འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 120 · folio 29a

ཆོས་སྤྱོད་པ་རྣམ་པ་བཅུ་པོ་དེ་དག་ལ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ཀྱིས་ཞེས་གསུངས་སོ། །གཞན་ཡང་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། ཆོས་སྤྱོད་པ་རྣམ་པ་བཅུ་པོ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ།

ཐོས་པ་ལ་སོགས་པའི་ཤེས་རབ་བསྒྲུབས་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཤེས་རབ་རྣམ་པ་གསུམ་གྱིས་ནི་རྣལ་འབྱོར་ཡང་དག་པར་རབ་ཏུ་བསྟན་ལ། ཆོས་སྤྱོད་པ་རྣམ་པ་བཅུས་ནི་གྲོགས་སུ་འགྱུར་བར་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དབུས་

དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། ཐེག་པ་ཆེན་པོ་ཇི་ལྟ་བུར། །ཆོས་རྣམས་བསྟན་པ་མཛད་པ་དག །བྱང་ཆུབ་སེམས་དཔའ་རྟག་པར་ཡང་། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས། ཡིད་ལ་བྱེད་པའི་ཡང་དག་པར་

སྒྲུབ་པ་དེ་ལ་གྲོགས་ཅི་ཡོད་ཅེ་ན། ཚིག་ལེའུར་བྱས་པ་ལས། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། །ཡང་དག་ལྡན་པར་ཤེས་པར་བྱ། །བཅུ་གང་ཞེ་ན། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པའོ། །ཞེས་

འབྱུང་སྟེ། དེ་ཉིད་ཀྱི་འགྲེལ་པ་ལས། ཐེག་པ་ཆེན་པོ་ཆོས་སྤྱོད་པ་རྣམ་པ་བཅུ་ཡོད་དེ། ཡི་གེ་འདྲི་བ་དང་། མཆོད་པ་དང་། གཞན་དག་ལ་སྦྱིན་པ་དང་། གཞན་ཀློག་པ་དང་། ཉན་པ་དང་། བདག་ཉིད་ཀློག་པ་དང་། ལེན་པ་དང་། ཚིག་དང་དོན་འཆད་པ་དང་། ཁ་ཏོན་བྱེད་པ་དང་།

སེམས་པ་དང་། བསྒོམ་པའོ་ཞེས་འབྱུང་བ་ཡིན་ནོ་ཞེས་ཟེར་ཏེ། བཤད་པ་ནི་ཕྱི་མ་བཟང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དེ་ལས་ཡིད་ལ་བྱེད་པ་ཡང་དག་པར་སྒྲུབ་པ་དེ་ཡང་ཆོས་སྤྱོད་པ་རྣམ་པ་བཅུས་ཡོངས་སུ་འཛིན་པས་སོ་ཞེས་འབྱུང་བས་སོ། །བྱང་ཆུབ་སེམས་ཀྱི་

རྗེས་སུ་སྲུང་བ་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་ཀྱི་སེམས་སྲུང་བའི་མཚན་ཉིད་བསྟན་པའོ། །ཡོངས་སུ་མི་ཉམས་པར་སྲུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་སྲུང་བ་ཞེས་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་རྒྱ་ཆེར་བཤད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་ལས་

Vol. 120 · folio 29b

བསྟན་པ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་ཀྱི་བསྔགས་པ་རྒྱ་ཆེར་བརྗོད་པ་ནི་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བསྟན་པ་བཞིན་ནོ། །དགེ་བའི་བཤེས་གཉེན་ཡང་དག་པ་ལ་བརྟེན་པ་ཞེས་བྱ་བ་ནི་བཞི་པ་དགེ་བའི་བཤེས་གཉེན་ལ་བརྟེན་པའི་མཚན་ཉིད་སྟོན་ཏེ།

བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཡན་ལག་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ལ་གནས་ཤིང་མ་ཉམས་པ་དང་།

སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན། བློ་མ་བྱང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་། ཞི་གནས་དང་ལྷག་མཐོང་ཐོབ་པས་རྟོག་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་ན་སྙིང་བརྩེ་བ་ཡིན་ཏེ། ཚེ་འདི་

ལ་རང་གི་བདེ་བར་གནས་པ་ཡལ་བར་བོར་ནས། གཞན་དག་ལ་སྦྱོར་བ་ཡིན། གཞན་དག་ལ་ཆོས་སྟོན་པ་ན་བག་ཚ་བའི་འཇིགས་པས་དྲན་པ་དང་། སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན་ཏེ། གཞན་དག་གིས་བརྙས་པ་རྣམས་དང་། འཕྱ་བ་དང་། བསྟིང་བ་དང་།

ངན་དུ་བརྗོད་པ་དང་། ངན་པ་འོངས་པ་ལ་སོགས་པ་མི་འདོད་པའི་ཚིག་གི་ལམ་རྣམས་དང་། སེམས་ཅན་གྱི་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་བཟོད་པ་ཡིན། འཁོར་བཞི་པོ་དག་ལ་ཆོས་སྟོན་པ་ལ་སྟོབས་དང་ལྡན་ཞིང་ངལ་བ་མེད་པས་ཡོངས་སུ་མི་སྐྱོ་བ་ཡིན། ཚིག་གི་ཆོས་ཉིད་

ལས་མ་ཉམས་ཤིང་གསལ་བ་ཚིག་གི་བྱ་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། དགེ་བའི་བཤེས་གཉེན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པ་ནི་འཕགས་པའི་ཆོས་ཀྱི་ཚིག་གི་མདོ་དང་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་

ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། དུས་དུས་སུ་ནད་གཡོག་དང་། ཐ་མལ་པའི་གཡོག་བྱ་བ་དང་། བྱམས་པ་དང་། གུས་པ་དང་། དགའ་བ་དང་ལྡན་

Vol. 120 · folio 30a

པ་དང་། དུས་དུས་སུ་གུས་པར་སྨྲ་བ་དང་། ཕྱག་བྱ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པར་བྱ་བ་དང་། མཆོད་པ་བྱ་བ་དང་། ཆོས་དང་མཐུན་པའི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོ་སྨན་དང་། ཡོ་བྱད་སྦྱིན་པས་མཆོད་

པ་དང་། གནས་བཅས་ནས་ཡང་དག་པར་གཟུད་པ་དང་། རྣམ་པར་གཟུད་པས་ཆོས་དང་མཐུན་པས་དོན་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆགས་པ་དང་། དུས་དུས་སུ་ཤེས་པར་བྱ་བའི་བསམ་པས་དྲུང་དུ་འགྲོ་བ་དང་། བསྙེན་བཀུར་བྱེད་པ་དང་། དྲི་བ་དང་ཉན་

པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་བསླབ་པར་བྱའོ་ཞེས་བྱ་བ་ནི་ལྔ་པ་རྒྱུན་མི་འཆད་པར་ནན་ཏན་གྱིས་སྒྲུབ་པའི་མཚན་ཉིད་བསྟན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ། རྟག་པར་རྒྱུན་དུ་རྒྱུན་མི་

འཆད་པའི་ཚུལ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ནི་རྒྱུན་རིང་པོ་དང་། བར་ཆད་མེད་པ་དང་། གུས་པ་དང་། ལུས་མེད་པའི་བསྒོམ་པ་རྣམ་པ་བཞི་ལས་བར་ཆད་མེད་པའི་བསྒོམ་པ་ཉིད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་

དུ་གྲུབ་པ་ལས་ནི་ཡང་ཡན་ལག་གི་སེམས་ཀྱིས་བསྣན་ཏེ། བསྒོམ་པ་རྣམ་པ་ལྔར་བྱས་ནས། མདོ་འདི་ཉིད་ཀྱི་དོན་སྟོན་ཏོ། །དེ་ལ་མཚན་ཉིད་རྣམ་པ་ལྔ་བསྟན་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་འདོད་པས་མཚན་ཉིད་རྣམ་པ་ལྔ་ཕུན་སུམ་ཚོགས་པར་བྱ་དགོས་ཏེ། དང་པོ་ནི་གསུང་

རབ་ཀྱི་ཡན་ལག་ལ་མོས་པ་སྟེ། གལ་ཏེ་བསྟན་པ་ལ་མ་བརྟེན་ན་སྤྱོད་པ་མ་ཡིན་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི་འཕགས་པའི་གསུང་རབ་ལ་མངོན་པར་ཡིད་ཆེས་པར་གྱུར་ནས་ཆོས་སྤྱོད་པ་རྣམ་པ་བཅུས་ཤེས་རབ་གསུམ་སྐྱེད་པར་བྱེད་དེ་སྤྱོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །

གསུམ་པ་ནི་དགེ་བའི་རྩ་བ་རྗེས་སུ་བསྲུངས་ནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །བཞི་པ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་སྟེ། རྐྱེན་ཁྱད་པར་དུ་འཕགས་པ་ལ་ལྟོས་པའི་ཕྱིར་རོ། །ལྔ་པ་ནི་རྒྱུན་མི་འཆད་པར་བསྒོམ་པ་སྟེ། མྱུར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །བསྟན་

Vol. 120 · folio 30b

བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྒོམ་པ་རྣམ་པ་ལྔ་ཞེས་བཤད་དེ། ཀུན་ཏུ་སྤྱོད་པ་ལས་སྦྱོར་བས་བསྒོམ་པ་དང་། མོས་པས་བསྒོམ་པ་དང་། ཡིད་ལ་བྱེད་པས་བསྒོམ་པ་དང་། ཐབས་ལ་མཁས་པས་བསྒོམ་པ་དང་། བྱ་བ་བསྒྲུབ་པས་བསྒོམ་པའོ་ཞེས་འབྱུང་ངོ་། །

གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྒོམ་པ་ནི་མདོར་བསྡུ་ན་རྣམ་པ་ལྔ་པོ་འདི་ལྟ་སྟེ། གནས་པ་ཡོངས་སུ་འཛིན་པ་ལ་བརྟེན་པ་ལ་བསྒོམ་པ་དང་། ཡིད་ལ་བརྟེན་པ་ལ་བསྟེན་པའི་བསྒོམ་པ་དང་། ཡིད་ཀྱི་མོས་པ་ལ་བརྟེན་པའི་བསྒོམ་པ་

དང་། ཐབས་ལ་བརྟེན་པའི་བསྒོམ་པ་དང་། དབང་ལ་བརྟེན་པའི་བསྒོམ་པའོ་ཞེས་འབྱུང་བས་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ཏེ། མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བསླབ་པར་བགྱི་བའི་གཞི་དེ་དག་གྲངས་དྲུག་ཁོ་ནར་གདགས་པ་མཛད་ལགས་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་འཕེལ་འགྲིབ་མེད་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་

པོ་ཡོད་པ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གྲངས་འཕེལ་འགྲིབ་མེད་པར་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཞི་པོ་དག་གི་གྲངས་འཕེལ་འགྲིབ་མེད་པར་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་གསུངས་པ་སྟེ།

འདི་ནི་དང་པོ་དྲུག་ཁོ་ན་ཉིད་དུ་ངེས་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་

དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་བཞི་སྟེ། གྲངས་སྨོས་པ་དང་། རྒྱན་གཉིས་སོ་སོར་བསྟན་པ་དང་། རྐྱེན་རྣམ་པ་གཉིས་སོ་སོར་བསྡུ་བ་དང་། རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་གྲངས་སྨོས་ནས་རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་གྲངས་དེ་ལྟར་ངེས་པར་འགྱུར་རོ་

Vol. 120 · folio 31a

ཞེས་མདོར་ལན་གསུངས་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་དངོས་པོ་གཉིས་ཏེ་ཞེས་འབྱུང་ངོ་། །སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་དང་། ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་རྐྱེན་

རྣམ་པ་གཉིས་སོ་སོར་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལ་དང་པོ་གསུམ་ནི་སེམས་ཅན་རྣམས་ལ་ཕན་གདགས་པ་ཡིན་ལ། ཕྱི་མ་གསུམ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པར་རིག་པར་བྱའོ་ཞེས་བྱ་བས་ནི་གསུམ་པ་དང་པོ་དང་ཕྱི་མའི་རྣམ་པ་

གསུམ་རྐྱེན་གཉིས་སུ་སོ་སོར་བསྡུ་བ་སྟོན་ཏོ། །འདི་ལྟར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་ནི་སེམས་ཅན་ལ་ཕན་འདོགས་པར་བྱེད་དོ། །བརྩོན་འགྲུས་ལ་སོགས་པ་གསུམ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པས་སོ། །དང་པོ་གསུམ་གྱིས་སེམས་ཅན་རྣམས་

ལ་ཕན་འདོགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པས་ནི་ཡོ་བྱད་ཉེ་བར་བསྒྲུབས་ནས་སེམས་ཅན་རྣམས་ལ་ཕན་འདོགས་སོ། །ཚུལ་ཁྲིམས་ནི་གནོད་པ་དང་། ཕོངས་པ་དང་། རྣམ་པར་ཐོ་འཚམས་པ་ཉེ་བར་མི་བསྒྲུབ་པས་སེམས་ཅན་ལ་ཕན་འདོགས་སོ། །བཟོད་

པས་ནི་གནོད་པ་དང་། ཕོངས་པ་དང་། རྣམ་པར་ཐོ་འཚམས་པ་དེ་དག་ལ་ཇི་མི་སྙམ་པར་བཟོད་པས་སེམས་ཅན་ལ་ཕན་ཐོགས་སོ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དང་པོ་ཕན་འདོགས་

པ་གསུམ་བསྟན་པ་དང་། ཕྱི་མ་གཉེན་པོར་གྱུར་པ་གསུམ་བསྟན་པ་སྟེ། འདི་ནི་དང་པོ་སེམས་ཅན་ལ་ཕན་འདོགས་པ་གསུམ་བསྟན་པའོ། །དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལ་སོགས་པ་ལས། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ནི་གོ་རིམས་བཞིན་དུ་ཕན་

འདོགས་པ་རྣམ་པ་གསུམ་པོ་ཡོ་བྱད་ཉེ་བར་བསྒྲུབས་ནས་ཕན་འདོགས་པ་དང་། གནོད་པ་མི་བྱེད་པས་ཕན་འདོགས་པ་དང་། གནོད་པ་བྱེད་པ་ལ་ལན་བྱ་བའི་སེམས་མེད་པས་ཕན་འདོགས་པ་དང་སྦྱར་བར་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས།

Vol. 120 · folio 31b

གཞན་ཡང་དང་པོ་གསུམ་ནི་སེམས་ཅན་ལ་ཕན་འདོགས་པ་དག་ཡིན་ཏེ། དེ་དག་ལ་ཡོ་བྱད་སྦྱིན་ཞིང་དེ་དག་ལ་གནོད་པར་མི་བྱེད་པའི་ཕྱིར་དང་། དེ་དག་གིས་གནོད་པ་བྱས་པ་བཟོད་ཅིང་ཕན་འདོགས་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་

པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕྱི་མ་གསུམ་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་རྣམ་པར་མ་བཅིལ། བག་ལ་ཉལ་བ་ཐམས་ཅད་མ་བཅོམ་པར་ཡང་ནན་ཏན་

གྱིས་དགེ་བའི་ཕྱོགས་རྣམས་སྒོམ་པར་བྱེད་པས་ཉོན་མོངས་པ་དེ་དག་གིས་དགེ་བའི་ཕྱོགས་ལ་སྦྱོར་བའི་ལས་བསྐྱེད་པར་མི་ནུས་སོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་བ་གཏན་དུ་འཇོམས་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་ནི་ཕྱི་མ་གཉེན་

པོར་གྱུར་པ་གསུམ་བསྟན་ཏོ། །འདི་ལྟར་བརྩོན་འགྲུས་དེ་བསམ་གཏན་ལྟར་ཀུན་ཏུ་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་རྣམ་པར་བཅིལ་བ་ཡང་མ་ཡིན། ཤེས་རབ་ལྟར་ས་བོན་བག་ལ་ཉལ་བ་ཐམས་ཅད་གཏན་དུ་བཅོམ་པ་མ་ཡིན་མོད་ཀྱི། འོན་ཀྱང་བརྩོན་འགྲུས་ཀྱིས་དགེ་བ་རྣམས་

སྒོམ་པར་བྱེད་པ་དེས་ཉོན་མོངས་པ་རྣམས་ཀྱིས་མི་བསྐྱེད་པར་དགེ་བའི་ཕྱོགས་ལ་སྦྱོར་བར་བྱེད་དོ། །དགེ་བའི་ཕྱོགས་ལ་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཡིན་ཏེ། བསམ་གཏན་དང་ཤེས་རབ་ཀྱི་ཐབས་སུ་གྱུར་པའི་ཕྱིར་སྦྱོར་བ་ཞེས་བཤད་དོ། །བསམ་གཏན་གྱིས་ནི་ཉོན་

མོངས་པ་ཀུན་ཏུ་སྤྱོད་པ་རྣམ་པར་གནོན་པར་བྱེད་ལ། ཤེས་རབ་ཀྱིས་ནི་ས་བོན་གཏན་དུ་འཇོམས་པའི་ཕྱིར། ཕྱི་མ་གསུམ་ནི་ཉོན་མོངས་པའི་གཉེན་པོར་གྱུར་པའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་། བརྩོན་འགྲུས་ལ་སོགས་པ་གསུམ་ནི་ཉོན་

མོངས་པའི་གཉེན་པོར་གྱུར་པ་ཡིན་ཏེ། རྣམ་པར་བཅིལ་བར་མ་གྱུར་ཀྱང་། ནན་ཏན་གྱིས་དགེ་བའི་ཕྱོགས་ལ་སྦྱོར་ཞིང་གཉེན་པོ་བསྒོམས་ནས་ཉོན་མོངས་པ་རྣམ་པར་གནོན་ཅིང་ཉེ་བར་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་

Vol. 120 · folio 32a

པ་ལ་སོགས་པ་ལས་བསྟན་པ་བཞིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཀྱང་། གཏན་ཚིགས་རྣམ་པ་དྲུག་གིས་ནི་རྣམ་པ་ལྔར་བསྟན་ཏེ། ཁ་ཅིག་ལས་ནི་དོན་གཅིག་གིས་གྲངས་དྲུག་ཏུ་བསྟན་པ་ཡང་ཡོད་དེ། དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོ་

ལས་ཇི་སྐད་དུ། མུ་སྟེགས་ཅན་དག་གིས་ལོག་པར་སྨྲ་བ་ཕྱོགས་རྣམ་པ་དྲུག་རབ་ཏུ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཤར་ཕྱོགས་ནི་སྦྱིན་པ་ལྟ་བུ་སྟེ། ཐོག་མ་ཁོ་ནར་བྱུང་བའི་ཕྱིར་རོ། །ལྷོ་ཕྱོགས་ནི་ཚུལ་ཁྲིམས་ལྟ་བུ་སྟེ། གཡས་ཕྱོགས་དང་

