འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ
Sanskrit title (Tibetan script, as in the text) ཨཱརྱ་སརྦ་དྷརྨ་སྭ་བྷཱ་བ་ས་མ་ཏཱ་བི་པཉྩི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་ཊཱི་ཀ་ཀཱིར་ཏི་མཱ་ལ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 117 · folio 112b
པ་རྒྱ་ཆེར་བྱ་བ་ལ་མངོན་པར་བརྩོན་པར་བྱའོ་ཞེས་བྱ་བའི་བར་ནི་དོན་གོ་བར་ཟད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཡིད་དུ་འོང་བའི་དབྱངས་དང་། ཚིག་དང་། ཡི་གེ་རྒྱུན་ཆགས་པས་གཞན་ལ་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །
དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་གོམས་པར་བྱས་ན་སངས་རྒྱས་ཉིད་འཐོབ་པར་འགྱུར་བ་ཡིན་ན་གང་གི་ཕྱིར་ཏིང་ངེ་འཛིན་གཅིག་པུ་རབ་ཏུ་བསྟན་པར་བྱ་ཞེས་སོམ་ཉི་ཟ་བར་འགྱུར། ཆོས་ཐམས་ཅད་ཀྱི་རྩ་བ་དང་གཞི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་
པར་སྤྲས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ། གང་གི་ཚེ་སྙིང་རྗེ་ཆེན་པོ་དང་ཐབས་ཀྱིས་བརྟན་པའི་བརྩོན་འགྲུས་དང་ལྡན་པས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བྱ་བ་ལ་བརྩོན་པར་གྱུར་ཅིང་། ཏིང་ངེ་འཛིན་གྱི་རྒྱལ་པོ་
འདི་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པའི་ཚེ་དེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ། །དེས་ཆོས་ཅུང་ཟད་ཀྱང་དམིགས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་ངོ་བོ་ངེས་པར་རྟོགས་པའི་
ཕྱིར་རོ། །དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་ངེས་པར་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་སངས་རྒྱས་ཉིད་དུ་བྱ་བའི་ཕྱིར་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་། ཏིང་ངེ་འཛིན་ཐོབ་པར་བྱས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱའོ། །དེའི་ཕྱིར་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ་ཞེས་བྱའོ། །གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་འདས་པའི་དུས་ཀྱི་གཏམ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དབྱངས་སྦྱིན་མྱ་ངན་ལས་
འདས་པ་ལ་མཆོད་པའི་ཕྱིར་མིའི་བདག་པོ་དཔལ་དབྱངས་ཞེས་བྱ་བས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་བྱས་ཏེ། བྱས་ནས་དེ་དག་ལ་མཆོད་པ་རྒྱ་ཆེར་བྱས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་
Vol. 117 · folio 113a
ལ་ཡང་ཆོས་མཉན་པའི་ཕྱིར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཆོས་སྨྲ་བ་ཆེན་པོས་ལེགས་པའི་བློ་གྲོས་ལ་ལེགས་པར་གནས་པའོ། །དེ་ཉིད་ཀྱི་ཕྱིར་སྤོབས་པ་རྒྱུན་མི་འཆད་པ། ཆགས་
པ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་ལ་རབ་ཏུ་གནས་པ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པ། ཆོས་ཟབ་མོ་བསྟན་པ། ཆོས་ཐམས་ཅད་ལ་དབང་ཐོབ་པ་ཤ་སྟག་གོ། །འཁོར་དེ་ན་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་ཞེས་བྱ་བ་གཟུགས་དང་ལང་
ཚོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞིག་ཀྱང་གནས་སོ། །དེའི་ཚེ་རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡང་དག་པར་བརྗོད་པ་དང་། གཞུང་དང་། དོན་དང་། ཆོས་དང་།
སྔགས་ཀྱི་གཟུངས་ཆེན་པོ་རང་བཞིན་ཅན་དེ་དག་བསྟན་པའི་ཕྱིར་གསོལ་བ་གདབ་པ་བྱས་སོ། །གསོལ་བ་བཏབ་པ་དང་། ཐབས་མཁས་པ་ནི་སྙིང་རྗེ་ཆེན་པོས་ཡོངས་སུ་གཟུང་བ་དང་། ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་ལ་འཇུག་པའི་ཐབས་སུ་གྱུར་པ་ཞེས་བྱ་བའོ། །དབང་ནི་དབང་
བཅུ་སྟེ། བྱེ་བྲག་ཏུ་བསྟན་ན་མདོ་སྡེ་དང་། མངོན་པའི་ཆོས་དང་། འདུལ་བ་དང་རྣམ་པར་འབྱེད་པས་རབ་ཏུ་ཕྱེ་ནས་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གསོལ་བ་བཏབ་ནས་དེའི་ནུབ་མོ་སྟེ་སྲོད་ཀྱི་དུས་ཏེ་ཉལ་བའི་དུས་སོ། །དེའི་ཚེ་དེ་བཞིན་གཤེགས་པའི་རིང་བསྲེལ་
གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་མར་མེའི་ཡོན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་རབ་ཏུ་འབར་བར་བྱས་ཏེ། ཅི་ལྟར་བཀའ་ཉན་པ་རྣམས་ཀྱིས་རྒྱལ་པོའི་རྗེས་སུ་སྤྱོད་པས་ཕུན་སུམ་ཚོགས་པ་རྣམས་དང་། རྒྱལ་པོ་དཔལ་དབྱངས་ཀྱི་བཙུན་མོའི་འཁོར་གྱི་སྐྱེ་བོ་དང་ལྷན་ཅིག་ཏུ་མཆོད་པའི་ཁྱད་
པར་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས་ཡང་བཙུན་མོའི་འཁོར་དང་བཅས་ཏེ་ཁང་ཐོག་ཏུ་སོང་ངོ་། །སོང་ནས་ལྷ་ལ་སོགས་པའི་འཁོར་དང་བཅས་པར་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བདེ་བས་བྱིན་འདི་སྙམ་དུ་སེམས་ཏེ། བདག་ནི་ཐེག་པ་ཆེན་པོ་ལ་ཞུགས་
Vol. 117 · folio 113b
པ་ཡིན་ན་ཞེས་བྱ་བ་ལ་སོགས་པ་ལ། བདག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་ལྷ་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ངོ་མཚར་དུ་འགྱུར་བ་དེ་ལྟ་བུས་མཆོད་པས་མཆོད་ཀྱི་སྣང་བ་ཐོབ་པར་བྱ་བ་དང་། རྒྱལ་པོ་དཔལ་དབྱངས་ཀྱི་མཆོད་པ་ཐམས་ཅད་ཟིལ་གྱིས་མནན་པས་ངོ་མཚར་
ཐོབ་པར་བྱ་བའི་ཕྱིར་སྣང་བའི་མཆོད་པ་བྱའོ་སྙམ་དུ་ངེས་པར་བསམས་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་འདུག་ནས་ལག་པ་གཡས་པ་རས་ཀྱིས་དཀྲིས་ནས་འབྲུ་མར་གྱི་ནང་དུ་བཅུག་སྟེ་འབར་བར་བྱས་སོ། །བསམ་པ་རྣམ་པར་དག་པ་དང་
ཆོས་ཉིད་རབ་ཏུ་རྟོགས་པས་ལག་པ་དེ་ལྟར་འབར་ཡང་སེམས་དང་། བཞིན་གྱི་མདོག་འགྱུར་བ་མེད་པས་ཚོར་བ་མེད་པར་མཚོན་པ་དང་། ཆོས་ཉིད་ལ་དགའ་བས་བཞིན་གྱི་མདངས་པདྨ་རབ་ཏུ་རྒྱས་པ་ལྟ་བུར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་ངོ་མཚར་ཆེ་བར་
བསྟན་པའི་ཕྱིར་ས་ཆེན་པོ་འདི་ཡང་གཡོས་པར་གྱུར་ཏོ། །ལག་པ་གཡས་པ་འབར་བར་བྱས་པའི་འོད་དེས་མར་མེའི་འོད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་མོག་མོག་པོར་བྱས་ནས་ཕྱོགས་ཐམས་ཅད་དུ་སྣང་བར་གྱུར་ཏོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་
ཏིང་ངེ་འཛིན་གྱི་མཐུ་ཤིན་ཏུ་ཁྱད་པར་དུ་འཕགས་པས། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བར་ལ་ཆོས་སྟོན་ཏོ། །དེ་དག་གིས་ཀྱང་ཆོས་ཀྱི་དགའ་བས་མཆོད་པ་ཆེན་པོ་བྱས་སོ། །རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་གྱི་ལག་པ་འབར་བར་བྱས་པའི་འོད་ཀྱིས་གཞན་
ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས་འབར་བར་གྱུར་པ་མཐོང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ན་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་ཡིན་ནོ་སྙམ་ནས་རྒྱལ་པོ་དཔལ་དབྱངས་གུས་པ་དང་བཅས་པས་བཙུན་མོའི་འཁོར་བརྒྱད་ཅུ་དང་ལྷན་ཅིག་ཏུ་ཁང་པའི་སྟེང་ནས་བདག་ཉིད་མཆོངས་ཀྱང་བདེ་
བས་བྱིན་མཐོང་བས་སེམས་རབ་ཏུ་དགའ་བའི་ཁྱད་པར་གྱིས་ལྷ་ལ་སོགས་པས་ལེགས་པར་བསྲུངས་པ་དང་། བསོད་ནམས་ལྷག་པར་སྤྱོད་པའི་ཆེ་བའི་བདག་ཉིད་ཀྱིས་ཁྲུ་སྟོང་ཕྲག་བརྒྱ་ཚང་བའི་ཁང་པའི་སྟེང་ནས་མཆོངས་ན་ཡང་དེ་དག་གི་ལུས་དང་སེམས་ལ་གནོད་པ་ཅི་ཡང་མ་བྱུང་ངོ་། །
Vol. 117 · folio 114a
དེ་ནས་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་གྱི་གམ་དུ་སོང་བ་དང་། བདེ་བས་བྱིན་ལག་པ་འབར་བར་གྱུར་པ་མཐོང་ནས་དད་པའི་ཤུགས་ཀྱིས་ཆོ་ངེས་བཏབ་པོ། །དེ་ནས་རྒྱལ་པོ་དཔལ་དབྱངས་ངུ་ཞིང་མཆི་མ་ཕྱུང་ནས་བདེ་བས་བྱིན་གྱི་མདུན་ན་འདུག་པ་མཐོང་ནས་བདེ་
བས་བྱིན་གྱིས་རྒྱལ་པོ་ཆེན་པོ་ཅིའི་ཕྱིར་བདག་གི་མདུན་ན་བཤུམས་ཤིང་བཞུགས་དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དཔལ་དབྱངས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲས་པ་ཞེས་བྱ་བ་ནི་ལན་གདབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་དག་ཉིད་བསྟན་པའི་ཕྱིར། ཤེས་རབ་ཆེན་པོ་བདེ་བས་
བྱིན། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་སྨྲ་བ་ཆེན་པོ་བདེ་བས་བྱིན་མཁས་པ་ཆེན་པོའི་ཡ་མཚན་པ་མཐོང་ནས་སྐྱེ་བོ་མ་ལུས་པ་ཡིད་མི་བདེ་ཞིང་ངུ་བར་གྱུར་ཏེ་ཞེས་བྱ་བ་ཡིན་ནོ། །དཔེ་མེད་ཡོན་ཏན་བང་མཛོད་ཡེ་ཤེས་ཕུང་པོ་མཆོག་གྱུར་པ། །རིའི་དབང་ལྟ་བུ་དག་པའི་ཟླ་བ་ཉི་མ་བས་ལྷག་
ཅིང་། །མ་ལུས་འབྱུང་པོ་ཀུན་ལ་སེམས་སྙོམས་པ་ཡི་འོད་ཟེར་གྱིས། །ཉིད་སྐུ་མཛེས་པའི་མདངས་ཀྱིས་ཅི་ནས་གསལ་མཛད་པའི། །ལག་པ་ཉམས་པར་ཤེས་ནས་བདག་ཀྱང་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་བྱ་བས་ནི་ངུ་བའི་རྒྱུ་བསྟན་ཏོ། །ཁྱོད་ཀྱི་ལག་པ་འབར་བྱས་པ། །ཞེས་བྱ་བ་ལ་
སོགས་པས་ནི་འོད་ཀྱི་ཁྱད་པར་དུ་གྱུར་པ་ཉེ་བར་བསྟན་ཏེ། ཕྱོགས་མ་ལུས་པ་སྣང་བར་བྱེད་པར་མཁས་པ་ཁྱོད་ལས་བྱུང་བའི་སྣང་བས་མར་མེ་ལ་སོགས་པ་གཞན་གྱི་འོད་མི་གསལ་བར་བྱས་པ་དང་། ངོ་མཚར་བསྐྱེད་པར་བྱ་བའི་ཕྱིར། །ས་འདི་རབ་ཏུ་གཡོས་གྱུར་ཏེ། །ཞེས་བྱ་བ་ལ་སོགས་
པ་ལ། ཁྱོད་ཀྱི་སེམས་ཞུམ་པ་མེད་པར་མཐོང་ནས་སྐྱེས་བུ་འདི་ནི་ཐ་མལ་པ་མ་ཡིན་ཏེ། ངེས་པར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་སྙམ་དུ་བསམས་ནས་བདག་བཙུན་མོའི་འཁོར་དང་བཅས་པ་ཁང་པའི་སྟེང་ནས་མཆོངས་སོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་
དཔའ་ལ་གོ་བར་བྱས་ནས་ལེགས་སོ་ཞེས་བྱ་བ་བྱིན་པ་ནི་ཆེ་བའི་ཡོན་ཏན་བརྗོད་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་བདག་ཉིད་ཆེ་བ་དང་སེམས་ཀྱི་བདག་ཉིད་ཆེ་བ་དང་། བརྩོན་འགྲུས་ཀྱི་བདག་ཉིད་ཆེ་བ་དང་། འགྱུར་བ་མེད་པའི་བསམ་པས་ཆོས་སྟོན་པའི་ཆེ་བའི་བདག་ཉིད་བསྟན་པའོ། །
Vol. 117 · folio 114b
བདག་ཀྱང་དེ་བཞིན་མཁས་པ་ཡི། །སྨོན་ལམ་ཡོངས་སུ་རྫོགས་པར་བགྱི། །ཞེས་བྱ་བས་གཞན་དག་ཀྱང་སློབ་ཏུ་འཇུག་པའོ། །འདི་ལྟར་ཡན་ལག་མ་ཚང་བ། །དེས་ནི་རབ་ཏུ་སྡུག་བསྔལ་ལོ། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་ཡན་ལག་མ་ཚང་བ་མ་ཡིན་པར་སྟོན་པའི་
ཚིགས་སུ་བཅད་པ་གཞན་གསུངས་པ་ནི། གང་ལ་ལག་པ་མེད་པ་ཡང་། །དེ་ནི་ཡན་ལག་མ་ཚང་མིན། །ཞེས་བྱ་བ་ལ་དགེ་བའི་ཡན་ལག་ལ་ཡན་ལག་ཅེས་བྱ་བའི་སྒྲས་བརྗོད་པས་ལུས་ཀྱི་ཡན་ལག་མ་ཚང་བར་གྱུར་ཀྱང་ཚུལ་ཁྲིམས་ཀྱི་ཡན་ལག་མ་ཉམས་པ་ནི་ཡན་ལག་མ་ཚང་བ་
མེད་པ་ཞེས་བརྗོད་དོ། །སུ་ལ་ཚུལ་ཁྲིམས་མེད་པ་དག །དེ་ནི་ཡན་ལག་མ་ཚང་ཡིན། །ཞེས་བྱ་བ་ནི་བཟློག་པའི་སྒོ་ནས་བསྟན་པ་ཡིན་ནོ། །རུལ་བའི་ལུས་འདིས་རུལ་པ་མ་ཡིན་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ། །སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ནས་གང་དག་གིས་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བར་གྱུར་པ་དང་། ཡང་གཞན་ཞིག་གིས་ཆོས་ཉིད་སྟོང་པ་ཤེས་ནས་དེ་བཞིན་གཤེགས་པ་རྣམས་
ལ་ཡན་ལག་དང་ཉིང་ལག་ལ་སོགས་པ་ཕུལ་ན་སྔ་མ་དེ་བས་ལུས་ཀྱི་ཡན་ལག་སྟོང་པ་འདི་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར་བདེན་པའི་བྱིན་གྱི་རླབས་བྱེད་པར་རྩོམ་པ་ནི་བདེན་པའི་ཚིག་ནི་བརྗོད་པར་བགྱི་
ཞེས་བྱ་བ་ལ་སོགས་པ་ལ། བདེན་པ་གང་གིས་སངས་རྒྱས་སུ་བདག་འགྱུར་ན་སྟེ། འཇིག་རྟེན་ཐམས་ཅད་ལ་སྣང་བ་བྱེད་པ་དང་། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་རབ་ཏུ་དགྲོལ་བར་བྱེད་པར་གྱུར་ན་བདེན་པ་དང་བདེན་པའི་ཚིག་དེས་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་
ཅིག་ཅེས་བརྗོད་པ་དང་། བདེན་པའི་ཚིག་དེ་བརྗོད་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ངོ་མཚར་རྨད་དུ་བྱུང་བའི་ལྟས་དེ་མཐོང་བས་ལྷ་ལ་སོགས་པ་རྣམས་དགའ་བའི་སེམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པར་གྱུར་ཏོ། །ཡང་སྟོང་པ་ཉིད་
Vol. 117 · folio 115a
ཀྱི་བདག་ཉིད་ཆེ་བ་བསྟན་པར་བྱ་བའི་ཕྱིར་བྱིན་གྱི་རླབས་བྱེད་པ་ནི། བདེན་པ་གང་གིས་ཆོས་དེ་ནི། །ལག་པ་ཞེས་ཀྱང་བྱ་མེད་ན། །ཞེས་བྱ་བ་ལ། དོན་དམ་པར་གཟུགས་ལ་སོགས་པའི་ཕུང་པོ་བདེན་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ། །བདེན་
པ་དེ་ཡིས་སྔོན་ལྟར་ཡང་། །ལག་པ་མྱུར་དུ་འབྱུང་བར་ཤོག །ཅེས་བྱ་བ་ནི་ཇི་ལྟར་སྔོན་མ་ཉམས་པའི་དུས་ཀྱི་གཟུགས་བཞིན་དུ་གྱུར་ཅིག་པའོ། །དེ་བཞིན་དུ་བདེ་བས་བྱིན་ཞེས་བྱ་བའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །གང་གིས་སྟོན་པར་བྱེད་པའི་སྒྲ་དེ་ཡང་སྟོང་པའོ། །བདེན་པ་དང་བདེན་
པའི་ཚིག་དེས་འཇིག་རྟེན་ཐམས་ཅད་ཚིག་པར་མ་གྱུར་ཅིག །ཅེས་གལ་ཏེ་བདེན་པའི་བྱིན་གྱི་རླབས་བྱས་ནས་ཡང་ཐམས་ཅད་ཚིག་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་མཉམ་པར་གཞག་པར་ཤོག་ཤིག །ངེས་པར་ཕྱིར་མི་ལྡོག་པར་གྱུར་ཅིག་ཅེས་བྱ་བ་
ཕན་པའི་བསམ་པས་བརྗོད་མ་ཐག་པ་ཉིད་དུ་མཚན་ཐམས་ཅད་ཡང་དག་པར་རྫོགས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པ་བླ་ན་མེད་པ་
བྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཐོང་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཆེ་བའི་ཡོན་ཏན་ཡང་འཁོར་རྣམ་པ་བཞི་ལ་བསྟན་པས་སེམས་དང་བསྐྱེད་པར་བྱེད་པའི་ཕྱིར་རོ། །ལྷ་ལ་སོགས་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །སངས་རྒྱས་
ཤཱཀྱ་སེང་གེ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ང་ཉིད་དེའི་ཚེ་བདེ་བས་བྱིན་དུ་གྱུར་པ་ཡིན་ནོ། །དཔལ་དབྱངས་ནི་བྱམས་པ་མ་ཕམ་པ་ཉིད་ཡིན་ནོ་ཞེས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །བདེ་བ་མྱ་ངན་འདས་པར་འདོད། །སེམས་ཅན་ཀུན་ལ་བདེ་སྦྱིན་པའི། །
ཐམས་ཅད་མཁྱེན་ཉིད་ཐོབ་པའི་ཕྱིར། །ཐབས་ཆེན་མན་ངག་སྟོན་མཛད་པའི། །ཐུབ་པ་གཙོ་བོ་བདེ་བས་བྱིན། །འཇིག་རྟེན་བསམ་པའི་བྱེ་བྲག་གིས། །དེ་ཉིད་གཅིག་པུ་རྣམ་པར་བསྒྱུར། །བདེ་བས་བྱིན་གྱི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའི་འགྲེལ་པ་རྫོགས་སོ།། །།མདོ་སྡེ་འཆད་པའི་
Vol. 117 · folio 115b
ཆོས་སྨྲ་བ་ལ་རང་གི་ཤ་དང་ཁྲག་གིས་ཀྱང་ཉེ་བར་སྤྱད་པས་སེམས་ཅན་གྱི་དོན་དུ་བསྙེན་བཀུར་བྱས་ལ་ནད་གསོ་བར་བྱའོ་ཞེས་བྱ་བར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྦྱིན་པའམ་ཞེས་བྱ་བ་ནས་མངོན་
པར་བརྩོན་པར་བྱའོ་ཞེས་བྱ་བའི་བར་དུ་ནི་རྟོགས་སླ་བའི་ཕྱིར་མ་བཀྲོལ་ལོ། །སྦྱིན་པ་དེ་ཡང་བསྔོ་བ་བཞིས་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དུ་འགྱུར་བས་དེའི་ཕྱིར་ཁྱད་པར་དུ་འཕགས་པའི་འབྲས་བུ་འདོད་པས་དེ་བཞིན་དུ་བསྔོ་བར་བྱའོ་
ཞེས་བྱ་བ་ཡིན་ནོ། །བཞི་པོ་གང་དག་ཡིན་ཞེས་དྲིས་པ་དང་། འདི་ལྟ་སྟེ་ཞེས་བྱ་བས་ཉེ་བར་སྟོན་པར་བྱེད་དོ། །ཐབས་ལ་མཁས་པ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། ཐབས་ལ་མཁས་པ་གང་གིས་དེ་བཞིན་གཤེགས་པ་དེ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པའི་དོན་མཛད་པར་གྱུར་པ་དེ་བཞིན་དུ་ཐབས་ལ་མཁས་པའི་ཁྱད་པར་ལ་དམིགས་ནས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བསྔོ་བ་དང་པོའོ། །དགེ་བའི་བཤེས་གཉེན་གང་ལས་ཐབས་ལ་མཁས་པ་འདི་ཐོས་
ནས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་དགེ་བའི་བཤེས་གཉེན་དེ་དག་དང་བདག་རྟག་ཏུ་འགྲོགས་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་གཉིས་པའོ། །ལོངས་སྤྱོད་ཐོབ་པ་གང་དག་འཇིག་རྟེན་ཐམས་
ཅད་ཉེ་བར་འཚོ་བར་འགྱུར་བ་དེ་དག་དང་། བདག་ཕྲད་པར་གྱུར་ཅིག་ཅེས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་ནི་གསུམ་པའོ། །བདག་གི་ལུས་གྲུབ་པ་གང་གིས་ཆོས་དང་ཟང་ཟིང་རྣམ་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་དེ་ལྟ་བུ་དང་མཐུན་པའི་བདག་གི་ལུས་
