འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 118 · folio 229b
པ་ནི་འདི་ལྟ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་། རྟེན་དང་དབང་པོའི་གཟུགས་སོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པ་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་ཀྱི་
རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའི་མཚན་ཉིད་ནི་འདི་ལྟ་སྟེ། བརྟེན་པའི་དམིགས་པ་རྣམ་པར་རིག་པའི་ཕྱིར་དང་ཀུན་གཞི་རྣམ་པར་ཤེས་པ་ནང་གི་ལེན་པ་རྣམ་པར་རིག་པའི་ཕྱིར། དུས་ཐམས་ཅད་དུ་རྒྱུན་མི་འཆད་པ་སྣོད་ཀྱི་འཇིག་རྟེན་གྱི་མཚན་ཉིད་རྣམ་པར་
རིག་པ་སྟེ། དཔེར་ན་མར་མེ་འབར་བ་ན། སྙིང་པོ་དང་སྣུམ་གྱི་རྒྱུས་ནི་ནང་འཇུག་པར་འགྱུར་ལ། ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ནང་གི་ལེན་པ་དམིགས་པ་དང་། ཕྱི་རོལ་གྱི་སྣོད་ཀྱི་མཚན་ཉིད་ལ་དམིགས་ནས་འབྱུང་བའི་
ཚུལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པ་གསུམ་སྟེ། སྣོད་ཀྱི་འཇིག་རྟེན་དང་ཟག་པ་དང་བཅས་པ་ས་བོན་དང་
དབང་པོ་དང་བཅས་པའི་ལུས་སོ། །ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་དང་རྐྱེན་གྱི་མཐུའི་ཕྱིར་རང་གི་བདག་ཉིད་སྐྱེ་བ་ན་ནང་གི་གྱུར་པ་ནི་ས་བོན་དང་དབང་པོ་དང་བཅས་པའི་ལུས་ལྟ་བུར་སྣང་ལ། ཕྱི་རོལ་གྱི་གྱུར་པ་ནི་སྣོད་ལྟ་བུར་རུང་སྟེ། གྱུར་པར་
སྣང་བ་དེ་ཉིད་རང་གི་དམིགས་པའི་རྣམ་པར་བྱེད་དེ། ཕན་ཚུན་ལྟོས་ནས་སྐྱེ་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ལེན་པ་ཞེས་གསུངས་པའི་དོན་ནི་ཡོངས་སུ་འཛིན་པ་ལ་བྱ་སྟེ། དབང་པོ་ལྔ་དང་དེ་དག་གི་རྟེན་ཡོངས་
སུ་བཟུངས་ནས་མི་འཇིག་ཅིང་རང་གི་རྟེན་དུ་བྱེད་པས་ཡོངས་སུ་འཛིན་པའི་ས་བོན་ནི་བདག་ཉིད་ལ་ཡོད་པ་དང་རྟེན་ཞེས་བྱའོ། །ལེན་པ་ཞེས་བྱ་བ་ཡང་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ་མཛོད་ཀྱི་བསྟན་བཅོས་ལས་ནི། ཁམས་
Vol. 118 · folio 230a
བཅོ་བརྒྱད་ལས་དགུ་ནི་མ་ཟིན་པའོ། །གཞན་ནི་རྣམ་པ་གཉིས་སོ་ཞེས་འབྱུང་སྟེ། དེ་ནི་དོན་གཅིག་ལ་བརྟེན་ནས་ཟིན་པའི་དོན་བཤད་པའི་ཕྱིར། དེའི་ཕྱིར་དེ་ཉིད་ལས་ཟིན་པ་དང་བཅས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། སེམས་དང་སེམས་ལས་བྱུང་
བའི་ཆོས་ཀྱིས་ཡོངས་སུ་བཟུང་ནས་གནས་སུ་གྱུར་པ་ནི་ཟིན་པ་ཞེས་བྱ་སྟེ། ཕན་པ་དང་གནོད་པ་ཕན་ཚུན་རྗེས་སུ་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ཡིན་ནོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལས་སློབ་དཔོན་གསུམ་གྱིས་བཤད་པ་འབྱུང་
སྟེ། དང་པོ་ནི་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པས་བསྟན་བཅོས་ཡང་དག་པའི་རིགས་པའི་འགྲེལ་པ་ལས། གལ་ཏེ་དེ་ལྟ་ན་གཟུགས་ལ་སོགས་པ་ནི་གཅིག་ཏུ་མ་ཟིན་པ་ཞེས་བྱ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དེ་
དག་ལ་དམིགས་པའི་ཕྱིར་དང་། དབང་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཟུགས་ལ་སོགས་པ་ནི་དབང་པོ་དང་བྲལ་བར་མི་འགྱུར་ལ། བྲལ་ན་ནི་མ་ཡིན་པར་འགྱུར་ཏེ། སེམས་ལ་སོགས་པས་བརྟེན་པར་བྱ་བ་ཡིན་པའི་ཕྱིར་འགལ་བ་
མེད་དོ་ཞེའོ། །གཉིས་པ་ནི་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། གལ་ཏེ་གཟུགས་ཀྱི་ཆོས་རྣམས་ལ་གནོད་ཅིང་ཞིག་པར་གྱུར་ན་ནི་སྡུག་བསྔལ་སྐྱེད་པར་བྱེད་ལ་དེ་ལས་བཟློག་པ་ལས་ནི་བདེ་བ་སྐྱེད་པར་བྱེད་དེ། རང་གི་ལུས་ཀྱིས་བསྡུས་པ་གང་ཡིན་པ་དེ་ནི་ཟིན་པ་ཞེས་
བྱའོ། །གསུམ་པ་ནི་སློབ་དཔོན་གཞན་ཁ་ཅིག་ན་རེ། སེམས་ཅན་རྣམས་རང་གི་བདག་ཉིད་ཡོད་པར་འཛིན་ཅིང་། དུས་ཐམས་ཅད་དུ་ཐབས་ཀྱིས་ཡོངས་སུ་བསྲུང་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་
མདོ་ལས་གསུངས་པ་དང་འགལ་བར་འགྱུར་ཏེ། མདོ་ལས་ནི་གནས་འདིར་རྣམ་པར་ཤེས་པས་སྦས་པ་དང་། རྣམ་པར་ཤེས་པས་རྗེས་སུ་བསྡུས་པ་གང་ཡིན་པ་དེ་ནི་ལེན་པ་ཞེས་བྱའོ་ཞེས་གསུངས་སོ་ཞེ་ན། དེ་ལྟར་གསུངས་པ་ཡོད་ཀྱང་འགལ་བ་མེད་དེ།
Vol. 118 · folio 230b
ལེན་པ་དང་བཅས་པའི་ཆོས་ནི་མདོར་བསྡུ་ན་ནི་རྣམ་པ་གཉིས་ཡོད་པས་སོ། །དེ་ལ་དང་པོ་ནི་ལེན་པ་དང་བཅས་ཤིང་འཇིག་ཚོགས་ལ་ལྟ་བ་དང་བཅས་པའི་བདག་ཉིད་ཡོད་པ་ཉིད་དུ་འཛིན་པ་ལ་ཡང་ལེན་པ་དང་བཅས་པ་ཞེས་བྱ་སྟེ། གལ་ཏེ་ཡོངས་སུ་དག་པའི་ཤེས་
པ་སྐྱེས་ན་ནི་དེ་ཡོངས་སུ་སྤོང་བར་འགྱུར་རོ། །གཉིས་པ་ནི་སྡུག་བསྔལ་དང་བདེ་བ་སྐྱེད་པའི་རྒྱུར་གྱུར་ནས་མྱ་ངན་ལས་འདས་ཀྱི་བར་དུ་རྗེས་སུ་འཇུག་ཅིང་མི་སྤོང་བ་སྟེ། འདི་ནི་མདོ་དང་བསྟན་བཅོས་དག་ལས་སོ་སོ་ནས་དོན་རེ་རེ་ལ་བརྟེན་ཏེ་བསྟན་པའོ། །དེ་
ལ་མདོ་ལས་ནི་ལེན་པ་དང་། འཇིག་ཚོགས་ལ་ལྟ་བ་དང་བཅས་པས་བདག་ཉིད་ཡོད་པ་ཉིད་དུ་འཛིན་པ་ལ་དགོངས་ནས་ལེན་པ་དང་བཅས་པ་ཞེས་གསུངས་སོ། །བསྟན་བཅོས་ལས་ནི་རྣམ་པ་གསུམ་དུ་བཤད་དེ། སློབ་དཔོན་དང་པོ་ནི་གནས་སུ་འཛིན་པ་
ལ་དགོངས་ནས་སོ། །སློབ་དཔོན་བར་མ་ནི་སྡུག་བསྔལ་དང་བདེ་བ་བསྐྱེད་པ་ལ་དགོངས་ནས་སོ། །སློབ་དཔོན་ཐ་མ་ནི་བདག་ཉིད་དུ་འཛིན་པ་ལ་དགོངས་ནས་བསྟན་པ་ཡིན་ཏེ། ཐམས་ཅད་ཀྱང་བསྟན་བཅོས་དང་རྗེས་སུ་མཐུན་ནོ། །དེ་ཡང་རང་གི་ལུས་ཀྱི་
བསྡུས་པ་གང་ཡིན་པ་ནི་ལེན་པ་ཞེས་བྱ་སྟེ། འདི་ནི་སྡུག་བསྔལ་དང་། བདེ་བ་བསྐྱེད་པའི་རྒྱུར་གྱུར་པ་ཞེས་བྱ་བའི་དོན་ཉིད་དེ། སློབ་དཔོན་གཉིས་པ་དེ་ནི་སྡུག་བསྔལ་བ་དང་། བདེ་བ་བསྐྱེད་པ་ཁོ་ན་ལ་དེར་འདོད་དོ། །སློབ་དཔོན་དང་པོ་དང་ཐ་མ་གཉིས་ནི་
དོན་གཞན་ཡང་བླངས་ནས་བསྟན་པ་ཡིན་ནོ། །མདོ་སྡེ་དང་བསྟན་བཅོས་དེ་དག་གི་བཤད་པ་ཡང་མདོར་བསྡུ་ན་བཤད་པ་རྣམ་པ་བཞིར་འགྱུར་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། བཤད་པ་མི་མཐུན་པ་
རྣམ་པ་གསུམ་ཡོད་དོ། །ཁ་ཅིག་ནི་སྡུག་བསྔལ་དང་བདེ་བ་བསྐྱེད་པ་ཁོ་ན་ལས་བརྩམས་ནས་ལེན་པ་ཞེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ཁམས་གཟུགས་ཅན་ལྔ་དང་། བཞིའི་ཕྱོགས་གཅིག་ནི་ཟིན་པ་ཞེས་བྱའོ་ཞེས་
Vol. 118 · folio 231a
འབྱུང་སྟེ། སྒྲ་མ་བསྟན་པས་སྡུག་བསྔལ་དང་བདེ་བ་བསྐྱེད་པ་ལས་བརྩམས་ནས་ལེན་པ་ཞེས་བསྟན་པར་རིག་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་རང་གི་ངོ་བོར་གཟུང་བ་ལ་ལེན་པ་ཞེས་བྱའོ་ཞེས་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་
པའི་ས་ལས། གལ་ཏེ་ཀུན་གཞི་མེད་ན་གནས་ལེན་པ་མི་དམིགས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་དེ་ཉིད་ལས་ལྔ་ནི་ལེན་པའོ། །ལྔ་ནི་ལེན་པ་དང་ལེན་པ་མ་ཡིན་པའོ། །གཞན་ནི་གཅིག་ཏུ་ལེན་པ་མ་ཡིན་པའོ་ཞེས་བཤད་པས་སོ་ཞེས་ཟེར་
ཏེ་འདི་ལ་སོགས་པའི་བསྟན་པ་ལ་བརྟེན་ནས་རང་གི་ངོ་བོར་གཟུང་བ་ལ་ལེན་པ་ཞེས་སྟོན་ཏེ། ཁ་ཅིག་ནི་དོན་གཉི་ག་ལ་བརྟེན་ནས་ལེན་པ་སྟོན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་དེ་ལ་རྣམ་པར་ཤེས་པ་གནས་པ་དང་། མི་གནས་པས་ཟིན་པའི་
གཟུགས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་གནས་པ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དེ་ཡང་རྣམ་པར་ཤེས་པ་དང་འདྲེས་པ་གྲུབ་པ་དང་། བདེ་བ་གཅིག་པའི་དོན་གྱིས་འཇུག་པ་གང་ཡིན་པ་དང་། གཞན་ཡང་འདིས་རྟེན་བྱས་ནས་ཚོར་བ་སྐྱེ་བ་གང་ཡིན་པའོ། །
དེ་ལས་བཟློག་པ་ནི་ཟིན་པ་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་དང་གཞན་ཡང་དེ་ཉིད་ལས་ཟིན་པའི་ཆོས་ནི་འདི་ལྟ་སྟེ། གཟུགས་ཅན་གྱི་ཆོས་རྣམས་དང་། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཡོངས་སུ་བཟུང་བས་དེ་དག་ལ་བརྟེན་ནས། སེམས་དང་སེམས་ལས་བྱུང་
བ་འཇུག་ཅིང་འགྲུབ་པ་དང་། བདེ་བའི་དངོས་པོ་གཅིག་ཏུ་གྱུར་པའོ། །དེ་ལ་གྲུབ་པ་དང་བདེ་བ་གཅིག་པ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་གཟུང་བའི་དབང་གིས་གཟུགས་དེ་དག་རྒྱུན་མི་འཆད་ཅིང་འཇིག་པ་དང་། འདུལ་བར་མི་འགྱུར་བ་སྟེ།
དེས་ན་ཟིན་པའི་གཟུགས་རྣམས་ལ། རེས་འགའ་ནི་གནོད་པར་འགྱུར་ལ། རེས་འགའ་ནི་ཕན་འདོགས་པར་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དེ་དག་ཀྱང་དེ་དག་གི་རྗེས་སུ་ཕན་གནོད་དུ་འགྱུར་རོ། །དེ་ལས་བཟློག་པ་ནི་ཟིན་པ་མ་ཡིན་པ་ཞེས་བྱའོ་ཞེས་
Vol. 118 · folio 231b
བསྟན་པ་ལྟ་བུའོ་ཞེའོ། །མདོ་འདི་ལས་ལེན་པ་ཞེས་གསུངས་པ་ནི་དོན་རྣམ་པ་གཉིས་དང་ལྡན་ཏེ་ཀུན་གཞི་རྣམ་པར་ཤེས་པ་དབང་པོའི་གནས་ལ་བདག་ཉིད་ཀྱི་གནས་སུ་འཛིན་པ་དང་། ས་བོན་ཡོངས་སུ་འཛིན་པའི་བདག་ཉིད་དེ། ཞིབ་ཏུ་ནི་བསྟན་བཅོས་རྣམས་ལས་
བཤད་པ་བཞིན་ནོ། །དེ་ལ་གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་དང་ལྡན་ལ། གཟུགས་མེད་པའི་ཁམས་ན་ནི་རྣམ་པ་གཉི་ག་དང་མི་ལྡན་ནོ་ཞེས་བྱ་བ་ནི་གསུམ་པ་ཁམས་ལ་བརྟེན་ནས་རྣམ་པར་འབྱེད་པའོ། །མདོའི་ཚིག་འདི་དང་སྦྱར་ན་ཐེག་པ་ཆེན་པོའི་
གཞུང་གི་གཟུགས་མེད་པའི་ཁམས་ན་མིག་དང་རྣ་བ་ལ་སོགས་པ་གཟུགས་ཅན་གྱི་ཁམས་བཅུ་མེད་པར་བཞེད་ཀྱི་དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་ལྟར་ན་གཟུགས་ཅན་བཅུ་དང་། རྣམ་པར་ཤེས་པའི་ཚོགས་ལྔ་ཚང་བར་ཡོད་པར་འདོད་པ་ལྟ་བུ་ནི་མ་ཡིན་ཏེ།
སྔོན་གྱི་ལས་བསྟན་པའི་མདོ་ལས། གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་འཁོར་འདུས་པར་འོངས་སོ་ཞེས་གསུངས་པ་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། སྲིད་པའི་རྩེ་མོའི་དྲི་སྣོམ་མོ་ཞེས་གསུངས་པའི་ཕྱིར་ཏེ། འདི་སྐད་གསུངས་པ་འདི་དག་ནི་ཐམས་
ཅད་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ནོ། །བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་འདི་ལུས་ཀྱི་རྗེས་སུ་འབྲང་ཞིང་ཡོངས་སུ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ལེན་པའི་རྣམ་པར་
ཤེས་པ་རྣམ་པར་བཤད་པའོ། །འདི་ལྟར་རྣམ་པར་ཤེས་པ་འདིའི་དབང་གིས་ལུས་ཀྱི་རྗེས་སུ་འབྲང་ཞིང་། དབང་པོ་གཟུགས་ཅན་བླངས་ནས་འཇིག་པར་མི་བྱེད་པའི་ཕྱིར་རྣམ་པར་ཤེས་པ་འདི་ལ་ལེན་པ་གསུངས་སོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་དོན་
རྣམ་པ་གཉིས་ཀྱིས་ལེན་པ་རྣམ་པར་བཤད་དེ། དབང་པོ་གཟུགས་ཅན་དག་མ་ཞིག་པར་ཉེ་བར་བཟུང་བའི་ཕྱིར་དང་། རང་གི་བདག་ཉིད་ཉེ་བར་བཟུང་ནས་སྐྱེ་བ་ལེན་པའི་ཕྱིར་རོ་ཞེས་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་
Vol. 118 · folio 232a
པ་ལས་ནི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། དེའི་ཕྱིར་དེ་ཉིད་ལས་ཆོས་རྣམས་ཀྱི་ས་བོན་ཡོངས་སུ་འཛིན་པ་དང་། དབང་པོ་གཟུགས་ཅན་གྱི་གནས་ཡོངས་སུ་འཛིན་པ་དང་། ཉིང་མཚམས་སྦྱོར་བར་ཡོངས་སུ་འཛིན་པའི་ཕྱིར། རྣམ་པར་ཤེས་པ་
འདི་ལེན་པ་ཞེས་བྱའོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་རྣམ་པ་གཉིས་ལས་བསྟན་པའི་ལེན་པ་ཉིད་དོ། །ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་ལུས་སྡུད་ཅིང་ལེན་པ་དང་། སྦེད་པར་བྱེད་པ་གྲུབ་པ་དང་། བདེ་བའི་དོན་གཅིག་
པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་བཤད་པའོ། །ཀུན་གཞི་ཞེས་བྱ་བ་ལ་དོན་རྣམ་པ་གསུམ་ཡོད་དེ། སྦེད་པར་བྱེད་པ་དང་། སྦ་བར་བྱ་བ་དང་། སྦས་པ་འཛིན་པའོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས།
རྣམ་པར་ཤེས་པ་འདི་སྦེད་པ་དང་། སྦ་བར་བྱ་བ་དང་། སྦས་པ་འཛིན་པའི་དོན་དང་ལྡན་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་དག་དང་། ཕན་ཚུན་རྐྱེན་བྱེད་པའི་ཕྱིར་དང་། སེམས་ཅན་རྣམས་ནང་གི་བདག་ཏུ་འཛིན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་
ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་ཅིའི་ཕྱིར་རྣམ་པར་ཤེས་པ་འདི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བའི་ཉོན་མོངས་པའི་ཕྱོགས་ཀྱི་ཆོས་ཐམས་ཅད་འདིར་འབྲས་བུའི་དངོས་པོར་སྦེད་པའི་ཕྱིར་
དང་། གཞན་ཡང་རྣམ་པར་ཤེས་པ་འདི་དག་ལ་རྒྱུའི་དངོས་པོའི་སྦྱོར་བའི་ཕྱིར་དང་། ཡང་ན་སེམས་ཅན་རྣམས་རྣམ་པར་ཤེས་པ་འདི་ལ་རང་གི་བདག་ཉིད་དུ་སྦྱོར་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་འབྱུང་སྟེ། སྦེད་པའི་དོན་རྣམ་པ་གསུམ་ཐ་དད་
པར་འགྱུར་བ་ཡང་དང་པོ་སྦེད་པར་བྱེད་པ་ནི་འབྲས་བུ་རྒྱུ་ལ་སྦས་པས་རྣམ་པར་ཤེས་པ་ལ་ཡོད་པའི་ས་བོན་གྱིས་སྣང་བའི་རྣམ་པར་ཤེས་པ་བདུན་བསྐྱེད་པ་སྟེ། ཀུན་ནས་ཉོན་མོངས་པའི་འབྲས་བུ་བསྐྱེད་པའི་རྒྱུ་ལས་གུད་ན་མེད་པའི་ཕྱིར་རོ། །གཉིས་པ་སྦ་བར་བྱ་
Vol. 118 · folio 232b
བ་ནི་རྒྱུ་ས་བོན་འབྲས་བུ་ལ་སྦས་པས་ཡོངས་སུ་བསྒོས་པའི་ས་བོན་སྣང་བའི་རྣམ་པར་ཤེས་པ་སྒོ་བར་བྱེད་པ་ལ་སྦས་པ་སྟེ། རྒྱུའི་ངོ་བོར་མངོན་པར་གྲུབ་པའི་ཕྱིར་རོ། །གསུམ་པ་བདག་ཏུ་འཛིན་པས་སྦེད་པའི་དོན་ནི་ཡུལ་ཡོངས་སུ་འཛིན་ཅིང་སྦེད་པའི་ཕྱིར་རོ། །མདོ་
འདི་ནི་བསྟན་བཅོས་རྣམས་དང་མི་མཐུན་ཏེ། རྣམ་པར་ཤེས་པ་འདི་དབང་པོ་དང་བཅས་པའི་ལུས་དེ་དག་གནས་སུ་སྡུད་པས། སྦེད་པ་དེ་དག་དང་། རྟེན་གྱི་ལུས་སུ་གྲུབ་པ་དང་། བདེ་བ་གཅིག་པའི་ཕྱིར་ཏེ། འདི་ནི་སྣང་བའི་རྣམ་པར་ཤེས་པ་འདི་རྟེན་ལས་སྦས་
པས་དེའི་ཕྱིར་སྦེད་པ་ཞེས་བྱའོ། །འདི་ཡང་སྦེད་པའི་ནང་ན་དོན་གྱི་ཕྱོགས་གཅིག་ཡིན་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ལུས་དེ་དག་ལས་མངོན་པར་ཞེན་པའི་ཕྱིར་དང་། བདག་ཉིད་གཅིག་ཏུ་མཐུན་པའི་ཕྱིར་ཞེས་གསུངས་ཏེ། དེ་ལ་
