་ནི་མི་ཤེས་པས། །དམིགས་པ་ཅན་རྣམས་རབ་ཏུ་བརླག །

Vol. 117 · folio 81b

ཅེས་བྱའོ། །བདག་ལ་སོགས་པའི་དངོས་པོ་མེད་པ་ལ་དངོས་པོར་འདུ་ཤེས་པ་དང་། མྱ་ངན་ལས་འདས་པ་དོན་དམ་པར་ཡོད་པའི་ཆོས་ཉིད་ཀྱི་གཟུགས་ལ་མེད་པར་འདུ་ཤེས་པ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་ལ། ཤེས་ཀྱི་ཁེ་ཡིས་བསླུས་པ་དག །འབྲས་བུ་

མེད་པ་ལ་འབྲས་བུར་མངོན་པར་ཞེན་པ་དག་ངའི་བསྟན་པ་ལས་ཤིན་ཏུ་འཁྱམས་ནས་དགེ་སྦྱོང་གི་ནོར་དང་བྲལ་བ་དོན་དམ་པས་དབུལ་བས། ལེ་ལོ་ཅན་ཚུལ་ཁྲིམས་ཉམས་པས་རྣམ་པར་གནས་པ་དག་འདི་ནི་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནོ། །ཞེས་སྨྲ་བར་བྱེད་དོ། །ལ་

ལ་དག་ནི་འདི་སྐད་དུ། །བདག་ཅག་བྱང་ཆུབ་ཞུགས་ཞེས་ཟེར། །ཞེས་བྱ་བ་ལ། སྒྲ་ཙམ་གྱིས་དགའ་བ་ཡིན་གྱི་ཡང་འདིའི་ཆོས་ཉིད་ལ་རབ་ཏུ་གནས་པ་ནི་མ་ཡིན་ནོ། །རྙེད་པ་ལ་དགའ་བར་འགྱུར་གྱི་ཆོས་འདོད་པ་ནི་མ་ཡིན་ནོ། །ཁེངས་པ་དང་བག་མེད་པས་ཟིལ་གྱིས་

མནན་པས་མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པ་བྱེད་ཅིང་། གྲགས་པ་འདོད་པ། དམིགས་པའི་ལྟ་བ་ཅན་ལྟ་བ་ལ་མངོན་པར་ཞེན་པ། གཞན་གྱི་བུད་མེད་ལ་ཆགས་ཤིང་བརྒྱལ་བ། རབ་ཏུ་བྱུང་བའི་བསམ་པ་ཙམ་ཡང་རྙེད་པར་དཀའ་བ་དེ་དག་ཁྱིམ་པ་རྣམས་ལ་

འདོད་པ་རྣམས་ནི་མེ་ལྕེ་ལྟ་བུའོ་ཞེས་སྟོན་པར་བྱེད་ཅིང་དེ་དག་གི་བུ་མོ་དང་ཆུང་མ་དག་ལ་མངོན་པར་ཆགས་ཤིང་རིགས་སུན་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ལ། དེ་དག་རྔ་དང་། དུང་དང་། རྫ་རྔ་ལ་སོགས་པས་ང་ལ་མཆོད་པར་བྱེད་ཅིང་བསྒྲུབ་པའི་མཆོད་པ་དང་བྲལ་བ་ཡིན་

ནོ། །དེ་བཞིན་གཤེགས་པ་ལ་བསྒྲུབ་པའི་མཆོད་པས་མཆོད་ན་མཆོད་པར་འགྱུར་རོ། །ཚུལ་ཁྲིམས་དང་། སྤྱོད་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་མཐོང་ན་བདག་ཅག་ཇི་ལྟ་བ་འདི་དག་ཀྱང་དེ་དང་འདྲ་བ་ཡིན་ནོ། །ཚུལ་ཁྲིམས་ཀྱང་དེ་ལྟ་བུ་ཞེས་ཟེར་རོ། །ཚུལ་ཁྲིམས་

ཀྱི་བསྔགས་པ་བརྗོད་པ་ཐོས་ན་འདི་དག་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ངོ་ཚ་དང་བྲལ་བས་སྤོང་བར་བྱེད་དོ། །སངས་རྒྱས་ཀྱི་བྱང་ཆུབ་དང་དེའི་རྒྱུར་གྱུར་པའི་ཆོས་སྤངས་པས་མནར་མེད་པར་མཆོག་ཏུ་གཞོལ་བར་འགྱུར་ཏེ། དམྱལ་བ་ཐོབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་སངས་རྒྱས་ཉིད་