འདྲ་བའི་ཕྱིར་རོ། །ནུབ་ཕྱོགས་ནི་བཟོད་པ་ལྟ་བུ་སྟེ། ཉེས་པ་ལ་བཟོད་པ་དེའི་འོག་ཏུ་འབྱུང་བའི་ཕྱིར་རོ། །བྱང་ཕྱོགས་ནི་བརྩོན་འགྲུས་ལྟ་བུ་སྟེ། མིང་མཆོག་ཏུ་གྱུར་པའི་ཕྱིར་རོ། །འོག་མའི་ཕྱོགས་ནི་བསམ་གཏན་ལྟ་བུ་སྟེ། ངན་འགྲོ་ལ་སོ་སོར་རྟོག་པའི་ཕྱིར་རོ། །སྟེང་གི་ཕྱོགས་

ནི་ཤེས་རབ་ལྟ་བུ་སྟེ། བླ་ན་མེད་པ་མི་སྐྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཅིའི་ཕྱིར་དེ་བཞིན་གཤེགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཉིད་དུ་ཡང་དག་པར་གསུངས་ཤིང་མི་མང་མི་ཉུང་ཞེ་ན། སྨྲས་པ།

སངས་རྒྱས་ནི་ཆོས་ཀྱི་རྒྱལ་པོའི་མཛད་པས་སེམས་ཅན་གྱི་དབང་པོའི་རྗེས་སུ་རེས་འགའ་ནི་མདོ་ནས་གཅིག་དང་། གཉིས་དང་། གསུམ་ལ་སོགས་པ་གསུངས་སོ། །རེས་འགའ་ནི་རྒྱ་ཆེར་སྟོན་པར་ཡང་མཛད་དེ། བསྐལ་པ་བཟང་པོའི་མདོ་ལས་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་བརྒྱད་

ཁྲི་བཞི་སྟོང་ཞེས་གསུངས་པ་དང་། གཞན་ཡང་འགྲོ་དྲུག་གི་སེམས་ཅན་རྣམས་ནི། ལུས་དང་སེམས་ཀྱི་གནོད་པ་ཉམས་སུ་མྱོང་བས་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་སེམས་ཅན་འགྲོ་བ་དྲུག་གི་སྡུག་བསྔལ་རབ་ཏུ་ཞི་བར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་

དྲུག་བསྐྱེད་པ་ཡིན་པས་མི་མང་མི་ཉུང་ངོ་ཞེས་འབྱུང་བ་དང་། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བསླབ་པ་གསུམ་པོ་དག་བསྡུ་བའི་ཕྱིར་དྲུག་ཁོ་ནར་བསྟན་ཏེ། དང་པོ་བཞིས་ནི་ལྷག་པའི་ཚུལ་ཁྲིམས་བསྡུས་སོ། །དེའི་འོག་མ་གཅིག་གིས་ནི་ལྷག་པའི་སེམས་བསྡུས་སོ། །

Vol. 120 · folio 32b

ཐ་མ་གཅིག་གིས་ནི་ལྷག་པའི་ཤེས་རབ་བསྡུས་པ་དེས་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ཁོ་ནར་རྣམ་པར་གཞག་སྟེ། མི་མང་མི་ཉུང་ཞེས་བཤད་པ་ལྟ་བུ་ཁོ་ནའོ། །ཁ་ཅིག་ལ་ནི་དོན་རྣམ་པ་གཉིས་ཀྱིས་མི་མང་མི་ཉུང་བར་བསྟན་པ་ཡོད་དེ། མདོ་འདི་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་

དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ཁ་ཅིག་ལས་ནི་དོན་རྣམ་པ་གསུམ་གྱིས་མི་མང་མི་ཉུང་བར་བསྟན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་

པ་ལས་ཇི་སྐད་དུ། ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཞེ་ན། མི་མཐུན་པའི་ཕྱོགས་དང་། གཉེན་པོར་རྣམ་པར་གཞག་པའི་ཕྱིར་དང་། སངས་རྒྱས་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། མཐུན་པར་གྱུར་པའི་ཕྱིར་རོ་ཞེས་

འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། དེ་ལ་གྲངས་ནི་རྣམ་པ་གཉིས་ཏེ། བགྲང་བའི་གྲངས་དང་། ངེས་པའི་གྲངས་སོ། །བགྲང་བའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་

དྲུག་ཅེས་བྱའོ། །ངེས་པའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་གྲངས་ནི་དྲུག་ཁོ་ན་ཡོད་པས་མི་མང་མི་ཉུང་ངོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནི་མངོན་པར་མཐོ་བའི་ལམ་སྟེ། ཕ་རོལ་ཏུ་ཕྱིན་པ་

སྔ་མ་གསུམ་པོ་དག་གོ། །གཉིས་པ་ནི་ངེས་པར་ལེགས་པའི་ལམ་སྟེ། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གསུམ་པོ་དག་གོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏེ། འདི་ནི་རྐྱེན་དང་པོའོ། །གཞན་ཡང་དེ་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་ཡིན་

པའི་ཕྱིར་རོ། །དེའི་གྲངས་སུ་དྲུག་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་གྱི་ཕྱིར་ནི། མྱ་ངན་ལས་འདས་པ་ལ་མི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གསུམ་གྱི་ཕྱིར་ནི། འཁོར་བ་ལ་མི་གནས་སོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏེ། འདི་

Vol. 120 · folio 33a

ནི་རྐྱེན་གཉིས་པའོ། །གཞན་ཡང་དེ་ཉིད་ལས་སེམས་ཅན་སྡུད་ཅིང་ཕན་འདོགས་པའི་ཕྱིར་དང་། ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར། གྲངས་དྲུག་ཁོ་ནའོ་ཞེས་འབྱུང་སྟེ། འདི་ནི་མདོ་འདི་ཉིད་ལས་གསུམ་པ་དང་མཐུན་པར་དོན་རྣམ་པ་གཉིས་ཀྱི་དྲུག་

ཏུ་གསུངས་པར་བསྟན་ཏེ་འདི་ནི་རྐྱེན་རྣམ་པ་གསུམ་པའོ། །ཁ་ཅིག་ལས་ནི་དོན་རྣམ་པ་བཞིས་མི་མང་མི་ཉུང་བར་བསྟན་པ་ཡང་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཇི་སྐད་དུ་བསྟན་པ་བཞིན་ཏེ། བསྟན་བཅོས་དེ་ཉིད་ལས་ནི་དོན་རྣམ་པ་གསུམ་གྱིས་

བསྟན་ཏོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་གྲངས་མི་མང་མི་ཉུང་བར་བསྟན་པ་ལ་ཡང་དོན་རྣམ་པ་གཉིས་ཏེ། སྒྲིབ་པ་བཅུ་རབ་ཏུ་སེལ་བའི་ཕྱིར་དང་། དེ་བཞིན་ཉིད་བཅུ་མངོན་དུ་བྱེད་པའི་ཕྱིར་དང་། གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་མི་མང་མི་ཉུང་བར་བསྟན་པ་ཡང་

དོན་རྣམ་པ་བཞི་ཡོད་དེ། དང་པོ་ནི་རྒྱུ་རྣམ་པ་གསུམ་ལ་བརྟེན་ནས་ནི་མི་མཐུན་པའི་སྒྲིབ་པ་རྣམ་པ་དྲུག་རབ་ཏུ་སེལ་བའི་ཕྱིར་དང་། རིམ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པའི་ཕྱིར་དང་རིམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །

གཉིས་པ་ནི་ལམ་གཉིས་ལ་བརྟེན་པ་ནི་འདི་ལྟ་སྟེ། མངོན་པར་མཐོ་བའི་ལམ་དང་། ངེས་པར་ལེགས་པའི་ལམ་གང་ཡིན་པ་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་གྲངས་དང་པོ་ནས་བསྟན་པ་དང་མཐུན་ནོ། །གསུམ་པ་ནི་སེམས་ཅན་ལ་ཕན་འདོགས་ཤིང་སྒྲིབ་

པ་རབ་ཏུ་སེལ་བ་དང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་ནོ། །བཞི་པ་ནི་མི་གནས་པའི་ལམ་གྱིས་མི་མང་མི་ཉུང་བར་བསྟན་པ་ནི་འདི་ལྟ་སྟེ། དང་པོ་གསུམ་གྱི་ཕྱིར་ནི་མྱ་ངན་ལས་འདས་པ་ལ་མི་གནས་པ་དང་། ཕྱི་མ་གསུམ་གྱི་ཕྱིར་ནི་འཁོར་བ་ལ་མི་གནས་པ་གང་ཡིན་པ་སྟེ། ཞིབ་

ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། དང་པོ་གསུམ་ཁོ་ན་སྟོན་ཏེ། རིམ་གྱིས་སྒྲིབ་པ་རབ་ཏུ་སེལ་བ་དང་། སངས་རྒྱས་ཀྱི་ཆོས་སྒྲུབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་

Vol. 120 · folio 33b

ལས་བཏུས་པ་ལས་ནི། ཕྱི་མ་གསུམ་ཁོ་ནའི་དོན་དང་། ལམ་རྣམ་པ་གཉིས་ལ་སོགས་པ་སྟོན་ཏོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བསྟན་བཅོས་གཉིས་ཀྱི་དོན་ནི་སྤྱིར་བསྡུས་ནས་རྣམ་པ་དྲུག་ཏུ་བསྟན་པའི་ཕྱིར་རྐྱེན་བཞིར་གྱུར་པ་ཡིན་ནོ། །ཡང་བསྟན་

བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། རྐྱེན་རྣམ་པ་དྲུག་ཏུ་ཕྱེ་ནས་སྟོན་ཏེ། ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པའི་རྒྱུ་རྣམ་པ་གསུམ་ལོགས་ཤིག་ཏུ་ཕྱེ་བའི་ཕྱིར་རོ། །མདོ་འདི་ལས་གསུངས་པའི་རྐྱེན་རྣམ་པ་གཉིས་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་

བཏུས་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེ་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པ་བཞིའི་གྲངས་མི་མང་མི་ཉུང་བར་བསྟན་པ་སྟེ། མདོའི་ཚིག་ཐད་ཀར་བཅས་པ་ན་བཤད་པར་བྱའོ། །བསྟན་

བཅོས་མདོ་སྡེའི་རྒྱན་ལས་ནི་ཚིགས་སུ་བཅད་པ་དྲུག་གིས་དྲུག་ཏུ་རྣམ་པར་གཞག་པའི་གཏན་ཚིགས་སྟོན་ཏེ། བདག་ལ་ཕན་འདོགས་པའི་གཞི་རྣམ་པ་གསུམ་བསྡུ་བའི་ཕྱིར་དང་། བདག་དང་གཞན་ལ་ཕན་འདོགས་པའི་རྣམ་པ་དྲུག་བསྡུ་བའི་ཕྱིར་དང་། བདག་དང་

གཞན་ལ་ཕན་འདོགས་པ་གཞི་རྣམ་པ་དྲུག་བསྡུ་བའི་ཕྱིར་དང་། ཐེག་པ་ཆེན་པོའི་རྒྱུ་རྣམ་པ་བཞི་བསྡུ་བའི་ཕྱིར་དང་། ཐེག་པ་ཆེན་པོའི་ལམ་དྲུག་བསྡུ་བའི་ཕྱིར་དང་། ཐེག་པ་ཆེན་པོའི་བསླབ་པ་གསུམ་བསྡུ་བའི་ཕྱིར་ཏེ། བརྟགས་ན་ཁོང་དུ་ཆུད་པར་འགྱུར་བས་ཞིབ་ཏུ་མ་

བཤད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞི་ཁོ་ནར་མཛད་པར་གདགས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཕ་

རོལ་ཏུ་ཕྱིན་པ་ཕྱི་མ་བཞིའི་གྲངས་འཕེལ་འགྲིབ་མེད་པར་བསྟན་པའོ། །དེ་བཞི་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་པོ་འདི་ལྟ་སྟེ། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་སོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་

Vol. 120 · folio 34a

དུ་གསུངས་པ་སྟེ། འདི་ནི་དང་པོ་གྲངས་བཞིའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གྲོགས་སུ་གྱུར་པའི་ཕྱིར་ཏེ་

ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་སྟེ། དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །དེ་ཡང་རྣམ་པ་གཉིས་ལས་གྲངས་བཞི་ལས་མི་མང་མི་ཉུང་བའི་ལན་མདོར་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཞིའི་གྲངས་མི་ཉུང་མི་མང་བར་གྱུར་པའི་དོན་རྣམ་པར་ཕྱེ་སྟེ་

བཤད་པའོ། །འདི་ནི་དང་པོར་གྲངས་བཞིར་ངེས་པའི་གཏན་ཚིགས་མདོར་བསྟན་པའོ། །འདི་ལྟར་རྣམ་པ་དྲུག་པོ་དག་གི་གྲོགས་སུ་གྱུར་པའི་ཕྱིར་རྣམ་པ་བཞི་ཁོ་ན་སྟེ། མི་མང་མི་ཉུང་ངོ་། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཕྱི་མ་བཞི་ཁོ་ནར་གྱུར་པ་

ཡང་སྔ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གྲོགས་སུ་གྱུར་ཅིང་ཡོངས་སུ་རྫོགས་པར་བྱེད་པས་མི་ཉུང་མི་མང་བའི་ཕྱིར། ཐབས་ལ་མཁས་པ་ནི་སྦྱིན་པ་ལ་སོགས་པ་གསུམ་གྱི་གྲོགས་སུ་གྱུར་པ་ཡིན་ནོ། །སྨོན་ལམ་ནི་བརྩོན་འགྲུས་ཀྱི་གྲོགས་སུ་གྱུར་པ་ཡིན་ནོ། །སྟོབས་ནི་བསམ་

གཏན་གྱི་གྲོགས་སུ་གྱུར་པ་ཡིན་ནོ། །ཡེ་ཤེས་ནི་ཤེས་རབ་ཀྱི་གྲོགས་སུ་གྱུར་པ་ཡིན་ཏེ་སོ་སོ་ནས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱིས་ཡོངས་སུ་བསྡུས་པའི་སེམས་ཅན་གང་

ཡིན་པ་བསྡུ་བའི་དངོས་པོར་ཟིན་པའི་ཐབས་ལ་མཁས་པས་དགེ་བའི་ཕྱོགས་ལ་འཇོག་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་ལ་གོ་རིམས་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཞི་པོ་དག་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ཀྱིས་

རྣམ་པ་བཞིར་དབྱེ་སྟེ། འདི་ནི་དང་པོ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱི་གྲོགས་སུ་གྱུར་པར་བསྟན་པའོ། །རེ་རེ་ལ་ཡང་རྣམ་པར་བཤད་པ་དང་མཇུག་བསྡུ་བ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འདི་དང་པོ་ཐབས་རྣམ་པ་གསུམ་གྱི་

Vol. 120 · folio 34b

གྲོགས་སུ་གྱུར་པ་ཉིད་རྣམ་པར་བཤད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱིས་ཡོངས་སུ་བསྡུས་པའི་སེམས་ཅན་གང་ཡིན་པ་དེ་དག་བསྡུ་བའི་དངོས་པོ་ཐབས་ལ་མཁས་པས་ཡོངས་སུ་བཟུང་ནས་དགེ་བའི་ཕྱོགས་ལ་འཇོག་པར་བྱེད་དོ། །བསྡུ་

བའི་དངོས་པོ་དེ་ཡང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྤྱིར་ཡོངས་སུ་བཟུང་བ་ལ་བྱའོ། །མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་བསྡུ་བའི་དངོས་པོ་ཞེས་འབྱུང་གི་བཞི་ཞེས་པ་ནི་མི་འབྱུང་ངོ་། །ཡང་ན་བསྡུ་བའི་དངོས་པོ་ཞེས་བྱ་བ་ནི་བསྡུ་

བའི་དངོས་པོ་བཞི་ཡིན་པའི་ཕྱིར་རོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱིས་ཡོངས་སུ་བསྡུས་པའི་སེམས་ཅན་གང་ཡིན་པ་བསྡུ་བའི་དངོས་པོ་བཞིས་དགེ་བ་ལ་འཇོག་པར་བྱེད་ཅེས་འབྱུང་ངོ་། །དེའི་ཕྱིར་ངས་

ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་གསུམ་པོ་དག་གི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་བསྟན་ཏེ། བརྡ་ཕྲད་པར་ཟད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ཆོས་ལ་ཉོན་མོངས་པ་མང་བའི་ཕྱིར། རྒྱུན་མི་

འཆད་པར་སྒོམ་མི་ནུས་པ་དང་། ལྷག་པའི་བསམ་པའི་སྟོབས་ཆུང་བའི་ཕྱིར་དང་། ཁམས་དང་མོས་པ་དམན་པའི་ཕྱིར་སེམས་ནང་དུ་འཇོག་མི་ནུས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། དམིགས་པ་དང་། ལེགས་པར་མ་བསྒོམས་པའི་ཕྱིར་བསམ་གཏན་གྱིས་འཇིག་རྟེན་

ལས་འདས་པའི་ཤེས་རབ་མངོན་པར་བསྒྲུབ་པར་མི་ནུས་པས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྨོན་ལམ་ལ་བརྩོན་འགྲུས་ཀྱི་གྲོགས་སུ་གྱུར་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བ་སྟེ། འདི་ནི་དང་པོ་རྣམ་པར་བཤད་པའོ། །འདི་ཡང་

རྣམ་པ་གཉིས་ཏེ། སྨོན་ལམ་འདེབས་པའི་རྒྱུ་བསྟན་པ་དང་། སྨོན་ལམ་བརྩོན་འགྲུས་ཀྱི་གྲོགས་སུ་འགྱུར་བ་ཉིད་དུ་བསྟན་པའོ། །འདི་ནི་དང་པོ་སྨོན་ལམ་འདེབས་པའི་རྒྱུ་བསྟན་པ་སྟེ། མདོའི་ཚིག་འདི་ཡང་རྐྱེན་རྣམ་པ་གསུམ་དུ་དབྱེའོ། །དང་པོ་ནི་བྱང་ཆུབ་སེམས་དཔའ་

Vol. 120 · folio 35a

རྣམས་མཐོང་བའི་ཆོས་ལ་ཉོན་མོངས་པ་མང་བའི་ཕྱིར། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ཀྱི་ཆོས་བསྒོམ་པར་མི་ནུས་ཏེ། དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལས་ནི་ལུས་ཀྱི་མངོན་སུམ་དུ་ཞེས་འབྱུང་ངོ་། །གཉིས་པ་ནི། ལྷག་པའི་བསམ་པའི་

སྟོབས་ཆུང་བའི་ཕྱིར་དང་། འདོད་པའི་ཁམས་ཀྱི་རྣམ་པར་གཡེང་བའི་གནས་སྐབས་ཀྱི་མོས་པ་ཡིན་པའི་ཕྱིར་རྐྱེན་རྣམ་པ་འདི་གཉིས་ཀྱིས་སེམས་ཀྱི་ནང་དུ་ཏིང་ངེ་འཛིན་ལ་འཇོག་པར་མི་ནུས་པ་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་འབྲས་

བུའི་འོག་མར་སྐྱེ་བ་སྨོན་པ་དང་། སེམས་དམན་པ་རྒྱུན་དུ་བསྒོམ་པ་དང་། སེམས་ནང་དུ་འཇོག་པར་མི་ནུས་ཞེས་འབྱུང་ངོ་། །གསུམ་དུ་ནི་ཐེག་པ་ཆེན་པོའི་བསྟན་པ་ཉན་པར་མི་ནུས་པ་དང་། བསམ་གཏན་ལ་དམིགས་ཤིང་ལེགས་པར་བསྒོམ་པར་མི་ནུས་པའི་ཕྱིར་བསམ་གཏན་གྱི་

འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་བསྒྲུབ་མི་ནུས་པའོ། །གོང་དུ་བསྟན་པའི་རྐྱེན་རྣམ་པ་གསུམ་གྱི་ཕྱིར། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བསོད་ནམས་ཀྱི་ཚོགས་ཅུང་ཟད་ཡང་དག་པར་བླངས་ཏེ། ཕྱི་མ་ལ་ཉོན་མོངས་པ་

ཡང་ཞིང་ཆུང་བ་ཉིད་དུ་སེམས་ཀྱིས་ཡང་དག་པར་སྨོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྨོན་ལམ་བརྩོན་འགྲུས་ཀྱི་གྲོགས་སུ་གྱུར་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྨོན་ལམ་འདེབས་པ་ཡང་དག་པར་བསྟན་པ་དང་། སྨོན་ལམ་བརྩོན་འགྲུས་ཀྱི་གྲོགས་སུ་གྱུར་པ་

ཉིད་དུ་བསྟན་པ་སྟེ། འདི་ནི་དང་པོ་སྨོན་ལམ་འདེབས་པ་ཡང་དག་པར་བསྟན་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཅུང་ཟད་ཡང་དག་པར་བླངས་ནས་འདི་སྐད་དུ་སྨོན་ལམ་འདེབས་ཏེ། བསོད་ནམས་འདིའི་མཐུས་མ་འོངས་པ་ན་

ཉོན་མོངས་པ་སྤངས་ཤིང་ཆུང་བ་ཉིད་དུ་གྱུར་ཅིག་ཅེས་ཟེར་བའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚ་བསྒྱུར་བ་ལས་ནི་དགེ་བའི་རྩ་བ་སྲབ་ཅིང་ཆུང་བ་ཞེས་འབྱུང་ངོ་། །དེ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྨོན་ལམ་དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཡང་ཞིང་སྲབ་

Vol. 120 · folio 35b

མོར་གྱུར་ནས་བརྩོན་འགྲུས་རྩོམ་ནུས་པར་འགྱུར་བས་ཞེས་བྱ་བས་ནི་གཉིས་པ་སྨོན་ལམ་བརྩོན་འགྲུས་ཀྱི་གྲོགས་སུ་གྱུར་པ་ཉིད་དུ་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་

ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་མཉན་ནས་ཚུལ་བཞིན་ཡིད་ལ་བྱེད་པས་རྒྱུ་དང་རྐྱེན་བྱ་བའི་ཕྱིར་ལྷག་པའི་བསམ་

པ་སྟོབས་ཆུང་བ་ཉིད་བཟློག་ནས་ལྷག་པའི་བསམ་པ་ཁྱད་པར་ཅན་དུ་གྱུར་པ་དང་། ཁམས་དང་མོས་པ་ལ་གྱ་ནོམ་པ་ཡང་ཐོབ་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་སྟོབས་བསམ་གཏན་གྱི་གྲོགས་སུ་གྱུར་པ་བསྟན་པའོ། །འདི་ཡང་རྣམ་པར་བཤད་པ་དང་། མཇུག་

བསྡུ་བས་བསྟན་ཏེ། འདི་ནི་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། སྟོབས་བསམ་གཏན་གྱི་གྲོགས་སུ་འགྱུར་བ་ཉིད་བསྟན་པའོ། །འདི་ནི་དང་པོ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་

སེམས་དཔའ་རྣམས་རྒྱུ་དང་རྐྱེན་རྣམ་པ་གསུམ་གྱིས་ལྷག་པའི་བསམ་པ་དང་། མོས་པ་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་བའོ། །དེ་ལ་རྒྱུ་དང་རྐྱེན་རྣམ་པ་གསུམ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཡང་དག་པའི་ཆོས་མཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་

པའོ། །རྒྱུ་དང་རྐྱེན་རྣམ་པ་འདི་གསུམ་ལྷག་པའི་བསམ་པའི་སྟོབས་ཆུང་བ་ལས་ལྡོག་ནས་ལྷག་པའི་བསམ་པ་ཁྱད་པར་ཅན་དུ་གྱུར་པ་དང་ཁམས་དང་། མོས་པ་གྱ་ནོམ་པ་ཡང་ཐོབ་པར་འགྱུར་བས་ཆོས་གསུམ་པོ་འདི་ལ་སྟོབས་ཞེས་བྱ་བའོ། །འདི་ལྷག་པའི་བསམ་པ་

དང་། མོས་པ་ཞེས་བྱ་བ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མཚམས་རྣམ་པར་གྲོལ་བའི་མདོ་ལས། སྟོབས་ཆུང་བ་ཉིད་ལྡོག་པ་ལས་ལྟོས་པ་དང་། སྟོབས་ཐོབ་པ་ལས་ལྟོས་པ་དང་། ཁམས་ཁྱད་པར་འཕགས་པས་ནང་དུ་སེམས་རྩེ་གཅིག་པ་ཉིད་ཅེས་གསུངས་པ་དང་སྦྱར་ན་དེ་ལ་

Vol. 120 · folio 36a

སྟོབས་ཆུང་བ་ལས་ལྡོག་པ་ལས་ལྟོས་པ་ཞེས་བྱ་བ་ནི་ཁམས་དམན་པ་དང་། མོས་པ་ཞན་པ་གང་ཡིན་པའོ། །སྟོབས་ཐོབ་པ་ལ་ལྟོས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷག་པའི་བསམ་པ་ཁྱད་པར་ཐོབ་པ་གང་ཡིན་པའོ། །ནང་དུ་སེམས་རྩེ་གཅིག་

པ་ཉིད་ཅེས་བྱ་བ་ནི་བསམ་གཏན་ལ་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སེམས་ཆུང་བ་དེ་ཉིད་ལྡོག་ནས། དགེ་བའི་སྟོབས་འཕེལ་བ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དེ་ལ་གནས་པ་ཞེས་འབྱུང་ངོ་། །མདོ་འདི་ལས་ལྷག་པའི་བསམ་

པ་སྟོབས་ཆུང་བ་ཉིད་ལྡོག་ནས་ཞེས་གསུངས་པ་ནི་དམན་པའི་བསམ་པ་སྤངས་ནས་ཁྱད་པར་དུ་འཕགས་པའི་བསམ་པ་ཐོབ་པར་འགྱུར་བའོ། །ཡང་ཐོབ་པར་འགྱུར་བ་ཞེས་བྱ་བ་ནི་ཁམས་དམན་པ་འབའ་ཞིག་མ་ཡིན་གྱི་ཁམས་གྱ་ནོམ་པ་ཡང་ཐོབ་པར་འགྱུར་བ་གང་

ཡིན་པ་དེ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། སེམས་དམན་པའི་ལས་སྤངས་ནས་ཡུལ་གྱི་གྱ་ནོམ་པ་ལས་རྒྱལ་བ་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་ནོར་རོ། །སྟོབས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ནི་རྗེས་ལ་ཐོབ་པའི་ཤེས་པ་ཡིན་ན། ཅིའི་ཕྱིར་འདུན་པ་དང་། མོས་པའི་ངོ་བོ་ཉིད་དུ་བསྟན་ཅེ་ན། མདོ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་ཀྱང་། འདི་ནི་གྲོགས་བྱེད་པའི་དབང་དུ་མཛད་ནས་ངོ་བོ་ཉིད་བསྟན་པ་ཡིན་པའི་ཕྱིར་འདུན་པ་ལ་སོགས་པར་བསྟན་

ཏོ། །དེ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྟོབས་དེ་ཉིད་ཀྱི་ཕྱིར་སེམས་ནང་དུ་འཇུག་ནུས་པས་ཞེས་བྱ་བས་ནི་གཉིས་པ་སྟོབས་བསམ་གཏན་གྱི་གྲོགས་སུ་གྱུར་པ་ཉིད་དུ་བསྟན་པའོ། །འདི་ལྟར་གོང་དུ་བསྟན་པ་ལྟ་བུའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དེ། སྟོབས་

དེ་ཉིད་ཀྱི་ཕྱིར་སེམས་ནང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་ནུས་པར་གྱུར་པའོ། །དེའི་ཕྱིར་ངས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ་མདོ་དེ་ཉིད་ཀྱིས་བརྡ་

Vol. 120 · folio 36b

ཕྲད་པར་ཟད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། དམིགས་པ་དང་། ལེགས་པར་བསྒོམས་པའི་ཕྱིར། བསམ་གཏན་མངོན་པར་བསྒྲུབ་ནུས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་ཡེ་ཤེས་རང་གི་གྲོགས་བྱེད་

པ་ཉིད་དུ་བསྟན་པའོ། །འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་པའོ། །རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་དང་། ཡེ་ཤེས་ཤེས་རབ་ཀྱི་གྲོགས་སུ་གྱུར་པ་ཉིད་དུ་བསྟན་པ་སྟེ། འདི་ནི་དང་པོའོ། །འདི་

ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པར་ནུས་པ་ནི་ཐོས་པའི་ཤེས་རབ་བོ། །དམིགས་པར་ནུས་པ་ནི་བསམ་པའི་ཤེས་རབ་བོ། །ལེགས་པར་བསྒོམས་པ་ནི་བསྒོམ་པའི་ཤེས་རབ་སྟེ། དེ་དག་གིས་བསམ་གཏན་མངོན་པར་བསྒྲུབ་པར་ནུས་པར་གྱུར་པའོ། །ཡང་ན་ནང་གི་

ཡིད་ལ་བྱེད་པས་བསམ་གཏན་བསྐྱེད་པ་བསམ་གཏན་གང་ཡིན་པ་དེ་ནི་བསྒོམ་པའི་ཤེས་རབ་ཀྱིས་བསྡུས་པའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་བསྟན་པ་བཞིན་ཏེ། འགྲེལ་པ་དེ་ལས་ནི། བྱང་ཆུབ་སེམས་དཔའི་སྡེ་

སྣོད་ཀྱི་ཚིག་འབྲུ་ལ་དམིགས་པ་ལས་བྱུང་བའི་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་། ཕ་རོལ་པོའི་གནས་ལྔ་ལ་དམིགས་པའི་ཤེས་པ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མདུན་རོལ་ན་ཡོད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་

རྗེས་ལ་ཡོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཡེ་ཤེས་དེས་ཏིང་ངེ་འཛིན་སྐྱེས་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་རབ་ཏུ་འདྲེན་པར་བྱེད་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

གྲོགས་སུ་གྱུར་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཡེ་ཤེས་དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་བསྒྲུབ་པར་ནུས་པར་འགྱུར་བས་ཞེས་བྱ་བ་ནི་གཉིས་པ་ཡེ་ཤེས་ཤེས་རབ་ཀྱི་གྲོགས་ཡིན་པར་བསྟན་པ་སྟེ།

Vol. 120 · folio 37a

མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེའི་ཕྱིར་ངས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏེ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །མཚམས་

རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཕལ་ཆེར་མདོ་དེ་ཉིད་ལས་གསུངས་པ་དང་མཐུན་པར་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བཞི་རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་

བཅོས་ས་ཡོངས་སུ་འཛིན་པ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །།བམ་པོ་ལྔ་བཅུ་དགུ་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམས་དེ་ལྟར་བསྟན་པར་མཛད་ལགས་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གོ་རིམས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་བསྟན་ཏེ།

འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གོ་རིམས་ཀྱི་གཏན་ཚིགས་ཞུས་པའོ། །མདོར་བསྟན་པ་ཡིན་པས་ཕྱི་མ་བཞིའི་གོ་རིམས་ནི་མ་བསྟན་ཏོ། །ཡང་ན་སྔར་གོང་དུ་བསྟན་པ་ཉིད་ཀྱིས་དོན་བསྟན་ཟིན་པའི་ཕྱིར་ཡང་མ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་

དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕྱི་མ་ཕྱི་མའི་རབ་ཏུ་འདྲེན་པའི་རྟེན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ལན་མདོར་

གསུངས་པ་དང་། གཞུང་བཞིན་རྒྱ་ཆེར་རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ནི་དང་པོ་དེ་བཞིན་གཤེགས་པས་ལན་མདོར་གསུངས་པ་སྟེ། ངས་རབ་ཏུ་འདྲེན་པར་བྱེད་པ་ལ་དགོངས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གོ་རིམས་དེ་ལྟར་བསྟན་ཏེ། ཕྱི་མ་ཕྱི་མའི་

Vol. 120 · folio 37b

དོན་ཉིད་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་ཡང་དག་པར་བསྲུངས་ན་བཟོད་པ་སྒོམ་པར་བྱེད་དོ། །བཟོད་པ་བསྒོམས་ནས་བརྩོན་འགྲུས་རྩོམ་པར་

འགྱུར་རོ། །བརྩོན་འགྲུས་བརྩམས་ནས་བསམ་གཏན་སྒྲུབ་པར་འགྱུར་རོ། །བསམ་གཏན་དང་ལྡན་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་གཞུང་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྔ་ཕྱིར་གོ་རིམས་རྒྱ་ཆེར་བཤད་པའོ། །འདི་ནི་བསྟན་བཅོས་

མདོ་སྡེའི་རྒྱན་ལས་རབ་ཏུ་འདྲེན་པའི་གོ་རིམས་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་བསྟན་བཅོས་དེ་ལ་སྔ་མ་ལ་ཕྱི་མ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཚུལ་ཁྲིམས་དང་ལྡན་

པས་བཟོད་པ་སྐྱེད་དོ། །བཟོད་པ་བསྐྱེད་ནས་བརྩོན་འགྲུས་བརྩམས་པས་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ། །ཏིང་ངེ་འཛིན་བསྐྱེད་ནས་དེ་ཁོ་ན་ཉིད་ཀྱི་ཆོས་རབ་ཏུ་ཤེས་པར་འགྱུར་རོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཅིའི་ཕྱིར་ཕ་རོལ་ཏུ་

ཕྱིན་པ་དྲུག་པོ་དག་གི་གོ་རིམས་བསྟན་ཅེ་ན་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་སྔ་མ་རྣམས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་འབྱུང་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་འབྱུང་བ་དང་རྗེས་སུ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་ལོངས་

སྤྱོད་ལ་མ་ཆགས་ན་ཚུལ་ཁྲིམས་བསྲུང་ནུས་སོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་དོ། །བཟོད་ན་གཉེན་པོ་ལ་མི་བརྗེད་དོ། །གཉེན་པོ་ལ་མི་བརྗེད་པས་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ནས་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་ན་ཡང་དག་

པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར། རྣམ་པ་དྲུག་པོ་དག་གོ་རིམས་དེ་ལྟར་བསྟན་ཏོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ནི་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་ལ་དགོངས་ནས་གོ་རིམས་དེ་ལྟར་བསྟན་པ་ཡིན་ནོ་

Vol. 120 · folio 38a

ཞེས་འབྱུང་ངོ་། །དེའི་ཕྱིར་ངས་གོ་རིམས་དེ་ལྟར་བསྟན་ཏོ་ཞེས་བྱ་བ་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་གི་གོ་རིམས་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ནས་ནི་དོན་རྣམ་པ་གཅིག་

གིས་གོ་རིམས་བསྟན་པ་ཡོད་དེ་མདོ་དེ་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། ཐེག་པ་ཆེན་པོ་བསྡུ་བའི་འགྲེལ་པ་རྣམ་པ་གཉིས་ལས་རབ་ཏུ་འདྲེན་པ་ལས་སྔ་ཕྱིར་

བསྟན་པ་ལྟ་བུའོ། །ཁ་ཅིག་ལས་ནི་དོན་རྣམ་པ་གཉིས་ཀྱིས་སྟོན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ། དང་པོ་ནི་རབ་ཏུ་འདྲེན་པའི་གོ་རིམས་སོམོ་ཞེས་འབྱུང་སྟེ། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་ནོ། །

གཉིས་པ་ནི་རྣམ་པར་དག་པ་ཡོངས་སུ་འཛིན་པའི་ཕྱིར་གོ་རིམས་ཏེ། ཕ་རོལ་ཏུ་ཕྱིན་པ་སྔ་མ་སྔ་མ་རྣམས་ཕ་རོལ་ཏུ་ཕྱིན་པ་ཕྱི་མས་རྣམ་པར་དག་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུའོ། །ཁ་ཅིག་ལས་ནི་དོན་རྣམ་པ་གསུམ་གྱིས་སྟོན་པ་ཡང་ཡོད་དེ། འཕགས་པ་ལེགས་པའི་

ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ཡོངས་སུ་འཛིན་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་གཉེན་པོའི་ཕྱིར་དང་། འབྱུང་བའི་ཕྱིར་དང་། འབྲས་བུ་ཐོབ་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དོན་རྣམ་པ་

གསུམ་གྱིས་བསྟན་པ་ཡང་ཡོད་དེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། རབ་ཏུ་འདྲེན་པ་དང་རྣམ་པར་དག་པ་ཡོངས་སུ་འཛིན་པ་དང་། རགས་པ་དང་། ཕྲ་བ་ཞེས་བསྟན་པ་ལྟ་བུ་སྟེ། རབ་ཏུ་འདྲེན་པ་དང་རྣམ་པར་དག་པ་ནི་སྔ་མ་བཞིན་ནོ། །དེ་ལ་རགས་པ་

དང་ཕྲ་བ་ཞེས་བྱ་བའི་སྤྱོད་པ་རྣམས་ཀྱི་ནང་ན་སྦྱིན་པ་ནི་མཆོག་ཏུ་རགས་པའི་ཕྱིར་ཐོག་མར་རྣམ་པར་གཞག་གོ། །བཟོད་པ་ལ་སོགས་པའི་སྤྱོད་པས་ཚུལ་ཁྲིམས་རགས་པའི་ཕྱིར་དེའི་འོག་ཏུ་རྣམ་པར་གཞག་གོ། །དེ་བཞིན་དུ་ཤེས་རབ་ལས་བསམ་གཏན་རགས་པའི་བར་དུ་སྟེ། ཤེས་

Vol. 120 · folio 38b

རབ་ནི་ཐམས་ཅད་པས་ཕྲ་བའི་ཕྱིར་ཐ་མར་རྣམ་པར་གཞག་གོ་ཞེས་འབྱུང་ངོ་། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ཀྱང་དོན་རྣམ་པ་གསུམ་གྱིས་སྟོན་ཏོ། །དང་པོ་སྔ་མས་ཕྱི་མ་འདྲེན་པར་བྱེད་པ་ནི་སྔར་བཤད་པ་དང་འདྲའོ། །གཉིས་པ་ནི་རབ་དང་འབྲིང་དང་ཐ་མ་སྟེ། སྔ་མ་ནི་ཐ་མ་

ཡིན་ལ། ཕྱི་མ་ནི་རབ་ཡིན་ནོ། །གསུམ་པ་ནི་རགས་པ་དང་ཕྲ་བ་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་དང་མཐུན་ཏེ། དེའི་ཕྱིར་དེ་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །ཐ་མ་ལ་ནི་རབ་ཀྱི་གནས། །རགས་པ་དང་ནི་ཕྲ་བའི་ཕྱིར། ཕ་