མངོན་པར་ཞེན་པ་ཞེས་བྱ་བ་ནི་སྡུད་པ་དང་སྦེད་པ་ཡིན་ལ། བདག་ཉིད་གཅིག་ཏུ་མཐུན་པ་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་གཅིག་པའི་དོན་ཏོ། །སེམས་ཞེས་ཀྱང་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་འདིའི་དབང་གིས། གཟུགས་དང་། སྒྲ་དང་། དྲི་དང་།
རོ་དང་། རེག་བྱ་ལ་སོགས་པ་ཀུན་དུ་བསགས་པ་དང་། འཕེལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་བཞི་པ་སེམས་ཀྱི་དོན་རྣམ་པར་བཤད་པའོ། །འདི་ཡང་དོན་རྣམ་པ་མང་པོ་དང་ལྡན་ཏེ། དང་པོ་ནི་བསགས་པ་བརྩམས་པ་ཞེས་བྱ་སྟེ། ཆོས་རྣམས་ཀྱི་ས་བོན་
བསགས་ནས་ཆོས་རྣམས་འབྱུང་བར་བྱེད་པའི་ཕྱིར་ཏེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། གཉིས་པ་བསགས་པ་ལ་དོན་རྣམ་པ་གཉིས་ཡོད་དེ། ཆོས་རྣམས་ཀྱིས་ས་བོན་རབ་ཏུ་བསགས་པའི་ཕྱིར་རོ་ཞེས་བྱ་བ་དང་། བསྟན་བཅོས་
ཐེག་པ་ཆེན་པོ་བསྡུས་པ་ལས། ཆོས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་རྣམས་ཀུན་དུ་བསགས་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུའོ། །གཉིས་པ་ནི་ཕྱི་རོལ་གྱི་ཡུལ་དྲུག་པོ་དག་ཀུན་དུ་བསགས་པ་དང་། འཕེལ་བར་བྱེད་པའི་ཕྱིར་རོ། །གསུམ་
Vol. 118 · folio 233a
པ་ནི་སྡུད་པ་ཞེས་བྱ་སྟེ། དམིགས་པར་བྱ་བའི་ཡུལ་རྣམ་པ་སྣ་ཚོགས་སྡུད་པའི་ཕྱིར་ཏེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལས་བསྟན་པ་བཞིན་ནོ། །འདིར་མདོ་སྡེ་འདི་དང་སྦྱར་ན། དོན་གཉིས་པ་
ལས་བརྩམས་ནས། དེའི་ཕྱིར་སེམས་ཞེས་གསུངས་པ་ཡིན་ནོ། །འདི་ཡང་དོན་རྣམ་པ་གཉིས་དང་ལྡན་ཏེ། ཀུན་དུ་བསགས་པ་དང་འཕེལ་བར་བྱེད་པའོ། །འདི་ལྟར་གཟུགས་ལ་སོགས་པའི་དབང་གིས་ཡུལ་ཡོངས་སུ་ཚོལ་བས་ཀུན་དུ་བསགས་པ་དང་འཕེལ་བར་
འགྱུར་བའི་ཕྱིར་རོ། །རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ནི་མིང་རྣམ་པ་བདུན་འབྱུང་སྟེ། མདོ་འདི་ལས་བསྟན་པའི་མིང་བཞི་ལ་ཡང་གསུམ་གྱིས་བསྣན་ནའོ། །མིང་གསུམ་པོ་དེ་ཡང་གང་ཞེ་ན་བསྟན་བཅོས་དེ་ཉིད་ལས་ཇི་སྐད་དུ་ཤེས་བྱའི་གནས་ཞེས་
ཀྱང་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་གནས་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ། ཁྱད་པར་དུ་འཕགས་པའི་གསུང་རབ་རྣམ་པ་བཅུ་བསྟན་པ་ལས། དང་པོ་ཞེས་བྱའོ། །
གནས་ཀྱི་ཁྱད་པར་གྱི་ཁྱད་པར་དུ་འཕགས་པའི་གསུང་ཞེས་བསྟན་པ་ལྟ་བུའོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཤེས་པར་བྱ་བ་ཡིན་པའི་ཕྱིར་ཤེས་བྱ་ཞེས་བྱའོ། །དེ་ཡང་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་
ཆོས་རྣམས་ཏེ་ངོ་བོ་ཉིད་རྣམ་པ་གསུམ་མོ། །གནས་ཞེས་བྱ་བ་ནི་རྒྱུའི་དོན་ཏོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་། ཤེས་པར་བྱ་བ་ཡིན་པའི་ཕྱིར་ཤེས་བྱ་ཞེས་བྱའོ། །གནས་ནི་འདི་ལྟ་སྟེ། བརྟེན་པའི་གནས་ཏེ། སྒྲས་ནི་རྟེན་པར་བྱེད་པ་ཉོན་མོངས་པ་
དང་། རྣམ་པར་བྱང་བ་འདུས་བྱས་ཀྱི་ཆོས་རྣམས་གཟུང་གི །འདུས་མ་བྱས་ནི་མ་ཡིན་ཏེ། དེ་ལ་གནས་པ་དོན་མེད་པའི་ཕྱིར་རོ། །གནས་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་དང་དེ་དག་འདྲེན་པར་བྱེད་པའི་ཕྱིར་ཅི་རིགས་པར་
Vol. 118 · folio 233b
བྱའོ་ཞེས་འབྱུང་སྟེ། དེ་ལ་སློབ་དཔོན་དབྱིག་གཉེན་གྱིས་ཀུན་གཞི་རྣམ་པར་ཤེས་པ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་ཆར་ཀུན་གྱི་གནས་བྱེད་པར་སྟོན་ཏོ། །སློབ་དཔོན་ངོ་བོ་ཉིད་མེད་ནི་གཞན་གྱི་དབང་ཁོ་ནའི་ངོ་བོ་ཉིད་དང་གནས་བྱེད་ཀྱི། ཀུན་བརྟགས་དང་། ཡོངས་སུ་
གྲུབ་པའི་ངོ་བོ་ཉིད་ཀྱི་གནས་ནི་མི་བྱེད་དོ་ཞེས་སྟོན་ཏོ། །དེ་ལ་དེ་དག་གི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆར་གཏོགས་པའི་གཞན་གྱི་དབང་གི་གནས་བྱེད་པས་སོ། །དེ་དག་འདྲེན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཆར་གཏོགས་པའི་གཞན་གྱི་
དབང་གི་གནས་བྱེད་པས་སོ། །ནིའི་ཕྱིར་བསྟན་བཅོས་འདི་གཉིས་མི་མཐུན་པར་གྱུར་ཅེ་ན། སྨྲས་པ། སློབ་དཔོན་དབྱིག་གཉེན་གྱིས་སྤྱིའི་གནས་ལས་བརྩམས་པའི་ཕྱིར་ངོ་བོ་ཉིད་རྣམ་པ་གསུམ་སྤྱིར་བསྟན་ཏོ། །ངོ་བོ་ཉིད་མེད་ན་ནི་ཉེ་བར་གྱུར་པའི་གནས་ལས་བརྩམས་
པའི་ཕྱིར། གཞན་གྱི་དབང་གི་ངོ་བོ་ཁོ་ན་དང་སྦྱར་ནས་བསྟན་ཏེ། སོ་སོ་ནས་དོན་རེ་རེ་སྨོས་པས་འགལ་བ་མེད་དོ། །ཡང་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འཁོར་ན་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་རབ་ཏུ་འདྲེན་
པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ལ་རྣམ་པར་སྨིན་པ་ཞེས་བྱ་བ་ཡང་དོན་རྣམ་པ་གསུམ་གྱི་ཕྱིར་ཏེ། དང་པོ་ནི་རྣམ་པར་གྱུར་ནས་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱའོ། །གཉིས་པ་ནི་དུས་ཐ་དད་པ་ན་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རྣམ་པར་སྨིན་པ་
ཞེས་བྱའོ། །གསུམ་པ་ནི་རིས་ཐ་དད་པ་རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་ཡང་རྒྱུ་ནི་དགེ་བ་དང་མི་དགེ་བ་ཡིན་ལ་འབྲས་བུ་ནི་ལུང་དུ་མི་སྟོན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ཞེས་བརྗོད་དོ། །རྣམ་པ་གསུམ་ལས་འདིར་ནི་གསུམ་པ་རིས་
ཐ་དད་པ་བཟུང་སྟེ། སྔ་མ་གཉིས་ནི་སྤྱིའི་མིང་ཡིན་པས་རྣམ་པར་སྨིན་པ་གཞན་དུ་ཡང་གཏོགས་པའི་ཕྱིར་རོ། །ཡང་ན་དྲི་མ་མེད་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཟག་པ་མེད་པའི་ཆོས་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་རོ་ཞེས་འབྱུང་
Vol. 118 · folio 234a
སྟེ། འདི་ནི་གྱ་ནོམ་པར་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་སེམས་ཀྱི་བདག་ཉིད་ལ་དྲི་མ་མེད་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང་།
ཏིང་ངེ་འཛིན་ལ་སོགས་པ་ཟག་པ་མེད་པའི་ལམ་གྱི་ཆོས་ཀྱི་གནས་སུ་གྱུར་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་མདོ་ལས་ཇི་སྐད་དུ། དེ་བཞིན་གཤེགས་པའི་དྲི་མེད་རྣམ་ཤེས་ནི། །ཤིན་ཏུ་དག་ཅིང་ཟག་མེད་དབྱིངས་ཡིན་པས། །སྒྲིབ་པ་
ཐམས་ཅད་ལས་ནི་རྣམ་པར་དགྲོལ། །མེ་ལོང་ལྟ་བུའི་ཡེ་ཤེས་མཚུངས་པར་ལྡན། །ཞེས་གསུངས་པ་ལྟ་བུའོ། །རྒྱ་ཆེར་རྣམ་པར་བཤད་པ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་འགྲེལ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །།བམ་
པོ་ཉི་ཤུ་གཅིག་པ། བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པས་གནས་དང་། རྣམ་པར་གཞག་པ་བྱས་པའི་ཕྱིར་རྣམ་པར་ཤེས་པ་ཚོགས་དྲུག་པོ་དག་འཇུག་པ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་
པར་ཤེས་པའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་ཤེས་པ་རྣམས་ལྷན་ཅིག་འཇུག་པའི་བྱེ་བྲག་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། དོན་དང་དཔེ་དང་། དཔེ་དང་དོན་དུ་སྦྱར་བའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ལེན་པའི་
རྣམ་པར་ཤེས་པ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་དང་ལྷན་ཅིག་འཇུག་པ་བསྟན་པ་དང་། བློ་གྲོས་ཡངས་པ་གལ་ཏེ་ཞེས་བྱ་བ་མན་ཆད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལྔ་པོ་དག་དང་། ལྷན་ཅིག་འཇུག་པའི་མང་ཉུང་བསྟན་པའོ། །དེ་ཡང་དང་པོ་ནི་རྩ་བ་ཡན་ལག་ལ་
ལྟོས་ནས་ལྷན་ཅིག་འཇུག་པ་རྣམ་པར་འབྱེད་པ་ཡིན་ལ། ཕྱི་མ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལྔ་པོ་དག་ལ་ལྟོས་ནས་ལན་ཅིག་འཇུག་པ་བསྟན་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་ནི་དོན་དང་པོ་ལས་བརྩམས་ནས་ལྷན་ཅིག་འཇུག་པ་སྟོན་ཏོ། །
Vol. 118 · folio 234b
འདིར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལྷན་ཅིག་འཇུག་པ་བསྟན་པའི་རིགས་པ་ལས་མ་བསྟན་པ་ནི། དང་པོ་དང་ཐ་མ་སྨོས་པས་ཡིད་ཀྱི་ཤེས་པར་འགྱུར་བའི་ཕྱིར་མདོར་བསྡུས་ནས་མ་བསྟན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས། ཉོན་མོངས་པ་ཅན་
གྱི་ཡིད་ཀྱང་བསྡུས་ནས་ཅིག་ཅར་ལྷན་ཅིག་འཇུག་པ་སྟོན་པ་ཡིན་ནོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ལྷན་ཅིག་འཇུག་པ་མདོར་བསྟན་པ་དང་། གལ་གྱི་དབང་དུ་མཛད་ནས་བཟླས་ཏེ་བཤད་པའོ། །འདི་ནི་དང་པོ་མདོར་བསྟན་པ་སྟེ། འདི་ལྟར་ལེན་
པའི་རྣམ་པར་ཤེས་པས་གནས་བྱས་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་མིག་ལ་སོགས་པའི་རྣམ་པར་ཤེས་པ་གོང་ནས་གོང་དུ་འཕེལ་བར་འགྱུར་བའོ། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་། གཟུགས་ཀྱིས་རྐྱེན་བྱས་ནས་མིག་གི་རྣམ་
པར་ཤེས་པ་སྐྱེ་སྟེ། མིག་གི་རྣམ་པར་ཤས་པ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་མཚུངས་པ་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འགག་གོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་གལ་གྱི་རྗེས་སུ་བཟླས་ཏེ་བཤད་པའོ། །འདི་རྣམ་པ་གཉིས་སུ་
དབྱེ་སྟེ། མིག་གི་རྣམ་པར་ཤེས་པ་གདོན་མི་ཟ་བར་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པར་བསྟན་པ་དང་། གཞན་རྣམ་པར་ཤེས་པ་བཞི་པོ་དག་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་པར་བསྟན་པའོ། །འདི་ནི་དང་པོ་སྟེ་དེ་ལ་ཞེས་བྱ་བ་ནི་བསྟན་བཅོས་
རིགས་པའི་སྒོ་དང་སྦྱར་ན་དོན་རྣམ་པ་གཉིས་ཡོད་དེ། བརྗོད་པ་གླེང་བསླང་བའི་དོན་དང་། རྣམ་པར་བསལ་ནས་ཡོངས་སུ་བཟུང་བའི་དོན་ཏོ། །གོང་དུ་རྣམ་པར་ཤེས་པ་ལྷན་ཅིག་འཇུག་པ་ཞེས་མདོར་གསུངས་མོད་ཀྱི། ད་དུང་ལྔ་པོ་དག་ནི་གདོན་མི་ཟ་
བར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ལ། ཡིད་ནི་ལྔ་པོ་དག་ལ་བརྟེན་པ་མ་ཡིན་པར་རྣམ་པར་མ་ཕྱེ་བས་འདིར་དོན་དེ་ལྟ་བུ་དག་གིས་གླེང་བསླང་བའི་ཆེད་དུ་དེ་ལ་ཞེས་བྱ་བ་གསུངས་སོ། །གཞན་ཡང་ལྷན་ཅིག་འཇུག་པ་བཤད་ན་དོན་མང་དུ་ཡོད་པ་
Vol. 118 · folio 235a
ལས་ཅིག་ཅར་རྫོགས་པར་མ་བཤད་དེ། དོན་གཞན་རྣམ་པར་བསལ་ནས་དོན་འདི་ཡོངས་སུ་གསུང་བའི་ཕྱིར་ཡང་དེ་ལ་ཞེས་བྱ་བ་གསུངས་སོ། །རྣམ་པར་ཤེས་པ་དང་བཅས་པའི་མིག་ཅེས་བྱ་བ་ནི་མིག་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་དང་
བཅས་པའི་མིག་ནི་བསྟན་པ་མཚུངས་པའི་མིག་ཅེས་བྱའོ། །རྣམ་པར་ཤེས་པ་མེད་པའི་མིག་ནི་དེ་དང་མཚུངས་པ་ཞེས་བྱ་སྟེ། དེ་དང་མཚུངས་པ་ལས་རྣམ་པར་ཕྱེ་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་དང་བཅས་པའི་མིག་ཅེས་བྱའོ། །བསྟེན་པ་མཚུངས་པ་དང་།
དེ་དང་མཚུངས་པ་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དག་ནི་ཁམས་བཅོ་བརྒྱད་ལས་བརྩམས་ནས་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པའི་དོན་སྟོན་པས་འདི་ལྟ་སྟེ། ཁམས་བཅོ་བརྒྱད་ལས་ལས་
ཀྱི་ནུས་པ་དང་བཅས་པ་ནི་བསྟེན་པ་མཚུངས་པ་ཞེས་བྱའོ། །ལས་ཀྱི་ནུས་པ་མེད་པ་ནི་དེ་དང་མཚུངས་པ་ཞེས་བྱའོ་ཞེས་ཟེར་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་དུ་ནི་བསྟེན་པ་མཚུངས་པ་ཡིན་ཏེ། དུ་ནི་དེའི་བསྟེན་པ་མཚུངས་པ་ཡིན་ཞེ་ན། ཚིག་ལེའུར་བྱས་པ་
ལས། ཆོས་ནི་རྟེན་བཅས་གཞན་རྣམ་གཉིས། །རང་གི་ལས་ནི་མི་བྱེད་དེ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཆོས་ཀྱི་ཁམས་གཅིག་ནི་བསྟེན་པ་མཚུངས་པ་ཁོ་ན་ཡིན་ཏེ། འདི་ལྟ་སྟེ། འཕགས་པ་རྣམས་ཀྱི་འདྲེས་པའི་སེམས་སོ་ཞེས་འབྱུང་ངོ་། །
ཆོས་ཀྱི་ཁམས་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་ཆོས་གང་ཡང་དུས་གསུམ་གྱིས་མ་བསྡུས་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་
ལས་བསྟན་པ་བཞིན་ནོ། །ཁམས་བཅུ་བདུན་པོ་དག་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་པ་ཐམས་ཅད་ཀྱང་བསྟེན་པ་མཚུངས་པ་ཡིན་ལ། དེའི་བསྟེན་པ་མཚུངས་པ་ནི་མེད་དོ་ཞེ་ན། སྨྲས་པ། ཁམས་བཅུ་བདུན་པོ་དག་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་ནས་
Vol. 118 · folio 235b
བསྟེན་པ་མི་མཚུངས་པར་རྣམ་པར་གཞག་པ་མ་ཡིན་གྱི་སོ་སོའི་དབང་པོ་དང་། ཡུལ་ཐ་དད་པ་ཕུན་ཚུན་ལྟོས་པ་ལ་བརྟེན་ནས་བསྟན་པ་ཡིན་ནོ། །འདི་ལྟ་སྟེ། མིག་ནི་གཟུགས་ལ་ལྟོས་ལ། གཟུགས་ནི་མིག་ལ་ལྟོས་པ་ནས་ལུས་ནི་རེག་བྱ་ལ་ལྟོས་ལ། རེག་བྱ་ནི་
ལུས་ལ་ལྟོས་པའི་བར་དུའོ། །གལ་ཏེ་དེ་ལྟ་ན་ཡིད་ཀྱི་ཁམས་ནི་ཆོས་ཀྱི་ཁམས་འབའ་ཞིག་ལ་ལྟོས་ནས་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པ་རྣམ་པར་གཞག་པའི་འགྱུར་བས་འོ་ན་ནི་གཞན་ཁམས་བཅུ་བདུན་པོ་དག་ལ་དམིགས་པ་དག་ནི་བསྟེན་པ་
མཚུངས་པ་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེ་ན། དོན་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་ཡིད་ཀྱི་ཁམས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་ཅིང་ཏོགས་པར་འགྱུར་བའི་ཕྱིར། རང་གི་བྱེད་པ་ལ་བརྟེན་ནས་བསྟེན་པ་མཚུངས་པར་རྣམ་པར་
གཞག་སྟེ། ཇི་ལྟར་མིག་ལ་སོགས་པའི་དབང་པོ་དག་ལ་མཐོང་བ་ལ་སོགས་པའི་ནུས་པ་ཡོད་པ་ངེས་པར་དེའི་བསྟེན་པ་མཚུངས་པ་མི་གཞག་པ་ཡིན་ནོ། །སློབ་དཔོན་གཞན་ཁ་ཅིག་ནི་ཆོས་ཀྱི་ཁམས་ཀྱིས་ཆོས་ཐམས་ཅད་བསྡུས་པས་ཁམས་བཅུ་བདུན་པོ་དག་
ཀྱང་ཆོས་ཞེས་བྱའོ་ཞེས་ཟེར་ཏེ། དེས་དེ་སྐད་དུ་སྨྲ་བར་མི་བྱའོ། །ཆོས་ཀྱི་མིང་དུ་སྤྱིར་འདྲ་ཡང་ཆོས་ཀྱི་ཁམས་ཐ་དད་པའི་ཕྱིར། དེས་ན་སྔར་བསྟན་པ་ཉིད་ཤིན་ཏུ་རིགས་པ་དང་མཐུན་པ་ཡིན་ནོ། །འདི་ལྟར་ཁམས་བཅུ་བདུན་པོ་གཞན་དག་ལ་