གྲུབ་པར་གྱུར་ཅིག །ཅེས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་ནི་བཞི་པའོ། །དེ་ལྟ་བུར་ཡོངས་སུ་བསྔོ་བའི་སྦྱིན་པ་ནི་སངས་རྒྱས་ཉིད་སྒྲུབ་པར་འགྱུར་བའོ། །གཞན་ཡང་གཞོན་ནུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གང་དག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་རབ་ཏུ་
Vol. 117 · folio 116a
གནས་པ་དེ་དག་ལ་གཡོ་མེད་པས་བསྟེན་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་ནད་ཤིན་ཏུ་མི་བཟད་པས་བཏབ་ནས་ན་བར་གྱུར་ན་རང་གི་ཤ་དང་ཁྲག་གིས་ཀྱང་ན་བ་དེ་ལས་བསླང་བ་དེ་ལ་སྤྲོ་བར་བྱ་སྟེ། ལྷག་པའི་བསམ་
པ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཉིད་འདོད་པས་གཡོ་མེད་པའི་སེམས་ཀྱིས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་ལ་ཆོས་སྨྲ་བའི་དགེ་སློང་ནད་མི་བཟད་པ་དེ་ལས་བསླང་བར་བྱའོ་ཞེས་བྱ་བ་ཡིན་ནོ། །སྔོན་བྱུང་བའི་གཏམ་གྱིས་ལྷག་པའི་བསམ་པ་གཡོ་མེད་པ་བསྟན་པའི་ཕྱིར།
གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། སྔོན་བྱུང་བ་ནི་སྔར་གྲུབ་པ་ལ་སྔོན་བྱུང་བ་ཞེས་བྱ་བ་སྟེ། འདས་པའི་སྒྲས་བསྟན་པས་ཆོག་ན་གྲངས་མེད་པ་ལ་སོགས་པ་ཅི་དགོས་ཤེ་ན། གྲངས་ཀྱི་ངེས་པ་བསྟན་པ་ནི་འདས་པའི་ཤིན་ཏུ་རིང་པོར་གྱུར་པ་བསྒྲུབ་པའི་ཕྱིར་
བསྟན་ཏོ། །དེ་བཞིན་གཤེགས་པ་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཁྱད་པར་གྱིས་བསྐལ་པ་གྲངས་མེད་པ་བྱེ་བ་བརྒྱ་སྟོང་དུ་མས་བསྒྲུབ་པར་བྱའོ། །སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བྱ་བ་དང་། གྲོལ་བར་བྱ་
བའི་མཚན་ཉིད་ཅན་སངས་རྒྱས་ཀྱི་མཛད་པ་རྣམས་ཉི་མ་གཅིག་པོ་དེ་ཉིད་ལ་ཡང་དག་པར་བསྒྲུབ་པར་གྱུར་ནས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་མྱ་ངན་ལས་འདས་པ་ལ་བཀོད་དེ། བདག་ཉིད་ཀྱང་ཉི་མ་དེ་ཉིད་ཀྱི་མཐའ་ལ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །དེ་ཡོངས་སུ་མྱ་
ངན་ལས་འདས་ནས་དམ་པའི་ཆོས་ནི་ཡུན་རིང་དུ་གནས་པར་གྱུར་ཏོ། །ལྔ་བརྒྱ་ཐ་མར་གྱུར་པ་ན་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔ་བསྡུས་པ་ནི་ལྔ་བརྒྱ་སྟེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ལོ་ལྔ་སྟོང་གནས་སོ་ཞེས་ཟེར་རོ། །ལོ་ལྔ་སྟོང་ལ་ལྔ་བརྒྱ་ལྔ་བརྒྱ་ཐ་དད་དུ་བྱས་
པའི་དབང་དུ་བྱས་ནས་ལྔ་བརྒྱ་ཕྲག་བཅུར་འགྱུར་བས་དུས་བཅུར་འགྱུར་ཏེ། རེ་ཞིག་དང་པོར་ནི་མངོན་པར་རྟོགས་པའི་དུས་ཡིན་ནོ། །དེ་ནས་བསྒྲུབ་པའི་དུས་སོ། །དེ་ནས་ལུང་གི་དུས་ཞེས་བྱ་བས་དུས་གསུམ་མོ། །དེ་ལ་མངོན་པར་རྟོགས་པའི་དུས་ཀྱང་གསུམ་དུ་འགྱུར་ཏེ། དགྲ་བཅོམ་པའི་དུས་
Vol. 117 · folio 116b
དང་། ཕྱིར་མི་འོང་བའི་དུས་དང་། རྒྱུན་དུ་ཞུགས་པའི་དུས་སོ། །བསྒྲུབ་པའི་དུས་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། ལྷག་མཐོང་གི་དུས་དང་། ཏིང་ངེ་འཛིན་གྱི་དུས་དང་། ཚུལ་ཁྲིམས་ཀྱི་དུས་སོ། །ལུང་གི་དུས་ཀྱང་གསུམ་དུ་འགྱུར་ཏེ། ཆོས་མངོན་པའི་སྡེ་སྣོད་ཀྱི་དུས་དང་། མདོ་སྡེའི་
སྡེ་སྣོད་ཀྱི་དུས་དང་། འདུལ་བའི་སྡེ་སྣོད་ཀྱི་དུས་སོ། །དེ་ལྟར་དུས་དགུ་དང་། རྟགས་ཙམ་འཛིན་པའི་དུས་དང་བཅུར་འགྱུར་རོ། །དེ་ལ་དུས་རེ་རེ་ལ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱར་འགྱུར་ཏེ། དེ་ལྟར་དུས་བཅུ་ལ་ལྔ་བརྒྱ་ཕྲག་བཅུ་ཡིན་པས་ལོ་ལྔ་སྟོང་དུ་འགྱུར་རོ། །དེ་ལ་ལྔ་བརྒྱ་ཕྲག་དང་པོ་ལ་ནི་དགྲ་
བཅོམ་པའོ། །གཉིས་པ་ལ་ནི་ཕྱིར་མི་འོང་བའོ། །གསུམ་པ་ལ་ནི་རྒྱུན་དུ་ཞུགས་པའོ། །བཞི་པ་ལ་ནི་ལྷག་མཐོང་ངོ་། །ལྔ་པ་ལ་ནི་ཏིང་ངེ་འཛིན་ནོ། །དྲུག་པ་ལ་ནི་ཚུལ་ཁྲིམས་སོ། །བདུན་པ་ལ་ནི་ཆོས་མངོན་པའོ། །བརྒྱད་པ་ལ་ནི་མདོ་སྡེའོ། །དགུ་པ་ལ་ནི་འདུལ་བའོ། །ལྔ་བརྒྱ་
ཕྲག་བཅུ་པ་ལ་ནི་རྟགས་ཙམ་མོ། །དེ་ལྟ་བུ་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ། །ལྔ་བརྒྱ་ཞེས་བྱ་བ་ཁ་ཅིག་གཞན་དུ་འདོན་ཏེ། ལྔ་བརྒྱ་ཞེས་བྱ་བའི་རིང་པོ་བོར་བའོ་ཞེས་ཟེར་རོ། །གཞན་དག་ནི་འདི་སྐད་སྨྲ་སྟེ། མི་རྣམས་ནི་ཚེ་ཚད་ལོ་བརྒྱ་ཡིན་ནོ། །དེ་ལ་དང་པོའི་ལོ་ལྔ་བཅུ་ལ་ནི་ཁ་དོག་དང་།
གཟུགས་དང་། སྟོབས་དང་། ཤེས་རབ་ལ་སོགས་པ་འཕེལ་བར་འགྱུར་བ་ཡིན་ནོ། །ཕྱེད་ཕྱི་མའི་ལྔ་བཅུ་ལ་ནི་དེ་དག་རིམ་གྱིས་འགྲིབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་དུས་ཀྱི་ཐ་མ་ལ་བབ་པའི་ཚེ་ཕྱེད་ཕྱི་མའི་ལྔ་བཅུའི་ཐ་མ་ལ་བབ་པ་འདྲ་བར་ཐ་མར་གྱུར་པ་དམ་པའི་ཆོས་
ནུབ་པར་འགྱུར་བའི་དུས་ཀྱི་ཚེ་མངོན་པར་རྟོགས་པ་ནུབ་པར་འགྱུར་བའི་དུས་ན་མངོན་པར་རྟོགས་པ་ཡོད་པར་མི་འགྱུར་རོ། །ལུང་གི་ཆོས་ཀྱང་འདྲི་བ་དང་། འདྲིར་འཇུག་པ་དང་། ཀློག་པ་དང་། འདོན་པ་ལ་སོགས་པ་ལ་ཉོན་མོངས་པ་དང་། གྲོགས་ངན་པ་ལ་སོགས་པས་ཀུན་ནས་དཀྲུགས་པས་འཇིག་རྟེན་རྣམས་འཇུག་པར་མི་འགྱུར་རོ། །དེ་
ལྟ་བུར་གྱུར་ཅིང་ནུབ་པའི་ཚེ་དགེ་སློང་དམིགས་པར་ལྟ་བ་མང་པོ་འབྱུང་སྟེ། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པར་ལྟ་བ་ནི་དམིགས་པར་ལྟ་བ་ཡིན་པར་རིག་པར་བྱའོ། །དེ་དག་འདི་ལྟ་བུའི་མདོ་སྡེ་ལ་འདོད་པར་མི་འགྱུར་ཏེ་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །མོས་པར་ཡང་མི་འགྱུར་ཏེ་ཟབ་མོའི་
Vol. 117 · folio 117a
ཆོས་ལ་གོམས་པར་མ་བྱས་པའི་ཕྱིར་རོ། །མོས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྤོང་ཞིང་སྐྱོན་འདོགས་པར་བྱེད་ཅིང་སྐུར་པ་འདེབས་སོ། །མདོ་སྡེ་འདི་ལྟ་བུ་ཟབ་མོའི་དོན་སྟོན་ཅིང་འཇུག་པ་དང་ལྡན་པའི། མདོ་སྡེ་འཛིན་པའི་དགེ་སློང་རྣམས་ལ་གནོད་པ་བྱེད་ཅིང་སྲོག་ཀྱང་
གཅོད་པར་བྱེད་དོ། །རྙེད་པ་དང་བཀུར་སྟི་ལ་ཆགས་པར་འགྱུར་བ་མང་པོ་འབྱུང་ངོ་། །དེའི་དུས་ན་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ་འཛམ་བུའི་གླིང་གི་དབང་ཕྱུག་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དམ་པའི་ཆོས་ཡོངས་སུ་འཛིན་པ་འབྱུང་ངོ་། །ཡང་འདིར་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཏིང་ངེ་འཛིན་འདི་
འཛིན་པ་ཆོས་སྨྲ་བ་རྒྱལ་པོ་དེའི་དགེ་བའི་བཤེས་གཉེན་དུ་གྱུར་པ་རྒྱལ་པོའི་ཕོ་བྲང་དུ་འགྲོ་ཞིང་ཕན་པར་འདོད་པ་དེ་ལ་རྒྱལ་པོ་དེ་ཡང་བལྟ་བ་དང་། ཆོས་མཉན་པ་དང་། བསྙེན་བཀུར་བྱ་བ་ལ་མཁས་པར་གྱུར་ཏོ། །དགེ་སློང་ཆོས་སྨྲ་བ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་སྨྲ་བའི་ཡོན་ཏན་རྗོད་
པར་བྱེད་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་སྤྱོད་ལམ་དང་། སྤྱོད་པ་དང་། མོས་པ་དང་། ཁམས་དང་། བག་ཆགས་ལ་མཁས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྤྱོད་ལམ་ནི་སྤྱོད་ལམ་ལ་ཞུགས་པའོ། །སྤྱོད་པ་ནི་སྦྱིན་པ་ལ་སོགས་པ་ལ་ཞུགས་པའོ། །མོས་པ་ནི་ཉན་ཐོས་
དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལམ་བསྒོམ་པའི་རྟོགས་པའི་སེམས་སོ། །ཁམས་ནི་བག་ཆགས་སོ། །བག་ཆགས་ནི་རང་བཞིན་ནོ། །དེ་དག་ལ་མཁས་པ་ནི་ངེས་པར་རིག་པར་གྱུར་པའོ་ཞེས་བྱ་བའི་དོན་ཏོ། །དབང་པོ་ནི་དད་པ་ལ་སོགས་པའོ། །
སྟོབས་ཀྱང་དད་པ་ལ་སོགས་པ་ལྔ་པོ་དེ་དག་ཉིད་དོ། །བརྩོན་འགྲུས་ཀྱི་རིམ་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པ་གསུམ་མོ། །ཁམས་དང་བག་ཆགས་ཤེས་པ་ནི་ཤེས་པ་སྟེ། སྡུག་བསྔལ་ཤེས་པ་དང་། རྗེས་སུ་ཤེས་པ་ལ་སོགས་པའི་བག་ཆགས་ལ་སོགས་པའོ། །དེ་དག་ལ་
མཁས་པ་ནི་སྔ་མ་བཞིན་ནོ། །བདེན་པའི་མཚམས་སྦྱོར་བ་ནི་དགོངས་པའི་མཚམས་སྦྱར་བའོ། །མཚམས་བྲལ་བ་ནི་རྣམ་པར་མི་སྦྱོར་བའོ། །དགོངས་པ་དང་དགོངས་པ་ཅན་མ་ཡིན་པའི་ཚིག་གི་ལན་གདབ་པ་ལ་མཁས་པ་ནི་ངེས་པའི་དོན་དང་དྲང་པོའི་དོན་གྱི་དབྱེ་བ་ལ་ངེས་པར་མཁས་པའོ། །སྤོབས་
Vol. 117 · folio 117b
པ་ཟབ་ཅེས་བྱ་བ་ནི་ཐེག་པ་དམན་པ་ལ་ཞུགས་པ་རྣམས་བཟློག་པའི་ཐབས་ཀྱིས་ཟབ་མོའི་ཆོས་སྟོན་པས་འདུལ་བ་ལ་མཁས་པའོ། །གསོང་པོར་སྨྲ་ཞིང་བཞིན་ལ་ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་དང་པོར་བསྡུ་བའི་རྒྱུ་ཡིན་ནོ། །སེམས་ཆེན་པོར་གྱུར་པ་ལ་གནས་པ་ཞེས་བྱ་བ་ནི་རྒྱ་
ཆེན་པོ་ལ་མོས་པའི་སྨོན་ལམ་དང་མ་བྲལ་བའི་སེམས་སོ། །སྙིང་རྗེ་ཆེན་པོ་ལ་བརྩོན་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པའོ། །ཕ་རོལ་གྱི་རྒོལ་བ་ངན་པའི་ཚོགས་ཀྱི་དཔོན་པོ་ཐམས་ཅད་ཚར་གཅོད་པའི་ཤེས་རབ་ཅན་ཡིན་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའོ། །
དེ་ལྟ་བུར་གྱུར་པའི་ཆོས་སྨྲ་བ་ནི་ཆོས་སྟོན་པ་ལ་དབང་བ་ཡིན་ནོ་ཞེས་བྱ་བས་ཆོས་སྨྲ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟན་པ་ཡིན་ནོ། །དེའི་ཚེ་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་བུ་མོ་བྱུང་བར་གྱུར་ཞེས་བྱ་བ་ནི་རྒན་པ་ལ་ཡང་སྒྲ་འཇུག་པས་གཞོན་ནུ་ཞེས་བྱ་བ་གཟུང་ངོ་། །དེའི་ཕྱིར་ངེས་པ་བསྟན་
པའི་ཕྱིར་ལོ་བཅུ་དྲུག་ལོན་པ་ཞེས་བྱ་བ་སྨྲས་སོ། །མཚན་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ལྡན་ཞེས་བྱ་བ་བྱུང་སྟེ། དེའི་སློབ་དཔོན་ནི་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་དེ་ཡིན་ཏེ། དགེ་བའི་ཆོས་རྣམས་ཡང་དག་པར་སྟོན་པ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཚེ་ཆོས་སྨྲ་བ་དེ་ལ་བརླ་
གཉིས་སུ་འབྲུམ་བུ་མེ་དབལ་ནག་པོ་ཆེན་པོ་གསོ་དཀའ་ཞིང་སྨན་དཀོན་པ་ཞིག་བྱུང་སྟེ། སྨན་པ་རྣམས་ཀྱིས་ཀྱང་འདི་ནི་གསོ་བར་མི་ནུས་སོ་སྙམ་ནས་བོར་རོ། །དེ་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་བཙུན་མོའི་འཁོར་དང་བཅས་པ་དགེ་སློང་དེ་ན་བར་མཐོང་ནས་འདི་འཆི་བར་འགྱུར་སྙམ་ནས་རབ་
ཏུ་ངུ་ཞིང་མཆི་མ་ཕྱུང་ངོ་། །དེའི་དུས་ན་རྒྱལ་པོ་ཡེ་ཤེས་སྟོབས་ལ་ལྷ་མོ་སྔོན་སྣག་གི་གཉེན་མཚམས་སུ་གྱུར་པ་ཞིག་ཡོད་དེ་ཞེས་བྱ་བ་ནི་སྣག་གི་འབྲེལ་པ་ཉེ་དུ་བརྩེ་བ་ཅན་རྟག་ཏུ་རྗེས་སུ་འབྲང་བ་ཞིག་ཡོད་པ་དེས་རྒྱལ་པོ་དེ་ལ་རྨི་ལམ་གྱི་ནང་དུ་བསྟན་པ། རྒྱལ་པོ་ཆེན་པོ་གལ་ཏེ་
དགེ་སློང་འདི་ལ་མིའི་ཤ་དང་ཁྲག་སར་པ་མ་རུལ་བ་གནོད་པ་མེད་པ། འབྲུམ་བུ་མེ་དབལ་ནག་པོ་འདི་ལ་བྱུགས་ཏེ། མི་ཤ་སར་པ་མ་རུལ་བ་ལས་རོ་སྣ་ཚོགས་སུ་གཡོས་བྱས་ཏེ་བྱིན་ན་དགེ་སློང་འདི་ནད་ལས་སོས་པར་འགྱུར་རོ་ཞེས་བྱ་བ་ལ་སར་པ་ཞེས་བྱ་བ་ནི་སྲོག་དང་བཅས་པ་ལ་ཁྲག་
Vol. 117 · folio 118a
ཡོད་ཀྱི་གཞན་ལ་མེད་པས་སོ། །གནོད་པ་མེད་པ་ཞེས་བྱ་བས་ནི་གཞན་ལ་གནོད་པ་མ་བྱས་པར་བསྟན་ཏེ། ཁྲག་ནི་བསྐུ་བའོ། །ཤ་ནི་ཟས་སུ་བྱ་བའོ། །རྙེད་པར་ནི་དཀའོ་སྙམ་པས་བཙུན་མོའི་འཁོར་དང་རང་གི་འཁོར་རྣམས་ལ་བཟླས་ནས་སྤྲོ་བ་བསྐྱེད་པ་ན་སུ་ཡང་སྤྲོ་བ་མ་
བྱུང་ངོ་། །རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ཡང་རྨི་ལམ་དེ་ལྟ་བུ་ཞིག་མཐོང་ནས་མ་ལ་སོགས་པའི་འཁོར་རྣམས་ལ་དེ་བཞིན་དུ་བཟླས་པ་དང་། སུ་ཡང་དེ་ལ་སྨན་དེ་སྟེར་བར་སྤྲོ་བ་མ་བྱུང་སྟེ། དེ་ལྟ་བུའི་ལྷག་པའི་བསམ་པ་དང་བྲལ་བའི་ཕྱིར་རོ། །དེ་ན་རྒྱལ་པོའི་སྲས་མོ་ཡེ་ཤེས་ལྡན་དེ་དགའ་ཞིང་མགུ་
ལ་ཡི་རངས་ཤིང་དགའ་བ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་འདི་ལྟར་སུ་ཡང་དོན་འདི་ལ་སྤྲོ་བ་མེད་པ་ནི་བདག་གི་སྐལ་བ་ཡིན་ནོ་སྙམ་མོ། །དགའ་བ་ནི་ཤིན་ཏུ་དགའ་བའོ། །མགུ་བ་ནི་བདེ་བར་ཆེས་དགའ་བ་རྩེ་གཅིག་པའོ། །ཡི་རངས་པ་ནི་མངོན་པར་འདོད་པའི་དོན་རྫོགས་པར་
འགྱུར་བ་ལ་ཡིད་བདེ་བ་སྐྱེས་པའོ། །རབ་ཏུ་དགའ་བ་ནི་སྦྱིན་པ་ལ་རབ་ཏུ་དགའ་བའོ། །དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཞེས་བྱ་བ་ནི་ཤ་དང་ཁྲག་སྟེར་བ་ལ་ངེས་པར་བྱས་པའི་དགའ་བ་ལས་སྐྱེས་པའི་ཡིད་བདེ་བའོ། །འདི་ལྟར་བདག་གིས་རྩི་འདི་བདག་གི་ལུས་ལས་བཅད་དེ་ཞེས་བྱ་བ་ནི་འཆད་པར་
འགྱུར་བའི་ཤ་དང་ཁྲག་སྦྱིན་པར་དམ་བཅས་པའོ། །བདག་གིས་རྩི་འདི་བདག་གི་ལུས་ལས་བཅད་དེ་ཞེས་བྱ་བ་དང་སྦྱར་ཏེ། ཇི་སྐད་བསྟན་པ་བཞིན་དུ་ཁྲག་སར་པ་དང་ཤ་སར་པ་གནོད་པ་མེད་པ་སྦྱིན་པར་བྱའོ། །རྒྱལ་པོའི་ཕོ་བྲང་འདི་ན་བདག་ནི་ཐམས་ཅད་ཀྱི་ནང་ན་གཞོན་ཅིང་ཆུང་སྟེ་ལུས་དང་ངག་དང་
ཡིད་ཀྱི་ལས་ཀྱི་མཐའ་ཉོན་མོངས་པ་མེད་པས་ཉོན་མོངས་པ་མེད་པའི་ཡེ་ཤེས་བཙལ་བར་བྱ་བའི་ཕྱིར་ཞེས་བྱ་བས་ནི་ཕྱི་དང་ནང་གི་དངོས་པོ་ཉོན་མོངས་པ་ཅན་མེད་པར་བསྟན་པ་ཡིན་ནོ། །ཉོན་མོངས་པ་མེད་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །འདི་ཞེས་བྱ་བ་ནི་གང་
གི་དོན་དུ་བདག་ཐམས་ཅད་དུ་ཐམས་ཅད་ལ་ཞུགས་པ་འདི་ཞེས་བྱ་བའོ། །ཆོས་སྨྲ་བ་ཀུན་ནས་ཉོན་མོངས་པ་མེད་པ་ལ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པ་ལ། རང་གི་ལུས་ལས་ཁྲག་དང་ཤ་ཉེ་བར་ཕུལ་ཏེ་དགེ་སློང་འདི་ནད་འདི་ལས་གསོ་བར་བྱའོ། །
Vol. 117 · folio 118b
ཞེས་ངེས་པར་བྱས་ནས་རང་གི་གནས་སུ་སོང་ནས་མཚོན་རྣོན་པོ་ཐོགས་ཏེ། ཆོས་ལ་ཞུགས་པའི་ཡིད་ཀྱིས་བདག་གི་བརླ་ལས་ཤ་བཅད་ནས་རོ་སྣ་ཚོགས་དང་ལྡན་པའི་གྱ་ནོམ་པར་གཡོས་བྱས་ནས་ཁྲག་ཀྱང་སྣོད་དུ་བཟུང་ནས་སློབ་དཔོན་དེའི་དྲུང་དུ་སོང་སྟེ། རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་
མདུན་དུ་འདུག་ནས། ཁྲག་གིས་འབྲུམ་བུ་མེ་དབལ་ནག་པོ་དེ་ལ་བྱུགས་སོ། །གཡོས་ལེགས་པར་བྱས་པའི་ཟས་དེ་དག་དགེ་སློང་དེ་ཟར་བཅུག་སྟེ་ཚིམ་པར་བྱས་ཤིང་ལེགས་པར་བསྟབས་སོ། །ཇི་ལྟར་བདེ་བར་བྱས་ཏེ། ཇི་ལྟར་འདོད་པ་བཞིན་དུ་གཟུང་བར་བྱས་སོ། །དེ་ནས་
དགེ་སློང་དེ་མི་ཤེས་མ་རིག་མི་དོགས་པས་ཟས་དེ་ཟོས་སོ་ཞེས་བྱ་བ་ནི་རྒྱལ་པོའི་སྲས་མོའི་ཤ་ཆེན་ཡིན་ནོ་ཞེས་བྱ་བའི་ཡིད་གཉིས་དང་རྟོག་པ་མེད་པའོ། །ཟས་དེ་ཟོས་མ་ཐག་ཏུ་དགེ་སློང་དེའི་ན་ཚ་ཐམས་ཅད་མེད་པར་གྱུར་ཏེ། ནད་དེ་ཐམས་ཅད་ཀྱང་སོས་སོ། །དེ་ནས་ནད་དང་གནོད་
པ་དེ་དང་བྲལ་ནས་དེ་ལྟ་བུའི་ཆོས་བསྟན་ཏེ། བཙུན་མོའི་འཁོར་དེ་དང་གྲོང་ཁྱེར་པའི་སྐྱེ་བོ་འདུས་པ་དེ་དག་ལས་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བའོ། །དེ་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱིས་བདག་གི་བུ་མོ་ལ་
ཚིགས་སུ་བཅད་པ་འདི་དག་གིས་དྲིས་སོ། །བུ་མོ་ཁྱོད་ཀྱིས་ཁྲག་འདི་གང་ནས་རྙེད། །ཅེས་བྱ་བ་ལ་སོགས་པ་ལ། བུ་མོ་ཁྱོད་ཀྱིས་ཁྲག་འདི་གང་ནས་རྙེད་དེ་བསད་པ་ཡིན་ནམ། རང་ཤི་བ་ཡིན་ནམ། རང་ཤི་ན་ཡང་ཁྲག་ཀྱང་ཡོད་པར་མི་འགྱུར་ལ། ཤ་སར་པར་ཡང་མི་འགྱུར་
རོ། །རྨི་ལམ་དུ་ཡང་གནོད་པ་མེད་པའི་ཁྲག་དང་ཤས་བསྐུས་ཤིང་ཟོས་ན་སོས་པར་འགྱུར་ཞེས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་བློས་དྲིས་པའོ། །ཡབ་ཀྱིས་བཀའ་སྩལ་པའི་རྗེས་ཐོགས་སུ། བདག་ནི་ཅི་མཆི་ཡབ་ཁྱོད་གསན་དུ་གསོལ། །ཞེས་བྱ་བ་ལ་སོགས་པ་ལ། རང་གིས་
མཐོང་བའི་རྨི་ལམ་ཟློས་པ་ལ་སོགས་པས་ཡབ་ལ་གོ་བར་བྱེད་པ་བདག་ཉིད་ཀྱི་རྩོལ་བས་རང་གི་ལུས་ཀྱི་ཁྲག་དང་ཤ་སྦྱིན་པ་སྨྲ་བར་བྱེད་དོ། །བདག་ཉིད་ཀྱི་བརླ་ལས་ཤ་བཅད་ནས་གཡོས་སུ་བྱས་ཏེ་ཆོས་སྨྲ་བ་ལ་བྱིན་ནོ། །བདག་ཉིད་ཀྱི་ཁྲག་གིས་ཀྱང་འབྲུམ་བུའི་ནད་ལ་རབ་ཏུ་བསྐུ་བ་
Vol. 117 · folio 119a
བྱས་ནས་ཆོས་སྨྲ་བའི་དགེ་སློང་ནད་ལས་ཐར་བར་གྱུར་ཏོ་ཞེས་བྱ་བའོ། །རྒྱལ་པོས་རང་གི་སྲས་མོ་ལ་བརྩེ་བས་ཁྱོད་རང་ཉིད་ཀྱིས་ཤ་བཅད་པ་ན་སྡུག་བསྔལ་ཇི་ལྟ་བུ་མྱོང་བར་གྱུར་ཞེས་དྲིས་པ་དང་། བུ་མོ་ཡེ་ཤེས་ལྡན་གྱིས་ཡབ་ལ་སྨྲས་པ། ས་བདག་མིའི་
རྒྱལ་པོ་གསོན་ལ་ཚུལ་བཞིན་དུ་སྒྲུབ་པ་མཛོད་ཅིག་ཅེས་བྱ་བར། ལས་ཀྱི་རྣམ་སྨིན་བསམ་ཡས་དེ་འདྲ་བས། །ཞེས་བྱ་བ་ལ་སོགས་པ་ལ། སྡིག་པའི་ལས་ཀྱིས་སེམས་ཅན་རྣམས་དམྱལ་བར་ལྟུང་བར་འགྱུར་རོ། །དེར་ཤ་མེད་པར་གྱུར་ནས་ཡང་ལས་ཀྱི་དབང་གིས་ཤ་དེ་སླར་
འབྱུང་བར་འགྱུར་ཡང་དེ་དགེ་བའི་ལས་ཀྱིས་ནི་མ་ཡིན་ནོ། །ཅི་སྟེ་ལྷག་པའི་བསམ་པས་བླ་ན་མེད་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་ལུས་བཅད་ཅིང་བྱིན་ཡང་བདག་ལ་ཚོར་བ་མི་བདེ་བ་མེད་དོ། །བདག་ཆོས་ཀྱི་དགའ་བ་ལ་གནས་པས་སྒྲོ་བཏགས་པས་བྱས་པའི་སྡུག་བསྔལ་