རོལ་ཕྱིན་དྲུག་གོ་རིམས་བསྟན། །མི་འཁྲུགས་པ་ལ་རྒྱུ་གསུམ་ཡོད། །ཅེས་འབྱུང་བ་ཡིན་ནོ། །ཁ་ཅིག་ལས་ནི་དོན་རྣམ་པ་བཞིས་བསྟན་པ་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པས་ཇི་སྐད་དུ་རབ་ཏུ་འདྲེན་པ་དང་། རྣམ་པར་དག་པ་ཡོངས་སུ་འཛིན་པ་དང་།

རགས་པ་དང་། ཕྲ་བ་དང་། སླ་བ་དང་དཀའ་བའོ། །ཡང་ན་སླ་བ་དང་། དཀའ་བས་གོང་མའི་རགས་པ་དང་། ཕྲ་བ་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གོ་རིམས་ནི་འདི་ལྟ་སྟེ། སྔ་མ་སྔ་མས་ཕྱི་མ་ཕྱི་མ་རབ་ཏུ་འདྲེན་པ་དང་། ཕྱི་མ་ཕྱི་མས་སྔ་མ་སྔ་མ་རྣམ་པར་

དག་པར་བྱེད་པ་དང་། སྔ་མ་སྔ་མ་ནི་རགས་པ་ཡིན་ལ། ཕྱི་མ་ཕྱི་མ་ནི་ཕྲ་བ་ཡིན་པ་དང་། བསྒོམ་པར་སླ་བ་དང་། དཀའ་བས་གོ་རིམས་དེ་ལྟར་བསྟན་ཏོ་ཞེས་འབྱུང་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་རེ་རེ་ལ་ཡང་རྣམ་པ་རབ་ཏུ་དབྱེ་བ་དུ་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་གསུངས་པས་བསྟན་ཏེ། འདི་ནི་དང་

པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པ་རབ་ཏུ་དབྱེ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་

Vol. 120 · folio 39a

པས་ཡང་དག་པར་ལན་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པ་དྲུག་བཅོ་བརྒྱད་དུ་གྱུར་པར་མདོར་བསྟན་པ་དང་། གོ་རིམས་བཞིན་དུ་རྣམ་པ་དྲུག་པོ་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་ཡོད་པར་སྟོན་ཏེ། འདི་ནི་དང་པོ་འདི་དག་གི་རབ་ཏུ་

རྣམ་པར་དབྱེ་བའི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་མདོ་འདི་ཉིད་དང་། མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཕ་

རོལ་ཏུ་ཕྱིན་པ་དྲུག་པོ་སྔ་མ་ལས་བརྩམས་ནས། རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་དུ་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས། བྱང་ཆུབ་སེམས་དཔའི་ས་དང་། སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་

པའི་འགྲེལ་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་རྣམ་པ་དྲུག་པོ་དག་ལ་རེ་རེ་ཡང་རྣམ་པ་གསུམ་དུ་ཡང་དབྱེ་ལ། རྣམ་པར་བཤད་པ་ཡང་མཛད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་

ལས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བརྩམས་ནས་ཕ་རོལ་ཏུ་ཕྱིན་པ་སྔ་མ་དྲུག་ལ་ནི་རེ་རེ་ལ་ཡང་རྣམ་པ་གསུམ་དུ་དབྱེའོ། །ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་ལ་ནི་རེ་རེ་ལ་ཡང་རྣམ་པ་གཉིས་སུ་འབྱེད་ཀྱི། རྣམ་པར་བཤད་པ་ནི་མེད་དོ། །བཞི་པོ་དག་ལ་གཉིས་གཉིས་སུ་འབྱེད་པ་ཡང་ཐབས་རྣམ་པ་

གཉིས་ནི་ཡོངས་སུ་བསྔོ་བ་ལ་མཁས་པའི་ཐབས་དང་། ཡོངས་སུ་བསྐྱབ་པ་ལ་མཁས་པའི་ཐབས་སོ། །སྨོན་ལམ་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་ཡོངས་སུ་ཚོལ་བའི་སྨོན་ལམ་དང་། གཞན་ལ་ཕན་འདོགས་པའི་སྨོན་ལམ་མོ། །སྟོབས་ཀྱང་རྣམ་པ་གཉིས་ཏེ། རབ་ཏུ་འབྱེད་

པའི་སྟོབས་དང་། བསྒོམ་པའི་སྟོབས་སོ། །ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། ཆོས་ཀྱི་བདེན་པ་ལ་ལོངས་སྤྱོད་པའི་ཡེ་ཤེས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡེ་ཤེས་སོ་ཞེས་བཤད་དེ། འདི་ནི་མདོ་ལས་གསུངས་པ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་སྔ་མ་དྲུག་བསྟན་

Vol. 120 · folio 39b

ཏེ། དེ་ལ་བྱེ་བྲག་ཅི་ཡོད་པ་ནི་མདོའི་ཐད་ཀར་བབ་པ་ན་བཤད་པར་བྱའོ། །སྦྱིན་པ་རྣམ་པ་གསུམ་ནི། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པ་དྲུག་པོ་དག་རེ་རེ་ལ་ཡང་རྣམ་པ་གསུམ་

གསུམ་ཡོད་པར་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་བསྟན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སྦྱིན་པ་རྣམ་པ་གསུམ་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། མཚན་ཉིད་རྣམ་པ་དགུས་སྦྱིན་པ་རྣམ་པ་གསུམ་སྟོན་ཏེ། དེ་ཉིད་ལས། ཟང་ཟིང་

སྦྱིན་པ་ནི་འདི་ལྟ་སྟེ། སེར་སྣའི་དྲི་མ་དང་། སོག་འཇོག་གི་དྲི་མ་བསལ་ནས་བཟང་པོ་དང་། གཙང་བ་དང་། རུང་བ་སྦྱིན་པར་བྱེད་པ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མི་འཇིགས་པའི་སྦྱིན་པ་ནི་འདི་ལྟ་སྟེ། སེང་གེ་དང་། སྟག་དང་། ཆུ་སྲིན་དང་། རྒྱལ་པོ་དང་།

ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང་། རིགས་པར་སྟོན་པ་དང་། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་རྣམ་པ་དགུ་པོ་

དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཟང་ཟིང་དང་། ཆོས་དང་། མི་འཇིགས་པའི་སྦྱིན་པ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཆོས་དང་། ཟང་ཟིང་དང་། མི་འཇིགས་པ་གསུམ་ནི་གོ་རིམས་བཞིན་དུ་གཞན་གྱི་དགེ་བའི་རྩ་

བ་དང་། ལུས་དང་། སེམས་ལ་ཕན་འདོགས་པས་རྒྱུ་དང་རྐྱེན་དེའི་ཕྱིར་རྣམ་པ་གསུམ་དུ་བསྟན་ཏོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་རྣམ་གྲངས་གཉིས་ཀྱིས་སྟོན་ཏེ། དང་པོ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་རྗེས་སུ་མཐུན་ནོ། །གཉིས་

པ་ནི་སློབ་དཔོན་དབྱིག་གཉེན་གྱིས་བསྟན་པ་དང་མཐུན་པས་དེའི་ཕྱིར་འདིར་མ་བརྗོད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་སྟོན་པ་རྣམ་པ་བཅོ་བརྒྱད་ཀྱིས་དྲུག་པོ་དག་གིས་རྣམ་པ་གསུམ་སྟོན་ཏེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ནི་གོ་

Vol. 120 · folio 40a

རིམས་བཞིན་དུ་ལུས་དང་། སེམས་དང་། དགེ་བའི་རྩ་བ་ཡོངས་སུ་རྟོགས་པར་བྱའོ་ཞེས་སློབ་དཔོན་དབྱིག་གཉེན་གྱིས་ལུས་དང་། སེམས་ལ་སོགས་པ་ལ་ཕན་འདོགས་པ་ཞེས་བསྟན་པ་དང་མཐུན་པར་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་

འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། རྣམ་གྲངས་གཉིས་ཀྱིས་བསྟན་ཏེ། ཆོས་ཀྱི་སྦྱིན་པ་ནི་གཞན་གྱི་སེམས་ལ་ཕན་འདོགས་སོ། །ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་ལུས་ལ་ཕན་འདོགས་སོ། །མི་འཇིགས་པའི་སྦྱིན་པ་ནི་ལུས་དང་སེམས་ལ་ཕན་འདོགས་སོ། །

གཞན་ལ་ཕན་འདོགས་པའི་སྦྱིན་པས་ནི་ཉེས་པར་སྤྱོད་པ་དགེ་བ་ལ་ཕྱོགས་པར་བྱེད་དོ། །མི་འཇིགས་པའི་སྦྱིན་པས་ནི་དེ་དག་འཁོར་སྡུད་པར་བྱེད་དོ། །ཆོས་ཀྱི་སྦྱིན་པས་ནི་དགེ་བའི་རྩ་བ་དང་། རྣམ་པར་གྲོལ་བ་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །དོན་དེ་དག་

དང་ལྡན་པའི་ཕྱིར་སྦྱིན་པ་ལ་རྣམ་པ་གསུམ་བཤད་དོ་ཞེས་འབྱུང་ངོ་། །ཚུལ་ཁྲིམས་རྣམ་པ་གསུམ་ནི། མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་དང་། དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་སོ་ཞེས་བྱ་བ་ནི་གཉིས་པ་ཚུལ་

ཁྲིམས་རྣམ་པ་གསུམ་བསྟན་པའོ། །མིང་ཅུང་ཟད་མི་མཐུན་པ་ཡང་དོན་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་དང་མཐུན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་ནི་ཚུལ་ཁྲིམས་རྣམ་པ་གསུམ་ནི་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་།

དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས་རྣམ་པར་གཞག་པ་ནི། མདོར་བསྡུ་ན་རྣམ་པ་གསུམ་སྟེ།

སྡོམ་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིས་བདུན་པོ་དག་གི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་གང་ཡིན་པའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ཡང་

Vol. 120 · folio 40b

དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར། ལུས་དང་ངག་གིས་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་མདོར་བསྡུ་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་སུ་ཤེས་པར་བྱའོ། །སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་

ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ལ་ཕན་འདོགས་པ་གང་ཡིན་པ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། དང་པོ་ནི་རྟེན་དུ་གྱུར་པ་ཡིན་ཏེ། ཚུལ་ཁྲིམས་གཞན་རྣམ་པ་

གཉིས་རྣམ་པར་གཞག་པའི་ཕྱིར། དེའི་དབང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབས་ནས་བྱང་ཆུབ་ལ་འཇུག་པ་ཐོབ་པར་བྱེད་པ་དང་། གཞན་ཡང་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་རྣམ་པར་འཇོག་པར་བྱེད་པས་སོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་

མེད་ཀྱིས་འགྲེལ་པ་ལས། སྡོམ་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། མི་དགེ་བ་ལས་སྡོམ་པ་ཡང་དག་པར་བླངས་ཤིང་འདིས་ལུས་དང་ངག་ལ་སོགས་པའི་ལས་རྣམས་བསྒོམ་པའི་ཕྱིར་སྡོམ་པ་ཞེས་བྱ་སྟེ། དེ་ཉིད་ཚུལ་ཁྲིམས་ཡིན་པས་གཉིས་ཀྱི་རྟེན་ཏོ་ཞེས་འབྱུང་སྟེ། འགྲེལ་

པ་དེ་ལ་སོགས་པ་ཞེས་སྨོས་པས་ནི་ཡིད་ཀྱིས་བསམས་པའི་ཚུལ་ཁྲིམས་བཟུང་ངོ་། །ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་བཤད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །གཞན་ཡང་འགྲེལ་པ་དེ་ཉིད་ལས། ཚུལ་ཁྲིམས་རྣམ་

པ་གསུམ་པོ་འདི་དག་ནི་མི་འཇིགས་པ་བཞིའི་རྒྱུའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་པོ་དེ་ནི་སྤངས་པའི་ཡོན་ཏན་ནོ། །ཚུལ་ཁྲིམས་གཉིས་པ་ནི་ཤེས་རབ་ཀྱི་ཡོན་ཏན་ནོ། །ཚུལ་ཁྲིམས་གསུམ་པ་ནི་དྲིན་གྱི་ཡོན་ཏན་ནོ། །མི་འཇིགས་པ་བཞི་ནི་ཡོན་ཏན་འདི་གསུམ་ལས་

གུད་ན་མེད་པའི་ཕྱིར། མི་འཇིགས་པ་བཞིའི་རྒྱུ་བསྟན་ཞེས་འབྱུང་ངོ་། །ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་པ་ལས་སྡོམ་པ་དང་། དགེ་བ་སྡུད་པ་དང་། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ནི་གོ་རིམས་བཞིན་དུ་དགེ་བ་བྱང་ཆུབ་དང་། སྙིང་རྗེ་གསུམ་

Vol. 120 · folio 41a

གྱིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་བཤད་དོ། །བཟོད་པ་རྣམ་པ་གསུམ་ནི། གནོད་པ་ལ་མི་མཇེད་པའི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ་ཞེས་བྱ་བས་ནི་གསུམ་པ་བཟོད་པ་རྣམ་པ་

གསུམ་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཟོད་པའི་ལེའུ་ལས་བཟོད་པ་ནི་རྣམ་པ་གསུམ་ཡོད་དེ། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞན་ལ་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་མི་བཟད་པ་

རྒྱུན་མི་འཆད་པ་སྣ་ཚོགས་ཡུན་རིང་བ་མངོན་དུ་འབྱུང་བ་ན་འདི་ལྟར་ཡང་དག་པར་སློབ་པར་བྱེད་དེ། འདི་ནི་རང་གི་ལས་ཀྱི་ལེ་ལན་ཡིན་ཏེ། དེས་ན་བདག་རང་གིས་བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམས་སུ་མྱོང་ངོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་

དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་དེ་ལ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། བདག་སྔོན་འདོད་པ་སྤྱོད་པ་དག་ལ་གནས་ཤིང་འདོད་པ་རྣམས་ཡོངས་སུ་ཚོལ་བ་ན།

སྡུག་བསྔལ་གྱི་རྒྱུ་ཡིན་པར་ཚོར་བཞིན་དུ་འདོད་པ་སྡུག་བསྔལ་གྱི་རང་བཞིན་ཅན་རྣམས་ཀྱི་ཕྱིར་ཞིང་ལས་དང་། ཚོང་དང་། རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་ཞུགས་ནས་སྡུག་བསྔལ་མང་པོ་མི་བཟོད་པ་དག་ཉམས་སུ་བླངས་ཤིང་། དང་དུ་བླངས་པ་ལ་ཉམས་སུ་མྱོང་བ་དེ་དེ་ལྟར་དོན་མེད་དེ།

སྡུག་བསྔལ་ཁོ་ནའི་ཕྱིར་ཚོར་བཞིན་དུ་མི་ཤེས་པའི་ཉེས་པས་བདག་གིས་སྡུག་བསྔལ་ཆེན་པོ་ཉམས་སུ་བླངས་ན། ད་ནི་བདག་བདེ་བ་བསྒྲུབ་པའི་དགེ་བ་ལ་ཞུགས་པར་ཚོར་བཞིན་དུ། དེ་ལས་བྱེ་བྲག་འབུམ་འགྱུར་སྡུག་བསྔལ་དང་དུ་བླང་ཞིང་ཉམས་སུ་བླང་བ་ནི་ཆ་ཡིན་ན། དེ་བས་ཆུང་ངུ་

ལྟ་ཅི་སྨོས་སྙམ་སྟེ། བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་ཞུགས་པ་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། གཞི་ཐམས་ཅད་བྱུང་བའི་སྡུག་བསྔལ་དང་དུ་ལེན་པར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་

Vol. 120 · folio 41b

དཔའ་ནི། ཡང་དག་པར་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་ཤིན་ཏུ་བརྟན་པའི་བློས་མོས་པའི་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། གནོད་པ་

བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་གྱིས་གནོད་པ་བྱས་པ་ལས་བཟོད་པའོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ནི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བ་ཡང་དག་པར་བཟོད་པའོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཆོས་རྣམས་ལ་ངེས་པར་སོ་སོར་རྟོག་པར་

ནུས་པའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། དེ་ལ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་མི་ལྡོག་པའི་རྒྱུའོ། །གཉིས་པ་ནི་སངས་རྒྱས་ཉིད་ལས་མི་ལྡོག་

པའི་རྒྱུ་སྟེ། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱིས་མི་ལྡོག་པའི་ཕྱིར་རོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི། བཟོད་པ་སྔ་མ་གཉིས་ཀྱི་རྟེན་ཏེ། ཟབ་པ་དང་། རྒྱ་ཆེ་བའི་ཆོས་ལ་བཟོད་པའི་ཕྱིར་རོ་ཞེས་འབྱུང་

སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཀྱང་། ཕལ་ཆེར་དེ་དང་མཐུན་པར་སྟོན་ཏོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་། བཟོད་པ་གསུམ་གྱི་མིང་ནི་མདོ་འདི་

ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། གོ་རིམས་བཞིན་དུ་སེམས་ཅན་མི་སྤོང་བ་དང་། དམན་པའི་སེམས་སྤངས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། གསུམ་གྱིས་ཡོངས་སུ་བཟུང་བ་ཡིན་པར་རབ་ཏུ་སྟོན་ཏོ། །བརྩོན་འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་

འགྲུས་དང་། དགེ་བའི་ཆོས་སྡུད་པའི་སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་སོ་ཞེས་བྱ་བ་ནི་བཞི་པ་བརྩོན་འགྲུས་རྣམ་པ་གསུམ་བསྟན་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་ཡི་དམ་རྒྱ་ཆེ་བའི་བརྩོན་འགྲུས་དང་། དགེ་

Vol. 120 · folio 42a

བའི་ཐབས་ཀྱི་བརྩོན་འགྲུས་དང་། སེམས་ཅན་ལ་ཕན་འདོགས་པའི་བརྩོན་འགྲུས་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་སེམས་བསྐྱེད་པའི་བརྩོན་འགྲུས་དང་། དགེ་བའི་ཆོས་བསྒོམ་པའི་བརྩོན་འགྲུས་དང་། སེམས་

ཅན་ལ་ཕན་འདོགས་པའི་བརྩོན་འགྲུས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས། བརྩོན་འགྲུས་ཀྱི་ལེའུ་ལས་བརྩོན་འགྲུས་ནི་རྣམ་པ་གསུམ་ཡོད་དེ། གོ་ཆའི་བརྩོན་འགྲུས་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་རྩོམ་པ་ལ་

སྦྱོར་བའི་དངོས་པོ་ལ་གནས་ནས་སེམས་མངོན་པར་སྤྲོ་བའི་སྔོན་དུ་འགྲོ་བའི་གོ་ཆ་འདི་ལྟར་གྱོན་པར་བྱེད་དེ། བདག་ནི་གལ་ཏེ་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཡང་ཉིན་མཚན་བསྐལ་པ་ཆེན་པོ་དང་མཉམ་པ་དག་གི་འགྲོ་བ་གཞན་དུ་མི་གནས་པས་སེམས་