ཡང་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པ་ཡོད་དེ། བསྟེན་པ་མཚུངས་པ་དང་དེའི་བསྟེན་པ་མཚུངས་པ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རང་གི་ལས་ལ་གནས་ཤིང་རང་གི་ལས་བྱེད་པ་ནི་བསྟེན་པ་མཚུངས་པ་ཞེས་བྱའོ། །རང་གི་ལས་མི་བྱེད་པ་ནི་
དེའི་བསྟེན་པ་མཚུངས་པ་ཞེས་བྱའོ། །དེ་ལ་མིག་གི་ཁམས་ཀྱིས་མཐོང་བའམ། ལྟ་བའམ། ལྟ་བར་འགྱུར་བ་ནི་བསྟེན་པ་མཚུངས་པའི་མིག་ཅེས་བྱའོ། །དེ་བཞིན་དུ་ཡིད་ཀྱི་ཁམས་ཀྱི་བར་དུ་རེ་རེ་ལ་ཡང་རང་གི་ཁམས་ལ་རང་གི་ལས་རྒྱ་ཆེར་རྣམ་པར་བཤད་
Vol. 118 · folio 236a
པར་བྱའོ། །ཁ་ཆེའི་བྱེ་བྲག་ཏུ་སྨྲ་བ་དག་ནི་དེའི་བསྟེན་པ་མཚུངས་པའི་མིག་ནི་རྣམ་པ་བཞི་ཁོ་ན་སྟེ། གཟུགས་རྣམས་མ་མཐོང་བར་འགགས་པའམ། འགག་པར་འགྱུར་བའམ། མི་སྐྱེ་བའི་ཆོས་ཅན་ནོ་ཞེས་སྟོན་ཏོ། །ནུབ་ཕྱོགས་
པའི་སློབ་དཔོན་ཁ་ཅིག་ནི་རྣམ་པ་ལྔའོ་ཞེས་འཆད་དེ། མི་སྐྱེ་བའི་ཆོས་ཅན་ལ་རྣམ་པ་གཉིས་སུ་ཕྱེ་ན། རྣམ་པར་ཤེས་པ་དང་བཅས་པ་དང་རྟོགས་པ་དང་། རྣམ་པར་ཤེས་པ་མེད་པར་རྟོགས་པར་འགྱུར་ཏེ། ལུས་ཀྱི་ཁམས་ཀྱི་བར་དུ་ཡང་རིག་པར་བྱའོ། །
དེའི་བསྟེན་པ་མཚུངས་པ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ནའོ་ཞེའོ། །གཟུགས་ཀྱི་ཁམས་ཀྱང་མིག་གིས་མཐོང་བའམ་ལྟ་བར་འགྱུར་བ་གང་ཡིན་པ་དེ་ནི་བསྟེན་པ་མཚུངས་པའི་གཟུགས་ཞེས་བྱའོ། །དེའི་བསྟེན་པ་མཚུངས་པའི་གཟུགས་ནི་རྣམ་པ་བཞི་
སྟེ། ཡིད་ཀྱི་ཁམས་ཀྱི་བར་དུ་ཡང་སོ་སོའི་དབང་པོ་ལ་ལྟོས་ནས་རང་གི་ལས་བྱེད་མི་བྱེད་པ་ལ་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པ་བསྟན་པར་ཤེས་པར་བྱའོ། །གལ་ཏེ་མིག་གི་དངོས་པོ་གཅིག་ལ་དམིགས་ན་ཡང་བསྟེན་པ་མཚུངས་པ་ཞེས་
བྱ་ལ། གཞན་ཐམས་ཅད་ལ་དམིགས་ན་ཡང་བསྟེན་པ་མཚུངས་པ་ཞེས་བྱ་སྟེ། དེའི་བསྟེན་པ་མཚུངས་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་ཡིད་ཀྱི་ཁམས་ཀྱི་བར་དུ་རྒྱ་ཆེར་བཤད་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་
ལས་ཀྱང་དེ་སྐད་དུ་སྟོན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ན་རྣམ་པ་གསུམ་ཡོད་དེ། སློབ་དཔོན་དང་པོའི་བཤད་པ་ནི་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་ནོ། །ཁ་ཅིག་ནི་འདི་སྐད་དུ་གཟུགས་རྣམས་ལྟ་བའི་མིག་ཀྱང་སེམས་ཅན་
བདག་ཉིད་ལ་ནི་བསྟེན་པ་མཚུངས་པའི་མིག་ཅེས་བྱ་ལ། སེམས་ཅན་གཞན་དག་ལ་ནི་དེའི་བསྟེན་པ་མཚུངས་པའི་མིག་ཅེས་བྱའོ། །གཟུགས་རྣམས་མི་ལྟ་བའི་མིག་ཀྱང་སེམས་ཅན་བདག་ཉིད་ལ་ནི་དེའི་བསྟེན་པ་མཚུངས་པའི་མིག་ཅེས་བྱ་ལ། སེམས་
Vol. 118 · folio 236b
ཅན་གཞན་དག་ལ་ཡང་དེའི་བསྟེན་པ་མཚུངས་པའི་མིག་ཅེས་བྱའོ་ཞེའོ། །ཡང་ཁ་ཅིག་ནི་འདི་སྐད་དུ་གཟུགས་རྣམས་ལྟ་བའི་མིག་ཀྱང་སེམས་ཅན་བདག་ཉིད་ལ་ནི་བསྟེན་པ་མཚུངས་པའི་མིག་ཅེས་བྱ་ལ། སེམས་ཅན་གཞན་དག་ལ་ནི་བསྟེན་པ་མཚུངས་པ་ཡང་མ་ཡིན་
ལ། དེའི་བསྟེན་པ་མཚུངས་པ་ཡང་མ་ཡིན་ནོ། །གཟུགས་རྣམས་ལ་མི་ལྟ་བའི་མིག་ཀྱང་སེམས་ཅན་བདག་ཉིད་ལ་དེའི་བསྟེན་པ་མཚུངས་པའི་མིག་ཅེས་བྱ་ལ། སེམས་ཅན་གཞན་དག་ལ་ནི་བསྟེན་པ་མཚུངས་པའི་མིག་ཀྱང་མ་ཡིན་ལ། དེའི་བསྟེན་པ་
མཚུངས་པ་ཡང་མ་ཡིན་ནོ་ཞེའོ། །དེ་དེ་སྐད་དུ་སྨྲ་བར་མི་བྱ་སྟེ། ཇི་ལྟར་མིག་དང་བཅས་པ་བཞིན་དུ་བསྟེན་པ་མཚུངས་པ་ཡང་མ་ཡིན་ལ། དེའི་བསྟེན་པ་མཚུངས་པ་ཡང་མ་ཡིན་པར་འགྱུར་ལ། དེ་འདི་སྐད་དུ་བརྗོད་པར་བྱ་སྟེ། བཤད་པ་རྣམ་པ་གསུམ་
ལས་བཤད་པ་དང་པོ་ནི་རིགས་པ་དང་མཐུན་པ་ཡིན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས་མིག་ནི་ཐུན་མོང་མ་ཡིན་པའི་ཕྱིར། རྒྱུན་གཅིག་ལ་བརྟེན་ནས་བསྟེན་པ་མཚུངས་པ་དང་། དེའི་
བསྟེན་པ་མཚུངས་པ་རྣམ་པར་གཞག་པ་ཡིན་ལ། གཟུགས་ནི་ཐུན་མོང་མ་ཡིན་པའི་ཕྱིར་རྒྱུན་མང་པོ་ལ་བརྟེན་ནས་བསྟེན་པ་མཚུངས་པ་དང་དེའི་བསྟེན་པ་མཚུངས་པ་རྣམ་པར་གཞག་པ་ཡིན་ཏེ། གཟུགས་ཀྱི་ཁམས་ལ་ཇི་ལྟ་བ་བཞིན་དུ་སྒྲ་དང་དྲི་དང་།
རོ་དང་། རེག་བྱའི་ཁམས་ལ་ཡང་དེ་བཞིན་ནོ། །སྒྲ་ནི་གཟུགས་ཇི་ལྟ་བ་བཞིན་དུ་རུང་ན་དྲི་དང་རོ་དང་རེག་བྱ་གསུམ་ནི་དབང་པོ་དང་ཕྲད་པར་གྱུར་པ་ན་གདོད་ལེན་པས་ཐུན་མོང་མ་ཡིན་པའི་ཕྱིར་གཅིག་ལེན་གྱི་གཞན་ནི་མ་ཡིན་པས་མིག་ལ་སོགས་པ་བཞིན་དུ་
བཤད་པ་ནི་རིགས་ཀྱི་གཟུགས་ཇི་ལྟ་བ་བཞིན་ནོ་ཞེས་བཤད་པ་ནི་མི་རིགས་སོ་ཞེ་ན། དེ་ལྟ་བུའི་རིགས་པ་ཡོད་ཀྱང་ཐུན་མོང་བའི་དོན་ཡང་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། དྲི་ལ་སོགས་པའི་ཁམས་གསུམ་ནི་གཅིག་དང་། གཞན་དག་ལ་ཡང་སྣ་ལ་སོགས་པ་རྣམ་པར་ཤེས་པ་
Vol. 118 · folio 237a
བསྐྱེད་པར་རུང་གི་མིག་ལ་སོགས་པ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་གཟུགས་བཞིན་དུ་བཤད་དགོས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས་ཀྱང་འདི་ལྟ་སྟེ། མིག་གིས་གཟུགས་ལ་ལྟ་བ་ནི་ཆ་དང་བཅས་པ་ཡིན་
ལ། གཟུགས་ལ་མི་ལྟ་བ་ནི་གཞན་གྱི་ཆ་དང་བཅས་པ་ཡིན་ཏེ། འདི་ལྟར་གཟུགས་ལ་མིག་གིས་ལྟ་བ་ནི་ཆ་དང་བཅས་པ་ཡིན་ལ། མི་ལྟ་བ་ནི་གཞན་གྱི་ཆ་དང་བཅས་པ་ཡིན་པས་སོ། །དེ་ལ་བྱེ་བྲག་ནི་གལ་ཏེ་མིག་གཅིག་གི་ཆ་དང་བཅས་པ་ཡིན་ན་གཞན་ཐམས་ཅད་ཀྱང་
ཆ་དང་བཅས་པ་ཡིན་ལ། གལ་ཏེ་གཅིག་གཞན་གྱི་ཆ་དང་བཅས་པ་ཡིན་ན་གཞན་ཐམས་ཅད་ཀྱང་གཞན་གྱི་ཆ་དང་བཅས་པ་གཟུགས་ལ་ལྟ་བ་ཡིན་ནོ། །ལྟ་བ་ཆ་དང་བཅས་པ་གང་ཡིན་པ་དེ་ནི་གཞན་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་མ་ཡིན་ཏེ། སྒྲ་དང་། དྲི་དང་། རོ་
དང་། རེག་བྱའི་རྣམས་ཀྱང་དེ་བཞིན་ནོ། །དོན་དམ་པར་ནི་མིག་བཞིན་དུ་བཤད་པར་བྱའོ། །ཀུན་རྫོབ་ཀྱི་གྲངས་ནི་གཟུགས་བཞིན་དུ་བཤད་པར་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་འདི་ལྟར་སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་
ཀྱང་དེ་བཞིན་ཏེ། བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པའི་རྣམ་པ་ཐ་དད་པ་འདྲ་བའི་ཕྱིར་རོ། །དོན་འདི་ཡང་ན་ཁ་ཅིག་སོ་སོ་རང་གི་ལུས་ལ་ཡོད་པའི་དྲི་དང་རོ་དང་རེག་བྱ་བསྣམ་པ་དང་མྱང་བ་དང་བྱེ་བྲག་ཕྱེད་པར་བྱ་བའི་ཕྱིར་དེ་དག་དེ་སྐད་དུ་བཤད་
དེ། དྲི་དང་རོ་དང་། རེག་བྱའི་ཁམས་ཀྱང་ཀུན་རྫོབ་ཀྱི་དབང་དུ་ན་ནི་གཟུགས་ཀྱི་ཁམས་བཞིན་དུ་བཤད་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པ་རྣམས་འདི་སྐད་དུ། ཇི་ལྟར་ཁྱོད་ཀྱིས་དྲི་གང་བསྣམས་པ་དེ་ནི་བདག་ཅག་གིས་ཀྱང་བསྣམས་སོ། །ཁྱོད་
ཀྱིས་རོ་གང་མྱངས་པ་དེ་ནི་བདག་ཅག་གིས་ཀྱང་མྱངས་སོ། །ཁྱོད་ཀྱིས་རེག་བྱ་གང་བྱེ་བྲག་ཕྱེད་པ་དེ་ནི་བདག་ཅག་གིས་ཀྱང་བྱེ་བྲག་ཕྱེད་དོ་ཞེས་ཟེར་བས་སོ། །དོན་དམ་པའི་དབང་དུ་བྱས་ན་དྲི་དང་རོ་དང་། རེག་བྱའི་ཁམས་ནི་མིག་གི་ཁམས་བཞིན་དུ་བཤད་
Vol. 118 · folio 237b
པར་བྱ་སྟེ། འདི་ལྟར་སེམས་ཅན་གཅིག་གིས་གང་བསྣམས་པའི་དྲིའི་ཁམས་གཞན་གྱིས་བསྣམ་པར་མི་ནུས་པ་དང་། སེམས་ཅན་གཅིག་གིས་གང་མྱངས་པའི་རོའི་ཁམས་གཞན་གྱིས་མྱང་བར་མི་ནུས་པ་དང་། སེམས་ཅན་གཅིག་གིས་བྱེ་བྲག་ཕྱེད་པའི་རེག་
བྱའི་ཁམས་གཞན་གྱིས་བྱེ་བྲག་ཕྱེད་པར་མི་ནུས་པས་སོ། །རེག་བྱའི་ཁམས་གཅིག་ལ་སེམས་ཅན་གཉིས་ཀྱི་ལུས་ཕྱོགས་སོ་སོ་ནས་འདུག་པས་ཐུན་མོང་དུ་རེག་པར་གྱུར་པ་དེ་དོན་དམ་པར་གཟུགས་ཀྱི་ཁམས་བཞིན་དུ་བཤད་པ་མ་ཡིན་ནམ་ཞེ་ན་སྨྲས་པ།
འདི་ལྟར་རེག་བྱའི་ཁམས་རྡུལ་ཕྲ་རབ་ཙམ་མང་པོ་གཅིག་ཏུ་བསྡུས་པ་ལ་ལུས་གཉིས་རེག་པར་གྱུར་པ་སོ་སོ་ནས་ཕྱོགས་གཅིག་ཐོབ་པ་ཡིན་གྱི། ཐུན་མོང་དུ་ཐོབ་པ་མེད་པའི་ཕྱིར་དོན་དམ་པར་མིག་གི་ཁམས་བཞིན་དུ་བཤད་པར་བྱ་སྟེ། དྲི་དང་རོའི་ཁམས་གཉིས་
ཀྱང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཁ་ཅིག་ནི་ཕ་རོལ་དང་སེམས་ཅན་མ་ཡིན་པ་རྣམས་ཀྱི་དྲི་དང་རེག་བྱ་བསྣམ་པ་དང་། མྱང་བ་དང་། བྱེ་བྲག་ཕྱེད་པ་སྤྱད་ཟིན་པ་དང་། ཡོངས་སུ་སྤྱད་པའི་དུས་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གཟུགས་ཀྱི་
ཁམས་བཞིན་དུ་བཤད་པར་བྱའོ། །འདི་ལྟར་འཇིག་རྟེན་པ་རྣམས་ཐུན་མོང་དུ་ཐོབ་པ་ཡིན་ནོ་ཞེས་ཟེར་བའི་ཕྱིར་ནི་དོན་དམ་པའི་དབང་དུ་བྱས་ནས་མིག་གི་ཁམས་བཞིན་དུ་བཤད་པར་བྱ་སྟེ། གཅིག་གིས་ཡོངས་སུ་སྤྱད་པ་གཞན་གྱིས་མི་མཐོང་བའི་ཕྱིར་རོ། །
ཡོངས་སུ་སྤྱད་ཟིན་པའི་དྲི་དང་། རོ་དང་རེག་བྱའི་ཁམས་གང་ཡིན་པ་དེ་ནི་དོན་དམ་པ་ལ་བརྟེན་ནས་གཟུགས་ཀྱི་ཁམས་བཞིན་དུ་བཤད་ན་མི་རུང་བ་མེད་དེ། དོན་དེ་ནི་འདི་ལྟ་སྟེ། མ་འོངས་པ་ན་ཡོད་པ་དང་། ད་ལྟར་གྱི་དུས་སུ་འཇུག་ཅིང་མང་པོ་ལ་སོགས་པས་ཐུན་
མོང་དུ་ཐོབ་པའི་དོན་གྱི་ཕྱིར་རོ་ཞེའོ། །དེ་ལ་དོན་སྔ་མ་དང་སྦྱར་ན་ནི་འདི་སྐད་དུ་དྲི་དང་རོ་དང་རེག་བྱའི་ཁམས་ནི་ཀུན་རྫོབ་ཀྱི་དོན་ལ་བརྟེན་ནས་ནི་གཟུགས་ཀྱི་ཁམས་བཞིན་དུ་བཤད་པར་བྱའོ། །དོན་དམ་པའི་དོན་ལ་བརྟེན་ནས་ནི་མིག་གི་ཁམས་བཞིན་དུ་བཤད་པར་
Vol. 118 · folio 238a
བྱའོ་ཞེས་བརྗོད་པར་བྱའོ། །དོན་ཕྱི་མ་དང་སྦྱར་ན་ནི་འདི་སྐད་དུ། དྲི་དང་རོ་དང་། རེག་བྱའི་ཁམས་ཡོངས་སུ་སྤྱད་ཟིན་པ་གང་ཡིན་པ་དང་། ཡོངས་སུ་སྤྱད་པའི་དུས་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་དོན་ལ་བརྟེན་ནས་གཟུགས་ཀྱི་ཁམས་
བཞིན་དུ་བཤད་པར་བྱའོ། །དོན་དམ་པའི་དོན་ལ་བརྟེན་ནས་ནི་མིག་གི་ཁམས་བཞིན་དུ་བཤད་པར་བྱའོ། །ཡོངས་སུ་མ་སྤྱད་པ་གང་ཡིན་པ་དེ་ནི་དོན་དམ་པའི་དོན་ལ་བརྟེན་ནས་གཟུགས་ཀྱི་ཁམས་བཞིན་དུ་བཤད་པར་བྱའོ་ཞེས་བཤད་ན་ཡང་འདི་མི་རུང་བ་མེད་དོ་ཞེས་
བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཀུན་ལས་ཀྱང་དེ་སྐད་བསྟན་ཏོ། །གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཁམས་ཀྱང་དེ་བཞིན་ནོ། །འདི་ལྟར་དྲི་དང་རོ་དང་རེག་བྱ་ནི་ཐུན་མོང་དུ་དམིགས་པའི་ཕྱིར་དང་། མིག་ལ་
སོགས་པའི་རྣམ་པར་ཤེས་པ་དྲུག་གི་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པ་ནི་སྐྱེ་བ་དང་། མི་སྐྱེ་བའི་ཆོས་ཅན་གྱི་ཕྱིར་ཡིད་ཀྱི་ཁམས་བཞིན་དུ་བཤད་པར་བྱའོ། །ད་ནི་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པའི་ངེས་པའི་ཚིག་
བཤད་པར་བྱ་སྟེ། མཛོད་ཀྱི་བསྟན་བཅོས་ནི་དོན་རྣམ་པ་གསུམ་མོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་བསྟེན་པ་མཚུངས་པ་དང་། དེའི་བསྟེན་པ་མཚུངས་པའི་དོན་གང་ཞེ་ན། སྨྲས་པ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕན་ཚུན་
འདུས་ཤིང་འདྲེས་པར་གྱུར་པའི་ཕྱིར་ཆ་ཞེས་བྱའོ། །ཡང་ན་ཆ་ཞེས་བྱ་བ་ནི་ལས་བྱེད་པའོ། །གཞན་ཡང་ཆ་ཞེས་བྱ་བ་ནི་རེག་བྱ་མཚུངས་པར་སྐྱེས་པ་ལ། ཆ་འདི་ཡོད་པའི་ཕྱིར་བསྟེན་པ་མཚུངས་པ་ཞེས་བྱའོ། །འདི་ལས་བཟློག་པ་ནི་དེའི་བསྟེན་པ་
མཚུངས་པ་ཞེས་བྱ་སྟེ། བསྟེན་པ་མཚུངས་པ་མ་ཡིན་པ་དེའི་བསྟེན་པ་མཚུངས་པ་དང་། རྣམ་པ་མི་མཚུངས་པས་དེའི་བསྟེན་པ་མཚུངས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཡང་དག་པའི་རིགས་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །བསྟན་བཅོས་སེམས་སྣ་
Vol. 118 · folio 238b
ཚོགས་བསྟན་པ་ལས་ཆ་དང་བཅས་པ་ལས་གཞན་གྱི་ཆ་དང་བཅས་པ་ལ་དོན་ཅི་ཡོད་ཅེ་ན། སྨྲས་པ། ཆ་དང་བཅས་པའི་དུས་རྫོགས་པ་ནི་ཆ་དང་བཅས་པ་ཞེས་བྱའོ། །མིག་གི་ཁམས་རྣམ་པ་གཉིས་པོ་ལས་དང་བཅས་པ་དང་། ལས་མེད་པ་དེ་དག་ལས་ཀྱི་ཆ་
དང་བཅས་པ་ཞིག་གམ། འོན་ཏེ་ལས་ཀྱི་མེད་པའི་ཆ་དང་བཅས་པ་ཞིག་ཅེ་ན། ཆ་དང་བཅས་པ་དེ་ལས་མེད་པ་ཡང་ཡོད། ལས་ཀྱི་ཆ་དང་བཅས་པ་ཡང་ཡོད། ཆ་དང་བཅས་པ་ཆ་གཉི་ག་དང་ལྡན་ཞིང་། ཆ་དང་བཅས་པར་ཕན་ཚུན་བསྟེན་པ་ཡོད་པར་
འཆད་པ་ཡང་ཡོད་དོ་ཞེས་འབྱུང་ངོ་། །མདོ་སྡེ་པ་དག་ཇི་ལྟར་འདོད་པ་ནི་ད་དུང་གཞུང་ཡང་དག་པ་ཉིད་མཐོང་སྟེ། ཐེག་པ་ཆེན་པོ་པ་དག་དང་མཐུན་པར་འདོད་པར་བཤད་པ་དང་འགལ་བ་མེད་དོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བསྟན་བཅོས་རྣམས་
སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལས་ནི་ནང་གི་སྐྱེ་མཆེད་ལྔ་ལ་བརྟེན་ནས་བསྟེན་པ་མཚུངས་པའི་དོན་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་བསྟེན་པ་མཚུངས་པ་དུ་ཞེ་ན། ནང་གི་གཟུགས་ཅན་ལྔ་
སྟེ་རང་གི་རྣམ་པར་ཤེས་པ་དག་ཡུལ་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །དེ་དང་མཚུངས་པ་དུ་ཞེ་ན། དེ་དག་ཉིད་རང་གི་རྣམ་པར་ཤེས་པས་སྟོང་པ་སྟེ། རང་གི་རིགས་པ་དང་མཐུན་པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ལ་བསྟེན་པ་མཚུངས་པ་ནི་ཡུལ་མཚུངས་པ་ཉིད་
ཀྱི་དོན་གྱི་ཕྱིར་བསྟེན་པ་མཚུངས་པའོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལས་བསྟན་པ་དང་དོན་མཐུན་པར་འབྱུང་སྟེ། དེའི་ཕྱིར་ཆོས་མངོན་པ་ཀུན་ལས་
བཏུས་པ་ལས་ཇི་ལྟར་ན་བསྟེན་པ་མཚུངས་པ་དང་། དེ་དང་མཚུངས་པ་ཡིན་ཏེ། བསྟེན་པ་མཚུངས་པ་དང་། དེ་དང་མཚུངས་པ་ནི་དུ་ཞིག །ཅིའི་ཕྱིར་བསྟེན་པ་མཚུངས་པ་དང་། དེ་དང་མཚུངས་པར་རྟག་ཅེ་ན། རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་
Vol. 118 · folio 239a
འདྲ་བའི་དབང་པོ་ཡུལ་ལ་རྒྱུན་དུ་འབྱུང་བའི་ཕྱིར་དང་། རྣམ་པར་ཤེས་པ་དང་བྲལ་ཞིང་རང་དང་འདྲ་བ་རྒྱུན་དུ་འབྱུང་བའི་ཕྱིར་ཡང་བསྟེན་པ་མཚུངས་པ་དང་། དེ་དང་མཚུངས་པར་བལྟའོ་ཞེས་འབྱུང་སྟེ། དེ་ལ་དང་པོ་བསྟན་པ་མཚུངས་པ་ཡིན་ཏེ།