གྱི་ཚོར་བ་རིང་དུ་སྤངས་པར་གྱུར་ཏོ། །ཤ་བཅད་བདག་ལ་ན་ཚ་མ་མཆིས་ཏེ། །ཁྲག་ཕྱུང་བདག་ལ་གཡོ་བ་ཡོད་མ་མཆིས། །ཞེས་བྱ་བ་ལ་སོགས་པ་ལ། བདག་ལས་ཁྲག་ཕྱུང་བ་ན་སེམས་གཡོ་ཞིང་འགྱུར་བའི་མཚན་མ་བདག་ལ་མེད་དོ། །བདག་གིས་ཆོས་ཉིད་ཇི་ལྟར་ཐོས་
པ་དེ་ལྟ་བུའི་ཆོས་ཀྱི་སྐུ་ལ་རྨ་ཡང་མེད་ལ། བཅད་པ་ཡང་མེད། ཤ་ཡང་མེད། ཁྲག་ཀྱང་མེད་པ་དེ་ལྟ་བུ་གལ་ཏེ་རིག་པར་གྱུར་ན་ལུས་ཐམས་ཅད་བཅད་ཅིང་དུམ་བུར་བྱས་པ་དེ་ལྟ་ན་ཡང་ཆོས་ལ་དགའ་བས་དེ་དག་བགྲང་བ་ཙམ་དུ་ཡང་མི་ཤེས་སོ། །བདག་གི་ཤ་དང་ཁྲག་
ཆོས་སྨྲ་བ་ལ་བྱིན་པ་ལ་བདག་གི་ལུས་ལ་རྨ་ཡང་མེད་ལ་སྡུག་བསྔལ་ཡང་མེད་དེ། སྐད་ཅིག་དེ་ལ་ཆོས་ཉིད་ལ་མོས་པའི་སྟོབས་ཀྱིས། བདག་གི་སྔོན་གྱི་ལུས་ཇི་ལྟ་བ་དེ་ལྟ་བུའི་ལུས་སུ་གྱུར་ཏོ། །ཡབ་གཅིག་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །ཞེས་བྱ་བ་ལ་སོགས་པས། ཆོས་
སྨྲ་བ་རྙེད་དཀའ་བར་བསྟན་ཏོ། །འཇིག་རྟེན་དུ་ཨུ་དུམ་ཝཱ་རའི་མེ་ཏོག་བརྒྱ་ལམ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འཛམ་བུའི་གླིང་འདིར་ཡང་ཆོས་སྨྲ་བ་ཆོས་ཆེན་པོ་ཡང་རྙེད་པར་དཀའ་སྟེ། འཇིག་རྟེན་གྱི་ཁམས་སྙིགས་མ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་འཛམ་བུ་ཆུ་བོའི་གསེར་
Vol. 117 · folio 119b
འབར་བ། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་འཛམ་བུའི་ཆུ་ཀླུང་གི་གསེར་མཐོང་ཡང་ངོམས་པ་མེད་པ་དེ་བཞིན་དུ་ཆོས་སྨྲ་བའི་དགེ་སློང་མཐོང་བས་ཀྱང་ངོམས་པར་མི་འགྱུར་རོ་ཞེས་བྱ་བས་ནི་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་བསྟན་ཏོ། །སྐྱེ་བོ་སྐོམ་པ་དང་བའི་ཆུ་
འཐུངས་ནས། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཆུ་གཙང་ཞིང་དང་ལ་གྲང་བ་སྐོམ་གྱིས་གདུངས་པས་འཐུངས་ན་སྐོམ་པའི་གདུང་བ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ཆོས་སྨྲ་བའི་དགེ་སློང་ལས་ཆོས་ཀྱི་བདུད་རྩི་འཁོར་བའི་སེམས་ཅན་སྐོམ་གྱིས་གདུངས་པས་འཐུངས་
ན་འཁོར་བའི་སྲེད་པའི་གདུང་བ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ཆོས་སྨྲ་བ་ཡོན་ཏན་དཔག་ཏུ་མེད་པའི་ཕུང་པོར་གྱུར་པ་ལ། ཤ་དང་ཁྲག་ལ་སོགས་པ་གང་བྱིན་པ་ནི། བདག་གིས་ཤ་དང་ཁྲག་བཏང་བ་ལེགས་པར་བཏང་བ་ཡིན་ནོ་ཞེས་བྱ་བས་བདག་གིས་ཤ་དང་ཁྲག་
བཏང་བ་ནི་གནས་སུ་བཏང་བ་ཡིན་ཏེ། ཆོས་སྨྲ་བའི་ནད་རབ་ཏུ་ཞི་བར་བྱེད་པའི་སྨན་སྦྱིན་པ་བྱས་པ་ནི་སངས་རྒྱས་ཀྱིས་གསུངས་པ་བཞིན་བྱས་པའི་ཕྱིར་རོ། །སྦྱིན་པ་དེ་ཡོངས་སུ་བསྔོ་བ་ཉེ་བར་རྩོམ་པར་བྱེད་དོ། །མང་དུ་ཐོས་ཤིང་སྤྱོད་དང་ལྡན་པ་སྟེ། །ཞེས་བྱ་བ་ལ་སོགས་པ་
ལ་ཐོས་པ་དང་། ཚུལ་ཁྲིམས་དང་། གཏོང་བ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཏིང་ངེ་འཛིན་འདི་འཛིན་པའི་ནད་གསོ་བར་བྱ་བའི་ཕྱིར་བདག་གི་ཤ་དང་། ཁྲག་བཏང་བའི་བསོད་ནམས་ཀྱིས་འདི་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཇི་སྙེད་མངའ་བ་
བདག་གིས་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱ་བའོ། །ཇི་ལྟར་ཙན་དན་ལ་སོགས་པའི་དྲི་ཀུན་དུ་ལྡང་བ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡིད་འཕྲོག་པའི་དྲི་ལྡང་བ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་འཇིག་པ་བཅོས་པའི་བསོད་ནམས་དཔག་ཏུ་མེད་པ་
འཐོབ་པ་བཞིན་དུ་འགྲོ་བའི་ཆོས་ཀྱི་སྐུའི་མཆོད་རྟེན་འཇིག་པ་ཡང་དག་པར་བསྲུངས་པའི་བསོད་ནམས་ཀྱང་དཔག་ཏུ་མེད་དོ་ཞེས་བྱ་བའོ། །བདག་ལ་ཕྱིར་ཡང་ལོག་ལྟུང་འཇིགས་མ་མཆིས། །ཞེས་བྱ་བ་ལ་སོགས་པ་ནི་ངན་འགྲོར་འགྲོ་བ་དང་། མི་ཁོམ་པར་སྐྱེ་བ་དང་། བུད་མེད་
Vol. 117 · folio 120a
ཀྱི་དངོས་པོར་མི་འགྱུར་རོ་ཞེས་བྱ་བའོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བའི་དོན་ནི་གོ་བར་ཟད་དོ། །གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་
རྒྱས་ཀྱི་ཞིང་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བ་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་ལ་གཞན་ཞིག་གིས་སོར་མོའི་རྩེ་མོ་ཙམ་ཞིག་ཆོས་ཀྱི་ཕྱིར་བཏང་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་འབྱུང་བར་འགྱུར་རོ། །བུ་མོ་དེ་ནི་འདི་ནས་ཤི་འཕོས་ནས་ཞེས་བྱ་བ་
ནི་འཆི་བའི་དུས་བྱས་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་བར་འགྱུར་ཞིང་དེ་དག་ལས་ཆོས་ཀྱང་ཐོས་ལ་ཐམས་ཅད་དུ་རབ་ཏུ་བྱུང་ནས་ཚངས་པར་སྤྱོད་པར་འགྱུར་རོ། །མར་མེ་མཛད་པ་དེ་བཞིན་གཤེགས་པ་ཡི། །ཞེས་བྱ་བ་ལ་
སོགས་པ་ལ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དེ་བུད་མེད་ཀྱི་དངོས་པོ་སྤངས་ནས་ཆོས་སྨྲ་བ་ཆེན་པོར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཡེ་ཤེས་སྟོབས་ནི་བྱམས་པ་ཡིན་ནོ། །དགེ་སློང་ཆོས་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་མར་མེ་མཛད་དུ་གྱུར་པ་
ཡིན་ནོ། །དེའི་ཚེ་རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ཞེས་བྱ་བ་ནི་ང་ཡིན་ནོ། །རྨི་ལམ་སྟོན་པའི་ལྷ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པར་གྱུར་ཏོ། །གང་དག་དགེ་སློང་ཆོས་སྨྲ་བ་ན་བ་མཐོང་ནས་མཆི་མ་ཕྱུང་བ་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་
དག་རྟག་ཏུ་མིག་ཀྱང་ན་བ་མེད། །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་གཤེགས་པའི་མཛོད་ཀྱང་གཟུང་ནས་ནི། །ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་འདི་འཛིན་པའི་ཡོན་ཏན་བསྟན་པ་ཡིན་ནོ། །སངས་རྒྱས་བྱེ་བ་སྟོང་དག་མཐོང་བར་འགྱུར། །ཞེས་བྱ་བ་ལ་སོགས་
པ་ལ། དེ་ལྟ་བས་ན་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འདོད་པས་ཆོས་སྨྲ་བའི་དགེ་སློང་ན་བ་ལ་ཉེ་བར་སྤྱོད་པས་བསྙེན་བཀུར་བྱའོ་ཞེས་བྱ་བ་ཡིན་ནོ། །རང་གི་ཤ་ནི་ཁྲག་དང་བཅས་པ་དང་། །སངས་རྒྱས་ཐོབ་ཕྱིར་སྙིང་རྗེས་བཏང་བྱས་པས། །ཆོས་སྨྲའི་དགེ་སློང་ནད་ལས་ཐར་བྱས་པའི། །
Vol. 117 · folio 120b
ཡེ་ཤེས་ལྡན་དེ་བཅོམ་ལྡན་ཐུབ་དབང་ཡིན། །ཡེ་ཤེས་ལྡན་གྱི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའི་འགྲེལ་པ་རྫོགས་སོ།། །།མེ་ཏོག་ཟླ་མཛེས་ཀྱི་སྤྱོད་པའི་གཏམ་རྒྱུད་སྐབས་ཀྱི་དང་པོའི་རྩོམ་པ་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། རྒྱུ་གང་ལགས། རྐྱེན་གང་ལགས་ཞེས་བྱ་བ་ནི། ཉེ་བར་ལེན་པའི་རྒྱུ་ནི་ཅི་ལགས། ལྷན་ཅིག་སྐྱེས་པའི་རྒྱུ་ནི་གང་ལགས་ཞེས་ཞུས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འགའ་ཞིག་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་དང་། མིག་དབྱུང་བ་དང་། མགོ་བཅད་པ་དང་། ཡན་ལག་དང་
ཉིང་ལག་བཅད་པ་ལ་སོགས་པ་མྱོང་བ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་པ་གཞན་དང་གཞན་དག་ཀྱང་ཉམས་སུ་མྱོང་ཡང་སྡུག་བསྔལ་ཉམས་སུ་མྱོང་བས་སྐྱོ་བར་ཡང་མི་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་མི་ཉམས་པ་ལགས་ཞེས་ཀུན་དགའ་བོས་ཞུས་པའི་ལན་
བཀའ་སྩལ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་སྔོན་སྡུག་བསྔལ་ཇི་སྙེད་མྱོང་བར་གྱུར་པ་ཁྱོད་ཀྱིས་ཤེས་ཤིང་དེ་དག་དྲན་ནས་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་སྒྲུབ་པ་ན་ངས་
སྡུག་བསྔལ་གང་དག་ཉམས་སུ་མྱོང་བ་དེ་དག་ཁྱོད་ཉིད་ཀྱིས་རབ་ཏུ་ཤེས་བཞིན་དུ་དེ་དག་ཁྱོད་ཀྱིས་མི་དྲན་ནམ་ཅིའི་ཕྱིར་ཡང་དེ་བཞིན་གཤེགས་པ་ལ་དེ་དག་འདྲི་བར་སེམས། ཁྱོད་ཀྱིས་ལན་གདབ་པར་འོས་སོ་ཞེས་དགོངས་པའོ། །ཀུན་དགའ་བོས་ལན་བཏབ་པར་གྱུར་ན་
གདུལ་བྱ་རྣམས་གུས་པར་མི་འགྱུར་རོ་ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་ལན་གདབ་པར་བྱ་བའི་ཕྱིར། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ལ་སྐྱེས་བུ་ལ་ལ་ཞིག་རྐང་པ་ནས་སྤྱི་བོའི་བར་དུ་འབར་བར་གྱུར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་
དེ་ལ་སྐྱེས་བུ་ལ་ལ་ཞིག་དེར་ཉེ་བར་འོངས་ཏེ། འདི་སྐད་དུ། ཀྱེ་སྐྱེས་བུ་ཚུར་ཤོག །ལུས་ལས་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིག །ཅེས་བྱ་བ་ལ་སོགས་པ་ལ། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལུས་ལས་མེ་
Vol. 117 · folio 121a
འབར་བ་དེ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་གྱུར་ཏེ། རྩེ་བ་དང་། དགའ་བ་དང་། ཡོངས་སུ་སྤྱོད་པར་བྱེད་དམ། དེ་ལྟ་བུ་ནི་འབྱུང་ཡང་སྲིད་ཀྱི་དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ངན་
སོང་གསུམ་གྱིས་སྡུག་བསྔལ་བར་གྱུར་ཅིང་། མི་ཡིན་ཡང་དབུལ་བ་དག་མཐོང་ནས་ཡིད་བདེ་བའམ་སེམས་དགའ་བ་དག་མ་བྱུང་ངོ་། །ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཚུལ་ཁྲིམས་མ་
ཉམས་པ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ། ཚུལ་ཁྲིམས་མ་ཉམས་པ་ཞེས་བྱ་བ་ནི་བསྟེན་པའི་ཚིག་ཡིན་ཏེ། ཉོན་མོངས་པས་རལ་བ་མེད་པས་ཚུལ་ཁྲིམས་མ་རལ་བའོ། །ཚུལ་ཁྲིམས་མ་ཞིག་པ་ནི་དྲི་མ་ཕྲ་མོས་དྲི་མ་ཅན་དུ་བྱས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ། །ཚུལ་
ཁྲིམས་འདྲེན་མ་མ་ཡིན་པ་ནི་བར་བར་དུ་ཚུལ་ཁྲིམས་མེད་པས་འདྲེས་པ་མ་ཡིན་པའོ། །ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མ་ཡིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མེད་པ་ཉིད་དོ། །ཚུལ་ཁྲིམས་མ་གཡོས་པ་ནི་ལྟ་བ་གཞན་ལ་འཇུག་པའི་བསམ་པ་མེད་པ་ཉིད་
དོ། །ཚུལ་ཁྲིམས་མ་བརླངས་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཐམས་ཅད་ཉམས་པ་མེད་པ་ཉིད་དོ། །ཚུལ་ཁྲིམས་མ་འཁྲུགས་པ་ནི་བདུད་ལ་སོགས་པ་གཞན་ཕ་རོལ་པོ་གཞན་དག་གིས་འཁྲུགས་པ་སྟེ་གཞན་དུ་བསྒྱུར་དུ་མི་ནུས་པ་ཉིད་དོ། །ཚུལ་ཁྲིམས་མི་ཡང་བ་ནི་བརྩོན་འགྲུས་
ཀྱི་སྟོབས་ཀྱིས་གོམས་པར་བྱས་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་དང་། ཟབ་མོའི་ཆོས་ལ་བཟོད་པ་ཡོངས་སུ་བསྒོམས་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་གཞན་ལ་མི་སྟོན་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པའི་གཉེན་པོའི་བདག་མེད་པ་བསྒོམས་པའི་ཚུལ་
ཁྲིམས་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་མི་སླུ་བ་ནི་འབྲས་བུ་སླུ་བ་མེད་པའི་ཕྱིར་དང་། ལྷ་དང་མི་དང་བཅས་པའི་འཇིག་རྟེན་སླུ་བ་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་དྲང་བ་ནི་བསམ་པ་ལ་གཡོ་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་དམ་བཅས་པ་བཞིན་དུ་བྱེད་པ་ནི་དམ་པའི་དོན་
Vol. 117 · folio 121b
རྫོགས་པར་བྱེད་པ་ཉིད་དོ། །ཚུལ་ཁྲིམས་སེམས་ཅན་རྣམས་ལ་ཕན་འདོགས་པ་ནི་གཞན་གྱི་དོན་བྱེད་པའི་ངོ་བོ་སྟེ། དེ་ལྟ་བུའི་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་ནི་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་དཔག་ཏུ་མེད་པ་ལ་སྤྱོད་པའི་ཚེ་ལག་པ་དང་། རྐང་པ་ལ་སོགས་
པ་བཅད་པར་བགྲང་བ་མེད་དེ། ཆོས་ཉིད་ལ་སོ་སོར་རྟོགས་པར་བྱེད་པའི་ཕྱིར་རོ། །ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱང་ཉམས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་ལྟ་
བས་ན་ཆོས་ཟབ་མོ་བསྒོམ་པ་ཡིད་ལ་བྱེད་པ་ལ་གནས་པར་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བ་གནས་སྐབས་ཐམས་ཅད་དུ་ཡོངས་སུ་གཏང་བར་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཉིད་བསྟན་པའི་ཕྱིར་འདས་པའི་དུས་ན་
དེ་བཞིན་གཤེགས་པ་རིན་པོ་ཆེའི་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུར་ཇི་སྐད་གསུངས་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ནས་མྱ་ངན་ལས་འདས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་
པའི་དམ་པའི་ཆོས་རབ་ཏུ་འཇིག་པར་གྱུར་པའི་དུས་ཀྱི་ཚེ་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་ཕོ་བྲང་འཁོར་རིན་ཆེན་ལྡན་ཞེས་བྱ་བ་ཡངས་ཤིང་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་འཇིགས་པ་ཆེན་པོའི་དུས་ཀྱི་ཚེ་ལོག་པར་ལྟ་བ་མུ་སྟེགས་ཀྱི་གསང་སྔགས་ཡོངས་
སུ་ཚོལ་བས་རྣམ་པར་གཡེངས་པས་མུན་པར་གྱུར་པའི་ཚེ་དེ་ལྟར་གྱུར་པས་འདི་ལྟ་བུའི་མདོ་སྡེ་སྐྱེ་བོ་མང་པོས་སྤངས་པར་གྱུར་ཏོ། །དེ་ལྟར་གྱུར་པས་བྱང་ཆུབ་སེམས་དཔའ་བདུན་སྟོང་ཟབ་མོའི་ཆོས་རབ་ཏུ་སྟོན་པར་བྱེད་པ་རྣམས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་
དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་ནས་བསྐྲད་ནས་དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང་ལྷན་ཅིག་ཀུན་དུ་བཟང་པོ་ཞེས་བྱ་བའི་ནགས་ཁྲོད་དེར་བརྟེན་ཅིང་གནས་ཏེ། དགེ་སློང་དེ་དག་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །ནགས་ཁྲོད་དེ་ཡང་དུས་ཐམས་ཅད་དུ་སྣང་
Vol. 117 · folio 122a
བའི་མེ་ཏོག་སྣ་ཚོགས་དང་། འབྲས་བུས་བརྒྱན་པ་ཡིད་དང་རྗེས་སུ་མཐུན་པ། ཤིང་སྣ་ཚོགས་ཀྱིས་གང་ཞིང་ཁ་དོག་སྣ་ཚོགས་པ་དང་། སྔོན་པོ་དང་། སེར་པོ་དང་། རེག་ན་བདེ་བའི་རྩྭ་སྣ་ཚོགས་དང་མྱུ་གུས་བརྒྱན་པ་སའི་ནང་ནས་འཐོན་ཏེ། བྲག་དང་རྡོ་
བ་སྣ་ཚོགས་ཀྱི་ཕུག་ཡངས་ཤིང་མཐོ་ལ་རིན་པོ་ཆེའི་རི་དག་གིས་མཛེས་པར་བརྒྱན་པ་ཤིན་ཏུ་ཡིད་དུ་འོང་ཞིང་ཆུ་ལས་སྐྱེས་པའི་མེ་ཏོག་པདྨ་དང་། ཨུཏྤ་ལ་སྔོན་པོ་ལ་སོགས་པས་ཆུ་དྲི་མ་མེད་པས་བརྒྱན་པ། སངས་རྒྱས་དཔག་ཏུ་མེད་པ་བཞུགས་པ། དྲང་སྲོང་གི་ཚོགས་
དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། དྲི་ཟ་དང་། མི་འམ་ཅི་གནས་པ། བསམ་གཏན་དང་རྗེས་སུ་མཐུན་པ་ཀ་ལ་པིངྐ་དང་། ཁུ་བྱུག་དང་། རྨ་བྱ་དང་། ནེ་ཙོ་དང་། ཤ་རི་ཀ་དང་། ངང་པ་རྣམས་ཀྱི་སྒྲས་རབ་ཏུ་གང་བ། སུམ་ཅུ་རྩ་གསུམ་གྱི་དགའ་བའི་ཚལ་
བཞིན་དུ་ཤིན་ཏུ་ཡིད་དུ་འོང་བ། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་ནགས་ཁྲོད་ཆེན་པོ་ཀུན་དུ་བཟང་པོ་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་རྣམ་པ་བཞིས་རྣལ་འབྱོར་ལ་རྗེས་སུ་བརྩོན་པས་གནས་པར་གྱུར་ཏོ། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་གཅིག་པུ་དབེན་
པར་སོང་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་བའི་ལྷའི་མིག་གིས་བལྟས་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་འདིར་སྐྱེས་སོ། །གལ་ཏེ་དེ་དག་གིས་གཟུངས་
ཀྱི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་རྙེད་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ལ། གལ་ཏེ་མཉན་པ་མ་རྙེད་ན་ནི་ཕྱིར་ལྡོག་པར་འགྱུར་བ་དག་མཐོང་ངོ་། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་
སེམས་དཔའི་དགེ་འདུན་ཆེན་པོ་དེ་དག་ག་ན་བར་སོང་སྟེ། ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁོ་བོ་ནི་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱིས་ཇི་ལྟར་མཐོང་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བསམས་ཏེའོ། །དེ་ནས་བྱང་ཆུབ་སེམས་དཔའི་དགེ་
Vol. 117 · folio 122b
འདུན་ཆེན་པོ་དེ་དག་གིས་དེའི་བསམ་པ་མི་ཤེས་པས་བཟློག་པར་བྱ་བ་ལ་འབད་པའི་ཕྱིར། ཁྱོད་རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་བ་ནི་ཁོ་བོ་ཅག་འདོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་རྒྱུ་བསྟན་པའི་ཕྱིར་ཅིའི་ཕྱིར་ཞེ་ན་ཞེས་དྲིས་པ་དང་། ལྷག་པའི་ང་རྒྱལ་ཅན་མང་
པོ་དག་བྱུང་གིས་དེ་དག་ཚེ་དང་ལྡན་པའི་སྲོག་གཅོད་པར་གྱུར་ན་མ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་དང་ལྡན་པ་ཁྱོད་ནི་ཤིན་ཏུ་མཛེས་ཤིང་བྱད་བཞིན་བཟང་ལ་བལྟ་ན་སྡུག་ཏེ། མཚན་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པ། མིག་དང་ཡིད་འཕྲོག་པ་ཡིན་པས་རྒྱལ་པོ་འམ་