Vol. 117 · folio 82a

ཐོབ་པར་བྱེད་པའི་རྒྱུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བདག་བྱང་ཆུབ་ལ་གནས་པར་བྱའོ་ཞེས་བྱ་བའི་ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔར་གྱུར་པ་མ་ཡིན་པ་དེ་དག་ཁྱེད་བསྟན་པར་ཡང་མི་བྱའོ། །གལ་ཏེ་ཕྲད་པར་གྱུར་ན་སྨྲ་བ་དང་། གཏམ་དང་རིམ་གྲོ་གྱིས་ལ་

དེ་དག་གི་སེམས་བསྲུང་བའི་ཕྱིར་ལོ་གྲངས་དུ་ལོན་པ་དྲིས་ལ་དེ་དག་རྒན་པར་གྱུར་ན་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་ལ་སོགས་པས་བསྙེན་བཀུར་བྱ་ཞིང་ཁོང་ཁྲོ་བ་ཅུང་ཟད་ཀྱང་མི་སྐྱེད་དེ། བྱམས་པའི་སེམས་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ཡིན་ནོ། །གང་ཡང་དེ་དག་གི་

འཁྲུལ་པ་དཔག་ཏུ་མེད་པར་སྣང་བར་གྱུར་ན་ཡང་དེ་ལྟ་ན་ཡང་བརྗོད་པར་མི་བྱ་སྟེ། གང་གིས་ལས་གང་ཇི་ལྟར་སྤྱད་པ་དེའི་འབྲས་བུ་དེ་དང་མཐུན་པར་འབྱུང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་ཤེས་ནས། བཞིན་གྱི་ཟླ་བ་འཛུམ་བཞིན་དུ། །རྒན་རབས་དང་ནི་གསར་

བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང་། །དེས་ཤིང་ང་རྒྱལ་བཅོམ་པར་བྱ། །རབ་ཏུ་དང་བའི་སེམས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་ཞུགས་པས་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་རྗེས་སུ་གཟུང་བར་འོས་པ་རྣམས་ཀྱིས་གྱིས་ཤིག་ཅེས་སློབ་པར་བྱེད་

དོ། །ཁྱོད་ལ་ཆོས་མཉན་པའི་ཕྱིར་འགའ་ཞིག་གིས་གསོལ་བ་བཏབ་ན། དེ་སྤྲོ་བ་བསྐྱེད་པར་བྱ་སྟེ་ཁྱོད་ཉིད་མཁས་པ་ཆེན་པོ་ཡིན་ན་ཁྱོད་ཀྱི་དྲུང་དུ་བདག་གིས་ཇི་ལྟར་སྨྲ་བར་ནུས་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་དག་གི་ནང་ནས་འགའ་ཞིག་སྣོད་དུ་གྱུར་པ་ཡོད་ན་བདག་

ཉིད་ཀྱིས་བཤད་པར་བྱའོ། །དེ་ལ་ཚུལ་ཁྲིམས་འཆལ་པ་མང་དུ་གནས་པར་གྱུར་ན་དེར་ཚུལ་ཁྲིམས་ཀྱི་གཏམ་མི་བྱའོ། །སྦྱིན་པའི་གཏམ་བྱའོ། །གང་གིས་ཚུལ་ཁྲིམས་དང་སྤྱོད་པ་ཕུན་སུམ་ཚོགས་པ་མང་དུ་གནས་པར་གྱུར་ན་དེའི་ཚེ་ཚུལ་ཁྲིམས་ཀྱི་གཏམ་བྱའོ། །གལ་

ཏེ་འཁོར་ཡོངས་སུ་དག་པར་གྱུར་ན་སྦྱིན་པ་དང་། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་གཏམ་བྱའོ། །སྦྱིན་པ་ལ་སོགས་པ་འབའ་ཞིག་གིས་མགུ་བར་མི་འགྱུར་

Vol. 117 · folio 82b

ན་བྱང་ཆུབ་ནི་བསམ་གཏན་དང་། ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ་ཞེས་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར་སྦྱོར་བར་བསླབ་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉེ་བར་མཁོ་བའི་མཆོད་པ་ཐམས་ཅད་ཀྱིས་སངས་རྒྱས་དང་

བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་ཏུ་སེམས་ཡང་དག་པར་བསྐྱེད་ནས་ནན་ཏན་སྙིང་པོར་བྱེད་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་བསྒྲུབ་པའི་ཕྱིར་མདོ་སྡེ་འདི་དོན་དང་གཞུང་དང་བཅས་པར་གཟུང་བར་བྱ་ཞེས་བྱ་