དབང་པོ་དང་རྣམ་པར་ཤེས་པ་གཉི་ག་འདྲ་ཞིང་ཡུལ་རྣམས་ལ། རྒྱུན་དུ་སྐྱེ་བའི་ཕྱིར་དབང་པོ་དང་རྣམ་པར་ཤེས་པ་འདྲ་བར་འཇུག་པའི་དོན་ལ་བསྟེན་པ་མཚུངས་པའི་ཞེས་བཤད་དོ། །གཉིས་པ་ནི་དེ་དང་མཚུངས་པ་ཡིན་ཏེ། དབང་པོ་རྣམས་རྣམ་པར་ཤེས་པ་དང་བྲལ་ཞིང་རང་
འདྲ་བའི་རྣམ་པ་རྒྱུན་དུ་སྐྱེ་བའི་ཕྱིར་དབང་པོ་རྣམ་པར་ཤེས་པ་དང་ཕྲད་པར་མ་གྱུར་ཀྱང་རང་གི་བདག་ཉིད་དབང་པོ་དང་འདྲ་བའི་རྣམ་པ་རྒྱུན་དུ་སྐྱེ་ཞིང་དབང་པོ་དང་འདྲ་བའི་དོན་ལ་དེ་དང་མཚུངས་པ་ཞེས་བཤད་དེ། དེ་ཡང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང་།
གཟུགས་ཅན་གྱི་ཁམས་དང་། སྐྱེ་མཆེད་ལྔའི་ཕྱོགས་གཅིག་ནི་བསྟེན་པ་མཚུངས་པ་དང་། དེ་དང་མཚུངས་པ་ཡིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ནང་གི་སྐྱེ་མཆེད་ལྔ་ལ་བརྟེན་ནས་སྟོན་ཏོ། །དེའི་ཕྱིར་དེ་ཉིད་ལས་ཁམས་བཅོ་བརྒྱད་པོ་དེ་
དག་ལས་དུ་ནི་མཚུངས་པ་ཡིན། དུ་ནི་དེ་དང་མཚུངས་པ་ཡིན་ཞེ་ན། སྨྲས་པ། མིག་གི་ཁམས་རྣམ་པར་ཤེས་པ་དང་བཅས་པ་ནི་མཚུངས་པ་ཡིན་ནོ། དེ་ལས་གཞན་པ་ནི་དེ་དག་དང་མཚུངས་པ་ཡིན་ནོ། །མིག་གི་ཁམས་ལ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་ཁམས་
ཀྱི་བར་དུ་ཡང་དེ་བཞིན་ནོ། །མཚུངས་པ་དང་། དེ་དང་མཚུངས་པ་གང་ཡིན་པ་དེ་ནི་དབང་པོས་ཟིན་པའི་ནང་གི་ཁམས་རྣམས་ལས་བསམ་པ་ཡིན་གྱི་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་དག་ལ་ནི་མ་ཡིན་ནོ། །ཆོས་ཀྱི་ཁམས་དམིགས་པ་དང་བཅས་པ་
གང་ཡིན་པ་དེ་ནི་སེམས་ཀྱི་ཁམས་དང་འདྲ་བར་བལྟ་བར་བྱའོ། །དམིགས་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་དང་འདྲའོ་ཞེས་འབྱུང་སྟེ། རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །མིག་གི་རྣམ་
Vol. 118 · folio 239b
རྣམ་པར་ཤེས་པ་དང་ལྷན་ཅིག་རྗེས་སུ་འཇུག་པ་ཞེས་བྱ་བ་ལ་སོགས་པས་ནི་མིག་གི་རྣམ་པར་ཤེས་པ་འབྱུང་བ་ན་གདོན་མི་ཟ་བར་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དུས་གཅིག་ཏུ་རྗེས་སུ་འཇུག་ཅིང་ཡུལ་གཅིག་ལ་དམིགས་པར་བསྟན་པའོ། །རྣམ་པར་ཤེས་པ་དང་
བཅས་པའི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། སྒྲ་དང་དྲི་དང་། རོ་དང་རེག་བྱ་དག་གིས་རྐྱེན་བྱས་ནས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་རྗེས་
སུ་འཇུག་པ་དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་འཇུག་གོ་ཞེས་བྱ་བ་ནི་གཉིས་པ་གཞན་རྣམ་པར་ཤེས་པ་བཞི་པོ་དག་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་པར་བཤད་པ་སྟེ། གོང་མ་བཞིན་དུ་རིག་པར་
བྱའོ། །བློ་གྲོས་ཡངས་པ་གལ་ཏེ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་གཅིག་ཁོ་ན་འཇུག་ན་ནི། དེའི་དུས་སུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་རྗེས་སུ་འཇུག་ཅེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཡིད་
ཀྱི་རྣམ་པར་ཤེས་པ་རྣམ་པ་ལྔ་པོ་དག་ལྷན་ཅིག་འཇུག་པའི་མང་ཉུང་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟེན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པ་བསྟན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་
མིག་ལ་སོགས་པའི་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ་བཞི་འམ་ལྔ་དང་ལྷན་ཅིག་འཇུག་པ་བསྟན་པའོ། །འདི་ནི་དང་པོ་ཡིད་ཀྱི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པ་བསྟན་པ་སྟེ། དམིགས་པ་གཅིག་ལ་མཐུན་པར་གྱུར་
པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་རྣམ་པར་ཤེས་པའི་ཚོགས་གཉིས་སམ་གསུམ་མམ་བཞི་འམ་ལྔ་ཆར་འཇུག་པ་ན་ཡང་དེའི་དུས་སུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ཁོ་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་ལྷན་ཅིག་རྗེས་སུ་འཇུག་
Vol. 118 · folio 240a
པའོ་ཞེས་བྱ་བ་ནི། གཉིས་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ལྷན་ཅིག་འཇུག་པ་བསྟན་པའོ། །དམིགས་པར་བྱ་བའི་ཡུལ་མང་ཉུང་གི་རྗེས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་
པ་དང་། ལྷན་ཅིག་འཇུག་པས་གྲངས་ཀྱི་མང་ཉུང་ནི་ངེས་པ་མེད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་རྣམ་པར་མི་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་འབྱུང་། ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་
ཞེས་འབྱུང་སྟེ། དཔེ་འདི་དང་མཐུན་པའི་ཕྱིར་རྣམ་པར་རྟོག་པ་ཞེས་འབྱུང་བ་ནི་མ་ནོར་བ་ཡིན་པར་ཤེས་པར་བྱའོ། །བློ་གྲོས་ཡངས་པ་དཔེར་ན་ཆུའི་ཀླུང་ཆེན་པོ་འབབ་པ་ལ་གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་ཀྱང་གཅིག་ཁོ་ན་
འབྱུང་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དཔེ་སྨོས་ནས་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། །ཆུའི་རླབས་མང་ཉུང་གི་དཔེ་དང་། མེ་ལོང་གི་གཟུགས་བརྙན་མང་ཉུང་གི་དཔེའོ། །དཔེ་སྔ་ཕྱི་གཉིས་བྱེ་བྲག་ཏུ་གྱུར་པ་ཡང་སོ་སོ་ནས་བཤད་
པ་མི་མཐུན་ཏེ། ཁ་ཅིག་ན་རེ་དཔེ་རྣམ་པ་གཉིས་གསུངས་པའི་དགོངས་པ་ནི་སོ་སོ་ནས་ཐ་དད་དེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། ཇི་སྐད་དུ་ཆུ་རླབས་འབྱུང་བ་ནི་རྣམ་པར་ཤེས་པ་དྲུག་པོ་དག་རྩ་བའི་རྣམ་པར་ཤེས་པ་དང་། སྐྱེ་འགག་མཚུངས་
པའི་དོན་གྱི་དཔེ་བསྟན་པའོ། །མེ་ལོང་གི་དཀྱིལ་འཁོར་ལས་གཟུགས་བརྙན་སྣང་བ་ནི་རྣམ་པར་ཤེས་པ་རྣམས་འབྱུང་བ་རྩ་བའི་རྣམ་པར་ཤེས་པའི་བདག་ཉིད་རྣམ་པར་ཤེས་པ་དྲུག་པོ་དག་ཏུ་གྱུར་པ་མ་ཡིན་པའི་དཔེར་བསྟན་པའོ་ཞེས་འབྱུང་བ་ལྟ་བུའོ་ཞེའོ། །ཁ་ཅིག་ན་
རེ་དཔེ་རྣམ་པ་གཉིས་གསུངས་པའི་དགོངས་པ་ནི་ཐ་དད་པ་མེད་དེ། གཉི་ག་ཡང་རྣམ་པར་ཤེས་པ་རྣམས་ལྷན་ཅིག་ཏུ་འཇུག་པའི་དཔེར་བསྟེན་པ་ཡིན་པས་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་རྣམ་པར་བཤད་པ་ལས་ཇི་སྐད་དུ་བསྟན་པ་བཞིན་ནོ་ཞེའོ། །འདིར་
Vol. 118 · folio 240b
དཔེ་རྣམ་པ་གཉིས་བཤད་པ་ཡང་བསྟན་པ་རྣམས་ལས་མི་མཐུན་ཏེ། ལ་ལར་ནི་གནས་དང་གནས་པ་རྣམ་པ་གཉིས་ཀྱི་བྱེ་བྲག་རབ་ཏུ་བསྟན་པའི་ཕྱིར། དཔེ་རྣམ་པ་གཉིས་གསུངས་པ་ཡིན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་དོན་དམ་པའི་ཚུལ་རྣམ་པར་གཞག་
པས་འཇུག་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་ནི་གནས་པ་ཡིན་ཏེ། དེ་ཡང་རྣམ་
པ་བདུན་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རོ། །དཔེར་ན་ཆུའི་ཆུ་བོ་དང་རླབས་ལྟ་བུ་འམ་མེ་ལོང་དང་གཟུགས་བརྙན་ལྟ་བུ་ཡིན་ཏེ། དེ་ལྟར་ན་འདི་ནི་དོན་དམ་པའི་ཚུལ་གྱིས་གནས་དང་གནས་པའི་བྱེ་བྲག་རྣམ་པར་
གཞག་པ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །ལ་ལར་ནི་བརྒྱད་པ་དང་བདུན་པོ་དག་ལྷན་ཅིག་འཇུག་པར་རབ་ཏུ་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པ་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ལ་ལ་ལས་
ནི་བརྒྱད་པ་དང་བདུན་པོ་དག་ཐ་དད་པ་མེད་པའི་དོན་རབ་ཏུ་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་རྣམ་པར་ཤེས་པ་བརྒྱད་པོ་དག་གི་རང་གི་ངོ་བོ་ཉིད་རྣམ་པ་གཅིག་གི་མཚན་ཉིད་ཅེས་ངེས་པར་བརྗོད་དུ་ཡང་མི་རུང་
སྟེ། གནས་དང་རྐྱེན་དང་མཚུངས་པར་ལྡན་པ་ཐ་དད་པའི་ཕྱིར་དང་གཞན་ཡང་གཅིག་འགག་པའི་ཚེ། གཞན་མི་འགག་པའི་ཕྱིར་དང་། བསྒོ་བ་དང་། བསྒོ་བར་བྱ་བའི་མཚན་ཉིད་སོ་སོ་ཐ་དད་པའི་ཕྱིར་རོ། །ངེས་པར་ཐ་དད་པ་ཡང་མ་ཡིན་ཏེ། མདོ་ལས་རྣམ་
པར་ཤེས་པ་བརྒྱད་པོ་དག་ནི་ཆུ་དང་ཆུ་བོའི་རླབས་ལྟ་བུར་ཐ་དད་པ་མེད་པར་གསུངས་པའི་ཕྱིར་དང་། ངེས་པར་ཐ་དད་པར་གྱུར་ན་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་དང་། སྒྱུ་མ་ལ་སོགས་པ་ལྟར་ངེས་པའི་དངོས་པོ་མེད་པའི་ཕྱིར་རོ་ཞེས་བསྟན་པ་
Vol. 118 · folio 241a
ལྟ་བུའོ། །སྔར་གོང་དུ་བཤད་པ་ལྟར་རྣམ་པར་ཤེས་པའི་བྱེ་བྲག་ཏུ་གྱུར་པའི་མཚན་ཉིད་ཀྱང་ཀུན་རྫོབ་ལ་བརྟེན་ནས་ཡིད་ཀྱི་དེ་ཁོ་ནའི་དོན་དམ་པ་ལ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དོན་དམ་པ་ལ་ནི་སེམས་དང་ཐ་སྙད་ཆད་པའི་ཕྱིར། འཕགས་པ་
སངས་རྒྱས་ཀྱི་སའི་འགྲེལ་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་བརྒྱད་པོ་དག་ཀྱང་ཀུན་རྫོབ་ཀྱི་མཚན་ཉིད་ཀྱིས་ནི་ཐ་དད་ལ། དོན་དམ་པའི་མཚན་ཉིད་ཀྱིས་ཐ་དད་པ་མེད་དེ། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་
ཏེ། འདིར་མདོ་སྡེའི་དགོངས་པ་ལ་ཡང་གོང་དུ་བསྟན་པ་ལྟ་བུའི་དོན་ཡོད་པར་འོས་སོ། །ཡང་ན་མདོ་སྡེ་ལས་དཔེ་རྣམ་པ་གཉིས་གསུངས་པའི་དགོངས་པ་ཐ་དད་པས་དཔེ་སྔ་མ་ནི་ལྷན་ཅིག་འབྱུང་བ་དང་། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པའི་དོན་གྱི་དཔེར་བསྟན་
པ་ཡིན་ཏེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། དེ་ལ་རྒྱུན་ཞེས་བྱ་བས་ནི་ཆད་པ་དགག་ཅིང་འཇུག་པ་རྟག་པ་མ་ཡིན་པར་བསྟན་པ་སྟེ། ཆུ་བོའི་རྒྱུན་བཞིན་དུ་རྒྱུ་དང་འབྲས་བུའི་ཆོས་ཉིད་དེ་ཡིན་པས་སོ་ཞེས་བསྟན་པ་ལྟ་བུ་སྟེ། ཞིབ་ཏུ་
དེ་ཉིད་ལས་འབྱུང་བ་བཞིན་ནོ། །དཔེ་ཕྱི་མ་ནི་ལྷན་ཅིག་འབྱུང་བ་དང་། བདུན་པ་མངོན་པར་འགྲུབ་པ་དང་། ཉེ་བར་སྤྱོད་པ་ཟད་མི་ཤེས་པའི་དོན་གྱི་དཔེར་བསྟན་པ་ཡིན་ནོ། །སྔ་མ་ལ་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། རྐྱེན་གཅིག་ལས་རླབས་གཅིག་
འབྱུང་བའི་དཔེ་དང་རྐྱེན་མང་པོ་ལས་རླབས་མང་པོ་འབྱུང་བའི་དཔེ་དང་། འོན་ཀྱང་ཞེས་བྱ་བ་མན་ཆད་ཀྱིས་རང་གི་རྒྱུད་རྒྱུན་མི་འཆད་པར་མི་འགྱུར་བའི་དཔེ་སྟེ། འདི་ནི་དང་པོ་རྐྱེན་གཅིག་ལས་རླབས་གཅིག་འབྱུང་བའི་དཔེའོ། །གལ་ཏེ་རླབས་གཉིས་སམ།
གལ་ཏེ་རླབས་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་མང་པོ་དག་འབྱུང་སྟེ་ཞེས་བྱ་བ་ནི་གཉིས་པ་རྐྱེན་མང་པོ་ལས་རླབས་མང་པོ་འབྱུང་བའི་དཔེའོ། །འོན་ཀྱང་ཆུའི་ཀླུང་དེ་རང་གི་རྒྱུན་གྱིས་རྒྱུན་ཆད་པར་ཡང་མི་འགྱུར་ལ། ཡོངས་སུ་ཟད་པར་
Vol. 118 · folio 241b
མི་འགྱུར་རོ་ཞེས་བྱ་བ་ནི་གསུམ་པ་རང་གི་རྒྱུན་ཆད་པར་མི་འགྱུར་བའི་དཔེའོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་འདི་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་ཚིགས་སུ་བཅད་པ་ལས། ཇི་ལྟར་རྒྱ་མཚོར་རྒྱུ་རྐྱེན་གྱིས། །དབའ་རླབས་སྣ་ཚོགས་བྱུང་ནས་ནི། །
མངོན་དུ་བྱ་བར་རབ་འཇུག་ཀྱང་། །རྒྱུན་ནི་ཆད་པར་འགྱུར་མེད་ལྟར། །ཀུན་གཞི་རྒྱ་མཚོ་དེ་བཞིན་ཏེ། །ཡུལ་གྱི་རླུང་ནི་རབ་བསྐྱོད་པས། །རྣམ་ཤེས་དབའ་རླབས་རྟག་ཏུ་འབྱུང་། །བྱ་བ་དག་ནི་ཉེ་བར་འཇུག །ཅེས་གསུངས་པ་ཡིན་ནོ། །གཞན་ཡང་དཔེར་ན་
མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ། གལ་ཏེ་གཟུགས་བརྙན་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མེ་ལོང་གི་དཀྱིལ་འཁོར་གྱི་གཟུགས་བརྙན་མང་ཉུང་གི་དཔེ་ཞེས་བྱ་བ་
སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རྐྱེན་གཅིག་ལས་གཟུགས་བརྙན་གཅིག་འབྱུང་བའི་དཔེ་དང་། རྐྱེན་མང་པོ་ལས་གཟུགས་བརྙན་མང་པོ་འབྱུང་བའི་དཔེ་དང་། ཉེ་བར་སྤྱོད་པ་ཟད་མི་ཤེས་པའི་དཔེ་སྟེ་འདི་ནི་དང་པོ་རྐྱེན་གཅིག་ལས་གཟུགས་བརྙན་
གཅིག་འབྱུང་བའི་དཔེ་བསྟན་པའོ། །གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཟུགས་བརྙན་མང་པོ་དག་འབྱུང་ཞེས་བྱ་བ་ནི། གཉིས་པ་རྐྱེན་མང་པོ་ལས་གཟུགས་བརྙན་མང་པོ་འབྱུང་བའི་
དཔེས་བསྟན་པའོ། །མེ་ལོང་གི་དཀྱིལ་འཁོར་དེ་དག་གཟུགས་བརྙན་གྱི་དངོས་པོས་ཡོངས་སུ་འགྱུར་བ་ཡང་མ་ཡིན་ལ། ཉེ་བར་སྤྱོད་པ་ཟད་པར་མངོན་པར་ཡང་མེད་དོ་ཞེས་བྱ་བ་ནི། གསུམ་པ་ཉེ་བར་སྤྱོད་པ་ཟད་མི་ཤེས་པའི་དཔེས་བསྟན་པའོ། །མེ་ལོང་
གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་མེ་ལོང་ལས་གཟུགས་བརྙན་འབྱུང་བ་ནི་རྐྱེན་ལ་ལྟོས་པས་མེ་ལོང་ཉིད་གཟུགས་བརྙན་གྱི་དངོས་པོར་འགྱུར་བ་
Vol. 118 · folio 242a
ནི་མ་ཡིན་ནོ། །རྣམ་པར་ཤེས་པ་དྲུག་པོ་ཡུལ་གྱི་རྐྱེན་ལ་ལྟོས་ནས་སྐྱེ་བ་ཡང་རྣམ་པར་ཤེས་པ་དྲུག་པོ་སྔ་མའི་ས་བོན་ལས་རྣམ་པར་ཤེས་པ་དྲུག་པོའི་ཕྱི་མའི་སྐྱེ་བའི་རྩ་བའི་རྣམ་པར་ཤེས་པའི་བདག་ཉིད་རྣམ་པར་ཤེས་པ་དྲུག་པོ་དག་གི་དངོས་པོར་གྱུར་པ་
ནི་མ་ཡིན་ནོ་ཞེས་བཤད་དོ། །འདིར་ཡོངས་སུ་འགྱུར་བ་རྣམ་པར་ཤེས་པ་ཡང་དོན་རྣམ་པ་གཉིས་དང་ལྡན་ཏེ། དང་པོ་ནི་རྒྱུར་གྱུར་པ་སྟེ། ས་བོན་ཀུན་གཞི་རྣམ་པར་ཤེས་པ་གྱུར་ནས་རྣམ་པར་ཤེས་པ་བདུན་པོ་དག་མངོན་པར་འགྲུབ་པའོ། །གཉིས་པ་ནི་འབྲས་བུར་གྱུར་
པ་སྟེ། མངོན་དུ་སྤྱོད་པ་ཀུན་གཞི་རྣམ་པར་ཤེས་པ་རང་གི་རྒྱུ་མཚན་གྱི་རྣམ་པར་ནི་སྣང་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བདུན་པོ་དག་ཏུ་ནི་མ་གྱུར་པའོ། །མདོ་འདི་ལས་ནི་འབྲས་བུར་གྱུར་པ་ལ་མ་དགོངས་ནས་དེའི་ཕྱིར་མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་
བརྙན་གྱི་དངོས་པོ་ཡོངས་སུ་གྱུར་པ་ཡང་མ་ཡིན་ཞེས་བྱ་བ་གསུངས་སོ། །གཞན་ཡང་མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་སྟོན་པ་ལ་ཟད་པ་མེད་པར་གསུངས་པའི་དགོངས་པ་ནི། ཀུན་གཞི་རྣམ་པར་ཤེས་པ་འབྲས་བུ་བསྐྱེད་པ་ལ་ཟད་པ་མེད་པར་སྟོན་ཏོ། །
ཅིའི་ཕྱིར་ཉན་ཐོས་ཀྱི་ལུང་ལས་ཆུ་བོའི་རླབས་ཉི་ཚེའི་དཔེ་སྨོས་ཤེ་ན། སྨྲས་པ། དོན་དེ་ནི་བརྡ་ཕྲད་པར་ཟད་དེ། མདོར་བསྡུས་པའི་ཕྱིར་མ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་ཚིག་ངེས་པར་འགྲེལ་བའི་མདོ་ལས་དཔེ་