གཞན་དག་ཕྲག་དོག་དང་སེར་སྣའི་དབང་གིས་ཁྱོད་ཀྱི་སྲོག་བཅད་པར་གྱུར་ན་མ་ལེགས་སོ་ཞེས་སྨྲས་སོ། །དེ་སྐད་སྨྲས་པ་དང་། དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁོ་བོས་བདག་ཉིད་བསྲུང་བ་
བྱས་ན་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་མངོན་པར་བསྲུང་བ་དེས་ནི་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་མི་འགྱུར་རོ། །དོན་དེ་དག་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་བསྟན་པར་བྱ་བའི་ཕྱིར། བདག་ཏུ་འདུ་ཤེས་འདི་ལ་གནས་ནས་སུ། །བསྟན་
པ་འདི་ནི་བསྲུང་བར་ཡོང་མི་ནུས། །ཞེས་བྱ་ལ་སོགས་པ་ལ། བདག་འདུ་ཤེས་པ་ལ་གནས་པས་ནི་བསྟན་པ་འདི་བསྲུང་བར་ནུས་པར་མི་འགྱུར་རོ། །གང་གི་ཕྱིར་དེ་བཞིན་གཤེགས་པའི་དམ་པའི་ཆོས་བསྟན་པ་ནི་བརྩོན་འགྲུས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ཏེ། བདག་
ལ་སོགས་པ་ལ་མངོན་པར་ཞེན་པ་དང་། གཟུགས་ལ་སོགས་པའི་ཡོན་ཏན་ལ་ཆགས་པ་སྤངས་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་རྣམས་ཀྱིས་བསྲུང་བར་ནུས་སོ། །དམ་པའི་ཆོས་འཇིག་པར་འགྱུར་བའི་ཚེ་གང་དག་བཏང་སྙོམས་སྒོམ་པར་བྱེད་པ་
གང་ཡིན་པ་དེས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་འགྱུར་རོ། །ཁྱེད་བདེ་རང་གི་དོན་གྱིས་ལ། །ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་བསྲུང་བ་ལ་འབད་པ་གྱིས་ལ་ཁྱེད་རྣམས་བདེ་བར་གནས་པར་གྱིས་ཤིག །དེ་ལྟ་ན་ཡང་དེ་བཞིན་གཤེགས་པས་
Vol. 117 · folio 123a
རབ་ཏུ་བསྔགས་པའི་ཚུལ་ཁྲིམས་བསྲུངས་ན་ནི་བདག་ཉིད་ལེགས་པར་བསྲུངས་པར་འགྱུར་རོ། །ཆོས་མཆོག་རིན་ཆེན་སྦྱིན་པ་སྦྱིན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་འདོམས་པར་བྱེད་དོ། །ཆོས་ཀྱི་སྦྱིན་པ་ནུས་པ་ཇི་ལྟ་བ་བཞིན་དུ་སྦྱིན་པ་
གྱིས་ཤིག །རྟག་ཏུ་བཟོད་པ་བསྒོམ་པར་གྱིས་ཤིག །དགོན་པ་ན་གནས་པ་གཏོང་བར་མི་བྱའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྟག་ཏུ་བརྩོན་འགྲུས་བརྟན་པོས་རྗེས་སུ་སྤྱད་པར་གྱིས་ཤིག་ཅེས་རྗེས་སུ་གདམས་ནས། བདག་ནི་སེམས་ཅན་རྣམས་ཀྱང་བསྐྱབ་པའི་ཕྱིར། །གྲོང་དང་རྒྱལ་
པོའི་ཕོ་བྲང་འགྲོ་བར་བྱ། །ཞེས་བྱ་བ་ལ་སོགས་པའོ། །བློ་གྲོས་ཆེ་འཆང་སེམས་ཅན་དམ་པ་མཆོག །དྲང་སྲོང་དེ་ནི་འགྲོ་བར་བྱས་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཆོས་སྨྲ་བ་དེས་ངེས་པར་ཆས་པར་བྱས་པ་དང་། ཁ་ཅིག་ནི་ངུ་ཞིང་མཆི་མ་འབྱིན་པར་བྱེད། ལ་ལ་སྙིང་རྗེ་རྗེ་
ལྟར་ངུ་བར་བྱེད། ཁ་ཅིག་ནི་རྐང་པ་ལ་འཇུ་ཞིང་འགྲོ་བ་འགོག་པར་བྱེད་དོ། །མཁས་པ་བློ་གྲོས་ཆེན་པོ་མ་བཞུད་པར། །ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་དག་ཀྱང་ཁྱིམ་གྱི་གནས་སྤངས་ཏེ་ནགས་ཚལ་དང་བྲག་དང་རིའི་རྩེ་མོར་གཤེགས་ནས་དགོན་
པ་ལ་བརྟེན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པས་སངས་རྒྱས་ཀྱིས། ཁྱོད་ཀྱང་དེ་བཞིན་དུ་སློབས་ལ་ལམ་དེའི་རྗེས་སུ་འབྲང་བར་གྱིས་ཤིག་ཅེས་བྱ་བས་ནགས་སུ་གནས་པར་སྤྲོ་བ་སྐྱེད་པར་བྱེད་དོ། །ལུས་ནི་ཤིན་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །ཞེས་བྱ་བ་ལ་སོགས་པ་ལ། ཕྲག་
དོག་གི་གཞན་དབང་དུ་གྱུར་པར་སྡིག་པའི་བློ་དང་ལྡན་པ་དག་གནས་མ་ཡིན་པ་ལ་ཁྲོ་བར་འགྱུར་རོ་ཞེས་ཁ་ཅིག་སྨྲའོ། །ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་ཀུན་ནས་བསྡུས་ནས་ཕྱོགས་གཅིག་ཏུ་ལན་བཏབ་པ། ཇི་སྙེད་སྔོན་གྱི་
བདེ་གཤེགས་བྱུང་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། བདེ་བར་གཤེགས་པ་གང་དག་སྔོན་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་རྣམས་ཀྱི་དོན་བྱས་སོ་ཞེས་སེམས་ཅན་གྱི་དོན་མཛད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གནས་ནས་སེམས་ཅན་གྱི་དོན་ལ་
Vol. 117 · folio 123b
གཅིག་ཏུ་གཞོལ་བས་བྱང་ཆུབ་ཐོབ་ནས་ཡང་སེམས་ཅན་གྱི་དོན་ཉིད་ལ་འཇུག་པར་མཛད་པ་ཡིན་ནོ། །དེ་བཞིན་དུ་བདག་ཀྱང་ངེས་པར་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་བློས་ངེས་པར་བྱས་ནས་ལྷུང་བཟེད་དང་། ཆོས་གོས་བླངས་ནས་ལམ་དུ་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །སྤྱད་
པའི་དམ་པ་བྱང་ཆུབ་རྒྱུ་སྤྱད་དེ། །དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་བྱང་ཆུབ་རྒྱུར་སྤྱད་དེ། །ཞེས་པ་བྱང་ཆུབ་ཀྱི་རྒྱུར་སྤྱོད་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཉིད་ལས་བྱུང་བའི་སྐུ། བྱང་ཆུབ་སེམས་
དཔའ་ཆེན་པོ་ཁྲག་ཁྲིག་དེའི་རྗེས་སུ་བསླབས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་འདོད་པ་དེ་དག་ཐམས་ཅད་ཀྱིས་ཆོས་སྨྲ་བ་དེ་ལ་བསྐོར་བ་བྱས་ནས་ངུ་ཞིང་སྐད་ཆེན་པོ་བཏོན་ཏེ་འདུག་གོ། །གཞན་ཁ་ཅིག་ནི་ཤིང་སཱ་ལ་རྩ་བ་ནས་བཅད་པ་བཞིན་དུ་འགྱེལ་ནས་བརྒྱལ་
ལོ། །ལ་ལ་ནི་དྲན་པ་མེད་བཞིན་དུ་སྨྲེ་སྔགས་འདོན་པར་བྱེད་ཀྱང་སེམས་ཅན་གྱི་དོན་ལ་འདོད་པའི་དྲང་སྲོང་དེ་ལོག་པར་མ་གྱུར་ཏོ། །དྲང་སྲོང་ཆོས་གོས་ལྷུང་བཟེད་ཐོགས་ནས་ཆས། །ཇི་ལྟར་སེང་གེ་རལ་པ་ཅན་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་ལ། ཐེ་ཚོམ་ཐམས་ཅད་
བྲལ་ཞིང་སྐྱོན་དང་ཡོན་ཏན་ལ་ངེས་པར་རྟོག་པ་དང་བྲལ་བས་གཅིག་ཏུ་ཆོས་ཉིད་ཀྱི་ངོ་བོ་བསྒོམས་པའི་བློ་ཅན་ནི་བདག་ཉིད་གཅིག་པུ་ནགས་ན་གནས་ཤིང་རང་གི་དོན་ལ་ཆེད་དུ་བྱེད་པར་མ་གྱུར་ལ། སེམས་ཅན་རྣམས་ངན་འགྲོར་ལྷུང་བར་གྱུར་ན་མི་རུང་ངོ་ཞེས་ཤེས་ནས་གྲོང་ཁྱེར་
གྱི་མཆོག་ཏུ་སོང་བར་གྱུར་ཏོ། །དེར་དེ་འོངས་ནས་སྔ་དྲོ་དང་པོ་ལ་སྲོག་ཆགས་ཁྲི་ཕྲག་དགུ་བཅུ་རྩ་དགུ་ཕྱིར་མི་ལྡོག་པ་ལ་བཀོད་དོ། །ད་དུང་རྒྱལ་པོའི་ཕོ་བྲང་དེར་མ་ཕྱིན་ནས་དེ་མཐར་གྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པ་དེར་ཉེ་བར་སོང་སྟེ་ཤིང་པླཀྴ་དང་སཱ་ལའི་དྲུང་དུ་འདུག་གོ་ཞེས་བྱ་བ་
ནི་གནས་ལ་ཞེན་པ་མེད་པར་བསྟན་པའི་ཕྱིར་རོ། །དེའི་ནུབ་མོ་འདས་པ་དང་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པར་གྱུར་ཏེ། ཞུགས་ནས་སྲོག་ཆགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་ལ་བཀོད་ཀྱང་གཅིག་ཏུ་སེམས་ཅན་གྱི་དོན་ལ་བློ་ཞུགས་པ་དེས་ད་
Vol. 117 · folio 124a
དུང་ཟས་ཀྱི་བྱ་བ་མ་བྱས་སོ། །དེ་ཟས་བཅད་པ་དེ་ཅིར་ཡང་མ་བརྩིས་པར་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དེར་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ། །སྔོན་གྱི་དེ་བཞིན་
གཤེགས་པའི་སེན་མོའི་སྐུ་གདུང་གི་ཟ་མ་ཏོག་བཅུག་པའི་མཆོད་རྟེན་སེམས་ཅན་དཔག་ཏུ་མེད་པའི་བསོད་ནམས་ཉེ་བར་བསགས་པའི་ཕྱིར་བཞེངས་པའི་མཆོད་རྟེན་ནི་སེན་མོའི་མཆོད་རྟེན་ཞེས་བྱའོ། །འགྲེང་བཞིན་དུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་རབ་ཏུ་བསྒྲུབས་པའི་སྤྱོད་
ལམ་གྱིས་བཞུགས་པ་བསྟན་ཏོ། །དེ་བཞིན་དུ་ཉི་མ་ལྔ་པའི་བར་དུ་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་དུ་སོང་ནས་བུད་མེད་བརྒྱད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །དེ་བཞིན་དུ་དེ་ཉི་མ་ལྔ་པ་ལ་ཡང་ཟས་བཅད་ནས་རྒྱལ་པོའི་ཕོ་བྲང་དུ་
ཞུགས་ཏེ། རྒྱལ་པོའི་བུ་སྟོང་ཕྱིར་མི་ལྡོག་པ་ལ་བཀོད་དོ། །བུད་མེད་དང་རྒྱལ་པོའི་བུ་གྲངས་བསྟན་པ་ནི་ཕྲག་དོག་གི་གནས་ཡིན་པར་བསྟན་པའི་ཕྱིར་རོ། །དེ་སྔ་དྲོ་བདུན་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་རྒྱལ་པོ་དཔའ་བས་བྱིན་སྐྱེད་མོས་ཚལ་དུ་འགྲོ་བར་
མཐོང་སྟེ། གསེར་གྱི་ཤིང་རྟ་ལ་ངོས་ནི་དངུལ། མདའ་ནི་སྦྲུལ་གྱི་སྙིང་པོའི་ཙན་དན། འཁོར་ལོ་ནི་བཻ་ཌཱུརྱ། གདུགས་དང་རྒྱལ་མཚན་དང་། བ་དན་བསྒྲེང་བ་ཡིད་ལ་འདོད་པ་བཞིན་དུ་འགྲོ་བའི་རྟའི་གཉའ་བར་གཉའ་ཤིང་བཀལ་བ་དེ་བུ་མོ་གཞོན་ནུ་བརྒྱད་བརྒྱས་རིན་པོ་ཆེའི་ཐི་གུས་བཏགས་
ཤིང་འདྲེན་ཏེ་ཞེས་བྱ་བ་ནི་གང་དེ་འདྲེན་པ་དེ་དག་ཀྱང་ཁ་ཐུར་གཉིས་ནས་བཏགས་པའི་རིན་པོ་ཆེ་ཐི་གུའི་སྣ་ནས་སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་ལག་པའི་སོར་མོའི་རྩེ་མོ་ཙམ་དུ་འདྲེན་པར་བྱེད་དོ། །དེ་དག་ཀྱང་། གཞོན་ནུ་མ་རྣམས་མཐོང་བ་ཙམ་གྱིས་འདོད་ལྷའི་མདའ་
ཡིས་ཕོག་པ་བཞིན། །སྲིད་པའི་འཁོར་ལོ་མ་ལུས་འདོད་པའི་འཁོར་ལོར་ཞུགས་པར་གྱུར་པ་ན། །འདོད་པས་མྱོས་ཤིང་མདའ་རྣམས་མྱུར་བ་ཉིད་དུ་ཕྱེ་མར་རློག་བྱེད་པ། །སྔོན་གྱི་ལས་ཀྱིས་རབ་ཏུ་བསྐྱེད་ནས་ཤིང་རྟ་མཆོག་ལ་བཞོན་པར་བྱེད། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་
Vol. 117 · folio 124b
བྱ་བ་ལ་སོགས་པ་ལ། རྒྱལ་པོའི་བུ་མོ་ལྔ་བརྒྱ་ཡང་རིན་པོ་ཆེའི་ཤིང་རྟའི་ནང་དུ་ཞུགས་ནས་མདུན་ཐོག་ཐག་ཏུ་འགྲོ་སྟེ། དེ་དག་གིས་དགེ་སློང་དེ་མཐོང་མ་ཐག་ཏུ་ཕྱིར་མི་ལྡོག་པར་གྱུར་ཏོ། །བཙུན་མོའི་འཁོར་བརྒྱ་སྟོང་དྲུག་ཅུ་རྩ་བརྒྱད་ཀྱང་དེ་བཞིན་དུ་ཕྱིར་མི་ལྡོག་པར་གྱུར་
ཏོ། །རྒྱལ་པོ་དེ་དང་ལྷན་ཅིག་འོངས་པའི་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་ཚུལ་ཇི་ལྟ་བ་བཞིན་དུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །བུ་མོ་དེ་དག་ཀྱང་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བས་ཁྱོགས་དེ་དག་ལ་བབས་ནས་ནོར་བུ་དང་གདུ་བུ་རྣམས་བཀྲོལ་ཏེ།
ཚུལ་དང་མཐུན་པར་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་ཏེ། འདི་དག་རབ་ཏུ་སྣང་བར་བགྱིས། །ཞེས་བྱ་བ་ལ་སོགས་པ་ལ། འཆར་ཀའི་ཉི་མའི་དཀྱིལ་འཁོར་གྱི་འོད་དང་འདྲ་བར་དགེ་སློང་དེ་དེར་བྱོན་པ་ཙམ་གྱིས་སྐྱེ་བོའི་ཚོགས་ཆེན་པོ་མ་ལུས་པ་དེ་དག་ཆོས་ཀྱི་
སྣང་བས་སྣང་བར་བྱས་སོ། །བྱིན་གྱིས་བརླབས་སོ། བྱང་ཆུབ་སེམས་དཔའི་མཐུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྒྱགས་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྲིད་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་པར་མ་གྱུར་ཏོ། །
དགེ་སློང་དེ་བོར་ནས་རྒྱལ་པོ་དཔའ་བས་བྱིན་པ་གང་ཡང་ལྟ་བར་མི་བྱེད་དོ། །ཇི་ལྟར་ཟླ་བ་ཉ་བ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན་དུ་དགེ་སློང་དེ་ལ་རྒྱལ་པོའི་བུ་ལ་སོགས་པ་མ་ལུས་པས་ཡོངས་སུ་བསྐོར་བར་གྱུར་ཏོ། །དེ་བཞིན་དུ་གསེར་གྱི་གཟུགས་ཀྱི་དཔེ་དང་། སཱ་ལའི་
རྒྱལ་པོའི་དཔེ་དང་། བརྒྱ་བྱིན་དང་། ཚངས་པ་དང་། རབ་འཕྲུལ་དང་། འཐབ་བྲལ་གྱི་ལྷའི་བུའི་དཔེས་འཇིག་རྟེན་མ་ལུས་པ་ཟིལ་གྱིས་གནོན་པའི་གཟུགས་ཤིན་ཏུ་མཛེས་པ་བསྟན་ཏོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།
ཤེས་རབ་ཀྱི་སྣང་བས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས་སྣང་བར་བྱས་པས་ཉི་མ་སྟོང་བས་ལྷག་པའི་མདངས་དང་ལྡན་པར་གནས་སོ། །ཆོས་ཀྱི་རྒྱལ་པོ་དབང་བརྙེས་རྣམས་ཀྱི་སྲས་དེ་ལགས། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་
Vol. 117 · folio 125a
སྐྱེས་པའི་སྲས། ཆོས་ཀྱི་སྲས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་མཛད་པ་བྱེད་པ་ཡིན་པར་བསྟན་ཏོ། །དགེ་སློང་ཁྱོད་ནི་མི་རྟག་ནམ་ཡང་མ་གྱུར་ཅིག །ཅེས་བྱ་བ་ནི་མ་འོངས་པའི་དོན་མཚོན་པར་བྱེད་དོ། །ཆོས་འདི་ཇི་ལྟར་ཁྱོད་བདག་ཉིད་ཀྱིས་
རབ་རྟོགས་ཤིང་། །ཞེས་བྱ་བ་ལ་སོགས་པ་ནི་སྨོན་ལམ་འདེབས་པར་བྱེད་པའི་རྒྱུ་གསུངས་པ་ཡིན་ནོ། །ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་ལ་སངས་རྒྱས་ཀྱིས་རྗེས་སུ་སྣང་བའི་སྤྱོད་པ་སྤྱད་པ་བཞིན་དུ་བདག་ཅག་ཀྱང་ཁྱོད་བཞིན་དུ་འཇིག་རྟེན་ཐམས་ཅད་རྗེས་སུ་འཛིན་པར་ནུས་པའི་བུད་
མེད་ཀྱི་དངོས་པོ་ཀུན་སྤངས་ཏེ་སྐྱེས་པའི་ལུས་ཐོབ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གྱུར་ནས་དགེ་སློང་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་ཐལ་མོ་སྦྱར་ནས་གོས་དང་། ཕྲེང་བ་དང་། རྒྱན་དང་། གདུ་བུ་འཕྲ་ཅན་དང་། དཔུང་རྒྱན་དང་། སྐ་རགས་དང་།
རྐང་གདུབ་ལ་སོགས་པ་བཀྲོལ་ནས་རབ་ཏུ་དགའ་བ་སྐྱེས་པས་མཆོད་པའི་དོན་དུ་ཕུལ་ལོ། །དབང་པོ་ཞི་ཞིང་སྟོབས་བཅུ་ལྡན་པ་ཡི། །སངས་རྒྱས་དེས་པ་ཀུན་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཡོན་ཏན་དཔག་ཏུ་མེད་པའི་ཕུང་པོ་དང་ལྡན་
པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དེའི་སྲས་ལ་ཕྱག་འཚལ་ལོ། །གང་གི་ཐུགས་སྲས་འདི་འདྲ་མངའ་བ་ཡི། །སྨན་རྒྱལ་མཚུངས་མེད་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་
སྨྲས་ནས་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པ་བྱས་ནས་རྟོགས་པ་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་དགའ་བའི་སེམས་ཀྱིས་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བས་ནི་ཕྲག་དོག་གིས་ཀུན་ནས་བསླངས་པའི་སེམས་ཀྱི་རྣམ་པར་
རྟོག་པ་བསྟེན་པ་ཡིན་ཏེ། ཀྱེ་མ་བཙུན་མོའི་འཁོར་འདི་དག་ནི་ལོག་པར་ཞུགས་ཏེ་སྐྱེ་བོའི་ཚོགས་ཀྱང་ལོག་པར་གྱུར་ཏོ་སྙམ་ནས། དེ་རྒྱལ་པོའི་སྲིད་ཀྱི་ཕྱིར་ཤིན་ཏུ་དངངས་པར་གྱུར་ཏོ། །བློན་པོ་དང་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱང་ང་བོར་ནས་དགེ་སློང་འདིའི་ཕྱོགས་སུ་སོང་ནས་
Vol. 117 · folio 125b
གནས་སོ་ཞེས་བསམས་ནས་ཤིན་ཏུ་ཡང་འཁྲུགས་པར་གྱུར་ཏོ། །དགེ་སློང་རྒྱལ་པོའི་ལམ་ན་འདུག་པའི་མིག་དུ་རྡུལ་སོང་བ་དང་། རྒྱལ་པོ་དེ་ཡང་བརྟག་པ་མེད་པའི་སེམས་ཀྱིས་དགེ་སློང་འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཏེ་མིག་གིས་ཀྱང་
བརྡ་བྱས་སོ་སྙམ་མོ། །ཅུང་ཞིག་འཛུམ་པའི་མིག་དང་ཆགས་སེམས་ཀྱིས། །ང་ཡི་བཙུན་མོའི་འཁོར་ནི་འདི་དག་ལ། །བལྟས་པ་ཙམ་གྱིས་འདོད་ལྷའི་མདའ་ཡིས་བརྒྱབ། །གསད་བྱ་མིན་ཡང་འདི་ནི་གསད་པར་བྱ། །མི་དབང་དེ་ནི་རང་གི་བུ་རྣམས་བསྒོ། །ང་ཡི་བུ་ཉིད་
བདག་ཡོད་བཀའ་བཞིན་སྒྲུབས། །གདུག་པ་ཅན་གྱིས་དགེ་སློང་འདི་སོད་ལ། །ང་ཡི་ཡིད་བཞིན་འདོད་པའི་དོན་རྣམས་སྒྲུབས། །དེ་ནས་གཞོན་ནུ་དེ་རྒྱལ་པོ་དཔའ་བས་བྱིན་པ་སླར་ལྡོག་གོ། །དགེ་སློང་དེའི་ཕྱིར་དེ་དག་འདི་སྙམ་དུ་སེམས་ཏེ། ཡབ་ཀྱིས་བཀའ་སྩལ་པ། ཐམས་
ཅད་སྒྲུབ་པར་བྱེད་པ་ཡིན་ན་ཡང་དེ་དག་དགེ་བའི་རྩ་བ་བསགས་པ་ཡིན་པའི་ཕྱིར་དེའི་བཀའ་ལས་འདའ་བར་བྱེད་དོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ལ་གསོད་པའི་གཤེད་མ་དགའ་བྱེད་ཅེས་བྱ་བ་གཏུམ་པོ་སྟེ་རབ་ཏུ་དྲག་པའི་ལས་བྱེད་པ། བསམ་པ་མེད་པ་ནི་དྲག་པ་སྟེ་ཞེས་
བྱ་བ་ལ་སོགས་པ་སྟེ། ལས་དང་རྗེས་སུ་མཐུན་པའི་མིང་ངོ་། །དེ་རྒྱལ་པོ་དཔའ་བས་བྱིན་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་གོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་དགའ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ལ་བྱ་དགའ་ཆེར་བྱིན་
ན་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་ནུས་སམ་ཞེས་བྱ་བ་ལ་སོགས་པ་ལ། དགའ་བྱེད་ཀྱིས་སྨྲས་པ། ལྷ་ཤིན་ཏུ་རྔོ་ཐོགས་སོ། །རྒྱལ་པོས་སྨྲས་པ། འོ་ན་ད་རུང་ཅིའི་ཕྱིར་མཚོན་རྣོན་པོ་ཐོགས་ལ་དགེ་སློང་འདིའི་ལག་པ་དང་རྐང་པ་ཆོད་ཅིག །རྣ་བ་དང་སྣ་ཡང་ཆོད་ཅིག །
མིག་ཀྱང་སྐོམ་པས་ཕྱུང་ཤིག །དགའ་བྱེད་ཀྱིས་ཀྱང་དེ་བཞིན་དུ་ཐམས་ཅད་བསྒྲུབ་སོ། །དེ་ནས་དགེ་སློང་དེའི་མགོ་དང་། རྣ་བ་དང་། རྐང་ལག་བཅད་པར་གྱུར་པ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བྱུང་། འོ་མའི་རྒྱུན་ཡང་བྱུང་སྟེ་ཞེས་བྱ་བ་ལ་སོགས་
Vol. 117 · folio 126a
པ་ལ། བསྐལ་པ་མི་ཉུང་བར་གོམས་པར་བྱས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་བསྒྲུབས་པའི་ལུས་ཡིན་པའི་ཕྱིར་བཅད་ཅིང་གཏུབས་པའི་འཕྲོ་ནས་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་འཁོར་ལོ་ལ་སོགས་པའི་