བ་ཡིན་ནོ། །འདིའི་ཕན་ཡོན་རྒྱ་ཆེར་བསྟན་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དཔག་མེད་འབྱུང་བའི་ཆོས་ཉིད་ཉིད། །སངས་རྒྱས་ཀྱིས་བསྔགས་ཏིང་འཛིན་རྒྱལ་པོ་འདིར། །གྲགས་པ་ཅུང་ཞིག་ཙམ་ཞིག་བདག་གིས་བསྟན། །ཤིན་ཏུ་ཕྲ་

བ་བདག་འདྲ་སུས་རྟོགས་ནུས། །སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའི་འགྲེལ་པ་རྫོགས་སོ།། །།ད་ནི་ཐབས་ལ་མཁས་པ་བསྟན་པར་བཞེད་ནས་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་ཇི་

ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བའི་ལན་གདབ་པའི་ཕྱིར་གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ལ་ཉེ་དུའི་སེམས་ཉེ་བར་བཞག་ནས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཅི་

ཡོད་པ་སེམས་ཀྱིས་མངོན་པར་བརྟགས་ནས་ཤིན་ཏུ་ལེགས་སོ་བྱ་བས་རྗེས་སུ་ཡི་རང་བར་བྱ་སྟེ་ཉིན་ལན་གསུམ། མཚན་ལན་གསུམ་དུ་ཉིན་རེ་བཞིན་དུ་བསོད་ནམས་ཀྱི་ཕུང་པོ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག །བདག་ཀྱང་སེམས་ཅན་

ཐམས་ཅད་སྒྲོལ་བར་ནུས་པར་གྱུར་ཅིག་ཅེས་བྱའོ། །ཐབས་མཁས་པ་འདི་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ཡིན་

Vol. 117 · folio 83a

ནོ། །དོན་འདི་དག་ཉིད་ཚིགས་སུ་བཅད་པས་རྒྱ་ཆེར་བསྟན་པར་བྱ་བའི་ཕྱིར། སེམས་ཅན་འདི་དག་ཐམས་ཅད་བདག་གི་གཉེན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་གཅིག་པ་སྡུག་པ་ལ་བརྩེ་བས་ཡོངས་སུ་འཛིན་པ་བཞིན་དུ་སེམས་ཅན་འདི་

དག་ནི་བདག་གི་གཉེན་དུ་གྱུར་པ་ཡིན་ལ། གཉེན་རྣམས་ལ་བརྩེ་བ་བཏང་ནས་ཇི་ལྟར་ཉན་ཐོས་བཞིན་དུ་འཁོར་བས་འཇིགས་ཤིང་སྐྲག་ནས་བདག་ཉིད་གཅིག་པུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ཞེས་སྙིང་རྗེ་ཆེན་པོས་དེ་དག་ལ་དམིགས་ནས་སེམས་ཅན་ཐམས་ཅད་ཀྱི་

བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་ལ་རྗེས་སུ་ཡི་རང་ཞིང་རྗེས་སུ་ཡི་རང་བ་ལ་བརྟེན་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་སེམས་ཅན་ཐམས་ཅད་ལ་དེ་བཞིན་དུ་ངེས་པར་བསྔོ་བར་བྱའོ། །བདག་ཉིད་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་པའི་ཕྱིར་ལུས་དང་སྲོག་

གི་ཕྱིར་ཡང་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཉམས་པར་མི་འགྱུར་ཞིང་མོས་པ་ཕུན་སུམ་ཚོགས་པས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་རབ་ཏུ་དང་བ་དང་། བྱང་ཆུབ་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀོན་མཆོག་གསུམ་ལ་མཆོད་

པ་ལ་བརྩོན་པས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ནོར་དང་། འབྲུ་དང་། རིན་པོ་ཆེ་དང་། རྒྱལ་སྲིད་ལ་སོགས་པ་ཡོངས་སུ་གཏོང་བར་བྱེད་ཅིང་སེམས་ཀྱི་རྒྱུད་ཤེས་རབ་ཡོངས་སུ་བསྒོམས་པར་གྱུར་པ་ཡིན་པའི་ཕྱིར་སྟོང་པ་ཉིད་ཐོས་པ་ན་སེམས་རབ་ཏུ་དགའ་བ་