ཅན་དམྱལ་བ་ཁོ་ནར་གནས་པས་དུས་ཇི་སྲིད་ཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དེ་ཉིད་བྱེ་བྲག་འབུམ་འགྱུར་གྱིས་སྲིད་ཀྱིས། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཐོབ་པར་འགྱུར་བ་ལྟ་ན་ཡང་བདག་སྤྲོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་མི་བརྩོན་པར་ཡང་མི་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ཡང་དོར་བར་མི་བྱེད་ན། དུས་ཀྱི་ཡུན་ཆེས་ཐུང་བ་དང་། སྡུག་བསྔལ་ཆེས་ཆུང་བས་ལྟ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་བྱང་

ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས། དེ་ལ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བར་བྱེད་

ཅིང་། ཡང་དག་པར་གྲུབ་པར་བྱེད་པའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱའོ་ཞེས་འབྱུང་ངོ་། །བསྟན་

Vol. 120 · folio 42b

བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་མདོ་ལས་གསུངས་པའི་ཚིག་ལྔ་པོ་དག་མདོར་བསྡུ་ན་རྣམ་པ་གསུམ་དུ་བསྟན་ཏེ། འདི་ལྟ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། མི་ཞུམ་ཞིང་མི་འཁྲུགས་ལ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ་ཞེས་འཆད་དོ། །སློབ་

དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་བརྩོན་འགྲུས་གསུམ་པོ་དག་གི་ངོ་བོ་ཐ་དད་པས་མདོ་ལས་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་དང་ལྡན་པ་དང་། བརྩོན་པ་མི་གཏོང་བ་ཞེས་གསུངས་ཏེ། མདོ་འདི་ཉིད་ལས་

ཚིག་ལྔ་གསུངས་པ་གང་ཡིན་པ་དེ་ནི་འདིར་བརྩོན་འགྲུས་གསུམ་པོ་དག་གི་ངོ་བོ་ཉིད་དུ་བསྡུའོ་ཞེས་བཤད་དེ། འདི་ཉིད་ཀྱི་འགྲེལ་པ་ལས་ཆོ་ག་དགོས་པའི་ཕྱིར་ཐོག་མ་ཁོ་ནར་མཐུ་དང་ལྡན་པའོ། །ཇི་ལྟ་བ་བཞིན་དུ་སྤྱོད་པའི་ཕྱིར་བརྩོན་འགྲུས་དང་ལྡན་པའོ། །ཞུམ་པ་མེད་པ་

པ་དང་། ལྡོག་པ་མེད་པ་དང་། ཆོག་པ་མེད་པའི་ཕྱིར་གོ་རིམས་བཞིན་དུ་སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་དང་། བརྩོན་པ་མི་གཏོང་བ་ཞེས་བྱ་བ་ནས། རྒྱ་ཆེར་བཤད་པའི་བར་དུ་བསྟན་པའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་

བྱས་པ་དང་། ལང་གི་ཚེ་བསྒྱུར་བ་ལས་ཀྱང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་བསྟན་པ་དང་མཐུན་པར་བཤད་དེ་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་གོ་ཆ་དང་། སྦྱོར་བ་དང་། ཕན་

འདོགས་པ་ནི་གོ་རིམས་བཞིན་དུ་གཞན་དགེ་བའི་རྩ་བ་དང་། སྦྱོར་བའི་དགེ་བའི་རྩ་བ་དང་། ཡོངས་སུ་རྫོགས་པའི་དགེ་བའི་རྩ་བ་རྣམ་པ་གསུམ་ཡོངས་སུ་འཛིན་པའོ་ཞེས་བཤད་དོ། །བསམ་གཏན་རྣམ་པ་གསུམ་ནི་རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཁ་ན་མ་ཐོ་བ་མེད་པའི་

ཕྱིར་ཉོན་མོངས་པ་དང་། སྡུག་བསྔལ་གྱི་གཉེན་པོར་གྱུར་པ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་མངོན་པར་གྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་མངོན་པར་གྲུབ་པའི་བསམ་གཏན་ནོ་ཞེས་བྱ་བ་ནི་སྔ་མ་བསམ་གཏན་རྣམ་པ་གསུམ་བསྟན་པའོ། །ལེའུ་

Vol. 120 · folio 43a

དང་པོ་ལས་ཚིག་བཞི་ཡོད་ཀྱང་དེ་དག་གི་མཚན་ཉིད་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་འདིར་མདོ་སྡེ་དང་བསྟན་བཅོས་རྣམས་ལ་བརྟེན་ནས་ཚིག་བཞི་པོ་དེ་དག་བཤད་པར་བྱའོ། །དེ་ལ་དང་པོ་རྣམ་པར་མི་རྟོག་ཅིང་ཞི་ལ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་

པ་ཀུན་ཏུ་རྟོག་པ་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་ཅིང་ཞི་བ་ཞེས་བྱ་སྟེ། དེའི་ཕྱིར་མཚམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་ཡང་དག་པ་མ་ཡིན་པ་དང་བྲལ་བའི་ཞི་བ་ཞེས་གསུངས་པ་དང་། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་

པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར། ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །གཉིས་པ་རབ་ཏུ་ཞི་བ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྲིད་པའི་རོ་མྱོང་བ་རྣམས་ཡོངས་སུ་སྤངས་པས་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཞེས་བཤད་

དོ། །གསུམ་པ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་འགྲེལ་པ་ལས། ང་རྒྱལ་དང་། ལྟ་བ་དང་། སྲེད་པ་དང་བྲལ་ནས་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཁ་ན་མ་ཐོ་བ་མེད་པའི་

ཡུལ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཡོངས་སུ་སྤངས་པའོ་ཞེས་བཤད་དོ། །བཞི་པ་ཉོན་མོངས་པ་དང་། སྡུག་བསྔལ་གྱི་གཉེན་པོར་གྱུར་པ་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཉོན་མོངས་པ་དང་། སྡུག་བསྔལ་གྱི་གཉེན་པོར་གྱུར་ཅིང་མངོན་པར་ཤེས་པ་ལ་དབང་ཐོབ་

པས། མཐོང་བའི་ཆོས་ལ་བདེ་བར་གནས་སོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་ཏིང་ངེ་འཛིན་འདིས་ཀུན་ནས་ཉོན་མོངས་པ་རྣམ་པར་སྤངས་པའི་ཕྱིར། ཚེ་འདི་ལ་བདེ་བར་གནས་པ་ཐོབ་ཅེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་

པའི་འགྲེལ་པ་ལས། འདིའི་དབང་གིས་མཐོང་བའི་ཆོས་ལ་བདེ་བར་གནས་པའོ་ཞེས་བཤད་དེ། གཞན་རྣམ་པ་གཉིས་ནི་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་བསམ་གཏན་གྱི་ལེའུ་ལས། བསམ་གཏན་ནི་རྣམ་པ་གསུམ་

Vol. 120 · folio 43b

ཡོད་དེ། ཚེ་འདི་ལ་བདེ་བར་གནས་པའི་བསམ་གཏན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པ་དང་མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱང་བ་མེད་པ།

མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དེ་ནི། དེ་དག་གི་ཚེ་འདི་ལ་བདེ་བར་གནས་པའི་བསམ་གཏན་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡོན་ཏན་མངོན་པར་བསྒྲུབས་པའི་བསམ་གཏན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་

ཀྱི་བསམ་གཏན་སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པར་སྒྲུབ་པར་བྱེད་པ་གང་ཡིན་པ་དང་། ཏིང་ངེ་འཛིན་གང་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པར་ལྟ་ག་ལ་

འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་ལ་བརྟེན་ནས་སེམས་ཅན་གྱི་བྱ་བ་དང་ལྡན་པ་དག་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་

བསྔལ་སེལ་བ་དང་། རིགས་པ་སྟོན་པ་དང་། བྱས་པ་གཟོ་ཞིང་བྱས་པ་ཚོར་ཏེ་ཕན་འདོགས་པ་རྣམས་ལ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལས་བྱུང་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབས་པ་དང་། ཡང་དག་པའི་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་

པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་རྣམས་ཀྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པར་བྱེད་པ་དང་། འདུན་པར་བྱེད་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་

པ་ལས། བདེ་བར་གནས་པའི་བསམ་གཏན་ཞེས་བྱ་བ་འདི་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་དོ། །མངོན་པར་སྒྲུབ་པའི་བསམ་གཏན་ཞེས་བྱ་བ་འདི་ནི་མངོན་པར་ཤེས་པ་དྲུག་མངོན་པར་སྒྲུབ་པར་བྱེད་དོ། །བྱ་བ་སྒྲུབ་པའི་བསམ་གཏན་ཞེས་བྱ་བ་འདི་ནི་སེམས་ཅན་ལ་ཕན་

Vol. 120 · folio 44a

འདོགས་པའི་བྱ་བ་དག་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། གནས་པའི་བསམ་གཏན་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་ཏེ། ང་རྒྱལ་དང་། ལྟ་བ་དང་། སྲེད་པ་ལ་སོགས་པ་སྤངས་ནས་རྣམ་

པར་དག་པ་ཐོབ་པའི་ཕྱིར་རོ། །མངོན་པར་སྒྲུབ་པའི་བསམ་གཏན་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་ཁྱད་པར་དུ་འཕགས་པ་མངོན་པར་སྒྲུབ་པའི་ཕྱིར་རོ། །བྱ་བ་སྒྲུབ་པའི་བསམ་གཏན་ནི་སེམས་ཅན་རྣམས་ལ་ཕན་འདོགས་པའི་ཕྱིར་མུ་གེ་དང་ནད་ཀྱི་འཇིགས་པ་ལ་

སོགས་པ་ཞི་བར་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང་། སེམས་ཅན་ལ་ཕན་འདོགས་པ་ནི་གོ་རིམས་བཞིན་དུ་ཡོངས་སུ་

འཛིན་པ་གསུམ་པོ་ཡོངས་སུ་ངལ་བ་མེད་པ་དང་། བསམ་པ་རྣམས་ཡོངས་སུ་རྫོགས་པ་དང་། འཁོར་འདུལ་བའི་ལས་དང་སྦྱར་རོ་ཞེས་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཀྱང་། ཕལ་ཆེར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་

འགྲེལ་པ་ལས་བསྟན་པ་དང་མཐུན་པར་བཤད་དོ། །མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་རྣམ་པར་རྟོག་པ་དང་བཅས་པ་ལ་སོགས་པ་རྣམ་པ་གསུམ་དུ་བསྟན་ཏོ། །ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའི་ཤེས་རབ་

དང་། དོན་དམ་པའི་བདེན་པ་ལ་དམིགས་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་པོ་ཞེས་བྱ་བ་ནི་དྲུག་པ་ཤེས་རབ་རྣམ་པ་གསུམ་བསྟན་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཤེས་རབ་རྣམ་པ་གཉིས་སོ་ཞེས་བཤད་དོ། །དང་པོ་

ཤེས་རབ་གསུམ་ནི་ཤེས་བྱ་ལ་དེ་ཁོ་ན་ཉིད་དུ་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བའི་ཤེས་རབ་རིག་པའི་གནས་ལྔ་པོ་རྣམས་དང་། ཚོགས་གསུམ་ལ་མཁས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཤེས་རབ་པོ་ཞེས་འབྱུང་སྟེ། དང་པོ་ནི་དེ་ཁོ་ན་ཉིད་ལ་

Vol. 120 · folio 44b

དམིགས་པའོ། །བར་མ་ནི་རང་གི་དོན་ལ་དམིགས་པའོ། །ཐ་མ་ནི་ཀུན་རྫོབ་ལ་དམིགས་ཤིང་གཞན་ལ་ཕན་འདོགས་པའོ། །དེ་ལ་རིག་པའི་གནས་ལྔ་ནི་ནང་གི་རིག་པ་ལ་སོགས་ཏེ་ལྔ་པོ་དག་གོ། །ཚོགས་གསུམ་ནི་དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་། དོན་དང་མི་ལྡན་པའི་

ཆོས་རྣམས་ཀྱི་ཚོགས་དང་། དོན་དང་ལྡན་པ་ཡང་མ་ཡིན། དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་རྣམས་ཀྱི་ཚོགས་སོ། །དེ་ལ་ཤེས་རབ་ཀྱི་ཕྱི་མ་གསུམ་ནི་ཆོས་བདག་མེད་པ་ཟབ་མོ་ཤེས་པའི་ཤེས་རབ་པོ། །སེམས་ཅན་རྣམས་འདུལ་བའི་ཐབས་ཤེས་པའི་ཤེས་རབ་དང་། ཤེས་བྱ་

ཐམས་ཅད་ལ་སྒྲིབ་པ་མེད་པ་ཤེས་པའི་ཤེས་རབ་པོ་ཞེས་འབྱུང་སྟེ། དང་པོ་ནི་ཆོས་སྟོང་པ་ཉིད་ཤེས་པའོ། །བར་མ་ནི་གང་ཟག་སྟོང་པ་ཉིད་དུ་ཤེས་པའོ། །ཐ་མ་ནི་སྟོང་པ་ཉིད་གཉིས་མངོན་དུ་བྱས་པའི་ཤེས་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་སེམས་

ཅན་སྟོང་པ་དང་། ཆོས་སྟོང་པ་དང་། གཉི་ག་སྟོང་པའི་ཤེས་རབ་ཅེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་སྦྱོར་བའི་ཤེས་པ་དང་། རྗེས་ཐོབ་པའི་ཤེས་པ་ཞེས་བཤད་དོ། །བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས། རྣམ་པར་མི་རྟོག་པའི་སྦྱོར་བའི་

ཤེས་རབ་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་བསྒོམ་པ་མདུན་རོལ་གྱི་ཐབས་ཁྱད་པར་དུ་འཕགས་པའི་ཤེས་རབ་པོ། །རྣམ་པར་མི་རྟོག་པའི་ཤེས་རབ་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་དུ་བསྒོམ་པའི་ཤེས་རབ་པོ། །རྣམ་པར་མི་རྟོག་པ་ཕྱིས་ཐོབ་པའི་ཤེས་རབ་ནི་འདི་ལྟ་སྟེ། མངོན་པར་རྟོགས་པའི་

མཐའ་ཀུན་རྫོབ་རྣམས་ཤེས་པ་ཆོས་སྟོན་པ་ལ་སོགས་པ་དངོས་པོ་སྣ་ཚོགས་སྟོན་པ་ཡིན་ནོ་ཞེས་འབྱུང་ངོ་། །བསྟན་བཅོས་ཀུན་ལས་བཏུས་པ་ལས་ནི་ཀུན་རྫོབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པའི་ཤེས་རབ་དག་ནི་རིམ་བཞིན་དུ་ས་ལ་འཇུག་པ་དང་། སངས་རྒྱས་ཀྱི་

ཆོས་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་སྟོན་པ་གསུམ་དང་སྦྱར་རོ་ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་རབ་ཏུ་དབྱེ་བ་རྣམ་པ་གསུམ་ཡོད་པ་རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། རྣམ་

Vol. 120 · folio 45a

པར་བཤད་པ་ལས་འབྱུང་སྟེ། མངས་ཀྱིས་དོགས་ནས་མ་བརྗོད་དོ། །དེ་ཕྱིར་བསྟན་པ་རྣམས་དེ་ལྟར་ཐ་དད་པར་གྱུར་ཅེ་ན། དོན་རྣམ་པ་གཅིག་ཁོ་ན་མ་ཡིན་ཏེ། སོ་སོ་ནས་དོན་རེ་རེ་སྨོས་པའི་ཕྱིར། ཕན་ཚུན་འགལ་བ་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་

དག་གི་ངོ་བོ་ཉིད་ཀྱི་བྱེ་བྲག་མདོ་ཙམ་དུ་བསྟན་པ་ཡང་། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་ངོ་བོ་ཉིད་ཀྱང་། སྦྱིན་པ་ནི་མ་ཆགས་པ་དང་། དེས་བསྐྱེད་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ། །ཚུལ་ཁྲིམས་ནི་བྱང་ཆུབ་སེམས་

དཔའི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ། །བཟོད་པ་ནི་ཞེ་སྡང་མེད་པ་དང་བརྩོན་འགྲུས་དང་ངེས་པའི་ཤེས་རབ་དང་དེ་དག་གིས་བསྐྱེད་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ། །བརྩོན་འགྲུས་ནི་རྩོལ་བ་དང་། དེས་བསྐྱེད་པའི་ལས་གསུམ་པོ་དག་གི་ངོ་བོ་

ཉིད་དོ། །བསམ་གཏན་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དོ། །ཕྱི་མ་ལྔ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ། །དེའི་རྩ་བ་དང་། ཕྱིས་ཐོབ་པའི་ཡེ་ཤེས་སོ་ཞེས་འབྱུང་ངོ་། །ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་བྱུང་བ་

བཞིན་དུ་རིག་པར་བྱའོ།། །།བམ་པོ་དྲུག་ཅུ་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་

ནི་བརྒྱད་པ་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། དེ་ནི་དང་པོ་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ལགས་ཞེས་ཞུ་བའོ། །སྤྱི་དང་བྱེ་བྲག་གི་མིང་ནི་གོང་དུ་བསྟན་པ་བཞིན་ཏེ། འདི་ནི་རྒྱུ་དང་རྐྱེན་

གང་གི་ཕྱིར་དང་། དོན་གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་པར་འགྱུར་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་དང་རྐྱེན་རྣམ་པ་ལྔའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་

Vol. 120 · folio 45b

གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏེ། འདི་ཡང་རྣམ་པར་དབྱེ་སྟེ། གྲངས་མདོར་སྨོས་པ་དང་། གྲངས་བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་དབྱེ་སྟེ་བཤད་པ་དང་། རྒོལ་བའི་རྟེན་དུ་བཟླས་ཏེ་བཤད་པའོ། །འདི་ནི་དང་པོ་གྲངས་མདོར་སྨོས་པ་སྟེ། རྒྱུ་རྣམ་

པ་ལྔའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་རྣམ་པ་ལྔ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་དོན་རྣམ་པ་ལྔ་ཞེས་འབྱུང་ངོ་། །ཆགས་པ་མེད་པ་ཉིད་ཀྱི་ཕྱིར་དང་། མི་ལྟ་བ་ཉིད་ཀྱི་ཕྱིར་དང་།

ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་ཐོག་མ་མེད་པ་དང་། ཉེས་པ་མེད་པ་དང་། རྣམ་པར་

རྟོག་པ་མེད་པ་དང་། ཡོངས་སུ་བསྔོ་བའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མ་ཆགས་པ་དང་རེ་བ་མེད་པ་དང་། ཉེས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཡོངས་སུ་བསྔོ་བའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་བཤད་པ་

ལས་ནི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ལྔ་དང་ལྡན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། མངོན་པར་ཞེན་པ་མེད་པའི་ཕྱིར་གཏོང་བ་དང་། མི་ལྟ་བའི་ཕྱིར་གཏོང་བ་དང་། སྐྱོན་མེད་པའི་