རྣམ་པ་གཉིས་ཚང་བར་སྨོས་ཤེ་ན། རྒྱ་གར་གྱི་དཔེ་ཉིད་ལས་བྱེ་བྲག་འདི་ཡོད་པས་སོ། །དེ་བཞིན་དུ་བློ་གྲོས་ཡངས་པ་ཆུ་ཀླུང་ལྟ་བུའི་ལེན་པའི་རྣམ་པར་ཤེས་པས་གནས་པ་དང་། རྣམ་པར་གཞག་པ་བྱས་པའི་ཕྱིར། གལ་ཏེ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་གཅིག་
འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་དེའི་དུས་སུ་མིག་གི་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་འཇུག་ཅེས་བྱ་བ་འདི་མན་ཆད་ནི་གསུམ་པ་དཔེ་དང་དོན་དུ་སྦྱར་བའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྐྱེན་གཅིག་ལས་རྣམ་པར་ཤེས་པ་གཅིག་འཇུག་པ་དང་།
Vol. 118 · folio 242b
རྐྱེན་མང་པོ་ལས་རྣམ་པར་ཤེས་པ་མང་པོ་འཇུག་པར་བསྟན་པ་སྟེ། འདི་ནི་དང་པོ་རྐྱེན་གཅིག་ལས་རྣམ་པར་ཤེས་པ་ཡང་གཅིག་ཁོ་ན་འཇུག་པར་བསྟན་པའོ། །གལ་ཏེ་དེའི་ཚེ་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་གྱི་བར་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། དེའི་དུས་
སུ་རྣམ་པར་ཤེས་པའི་ཚོགས་ཀྱང་ལྔ་ཆར་འཇུག་གོ་ཞེས་བྱ་བ་ནི་གཉིས་པ་རྐྱེན་མང་པོ་ལས་རྣམ་པར་ཤེས་པ་ཡང་མང་པོར་འཇུག་པར་བསྟན་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་གནས་པ་ཤེས་པས།
གནས་དང་རྣམ་པར་གཞག་པ་བྱས་པའི་ཕྱིར་སེམས་དང་ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ནི་དེ་ཙམ་གྱིས་དེ་དག་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གསང་བ་ལ་མཁས་
པའི་བྱང་ཆུབ་སེམས་དཔའ་ཞེས་མི་འདོགས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གསང་བ་ལ་མཁས་པ་རྣམ་པར་འབྱེད་ཅིང་སྔར་ཞུས་པ་རྣམ་པ་གཉིས་ཀྱིས་ལན་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་བཞིན་དུ་ཡང་དག་པར་རྣམ་པར་
བཤད་པ་དང་བློ་གྲོས་ཡངས་པ་དེ་ཙམ་གྱིས་ཞེས་བྱ་བ་མན་ཆད་ཀྱིས་སྔར་ཞུས་པའི་ལན་སྤྱིར་གསུངས་པའོ། །དང་པོ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། སའི་མདུན་རོལ་པ་རྣམས་དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་པར་བསྟན་པ་དང་ས་ལ་གནས་པ་རྣམས་དེ་བཞིན་
གཤེགས་པས་ལུང་བསྟན་པ་ཡིན་པར་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ལ་ཆོས་གནས་པ་ཞེས་བྱ་བ་ནི་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་འབྲས་བུའི་ཆོས་རྒྱུ་ལ་གནས་པར་ཤེས་པའི་ཕྱིར་ཆོས་གནས་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས།
ཅིའི་ཕྱིར་ཆོས་གནས་པ་ཤེས་པ་ཞེས་བྱ་ཞེ་ན། སྨྲས་པ། ཆོས་ཞེས་བྱ་བ་ནི་འབྲས་བུ་ཡིན་ལ། གནས་པར་ཞེས་བྱ་བ་ནི་རྒྱུ་ཡིན་ནོ། །འབྲས་བུའི་ཆོས་གནས་པའི་རྒྱུ་ཤེས་པ་ནི་ཆོས་གནས་པ་ཤེས་པ་ཞེས་བྱ་སྟེ། འདི་ལྟར་ཁམས་གསུམ་པའི་འབྲས་བུ་རབ་
Vol. 118 · folio 243a
དང་འབྲིང་དང་ཐ་མ་གནས་པའི་རྒྱུ་ཤེས་པ་ནི་ཆོས་གནས་པ་ཤེས་པ་ཞེས་བྱའོ། །རྒྱ་ཆེར་བཤད་པ་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་སྡེ་པ་དག་ནི་ཆོས་རྟག་ཏུ་གནས་པར་ཤེས་པའི་ཕྱིར། ཆོས་གནས་པ་ཤེས་པ་ཞེས་བྱའོ་ཞེས་ཟེར་ཏེ། དེའི་ཕྱིར་བསྟན་བཅོས་དེ་
ཁོ་ན་ཉིད་གྲུབ་པ་ལས་ཆོས་རྣམས་ཀྱི་འབྱུང་གནས་ཤེས་པ་ནི་ཆོས་གནས་པ་ཤེས་པ་ཞེས་བྱ་སྟེ། ཇི་ལྟར་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་དང་། དེ་བཞིན་དུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལྟ་བུ་སྟེ། དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་དེ་བཞིན་གཤེགས་
པ་མི་བཞུགས་ཀྱང་རུང་སྟེ། ངོ་བོ་ཉིད་འདི་ནི་རྟག་ཏུ་གནས་པའི་ཕྱིར་ཆོས་གནས་པ་ཤེས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བསྟན་བཅོས་རྣམ་པར་བཤད་པ་ལས་ཆོས་གནས་པ་ཤེས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། མདོ་སྡེ་ལས་བརྩམས་
ནས་ཆོས་ཀྱི་སྒོ་མོ་རྣམ་པར་གཞག་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་འདི་དང་དོན་མཐུན་པར་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ལས་ཆོས་གནས་པ་ཤེས་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གཞག་པ་དང་།
བསྟན་པ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས། ཆོས་གནས་པ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཇི་ལྟར་འདི་ན་ཁ་ཅིག་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པའི་གཏམ་ཕྱིན་ཅི་མ་ལོག་པ་
ཐོས་ནས། རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་རྣམས་ཀྱི་རྒྱུ་དང་། འབྲས་བུའི་གནས་སྐབས་དེ་སོ་སོའི་སྐྱེ་བོའི་ས་ལ་གནས་བཞིན་དུ་ཐོས་པ་དང་བསམ་པ་དང་། བསྒོམ་པ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་ལ་
ཡང་དག་པར་སྡུག་བསྔལ་བར་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཡང་དག་པར་ལམ་ཡིན་པར་ཤེས་རབ་ཀྱིས་འཇུག་ཅིང་མོས་པར་བྱེད་དེ། དེ་ལྟར་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་གནས་པའི་ཆོས་རྣམས་ཀྱི་ཤེས་པ་གང་ཡིན་པ་འདི་ནི་ཆོས་གནས་པ་ཤེས་པ་
Vol. 118 · folio 243b
ཞེས་བྱའོ་ཞེས་འབྱུང་བ་ཡིན་ཏེ་འདིར་གསུངས་པ་ཡང་དོན་གྱིས་བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་ནོ། །དེ་ནི་འདི་སྐད་དུ་སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་དག་ཆོས་གནས་པ་ཤེས་པའི་སྟོབས་ཀྱིས། སེམས་དང་ཡིད་
དང་རྣམ་པར་ཤེས་པའི་ཀུན་རྫོབ་ཀྱི་བྱེ་བྲག་ཁོང་དུ་ཆུད་མོད་ཀྱི། འོན་ཀྱང་ད་དུང་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བའི་དོན་དམ་པ་མ་རྟོགས་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ཙམ་གྱིས་དེ་དག་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་མི་འདོགས་
སོ་ཞེས་བསྟན་པར་འགྱུར་རོ། །བློ་གྲོས་ཡངས་པ་བྱང་ཆུབ་སེམས་དཔའ་གང་གིས་ནང་གི་སོ་སོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལེན་པ་མི་མཐོང་། ལེན་པའི་རྣམ་པར་ཤེས་པ་མི་མཐོང་ལ། ཀུན་གཞི་ཡང་མི་མཐོང་། ཀུན་གཞི་རྣམ་པར་ཤེས་པ་ཡང་མི་མཐོང་བསགས་
པ་ཡང་མི་མཐོང་སེམས་ཀྱང་མི་མཐོང་ཞེས་བྱ་བ་འདི་མན་ཆད་ནི། གཉིས་པ་ས་ལ་གནས་པ་ཡན་ཆད་དེ་བཞིན་གཤེགས་པས་ལུང་བསྟན་པ་ཡིན་པར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་རྣམ་པ་གཉིས་ཀྱི་ལན་སྤྱིར་གསུངས་པ་དང་། དེ་ནི་ཞེས་བྱ་བ་
མན་ཆད་ཀྱིས་ཞུས་པ་རྣམ་པ་གཉིས་ཀྱི་ལན་སོ་སོར་ཕྱེ་སྟེ་གསུངས་པའོ། །ལན་སྤྱིར་གསུངས་པ་ཡང་དོན་རྣམ་པ་གཉིས་སུ་འགྱུར་ཏེ། དང་པོ་བསྟན་པས་བརྗོད་པར་བྱ་བའི་དོན་ནི་ཞུས་པ་སྔ་མའི་ལན་དུ་གསུངས་པའོ། །གཉིས་པ་དོན་ལ་བརྟེན་ནས་བསྟན་པ་
གཞག་པ་ནི་ཞུས་པ་ཕྱི་མའི་ལན་དུ་གསུངས་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ་པར་འབྱེད་པ་དང་། ཁམས་བཅོ་བརྒྱད་ལ་བརྟེན་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་
ཤེས་པ་རབ་ཏུ་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་བཤད་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། བྱང་ཆུབ་སེམས་དཔའ་གལ་ཏེ་གོང་དུ་གསུངས་པ་ལྟར་རྣམ་པར་ཤེས་པ་དང་། གཟུགས་ལ་
Vol. 118 · folio 244a
སོགས་པར་མཐོང་ནས། དེ་ནི་ཀུན་རྫོབ་ཏུ་ཤེས་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་གང་ཟག་འདི་སེམས་དང་ཡིད་དང་། རྣམ་པར་ཤེས་པའི་གསང་བའི་དོན་ཤེས་པ་ཞེས་ལུང་སྟོན་པར་མི་མཛད་ལ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྔར་གསུངས་པ་ལྟར་རྣམ་
པར་ཤེས་པའི་དོན་མི་མཐོང་ན་ནི། གདོད་བཅོམ་ལྡན་འདས་ཀྱིས་གང་ཟག་འདི་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བའི་དོན་ཤེས་པ་ཞེས་ལུང་སྟོན་པར་མཛད་དེ། འདིས་ནི་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་ཡོད་པ་མ་ཡིན་པར་ཤེས་ན་ནི་ཡང་དག་པ་ཡིན་
ནོ་ཞེས་བསྟན་ཏེ། འདི་ལྟར་རྩ་བའི་གསང་བ་ཁོང་དུ་ཆུད་ན་ཡང་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པའི་ཡན་ལག་ཀྱང་གདོད་གསལ་བར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་དེ་ལ་ནང་སོ་སོ་ཞེས་བྱ་བ་ལ་ནང་ནི་འདི་ལྟ་སྟེ། དེ་བཞིན་
ཉིད་ཆོས་རྣམས་ཀྱི་ངོ་བོ་ཉིད་དེ། དེའི་ཕྱིར་ནང་ཞེས་བྱའོ། །སོ་སོ་ཞེས་བྱ་བ་ནི་བརྗོད་པ་ནི་རྗེས་སུ་ཡང་དག་པ་ཉིད་རབ་ཏུ་སྟོན་པ་ནི་སོ་སོ་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ནི་འདི་སྐད་དུ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པའི་བདེན་པ་རྩ་བའི་ཡེ་ཤེས་ལ་
བརྟེན་ཅིང་ནང་གི་སོ་སོ་ལ་དེ་བཞིན་ཉིད་དུ་རྟོགས་པའི་དབང་གིས་ཡུལ་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལེན་པའི་ལས་ཀྱང་མི་མཐོང་ལ། ལེན་པའི་ངོ་བོ་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་ངོ་ཞེས་བསྟན་པར་འགྱུར་ཏེ། ཀུན་གཞི་དང་སེམས་ཀྱི་ལས་
དང་ངོ་བོ་ཉིད་ཀྱི་བྱེ་བྲག་ཀྱང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཡང་ནང་གི་སོ་སོ་ཞེས་བྱ་བ་ནི། ལེན་པ་ལ་སོགས་པ་ཆོས་རྣམས་ཀྱི་བདག་ཉིད་ལ་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱི་རིགས་པ་ཡོད་དེ། དེ་ལ་རང་གི་མཚན་ཉིད་ནི་མངོན་སུམ་གྱི་ཚད་
མའི་ཡུལ་ཡིན་པའི་ཕྱིར་ནི་ནང་ཞེས་བྱ་ལ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སོ་སོ་ནས་རང་གི་བདག་ཉིད་དང་ལྡན་པའི་ཕྱིར་ནི་སོ་སོ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བདག་ཉིད་ཀྱིས་ནང་གི་མྱོང་བ་གང་ཡིན་པ་དེ་ནི་དོན་ཤེས་པ་
Vol. 118 · folio 244b
ཞེས་བྱ་ཞེས་འབྱུང་སྟེ། འདི་ནི་མངོན་སུམ་གྱི་ཚད་མས་རང་གི་མཚན་ཉིད་ཤེས་པའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པར་ཤེས་པ་ལ་བརྟེན་པའི་ཐ་སྙད་ནི་འདི་ལྟ་སྟེ། གང་དེས་ནང་སོ་སོ་རང་གིས་རིག་པ་དང་། རྟོགས་པ་
དང་། རེག་པ་མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཐ་སྙད་ཅེས་བྱའོ་ཞེས་འབྱུང་སྟེ། འདི་དང་སྦྱར་ཏེ་བཤད་ན་ཡང་དག་པ་དང་། རྗེས་ལས་ཐོབ་པ་གཉི་ག་མངོན་སུམ་གྱི་ཚད་མ་བཞིན་ནོ། །ཡང་
དག་པ་ཇི་ལྟ་བ་བཞིན་དུ་ལེན་པའི་རང་གི་མཚན་ཉིད་ཁོང་དུ་ཆུད་ཅིང་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་མི་མཐོང་བ་ཞེས་བྱའི་རྣམ་པར་རྟོག་པ་མེད་པ་ལ་མི་མཐོང་བ་ཞེས་བྱ་བ་ནི་མ་ཡིན་ནོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ཡང་མི་མཐོང་། རྣ་བ་དང་། སྒྲ་དང་རྣ་བའི་
རྣམ་པར་ཤེས་པ་ཡང་མི་མཐོང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་། ཡིད་དང་། ཆོས་དང་།
ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ཞེས་བྱ་བ་ནི་གཉིས་པ་ཁམས་བཅོ་བརྒྱད་ལ་བརྟེན་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བསྟན་ཏེ། ཁམས་བཅོ་བརྒྱད་མི་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་མཁས་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དོན་
དམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་དེ་དག་ལ་དོན་དམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་སོ་ཞེས་བྱ་བ་ནི་གཉིས་པ་སྔར་ཞུས་པ་རྣམ་པ་གཉིས་ཀྱི་ལན་སོ་སོར་ཕྱེ་སྟེ་གསུངས་པའོ། །མདོའི་ཚིག་
འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་དེ་ནི་དོན་དམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ་ཞེས་བྱ་བ་ནི་གོང་དུ་སྔར་བསྟན་པའི་བསྟན་པས་བརྗོད་པར་བྱ་བའི་དོན་སྨོས་ནས་ཞུས་པ་སྔ་མའི་ལན་དུ་གསུངས་པའོ། །གཉིས་པ་དེ་བཞིན་གཤེགས་པ་ཡང་
Vol. 118 · folio 245a
དེ་དག་ལ་དོན་དམ་པ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་སོ་ཞེས་བྱ་བ་ནི་གོང་དུ་སྔར་བསྟན་པའི་བསྟན་པ་གཞག་པ་སྨོས་ནས་ཞུས་པ་ཕྱི་མའི་ལན་དུ་གསུངས་པའོ། །བློ་གྲོས་ཡངས་པ་དེ་ཙམ་གྱིས་ན་སེམས་དང་ཡིད་དང་རྣམ་
པར་ཤེས་པའི་གསང་བ་ཐམས་ཅད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བས་ན་དེ་བཞིན་གཤེགས་པ་དེ་ཙམ་གྱིས་དེ་དག་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ཐམས་ཅད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་སོ་ཞེས་བྱ་བ་ནི་
གཉིས་པ་མཇུག་བསྡུ་ཞིང་སྔར་ཞུས་པ་རྣམ་པ་གཉིས་ཀྱི་ལན་གསུངས་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གསུངས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་
བཅད་པས་མདོར་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཚིགས་སུ་བཅད་པས་སྟོན་པར་མཛད་པའི་གླེང་བསླང་བ་དང་། ཚིགས་སུ་བཅད་པས་མདོར་བསྟན་པ་ཉིད་དེ། འདི་ནི་དང་པོ་ཚིགས་སུ་བཅད་པས་སྟོན་པར་མཛད་པའི་གླེང་
བསླང་བའོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་བྱ་བ་ནི་གཉིས་པ་ཚིགས་སུ་བཅད་པས་མདོར་བསྟན་པ་ཉིད་དོ། །ཚིགས་
སུ་བཅད་པ་འདིའི་རྣམ་པར་བཤད་པ་ཡང་བསྟན་བཅོས་རྣམས་ལས་སོ་སོ་ནས་མི་མཐུན་ཏེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཟབ་པ་ནི་འཇིག་རྟེན་གྱི་མཁས་པའི་བློས་ཀྱང་གཏིང་དཔག་པར་དཀའ་བའི་ཕྱིར་རོ། །ཕྲ་བ་ནི་ཉན་
ཐོས་རྣམས་ཀྱིས་ཀྱང་ཤེས་པར་དཀའ་བའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་ལ་སོགས་པ་ལ་རྣམ་པར་ཤེས་པ་འདི་མ་བསྟན་ཏེ། ཤིན་ཏུ་ཕྲ་བའི་ཐམས་ཅད་མཁྱེན་པ་ཡོངས་སུ་མི་ཚོལ་བའི་ཕྱིར་རོ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟ་འབབ། ཅེས་བྱ་བ་ནི་སྐད་