མཚན་སྣང་བ་དང་། འོ་མའི་རྒྱུན་བྱུང་བར་གྱུར་ཏོ། །དེས་ན་འདི་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་གཞན་གྱིས་གནོད་པ་བྱས་པས་ཇི་ལྟར་འཆི་བར་འགྱུར་ཞེས་གཞན་གྱིས་བཅད་དུ་མེད་དེ་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་
རབ་ཏུ་བསྟན་པའི་ཕྱིར་དང་། དེ་ལྟ་བུས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་གཞན་གྱི་དགེ་བ་ཟིལ་གྱིས་མནན་པའི་འཆི་བར་བསྟན་པ་ལ་འགལ་བ་མེད་དོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །དེ་ནས་སྐྱེ་བོའི་ཚོགས་ཆེན་
པོ་དེས་དགེ་སློང་དེ་ལམ་ན་བཅད་གཏུབས་ཤིང་འདུག་པ་མཐོང་ནས་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ངོ་མཚར་དུ་གྱུར་ནས་ངུ་ཞིང་ཆོ་ངེས་བཏབ་སྟེ་སྨྲེ་སྔགས་བཏོན་ནས་ཕྱིར་ཡང་རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་སོང་ངོ་། །དེ་ནས་རྒྱལ་པོ་དཔའ་བས་བྱིན་ཞག་བདུན་འདས་
པ་དང་སྐྱེད་མོས་ཚལ་མཆོག་ན་འདུག་པ་མི་དགའ་མི་བརྩེ་ཡོངས་སུ་མི་སྤྱོད་དེ། དེ་ཞག་བདུན་འདས་ནས་སྐྱེད་མོས་ཚལ་ནས་ལོག་ནས་རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་ཞུགས་པ་དང་། དེས་དགེ་སློང་དེ་རྒྱལ་པོའི་ལམ་དུ་བོར་བ་ཤི་ནས་ཞག་བདུན་ལོན་ཡང་ལུས་ཀྱི་མདོག་
མ་འགྱུར་བ་ཤིན་ཏུ་ཡིད་དུ་འོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དགེ་སློང་འདི་ནི་ཐེ་ཚོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་སྙམ་ནས། བདག་གིས་ཤིན་ཏུ་མི་ཟད་སྡིག་པའི་ལས་བྱས་པས། །བདག་ནི་མྱུར་དུ་དམྱལ་
བའི་སྡུག་བསྔལ་ཚོར་བ་དག །སྟག་ལྟོགས་ཤ་མཐོང་རྒྱུགས་པ་ཇི་བཞིན་དུ། །འགྲོ་ལས་འདིར་ནི་སྐྱོབ་པ་འགའ་མ་མཆིས། །ཞེས་བསམས་པ་དང་། སྟེང་གི་བར་སྣང་ལས་ལྷའི་བུ་བརྒྱད་ཁྲིས་སྒྲ་སྐད་མཐུན་པར་དབྱངས་གཅིག་ཏུ་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་
Vol. 117 · folio 126b
དེ་བཞིན་ཏེ། ཁྱོད་ཇི་ལྟར་སེམས་པ་ལྟར་དགེ་སློང་འདི་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་ཟེར་རོ། །བར་སྣང་ལས་ལྷ་དག་གི་སྒྲ་ཐོས་ནས་དེ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བག་ཚ་ཞིང་སྤུ་ཟིང་ཞེས་བྱེད་དེ་འགྱོད་ཅིང་སྐྱབས་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དཔའ་
བས་བྱིན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་འགྱོད་པར་གྱུར་པས་དེའི་ཚེ་ཆོ་ངེས་བཏབ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་སྲིད་དང་རྒྱལ་པོའི་ཕོ་བྲང་དང་། །ནོར་བུ་རིན་ཆེན་མུ་ཏིག་གསེར་དབྱིག་སྤངས། །རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། ནོར་བུ་དང་། འབྲུ་དང་།
མཛོད་དང་། བང་མཛོད་རྣམས་སྤངས་ལ། རང་ཉིད་དུམ་བུ་དུམ་བུར་བྱས་ལ་འཆི་བར་བྱའོ་ཞེས་ཟེར་ཞིང་གྲོང་ཁྱེར་གྱི་མཆོག་ནས་འབྱུང་བའི་དུས་ཀྱི་ལོ་རྒྱུས་གསལ་བར་བྱེད་ཅིང་དགེ་སློང་མེ་ཏོག་ཟླ་མཛེས་འདིར་བྱུང་བར་ཞེས་བྱ་བ་ལ་སོགས་པ་ལ། ལུས་མཚན་སུམ་ཅུ་
རྩ་གཉིས་ཀྱིས་བརྒྱན་པས་འགྲོ་བ་མ་ལུས་པ་ངེས་པར་སྣང་བར་བྱེད་པ་སྟོན་གྱི་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་ལྟར་ཡོངས་སུ་རྫོགས་ཤིང་མཛེས་པ་གཤེགས་པའི་ཚེ། །འདོད་པའི་ལོངས་སྤྱོད་ངན་པས་བདག་དཀྲུགས་ཏེ། །ཞེས་བྱ་བ་ལ། འདོད་པའི་འདམ་ནི་འཁོར་
བའི་སྡུག་བསྔལ་གྱི་རྒྱུ་ཡིན་པས་ངན་པའོ། །དཀྲུགས་པ་ནི་འདོད་པའི་འདམ་གྱིས་གོས་པ་སྟེ། བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ངེས་པར་འབྱུང་བ་ན་ཤིང་རྟའི་མཆོག་ལ་ཞོན་ཏེ་རྒྱལ་རིགས་ཀྱིས་ཡོངས་སུ་བསྐོར་ཅིང་འགྲོ་བའི་ཚེ། དགེ་སློང་དྲི་མཆོག་
མིག་བཟངས་འདི་ཉིད་དོ། །དྲི་མཆོག་མིག་བཟང་ནི་བའི་རྫི་མ་ལྟ་བུའི་མིག་ཅེས་བྱ་བའི་དོན་ཏོ། །འདིར་བྱོན་དགེ་སློང་དེ་ཡང་མཐོང་ནས་སུ། །བུད་མེད་ཚོགས་རྣམས་རབ་ཏུ་དགར་གྱུར་ཅིག །ཅེས་བྱ་བ་ནི་དགེ་སློང་མཐོང་བས་བུད་མེད་ཀྱི་ཚོགས་རྣམས་རབ་ཏུ་དགའ་བར་
གྱུར་པའོ། །མོས་པ་སྐྱེས་ནས་གསེར་གྱི་ཕྲེང་བ་འཐོར། །ཞེས་བྱ་བ་ནི་གསེར་གྱི་ཕྲེང་བ་རྣམས་མགོ་ལས་ཕུད་ནས་ལག་པ་གཉིས་ཀྱིས་བཟུང་སྟེ་སོར་མོ་བཅུའི་ཐལ་མོ་སྦྱར་བ་བྱས་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་གུས་པ་དང་བཅས་པས་བསྟོད་པས་སྟོད་པར་བྱེད་པའོ། །
Vol. 117 · folio 127a
རྒྱལ་པོ་དེའི་གླུ་དང་རོལ་མོ་ལ་སོགས་པའི་ཅ་ཅོའི་སྒྲ་རྣམས་ཀྱང་རབ་ཏུ་ཞི་བར་གྱུར་ནས་རང་རང་གི་བྱ་བ་རྣམས་བོར་ཏེ་དགེ་སློང་མཐོང་བས་མི་ངོམས་པའི་སེམས་སུ་གྱུར་ཏོ། །ཐམས་ཅད་རང་རང་ཤིང་རྟ་ལ་ཞོན་ནས། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཤིན་ཏུ་གཏུམ་
པའི་སེམས་ཀྱིས་གསོད་དུ་བཏང་། །ཞེས་བྱ་བ་ལ། ཤིན་ཏུ་གཏུམ་པ་ནི་ཤིན་ཏུ་མི་བཟད་པ་སྟེ། དེ་ལ་གཅིག་ཞེན་ཅིང་གཞོལ་བར་གྱུར་ཅེས་བྱ་བའི་དོན་ཏོ། །ཕྱི་དུས་བདག་ནི་ལྷུང་ནས་མནར་མེད་བསྲེག །ཅེས་བྱ་བ་ནི་ལས་དེས་བདག་མནར་མེད་པར་ཚ་བ་ཆེན་པོས་གདུངས་པར་
འགྱུར་ཞིང་ལྷུང་བར་གྱུར་པ་ལ་ཅི་ཞིག་བྱར་ཡོད་ཅེས་བྱ་བའོ། །དགའ་བྱེད་དེ་ནི་རྒྱལ་པོའི་ལམ་འདིར་གནས། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བདག་གིས་བཀའ་བཞིན་དེ་འདྲ་དེས་བགྱིས་ཏེ། །མེ་ཏོག་ཕྲེང་བརྒྱུས་འདྲ་བའི་དགེ་སློང་གཏུབས། །ཞེས་བྱ་
ལ་བཀའ་ནི་བཀའ་སྩལ་པ་བཞིན་དུ་བྱེད་པའོ། །དེ་བྱས་པས་བདག་འདི་ལྟ་བུར་གྱུར་ཏེ་དྲི་མི་ཞིམ་པའི་མཚན་ཉིད་ཅན་དུ་བདག་བྱས་སོ་ཞེས་བསྟན་ཏོ། །ཡང་ན་གསོད་པ་ལ་དགའ་བས་བདག་སྡིག་པའི་ལས་ཅན་དུ་བྱས་པས་ན་དགའ་བྱེད་དོ། །རིན་པོ་ཆེའི་ཕྲེང་བ་ལྟ་བུའི་དྲན་
པ་ལ་གནས་པ་བཅད་པས་ན་སྨད་པའི་ལས་ལ་དགའ་བས་ན་དགའ་བྱེད་དོ། །རྒྱལ་པོ་འདི་འདྲ་བཀའ་བཞིན་བགྱིར་མི་རུང་། །ཞེས་བྱ་བ་ནི་བཀའ་སྩལ་པ་བཞིན་དུ་མི་བགྱིད་དོ་ཞེས་བྱ་བ་དང་སྦྱར་རོ། །ཡང་ན་དགའ་བྱེད་རྒྱལ་པོའི་ལམ་ན་འདུག་པ་ལ་སོད་ཅིག་ཅེས་གསོད་བྱེད་དུ་
ངས་མིང་དུ་བཏགས་པ་བྱས་པ་ཡིན་ནོ། །ངས་བྱས་ཞེས་བྱ་བ་ནི་ངས་བྱས་པ་སྟེ། དེས་མེ་ཏོག་ཕྲེང་བརྒྱུས་འདྲ་བའི་དགེ་སློང་གཏུབས་པ་སྟེ། མེ་ཏོག་སྣ་ཚོགས་བརྒྱུས་པའི་སྐུད་པའི་ཕྲེང་བ་གཏུབས་པ་ནི་བཅད་པའོ། །དེ་བཞིན་དུ་མཚན་ཐམས་ཅད་ཀྱི་མེ་ཏོག་གི་ཕྲེང་བ་ཆོས་སྨྲ་
བ་ཡོན་ཏན་ཆེན་པོ་ཅན་སྐྱོན་མེད་པ་དུམ་བུ་དུམ་བུར་བྱས་སོ་ཞེས་བྱའོ། །ནགས་མཆོག་ཀུན་དུ་བཟང་པོ་དགའ་བ་ན། །ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་ནི་དགེ་སློང་གི་དགེ་འདུན་གྱི་མ་ལྟ་བུར་གྱུར་པ་ཡིན་པས་ཁྱོད་མི་བཞུགས་ན་དེ་དག་མ་དང་བྲལ་བའི་བུ་ཆུང་ངུ་བཞིན་དུ་སྡུག་བསྔལ་བར་
Vol. 117 · folio 127b
འགྱུར་རོ། །དེའི་ཕྱིར་དགེ་སློང་ཁྱོད་བཞེངས་ལ་ནགས་སུ་གནས་པར་མཛོད་ཅིག་ཅེས་བྱ་བ་ནི་ཁྱོད་ལ་འཆི་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གང་གི་དོན་དུ་བྱོན་པ་དེ་ཁྱོད་ཀྱིས་བསྒྲུབས་ལགས་ཀྱིས་པའོ། །དགེ་སློང་ཤིན་ཏུ་སྙིང་རྗེས་ངུ་ཞིང་ཚོལ། །ཞེས་བྱ་བ་ནི་ཀུན་དུ་
བཟང་པོའི་ནགས་ན་གནས་པའི་དགེ་སློང་རྣམས་འོང་བར་འཆི་བས་ཇི་སྲིད་མ་མཆིས་ཀྱི་བར་དུ་ཁྱོད་བཞེངས་ཤིག་ཅེས་བྱ་བའོ། །ལག་པ་གཡས་པས་མེ་ཏོག་རྒྱལ་མཚན་ཐོགས། །ཞེས་བྱ་བ་ལ་སོགས་པ་ལ། གཡོན་པ་དང་གཡས་ཀྱི་ཕྱོགས་ནས་རྣམ་པ་སྣ་ཚོགས་པའི་གདུགས་
དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། གོས་དང་། རྒྱན་ལ་སོགས་པས་ལམ་ཡང་ལེགས་པར་བརྒྱན་ནས་མཆིས་པས་ཆོས་བསྟན་པའི་དོན་དུ་བྱོན་པ་ལགས་པས་བཞེངས་ལ་རྒྱལ་པོའི་ཕོ་བྲང་དུ་གཤེགས་ནས་ཆོས་བསྟན་པ་མཛོད་ཅིག་ཅེས་
གསོལ་བ་འདེབས་པའོ། །ཇི་ལྟར་སྐྱེས་བུ་མཐུ་ཆེན་ལ་ལ་དག །ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རབ་ཏུ་གྲགས་པ་འགའ་ཞིག་སའི་སྟེང་དུ་ལྷུང་བར་གྱུར་ཀྱང་། ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །དེ་བཞིན་དུ་སྐྱོན་ཐམས་ཅད་དང་བྲལ་བ་ཁྱོད་བསད་པར་གྱུར་པས་
ས་ལ་ལྟུང་བར་གྱུར་ཅིང་དུམ་བུ་དུམ་བུར་བཅད་པར་གྱུར་ཀྱང་མཛེས་པར་གནས་སོ། །དགེ་སློང་རབ་ཏུ་སྙིང་རྗེས་ངུ་ཞིང་ཚོལ། །ཞེས་བྱ་བ་ལ་སོགས་པ་ལ། དགེ་སློང་རྣམས་ཀྱིས་ཤི་བ་མཐོང་ན་ཐམས་ཅད་སྡུག་བསྔལ་གྱིས་བཅོམ་པར་འགྱུར་ལ། ཐོས་པས་ཀྱང་མྱ་ངན་གྱི་
ཟུག་རྔུས་ཟུག་པར་འགྱུར་རོ། །ཤིན་ཏུ་ངོ་མཚན་ཆེ་བར་བསྟན་པར་བྱ་བའི་ཕྱིར། །མེ་ཏོག་ཟླ་མཛེས་རི་ཡི་རྒྱལ་པོ་ལྟར། །ཞེས་བྱ་བ་ལ་སོགས་པ་ལ། མཚན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པའི་ཡོན་ཏན་གྱི་ཕྲེང་བ་ཡང་བུད་མེད་ཀྱི་ཚོགས་ཀྱིས་མེ་ཏོག་གི་ཕྲེང་བ་གཏུབས་པ་
བཞིན་དུ་བདག་གིས་དུམ་བུ་དུམ་བུར་བྱས་སོ། །བདག་ནི་སངས་རྒྱས་རྣམས་དང་རིང་བས་རིང་། །ཞེས་བྱ་བ་ནི་བདག་ནི་སྐྱབས་འདོད་པ་ལགས་ན་བུ་ལ་སོགས་པ་རྣམས་ཀྱིས་ནི་སྐྱབས་བྱེད་པར་མི་ནུས་སོ་ཞེས་བྱ་བའོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་
Vol. 117 · folio 128a
བཞིན་གཤེགས་པ་རྡོ་རྗེ་ལྟར་སྲ་ཞིང་བསྟན་པའི་སྐུ་མངའ་བ་དེ་དག་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་སྐུ་མངའ་བ་དེ་དག་ལའོ། །དེར་ནི་དགེ་སློང་དུམ་བུར་བྱས་པ་མཐོང་ནས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ཀྱིས་དགེ་སློང་དེ་དུམ་བུ་དུམ་
བུར་བཅད་པ་མཐོང་ནས་སྙིང་རྗེ་རྗེ་ལྟར་ངུ་ཞིང་ཀུན་དུ་བཟང་པོའི་ནགས་ཚལ་དུ་སོང་ནས་དགེ་སློང་རྣམས་ལ་གོ་བར་བྱེད་པ་ནི། མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདིར་བསད། །ཅེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།
ཤེས་རབ་ལ་སོགས་པའི་རང་བཞིན་གྱི་ཡོན་ཏན་གྱི་བསྔགས་པ་བརྗོད་ཅིང་ངུ་བའི་སྒྲས་ལྷ་དེ་དག་གིས་གོ་བར་བྱས་པ་དང་། ལྷ་ཡི་ཆོ་དེའི་སྙིང་རྗེ་ཐོས་ནས་ནི། །དགེ་སློང་དེ་ཀུན་ཤིན་ཏུ་སྡུག་བསྔལ་གནས། །ཞེས་བྱ་བ་ལ་སོགས་པ་ལ། ངུ་བའི་སྒྲ་ཐོས་ནས་དགེ་སློང་དེ་ཐམས་ཅད་མཆོག་
ཏུ་སྡུག་བསྔལ་བར་གྱུར་ནས་མེ་ཏོག་ཟླ་མཛེས་ལྟ་བའི་ཕྱིར་རྒྱལ་པོའི་ཕོ་བྲང་དུ་ཞུགས་སོ། །ཞུགས་པ་དང་དེ་དུམ་བུ་དུམ་བུར་བྱས་པ་མཐོང་ནས་སྐད་ཆེན་པོ་བཏོན་ནས་ཆོ་ངེས་བཏབ་སྟེ་ངུས་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དགེ་སློང་དགེ་འདུན་རྒྱལ་པོ་དེ་ལ་སྨྲ། །ཞེས་བྱ་བ་ལ་སོགས་པ་
ལ། ལྷ་དགེ་སློང་འདིས་ཉེས་པ་ཅི་ཞིག་བྱས་ཞེས་ཉེས་པའི་རྒྱུ་ཅི་ཞིག་ཡོད་དམ་སྙམ་དུ་དོགས་ནས་དྲིས་པའོ། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཕྱིན་ཅི་ལོག་མེད་པར་བསྟན་པ་ཡིན་ཏེ། སྔོན་གྱི་
གནས་རྗེས་སུ་དྲན་པའི་ཤེས་པའི་བདག་དང་གཞན་གྱིས་སྤྱོད་པ་ཤེས་པ་བརྗེད་པ་མེད་པ་ལ་འཇུག་པའི་ཕྱིར་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པ་རྣམ་པར་ཐར་པ་རྣམས་ལ་ཡང་དངོས་པོར་མངོན་པར་ཞེན་པ་ཡོད་པ་མ་ཡིན་ན་ཕྱི་རོལ་གྱི་དངོས་པོ་རྣམས་
ལ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟ་བའི་བྱམས་པ་དང་ལྡན་ཡང་ཆགས་པས་ལྟ་བ་ནི་མ་ཡིན་ནོ། །འདོད་པའི་ཉེས་དམིགས་བསྟན་པའི་ཕྱིར། འདོད་པ་ངན་ཅིང་བཙོག་ལ་སྡུག་བསྔལ་སྐྱེད། །ཅེས་བྱ་བ་ལ་སོགས་པ་ལ། མཐོ་རིས་ཀྱི་བགེགས་སུ་
Vol. 117 · folio 128b
གྱུར་པ་དང་། དབང་ཕྱུག་ཐམས་ཅད་ཉམས་པར་བྱེད་པ་དང་། ཕ་མ་གསོད་པ་དང་། ཚུལ་ཁྲིམས་མ་ཉམས་པའི་ཚུལ་ཁྲིམས་དུམ་བུ་དུམ་བུར་བྱེད་པའི་རྒྱུ་ནི་འདོད་པ་ཡིན་ཞེས་པའོ། །འདོད་པས་ལྡོངས་པར་གྱུར་ཅིང་འདོད་པའི་དབང་གྱུར་སྐྱེ་བོས་སྡིག་པའི་ལམ་རྣམས་བྱེད། །
འདོད་པ་བསྟེན་པས་རབ་ཏུ་ཉམས་ཤིང་མྱོས་པའི་སྟོབས་ཀྱིས་བྱིས་པ་འདུ་འཛིར་གནས། །འཇིགས་ཤིང་ཤིན་ཏུ་འཇིགས་པར་འཇུག་པའི་ངུ་འབོད་དག་དང་ངུ་འབོད་ཆེན་པོར་འགྲོ། །དེའི་ཕྱིར་ཉེས་པ་མཐའ་ཡས་ཡུལ་གྱུར་འདོད་པ་སྤངས་ལ་དགེ་ལ་འཇུག་པར་གྱིས། །ལུས་ནི་སྒྱུ་མ་གསོག་
དང་འདྲ་བ་དང་། །ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱང་སྒྱུ་མ་ལྟ་བུར་རིག་ཅིང་། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་མཆོག་ལ་སོགས་པ་རྣམས་ལྟོས་པ་མེད་པར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་འདོད་པས་ཡོངས་སུ་གཏང་བར་བྱ་ཞིང་། སྦྱིན་པ་དང་།
ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རབ་ཏུ་བསྒོམས་པའི་སེམས་ཀྱི་རྒྱུད་ཡིན་པའི་ཕྱིར། སྙིང་རྗེ་ཆེན་པོ་དང་ལྡན་པ་འགྲོ་བ་མ་ལུས་པའི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། གྲོང་
ཁྱེར་གྱི་མཆོག་དང་། ཁང་བཟངས་དང་། ཁང་པ་བརྩེགས་མ་དཔག་ཏུ་མེད་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཤིན་ཏུ་ཡིད་དུ་འོང་བའི་ཕྲེང་བས་རྣམ་པར་བརྒྱན་པ། གཞོན་ནུ་མས་ཡོངས་སུ་བསྐོར་བ། དཔེ་མེད་ཅིང་དཔག་ཏུ་མེད་པའི་ཆུང་མ་དང་། བུ་དང་། བུ་མོ་རྣམས་ཀྱང་གཏོང་
བར་བྱེད་དོ། །དགའ་ནས་མཆོད་པ་མཚུངས་པ་མེད་པ་བྱེད། །ཅེས་བྱ་བ་ལ་སོགས་པ་ནི། ཐམས་ཅད་གཏོང་བ་འབའ་ཞིག་མ་ཟད་ཀྱི། །མཆོད་པ་ཐམས་ཅད་ཀྱིས་ཀྱང་མཆོད་པར་བྱེད། །ཅེས་བྱ་བའོ། །འདོད་པའི་ཁམས་རྣམས་དང་ནི་གཟུགས་ཀྱི་ཁམས། །གཟུགས་མེད་ཁམས་ལ་དེ་དག་མི་གནས་
ཏེ། །ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཁམས་གསུམ་ལ་མངོན་པར་ཞེན་པ་དང་། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པའི་འདུ་ཤེས་དང་བྲལ་བ་དངོས་པོ་དང་། དངོས་པོ་མེད་པ་དང་། བདེ་བ་དང་། མི་བདེ་བ་དང་། མཐའ་
Vol. 117 · folio 129a
དང་། མཐའ་མེད་པ་དང་། ཡོད་པ་དང་། མེད་པ་དང་། བུད་མེད་དང་། སྐྱེས་པ་ལ་སོགས་པའི་འདུ་ཤེས་དང་བྲལ་བའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རྒྱགས་པ་དང་། ང་རྒྱལ་དང་། མ་རིག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་
དང་། གཉེན་པོའི་ཕྱོགས་ཀྱི་འདུ་ཤེས་དང་བྲལ་བའོ། །སུ་དག་གཞན་ལས་ཆོས་མཆོག་ཐོས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ངོ་མཚར་དུ་གྱུར་པ་དཔག་ཏུ་མེད་པའི་སྤྱོད་པ་ཐོས་ནས་བློ་དང་ལྡན་པ་རྣམས་ཐེ་ཚོམ་ཟ་བར་ཡང་མི་འགྱུར་རོ། །འབྲུ་མར་གང་བའི་སྣོད་བཞིན་དང་ཞིང་
དག །ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཏིལ་མར་གྱི་སྣོད་ཀྱི་ནང་དུ་ཉེ་བ་ན་གནས་པའི་གཟུགས་བརྙན་འབྱུང་བ་བཞིན་དུ་གཞན་གྱི་སེམས་ཤེས་པ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་དང་། གཅད་པ་དང་། དབུག་པའི་རང་བཞིན་ངེས་པར་རྟོགས་པའི་ཕྱིར་སེམས་ཅན་མ་ལུས་པའི་
དོན་ཡང་དག་པར་རྫོགས་པར་བྱེད་པའོ་ཞེས་བྱ་བའོ། །མཛའ་བ་བྱས་ན་རྗེས་སུ་ཆགས་པ་སྐྱེ། །ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་རྣམ་པར་སྤངས་པ། ཕྱི་དང་ནང་གི་དངོས་པོ་ཡོངས་སུ་གཏོང་བ། སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་བདེ་
བར་གཤེགས་པའི་ཡོན་ཏན་མ་ལུས་པར་འཛིན་པའི་བྱང་ཆུབ་སེམས་དཔར་གྱུར་པ། སྐྱོན་ཐམས་ཅད་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་མཛེས་ཁྱོད་ཀྱིས་ཇི་ལྟར་བསད་ཅེས་བྱ་བ་ཡིན་ནོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་དགེ་སློང་གི་དགེ་འདུན་ལས་མེ་ཏོག་ཟླ་
མཛེས་ཀྱི་ཡོན་ཏན་གྱི་བྱེ་བྲག་རྒྱ་ཆེན་པོར་གྱུར་པ་ཐོས་ནས་ལས་ངན་པ་བྱས་པས་འཇིགས་ཤིང་སྐྲག་ནས་སྡུག་བསྔལ་བར་གྱུར་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ལན་བཏབ་པ། ནགས་ཁྲོད་ཆེན་པོ་ཀུན་དུ་བཟང་པོ་ནི། །ཞེས་བྱ་བ་ལ་སོགས་པ་ལ།
ནགས་ཁྲོད་སྟུག་པོ་ཀུན་དུ་བཟང་པོ་ཞེས་བྱ་བ་ནི་སྔར་བཤད་ཟིན་པས་ཡང་བརྗོད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་ཐུགས་རྗེའི་སྟོབས་ལྡན་དག །ཅེས་བྱ་བ་ལ་སོགས་པ་ལ། མགོན་མེད་པའི་སེམས་ཅན་བསྒྲལ་བར་དམ་བཅས་པ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཁྱེད་ཀྱིས་
Vol. 117 · folio 129b