ཕྱིར་གཏོང་བ་དང་། རྣམ་པར་མི་རྟོག་པའི་ཕྱིར་གཏོང་བ་དང་། ཡོངས་སུ་བསྔོ་བའི་ཕྱིར་གཏོང་བའོ། །སྦྱིན་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་དེ་བཞིན་དུ་རིག་པར་བྱའོ་ཞེས་འབྱུང་ངོ་། །དེ་ལ་ཆགས་པ་མེད་པ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་

དངོས་པོ་ལ་མངོན་པར་ཞེན་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་པའོ། །འདི་ཡང་རྐྱེན་རྣམ་པ་ལྔ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོ་ཆགས་པ་མེད་པའི་མཚན་ཉིད་བསྟན་པའོ། །ཕ་རོལ་ཏུ་

Vol. 120 · folio 46a

ཕྱིན་པ་དྲུག་དང་མི་མཐུན་པའི་སྒྲིབ་པ་གང་ཡིན་པ་དེ་ནི་མི་མཐུན་པའི་དངོས་པོ་ཞེས་བྱ་སྟེ། མི་མཐུན་པའི་དངོས་པོ་དེ་དག་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སྒྲིབ་པ་དྲུག་རྒྱ་ཆེར་བཤད་པ་ནི་འོག་ནས་མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །བསྟན་

བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མདོར་བསྡུ་ན་ཡོན་ཏན་ལྔ་དང་ལྡན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ་སྟེ། ལྔ་གང་ཞེ་ན། ཆགས་

པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དང་། ཡོངས་སུ་བསྔོ་བ་ཉིད་ཀྱིས་སོ། །སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ཆགས་པ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་

པའི་གནས་སུ་གྱུར་པའི་ཆོས་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ལ་མངོན་པར་ཞེན་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་

རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཆགས་པ་མེད་པ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ལ་མངོན་པར་ཞེན་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ཆགས་པ་མེད་ཅིང་རྣམ་པར་

དག་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་ཆོས་མི་སྐྱེའོ་ཞེས་བཤད་དོ། །དེ་ལ་མི་ལྟ་བ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ལན་དུ་ཕན་འདོགས་པ་ལ་སེམས་འབྲེལ་པ་མེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་མི་ལྟ་བ་

གཉིས་ཀྱི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་འབྲས་བུ་དང་། ལན་དུ་ཕན་འདོགས་པ་ལ་མི་རེ་བར་སྦྱིན་པ་ལ་སོགས་པ་གཏོང་བ་གང་ཡིན་པ་དེ་ནི་མི་ལྟ་བ་ཉིད་ཅེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་འབྲས་བུ་ནི་འོག་ནས་མདོ་ལས་བསྟན་པ་

Vol. 120 · folio 46b

བཞིན་དུ་རིག་པར་བྱའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། དེ་ལ་མི་ལྟ་བ་ཉིད་ནི་འདི་ལྟ་སྟེ། ཟང་ཟིང་དང་། དེའི་འབྲས་བུ་ལ་སེམས་འབྲེལ་བ་མེད་པ་ཉིད་གང་ཡིན་པའོ་ཞེས་འབྱུང་སྟེ། དེ་ལ་ཟང་ཟིང་ལ་སེམས་འབྲེལ་པ་མེད་པ་ཞེས་བྱ་བ་ནི་མདོ་ལས། ལན་དུ་

ཕན་འདོགས་པ་ལ་སེམས་འབྲེལ་པ་མེད་པ་ཞེས་གང་གསུངས་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་མི་ལྟ་བ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ད་ལྟར་གྱི་རྙེད་པ་ལ་སེམས་འབྲེལ་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །

དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། མི་རེ་བ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ལོངས་སྤྱོད་པ་དང་། ལན་དུ་ཕན་འདོགས་པའི་སེམས་ཀྱི་ཚོལ་བ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་

འགྲེལ་པ་ལས། མི་ལྟ་བ་རྣམ་པར་དག་པ་ནི་འདི་ལྟ་སྟེ། རང་གི་ལུས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ལན་དུ་ཕན་འདོགས་པ་ལ་སེམས་ཀྱིས་རྟག་ཏུ་མི་ལྟ་བ་གང་ཡིན་པའོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་

གཅོད་པའི་འགྲེལ་པ་ལས་ནི་རང་གི་ལུས་དང་། ལན་དུ་ཕན་འདོགས་པ་དང་། རྣམ་པར་སྨིན་པ་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། སྦྱིན་པ་གཉིས་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་སྦྱིན་པའི་ལེའུ་ལས། ལན་

ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་སེམས་དང་། སྙིང་བརྩེ་བ་དང་ལྡན་པ་ནི་སྦྱིན་པ་སྦྱིན་པ་ན་ཕ་རོལ་ནས་ཕན་འདོགས་སུ་རེ་བ་མེད་དེ། སྐྱེ་བ་བདེ་བ་དང་། སྲེད་པའི་མེས་ཚིག་པ་དང་། མཐུ་མེད་པ་དང་། རང་བཞིན་གྱིས་སྡུག་བསྔལ་དག་མཐོང་བའི་ཕྱིར་སྦྱིན་

པ་གཏོང་བའོ། །རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱིན་ནས་ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འམ། ལུས་ཕུན་སུམ་ཚོགས་པར་འགྱུར་བར་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་དེ། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་

Vol. 120 · folio 47a

ལྟ་ལ། བྱང་ཆུབ་མཆོག་ལ་ནི་ཕན་ཡོན་དུ་ལྟ་བའི་ཕྱིར་སྦྱིན་པ་གཏོང་ངོ་ཞེས་འབྱུང་སྟེ། འདི་དག་གི་མཚན་ཉིད་རྒྱ་ཆེར་བཤད་པ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་

དཔོན་ཡོན་ཏན་བྱིན་གྱིས་མཛད་པ་བཞིན་དུ་རིག་པར་བྱའོ། །དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་ཀུན་ནས་ཉོན་མོངས་པའི་ཆོས་དང་མ་འདྲེས་ཤིང་། ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་སྤངས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་ཁ་ན་མ་ཐོ་བ་མེད་པའི་མཚན་

ཉིད་བསྟན་ཏོ། །དེ་ལ་ཁ་ན་མ་ཐོ་བ་རྣམ་པ་གཉིས་ཏེ། དང་པོ་ནི་ཀུན་ནས་ཉོན་མོངས་པའི་ཆོས་འདྲེས་པ་སྟེ། འོག་ནས་མདོ་ལས་སྙིང་རྗེ་མེད་པའི་སྦྱོར་བ་ལ་སོགས་པ་སྐྱོན་རྣམ་པ་བཞི་བསྟན་པ་ལྟ་བུའོ། །གཉིས་པ་ནི་ཐབས་མ་ཡིན་པའི་སྤྱོད་པ་སྟེ། འོག་ནས་མདོ་ལས་ཟང་ཟིང་གི་ཕན་

འདོགས་པ་ཞེས་བྱ་བ་ལ་སོགས་པ་ཞིབ་ཏུ་ཇི་སྐད་བསྟན་པ་ལྟ་བུའོ། །རྣམ་པ་འདི་གཉིས་སྤངས་ནས་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི། ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་

ལ་སོགས་པ་ཉེ་བའི་ཉོན་མོངས་པའི་རྣམ་པ་ཐམས་ཅད་རྣམ་པར་སྤངས་པ་གང་ཡིན་པའོ་ཞེས་འབྱུང་སྟེ། དེ་ལ་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དེ་ཉིད་ལས་ཇི་སྐད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉེ་བའི་ཉོན་མོངས་པ་ནང་དང་ཕྱི་རོལ་ལ་བརྟེན་པ་རྣམ་པ་

བཅུ་ཡོད་དེ། དེ་དག་གི་གཉེན་པོར་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་བཅུ་བསྟན་པའི་རྣམ་པ་གཅིག་ལས་འཕྲོས་པའི་རིགས་བཞིན་དུ་རིག་པར་བྱའོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་ཉེ་བའི་ཉོན་མོངས་པ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་ཉོན་མོངས་པ་ཉིད་དང་

སྤོང་བ་ཉིད་དང་། བྱམས་པས་ཞེན་པ་མེད་པ་ཉིད་དང་། ཡིད་ལ་བསམས་པ་ཡོངས་སུ་མ་རྫོགས་པ་ཉིད་དང་། ཡོངས་སུ་མ་སྨིན་པ་ཉིད་དོ། །ནང་ལ་བརྟེན་པའི་ཉེ་བའི་ཉོན་མོངས་པ་ཡང་རྣམ་པ་ལྔ་སྟེ། ངེས་པར་འབྱིན་པ་མ་ཡིན་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་ཅན་

Vol. 120 · folio 47b

ཉིད་དང་། སྟོབས་དང་མི་ལྡན་པ་ཉིད་དང་། ཕྱོགས་སུ་ལྟུང་བ་དང་བཅས་པ་ཉིད་དང་། ཟད་པའི་ཆོས་ཉིད་དོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བ་དང་། མཚམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་ནོ། །བསྟན་

བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་གསུམ་པ་ཁ་ན་མ་ཐོ་བ་མེད་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པའི་ཆོས་དང་འདྲེས་པ་དང་། ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་སྤངས་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །དེ་ལ་རྣམ་པར་རྟོག་པ་མེད་

པ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ཀྱི་རང་གི་མཚན་ཉིད་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་བཞི་པ་རྣམ་པར་རྟོག་པ་མེད་པའི་མཚན་ཉིད་བསྟན་ཏོ། །འདི་ལྟར་སྒྲ་ཇི་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དག་གི་མཚན་ཉིད་རབ་ཏུ་འཛིན་པ་དང་བྲལ་

བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་རྣམ་པར་རྟོག་པ་མེད་པ་ཉིད་ནི་འདི་ལྟ་སྟེ། སྦྱིན་པ་ལ་སོགས་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ལྟ་བ་གང་ཡིན་པའོ་ཞེས་འབྱུང་སྟེ། ཡང་ན་རྣམ་པར་རྟོག་པ་

མེད་པ་ཉིད་ཅེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་འཁོར་གསུམ་ཀས་ཡོངས་སུ་དག་པ་རྒྱ་ཆེར་རྣམ་པར་བཤད་པ་ལས་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མཚམས་རྣམ་

པར་གྲོལ་བའི་མདོ་ལས། རྣམ་པར་རྟོག་པ་མེད་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲ་ཇི་བཞིན་དུ་རང་གི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པའོ་ཞེས་གང་ཡིན་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་རྣམ་པར་མི་རྟོག་པ་ནི་ཕ་རོལ་ཏུ་ཕྱིན་པ་ལས་སྒྲ་ཇི་བཞིན་

དུ་རང་གི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པའོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བཞི་པ་རྣམ་པར་རྟོག་པ་མེད་པས་རྣམ་པར་དག་པ་ནི་འདི་ལྟ་སྟེ། སྒྲ་ཇི་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དུ་འཛིན་པ་རྣམ་པར་སྤངས་པའོ་ཞེས་

Vol. 120 · folio 48a

འབྱུང་ངོ་། །དེ་ལ་ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་ནི་འདི་ལྟ་སྟེ། དེ་ལྟར་བྱས་ཤིང་བསགས་པའི་ཕ་རོལ་ཏུ་ཕྱིན་པ་དག་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུར་སྨོན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལྔ་པ་ཡང་དག་པར་ཡོངས་སུ་བསྔོ་བའི་མཚན་ཉིད་བསྟན་

པའོ། །དེ་ལ་དང་པོར་བྱས་པ་གང་ཡིན་པ་དེ་ནི་བྱས་པ་ཞེས་བྱའོ། །འཕེལ་བར་གྱུར་པའི་དུས་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཡོངས་སུ་བསྔོ་བ་ཉིད་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་འབྲས་བུ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཐོབ་པར་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཞེས་འབྱུང་ངོ་། །ཡོངས་སུ་བསྔོ་བ་རྒྱ་ཆེར་བཤད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་དང་། སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་ཡོངས་སུ་བསྔོ་བའི་ལེའུ་ལས་བསྟན་པ་བཞིན་ནོ། །མཚམས་རྣམ་པར་གྲོལ་བའི་

མདོ་ལས། ཡོངས་སུ་བསྔོ་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་བྱས་ནས་འཕེལ་བར་འགྱུར་བ་དག་བྱང་ཆུབ་ཆེན་པོའི་འབྲས་བུ་གཉེར་བ་གང་ཡིན་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཡོངས་སུ་བསྔོ་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དག་བྱས་ཤིང་།

བསགས་པ་དག་ལས་ཀྱང་བྱང་ཆུབ་ཆེན་པོའི་འབྲས་བུར་སྨོན་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཀྱང་། ལྔ་པ་ཡོངས་སུ་བསྔོ་བ་རྣམ་པར་དག་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སྐྱེས་ཤིང་འཕེལ་བར་འགྱུར་བ་

འམ། མ་སྐྱེས་ཤིང་འཕེལ་བར་མ་གྱུར་པ་ཡང་རུང་སྟེ། རྟག་པར་བྱང་ཆུབ་ཐོབ་པར་སྨོན་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །མཚན་ཉིད་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་སློབ་དཔོན་ཡང་དག་བདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བའི་བརྗེད་བྱང་བྱས་པ་ལས་བསྟན་

པ་བཞིན་དུ་བསྟན་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ལས་མཚན་ཉིད་རྣམ་པ་བཞིས་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པ་ཡོད་དེ། བསྟན་བཅོས་མདོ་སྡེའི་རྒྱན་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་མཚན་

Vol. 120 · folio 48b

ཉིད་བཞི་བཞི་ཡོད་པར་བསྟན་པ་ལྟ་བུ་སྟེ། དང་པོ་ནི་སྒྲིབ་པའི་གཉེན་པོར་གྱུར་པ་སྟེ། སེར་སྣ་ལ་སོགས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །གཉིས་པ་ནི་ཤེས་པར་བྱེད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྷན་ཅིག་འགྲོགས་པའི་ཕྱིར་རོ། །གསུམ་པ་ནི་རེ་བ་ཡོངས་སུ་

རྫོགས་པར་བྱེད་པ་སྟེ། སྦྱིན་པས་སློང་བ་དག་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱེད་པ་ནས། དེ་བཞིན་དུ་ནི་ཤེས་རབ་ཀྱིས་ནི་ཐེ་ཚོམ་ཅན་དག་གིས་ཇི་ལྟར་འདོད་པ་བཞིན་དུ་ཐེ་ཚོམ་གཅོད་པའི་ཕྱིར་རོ། །སྦྱིན་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། སྔར་སྦྱིན་པས་ཡོངས་སུ་བསྡུས་

ནས་དེའི་འོག་ཏུ་ཐེག་པ་གསུམ་པོ་དག་གིས་ཅི་རིགས་པར་སྨིན་པར་བྱེད་པ་ནས། དེ་བཞིན་དུ་སྔར་ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་དེའི་འོག་ཏུ་ཐེག་པ་གསུམ་གྱིས་ཅི་རིགས་པར་ཡོངས་སུ་སྨིན་པར་བྱེད་པའི་བར་དུའོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མཚན་ཉིད་

བཞིས་སྟོན་ཏོ། དེའི་ཕྱིར་དེ་ཉིད་ལས། དེ་ལ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཞེ་ན། རྩོལ་བ་ཉིད་ཀྱི་ཕྱིར་དང་། བག་ཆགས་ཀྱི་ཕྱིར་དང་། བདག་ཉིད་ཀྱི་ལུས་ཀྱི་ཕྱིར་དང་། རྒྱུ་མཐུན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་རུ་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཁ་ཅིག་ལས་ནི་མཚན་

ཉིད་རྣམ་པ་ལྔས་བསྟན་པ་ཡང་ཡོད་དེ། མདོ་དེ་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་

བསྒྱུར་བ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །གཞན་ཡང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མཚན་ཉིད་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཞེ་ན་འདི་ལྟ་སྟེ། རིགས་ཀྱི་ཕྱིར་དང་། སྨོན་ལམ་གྱི་ཕྱིར་དང་། བསམ་པའི་

ཕྱིར་དང་། དངོས་པོའི་ཕྱིར་དང་། ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ཉིད་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་དྲུག་གིས་བསྟན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། དྲུག་པོ་འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་

Vol. 120 · folio 49a

ཞེ་ན། དམ་པ་དྲུག་གིས་བལྟ་བར་བྱ་སྟེ་ཞེས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །མཚན་ཉིད་རྣམ་པ་དྲུག་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་འདྲ་བའི་ཕྱིར་འདིར་མ་བསྟན་ཏོ། །ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་བདུན་གྱིས་བསྟན་

པ་ཡང་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་མཚན་ཉིད་བདུན་པོ་འདི་དག་ནི་དམ་པ་བདུན་གྱིས་ཡོངས་སུ་སྡུད་པས་གདོད་ཕ་རོལ་ཏུ་ཕྱིན་པ་ཞེས་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གནས་པ་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རིགས་

ལ་གནས་པ་གང་ཡིན་པའོ། །རྟེན་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་ཆེན་པོའི་སེམས་ལ་བརྟེན་པ་གང་ཡིན་པའོ། །བསམ་པ་དམ་པ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་གང་ཡིན་པའོ། །ཆེད་དུ་བྱ་བ་དམ་པ་ནི་འདི་ལྟ་སྟེ། བྱ་བ་ཐམས་ཅད་ཕུན་སུམ་ཚོགས་

པར་སྤྱོད་པ་གང་ཡིན་པའོ། །ཐབས་ལ་མཁས་པ་དམ་པ་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་གང་ཡིན་པའོ། །ཡོངས་སུ་བསྔོ་བ་དམ་པ་ནི་འདི་ལྟ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་གང་ཡིན་པའོ། །རྣམ་པར་དག་པ་དམ་པ་ནི་འདི་ལྟ་སྟེ། སྒྲིབ་པ་གཉིས་དང་

འདྲེས་པར་མ་གྱུར་པ་གང་ཡིན་པའོ། །བདུན་པོ་དེ་དག་གིས་ཡོངས་སུ་མ་བསྡུས་པའི་སྦྱིན་པ་ལ་སོགས་པ་ནི། ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །ཁ་ཅིག་ལས་མཚན་ཉིད་རྣམ་པ་བརྒྱད་ཀྱིས་བསྟན་པ་ཡོད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་བཤད་པ་ལྟ་བུའོ། །

མཚན་ཉིད་རྣམ་པ་བཅུ་གཉིས་ཀྱིས་བསྟན་པ་ཡང་ཡོད་དེ། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་དང་མི་མཐུན་པའི་དངོས་པོ་གང་ལགས་ཞེས་བྱ་བ་

འདི་མན་ཆད་ནི་བཞི་པ་གཞན་དག་གིས་རྒོལ་བའི་རྗེས་སུ་བཟླས་ཏེ་བཤད་པ་ཞེས་བྱ་བའམ། ཡང་ན་ཞུས་པ་དང་། ལན་དག་གིས་རྒྱ་ཆེར་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་རྣམས་རྣམ་