Vol. 118 · folio 245b
ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པས་རྒྱུན་མི་འཆད་པར་ཆུ་བོའི་ཀླུང་ལྟར་འབབ་པའོ། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་བཅས་པ་རྣམས་ལ་རྣམ་པར་མ་ཕྱེ་བ་སྟེ། བདག་ཏུ་རྣམ་པར་རྟོག་པ་དེ་དག་གིས་དེ་ལ་འཁོར་བའི་མཐའ་ཇི་སྲིད་པ་
དེ་སྲིད་དུ་རྣམ་པ་གཅིག་པ་འགྱུར་བ་མེད་པའི་བདག་ཏུ་འཛིན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་བསྟན་པའོ། །ཟབ་ཅིང་ཕྲ་བ་ཞེས་བྱ་བ་ནི་རྟོགས་པར་དཀའ་བའི་
ཕྱིར་རོ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །ཅེས་བྱ་བ་ནི་གོ་རིམས་བཞིན་དུ་འཇུག་པའི་ཕྱིར་དང་། ས་བོན་ཐམས་ཅད་སྐད་ཅིག་གཅིག་ནས་གཅིག་ཏུ་ཆུ་བོའི་ཀླུང་ལྟར་རྒྱུན་མི་འཆད་པར་འཇུག་པའི་ཕྱིར་རོ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །
ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་རྒྱུན་མི་འཆད་པའི་ཕྱིར་རྣམ་པར་རྟོག་པས་འཛིན་པར་འགྱུར་བའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ནང་ནས་སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ལས་ནི་ཆོས་རྣམས་ཀྱི་ས་བོན་ཡོངས་སུ་འཛིན་པ་དང་། དབང་པོ་
གཟུགས་ཅན་ལེན་ཅིང་གནས་བྱེད་པ་དང་། ཉིང་མཚམས་སྦྱོར་བ་དང་། ཡོངས་སུ་འཛིན་པའི་ཕྱིར་རྣམ་པར་ཤེས་པ་འདི་ལེན་པ་ཞེས་བྱ་བའོ། །རིགས་མེད་པའི་སེམས་ཅན་དག་གི་གཏིང་དཔག་པར་མི་ནུས་པའི་ཕྱིར་ཟབ་པ་ཞེས་གསུངས་སོ། །ཞི་བ་ལ་ཕྱོགས་
པའི་རགས་ཅན་དག་གིས་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་ཤིན་ཏུ་ཕྲ་བ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་ཡང་དག་པའི་ས་བོན་ཡིན་པས་རྐྱེན་གྱིས་བསྐྱོད་ན་རྣམ་པར་ཤེས་པའི་རླབས་རྣམས་འབྱུང་སྟེ། རྟག་པར་རྒྱུན་དུ་ཆུ་བོའི་ཀླུང་བཞིན་དུ་འབབ་པའོ། །བྱིས་པ་དག་
ནི་ཞི་བ་ལ་ཕྱོགས་པ་སྟེ། དེ་དག་གི་འདི་ལ་རྣམ་པར་རྟོག་པས་བདག་ཏུ་འཛིན་པར་གྱུར་ན་ངན་འགྲོ་རྣམས་སུ་ལྷུང་ཞིང་འཕགས་པའི་ལམ་ལ་སྒྲིབ་པར་འགྱུར་བར་དགོངས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣམ་པར་ཕྱེ་སྟེ་མ་བསྟན་ཏོ་ཞེས་འབྱུང་ངོ་། །དགོངས་པ་
Vol. 118 · folio 246a
ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་པའོ།། །།བམ་པོ་ཉི་ཤུ་གཉིས་པ། ལེའུ་འདི་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ལེའུ་ཉིད་ཀྱི་མིང་རྣམ་པར་བཤད་པ་དང་། མདོ་ཉིད་ཀྱི་
ཚིག་གི་དོན་རྣམ་པར་བཤད་པའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་ཞེས་བྱ་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ངོ་བོ་ཉིད་ནི་རྣམ་པ་གསུམ་སྟེ། གཅིག་ཁོ་ན་མ་ཡིན་པའི་ཕྱིར་ཐམས་ཅད་ཅེས་བྱ་བ་གསུངས་སོ། །ཐམས་ཅད་ཀྱང་རང་གི་
ངོ་བོ་མཚན་ཉིད་འཛིན་ཅིང་དཔེ་ལུགས་ཀྱིས་སེམས་ཅན་གྱི་ཤེས་པ་བསྐྱེད་པའི་ཆོས་ཞེས་བྱའོ། །མཚན་ཉིད་ནི་འདི་ལྟ་སྟེ། ངོ་བོ་ཉིད་ཀྱི་མཚན་ཉིད་དམ། ཡང་ན་མཚན་ཉིད་ནི་དབྱིབས་ཀྱི་མཚན་ཉིད་དེ། འདི་ལྟ་སྟེ། ཀུན་བརྟགས་ལ་སོགས་པ་ནི་ཆོས་ཐམས་
ཅད་ཀྱི་དབྱིབས་ཀྱི་མཚན་ཉིད་ཡིན་པས་མདོར་བསྡུ་ན་ངོ་བོ་ཉིད་རྣམ་པ་གསུམ་ལ་ཐམས་ཅད་ཅེས་བྱ་སྟེ། འདི་ནི་བདག་པོའི་དབང་དུ་མཛད་ནས་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་ངོ་བོ་ཉིད་རེ་རེར་གྱུར་ཅིང་། ཐམས་ཅད་མ་ཡིན་པའི་ཕྱིར་རོ་ཞེའོ། །ཡང་ན་ཁ་ཅིག་ན་
རེ་དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའོ། །བསྡུས་པ་དང་རྒྱས་པ་ཡང་མ་ཡིན་པར་ནི་ལྔ་སྟེ། སེམས་དང་སེམས་ལས་འབྱུང་བའི་ཆོས་ལ་སོགས་པའོ། །རྒྱས་པར་བྱ་ན་ཆོས་བརྒྱད་དེ། །རྣམ་
པར་ཤེས་པ་བརྒྱད་ལ་སོགས་པའོ། །ངོ་བོ་ཉིད་གསུམ་པོ་འདི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅེས་བྱའོ་ཞེའོ། །བཤད་པ་འདི་དང་སྦྱར་ན་ངོ་བོ་ཉིད་རྣམ་པ་གསུམ་ལས་ངོ་བོ་ཉིད་རྣམ་པ་སྔ་མ་གཉིས་
ནི་ཐམས་ཅད་ཀྱི་མཚན་ཉིད་ཅེས་བྱ་བ་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། ངོ་བོ་ཉིད་གཉི་ག་ཡང་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཕྱི་མ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཅེས་བྱ་བས་བདག་པོའི་དབང་དུ་མཛད་
Vol. 118 · folio 246b
ནས་བཤད་པ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་བཤད་པ་རྣམ་པ་གཉིས་ཡོད་མོད་ཀྱི། བཤད་པ་ནི་ཕྱི་མ་བཟང་སྟེ། འོག་ནས་མདོ་ལས་གསུངས་པ་དག་དང་རྗེས་སུ་མཐུན་ཞིང་འགལ་བ་མེད་པའི་ཕྱིར། འོག་ནས་
མདོ་ལས་ཀྱང་ཀུན་བརྟགས་དང་། གཞན་གྱི་དབང་ལ་ཐམས་ཅད་ཅེས་གསུངས་ཤིང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ཅེས་གསུངས་པ་ཡིན་ནོ། །ལེའུ་འདི་ལས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རིགས་
པ་རྒྱ་ཆེར་སྟོན་པར་མཛད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་ཞེས་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འཕགས་པ་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་ཚལ་གྱིས་ཞུས་པའི་ལེའུ་ཞེས་འབྱུང་སྟེ། རྒྱ་གར་གྱི་དཔེ་ལས་ཐ་
དད་པ་འདི་ལྟ་བུ་དག་ཡོད་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་
གསུངས་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མདོའི་ཚིག་གི་དོན་ཡང་དག་པར་བཤད་པ་ཡིན་ནོ། །ཡོངས་སུ་བརྟག་པར་བྱ་བའི་ཡུལ་ལ་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་ཡུལ་དང་། ཡོད་པ་དང་མེད་པའི་ངོ་བོ་ཉིད་ཀྱི་ཡུལ་ཞེས་
བསྟན་པ་ལ། དེ་ཡན་ཆད་དུ་དོན་དམ་པ་དང་། ཀུན་རྫོབ་ཀྱི་ཡུལ་རྣམ་པ་གཉིས་བསྟན་ནས། འདི་མན་ཆད་ནི་ཡོད་པ་དང་མེད་པའི་ངོ་བོ་ཉིད་ཀྱི་ཡུལ་སྟོན་པར་མཛད་དེ། དེ་ཡང་སྔར་ནི་ཡོད་པ་ནི་ངོ་བོ་ཉིད་སྟོན་པར་མཛད་དེ། དེ་ནི་ངོ་བོ་ཉིད་རྣམ་པ་གསུམ་
པོ་ཉིད་དོ། །དེའི་འོག་ཏུ་ནི་མེད་པའི་ངོ་བོ་ཉིད་སྟོན་པར་མཛད་དེ། དེ་ནི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་དག་ཉིད་དོ། །ལེའུ་གཉིས་པོ་དག་ལས་ཀྱང་ཡོད་པ་ལ་བརྟེན་ནས་མེད་པ་འཇོག་པར་མཛད་དེ། དེ་ཡང་ཡོད་པའི་ངོ་བོ་ཉིད་རྩ་བ་ཡིན་པས་སྔར་སྟོན་པར་མཛད་ལ། མེད་
Vol. 118 · folio 247a
པའི་ངོ་བོ་ཉིད་ནི་ཡན་ལག་ཡིན་པའི་ཕྱིར་ཕྱིས་སྟོན་པར་མཛད་དེ། རིགས་པ་དེའི་ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚིག་ལེ་འུར་བྱས་པ་སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱིས། །ངོ་བོ་ཉིད་མེད་རྣམ་གསུམ་ལ། དགོངས་
ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །ལེའུ་འདི་གཅིག་ཀྱང་རྣམ་པ་གཉིས་སུ་དབྱེ་སྟེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང་། དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པའོ། །
ཞུ་བ་གསོལ་བ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གང་ཞུ་བ་བསྟན་པ་ཉིད་སྨོས་པ་དང་། བསྟན་པ་ཇི་ལྟ་བ་བཞིན་དུ་ཞུ་བ་གསོལ་བ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། དུས་ལ་བརྟེན་ནས་ཞུ་བ་པོ་དང་ལན་
གསུངས་པའི་རྣམ་པར་འབྱེད་པའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བ་བསྟན་པའི་མདོ་ལས་ཡོན་ཏན་གྱི་ཚལ་ཞེས་བྱ་བ་ནི་འདི་ལྟར་ཡོན་ཏན་གྱིས་གང་ཟག་ཡོངས་སུ་སྨིན་པར་བྱེད་པ་ཇི་ལྟར་ཤིང་མང་པོ་ལས་ཚལ་དུ་གྱུར་པ་བཞིན་པས་ན་དཔེ་དང་དོན་གཉི་
ག་སྨོས་པའི་ཕྱིར་ཡོན་ཏན་གྱི་ཚལ་ཞེས་བྱའོ་ཞེས་འབྱུང་ངོ་། །འདིར་ཡོན་ཏན་འབྱུང་གནས་ཞེས་བྱ་བ་ནི་བསྐལ་པ་དཔག་ཏུ་མེད་པ་ནས་ཡོན་ཏན་གྱི་རྒྱུ་བསགས་པས་འདི་ནི་རྒྱུ་ལས་མིང་དུ་བཏགས་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོན་ཏན་རྣམས་
ཀྱི་གཞི་རྣམ་པ་གཉིས་བསགས་པའི་ཕྱིར་ཡོན་ཏན་འབྱུང་གནས་ཞེས་བྱའོ། །ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གང་ཞུས་པའི་བསྟན་པ་ཉིད་སྨོས་པ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་བརྟག་པར་བྱ་བའི་ཆོས་བསྟན་
པའོ། །མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བརྟགས་པའི་གང་ཟག་བསྟན་པའོ། །ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ཇི་ཙམ་གྱིས་ན་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་བགྱི་ལགས།
Vol. 118 · folio 247b
དེ་བཞིན་གཤེགས་པ་ཡང་ཇི་ཙམ་གྱིས་ན་དེ་དག་ལ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཞེས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནི་གཉིས་པ་བསྟན་པ་ཇི་ལྟ་བ་བཞིན་དུ་ཞུ་བ་ལ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་
སུ་དབྱེ་སྟེ། གང་ཞུ་བ་བསྟན་པ་ཉིད་སྨོས་པ་དང་། ཅི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་པའོ། །ཞུ་བ་གསོལ་བ་ཡང་རྣམ་པ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའི་གནས་སྐབས་གང་གདགས་པ་ཞུ་བ་དང་། གང་ལ་
མཁས་པའི་མིང་འདོགས་པ་ཞུ་བའོ། །ཡང་ན་སྔ་མ་ནི་རྗོད་པར་བྱེད་པའི་དོན་ཞུས་པའོ། །ཕྱི་མ་ནི་རྗོད་པར་བྱེད་པའི་བསྟན་པ་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་འདི་
མན་ཆད་ནི། གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཞུས་པ་ལས་བསྔགས་པ་བརྗོད་ནས་བཤད་པར་གནས་པ་དང་འདི་ལྟ་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ནི་ཞེས་བྱ་བ་མན་ཆད་
ཀྱིས་ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པ་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུ་བ་གསོལ་པ་དང་། ལན་གསུངས་པ་སྨོས་པ་དང་། ཞུ་བ་གསོལ་བའི་ཕན་ཡོན་གྱི་བསྔགས་པ་བརྗོད་པ་དང་། མཉན་པར་བསྐུལ་ཞིང་བཤད་
པར་སྣང་བ་སྟེ། འདི་ནི་དང་པོའོ། །ཡོན་ཏན་འབྱུང་གནས་ཁྱོད་དེ་ལྟར་སྐྱེ་བོ་ཚད་མེད་པ་ལ་ཕན་པ་དང་། བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་དང་། ལྷ་མ་ཡིན་ལ་སོགས་པའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་འདི་
ལྟར་དོན་ཟབ་མོ་འདྲི་བ་ནི་ལེགས་སོ་ཞེས་བྱ་བ་ནི། གཉིས་པ་ཞུ་བ་གསོལ་པའི་ཕན་ཡོན་གྱི་བསྔགས་པ་བརྗོད་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་ལ་ཕན་ཡོན་ཆེ་བར་བསྔགས་པ་དང་། དོན་ཟབ་མོ་ཞུས་པའི་ལེགས་
Vol. 118 · folio 248a
པའི་བསྔགས་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ། །ཁྱོད་ལེགས་པར་ཉོན་ཅིག་དང་། ངས་ཁྱོད་ལ་ཆོས་རྣམས་ཀྱི་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཉན་པར་བསྐུལ་ཞིང་བཤད་པར་གནང་བའོ། །འདི་ལྟ་སྟེ། ཆོས་རྣམས་ཀྱི་
མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གསུམ་མོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བརྟག་པར་བྱ་བ་ལས་བརྩམས་ནས། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་དང་། གཞན་
ཡང་ཡོན་ཏན་འབྱུང་གནས་ཞེས་བྱ་བ་མན་ཆད་ཀྱིས་བརྟགས་པའི་གང་ཟག་ལས་བརྩམས་ནས་མཁས་པའི་བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན་པའོ། །དང་པོ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དོན་བསྟན་པ་དང་། དཔེས་བསྟན་པའོ། །དོན་བསྟན་པ་ལ་ཡང་རྣམ་
པ་གསུམ་སྟེ། སྒོ་བསྟན་ནས་བསྟན་པ་སྨོས་པ་དང་། གྲངས་ཞུ་ཞིང་མིང་བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་སྟེ། མདོར་བསྡུས་ཏེ་གསུངས་པའི་བཤད་པ་ཡང་རྣམ་པ་གཉིས་ཏེ་དང་པོ་ནི། རྒྱས་པ་བསྡུས་པ་སྟེ། བསྡུས་
པ་ནི་ཆོས་ཐམས་ཅད་ཅེས་བྱ་བའོ། །རྒྱས་པ་ནི་ཆོས་ཡོད་མོད་ཀྱི་དེ་ཡང་མདོར་བསྡུ་ན་ངོ་བོ་ཉིད་རྣམ་པ་གསུམ་མོ། །འདིར་ཆོས་བརྒྱ་ལ་ལྟོས་ནས། དེའི་ཕྱིར་མདོར་བསྡུ་ན་ཞེས་བྱ་བ་གསུངས་སོ། །གཉིས་པ་ནི། དགོངས་པ་བསྡུས་པས་སྡུད་པ་
ཞེས་བྱ་སྟེ། དེའི་ཕྱིར། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། འདི་ལྟ་སྟེ། ཤེས་བྱའི་མཚན་ཉིད་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ་ཞེས་འབྱུང་བ་ཡིན་ཏེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། མདོར་བསྡུ་ན་རྣམ་པ་གསུམ་
མོ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་མདོར་བསྡུ་ན་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བའི་བྱེ་བྲག་གི་ཕྱིར་རོ་ཞེས་བཤད་དོ། །གསུམ་གང་ཞེ་ན་ཞེས་བྱ་བ་ནི་གཉིས་པ་གྲངས་ཞུ་ཞིང་མིང་བཀོད་པ་
Vol. 118 · folio 248b
སྟེ། འདི་ཡང་སྔར་ནི་གྲངས་ཞུས་པ་དེའི་འོག་ཏུ་མིང་བཀོད་པ་སྟེ། འདི་ནི་གྲངས་ཞུས་པའོ། །ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་གཉིས་པ་མིང་བཀོད་པའོ། །མཚན་ཉིད་གསུམ་པོ་དེ་
དག་གི་མིང་ཡང་སྤྱི་དང་བྱེ་བྲག་ཡོད་དེ། དེ་ལ་མཚན་ཉིད་རྣམ་པ་གསུམ་ཞེས་བྱ་བ་ནི་སྤྱིའི་མིང་སྟེ། གསུམ་པ་ནི་གྲངས་སྨོས་པའོ། །མཚན་ཉིད་ནི་བདག་ཉིད་ཀྱི་ངོ་བོ་ཉིད་དོ། །ཡང་མཚན་ཉིད་ནི་དབྱིངས་ཀྱི་མཚན་ཉིད་དོ། །རྣམ་པར་བཤད་པ་རྣམ་པ་དྲུག་ལས་
གྲངས་དང་བཅས་པའི་དབང་དུ་མཛད་ནས་རྣམ་པར་བཤད་པའོ། །ཞིབ་ཏུ་ནི་གཞན་ནས་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་བྱེ་བྲག་གི་མིང་ཞེས་བྱ་བ་ཡང་དང་པོ་ནི་ཀུན་བརྟགས་པའི་མཚན་ཉིད་དེ། བསྟན་བཅོས་ཐེག་པ་