ཤིན་ཏུ་དྲག་པའི་སྡིག་བགྱིས་པ་བདག་ལ་སྐྱབས་མཛོད་ཅིག་ཅེས་བྱ་བའོ། །དེ་ལྟ་བས་ན་ཀུན་དགའ་བོ་ལུས་དང་སྲོག་ལ་ཡང་མ་ཆགས་པར་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་སྐྱེ་བོ་ལ་ཕན་པའི་དོན་དུ་འཇུག་པའི་རིམ་པ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ལུས་
དང་། སྲོག་ལ་མ་ཆགས་པར་བྱ་བ་དང་། ཆགས་པའི་ཡོན་ཏན་དང་སྐྱོན་ཤེས་ནས་བླང་བ་དང་བཏང་བར་བྱའོ་ཞེས་བྱ་བའི་དོན་ཞུས་པ་དང་། དབྱེ་བ་གསུངས་པ། ལུས་དང་སྲོག་ལ་ཆགས་པ་ནི་མི་དགེ་བའི་ལས་རྣམས་མངོན་པར་འདུ་བྱེད་པར་འགྱུར་རོ། །ལུས་དང་སྲོག་ལ་མ་ཆགས་པ་ནི་
དགེ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་ཞེས་བྱ་བ་ནི་རྒྱལ་པོ་ལ་དགོངས་ནས་བསྟན་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་བྱ་བས་ནི་ཚིགས་སུ་བཅད་པས་དེ་དག་ཉིད་གསལ་བར་མཛད་པ་ཡིན་ནོ། །སེམས་ཅན་གང་དག་ཆགས་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། གང་དག་སྙིང་
པོ་མེད་པའི་ལུས་རྨ་བཞིན་དུ་རྟག་ཏུ་རྣག་འཛག་པ་དང་། སྲོག་ཀྱང་ངེས་པར་གཡོ་བ་ལ་ཆགས་པ་ནི་ཤིན་ཏུ་དྲག་པའི་ལས་བྱས་ནས་འཇིགས་པ་ཆེན་པོ་དང་ལྡན་པའི་དམྱལ་བ་ཐར་བར་དཀའ་བ་ཐོབ་པར་འགྱུར་རོ། །ཡང་གང་དག་དབུ་བའི་གོང་བུ་ལྟ་བུའི་ལུས་དང་ཤིན་ཏུ་མྱུར་བར་
འགྲོ་བའི་སྲོག་ལ་མངོན་པར་ཞེན་པ་མེད་པ་དེ་དག་ནི་རྟག་ཏུ་སྦྱིན་པ་ལ་སོགས་པའི་བསོད་ནམས་ལ་ཞུགས་པ་དེ་དག་དམ་པའི་འགྲོ་བས་འགྲོ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་བཞག་ནས་དབེན་པ་ན་བདེ་བར་གནས་པ་དང་།
དགོན་པ་དང་ནགས་ཁྲོད་ཀྱི་བདེ་བ་སྤངས་ཏེ། གྲོང་ལ་སོགས་པར་གནས་ནས་སེམས་ཅན་རྣམས་ཕྱིར་མི་ལྡོག་པར་འགྱུར་བར་དེ་ལྟར་ཆོས་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་བྱུང་བའི་གཏམ་བསྟན་པའི་ཕྱིར། །ངས་སྔོན་སྤྱད་པ་དག་ནི་སྤྱོད་པ་ན། །དེ་ཚེ་རྒྱལ་པོ་དཔའ་
བས་བྱིན་དུ་གྱུར། །འདོད་པའི་རྒྱུ་ཡིས་དགེ་སློང་མེ་ཏོག་ཟླ་མཛེས་ང་ཡིས་བསད། །ཅེས་བྱ་བར་འགྲེལ་ཏོ། །རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོའི་ཕོ་བྲང་ནས་འབྱུང་བའི་དུས་སུ་འཁོར་ལ་སོགས་པ་ཐམས་ཅད་ཀྱིས་མཐོང་བར་གྱུར་ནས་
Vol. 117 · folio 130a
ཞེས་བྱ་བ་མཚོན་པ་ཡིན་ནོ། །གང་གི་ཚེ་རྒྱལ་པོའི་ཕོ་བྲང་ནས་བྱུང་ནས་ཤིང་རྟ་ལ་ཞོན་པའི་ཚེ་ཤིན་ཏུ་མཛེས་པའི་དགེ་སློང་མཐོང་ནས་འདིས་ནི་བདག་གིས་རྒྱལ་སྲིད་ཁྱེར་བའི་དོགས་པ་ཡོད་སྙམ་དུ་ཕྲག་དོག་དང་སེར་སྣའི་དབང་གིས་འཇིགས་པའི་བློ་
བདག་ལ་སྐྱེས་ཏེ། བུ་དང་བུ་མོ་དང་འཁོར་རྣམས་ཀྱིས་ཀྱང་བསྐོར་བར་མཐོང་ནས་བདག་གིས་ཕུན་སུམ་ཚོགས་པ་ནི་ཕྲོག་པར་གྱུར་ཏོ་སྙམ་ནས་ཕྲག་དོག་དང་། སེར་སྣ་དང་། ཁྲོ་བས་ཟིལ་གྱིས་མནན་ནས་དབང་ཕྱུག་རྒྱགས་པས་བུ་ལ་འདི་སྐད་བྱས། མདུན་ན་འདུག་པའི་དགེ་
སློང་བསད་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། གཞོན་ནུ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བསོད་ནམས་བསགས་པའི་རྟེན་དུ་གྱུར་པའི་དགེ་སློང་འདི་མི་གསོད་དོ་ཞེས་སྨྲས་པ་དང་། བུ་རྣམས་ཀྱི་ཚིག་ཐོས་ནས་ཤིན་ཏུ་ཁྲོས་པའི་བཞིན་གྱིས་གསོད་པའི་གཤེད་མ་
དགའ་བྱེད་ལ་སྨྲས་པ། མྱུར་བ་མྱུར་བར་དགེ་སློང་འདི་སོད་ཅིག །ཅེས་བསྒོ་བ་དང་ཤིན་ཏུ་དྲག་པོའི་ལས་ཅན་གསོད་པའི་གཤེད་མ་དགའ་བྱེད་ཀྱིས་དགེ་སློང་དེ་དུམ་བུ་དུམ་བུར་གཏུབས་སོ། །བཅད་པའི་འཕྲོ་ནས་ཀྱང་འོ་མའི་རྒྱུན་འབབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་
ནོ། །བདག་སྐྱེད་མོས་ཚལ་ནས་ཕྱིར་ལོག་ནས་ཕྱོགས་དེར་ཕྱིན་པ་དང་། ལུས་དུམ་བུ་དུམ་བུར་བྱས་ཀྱང་འགྱུར་བ་མེད་པ་དེ་མཐོང་ནས་རྒྱུ་ཅི་ཞིག་གིས་འགྱུར་བ་མེད་པར་འདུག་སྙམ་ནས་བདག་ངོ་མཚར་སྐྱེད་པར་གྱུར་ཏོ། །དེ་ནས་བར་སྣང་ལས་ལྷ་རྣམས་ངུ་ཞིང་སྨྲེ་སྔགས་འདོན་པའི་སྒྲ་
ཐོས་ཏེ། ཁྱོད་ཀྱིས་སྡིག་པའི་ལས་ཤིན་ཏུ་མི་ཟད་པ་བྱས་ཏེ། སྡིག་པའི་ལས་དེས་ཁྱོད་ངེས་པར་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་ཟེར་བ་ཐོས་པས་རྒྱལ་པོ་དེ་ལྷས་བསྐུལ་བས། སྡུག་བསྔལ་ཞིང་ཡིད་མི་བདེ་བ་ཤིན་ཏུ་སྐྲག་པའི་སེམས་ཀྱིས་མནར་མེད་པར་འགྲོ་བའི་སྒྲ་ཐོས་
པས། བདག་གིས་ཤིན་ཏུ་མི་ཟད་པའི་སྡིག་པའི་ལས་བྱས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་མཛེས་བདག་གིས་བཀྲོངས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཀྱི་མཛོད་འཛིན་པ། ཡེ་ཤེས་ཀྱི་སྒྲོན་མར་གྱུར་པ། མི་ཤེས་པའི་མུན་པ་སེལ་བ་ལ་མཁས་
Vol. 117 · folio 130b
པ། ཆོས་བདུད་རྩིའི་སྨན་སྦྱིན་པར་བྱེད་པའི་སྨན་པའི་རྒྱལ་པོ་ཆེན་པོར་གྱུར་པ་བདག་གིས་བཀྲོངས་སོ་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །ཆོས་རྣམས་སྐྱེ་དགུ་དག་ལ་གང་འཆད་ཅིང་། །ཞེས་བྱ་བ་ལ་སོགས་པ་ལ། མང་དུ་སྨྲེ་སྔགས་འདོན་ཅིང་། འདས་པ་དང་། མ་བྱོན་པ་དང་།
ད་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་འགྲོ་བར་བྱ་བ་ལས་སྐྱབས་གཞན་མེད་དོ་སྙམ་མོ། །དེ་ནས་རྒྱལ་པོ་དཔའ་བས་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་ཡོན་ཏན་སྙིང་རྗེ་དང་བཅས་པ་རྒྱ་ཆེར་ཚིགས་སུ་བཅད་པ་ཡང་དག་པར་བརྗོད་པ། ཀུན་དུ་བཟང་པོར་
འཕགས་པའི་དགེ་འདུན་གྱིས། །ཁྱོད་ལ་རྣམ་པ་མང་པོར་བསྒོ་བ་བགྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་བཟང་པོའི་ནགས་ཁྲོད་ན་གནས་པའི་དགེ་སློང་གི་དགེ་འདུན་གྱིས་རྣམ་པ་མང་པོར་བསྒོ་བ་བགྱིས་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་མ་བཞུད་ཅིག་ཅེས་
ཡོངས་སུ་བསྒོ་བ་བྱས་པའོ། །ཁྱོད་ཀྱི་སྲོག་གི་བར་ཆད་བྱུང་ང་རེ། །ཞེས་བྱ་བ་སྨྲས་པ། ཁྱོད་ཀྱི་དགེ་སློང་དགེ་འདུན་ཚིག་མ་བཟུང་། །ཞེས་བྱ་བ་ལ། དགེ་སློང་གི་དགེ་འདུན་གྱི་བཀའ་བཅག་ནས་གང་གི་དོན་དུ་གྲོང་ཁྱེར་དུ་གཤེགས་པའི་དོན་དེ་ད་བཞེངས་ལ་ཡང་དག་པར་
རྫོགས་པར་མཛོད་ཅིག་པའོ། །ལྷ་རྫས་མྱུ་གུ་སྣ་ཚོགས་བརྒྱན་པའི་ས། །ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་བཟང་པོའི་ནགས་ཚལ་དམ་པ་བོར་ནས། གང་གི་དོན་དུ་ཁྱོད་འདིར་བྱོན་པའི་དོན་དེ་བདག་ལ་འདིར་གསུངས་ཤིག་དེ་ཐོས་པ་དང་ཁྱོད་ཀྱི་བཀའ་བཞིན་དུ་
བགྱིའོ། །སངས་རྒྱས་སྲས་པོ་བཞེངས་ལ་བཀའ་སྩོལ་ཅིག །བདག་ནི་མགོན་མེད་ཁྱོད་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ནི་དམྱལ་བ་མནར་མེད་པར་འཆི་བ་ལས་གཟུང་དུ་གསོལ་ཞེས་བྱ་བའོ། །གཅིག་པུ་རི་དགས་རྒྱལ་པོ་སེང་གེ་ལྟར། །ཞེས་བྱ་བ་ལ་སོགས་པའི་དོན་ནི་གོ་བར་ཟད་
དོ། །བདག་གིས་དཔའ་བོ་དུམ་བུ་དུམ་བུར་བཅད། །ཅེས་བྱ་བ་ལ་སོགས་པ་ལ། བདག་སྟེ་བདག་གི་ཇི་སྲིད་དགེ་སློང་གི་དགེ་འདུན་འདིར་མ་བྱོན་གྱི་བར་དུ་ཁྱོད་བཞེངས་ལ་བདག་གིས་གསོལ་བ་བཏབ་པ་བཞིན་དུ་མཛད་པར་འོས་སོ། །མེ་ཏོག་ཟླ་མཛེས་མི་འཇིགས་བདག་སྩོལ་ལ། །
Vol. 117 · folio 131a
བཞེངས་ལ་བདག་འཇིགས་པ་ཆེན་པོ་ལས་བསྒྲལ་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟ་བུའི་ཁྱོད་ཀྱི་ལུས་མཚན་དང་ཆ་ཤས་ཡོངས་སུ་རྫོགས་པ་ཡང་བཞེངས་ལ་བདག་ལ་མི་འཇིགས་པ་སྩོལ་ཅིག་ཅེས་བྱ་བའོ། །སེམས་ཅན་མ་ལུས་པ་ལ་མི་
འཇིགས་པ་སྩོལ་བར་མཛད་པའི་ལྷ་ཁྱོད་ནི་ཉེས་པ་ལས་རབ་ཏུ་གྲོལ་བ་ཆོས་སྨྲ་བ་ཆེན་པོ་ཁྱོད་ཀྱིས་བདེ་བར་གཤེགས་པས་བསྟན་པའི་ཆོས་བཤད་དུ་གསོལ་ཞེས་པའོ། །དེ་རིང་བདག་ལ་སྣ་གཅིག་སྣང་བར་མཛོད། །ཅེས་བྱ་བ་ལ་སོགས་པ་ལ། བདག་གི་བློའི་མི་ཤེས་པའི་
མུན་པ་བསལ་བའི་ཕྱིར་ཡེ་ཤེས་ཆེན་པོའི་ཉི་མ་ཤར་བར་མཛོད་ལ། བཞེངས་སུ་གསོལ་ཏེ་ཡེ་ཤེས་ཆེན་པོའི་ཉི་མའི་སྣང་བར་འཇིགས་པ་ཆེན་པོ་དམྱལ་བར་འགྲོ་བའི་མུན་པ་ཆེན་པོ་བསལ་དུ་གསོལ་ཞེས་གསོལ་བ་འདེབས་པའོ། །ཉོན་མོངས་བྱེད་པའི་སྡིག་སེམས་ཅི་རུ་རུང་། །རྒྱགས་པས་
ཁེངས་པའི་རྒྱལ་སྲིད་ཅི་རུ་རུང་། །ཞེས་བྱ་བ་ལ། ཐམས་ཅད་དུ་དམྱལ་བ་ལ་སོགས་པར་འཁྲིད་པར་བྱེད་པའི་སྡིག་པའི་ལས་བྱེད་པའི་སེམས་དེ་ལྟ་བུ་ཅི་རུ་རུང་། རྒྱལ་སྲིད་ནི་རྒྱལ་པོའི་དབང་ཕྱུག་ཉིད་དེ། དེས་ཀྱང་ཅི་རུ་རུང་ཞེས་བྱ་བ་སྡིག་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཐམས་
ཅད་སྤངས་ཏེ་གཅིག་པུ་འགྲོ་བར་འགྱུར། །ཞེས་བྱ་བ་ལ། བུ་དང་བུ་མོ་མ་ཡིན་ཆུང་མ་འཁོར་རྣམས་མིན། །གྲོང་ཁྱེར་ཡུལ་འཁོར་ཆེན་པོ་རྒྱལ་པོའི་ཕོ་བྲང་མིན། །དེ་དག་ནང་ནས་གཅིག་ཀྱང་བདག་དང་འགྲོ་མི་འགྱུར། །འདི་ནས་བདག་གིས་སྙིང་པོ་ཅི་མ་བླངས། །དམྱལ་བའི་རྗེས་མཐུན་སྡིག་
པ་འཇིགས་རུང་བ། །ངོགས་གཉིས་རིང་དུ་བྱེད་པ་རབ་ཏུ་དྲག་པ་དེས། །བདག་ཉིད་གཅིག་པུ་མནར་མེད་ཁྲིད་པར་འགྱུར། །བདག་གི་སྐྱེ་བ་ཐམས་ཅད་དོན་མེད་བྱས། །ཧ་ཧ་བཟོད་དང་དཀའ་ཐུབ་བརྟུལ་ཞུགས་བཟང་། །ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་དང་། བཟོད་པ་དང་། ངེས་པ་
ལ་སོགས་པའི་ཡོན་ཏན་གྱི་ཕུང་པོ་ཁྱོད་སྐྱབས་མ་མཆིས་པ་བདག་བོར་ནས་གང་དུ་གཤེགས་ཞེས་བྱ་བའོ། །འཕགས་པ་ཁྱོད་ཀྱི་ལུས་དང་ཡན་ལག་བཅད་པ་ན། །ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་ཡན་ལག་དང་ཉིང་ལག་བཅད་པར་གྱུར་པ་ན་འོད་ཟེར་སྣ་ཚོགས་འབྱུང་བར་གྱུར་ཅིང་འོ་མའི་རྒྱུན་བྱུང་བར་
Vol. 117 · folio 131b
གྱུར་པས་སྐྱེ་བོ་མ་ལུས་པ་ངོ་མཚར་བསྐྱེད་པར་མཛད་པས། ཁྱོད་བཞེངས་ཤིག་ཅེས་གསོལ་བ་འདེབས་པའོ། །བྱམས་པ་དང་སྙིང་རྗེ་ཆེན་པོའི་རང་བཞིན་ཅན། ཆོས་ཟབ་མོ་རབ་ཏུ་སྟོན་པའོ། །ས་བཅུ་ལ་རབ་ཏུ་གནས་པའི་བདག་ཉིད་ཅན། དབང་བཅུའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་དབང་བཅུ་ལ་
དབང་དུ་གྱུར་པ་ཁྱོད་གང་དུ་གཤེགས་ད་མྱུར་དུ་བཞེངས་ཤིག་ཅེས་བྱ་བའོ། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དེ་ཡང་གང་དུ་ཐལ་ནས་ཐུགས་རྗེའི་ཡུལ་དུ་གྱུར་པ་བདག་ལ་ཅི་སྟེ་མི་གཟིགས། ཁྱོད་ཀྱིས་བཟོད་པའི་རང་བཞིན་དུ་མཛད་ན། བདག་ལྟ་བུ་ཤིན་ཏུ་རྨོངས་པ་ལ་ཅིའི་ཕྱིར་ཁྲོ་བར་དགོངས། །
དེ་ལྟ་བས་ན་ཆོས་སྨྲ་བ་ཆེན་པོ་ཁྱོད་ཅིའི་སླད་དུ་ཅང་མི་གསུང་བར་ཡུན་རིང་དུ་བཞུགས། དུས་རིང་པོར་ཆོས་མི་སྟོན་པར་བཞུགས་པ་མཛེས་པ་མ་ལགས་སོ། །ཁྱོད་བཞེངས་ལ་བདག་གི་ཁབ་ཏུ་གཤེགས་ལ་ཐོགས་པ་མེད་པའི་སྤོབས་པས་བུད་མེད་ཀྱི་ཚོགས་ཀྱི་ནང་དུ་བྱང་ཆུབ་སེམས་དཔའ་
ཆེན་པོས་ཆོས་བསྟན་དུ་གསོལ། ལྷ་ཁྱོད་ལྷ་ཡི་ལུས་འདི་མི་ཤིགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་གྱི་རང་བཞིན་རྡོ་རྗེ་ལྟར་མི་ཕྱེད་པའི་སྐུ་ནི་ལྷ་ལ་སོགས་པས་ཀྱང་བཤིག་པར་ནུས་པ་མ་ཡིན་པས་དུམ་བུ་ལྟར་སྣང་བའི་སེམས་ཅན་རྨོངས་པར་མཛད་པའི་སྒྱུ་མ་མི་
མཛེས་པས་བཞེངས་ཤིག །ཡང་དོན་དམ་པར་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ལ་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དུམ་བུ་དུམ་བུར་སྣང་བ་འདི་ནི་སྒྱུ་མ་ཙམ་སྟེ། བྱང་ཆུབ་སེམས་དཔའ་སྒྱུ་མ་མཛད་པ་མི་མཛེས་སོ། །སྒྱུ་མའི་རྣམ་པར་སྤྲོས་པ་ཐོང་མཛོད་ལ་བཞེངས་ནས་བླ་ན་
མེད་པའི་ཆོས་བསྟན་ཅིང་བཤད་དུ་གསོལ་ཞེས་བྱ་བ་ནི་སྨྲེ་སྔགས་འདོན་པའི་བྱེ་བྲག་གོ། །སྒྱུ་མའི་རྣམ་པར་འཕྲུལ་པའི་ལུས་ཙམ་སྟེ། །ཤ་དང་རུས་པ་ཁྲག་དང་བྲལ་ཞིང་དྲི་མ་རྣམ་པར་དག །མཚོན་དང་མེ་དང་རྡོ་རྗེའི་ཚོགས་ཀྱིས་ཀྱང་ནི་མི་ཕྱེད་པའི། །ཁྱོད་ཀྱི་སྐུ་ནི་ཇི་ལྟར་གཤིག་པར་ནུས་པ་
ཡིན། །རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་སྐུར་གྱུར་ནས། །སྐྱེ་བོ་མ་ལུས་ཕན་ཕྱིར་ཐུབ་དབང་གཟུགས་ཀྱི་སྐུས། །འགྲོ་བ་རྣམས་ལ་ཆོས་ཉིད་སྟོང་པའི་རང་བཞིན་དེ་ཉིད་སྟོན། །བདེ་གཤེགས་སྲས་ཀྱི་དེ་ཉིད་རྡོ་རྗེ་དེ་ནི་སུ་ཡིས་ཤིགས། །ཧ་ཧ་འཕགས་པ་མེ་ཏོག་ཟླ་མཛེས་ཚུར། །ཞེས་
Vol. 117 · folio 132a
བྱ་བ་ལ་སོགས་པ་ལ། ཁམས་གསུམ་གྱིས་འདོད་ཅིང་ཆགས་པར་བྱ་བ་ལ་མ་ཆགས་པས་ནི་འདོད་ཆགས་དང་བྲལ་བའོ། །སེམས་ཅན་ཐམས་ཅད་ཀྱི་ཕ་མར་གྱུར་པ་ཁྱོད་ཀྱིས་བདག་ཇི་ལྟར་ངན་སོང་དུ་འཇུག་པར་མི་འགྱུར་བ་དེ་ལྟར་ངན་སོང་གི་སྒོ་བཅད་དུ་
གསོལ། དེས་ན་ཐར་པའི་ལམ་རྣམས་ནི་དབྱེ་བར་མཛོད་ཅིག་པའོ། །མགོན་པོ་ཁྱོད་ནི་དགུང་བདུན་བཤོས་མ་གསོལ། །ཞེས་བྱ་བ་ལ་སོགས་པ་ལ། ཆོས་སྟོན་པ་ལ་ཞེན་པས་དུས་ཡོལ་བར་གྱུར་ཏེ། ཁྱོད་ཀྱིས་དགུང་བདུན་དུ་བཤོས་མ་གསོལ་གྱིས་བདག་གི་སྡུམ་པར་རྒྱལ་པོའི་ཕོ་བྲང་
རིན་ཆེན་ལྡན་དུ་གཤེགས་ལ་བཤོས་གསོལ། ཆོས་བསྟན་དུ་གསོལ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་པ་དེ་ལྟ་ན་སྨོན་ལམ་བཏབ་པའི་དོན་ཡོད་པར་འགྱུར་རོ། །ཁྱོད་ཉིད་ཀྱིས་མགོན་དང་བཅས་པའི་དགེ་སློང་གི་དགེ་འདུན་དེ་ཡང་ཁྱོད་
མེད་ན་མགོན་མེད་པར་གྱུར་པས། སེམས་ཅན་སྙིང་པོ་ཁྱོད་ནི་མྱུར་བཞེངས་ལ། །ཞེས་བྱ་བ་ལ་སོགས་པ་ནི་བཞེངས་ལ་དགེ་སློང་གི་དགེ་འདུན་དབུགས་འཐོན་མཛོད་ཅིག །ཁྱོད་ནི་འཇིག་རྟེན་ཁམས་གསུམ་གྱི་སྒྲོན་མར་གྱུར་པ་ལགས་པས་ཁྱོད་མི་བཞུགས་ན་འཇིག་རྟེན་གསུམ་པོ་ལོང་བ་ལྟ་
བུར་འགྱུར་རོ། །དེའི་ཕྱིར་ཁྱོད་བཞེངས་ལ་ཀུན་དུ་བཟང་པོའི་ནགས་ཚལ་དུ་གཤེགས་ནས་དགེ་སློང་གི་དགེ་འདུན་ལ་བདག་ཉིད་སྟོན་ཅིག་པའོ། །ཀྱེ་མ་ཞེས་བྱ་བ་ནི་བརྟབ་པའི་དོན་ཏོ། །ཀྱེ་ཀྱེ་ཞེས་བྱ་ནི་མི་གཡེངས་པར་བྱ་བའོ། །ཀྱེ་ཀྱེ་ཆོས་འཛིན་ཡོན་ཏན་རྨད་བྱུང་ཆེ། །ཞེས་བྱ་བ་ལ་སོགས་
པ་ལ། ལུང་དང་རྟོགས་པའི་ཆོས་འཛིན་པ་ཁྱོད་ལྟ་བུ་འགྲོ་བ་རྣམས་ཀྱི་དོན་དུ་དུས་ཐམས་ཅད་དུ་འབྱུང་བ་མ་ཡིན་ཏེ། ཨ་ཤྭཏྠའི་མེ་ཏོག་ལྟ་བུ་ཁྱོད་ཀྱི་ཤེས་རབ་དང་། །སྙིང་རྗེའི་སྤྱན་གྱིས་དགེ་སློང་གི་དགེ་འདུན་ལ་རྣམ་པར་གཟིགས་ལ་ངག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་དོན་དམ་པའི་
གཟུངས་བཤད་དུ་གསོལ་ཞེས་བྱ་བའོ། །བདག་རྗེས་སུ་གཟུང་བའི་ཕྱིར་བཞེངས་ལ་ཁྲོ་བ་མེད་པ་བསྟན་དུ་གསོལ། གང་གི་ཕྱིར་བཟོད་པ་དང་ཐུགས་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་ཁྱོད་ལ་ཁྲོ་བ་ག་ལ་མངའ་ཞེས་བྱ་བའོ། །དེའི་ཕྱིར་དེ་རིང་ཁྱོད་བཞེངས་ཤིག་ཅེས་བྱ་བ་ནི་བཞེངས་ལ་ཆོས་སྟོན་ཅིག་ཅེས་
Vol. 117 · folio 132b
ཐམས་ཅད་དུ་བལྟ་བར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་ཞུགས་པས་མེ་ཏོག་ཟླ་མཛེས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པས་དཔེ་མེད་པའི་ཟླ་བ་བཞེངས་ཤིག །ཚུལ་ཁྲིམས་དང་། བསླབ་པ་དང་། བརྟུལ་ཞུགས་དང་། ཐོས་པ་དང་།
བློ་གྲོས་དང་། རྟོགས་པས་རབ་ཏུ་རྟོགས་པར་མཛད་པ། ཐུགས་རྗེ་ཆེན་པོའི་ཚོན་གྱིས་ཁ་དོག་བསྒྱུར་བའི་ངུར་སྨྲིག་འཆང་བ། ངེས་པར་འབྱུང་བ་ལ་མངོན་པར་དགའ་བའི་བསམ་པ་ཅན། ལུས་དང་། ངག་དང་། སེམས་རབ་ཏུ་ཐུལ་བ། མ་ཐུལ་བའི་སེམས་ཅན་རྣམས་འདུལ་བར་མཛད་
པ་དང་། གཉིད་ལོག་པ་དང་། རབ་ཏུ་ལོག་པའི་སེམས་ཅན་རྣམས། ཆོས་ཀྱི་སྒྲས་སད་པར་མཛད་ནས། ཐེག་པ་ཆེན་པོ་ལ་རབ་ཏུ་འཇོག་པར་མཛད་པའོ། །ཀྱེ་ཀྱེ་སྦྱིན་པ་ཡི་ནི་སྤང་ལེབ་ལ། ཚུལ་ཁྲིམས་ཐ་གུས་འབྲེལ་བའི་གྲུ་སྦྱོར་ཏེ། །ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་
པོའི་གྲུའི་དེད་དཔོན་དུ་བསྟན་ཏོ། །སྦྱིན་པའི་སྤང་ལེབ་ལ་ཚུལ་ཁྲིམས་ཀྱི་ཐ་གུས་བཅིངས་ཤིང་བཟོད་པའི་ཡོན་ཏན་གྱིས་བཅིངས་པ། བརྩོན་འགྲུས་ཀྱི་རླུང་གཡོར་བཙུགས་པ། མངོན་པར་འདོད་པའི་ཡུལ་དུ་འགྲོ་བའི་བསམ་གཏན་གྱི་མཐུན་པའི་རླུང་གིས་ཕུལ་ནས་ཤེས་རབ་ཀྱི་སྐྱབ་འཛིན་པས་
ལེགས་པས་བཟུང་ནས་ཤིན་ཏུ་བརྟན་པའི་ཐེག་པ་ཆེན་པོའི་གྲུར་ཞུགས་ནས་འཁོར་བའི་རྒྱ་མཚོ་ཆེན་པོར་མ་རིག་པ་དང་། སྲེད་པ་དང་། རྣམ་པར་རྟོག་པའི་རླབས་ཀྱིས་མ་ལུས་པ་ཁྱབ་པར་གཡེངས་པའི་སེམས་ཅན་རྣམས་སྒྲོལ་བར་བྱེད་དགོས་ན། ཅིའི་ཕྱིར་རབ་ཏུ་གཉིད་ལོག་པ་བཞིན་དུ་སེམས་
ཅན་གྱི་དོན་ལ་བཏང་སྙོམས་སུ་མཛད་ཅེས་བྱ་བའོ། །བླ་ན་མེད་པའི་སྨན་པའི་རྒྱལ་པོར་བསྟན་པའི་ཕྱིར་གསུངས་པ། ཀྱེ་ཀྱེ་སྨན་པའི་དམ་པ་བརྟུལ་ཞུགས་ལ། །ཞེས་བྱ་བ་ལ་སོགས་པ་ལ། ནད་ཀྱི་རྒྱུ་དང་། གསོ་བ་ཤིན་ཏུ་མཁས་པའི་སྨན་པའི་རྒྱལ་པོ་ཁྱོད་བཞེངས་ལ། འདོད་ཆགས་དང་། ཞེ་
སྡང་དང་། གཏི་མུག་གི་ནད་ཀྱིས་ཡོངས་སུ་མནར་བར་གྱུར་པའི་སེམས་ཅན་རྣམས་ལ་རྣམ་པར་གཟིགས་ཏེ། ཉེས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་དམ་པའི་ཆོས་ཀྱི་བདུད་རྩིའི་སྨན་སྦྱིན་པས་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ནད་ཐམས་ཅད་ལས་རྣམ་པར་ཐར་པར་བྱས་ནས་བདུད་རྩིའི་