Vol. 120 · folio 49b

པར་འབྱེད་པ་དང་། ཞུས་པ་དང་ལན་དག་གིས་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་འབྱེད་པ་དང་། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཆོས་རྣམ་པར་འབྱེད་པ་དང་། གང་དུ་བསྟན་པའི་ཐབས་མ་ཡིན་པའི་སྤྱོད་པ་བསྟན་པ་སྟེ། མདོར་བསྡུས་པའི་ཕྱིར་རྣམ་པར་

རྟོག་པ་མེད་པ་དང་། ཡང་དག་པར་ཡོངས་སུ་བསྔོ་བ་ནི་མ་བསྟན་ཏེ། ཁོང་དུ་ཆུད་པར་སླ་བའི་ཕྱིར་རོ། །འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པའོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་

པའི་དངོས་པོ་ཞུས་པའོ། །རིགས་ཀྱི་བུ་དངོས་པོ་དེ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་

བཤད་པ་སྟེ། འདི་ནི་དང་པོ་མི་མཐུན་པའི་དངོས་པོ་དྲུག་མདོར་བསྟན་པའོ། །འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། འདོད་པའི་བསོད་ནམས་ལས་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་

བཤད་པ་སྟོན་ཏོ། །འདི་ཡང་མཐུན་པའི་དངོས་པོ་རྣམ་པ་དྲུག་བསྟན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་བར་བྱའོ། །མི་མཐུན་པའི་དངོས་པོ་དེ་ཡང་རྣམ་པ་གཉིས་ཏེ། དང་པོའི་བྱེ་བྲག་གིས་མི་མཐུན་པའི་སྒྲིབ་པ་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་

མཛད་པ་ལས་ཇི་སྐད་དུ། མི་མཐུན་པའི་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་པོ་ཞེས་བསྟན་པ་ལྟ་བུའོ། །གཉིས་པ་སྤྱི་དང་བྱེ་བྲག་བསྡུས་པའི་སྒྲིབ་པ་ནི་འདི་ལྟ་སྟེ།

ལོངས་སྤྱོད་ལ་སོགས་པ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་བྱེ་བྲག་གི་སྒྲིབ་པའོ། །རེ་རེ་ལ་ཡང་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་གང་ཡིན་པ་དེ་ནི། སྤྱིའི་སྒྲིབ་པ་ཡིན་ནོ། །མདོ་འདི་ལས་ཀྱང་སྤྱི་དང་བྱེ་བྲག་གི་སྒྲིབ་པ་སྟོན་པ་དང་། མཛད་པས་འདི་ནི་དང་པོ་སྦྱིན་པ་དང་མི་མཐུན་པའི་དངོས་

Vol. 120 · folio 50a

པོ་བསྟན་པའོ། །དེ་འདོད་པའི་དགའ་བ་ཞེས་བྱ་བ་ལ་སོགས་པ་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པའི་དགའ་བའི་མིང་གི་རྣམ་གྲངས་སོ། །ལོངས་སྤྱོད་ལ་དབང་ཕྱུག་ཅེས་བྱ་བ་ནི་དགའ་བར་བྱ་བའི་ཡུལ་ལོ། །འདོད་

པའི་བསོད་ནམས་ལ་ཞེས་བྱ་བ་ནི་གོང་མའི་ཡུལ་གསུམ་པོ་དག་གི་དགའ་བ་ལའོ་ཞེས་བྱའོ། །ཁ་ཅིག་ན་རེ། འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པ་ལ་དགའ་བའི་དོན་ཏེ། འདོད་པའི་བདག་ཉིད་དོ། །དེ་ལ་འདོད་པ་ལ་ལྔ་སྟེ། ཡུལ་ལྔ་པོ་དག་གོ། །ལོངས་སྤྱོད་ཅེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་

སོགས་པ་མང་དུ་བདོག་པའོ། །དབང་ཕྱུག་ཅེས་བྱ་བ་ནི་གོང་མའི་དངོས་པོ་གཉིས་ལ་ལོངས་སྤྱོད་པའི་དབང་ཐོབ་པའོ། །འདོད་པའི་བསོད་ནམས་ཞེས་བྱ་བ་ནི། འདོད་པ་ལ་དགའ་བའི་ཡུལ་བསྟན་པའོ། །འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། ཡིད་བདེ་བ་ལ་དབང་བ་འདོད་པའི་

དགའ་བ་རྣམ་པ་གསུམ་ནི་འདོད་པའི་བསོད་ནམས་ཞེས་བྱ་སྟེ། འདོད་པའི་དགའ་བ་རྣམ་པ་གསུམ་པོ་དེ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བའོ། །དེ་ནི་འདི་སྐད་དུ། འདོད་པའི་དགའ་བ་རྣམ་པ་གསུམ་པོ་དག་ལ་དགའ་ཞིང་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་གང་ཡིན་པ་དེས་ནི་སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་ལ་སྒྲིབ་པར་བྱེད་དོ་ཞེས་བསྟན་པར་འགྱུར་རོ་ཞེའོ། །ཁ་ཅིག་ན་རེ་འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པའི་དགའ་བའི་ཚོར་བའོ། །གཞན་ནི་སྔ་མ་བཞིན་ནོ་ཞེའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། འདོད་པ་ལ་དགའ་བ་དང་། ལོངས་སྤྱོད་དང་། དབང་

ཕྱུག་ཅེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། འདོད་པ་ལྔའི་ལོངས་སྤྱོད་ལ་དབང་བ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ཕ་རོལ་ཏུ་ཕྱིན་པ་ལ་སྒྲིབ་པ་རྣམ་པ་དྲུག་ཡོད་དེ། དང་པོའི་སྒྲིབ་པ་ནི་འདོད་པའི་ཡུལ་

ལ་དགའ་བ་དང་། ལོངས་སྤྱོད་དང་བདག་ཉིད་ཀྱི་བསོད་ནམས་ལ་ཡོན་ཏན་ཁྱད་པར་དུ་འཕགས་པར་ལྟ་བ་སྟེ། སྦྱིན་པས་ནི་རབ་ཏུ་སེལ་བར་བྱེད་དོ་ཞེས་འབྱུང་ངོ་། །ལུས་དང་། ངག་དང་། ཡིད་འདོད་དགུར་ཀུན་ཏུ་སྤྱོད་པ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་གཉིས་པ་

Vol. 120 · folio 50b

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པའོ། །ཇི་ལྟར་འདོད་པ་བཞིན་དུ་སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་སྟེ། དཔེར་ན་ལུག་བསད་ན་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་སྟེ། ཐེག་པ་ཆེན་པོ་

བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། གཉིས་པ་སྒྲིབ་པའི་ཐེ་ཚོམ་དང་བཅས་པའི་སེམས་ཀྱིས་ལུས་དང་། ངག་དང་། ཡིད་ཀྱི་ལས་སློང་བ་སྟེ། ཚུལ་ཁྲིམས་ཀྱིས་འདི་རབ་ཏུ་སེལ་བར་འགྱུར་རོ་ཞེས་འབྱུང་སྟེ། གཞན་གྱིས་བརྙས་པ་མི་བཟོད་པ་དག་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་

ཞེས་བྱ་བ་ནི་གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་ཏེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། གསུམ་པའི་སྒྲིབ་པ་ནི་བརྙས་པ་དང་། སྨོད་པ་དང་། གྲང་བ་དང་། ཚ་བ་ལ་སོགས་པའི་སྡུག་

བསྔལ་ལ་ཇི་མི་ནུས་པ་སྟེ། བཟོད་པས་རབ་ཏུ་སེལ་བར་བྱེད་དོ་ཞེས་བཤད་དོ། །ནན་ཏན་གྱིས་མི་བརྩོན་པས་འདོད་པ་ལ་དགའ་བ་ལ་མངོན་པར་ཞེན་པ་དག་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་བཞི་པ་བརྩོན་འགྲུས་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། ལེ་ལོ་དང་། བག་མེད་པ་ལ་སོགས་

པ་ལ་ཡོན་ཏན་དུ་ལྟ་བ་གང་ཡིན་པའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། བཞི་པའི་སྒྲིབ་པ་ནི་ནན་ཏན་དུ་སྒྲིབ་པར་བྱེད་པ་ལས་བདེ་བ་ཉིད་དུ་འཛིན་ཅིང་། མ་ཐོབ་པར་ཐོབ་བོ་སྙམ་དུ་སེམས་པས་ཡོན་ཏན་དུ་ལྟ་བ་སྟེ། བརྩོན་འགྲུས་ཀྱིས་འདི་སེལ་བར་བྱེད་དོ་

ཞེས་བཤད་དོ། །འདུ་འཛི་ལ་གནས་ཤིང་འཇིག་རྟེན་གྱི་སྣ་ཚོགས་དང་། རྣམ་པར་གཡེང་བ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་ཞེས་བྱ་བ་ནི་ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། འདི་ལྟར་རྣམ་པར་གཡེང་བ་རྣམ་པ་ལྔ་པོ་དག་ལའམ། རྣམ་

པར་གཡེང་བ་རྣམ་པ་དྲུག་པོ་དག་ལ་ཡོན་ཏན་ཁྱད་པར་དུ་འཕགས་པར་ལྟ་བ་ལའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་འཇིག་རྟེན་གྱི་འདུ་འཛི་མང་པོ་དངོས་པོ་ལ་བརྟེན་པ་ཞེས་འབྱུང་སྟེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཐེག་པ་

Vol. 120 · folio 51a

ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ལྔ་པ་སྒྲིབ་པ་ནི་འདྲེ་བར་གནས་པར་མོས་པ་ལས། འཇིག་རྟེན་པའི་ཡ་མཚན་གྱི་དངོས་པོ་དང་། རྣམ་པར་གཡེང་བའི་རྒྱུ་དང་། རྐྱེན་དག་ལ་ཡོན་ཏན་ཉིད་དུ་ལྟ་བ་སྟེ། བསམ་གཏན་གྱིས་འདི་རབ་ཏུ་

སེལ་བར་བྱེད་དོ་ཞེས་འབྱུང་ངོ་། །མཐོང་བ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ཀྱི་སྤྱོད་པ་དག་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དགོངས་

པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ལྔ་པ་ནི་འཇིག་རྟེན་པའི་འདུ་འཛི་མང་པོའི་དངོས་པོ་བསྟན་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་རྣམ་པར་རིག་པའོ། །དྲུག་པ་ནི་འཇིག་རྟེན་པའི་སྤྲོས་པ་དག་ལ་བསོད་ནམས་བྱས་པ་བཞིན་དུ་

མཐོང་བ་ཞེས་བྱ་བ་ནི་ལོ་ཙཱ་བ་དག་གིས་ནོར་ཏེ། མཐོང་བ་དང་ཐོས་པ་ལ་སོགས་པས་དངོས་པོ་ནི་དྲུག་པས་རྟོགས་པའི་ཕྱིར་རོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ལྟ་བར་སོང་བ་དང་། འཆལ་བའི་ཤེས་རབ་ཐམས་ཅད་སེལ་བ་ཞེས་འབྱུང་ངོ་། །ཐེག་པ་ཆེན་པོ་བསྡུས་

པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། དྲུག་པའི་སྒྲིབ་པ་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དག་ལ་ཡང་དག་པ་ཉིད་དུ་འཛིན་པ་དང་། འཇིག་རྟེན་གྱི་སྤྲོས་པ་དག་ལ་སེམས་ཀྱིས་བརྩོན་པར་བྱེད་པ་དང་། དོན་མ་ངེས་པའི་དོན་གྱིས་མདོ་དག་ལས། སྒྲ་ཇི་

བཞིན་དུ་དོན་དུ་འཛིན་པ་སྟེ། ཤེས་རབ་ཀྱིས་འདི་རབ་ཏུ་སེལ་བར་བྱེད་དོ་ཞེས་བཤད་དོ། །རྒྱ་ཆེར་ནི་སློབ་དཔོན་ཡང་དག་བདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་གང་

ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་རྣམ་པར་སྨིན་པ་འབྲས་བུ་རྣམ་པར་འབྱེད་པའོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོའི་རྣམ་པར་སྨིན་པའི་འབྲས་བུ་ཇི་ལྟ་བ་

Vol. 120 · folio 51b

ཞིག་ལགས་ཞེས་ཞུས་པའོ། །རིགས་ཀྱི་བུ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟེ་

འདི་ནི་དང་པོའོ། །སྒྲུབ་པའི་རྒྱུ་རྣམ་པ་དྲུག་ཡོད་པའི་བྱེ་བྲག་གིས་མངོན་པར་སྒྲུབ་པའི་རྣམ་པར་སྨིན་པའི་འབྲས་བུ་ཡང་རྣམ་པ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་ཆེན་པོ་ཉིད་དང་། བདེ་འགྲོར་སྐྱེ་བ་དང་། ཁོན་མེད་ཅིང་དབྱེན་མེད་ལ་བདེ་བ་དང་ཡིད་བདེ་བ་མང་བ་དང་། སེམས་ཅན་གྱི་

བདག་པོ་བྱེད་པ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པའོ་ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བསྟན་པ་སྟེ། གོ་རིམས་བཞིན་དུ་སྦྱིན་པའི་སྟོབས་ཀྱིས་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་བསྲུང་བའི་ཕྱིར་དེ་བདེ་འགྲོར་སྐྱེ་བ་

པ་དང་། བཟོད་པ་བསྒོམས་པའི་ཕྱིར་ཁོན་མེད་ཅིང་དབྱེན་མེད་ལ། བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་བ་དང་། བརྩོན་འགྲུས་བརྩམས་པའི་ཕྱིར་མང་པོ་ཀུན་གྱིས་བསྐོར་བས་སེམས་ཅན་གྱི་བདག་པོ་བྱེད་པར་འགྱུར་བ་དང་། བསམ་གཏན་གྱིས་ཉོན་མོངས་པ་རབ་ཏུ་བསལ་བའི་ལུས་

ལ་གནོད་པ་མེད་པ་ཐོབ་པར་འགྱུར་བ་དང་། ཤེས་རབ་ཀྱིས་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པས་དབང་ཆེ་བར་གྲགས་པའོ། །མཚམས་རྣམ་པར་གྲོལ་བའི་མདོ་ལས། ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོན་མེད་པ་གསུམ་ནི་མདོ་འདི་ལས་གསུངས་པ་དང་

མཐུན་ནོ། །བཞི་པ་ནི་འཕེལ་བ་མེད་པའོ། །ལྔ་པ་ནི་བདེ་བ་མང་ཞིང་སེམས་ཅན་གྱི་བདག་པོ་བྱེད་པའོ། །དྲུག་པ་ནི་རང་གི་ལུས་ལ་གནོད་པ་བྱེད་པ་མེད་ཅིང་ལས་སུ་རུང་བ་ཆེན་པོ་དང་ལྡན་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བསོད་ནམས་ཅན་

གྱི་ལོངས་སྤྱོད་ཐོབ་པའི་ཕྱིར་དང་། བདེ་འགྲོར་འགྲོ་བའི་ཕྱིར་དང་། ཁོན་མེད་པའི་ཕྱིར་དང་། དབྱེན་མེད་ཅིང་བདེ་བ་མེད་པའི་ཕྱིར་དང་། རྟག་པར་སེམས་ཅན་གྱི་བདག་པོ་བྱེད་པའི་ཕྱིར་བདག་ཉིད་ཀྱི་ལུས་ལ་གནོད་པ་མེད་པའི་ཕྱིར་དང་། མཐུ་ཆེན་པོའི་ཕྱིར་རོ་ཞེས་འབྱུང་སྟེ།

Vol. 120 · folio 52a

མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་གོ་རིམས་ནོར་བ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་འབྲས་བུ་བདུན་བསྟན་པ་དང་། མི་གསལ་བར་འགྱུར་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་

ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོ་ནས་འབྲས་བུ་ལྔ་ལྔ་ཐོབ་པར་སྟོན་ཏོ། །མདོ་འདི་ལས་ནི་འབྲས་བུ་རེ་རེ་ཐོབ་པར་བསྟན་ཏེ། དེའི་ཕྱིར་བསྟན་བཅོས་ལ་ཕན་ཡོན་ནི་རྣམ་པ་ལྔའི་སྐབས་སུ་དཔག་ཏུ་མེད་པའི་བསྔགས་པ་བརྗོད་པ་གང་ཡིན་པ་དེ་ནི་ཕན་ཡོན་ཞེས་བྱའོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་མི་

མཐུན་པའི་ཕྱོགས་སྤངས་པ་ནི་བྲལ་བའི་འབྲས་བུའོ། །མཐོང་བའི་ཆོས་ལ་སྦྱིན་པ་ལ་སོགས་པས་བདག་དང་གཞན་རྗེས་སུ་འཛིན་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་

བ་ནི་དབང་གི་འབྲས་བུའོ། །ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོ་ན་མེད་པ་དང་། དབྱེན་མེད་པ་དང་། བདེ་བ་དང་། ཡིད་བདེ་བ་མང་བ་དང་། སེམས་ཅན་ལ་དབང་བ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་

ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཟག་པ་དང་བཅས་པ་ནི་རྣམ་པ་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་པས་སོ། །ཟག་པ་མེད་པ་ལ་ཡང་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་

པས་སོ། །གང་འབྲས་བུ་ལྔ་ཚང་བར་བསྟན་པ་དེ་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཕན་འདོགས་པ་འམ། གཉི་ག་བསྡུས་པའི་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་དེ་དག་བརྡ་སྤྲོད་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་གཅིག་པ།

བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཀུན་ནས་ཉོན་མོངས་པའི་ཆོས་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞུས་པ་དང་། ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཆོས་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་

Vol. 120 · folio 52b

དང་པོ་གོང་དུ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་སྐབས་སུ་ཀུན་ནས་ཉོན་མོངས་པ་དང་མ་འདྲེས་པ་ཞེས་གསུངས་པ་དེ་ཞུ་བའོ། །རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་

པ་གསུམ་སྟེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། རྣམ་པར་ཕྱེ་སྟེ་བསྟན་པ་དང་། གཞན་དག་གིས་རྒོལ་བའི་རྗེས་སུ་བཟླས་ཏེ་བསྟན་པ་སྟེ། འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པའོ། །སྙིང་རྗེ་མེད་པའི་སྦྱོར་བའི་ཕྱིར་དང་། ཚུལ་བཞིན་མ་ཡིན་པའི་སྦྱོར་བའི་ཕྱིར་དང་། རྟག་

ཏུ་མི་བྱེད་པའི་སྦྱོར་བའི་ཕྱིར་དང་། མ་གུས་པའི་སྦྱོར་བའི་ཕྱིར་དང་ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ལྟར་བསྒོམ་པ་རྣམ་པ་བཞི་ལ་སྒྲིབ་པའི་ཕྱིར་རྣམ་པ་བཞི་ཞེས་གསུངས་པ་ཡིན་ཏེ། དེ་ལ་བསྒོམ་པ་རྣམ་པ་བཞི་ནི། མཛོད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ།

བསྒོམ་པ་ནི་རྣམ་པ་བཞི་ཡོད་དེ། དང་པོ་ལུས་པ་མེད་པར་བསྒོམ་པ་ནི་བསོད་ནམས་དང་། ཡེ་ཤེས་རྣམ་པ་གཉིས་ཀྱི་ཚོགས་ལུས་པ་མེད་པར་བསྒོམ་པའི་ཕྱིར་རོ། །གཉིས་པ་ཡུན་རིང་པོར་བསྒོམ་པ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་སྒོམ་པར་བྱེད་ཀྱང་ངལ་བ་མེད་པའི་ཕྱིར་རོ། །གསུམ་པ་རྒྱུན་