ཆེན་པོ་བསྡུས་པ་ལས། ཇི་ལྟར་ན་ཀུན་བརྟགས་པ་ཡིན་ལ། ཅིའི་ཕྱིར་ན་ཀུན་བརྟགས་པ་ཞེས་བྱ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་དུ་རྟོག་པ་དཔག་ཏུ་མེད་པའི་རྣམ་པ་ཅན་གྱིས་ཕྱིན་ཅི་ལོག་འབྱུང་བ་ཉིད་ཡིན་པའི་ཕྱིར་ཀུན་དུ་བརྟགས་པ་ཞེས་བྱའོ། །
རང་གི་མཚན་ཉིད་ཡང་དག་པར་མེད་པ་ལ་ཀུན་དུ་རྟོག་པ་ཙམ་དུ་དམིགས་པས་དེའི་ཕྱིར་ཀུན་དུ་བརྟགས་པ་ཞེས་བྱའོ་ཞེས་བཤད་པ་ལྟ་བུ་སྟེ། འདིས་ནི་དྲིས་པ་རྣམ་པ་གཉིས་ཀྱི་ལན་ཅིག་ཅར་སྨོས་པ་ཡིན་ནོ། །ཡང་ན་གོ་རིམས་བཞིན་དུ་དྲིས་ཚིག་གཉིས་ཀྱི་ལན་
བཏབ་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་པ་ལས། དཔག་ཏུ་མེད་པའི་རྣམ་པ་ཅན་ཞེས་བྱ་བ་ནི། འདི་ལྟ་སྟེ། སྤྱོད་ཡུལ་ཐམས་ཅད་ཀྱི་རྣམ་པའི་མཚན་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་ཀུན་དུ་རྟོག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ།
ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་ཀུན་དུ་རྟོག་པ་ཞེས་བྱ་བར་བསྟན་པའོ། །ཕྱིན་ཅི་ལོག་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་གི་དམིགས་པར་བྱ་བའི་ཡུལ་གྱི་མཚན་ཉིད་དོ། །རང་གི་མཚན་ཉིད་ཡང་དག་པར་མེད་པ་ཞེས་བྱ་
Vol. 118 · folio 249a
བ་ནི། དེའི་བདག་ཉིད་ཡང་དག་པར་མེད་པའོ། །ཀུན་དུ་རྟོག་པ་ཙམ་དུ་དམིགས་པ་ཞེས་བྱ་བ་ནི་ནོར་བའི་རྣམ་པར་ཤེས་པས་བརྟགས་པ་ཉི་ཚེ་ཡོད་པར་འགྱུར་བའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི། དཔག་ཏུ་མེད་པའི་རྣམ་པ་
ཅན་ཞེས་བྱ་བ་ནི་བདག་དང་། ཆོས་རྣམ་པ་སྣ་ཚོགས་མཐའ་ཡས་པ་ཡུལ་དུ་སྣང་བ་སྟེ། ཁ་ཅིག་ན་རེ་གཞན་གྱི་དབང་གི་རྒྱུ་དང་། རྐྱེན་གྱི་བདག་དང་། ཆོས་སོ་ཞེས་ཟེར་བ་ཁ་ཅིག་ནི། ཀུན་བརྟགས་པའི་བདག་དང་ཆོས་སོ་ཞེས་ཟེར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་
ཀུན་དུ་རྟོག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་ཀུན་དུ་རྟོག་པ་ཞེས་བཤད་པའོ། །ཕྱིན་ཅི་ལོག་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ནི། འདི་ལྟ་སྟེ། ནོར་པའི་རྣམ་པར་ཤེས་པ་གཟུང་བ་དང་། འཛིན་པའི་དོན་གྱི་རྣམ་པར་འབྱུང་བའི་རྒྱུ་སྟེ། ཁ་
ཅིག་ན་རེ། ཀུན་དུ་བརྟགས་པའི་ཡུལ་གྱི་དོན་གྱི་རྣམ་པ་ལས། ཕྱིན་ཅི་ལོག་ནོར་པའི་རྣམ་པར་ཤེས་པ་འབྱུང་བའི་རྒྱུའོ་ཞེའོ། །ཁ་ཅིག་ནི་ཀུན་དུ་བརྟགས་པ་དཔག་ཏུ་མེད་པའི་རྣམ་པ་ཅན་དང་། གཞན་གྱི་དབང་གི་མཚན་ཉིད་ཀྱི་ལྟ་བ་དང་། རྒྱུ་མཚན་སྐྱེད་
པའི་རྒྱུའོ་ཞེའོ། །ཀུན་དུ་བརྟགས་པ་ཞེས་བྱའོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཀུན་དུ་རྟོག་པའི་དོན་གྱི་རྣམ་པ་ཉིད་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་མཚན་ཉིད་ནི་ཡང་དག་པར་མེད་ཀྱི། ཀུན་དུ་བརྟགས་པའི་གཟུགས་བརྙན་
སྣང་བའི་མཚན་ཉིད་ཁོ་ན་དམིགས་པའི་ཕྱིར་ཀུན་དུ་བརྟགས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། ཀུན་དུ་རྟོག་པའི་ཕྱིར་དོན་གྱི་རྣམ་པ་ཉིད་ཀུན་བརྟགས་ཞེས་བྱ་སྟེ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལ་བརྟགས་
པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དེ་དག་ཐམས་ཅད་ལ་ཆོས་སམ། བདག་གི་ངོ་བོ་ཉིད་དུ་བརྟགས་པའི་བྱེ་བྲག་ལ་སྤྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱའོ་ཞེས་འབྱུང་ངོ་། །ཀུན་དུ་བརྟགས་པ་དེ་ལ་ཡང་། །བཤད་པ་རྣམ་པ་གཉིས་ཡོད་དེ། །ཁ་ཅིག་
Vol. 118 · folio 249b
ན་རེ་རྣམ་པར་ཤེས་པ་བརྒྱད་དང་སེམས་ལས་བྱུང་བ་ཟག་པ་དང་བཅས་པས་བསྡུས་པ་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་དག་ལ་རང་གི་ངོ་བོ་ཉིད་དུ་བརྟགས་པའི་ཕྱིར་དང་། གཟུང་བ་དང་འཛིན་པ་ལྟ་བུར་སྣང་བའི་ཕྱིར་དང་། ཀུན་གཞི་ལ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་
ཡང་དག་པ་མ་ཡིན་པ་བརྟགས་པ་ས་བོན་ཡོད་ལ་དམིགས་པར་གྱུར་པ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་ཏེ། འདི་ནི་སློབ་དཔོན་བློ་བརྟན་གྱིས་བཤད་པའི་དོན་ཏོ། །ཡང་ཁ་ཅིག་ནི་རྣམ་པར་ཤེས་པ་དྲུག་པ་དང་བདུན་པའི་སེམས་ཀྱི་རྣམ་པས་བདག་དང་ཆོས་སུ་འཛིན་
པ་ནི་ཀུན་བརྟགས་པ་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ལ་ཀུན་དུ་བརྟགས་པ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་ཏེ། འདི་ནི་སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་གཞུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཡང་དག་པ་མ་ཡིན་
པ་ཀུན་དུ་རྟོག་པའི་མཚན་ཉིད་དང་། རྒྱུ་དང་རྐྱེན་གྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཅེས་འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པས་བསྒྱུར་བའི་བསྟན་བཅོས་རྣམས་ལས་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་།
དེ་ཁོ་ནའི་ངོ་བོ་ཉིད་ཅེས་འབྱུང་ངོ་། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཡང་དག་པ་མ་ཡིན་པའི་ངོ་བོ་ཉིད་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དང་། གྲུབ་པའི་ངོ་བོ་ཉིད་ཅེས་འབྱུང་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །འདིར་ཀུན་
བརྟགས་ཞེས་བྱ་བ་ཡང་བརྟགས་པའི་དོན་དང་སྦྱར་ན་ནི་ཡོངས་སུ་འཛིན་པ་གཟུང་ངོ་། ཀུན་བརྟགས་ཞེས་བརྗོད་ན་ནི་བདག་པོའི་དབང་དུ་བྱས་ཏེ་བཤད་པའོ། །གལ་ཏེ་བརྟགས་པ་ངོ་བོ་ཉིད་ལ་ལྟོས་ན་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། བརྟགས་
པ་ཉིད་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་གྱི་དབང་ཞེས་བྱ་བ་ཡང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་གལ་ཏེ་རྣམ་པར་རིག་པ་ཙམ་དོན་སྣང་བའི་གནས་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ན་དེ་ཇི་ལྟར་ཡིན་ཅིའི་ཕྱིར་ན་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་
Vol. 118 · folio 250a
གི་བག་ཆགས་ཀྱི་ས་བོན་ལས་སྐྱེ་བ་ཡིན་པས་དེ་ལྟ་བས་ན་རྐྱེན་གཞན་གྱི་དབང་བྱེད་དོ། །སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་པའི་ཕྱིར་གཞན་གྱི་དབང་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས།
རང་གི་རྒྱུ་དང་རྐྱེན་ལས་སྐྱེས་ལ་སྐྱེས་ནས་ཀྱང་ཐང་ཅིག་ཙམ་དུ་ཡང་གནས་པར་མི་ནུས་པས་གཞན་གྱི་དབང་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་འདི་ལྟ་སྟེ། ཀུན་དུ་བརྟགས་པ་མངོན་པར་བརྗོད་པས་ཡོངས་སུ་བསྒོས་པའི་ས་བོན་
ལས་སྐྱེ་བ་དང་། རང་གི་ས་བོན་ལ་བརྟེན་ནས་གཞན་དག་སྐྱེ་བའི་ཕྱིར་གཞན་གྱི་དབང་ཞེས་བྱ་སྟེ། །འདིས་ནི་དེའི་བདག་ཉིད་གཞན་ལ་བརྟེན་ནས་སྐྱེ་བར་བསྟན་ཏོ། །སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་ཞེས་བྱ་བ་འདིས་དེའི་བདག་ཉིད་གཞན་
ལ་བརྟེན་ནས་གནས་པར་བསྟན་ཏེ། རྒྱུ་འདི་ཉིད་ཀྱི་ཕྱིར་གཞན་གྱི་དབང་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་གནས་པ་ཞེས་བྱ་བ་ཡང་སློབ་དཔོན་མཆོག་གི་སྡེས་བཤད་པའི་དོན་དང་སྦྱར་ན་སྐྱེས་ནས་སྐད་ཅིག་ཕན་ཆད་ལོགས་ཤིག་ཏུ་གནས་པའི་དུས་རྣམ་པ་གཞན་ལ་བརྟེན་ནས་གནས་པ་
ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཆོས་སྐྱོང་གིས་བསྟན་པའི་གཞུང་ལས་ནི་སྐྱེས་པ་ཉིད་ནི་སྐད་ཅིག་ཙམ་དུ་ཡང་བྱ་བ་དང་ལྡན་པའི་ཕྱིར་དོན་གྱི་གནས་པ་ཞེས་བཤད་དོ་ཞེས་སྟོན་ཏེ། འདུས་བྱས་ཀྱི་ཆོས་རྣམས་ནི་རྒྱུ་ལ་བརྟེན་རྐྱེན་ལ་ལྟོས་ནས་སྐྱེ་ཞིང་འཕེལ་ཞིང་འབྱུང་
བས་གཞན་གྱི་དབང་ཞེས་བྱ་སྟེ། དེའི་ཕྱིར་རབ་ཏུ་བྱེད་པ་སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་འབྱུང་སྟེ། སློབ་དཔོན་ཆོས་སྐྱོང་གིས་འགྲེལ་པ་ལས། གཞན་གྱི་དབང་ཞེས་བྱ་བ་ནི་རྐྱེན་ལས་འབྱུང་བའི་ཕྱིར་གཞན་གྱི་དབང་
ཞེས་བྱའོ་ཞེས་འབྱུང་ངོ་། །གསུམ་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། གཞན་དུ་མི་འགྱུར་བའི་ཕྱིར་དང་། རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་དང་། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་མཆོག་
Vol. 118 · folio 250b
གི་དོན་གྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། གཞན་དུ་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བརྫུན་པའི་དངོས་པོ་མེད་པ་སྟེ། བརྫུན་པ་མེད་པའི་བློན་པོ་བཞིན་ནོ། །མཆོག་གི་དོན་གྱི་ཡོངས་
སུ་གྲུབ་པ་ཞེས་བྱའོ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་དང་། མཆོག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་ཡོངས་སུ་རྫོགས་པར་གྲུབ་ཅིང་དེ་ཁོ་ན་ཉིད་ཀྱི་
ངོ་བོ་ཉིད་དོ་ཞེས་འབྱུང་སྟེ། མདོར་བསྡུས་པས་དཔེ་ནི་མ་བསྟན་ཏེ། གཞན་ནི་སློབ་དཔོན་དབྱིག་གཉེན་གྱིས་བཤད་པ་དང་མཐུན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་སྟོང་པ་ཉིད་ཀྱི་བར་དུ་ཕྱེ་བ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་རྫོགས་པ་དང་
ཡོངས་སུ་གྲུབ་པ་ནི་ཡོངས་སུ་གྲུབ་པ་ཞེས་བྱའོ། །འདིས་ནི་ཐམས་ཅད་དུ་བརྟགས་པ་དང་། བདག་ཉིད་བརྫུན་པ་མ་ཡིན་པར་བསྟན་ཅིང་རང་དང་སྤྱིའི་མཚན་ཉིད་དང་། ནམ་མཁའ་དང་བདག་ལ་སོགས་པ་ལས་རྣམ་པར་འབྱེད་པ་ཡིན་ནོ་ཞེས་འབྱུང་སྟེ། དེ་ལ་
སྟོང་པ་ཉིད་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་མདོར་བསྟན་པ་སྟེ། དོན་རྣམ་པ་གསུམ་དང་ལྡན་པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ། །དང་པོ་ནི་ཡོངས་སུ་རྫོགས་པའོ། །འདིས་ནི་ཀུན་དུ་ཁྱབ་པའི་དོན་བསྟན་ཏེ། གཟུགས་ཀྱི་ཐོགས་པ་
དང་བཅས་པ་ལ་སོགས་པའི་རང་གི་མཚན་ཉིད་ལས་རྣམ་པར་འབྱེད་དོ། །གཉིས་པ་ནི་ཡོངས་སུ་གྲུབ་པའོ། །འདིས་ནི་རྟག་པའི་དོན་བསྟན་ཏེ་སྤྱིའི་མཚན་ཉིད་མི་རྟག་པ་ལ་སོགས་པ་ལས་རྣམ་པར་འབྱེད་དོ། །དེ་དག་སྤྱིའི་མཚན་ཉིད་ཡིན་མོད་ཀྱི་རྟག་པ་
མེད་པའི་ཕྱིར་རོ། །གསུམ་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །འདིས་ནི་བརྫུན་པ་མ་ཡིན་པར་བསྟན་ཏེ། ནམ་མཁའ་དང་མུ་སྟེགས་ཅན་གྱི་བདག་ལ་སོགས་པ་ལས་རྣམ་པར་འབྱེད་དོ། །དེ་དག་རྟག་ཏུ་ཁྱབ་པ་དང་རྟག་པར་སྟོན་པ་བྱེད་ཀྱང་བརྫུན་པ་ཡིན་
Vol. 118 · folio 251a
པའི་ཕྱིར་རོ། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཟག་པ་མེད་པའི་འདུས་པའི་ཕྱིན་ཅི་ལོག་དང་གཏན་དུ་བྲལ་བ་ནུས་པ་ཁྱད་པར་ཅན་ཀུན་དུ་ཁྱབ་པ་ཡང་མིང་འདི་ཐོབ་པ་ཡིན་ནོ་ཞེས་འབྱུང་སྟེ། མདོ་འདི་ལས་ནི་དང་པོར་
བསྟན་པ་ཡིན་གྱི་ཕྱི་མ་ནི་མ་ཡིན་ནོ། །དེ་ལ་མིང་ཐོབ་པར་རྣམ་པར་བཤད་པ་ནི་ཐམས་ཅད་ཀྱང་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་དང་ལྡན་པ་ཡིན་ཏེ། ཀུན་བརྟགས་ནས་ཡོངས་སུ་གྲུབ་པའི་བར་དུ་ཀུན་ཀྱང་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་རྣམས་ཀྱི་ཀུན་
བརྟགས་པའི་མཚན་ཉིད་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི། གཉིས་པ་གོ་རིམས་བཞིན་དུ་མཚན་ཉིད་གསུམ་རྣམ་པར་ཕྱེ་ནས་བཤད་པ་སྟེ། མཚན་ཉིད་གསུམ་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེའོ། །མཚན་ཉིད་དང་པོ་ཡང་ཞུས་པ་
དང་ལན་གྱིས་བསྟན་ཏེ། འདི་ནི་དང་པོ་ཞུས་པའོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ལ་མིང་དང་བརྡར་རྣམ་པར་གཞག་པས་རང་གི་ངོ་བོ་ཉིད་དང་བྱེ་བྲག་ཏུ་ཇི་ཙམ་དུ་རྗེས་སུ་ཐ་སྙད་འདོགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པའོ། །འདི་ལྟར་
ཆོས་ཐམས་ཅད་ལ་ཡང་དག་པར་རང་གི་ངོ་བོ་ཉིད་མེད་ཀྱང་། ཡང་དག་པ་མ་ཡིན་གྱི་སེམས་ཀྱི་རྗེས་སུ་མིང་དང་བརྡས་བདག་དང་། ཆོས་ཀྱི་རང་གི་ངོ་བོ་ཉིད་རྣམ་པར་འཇོག་སྟེ། ཇི་ལྟར་ཁ་ཅིག་བདག་གོ་ཞེས་སྨྲ་བའམ། ཡང་ན་གཟུགས་ལ་སོགས་
པ་ལ་བདག་དང་ཆོས་ཀྱི་རང་བཞིན་ངོ་བོ་ཉིད་ཅེས་འདོགས་པ་དང་། ཁ་ཅིག་བརྟགས་པའི་བདག་གོ་ཡང་དག་པའི་བདག་གོ། །གཟུགས་བསྟན་དུ་ཡོད་པའོ། །བསྟན་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པས་བདག་དང་ཆོས་ཀྱི་བྱེ་བྲག་ཏུ་བརྗོད་པ་ལྟ་བུ་སྟེ། དེ་
ལྟར་བརྡས་རང་གི་ངོ་བོ་ཉིད་དང་། བྱེ་བྲག་ཏུ་རྣམ་པར་གཞག་པས་འཇིག་རྟེན་ན་སེམས་ཅན་རྣམས་རྗེས་སུ་ཐ་སྙད་འདོགས་པ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཡང་དག་པ་མ་ཡིན་པས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པ་ལ་བདག་
Vol. 118 · folio 251b
དང་ཆོས་ཀྱི་རང་གི་ངོ་བོ་ཉིད་དང་བྱེ་བྲག་ཏུ་བརྟགས་པས་ན་ཡང་དག་པ་མ་ཡིན་པ་དེས་ན་རང་གི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་བརྟགས་པ་གང་ཡིན་པ་དེ་ནི་མདོར་བསྡུ་ན་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱའོ་ཞེས་འབྱུང་སྟེ། རང་གི་ངོ་བོ་ཉིད་དང་བྱེ་བྲག་གི་དོན་རྒྱ་ཆེར་བཤད་པ་ནི་
ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་
པས་ནི་གཉིས་པ་གཞན་གྱི་དབང་བསྟན་ཏོ། །འདི་ཡང་ཞུས་པ་དང་ལན་གྱིས་བསྟན་ཏེ་འདི་ནི་ཞུ་བ་གསོལ་བའོ། །འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ཡོད་པའི་ཕྱིར་འདི་ཡོད་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་འདི་ལྟ་སྟེ།
མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་བས་དང་
པོ་ནི་སྤྱིའི་མཚན་ཉིད་ཀྱི་བདག་ཉིད་བསྟན་པ་སྟེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་འབྱུང་སྟེ། རྐྱེན་ལས་སྐྱེ་བའི་ཕྱིར་ཐམས་ཅད་ཀྱང་གཞན་གྱི་དབང་ཞེས་བྱའོ། །གཞན་གྱི་