Vol. 117 · folio 133a
དབྱིངས་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ། །ཀྱེ་ཀྱེ་མཁས་པ་ཡེ་ཤེས་རྒྱ་ཆེར་བསླབས། །ཆོས་ཀྱི་རྔ་དག་ཤིན་ཏུ་རྡུང་བ་མཛོད། །ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་ལ་ཐུན་མོང་དུ་ཆོས་བསྟན་པའི་རྒྱུ་མཚན་རབ་ཏུ་བསྒྲུབ་པའི་ཕྱིར་རྔ་དག་ཤིན་དུ་རྡུང་བ་སྟེ་ཆོས་
ཀྱི་རྔའོ། །རྡུང་པ་ནི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ཆོས་སྨྲ་བ་ཆེན་པོར་གྱུར་པས་སེམས་ཅན་མོས་པ་སྣ་ཚོགས་པ་རྣམས་ལ་བསམ་པ་དང་། ལྷག་པའི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་ཆོས་སྟོན་པས་ཡང་དག་པའི་ལམ་ལ་
དགོད་པར་མཛད་པའི་ནུས་པ་མངའ་བཞིན་དུ་ཅིའི་ཕྱིར་བཏང་སྙོམས་སུ་མཛད་ཅེས་བྱ་བའོ། །མེ་ཏོག་ཟླ་བ་མཚན་མཆོག་བརྒྱན་པ་ཀྱེ། །ཞེས་བྱ་བ་ལ་སོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསགས་པའི་བདག་ཉིད་ཅན་ལ་གཞན་གྱིས་ཉེ་བར་བཅོམ་པའི་འཆི་བ་
ཡོད་པར་མི་འགྱུར་བས། ཀྱེ་མེ་ཏོག་ཟླ་བ་ཁྱོད་བཞེངས་ལ་འཁོར་བའི་བཙོན་རར་བསྡོམས་པའི་སེམས་ཅན་རྣམས་དགྲོལ་དུ་གསོལ་ཞེས་གསོལ་བ་གདབ་པའི་ཕྱིར། མེ་ཏོག་ཟླ་བ་ཐུགས་རྗེ་ཆེན་པོ་ཀྱེ། །ཞེས་བྱ་བ་ལ་སོགས་པ་ལ། བདག་གིས་གསོལ་བ་གདབ་པའི་ཚིག་གསོན་ལ་དགེ་
སློང་གི་དགེ་འདུན་དང་ལྷན་ཅིག་ཏུ་བསམ་གཏན་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དུ་བཞུགས་ལ་བསམ་གཏན་བཞི་ལ་བསམ་གཏན་པ་དང་རྟག་ཏུ་སེམས་ནང་དུ་བསྡུ་བ་དང་། མཛའ་བ་དང་མཛའ་བ་མ་ཡིན་པ་ལ་མཉམ་པའི་སེམས་ཀྱིས་རི་རབ་བཞིན་མི་གཡོ་བའི་ཐུགས་མངའ་བ་ཁྱོད་བཞེངས་ལ་
ཚུར་སྤྱོན། སངས་རྒྱས་དང་། སངས་རྒྱས་མ་ཡིན་པའི་སེམས་ཅན་ལ་རབ་ཏུ་མཉམ་པར་བཞུགས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ངེས་པར་བཞུགས་ནས་བདུད་བཞི་ལས་རྣམ་པར་རྒྱལ་ཏེ། མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མངོན་པར་ཤེས་པ་ལྔ་ཡོངས་སུ་
རྫོགས་པར་ལེགས་པར་བསྒོམས་པས་དེ་དག་ལྷུན་གྱིས་གྲུབ་པར་མངའ་བས་ཁྱོད་ཀྱིས་མི་མཁྱེན་པ་ཅི་ཡང་མི་མངའ་ཡིས་བདག་གི་བསམ་པ་ཕྱིར་ཞིང་གདུང་བར་གྱུར་པའི་མེ་འདི་ཞི་བར་མཛད་དུ་གསོལ། བདག་གིས་གསོལ་བ་བཏབ་པ་དོན་ཡོད་པར་མཛད་དུ་གསོལ། ཁྱོད་ཀྱི་བཞེད་པ་ཐམས་ཅད་
Vol. 117 · folio 133b
བདག་གིས་ཡོངས་སུ་རྫོགས་པར་བསྒྲུབ་ཀྱིས་བཞེངས་སུ་གསོལ། ཁྱོད་དུམ་བུ་དུམ་བུར་མ་བཞུགས་ཤིག །གྲོང་ཁྱེར་དང་། གྲོང་དང་། ཚོང་དུས་དང་། སྐྱེ་བོའི་ཚོགས་དང་། བློན་པོ་དང་། བུ་དང་བུ་མོ་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཨ་ག་རུ་དང་། ཙན་དན་དང་། གུར་
ཀུམ་དང་། ག་པུར་དང་། གླ་རྩི་ལ་སོགས་པའི་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་དང་མེ་ཏོག་དྲི་ཞིམ་པོས་ཡོངས་སུ་བཀང་བའི་སྒྲོམ་བུ་མྱུར་དུ་གྱིས་ལ་གང་དུ་ཆོས་སྨྲ་བའི་པུར་སྲེག་པ་དེར་ཁྱེར་ཅིག་ཅེས་བསྒོ་ནས། འབྲུ་མར་དྲི་ཞིམ་པོ་སྣ་ཚོགས་ཀྱིས་བསྒོས་པའི་ཨ་ག་རུ་དང་ཙན་དན་དང་། ལྷ་ཤིང་
རྣམས་ལས་མེ་སྦར་ནས་སྒྲོམ་དུ་དེའི་པུར་བཅུག་ནས་ཉོན་མོངས་པ་དང་བྲལ་བའི་དགེ་སློང་རྣམས་ཀྱིས་མེ་སྦར་ནས་སྲེག་པའི་ཆོ་ག་བྱས་སོ། སྲེག་པའི་ཆོ་ག་ནི་ཤིང་ཕྲན་བཅུག་ནས་མེ་སྦར་བའོ། །དེ་ནས་ཆོས་སྨྲ་བ་དེའི་ལུས་ལས་དེ་བཞིན་གཤེགས་པའི་སྐུ་བཞིན་དུ་སྐུ་གདུང་གི་ཕུང་པོ་
བྱུང་བར་གྱུར་ཏོ། །རྒྱལ་པོ་དེས་ནི་མཆོད་རྟེན་བྱས་ནས་སུ། །འདི་ལ་ངས་ནི་མཆོད་པ་བྱ་ཞེས་ཟེར། །ཞེས་པ་ལ། ངས་འདིའི་མཆོད་རྟེན་སྐུ་གདུང་གི་སྙིང་པོ་ཅན་བྱས་ལ་ལས་ངན་པ་བྱས་པ་ཟད་པར་བྱ་བའི་ཕྱིར་མཆོད་པ་རྣམ་པ་སྣ་ཚོགས་པ་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་
དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པས་དུས་གསུམ་དུ་སོང་ནས་མཆོད་པ་བྱེད་པར་གྱུར་ཏོ། །དེ་མཆོད་རྟེན་གྱི་མདུན་དུ་འདུག་ནས་དུས་གསུམ་དུ་མི་ཤེས་པས་བྱས་པའི་སྡིག་པ་རྣམས་བཤགས་པར་བྱེད་དོ། །
སླན་ཆད་ཀྱང་མི་བགྱིད་པར་སྡོམ་པར་བྱེད་པ་དེ་ལྟ་བུས། ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། །ཉེས་པ་བྱས་པ་དག་ཀྱང་རབ་བཤགས་ཤིང་། །ཞེས་བྱ་བ་ནི་ལོ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་ལྔར་ཉེས་པ་བྱས་པའི་ལས་རྣམས་ཟད་པར་བྱ་བའི་ཕྱིར་ཚུལ་ཁྲིམས་མ་ཉམས་པ་དང་། མ་རལ་བ་དང་། མ་འདྲེས་པ་
དང་། དྲི་མ་མེད་པ་བསྲུངས་པར་གྱུར་ཏོ། །གསོ་སྦྱོང་དག་ཀྱང་དེ་ཚེ་རབ་གསོས་ཏེ། །ཞེས་བྱ་བ་ལ། འདི་ལ་གསོ་བ་ཡོད་པས་ན་གསོ་སྦྱོང་སྟེ། གསོ་སྦྱོང་ལ་ལོ་སྟོང་ཕྲག་དགུ་བཅུ་རྩ་ལྔར་གནས་སོ། །དེ་ལྟར་བྱས་ཀྱང་ལུས་ཞིག་ནས་དེ་མནར་མེད་པར་ལྷུང་བར་གྱུར་ཏེ། འདོད་པའི་ཕྱིར་སྙིང་རྗེ་མེད་པའི་
Vol. 117 · folio 134a
ལས་བྱས་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་གྱུར་ཏོ། །སངས་རྒྱས་རྣམས་ཀྱང་བདག་གིས་མཉེས་པར་མ་བྱས་སོ། །ལོ་བྱེ་བ་ཕྲག་དགུ་བཅུ་རྩ་ལྔར་ང་ལོང་བར་ཡང་གྱུར་ཏོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་རྩ་གཉིས་སུ་ངའི་མིག་བཅར་བར་གྱུར་ཏོ། །ལག་
པ་དང་། རྐང་པ་དང་། རྣ་བ་དང་། སྣ་དང་། མགོ་ཡང་བཅད་དོ། །མིའི་འགྲོ་བར་སྐྱེས་ཀྱང་རུང་། འགྲོ་བ་གཞན་དུ་སྐྱེས་ཀྱང་རུང་སྟེ། དེ་དག་ཐམས་ཅད་སྡུག་བསྔལ་གྱིས་ནོན་པར་གྱུར་ཅིང་སྐྱབས་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ལྟ་བས་ན་འདོད་པའི་ཕྱིར་ཤིན་ཏུ་མི་ཟད་པའི་ལས་བྱེད་པ་སྤང་བར་བྱའོ། །
བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། ལག་པ་དང་། རྐང་པ་དང་། མགོ་དང་། བུ་དང་། བུ་མོ་དང་། ཆུང་མ་ཤིན་ཏུ་ཡིད་དུ་འོང་ཞིང་ཡིད་འཕྲོག་པ་རྣམས་དགའ་བའི་སེམས་ཀྱིས་བྱིན་པར་གྱུར་ཀྱང་སྔོན་གྱི་ལས་ཟད་པར་མ་གྱུར་ཏེ། ལས་ཤིན་ཏུ་དྲག་པོ་བྱས་པ་ནི་ཟད་པར་དཀའ་བའི་ཕྱིར་རོ། །ཀུན་
དགའ་དེ་ལྟར་བསྐལ་པ་མཐའ་ཡས་སྤྱོད། །ཅེས་བྱ་བ་ལ་སོགས་པ་ལ། དེ་ཚེ་སྡུག་བསྔལ་འདི་དག་སྔོན་མྱོང་གྱུར། །ཞེས་བྱ་བ་ལ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་དང་དེར་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏོ། །ཡང་གང་དག་གཟུངས་ལ་རབ་ཏུ་གནས་ཤིང་། བྱམས་པ་ལ་གནས་
པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་པ་ལ་གཞོལ་བ་དེ་ལྟ་བུ་དག་ནི་ནམ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དེའི་ཕྱིར་བྱང་ཆུབ་འདོད་པས་ཚུལ་ཁྲིམས་ལ་རབ་ཏུ་གནས་ནས་ཆོས་ཀྱི་སྦྱིན་པ་ལ་མངོན་པར་དགའ་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ང་ནི་དེ་ཚེ་རྒྱལ་པོ་དཔའ་བྱིན་ཡིན། །ཞེས་བྱ་བ་
ལ། ང་ཉིད་དེའི་ཚེ་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བར་གྱུར་གྱི་གཞན་མ་ཡིན་ནོ། །སྡིག་པ་ཟད་པར་བྱ་བ་དང་། བསོད་ནམས་འཕེལ་བར་འགྱུར་བའི་ལས་དེ་ལྟ་བུ་བྱས་པས་བྱང་ཆུབ་མངོན་པར་ཐོབ་པར་འགྱུར་རོ། །ང་ཡི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ། །ཞེས་བྱ་བ་ལ་སོགས་པ་ལ། ངའི་བུར་གྱུར་པ་གང་དག་
ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་ཆོས་སྐྱོང་བའི་དེ་བཞིན་གཤེགས་པར་གྱུར་ཏོ། །མེ་ཏོག་ཟླ་མཛེས་ཀྱང་པདྨའི་བླ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པར་གྱུར་ཏོ། །གཤེད་མ་དགའ་བྱེད་ཀྱང་དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། །སྐྱེས་པ་དང་། བུད་མེད་དང་། རྒྱལ་
Vol. 117 · folio 134b
རིགས་དང་། ཁྱིམ་བདག་དང་། གྲོང་ཁྱེར་གྱི་དཔོན་དང་། ཚོང་དཔོན་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ། །
ཀུན་དུ་བཟང་པོ་སྟོང་ཉིད་ངོ་བོ་ཉིད། །སྟོང་ཉིད་བདག་མེད་ཕྱིར་ནི་དེ་ཉིད་གནས། །ཕ་རོལ་ཕྱིན་བཅུའི་བདག་ཉིད་ཀུན་རྫོགས་པ། །ཀུན་དུ་བཟང་པོའི་ནགས་ཚལ་ཞེས་དེ་བརྗོད། །ཟླ་བ་ཐུབ་དབང་ཚོགས་ཀྱིས་རབ་གསུངས་ཏིང་ངེ་འཛིན། །བྱང་ཆུབ་ཡན་ལག་ཚོགས་ནི་མེ་ཏོག་ཚུལ་ཁྲིམས་དྲི། །སངས་རྒྱས་
སྲས་པོ་སངས་རྒྱས་ཡོན་ཏན་གཅིག་ལ་གཞོལ། །མེ་ཏོག་ཟླ་མཛེས་སྲིད་པ་གསུམ་ན་སྙིང་པོ་གཅིག །དྲི་མེད་ཆོས་ཀྱི་བདག་ཉིད་གྲགས་པ་གཙོར་གྱུར་པ། །འགྲོ་བའི་དོན་གྲུབ་བྱེད་པ་སངས་རྒྱས་ཐོབ་བྱའི་ཕྱིར། །སེར་སྣའི་ཉེས་པ་རབ་སྤངས་ནས་ནི་འབད་པ་ཡིས། །འདོད་པའི་ལྷ་ཡི་གནས་འབྱེད་
པ་ཡིས་བཤད་པ་བྱས། །མེ་ཏོག་ཟླ་མཛེས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའི་འགྲེལ་པ་རྫོགས་སོ།། །།ཏིང་ངེ་འཛིན་གྱི་ཡོན་ཏན་དང་། གཟུངས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་
ལ། དེ་ལྟ་བས་ན་ཞེས་བྱ་བ་ནས་བརྩམས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཡང་རབ་ཏུ་གནས་པར་བྱའོ་ཞེས་བྱ་བའི་བར་གྱི་དོན་ནི་གོ་བར་ཟད་དོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་དང་། ཕན་ཡོན་ཚིགས་སུ་བཅད་པས་རྒྱ་ཆེར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་གསུངས་པ། བྱང་ཆུབ་སེམས་
དཔའ་གང་ཞིག་ཚུལ་ཁྲིམས་ཚོགས་གནས་ཤིང་། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གང་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་རབ་ཏུ་གནས་པ་བདག་ལ་ཕན་པར་འདོད་པ་བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་མི་བསྐྱོད་
པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བར་སྐྱེ་བར་འགྱུར་ཞིང་ཆོས་ཟབ་མོ་ལ་བཟོད་པ་ཐོབ་སྟེ། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེའི་ཕྱིར་གནོད་སེམས་མེད་ཅིང་ཀུན་མཐུན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ཀུན་མཐུན་ཞེས་
Vol. 117 · folio 135a
བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའོ། །འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉེས་པ་ཀུན་དང་བྲལ་བའི་སེམས་ཀྱིས། གཞན་ལ་ཕན་པ་བྱེད་པ་ལ་གཅིག་ཏུ་གཞོལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བྱས་
ནས་སངས་རྒྱས་ཉིད་ཐོབ་པར་གྱིས་ཤིག་ཅེས་བྱའོ། །དེ་ཕྱིར་ཕན་ཡོན་མཆོག་འདི་ཐོས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་ཀྱི་ཡོན་ཏན་དང་ལྡན་པའི་དགེ་སློང་མཐོང་ནས་གུས་པ་དང་བཅས་པས་དེ་ལ་བསྙེན་བཀུར་བྱའོ། །ཡིད་བཞིན་གྱི་ནོར་བུ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་།
མ་ར་ཀ་ཏ་དང་། པུ་ཤ་ར་ག་དང་། ཀརྐེ་ཏ་དང་། མུ་ས་ལ་གལ་པ་ལ་སོགས་པའི་རིན་པོ་ཆེའི་ཁྱད་པར་གྱིས་ཡོངས་སུ་བཀང་བའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོད་པར་གྱུར་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་མོས་པ་གང་ཞིག་གིས་རིན་པོ་ཆེ་དེ་དག་བླངས་ནས་བསྐལ་པ་
གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བཏང་བ་བས། གང་གཞན་དག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་འཛིན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྦྱིན་པ་ལས་བྱུང་བ་དེ་བས་བསོད་ནམས་ཀྱི་ཕུང་པོ་འདི་ཉིད་མང་དུ་འཕེལ་བར་རིག་
པར་བྱ་སྟེ། སྦྱིན་པའི་འབྲས་བུ་ནི་གཏོང་བ་དང་ལོངས་སྤྱོད་པ་ཡིན་ལ། ཏིང་ངེ་འཛིན་གྱི་འབྲས་བུ་ནི་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་ཏིང་ངེ་འཛིན་འདི་འཐོབ་པར་གྱུར་ན་ཆོས་ཆེན་པོ་མི་ཟད་པའི་ཆོས་ཀྱི་
མཛོད་དུ་འགྱུར་རོ། །ཐོས་པའི་རྒྱ་མཚོ་ཐོབ་པར་འགྱུར་རོ། །ཆོས་ཀྱི་མཆོག་རྣམས་བསམ་གྱིས་མི་ཁྱབ་པས། །ཤིན་ཏུ་རྒྱས་བྱས་བྱང་ཆུབ་སེམས་དཔར་བརྗོད། །ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་མཆོག་དང་། རབ་མཆོག་དང་། བསམ་གྱིས་མི་ཁྱབ་པ་དང་། དཔེ་
མེད་པ་དང་། ལེགས་པར་བསྡམས་པ་ཞེས་བརྗོད་དོ། །གང་གིས་ཏིང་ངེ་འཛིན་འདི་སྒོམ་པར་བྱེད་པ་དེ་ནི་དེ་བཞིན་གཤེགས་པའི་བསོད་ནམས་མ་གཏོགས་པ་བསོད་ནམས་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བསོད་ནམས་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། སྟོབས་ཀྱིས་དེ་བས་
Vol. 117 · folio 135b
ལྷག་པ་ཡོད་པ་མ་ཡིན་ལ། མཉམ་པ་ཡང་ཡོད་པ་མ་ཡིན་ནོ། གཞོན་ནུ་ཅི་སྟེ་ཆོས་དེ་གཟུགས་ཡོད་ན་ཞེས་བྱ་བ་ལ་སོགས་པ་ལ། དེས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་གལ་ཏེ་ཆོས་གཟུགས་ཅན་ཞིག་ཡིན་ན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་འགྱུར་ཞིང་ནམ་མཁའི་
ཁམས་སུ་ཡང་ཤོང་བར་མི་འགྱུར་རོ། །དེའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འདོད་པ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་། བསྙེན་བཀུར་ཡོངས་སུ་སྤྱད་པ་དང་། སེམས་ཀྱིས་མཉེས་
པར་བྱེད་པར་འདོད་པས་ཀྱང་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་གཟུང་བར་བྱའོ། །བྱང་ཆུབ་ཅེས་བྱ་བ་ནི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པ་འདི་ཉིད་ལ་བྱང་ཆུབ་ཅེས་བྱའོ། །གཞོན་ནུ་ང་ཡི་ཚིག་ལ་དད་པར་གྱིས། །ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པའི་གསུང་གིས་བྱང་ཆུབ་ཀྱི་ངོ་བོ་ངེས་པར་རྟོགས་
པར་བྱའོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་མི་འགྱུར་བའོ་ཞེས་བྱ་བར་ཤེས་པར་བྱས་ལ། དད་པར་གྱིས་ཤིག་པ་དེ་ལ་དད་པ་དང་ལྡན་པར་གྱིས་ཤིག་པའོ། །ངས་ནི་བདག་ཏུ་ལྟ་བ་འདིར་སྦྱངས་སོ། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སྤྱད་པ་མཆོག་འདི་
སྤྱོད་པར་བྱེད་པ་ན་བདག་དང་བདག་གིར་ལྟ་བ་རྣམ་པར་སྤངས་ནས་ངས་ཏིང་ངེ་འཛིན་འདི་བཙལ་བའི་ཚེ་གཡེང་བ་མེད་པའི་སེམས་ཀྱིས་བཙལ་བར་གྱུར་པ་ན་རྙེད་པར་གྱུར་པ་ནི་བྱང་ཆུབ་པ་ཡིན་ཏེ། ཏིང་ངེ་འཛིན་ཉིད་བྱང་ཆུབ་པོ་ཞེས་བྱས་ནས་སོ། །དེའི་ཕྱིར་མདོ་སྡེ་འདི་མཉན་པར་བྱའོ། །འདི་
ལས་མདོ་སྡེ་བྱེ་བ་ཁྲག་ཁྲིག་འབྱུང་། །ཞེས་བྱ་བ་ནི་ཀུན་གྱི་ལུང་དུ་གྱུར་པ་སྟེ། མདོ་སྡེ་ཐམས་ཅད་བསྡུས་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ། །འདི་ནི་མདོ་སྡེ་ཀུན་གྱི་དམ་པའི་མདོ། །ཞེས་བྱ་བ་ནི་མདོ་སྡེ་ཐམས་ཅད་ཀྱི་རབ་མཆོག་ཏུ་གྱུར་པ་སྟེ། གང་གི་ཕྱིར་ཆོས་དེ་རྣམས་ལ་མཐའ་ཐུག་
པ་རྙེད་པར་མི་འགྱུར་བ་དེ་དག་གིའོ། །སྟོང་ཆེན་དག་ནི་བཅད་ཅིང་བཤིག་ནས་སུ། །ཞེས་བྱ་བ་ལ་སོགས་པ་ལ། རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་བགྲང་བར་ནུས་ཀྱང་སྲིད་ཀྱི། གང་ཏིང་ངེ་འཛིན་འདི་ཐོབ་པ་དག་མདོ་སྡེ་གང་དག་སྟོན་པ་དེ་དག་ནི་བགྲང་བར་མི་ནུས་སོ། །སྟོང་གསུམ་གྱི་སྟོང་
Vol. 117 · folio 136a
ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་བ་དང་འཇུག་པ་བགྲང་བར་མི་ནུས་ཀྱང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཐོབ་པའི་མདོ་སྡེ་སྟོན་པ་ནི་ཤེས་པར་མི་ནུས་སོ་ཞེས་བྱ་བས་ནི་སྤོབས་པ་དཔག་ཏུ་མེད་པར་བསྟན་པ་ཡིན་ནོ། །སངས་
རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་སེམས་ཅན་དེ་དག་བགྲང་བར་ནུས་ཀྱང་སྲིད། དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་བྱེ་མ་ནི་ཚད་གཞལ་བར་ནུས་ཀྱང་སྲིད། དེ་བཞིན་དུ་སྐྲའི་ཚལ་པ་བརྒྱར་བཤགས་པའི་དུམ་བུའི་རྩེ་མོས་རྒྱ་མཚོ་ཆེན་པོ་ཆུ་བླངས་པ་བགྲང་བར་ནུས་ཀྱང་སྲིད་ཀྱི། ཆོས་སྨྲ་བ་དེའི་དབྱངས་ཀྱི་ཡན་
ལག་ནི་ཤེས་པར་མི་ནུས་སོ། །འདས་པའི་སེམས་ཅན་གང་དག་ཇི་སྙེད་པ་དེ་ནི་བགྲང་བར་ནུས་ཀྱང་སྲིད་ཀྱི། དེས་ཤེས་པའི་མདོ་སྡེ་ནི་ཤེས་པར་མི་ནུས་སོ་ཞེས་བྱ་བའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ཀྱི་ཚད་ནི་ཤེས་པར་ནུས་ཀྱི། གང་མདོ་སྡེ་འདི་འཆད་པ་དེའི་སྐད་དང་། སྒྲའི་མཐར་ཐུག་པ་ནི་
ཤེས་པར་མི་ནུས་སོ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཐོབ་པ་ནི་ངེས་པའི་ཚིག་དང་། བསྟན་པའི་དོན་མ་ལུས་པ་ལ་མཁས་ཤིང་གཏན་ལ་དབབ་པ་ལ་མཁས་པ་དང་། རྣམ་པར་དག་པའི་བློ་གྲོས་བསམ་གྱིས་མི་ཁྱབ་པ་དང་། ཤིན་ཏུ་ཕྲ་བའི་དོན་ལ་ཡང་འཇུག་ཅིང་ཤེས་པ་དང་།