ཆད་པ་མེད་པར་བསྒོམ་པ་ནི་ནན་ཏན་བརྩོན་འགྲུས་ཀྱིས་སྐད་ཅིག་གཅིག་ལ་བསྒོམ་ཞིང་ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །བཞི་པ་གུས་པར་བསྒོམ་པ་ནི་བསླབ་པར་བྱ་བ་དག་ལ་གུས་པ་དང་། ང་རྒྱལ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །

བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། བསྒོམ་པ་རྣམ་པ་ལྔ་ཞེས་བཤད་དེ་དེའི་ཕྱིར་དེ་ཉིད་ལས། དང་པོ་སེམས་བསྐྱེད་པ་དང་། ཡུན་རིང་པོ་དང་། རྒྱུན་ཆད་པ་མེད་པ་དང་། གུས་པ་མེད་པ་དང་། ལུས་པ་མེད་པར་བསྒོམ་པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ཏེ། རྣམ་པར་བཤད་པ་ནི་མེད་དོ། །

འདིར་ནི་དང་པོ་སེམས་བསྐྱེད་པ་བཀོལ་བའི་ཕྱིར་རྣམ་པ་བཞིར་གསུངས་པ་ཡིན་ནོ། །དེ་ལ་སྙིང་རྗེ་མེད་པའི་སྦྱོར་བས་ནི་ཡུན་རིང་པོར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བསྒྲུབ་པར་ནུས་པ་ཡང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཡིན་གྱི།

Vol. 120 · folio 53a

སྙིང་རྗེའི་སྟོབས་མེད་པའི་ཕྱིར་ཡུན་རིང་པོ་བས་ནི་མ་ཡིན་པས་སོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བས་ནི་ལུས་མེད་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དོ། །སྤྱོད་པ་གཅིག་བསྒྲུབ་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྤྱོད་པ་ཁྱད་པར་བསྒོམ་མི་ནུས་པའི་ཕྱིར་རོ། །རྟག་ཏུ་མི་བྱེད་པའི་སྦྱོར་

བས་ནི་རྒྱུན་ཆད་པ་མེད་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ་དེ་ལ་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུ་བྱ་བ་ལ་བྱའོ། །འདི་ལྟར་ལེ་ལོའི་དབང་གིས་རྒྱུན་ཆད་པ་མེད་པར་རྒྱུན་དུ་སྤྱོད་པ་རྣམས་བསྒྲུབ་པར་མི་ནུས་པས་སོ། །མ་གུས་པས་ནི་གུས་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་

རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ལ་སྤྱོད་པ་ན་སྤྱོད་པ་རེ་རེ་ལ་གུས་པ་བསྐྱེད་ནས་སྦྱིན་པ་ལ་སོགས་པ་སྤྱོད་པས་སོ། །རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ཚེ་འདྲེན་མར་འབྱུང་བས་འདྲེས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བ་ནི་འདི་ལྟ་སྟེ།

ཕ་རོལ་ཏུ་ཕྱིན་པ་གཞན་བསྒོམ་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་གཞན་ཡོངས་སུ་སྤོང་ཞིང་ཉམས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་རྒོལ་བའི་རྗེས་སུ་བཟླས་ཏེ་བསྟན་པ་སྟོན་ཏོ། །འདི་ཡང་གང་གི་ཚུལ་བཞིན་མ་ཡིན་པ་ཞེས་གསུངས་པས་ཀྱང་ཉེས་པ་བསྡུས་པ་ཡིན་མོད་ཀྱི། ཡང་དག་པའི་

རིགས་པ་དང་ཡང་འགལ་བས་འདིར་མདོ་འདི་ལས་རྣལ་འབྱོར་པས་འགལ་ཏེ། ཕ་རོལ་ཏུ་ཕྱིན་པ་གཅིག་ཁོ་ན་ལས་སྤྱོད་པར་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱི་སྤྱོད་པ་ཡོངས་སུ་སྤོང་བར་འགྱུར་བས་ཚུལ་བཞིན་མ་ཡིན་པ་ཞེས་བྱ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་

ལས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ན་གལ་ཏེ་སྤྱོད་པ་གཞན་དང་བྲལ་བར་གྱུར་ན་ཚུལ་བཞིན་མ་ཡིན་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཐམས་ཅད་མ་ལགས་པའི་སྤྱོད་པ་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞུས་པ་དང་། ལན་དག་གིས་གོང་དུ་བསྟན་པའི་

ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་སྟེ། ཞུ་བ་གསོལ་བ་དང་། ལན་གསུངས་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ནི་དང་པོ་གོང་དུ་བསྟན་པའི་ཐབས་མ་ཡིན་པའི་སྤྱོད་པ་ཞུས་པའོ། །

Vol. 120 · folio 53b

རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དག་གིས་སེམས་ཅན་ལ་ཕན་འདོགས་པ་ན་ཟང་ཟིང་གི་བསྡུ་བས་ཕན་འདོགས་པ་ཉེ་བར་བསྒྲུབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་མི་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཐབས་ཡིན་

པའི་སྤྱོད་པ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་དངོས་པོ་བཞི་ལས། ཟང་ཟིང་གི་བསྡུ་བ་ཁོ་ནས་ཕན་འདོགས་པས་ཆོག་པར་འཛིན་ཅིང་། གཞན་དག་མི་དགེ་བའི་གནས་ནས་སློང་བར་མི་བྱེད་པ་གང་ཡིན་པ་འདི་ནི་ཐབས་

མ་ཡིན་པའི་སྤྱོད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐབས་མ་ཡིན་པའི་སྤྱོད་པར་གྱུར་པའི་གཏན་ཚིགས་བརྟག་པ་སྟེ། ཟང་ཟིང་བཏང་བས་ཀྱང་ཕ་རོལ་དགའ་བར་འགྱུར་བས་ཕན་འདོགས་པ་ཡིན་ན། དོན་གང་གི་ཕྱིར་ཐབས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །

རིགས་ཀྱི་བུ་སེམས་ཅན་ལ་དངོས་པོ་དེ་ཙམ་ཞིག་བྱས་པས་ཡང་དག་པར་ཕན་བཏགས་པ་ཞེས་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་བཤད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཟང་ཟིང་གིས་བསྡུས་ནས་འཇིག་

རྟེན་པ་འདི་དགའ་བ་ཙམ་བྱས་པ་ཡང་ཕན་བཏགས་པ་ཞེས་བྱ་བ་མ་ཡིན་གྱི། ཆོས་ཀྱི་སྦྱིན་པ་བཏང་ནས། སེམས་ཅན་རྣམས་མི་དགེ་བའི་གནས་ནས་བསླང་བ་གང་ཡིན་པ་དེ་ནི་གདོད་ཕན་བཏགས་པ་ཞེས་བྱ་བས་སོ། །དཔེར་ན་མི་གཙང་བ་ནི་ཆེ་ཡང་རུང་ཆུང་ཡང་རུང་རྣམ་གྲངས་གང་

གིས་ཀྱང་དྲི་ཞིམ་པོར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་ལྔ་པ་དཔེས་ཉེ་བར་མཚོན་པ་སྟེ། དཔེར་ན་འཇིག་རྟེན་ན་མི་གཙང་བ་ནི་ཆེ་ཡང་རུང་ཆུང་ཡང་རུང་ནམས་ཀྱང་དྲི་ཞིམ་པོའི་དངོས་པོར་མི་འགྱུར་བ་བཞིན་ནོ། །དེ་ལ་མི་གཙང་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་བསྟན་པའོ། །དྲི་ཞིམ་པོ་ནི་མྱ་

ངན་ལས་འདས་པའི་དཔེར་བསྟན་པའོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་ཕྱིར། དེའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་ཡིན་པས་ཐབས་མེད་པ་གང་གིས་ཟང་ཟིང་ཁོ་ནས་རེ་ཞིག་ཙམ་དུ་ཕན་བཏགས་ཀྱང་བདེ་བ་ཉེ་བར་བསྒྲུབ་པར་མི་ནུས་ཀྱི། དགེ་བ་འབའ་ཞིག་ལ་འཇོག་

Vol. 120 · folio 54a

པ་གང་ཡིན་པ་དེ་ནི་གདོད་ཕན་འདོགས་པའི་མཆོག་ཅེས་བྱ་བའི་མིང་འཐོབ་བོ་ཞེས་བྱ་བ་ནི་དྲུག་པ་དཔེ་དང་དོན་སྦྱོར་བ་སྟེ། འདི་ལྟར་སེམས་ཅན་རྣམས་འདུ་བྱེད་སྡུག་བསྔལ་ཉིད་ཀྱི་ཕྱིར། དེའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་ཡིན་པས། ནོར་དང་། ཟས་དང་། སྐོམ་ཙམ་གྱིས་ཕན་བཏགས་པས་

བདེ་བ་ཉིད་དུ་མི་འགྱུར་གྱི་བྱང་ཆུབ་ཀྱི་མྱ་ངན་ལས་འདས་པ་དགེ་བའི་ཆོས་གྱ་ནོམ་པ་ལ་འཇོག་པ་གང་ཡིན་པ་དེ་འབའ་ཞིག་ནི་ཕན་འདོགས་པའི་མཆོག་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པ་དུ་མཆིས་པ་ལགས་ཞེས་བྱ་བ་ནི་འདི་མན་ཆད་ནི་དགུ་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་གྲངས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་པོ་ཞུ་བ་གསོལ་པ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་

ལ་རྣམ་པར་དག་པའི་ཕྱིར་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ང་ནི་ནམས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་གོང་དུ་བསྟན་པ་བཞི་མཚན་ཉིད་ལྔ་པོ་མ་གཏོགས་པར་རྣམ་པར་དག་པ་གཞན་ཡོད་པར་མི་སྨྲ་མོད་ཀྱི་

ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་ལྔ་ལས་རྣམ་པར་དག་པ་གུད་ན་མེད་པར་བསྟན་པ་དང་། ལྔ་པོ་དག་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན་གྱི་མཚན་བསྟན་པ་སྟེ། འདི་ནི་དང་པོའོ། །

འདི་ལྟར་ང་ནི་གོང་དུ་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནས་ཡང་དག་པར་ཡོངས་སུ་བསྔོ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་བར་གྱི་མཚན་ཉིད་ལྔ་པོ་དག་མ་གཏོགས་པར་གུད་ན་རྣམ་པར་དག་པའི་མཚན་ཉིད་ཡོད་པར་མི་གསུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་ཡང་དངོས་པོ་དེ་དག་གིས་བསྡུས་

པ་དང་། སོ་སོ་བ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནི་རྣམ་པར་དག་པའི་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལྔའི་མཚན་ཉིད་སྔ་མ་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། སྔ་མའི་མཚན་ཉིད་རྣམ་པ་

Vol. 120 · folio 54b

ལྔ་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན་གྱི་ལན་མདོར་གསུངས་པ་དང་། གོ་རིམས་བཞིན་དུ་བསྡུས་པ་སོ་སོ་བ་བདུན་མཚན་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ལ་དངོས་པོ་དེ་དག་གི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དངོས་པོ་དེ་དག་ཅེས་བྱ་བར་བསྟན་ཏེ། འདི་ལྟར་

ཕ་རོལ་ཏུ་ཕྱིན་པ་དེ་དག་རེ་རེ་དག་ལ་ཡང་སོ་སོ་ནས་བསྡུས་པ་དང་། སོ་སོ་བ་རྣམ་པ་བདུན་ཡོད་པས་སོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཚན་ཉིད་བསྡུས་པ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་

པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བསྡུས་པའི་མཚན་ཉིད་བདུན་བསྟན་པ་དང་། སོ་སོའི་མཚན་ཉིད་བདུན་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། ཞུས་པ་དང་། ལན་དག་གིས་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འདི་ནི་དང་པོ་མཚན་ཉིད་རྣམ་པ་

བདུན་སྨོས་པའོ། །བདུན་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་ཚོལ་བ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་། ལན་དག་གི་མཚན་ཉིད་རྣམ་པ་བདུན་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏེ། འདི་ནི་མཚན་ཉིད་དང་པོ་བསྟན་པའོ། །འདི་ལྟར་བྱང་

ཆུབ་སེམས་དཔའ་ནི་གསང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པས་གཞན་ཤེས་པར་བྱས་ནས་གྲགས་པ་དང་རྙེད་པ་མི་ཚོལ་བའི་ཕྱིར་རོ། །ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པར་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ་འཁོར་གསུམ་ཡོངས་སུ་དག་

པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རེ་རེ་དག་ལ་ཡང་གསུམ་ཡོངས་སུ་དག་པ་ཆེན་པོ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་རྒྱ་ཆེར་བསྟན་ཏོ། །ཆོས་འདི་དག་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་པ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་སྐྱེད་པར་མི་བྱེད་

པ་ཞེས་བྱ་བ་ནི་གསུམ་པ་ཐེ་ཚོམ་མི་སྐྱེད་པའི་མཚན་ཉིད་བསྟན་པ་སྟེ། མོས་པ་བསྟན་པའི་ཕྱིར་རོ། །བདག་ལ་མི་བསྟོད་གཞན་ལ་མི་སྨོད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བདག་ལ་བསྟོད་ཅིང་གཞན་ལ་མི་སྨོད་པའི་མཚན་ཉིད་བསྟན་པ་སྟེ། ལྕི་བའི་ཉེས་པར་འགྱུར་

Vol. 120 · folio 55a

བའི་ཕྱིར་རོ། །དྲེགས་པར་མི་བྱེད་ཅིང་བག་མེད་པར་མི་བྱེད་པ་ཞེས་འབྱུང་བ་ནི། ལྔ་པ་བག་མེད་པར་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ། ལེ་ལོ་དང་བྲལ་བའི་ཕྱིར་རོ། །ཅུང་ཟད་ཙམ་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པ་ཞེས་བྱ་བ་ནི་དྲུག་པ་ཆོག་པར་མི་འཛིན་པའི་

མཚན་ཉིད་བསྟན་པ་སྟེ། སྤྱོད་པ་རྒྱ་ཆེ་བ་རྣམས་སྤྱོད་ཅིང་ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །ཆོས་དེ་དག་གིས་སེར་སྣ་མི་བྱེད་པ་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བདུན་པ་ཕྲག་དོག་དང་སེར་སྣ་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཆོས་སྤྱོད་

པའི་ཕྱིར་གཞན་དག་ཀྱང་སྤྱོད་པ་མཐོང་ན་སེར་སྣ་དང་ཕྲག་དོག་གིས་ཟང་ཟིང་དང་ཆོས་ལ་སེར་སྣ་མི་བྱེད་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་མཚན་ཉིད་སོ་སོ་ཐ་དད་པར་བསྟན་པ་ཡང་རྣམ་པ་བདུན་ཡོད་དོ་ཞེས་བྱ་བ་ནི་འདི་མན་ཆད་གཉིས་པ་སོ་སོ་ཐ་དད་པའི་མཚན་ཉིད་བསྟན་པའོ། །འདི་ཡང་

རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་བདུན་བསྟན་པ་སྟེ། འདི་ནི་དང་པོ་གྲངས་མདོར་སྨོས་པའོ། །བདུན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ངས་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཇི་ལྟར་བསྟན་

པ་བཞིན་དུ་ཡང་དག་པར་རྗེས་སུ་བསྒྲུབ་ཅིང་སྤྱོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་རྣམ་པ་བདུན་བསྟན་ཏོ། །འདི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སྦྱིན་པའི་མཚན་ཉིད་

བསྟན་པའོ། །འདི་ཡང་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་བསྐྱེད་པ་མདོར་བསྟན་པ་དང་། མཚན་ཉིད་རྣམ་པ་བདུན་རྣམ་པར་ཕྱེ་སྟེ་བསྟན་པ་དང་། མཚན་ཉིད་བདུན་བཤད་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་སྦྱིན་པའི་མཚན་ཉིད་

བདུན་བསྐྱེད་པ་མདོར་བསྟན་པའོ། །སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ཚུལ་ཁྲིམས་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ལྟ་བ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། སེམས་རྣམ་པར་དག་པས་སྦྱིན་པ་རྣམ་པར་

Vol. 120 · folio 55b

དག་པ་སྤྱོད་པ་དང་། ངག་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ཤེས་པ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། དྲི་མ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་ཞེས་བྱ་བ་ནི་གཉིས་པ་སྦྱིན་པའི་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་རྣམ་

པར་ཕྱེ་སྟེ་བསྟན་པའོ། །དེ་ལ་དངོས་པོ་མ་བརྟགས་པ་ལ་སོགས་པ་མ་ཡིན་པས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པ་ཞེས་བྱའོ། །ཉེས་པ་རྣམས་རབ་ཏུ་བསལ་ཏེ། སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱའོ། །བདག་

ནི་སྦྱིན་པར་བྱེད་པའོ། །སྦྱིན་པར་བྱ་བ་ནི་བདག་གིའོ་ཞེས་བྱ་བ་ལ་སོགས་པར་མི་འཛིན་པ་གང་ཡིན་པ་དེ་ནི། ལྟ་བ་རྣམ་པར་དག་པ་ཞེས་བྱའོ། །སྙིང་བརྩེ་བའི་སེམས་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པ་ཞེས་བྱའོ། །མདོག་མདངས་བཟང་ཞིང་སྔར་གསོང་པོར་སྨྲ་བ་ལ་

སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ངག་རྣམ་པར་དག་པ་ཞེས་བྱའོ། །སྦྱིན་པའི་མིང་དང་ངོ་བོ་ཉིད་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ཤེས་པ་རྣམ་པར་དག་པ་ཞེས་བྱའོ། །ལེ་ལོ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་

པའི་དྲི་མ་ཡོངས་སུ་སྤངས་ནས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་དྲི་མ་རྣམ་པར་དག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་ནི་རྣམ་པར་དག་པའི་མཚན་ཉིད་བདུན་པོ་འདི་དག་དང་ལྡན་ན། གདོད་སྦྱིན་པ་རྣམ་པར་དག་པ་ཡོངས་སུ་གྲུབ་པར་གྱུར་ཏེ། ཞིབ་ཏུ་ནི་བསྟན་བཅོས་རྣལ་

འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་བཅས་པ་ལས་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །མཚན་ཉིད་བདུན་པོ་འདི་དག་རེ་རེ་ཞིང་ཡང་མཚན་ཉིད་རྣམ་པ་བཅུ་བཅུར་དབྱེ་བར་བྱ་སྟེ། བསྟན་བཅོས་རྣལ་འབྱོར་

སྤྱོད་པའི་ས་ལས་ཇི་སྐད་དུ། གཞན་ཡང་བྱང་ཆུབ་སེམས་དཔས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱེད་པ་དེ་ལ་བརྟེན་ནས་སྦྱིན་པ་ཡོངས་སུ་དག་པ་རྣམ་པ་བདུན་དུ་རིག་པར་བྱའོ། །འདི་ལྟར་སྦྱིན་པ་བྱ་བའི་དངོས་པོ་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words