དང་། སེམས་ཅན་བསྡུ་བ་ལ་མཁས་པ་དང་། ལེགས་པར་རབ་ཏུ་བྱུང་བ་དང་། ལེགས་པར་བསྙེན་པར་རྫོགས་པ་དང་། དབེན་པ་དང་། དབེན་པ་ལ་དགའ་བ་དང་། བསེ་རུ་ལྟར་གཉིས་སུ་མེད་པར་སྤྱོད་པ་དང་། བག་ཡོད་པས་ནི་གཏེར་རྣམ་པ་བཞི་རྙེད་པར་འགྱུར་ཏེ། དེ་བཞིན་

གཤེགས་པའི་བསྟན་པའི་གཏེར་རབ་ཏུ་རྙེད་པ་དང་། རབ་ཏུ་བྱུང་བ་ཐོབ་པ་དང་། མི་ཕྱེད་པའི་དད་པ་ཐོབ་པ་དང་། ཏིང་ངེ་འཛིན་ཐོབ་པ་ནི་གཏེར་བཞི་པའོ། །དེ་བཞིན་དུ་ཐོས་པའི་གཏེར་དང་། སྤོབས་པ་མཐའ་ཡས་པའི་གཏེར་དང་། དགེ་བའི་ཆོས་ཐམས་ཅད་ལ་བག་ཡོད་པའི་གཏེར་རོ། །

Vol. 117 · folio 83b

ཆོས་དང་ཆོས་ཀྱི་རྗེས་སུ་ནན་ཏན་བྱེད་པ་ལ། །རབ་དགའ་འགྲོ་ལ་ཕན་གདགས་ཕྱིར་ནི་རབ་ཞུགས་དང་། །རྫོགས་བྱང་ཆུབ་དང་སེམས་ཅན་གྱི་ལ་ཡི་རང་ཞིང་། །བདེ་གཤེགས་ཉིད་ཀྱི་རྒྱུ་དེ་དག་ལ་ཡི་རང་ངོ་། །རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའི་འགྲེལ་པ་རྫོགས་སོ།། །།

བག་ཡོད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར། གཞོན་ནུ་དེ་ལྟ་བས་ན་བག་ཡོད་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ཏིང་ངེ་འཛིན་ངེས་པར་བསྒྲུབ་པར་བྱ་བ་

གཞག་ནས་བག་ཡོད་པ་ལ་ནན་ཏན་དུ་བྱ་བ་གང་གི་ཕྱིར་བསྟན་ཞེ་ན། གཞོན་ནུ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་ན་ཏིང་ངེ་འཛིན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤིན་ཏུ་རྙེད་པར་དཀའ་བ་མ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་བག་ཡོད་པ་ཡིན་ཞེས་དྲིས་པ་དང་། རྒྱུ་གསུངས་པ། ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ཞེས་བྱ་བ་ལ། བག་མེད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པར་མི་འགྱུར་བས་ཇི་ལྟར་ན་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ཞེས་བྱ་བས་ཚུལ་ཁྲིམས་

ཡོངས་སུ་དག་པའི་རིམ་པ་དྲིས་པའོ། །ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟག་ཏུ་མཉམ་པར་གཞག་པ་ནི་བག་ཡོད་པ་ཞེས་བྱའོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་སྦྱིན་པའི་གཏེར་ལས་ཡིན་ནོ་ཞེས་བྱ་བ་དང་པོར་སྦྱིན་པའི་ཕན་ཡོན་གསུངས་པ།

གཞོན་ནུ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་མོས་པའི་ཕན་ཡོན་ནི་བཅུ་སྟེ་ཞེས་བྱ་བ་ལ་བཅུ་གང་ཞེ་ན་ཞེས་ཐེ་ཚོམ་བསལ་བའི་ཕྱིར་དྲིས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་སེར་སྣའི་ཉོན་མོངས་པ་ཚར་བཅད་པ་ཡིན། དེའི་སེམས་རྟག་ཏུ་གཏོང་བའི་རྗེས་སུ་སྤེལ་

བ་ཡིན། རྒྱལ་པོ་དང་། མེ་དང་། ཆོམ་རྐུན་ལ་སོགས་པ་དང་། ཐུན་མོང་པའི་ལོངས་སྤྱོད་ལས་སྙིང་པོ་ལེན་པ་ཡིན། སྦྱིན་པས་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་སྟེ། ལོངས་སྤྱོད་ཆེན་པོ་འགྲུབ་པ་ཕངས་པའི་ཕྱིར་རོ། །དེས་ན་འདི་ལ་སྐྱེས་མ་ཐག་ཏུ་གཏོང་བའི་སེམས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words