གཟོད་མ་ནས་མ་སྐྱེས་པའི་ངོ་བོར་སྒྲ་རྣམས་རྣམ་པར་རིག་པས་དེ་ལ་ཡང་མངོན་པར་ཞེན་པ་མེད་པར་ཆོས་སྟོན་པར་བྱེད་དོ། །ཐོགས་མེད་དེ་ནི་ཆོས་སྨྲར་བརྗོད་པ་སྟེ། །འགྲོ་བ་ཀུན་ལ་སྟོན་ཀྱང་ཆགས་མི་འགྱུར། །ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་ལེགས་པར་ངེས་
པའི་བློ་དང་ལྡན་པའི་ཕྱིར་ཐམས་ཅད་ལ་མ་ཆགས་ཤིང་མངོན་པར་ཞེན་པ་མེད་པར་ཆོས་ཀྱི་དེ་ཁོ་ན་ཉིད་དང་མ་བྲལ་བས་སེམས་ཀྱི་རྒྱུད་ཆོས་ཉིད་ལས་མི་གཡོའོ། །ཀུན་རྫོབ་ལ་ཞེན་པའི་སེམས་ཅན་རྣམས་ལ་ཡང་དེ་དང་དེ་ལྟ་བུའི་ཆོས་སྟོན་པར་བྱེད་དོ་ཞེས་བྱ་བའོ། །དྲི་བ་ངེས་པར་སྟོན་པ་
བརྒྱ་ལ་མཁས། །ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་དཔག་ཏུ་མེད་པས་རྒོལ་བ་ཡང་དཔག་ཏུ་མེད་པ་འབྱུང་ལ། དེ་དག་ལ་ལན་འདེབས་པ་ལ་མཁས་པ་ནི་མཁས་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་རྟོགས་པས་ཆགས་པ་མེད་པ་སྟེ་ཀུན་དུ་མ་ཞེན་པའོ། །
Vol. 117 · folio 136b
མདོ་སྡེ་གཅིག་གི་ཕྱོགས་ཀྱང་བྱེ་བ་སྙེད། །ཅེས་བྱ་བ་ལ་སོགས་པ་ལ། གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་ལམ་ལ་དགོད་པའི་ཕྱིར་སྤོབས་པ་དཔག་ཏུ་མེད་པས་བསྐལ་པ་དཔག་ཏུ་མེད་པར་མདོ་སྡེ་གཅིག་གི་ཕྱོགས་གཅིག་ཙམ་ཞིག་བསྟན་པས་དགའ་བར་བྱ་བའི་ཕྱིར་དཔག་ཏུ་
མེད་པའི་ཆོས་བསྟན་ཀྱང་ཡི་གེའམ། སེམས་ཅན་ནམ། སྟོན་པ་ལ་ཡང་རུང་། ཆགས་པ་མེད་པས་དེས་སྟོན་ཆགས་པ་མེད་དོ། །འཁོར་གྱི་ནང་དུ་ཆགས་པ་མེད་པར་སྟོན་པས་ན་ཆགས་པར་མི་འགྱུར་ཏེ། དམིགས་པ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཏིང་འཛིན་འདི་ལ་ལེགས་པར་གང་
གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལ་ལེགས་པར་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྲག་གི་རང་བཞིན་གྱི་རི་རབ་བཞིན་དུ་ཕས་ཀྱི་རྒོལ་བའི་སྨྲ་བ་རྣམས་ཀྱིས་རབ་ཏུ་གཡོས་པར་མི་འགྱུར་རོ། །རྒོལ་བ་མ་ལུས་པ་ལ་དུས་གཅིག་ཏུ་ལན་བཏབ་པས་དེ་དག་ཐམས་ཅད་ཟིལ་གྱིས་
མནན་ནས་མི་སྨྲ་བར་སྡོད་པར་གྱུར་ནས་རང་གི་ཕྱོགས་ལ་འཇོག་པར་བྱེད་དོ་ཞེས་བྱ་བའོ། །སུ་དག་སྟོང་པ་ཉིད་ལ་རྟག་བརྩོན་པ། །སངས་རྒྱས་གནས་སུ་ངེས་པ་དེ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་ལ་གནས་པའོ། །གང་
གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་ཤེས་པ་དེ་ནི་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་བསྐྱོད་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་མི་འཁྲུགས་པ་དང་། མི་བསྐྱོད་པ་དང་། ཟིལ་གྱིས་ནི་མི་ནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་བསྒོམས་པའི་བདག་ཉིད་ཆེན་པོ་མཐུ་ཆེན་པོ་དང་
ལྡན་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའོ། །དེ་ཡིས་སྟོང་ཉིད་རྟོགས་པར་ཁོང་དུ་ཆུད། །ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་རྟོགས་པར་ཁོང་དུ་ཆུད་ནས་ཆོས་ཐམས་ཅད་ལ་ནེམ་ནུར་དང་། ཐེ་ཚོམ་དང་། ཡིད་གཉིས་ཡོད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་
སྟོབས་བཅུ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་སོགས་པ་ནི་ཏིང་ངེ་འཛིན་ཐོབ་ན་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །སྟོབས་ལ་སོགས་པ་རྣམས་སྔར་བཤད་ཟིན་པས་ཡང་བཤད་པར་མི་བྱའོ། །
Vol. 117 · folio 137a
དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་བ་དང་རྟག་ཏུ་མི་འབྲལ་བ་དང་། ཆོས་ཉན་པ་ལ་གཅིག་ཏུ་ཞེན་པའི་ཡེ་ཤེས་བླ་ན་མེད་པ་དང་ཡང་དག་པར་ལྡན་པ་དང་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པ་དང་། དཔེ་མེད་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཆོ་ག་
ཤེས་པ་ལ་མཁས་པ་དེའི་བསོད་ནམས་ཀྱི་མཐའ་ནི་ཤེས་པར་སླ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ནོར་བུ་རིན་ཆེན་དག་གིས་གང་གྱུར་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་གི་ས་གཞི་ནས་བཟུང་ནས་སྲིད་པའི་རྩེ་མོའི་བར་དུ་རིན་
པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས་པ་རྣམས་ལ་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པར་བྱེད་པ་དང་། གང་ཆོས་ཀྱི་བདག་ཉིད་ཅན་ཞིག་སྟོང་པ་ཉིད་ལ་དགའ་བས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་ན་སྔ་མའི་བསོད་ནམས་ཀྱི་ཕུང་པོ་དེས་བྱེ་བའི་
ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་རྒྱ་ཆེན་པོ་ལ་འཇུག་པའི་རྒྱུ་ནི་ཏིང་ངེ་འཛིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ངེས་པར་སྒྲུབ་པར་གྱུར་པའོ། །བསོད་ནམས་ཐམས་ཅད་ནི་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་དང་བྲལ་བའི་སྦྱིན་
པས་ནི་མྱུར་དུ་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ནོ། །ཏིང་ངེ་འཛིན་ཉན་པ་དང་། སེམས་པ་དང་། བསྒོམ་པ་ཡང་དག་པར་ལྡན་པས་ནི་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །གང་གིས་འདི་ལྟ་བུ་ཡི་གཏེར་རྙེད་པ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཁྱབ་པར་ནོར་ཐམས་
ཅད་ཀྱིས་ཡོངས་སུ་གང་བའི་གཏེར་རྙེད་པ་ན་ཡང་དེ་ཕུལ་དུ་བྱུང་བའི་མཛོད་ཆེན་པོ་ཅན་ཞེས་མི་བྱའོ། །ཏིང་ངེ་འཛིན་ཐོབ་པ་དེ་ནི་ཕུལ་དུ་གྱུར་པའི་མཛོད་ཐུལ་བར་དཀའ་བ་ཐོབ་པར་འགྱུར་རོ། །རྒྱལ་སྲིད་ཐོབ་པས་ཀྱང་དགའ་བར་མི་འགྱུར་ཏེ། ངོམས་པ་སྐྱེད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཏིང་ངེ་འཛིན་
ཐོབ་པར་གྱུར་ན་ནི་ཤིན་ཏུ་ཚིམ་པར་འགྱུར་རོ། །དེ་དང་དེ་དག་སངས་རྒྱས་ཀུན་མཁྱེན་གྱི། །ཆོས་རྣམས་རྟག་ཏུ་འཛིན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། གང་ཆོས་ཐམས་ཅད་བསྡུས་པའི་ངོ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མ་ཏིང་ངེ་འཛིན་གྱི་རྒྱལ་པོ་སྒྲུབ་པས་འཛིན་པ་དེ་དེ་
Vol. 117 · folio 137b
བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པ་ཡིན་ནོ། །དེ་དག་ནི་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་རྒྱུ་གླུའི་དབྱངས་སྙན་པས་ཆོས་སྟོན་པ་ལ་མཁས་པ་ཡིན། ཚུལ་ཁྲིམས་ཀྱི་ནོར་ཅན་ཡིན། བསླབ་པས་ཕྱུག་པ་ཡིན། དོན་དམ་པའི་ཆོས་ལ་མངོན་པར་དགའ་བས་ངུར་སྨྲིག་
དམར་པོའི་ཆོས་གོས་འཆང་བ་ཡིན། ཁམས་གསུམ་ནས་ངེས་པར་འབྱུང་བའི་བསམ་པ་ཅན་ཡིན། རྟག་ཏུ་མཉམ་པར་གཞག་པ། ཤིན་ཏུ་དུལ་བ། གདུལ་དཀའ་བའི་སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའོ། །ཤིན་ཏུ་བག་མེད་པ་རབ་ཏུ་གཉིད་ཀྱིས་ལོག་པའི་སེམས་ཅན་གྱི་ཁམས་
རྣམས་ཆོས་བསྟན་པའི་སྒྲས་རབ་ཏུ་སད་པར་མཛད་པའོ། །ཟབ་མོའི་སྒྲས་རབ་ཏུ་སད་པར་བྱས་ནས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་བྱེད་པའོ། །སེར་སྣ་མེད་པའི་སྦྱིན་བདག་ཆེན་པོའོ། །སེམས་ཅན་ཐམས་ཅད་ལ་བདེ་བ་དང་། ཡིད་བདེ་བ་སྐྱེད་པར་བྱེད་པའི་ལོངས་སྤྱོད་ཕུན་སུམ་
ཚོགས་པ་སྦྱིན་པར་བྱེད་པའོ། །ཆོས་ཀྱི་རྔའི་སྒྲས་སེམས་ཅན་ཐམས་ཅད་བསྡུས་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གྱི་འཁྲི་ཤིང་རྒྱས་པར་གྱུར་པ་ཡེ་ཤེས་ཀྱི་རལ་གྲིས་གཅོད་པ་ལ་མཁས་པས་ཐེ་ཚོམ་ཐམས་ཅད་བཅད་ནས་ཐེ་ཚོམ་མེད་པའི་ཆོས་ཀྱི་དབྱིངས་ལ་རབ་ཏུ་དགོད་པའི་ཕྱིར་ངེས་
པར་འབྱུང་བའི་ཆོས་སྟོན་པར་བྱེད་པའོ། །ཆོས་ལ་གུས་པ་ཆོས་ལ་དགའ་བས་ཕྱིན་ཅི་ལོག་ལ་ཞུགས་པའི་སེམས་ཅན་རྣམས་འཁོར་བའི་འདམ་དུ་ཞུགས་པར་མཐོང་ནས་དེ་དག་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉེ་བར་སྟོན་པར་བྱེད་པའོ། །འཁོར་བའི་རྒྱ་
མཚོ་ཆེན་པོར་འཁྱམས་པའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་ཆོས་ཀྱི་གྲུ་ལེགས་པར་སྦྱར་ནས་ཟག་གླན་བྱས་ཏེ། མདོ་སྡེ་སྣ་ཚོགས་ཀྱི་སྐུད་པས་ཡང་དག་པར་བཅིངས་ནས། ཤེས་རབ་སྐྱ་བ་འཛིན་པས་ལེགས་པར་བཟུང་བ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་རླུང་གིས་
བསྐྱོད་ནས་དེད་དཔོན་ཆེན་པོའི་མགོན་དང་བཅས་པས་མངོན་པར་འདོད་པའི་ཕ་རོལ་གྱི་འགྲམ་ལྟ་བའི་ཡེ་ཤེས་ཀྱི་ཚོགས་དང་། ལམ་གྱི་མཆོག་ལ་ཡང་དག་པར་ཞོན་ནས་མགོན་མེད་པའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་གྲུ་དེར་བཅུག་ནས་གནོད་པ་ཐམས་ཅད་དང་བྲལ་བ་ཡོན་ཏན་ཐམས་ཅད་ཀྱི་
Vol. 117 · folio 138a
འབྱུང་གནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱེད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ། །དེ་ཉིད་སྨན་པའི་རྒྱལ་པོ་བླ་ན་མེད་པའི་དབང་པོ་ཆོས་ཀྱི་
སྨན་བྱིན་པས་ཐམས་ཅད་ཀྱི་ནད་གསོ་བར་བྱེད་པ་དེ་ནི་འཇིག་རྟེན་ལས་འདས་པའི་རིག་པས་རྒོལ་བ་རྣམས་ཕ་རོལ་ཏུ་སོང་བ། ཕས་ཀྱི་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་པ། རྒོལ་བའི་དབང་པོ། རྒོལ་བའི་དབང་ཕྱུག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤེས་པས་དཔའ་བ། བདུད་ཀྱི་
སྒྲའི་སྟོབས་འཇོམས་པའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། དཔུང་གཉེན་དང་། མགོན་དང་། གླིང་དང་། སྣང་བར་གྱུར་པའོ། །དམ་པའི་ཆོས་ཉན་པ་དང་། སེམས་པ་དང་། སྒོམ་པ་ཡོངས་སུ་སྐྱོ་བ་མེད་པའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ཡང་དག་པར་རབ་ཏུ་
དགའ་བར་བྱེད་པའི་སྒྲིབ་པ་མེད་པའི་ཆོས་སྟོན་པར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་མཁས་པའོ། །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་ཤིང་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བ་དང་ཆོས་ཀྱི་འཁོར་
ལོ་བསྐོར་བ་ལ་སོགས་པས་རྫུ་འཕྲུལ་སྣ་ཚོགས་ཡང་དག་པར་སྟོན་པས་སེམས་ཅན་རྣམས་འདུལ་བར་བྱེད་ཀྱང་སེམས་ཅན་གྱི་འདུ་ཤེས་ཀྱང་བསྐྱེད་པར་མི་འགྱུར་རོ། །ཡོངས་སུ་བརྟག་པ་ཉེ་བར་བཟུང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་གྱུར་
ལ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཏིང་ངེ་འཛིན་གྱི་ཡོན་ཏན་མ་ལུས་པ་བརྗོད་པར་བརྩམས་པ་དེ་དང་ལྡན་ཡང་ཡོན་ཏན་གྱི་མཐའ་ཤེས་པར་མི་འགྱུར་རོ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི་དཔག་ཏུ་མེད་པའོ་ཞེས་བསྟན་ཏོ། །ཏིང་འཛིན་རྒྱལ་པོ་ཡོན་ཏན་རྒྱ་མཚོ་ཡི། །ཡོན་ཏན་མ་
ལུས་རབ་ཀྱི་མཐར་ཐུག་པ། །དཔག་མེད་སངས་རྒྱས་ཀྱིས་ཀྱང་བརྗོད་མི་སྤྱོད། །ཐམས་ཅད་མཁྱེན་པའི་བློ་བཞིན་མཐའ་མི་ཤེས། །ཏིང་ངེ་འཛིན་གྱི་ཡོན་ཏན་དང་གཟུངས་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་
Vol. 117 · folio 138b
ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་པར་བྱ་བའི་བར་དུ་ནི་བཤད་ཟིན་ཏོ། །དེས་བཟོད་པའི་སྟོབས་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་འགྱུར་བ་མཚོན་པ་ཡིན་ནོ། །བསྟན་པར་བྱ་བ་ནི་རྟག་ཏུ་གོམས་པའི་སྦྱོར་བས་སོ། །མང་དུ་བྱ་བ་ནི་བསྟན་པར་བྱ་བའོ། །ཆོས་
དོན་དུ་གཉེར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་དོན་དུ་གཉེར་བ་ནི་ཆོས་ཉན་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟན་པའོ། །ཆོས་འདོད་པ་ནི་བསྒོམ་པ་ལ་མངོན་པར་བརྩོན་པར་གྱུར་པའོ། །ཆོས་ཡོངས་སུ་འཛིན་པ་ནི་ཆོས་ཉིད་མངོན་སུམ་དུ་བྱེད་པའོ། །ཆོས་དང་རྗེས་སུ་
མཐུན་པའི་ཆོས་ལ་ཞུགས་པ་ནི་སངས་རྒྱས་མཆོད་པ་ལ་བརྩོན་པ་དང་ལྡན་པའོ། །དེ་ལྟར་རབ་ཏུ་ཞུགས་པས་གནས་གསུམ་ལ་བརྩོན་པར་བྱའོ། །གསུམ་གང་ཞེ་ན་འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཚིག་ཡིན་ནོ། །ཉོན་མོངས་པ་ཟད་པ་ནི་བྱས་པ་དང་མ་བྱས་པའི་སྡིག་པ་རྣམས་
སྤོང་ཞིང་ཟད་པར་བྱེད་པའོ། །བསོད་ནམས་ཀྱི་དབང་དུ་གྱུར་པ་ནི་བསོད་ནམས་ཀྱི་སྟོབས་བདག་པོར་གྱུར་པས་འཇུག་པར་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་འདོད་པས་མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ་རྣམས་བསྐྱེད་པར་བྱ་བའི་འཇིག་རྟེན་གྱི་བདེ་བ་ལ་རེག་པར་མི་བྱའོ། །དོན་
དེ་དག་གསལ་བར་བསྟན་པའི་ཕྱིར། སྔོན་གྱི་སྦྱོར་བའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་གདུལ་བའི་སྐྱེ་བོ་རྣམས་འདུན་པར་བྱ་བའི་ཕྱིར། བསྐལ་པ་སྟོང་དུ་ཇི་ལྟར་ངས་སྤྱད་པ། །ཞེས་བྱ་བ་ལ་སོགས་པ་ལ། མཉན་པར་གྱིས་ཞེས་བྱ་བ་ནི་རྣ་གཏོད་དུ་གཞུག་པའོ། །ཏིང་ངེ་འཛིན་འདི་
ཚོལ་བའི་ཚེ་ངས་སྔོན་བསྐལ་པ་སྟོང་ཕྲག་མང་པོར་སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་ལ་མཆོད་པ་བྱས་སོ། །སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་རྡུལ་གྱི་ཚོགས་པས་མང་བའི་བསྐལ་པ་ཡང་འདས་པ་ན་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང་ཕྱུག་ཅེས་བྱ་བ་བྱུང་ངོ་། །དེ་བཞིན་གཤེགས་
པ་དེའི་དགེ་སློང་གི་དགེ་འདུན་ནི་བྱེ་བ་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །དེའི་ཚེ་ས་ཆེན་པོ་འདི་ཡང་བདེ་ཞིང་ལོ་ལེགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །དེ་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་པར་གྱུར་ཏོ། །དེས་ཤིང་བརྟུལ་ཞུགས་བཟང་ལ་ཉོན་མོངས་
Vol. 117 · folio 139a
ཆུང་། །ཞེས་བྱ་བ་ནི་བདེ་བ་ཐམས་ཅད་དང་ལྡན་དུ་ཟིན་ཀྱང་དེ་བཞིན་གཤེགས་པའི་བདག་པོའི་དབང་གིས་ཉོན་མོངས་པ་དང་བྲལ་བར་གྱུར་ཅིང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པར་གྱུར་ཏོ། །དེ་ཡི་དུས་ན་ས་བདག་བྱུང་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ་དེའི་
དུས་ན་ས་ཆེན་པོའི་བདག་པོའི་རྒྱལ་པོའི་སྲས་མེ་ཏོག་མཆོག་ཅེས་བྱ་བ་བྱུང་ངོ་། །དེའི་བུ་ཡང་ལྔ་བརྒྱ་ཡོད་དེ། གཟུགས་བཟང་ཞིང་ལྟ་ན་སྡུག་པ་སྐྱེས་བུའི་མཚན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་རྒྱལ་པོ་དེས་དེ་བཞིན་གཤེགས་པ་དེ་ལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པའི་སྐྱེད་མོས་ཚལ་
སྟོང་ཕྲག་བརྒྱ་སྙེད་ལོངས་སྤྱོད་དང་ཡོངས་སུ་སྤྱད་པའི་ཕྱིར་ཕུལ་ལོ། །འཆག་པ་ལ་སོགས་པའི་སར་ཡང་གོས་རྣམ་པ་སྣ་ཚོགས་བཏིང་ངོ་། །རྒྱལ་པོའི་བུ་དེ་དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་དག་པར་ལྡན་པས་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་
གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་པ་དང་། སིལ་སྙན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་པས་བཅོམ་ལྡན་འདས་དེ་ལ་མཆོད་པ་བྱས་ཏེ། ཐལ་མོ་སྦྱར་ནས་མདུན་དུ་འདུག་པར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་དང་། ལྷ་ལ་སོགས་པ་ཡང་ཅི་ཞིག་སྟོན་པར་འགྱུར་
སྙམ་པ་ལ། ཟབ་མོའི་ཆོས་སྟོན་པར་འགྱུར་རོ་སྙམ་ནས་དགའ་བར་གྱུར་ཏོ། །སའི་བདག་པོ་དེའི་བླ་ན་མེད་པའི་ལྷག་པའི་བསམ་པ་མཁྱེན་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་སྟོན་པར་མཛད་དོ། །ཆོས་བསྟན་པའི་བྱིན་གྱི་རླབས་ཀྱིས་ས་ཆེན་
པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ནས་ཡང་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་ཀྱི་ཆར་བབ་པར་གྱུར་ཏོ། །ས་ཆེན་པོ་འདི་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་པདྨའི་ཁྱད་པར་མང་པོ་བྱུང་བར་གྱུར་ཏོ། །དེ་ནས་དེའི་བསམ་པ་ལྷག་པར་བཟང་བའི་ངོ་བོ་ཐུགས་སུ་ཆུད་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འདི་ཡང་བཤད་དོ། །དོན་དེའི་ཚིག་རྣམས་ཏེ་དོན་དང་ཚིག་གི་དབྱེ་བ་རྣམས་ཕྱེ་ནས། དེ་ཡི་དོན་ཚིག་རྣམས་ཀྱང་མཉན་པར་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་དོན་དམ་པའོ། །ཚིག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words