དབང་དེ་ཡང་བརྗོད་ན་རྣམ་པ་གཉིས་ཡོད་དེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་ཀུན་ཀྱང་གཞན་གྱི་དབང་ཡིན་ཏེ། རྐྱེན་མང་པོ་གཞན་
ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཚིག་ལེའུར་བྱས་པ་ལས་རྣམ་རྟོག་ཡིན་ཏེ། རྐྱེན་ལས་བྱུང་ཞེས་བྱ་བས་ནི་རེ་ཞིག་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཞན་གྱི་དབང་བསྟན་པར་རིག་པར་བྱ་སྟེ། མདོ་འདི་ལས་ཀྱང་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་བསྟན་པ་ཡིན་
Vol. 118 · folio 252a
གྱི་རྣམ་པར་བྱང་བ་ནི་མ་ཡིན་ནོ། །དེ་ལ་འདི་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་དངོས་པོ་བསྟན་ནས། རྣམ་པར་ཕྱེ་སྟེ་བཤད་པའོ། །དེ་ལ་ཚིག་སྔ་མ་གཉིས་བྱེ་བྲག་ཡོད་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་མཛོད་ཀྱི་བསྟན་བཅོས་
ལས་ཇི་སྐད་དུ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་སྔ་མ་གཉིས་གསུངས་ཤེ་ན། སྨྲས་པ། འདི་ཡོད་པའི་ཕྱིར་འདི་ཡོད་ལ་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་རབ་ཏུ་བསྟན་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བར་ངེས་པ་ཉིད་དུ་ཤེས་པའི་ཕྱིར་མ་རིག་པ་ལ་བརྟེན་ནས་
ནི་འདུ་བྱེད་རྣམས་ཡོད་པར་འགྱུར་བ་ཡིན་གྱི། མ་རིག་པ་ལས་གུད་ན་འདུ་བྱེད་རྣམས་ཡོད་པ་མ་ཡིན་པས་སོ། །གཞན་ཡང་ཡན་ལག་རྣམས་བརྒྱུད་ཅིང་འབྱུང་བ་རབ་ཏུ་བསྟན་པ་ཡིན་ཏེ། འདི་ལྟར་ཡན་ལག་འདི་ཡོད་པས་ཡན་ལག་དེ་ཡོད་པར་འགྱུར་ལ་ཡན་
ལག་དེ་སྐྱེས་པའི་དབང་གིས་ཡན་ལག་གཞན་རྣམས་ཀྱང་སྐྱེ་བར་རབ་ཏུ་བསྟན་པས་སོ། །གཞན་ཡང་མཐའ་གསུམ་པོ་དག་ཏུ་སྐྱེ་བ་རབ་ཏུ་བསྟན་པ་ཡིན་ཏེ། སྔོན་གྱི་མཐའ་ལ་བརྟེན་ནས། ད་ལྟར་མཐའ་ཡོད་པར་འགྱུར་བ་ཡིན་པས། ད་ལྟར་གྱི་མཐའ་སྐྱེས་པའི་
དབང་གིས་ནི་ཕྱི་མའི་མཐའ་སྐྱེ་བར་རབ་ཏུ་བསྟན་པས་སོ། །གཞན་ཡང་ཉེ་བར་བརྒྱུད་པའི་རྐྱེན་གཉིས་རབ་ཏུ་བསྟན་པ་ཡིན་ཏེ། འདི་ལྟར་མ་རིག་པའི་དེ་མ་ཐག་པ་ལས་འདུ་བྱེད་སྐྱེ་བའམ། ཡང་ན་ཕན་ཚུན་གྱི་སྟོབས་ཀྱིས་འདུ་བྱེད་རྣམས་སྐྱེ་བས་སོ། །
ཁ་ཅིག་ན་རེ་མ་རིག་པའི་ཡན་ལག་གི་མཇུག་ཐོགས་སུ་འདུ་བྱེད་ཀྱི་ཡན་ལག་འབྱུང་བ་ནི་དེ་མ་ཐག་པ་ལས་སྐྱེ་བ་ཞེས་བྱའོ། །འདུ་བྱེད་ཀྱིས་མ་རིག་པ་སྐྱེས་པ་ལས་ལུང་དུ་མི་སྟོན་པའི་སེམས་ཀྱི་འོག་ཏུ་འདུ་བྱེད་ཀྱི་ཡན་ལག་འབྱུང་བ་ནི་ཕན་ཚུན་སྟོབས་ཀྱིས་འདུ་བྱེད་
ཡན་ལག་འབྱུང་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་མ་རིག་པ་འདུ་བྱེད་ལ་ལྟོས་པ་ནི་དེ་མ་ཐག་པ་ལས་སྐྱེ་བ་ཞེས་བྱའོ་ཞེའོ། །མ་རིག་པ་རྣམ་པར་ཤེས་པ་ལ་སོགས་པ་ལ་ལྟོས་པ་ནི་ཕན་ཚུན་གྱི་སྟོབས་ཀྱིས་སྐྱེ་བ་ཞེས་བྱའོ་ཞེའོ། །སློབ་དཔོན་གཞན་ཁ་ཅིག་
Vol. 118 · folio 252b
ན་རེ། འདི་ལྟར་ཚིག་གཉིས་པོ་འདི་ནི་རྒྱུ་མེད་པ་དང་། རྒྱུ་རྟག་པར་སྨྲ་བ་གཞིག་པའི་ཆེད་དུ་གསུངས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་འབྱུང་སྟེ། སོ་སོ་ནས་རྣམ་པར་གཞག་པ་དང་གཞིག་པ་ཡོད་པ་དག་ནི་བསྟན་བཅོས་དེ་ཉིད་ལས་འབྱུང་བ་བཞིན་ནོ། །སློབ་
དཔོན་རྣམས་ཀྱིས་ཚིག་འདི་གཉིས་བཤད་པ་ལས་འབྱུང་བ་ཚིག་འདི་གཉིས་ནི་རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་དང་། སྐྱེ་བ་རབ་ཏུ་བསྟན་པ་ཡིན་ཏེ། འདི་ལྟར་མ་རིག་པ་ལ་བརྟེན་ནས་འདུ་བྱེད་རྣམས་རྒྱུན་མི་འཆད་དེ་དེ་ལྟར་རྒྱུན་མི་འཆད་པ་ཡང་། མ་རིག་པའི་
དབང་གིས་སྐྱེ་བའི་ཕྱིར་འདུ་བྱེད་རྣམས་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་གཅིག་གིས་གཅིག་བསྐྱེད་པ་ཡང་རྒྱ་ཆེར་བཤད་པར་བྱ་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་མཐུན་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྟན་
བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཅིའི་ཕྱིར་འདི་ཡོད་པ་ལས་འདི་འབྱུང་ཞེས་བྱ་ཞེ་ན། སྨྲས་པ། རྐྱེན་མ་སྤངས་པ་ལས་དེ་ལས་གཞན་པ་སྐྱེ་བའི་དོན་གྱི་ཕྱིར་རོ། །ཅིའི་ཕྱིར་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་ཞེ་ན། སྨྲས་པ། རྐྱེན་མི་རྟག་པ་
ལས་དེ་ལས་གཞན་པ་སྐྱེ་བའི་དོན་གྱི་ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། གཡོ་བ་མེད་པ་ལས་བྱུང་བའི་ཕྱིར་དང་། མི་རྟག་པའི་རྐྱེན་ལས་བྱུང་བའི་ཕྱིར་དང་། ནུས་པའི་
རྐྱེན་ལས་བྱུང་བའི་ཕྱིར་རྐྱེན་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། མཚན་ཉིད་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ཡོད་པས་འདི་འགྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །
འདི་ཡོད་པས་འདི་འབྱུང་ཞེས་བྱ་བས་ནི་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བའི་དོན་བསྟན་པ་ཡིན་ཏེ། རྐྱེན་ཉི་ཚེ་ཡོད་པའི་ཕྱིར་འབྲས་བུའི་ཆོས་ཡོད་པར་ཟད་ཀྱི་འབྲས་བུ་འབྱུང་བར་བྱ་བའི་རྐྱེན་གཡོ་བ་ནི་ཅི་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་
Vol. 118 · folio 253a
བ་ཞེས་པ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་དོན་བསྟན་པ་ཡིན་ཏེ། ཆོས་གང་ཡང་མ་བྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་མ་གྲུབ་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ནུས་པའི་རྐྱེན་ལས་བྱུང་བའི་དོན་བསྟན་
ཏེ། ཆོས་རྣམས་གཡོ་བ་མེད་ཅིང་མི་རྟག་པ་ཡིན་དུ་ཟིན་ཀྱང་རྐྱེན་གང་ཡང་རུང་བ་ལས་འབྲས་བུ་ཐམས་ཅད་མི་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ནུས་པའི་བྱེ་བྲག་ཐ་དད་པས་ཇི་སྐད་དུ། མ་རིག་པའི་མཐུའི་ཕྱིར་འདུ་བྱེད་རྣམས་འབྱུང་བ་ནས་སྐྱེ་བའི་མཐུའི་
ཕྱིར་རྒ་ཤི་འབྱུང་བའི་བར་དུ་གསུངས་པ་ལྟ་བུའོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་
འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མཛོད་ཀྱི་བསྟན་བཅོས་ལས། དེ་ལྟར་འབའ་ཞིག་པ་ཞེས་བྱ་བས་ནི་འདུ་བྱེད་ཙམ་དུ་ཟད་ཀྱི་བདག་དང་བདག་གི་ནི་ཅི་ཡང་མེད་དོ་ཞེས་བསྟན་པའོ། །སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བས་ནི་སྡུག་བསྔལ་བསགས་པ་ལ་ཐོག་མ་དང་
ཐ་མ་མེད་པར་བསྟན་པའོ། །འབྱུང་བར་འགྱུར་རོ་ཞེས་བྱ་བས་ནི་སྡུག་བསྔལ་གྱི་ཕུང་པོ་རྣམས་སྐྱེ་བར་བསྟན་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་འདི་དག་ལ་ནི་
རྩ་བ་ཡང་ཡོད། སྡོང་བུ་ཡང་ཡོད། ཡལ་ག་ཡང་ཡོད། ལོ་མ་ཡང་ཡོད། མེ་ཏོག་ཀྱང་ཡོད། འབྲས་བུ་ཡང་ཡོད་པས་ཤིང་ལྗོན་པ་ཆེན་པོ་ཇི་ལྟ་བ་བཞིན་ནོ། །དེ་ལ་རྩ་བ་ནི་འདི་ལྟ་སྟེ། མ་རིག་པ་དང་འདུ་བྱེད་དོ། །སྡོང་བུ་ནི་འདི་ལྟ་སྟེ། མིང་དང་
གཟུགས་སོ། །ཡལ་ག་ནི་འདི་ལྟ་སྟེ། སྐྱེ་མཆེད་དྲུག་གོ། །ལོ་མ་ནི་འདི་ལྟ་སྟེ། རེག་པ་དང་ཚོར་བའོ། །མེ་ཏོག་ནི་འདི་ལྟ་སྟེ། སྲིད་པ་དང་ལེན་པ་དང་སྲིད་པའོ། །འབྲས་བུ་ནི་འདི་ལྟ་སྟེ། སྐྱེ་བ་དང་རྒ་ཤིའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་
Vol. 118 · folio 253b
ལག་བཅུ་གཉིས་པོའི་ཆོས་ཀྱི་ཤིང་དེ་ཡང་ཁ་ཅིག་ལ་ནི་མེ་ཏོག་དང་འབྲས་བུ་ཆགས་པ་ཡང་ཡོད། ཁ་ཅིག་ལ་ནི་མེ་ཏོག་དང་འབྲས་བུ་མེད་པ་ཡང་ཡོད། མེ་ཏོག་དང་འབྲས་བུ་ཡོད་པ་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་སློབ་པ་རྣམས་སོ། །མེ་ཏོག་ཀྱང་མེད་
འབྲས་བུ་ཡང་མེད་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པ་རྣམས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གང་ནི་སྡུག་བསྔལ་གྱི་མྱུ་གུ་ལྟ་བུ་ཡིན། གང་ནི་སྡུག་བསྔལ་གྱི་མྱུ་གུ་ཡོངས་སུ་བསྲུང་བ་
ལྟ་བུ་ཡིན། གང་ནི་སྡུག་བསྔལ་གྱི་ཤིང་ལྟ་བུ་ཡིན། སྨྲས་པ། མ་རིག་པ་དང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་རྣམས་ནི་སྡུག་བསྔལ་གྱི་མྱུ་གུ་ལྟ་བུ་ཡིན་ནོ། །སྲིད་པ་ལ་སོགས་པ་ཚོར་བའི་རྐྱེན་ལས་བྱུང་བ། སྲིད་
པ་ལས་ཐུག་པ་རྣམས་ནི་སྡུག་བསྔལ་གྱི་མྱུ་གུ་ཡོངས་སུ་བསྲུང་བ་ལྟ་བུར་བལྟ་བར་བྱའོ། །སྐྱེ་བ་དང་རྒ་ཤི་ནི་སྡུག་བསྔལ་གྱི་ཤིང་ལྟ་བུར་བལྟ་བར་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་རྣམ་པ་བཅུ་གཅིག་ལ་བརྟེན་ནས་གཞན་གྱི་
དབང་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་དེ་ལ་གཞན་གྱི་དབང་གི་མཚན་ཉིད་ནི་འདི་ལྟ་སྟེ། གང་ཀུན་གཞི་རྣམ་པར་ཤེས་པ་ས་བོན་གྱུར་པ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། །དེ་ཡང་གང་ཞེ་ན་འདི་ལྟ་སྟེ། ལུས་དང་
ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་དང་། དེས་ཉེ་བར་སྤྱད་པའི་རྣམ་པར་རིག་པ་དང་། དུས་ཀྱི་རྣམ་པར་རིག་པ་དང་། གྲངས་ཀྱི་རྣམ་པར་རིག་པ་དང་། ཡུལ་གྱི་རྣམ་པར་རིག་པ་དང་། ཐ་སྙད་ཀྱི་རྣམ་པར་རིག་པ་དང་། བདག་དང་གཞན་
གྱི་བྱེ་བྲག་གི་རྣམ་པར་རིག་པ་དང་། བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་དང་། སྐྱེ་བའི་རྣམ་པར་རིག་པའོ། །དེ་ལ་ལུས་དང་ལུས་ཅན་དང་། ཟ་བ་པོའི་རྣམ་པར་རིག་པ་གང་ཡིན་པ་དང་། དེས་ཉེ་བར་སྤྱད་པའི་རྣམ་པར་རིག་པ་གང་ཡིན་པ་དང་།
Vol. 118 · folio 254a
དེའི་ཉེ་བར་སྤྱད་པའི་རྣམ་པར་རིག་པ་གང་ཡིན་པ་དང་། དུས་དང་གྲངས་དང་ཡུལ་དང་། ཐ་སྙད་ཀྱིས་རྣམ་པར་རིག་པ་གང་ཡིན་པ་དེ་དག་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའོ། །བདག་དང་གཞན་གྱི་བྱེ་བྲག་གི་
རྣམ་པར་རིག་པ་གང་ཡིན་པ་དེ་ནི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའོ། །བདེ་འགྲོ་དང་། ངན་འགྲོ་དང་། འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པ་གང་ཡིན་པ་དེ་དག་ནི་སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ལས་བྱུང་བའོ་ཞེས་བྱ་བ་
ནས། འདི་ནི་གཞན་གྱི་དབང་གི་མཚན་ཉིད་དོ་ཞེས་བྱ་བའི་བར་དུ་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ལུས་ཞེས་བྱ་བ་ནི་འདི་ལྟ་སྟེ། མིག་ལ་སོགས་པའི་ཁམས་ལྔ་པོ་དག་གོ། །ལུས་ཅན་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉོན་
མོངས་པ་ཅན་གྱི་ཡིད་དོ་ཞེས་འབྱུང་ངོ་། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དག་གི་གནས་ཡིད་ཀྱི་ཁམས་གང་ཡིན་པ་དེ་ནི་ལུས་ཅན་གྱི་རྣམ་པར་རིག་པ་ཞེས་བྱའོ་ཞེས་བཤད་དོ། །ཟ་བ་པོ་ནི་
འདི་ལྟ་སྟེ། ཡིད་ཀྱི་ཁམས་སོ་ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཡིད་ཀྱི་ཁམས་གང་ཡིན་པ་དེ་ནི་ཟ་བ་པོའི་རྣམ་པར་རིག་པ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་
དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་གོ། །དེའི་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཁམས་དྲུག་གོ། །དུས་ཀྱི་རྣམ་པར་རིག་པ་ནི་འདི་ལྟ་སྟེ།
འཁོར་བའི་རྒྱུན་མ་ཆད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། དུས་ཀྱི་རྣམ་པར་རིག་པ་ནི་འདི་ལྟ་སྟེ། དུས་གསུམ་སྣང་བའོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་གྲངས་ནི་རྣམ་པར་རིག་པ་ནི་
Vol. 118 · folio 254b
འདི་ལྟ་སྟེ། བགྲང་བའི་ངོ་བོ་ཉིད་དོ་ཞེས་འབྱུང་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་འདི་ལྟ་སྟེ། གཅིག་ལ་སོགས་པ་བགྲང་བ་ལྟར་སྣང་བའོ་ཞེས་བཤད་དོ། །སློབ་དཔོན་དབྱིག་གཉེན་གྱིས་ཡུལ་གྱི་རྣམ་པར་རིག་པ་ནི། འདི་ལྟ་སྟེ། སྣོད་
ཀྱི་འཇིག་རྟེན་ནོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་གྲོང་དང་ཀུན་དགའ་ར་བ་ལ་སོགས་པ་ལྟ་བུར་སྣང་བའོ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་ཐ་སྙད་ཀྱི་རྣམ་པར་རིག་པ་ནི་འདི་ལྟ་སྟེ། མཐོང་བ་དང་ཐོས་པ་དང་
བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་བཞི་པོ་དག་གོ། །འདི་ལྟར་རྣམ་པར་རིག་པ་དེ་དག་ཐམས་ཅད་ནི་ཤེས་བྱའི་གནས་ལས་མངོན་པར་བརྗོད་པའི་བག་ཆགས་ཀྱི་བྱེ་བྲག་གི་རྒྱུ་བྱེད་དོ། །བདག་དང་གཞན་གྱི་བྱེ་བྲག་གི་རྣམ་པར་རིག་པ་ནི་འདི་
ལྟ་སྟེ། བྱེ་བྲག་འདི་ཉིད་ལ་བརྟེན་པས་སྔར་བཤད་པའི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་བྱེ་བྲག་གི་རྒྱུ་བྱེད་དོ་ཞེས་བཤད་དེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི་ལུས་ལ་སོགས་པ་རྣམ་པར་རིག་པ་ལ་བདག་དང་བདག་གིར་འཛིན་པའི་རྒྱུན་མ་ཆད་
པས་བདག་དང་བདག་གི་དང་། གཞན་དང་གཞན་གྱི་ཞེས་འཛིན་པའི་བྱེ་བྲག་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །དབྱིག་གཉེན་གྱིས་བདེ་འགྲོ་དང་ངན་འགྲོ་དང་། འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པ་ནི། འཁོར་བ་ན་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་གང་
ཡིན་པ་སྟེ། འདི་ཡང་སྔར་བཤད་པའི་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྒོས་པའི་ས་བོན་གྱི་བྱེ་བྲག་གོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི། ལྷ་དང་། མི་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་
འཆི་འཕོ་དང་། སྐྱེ་བ་ལྟ་བུར་སྣང་བའོ་ཞེས་བཤད་དེ། རྒྱ་ཆེར་ནི་སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །རྣམ་པར་རིག་པ་འདི་དག་ལ་བྱེ་བྲག་ཡོད་པས། ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་
Vol. 118 · folio 255a
པ་ལས། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དག་གནས་པའི་ཡིད་ཀྱི་ཁམས་ནི་ལུས་ཅན་གྱི་རྣམ་པར་རིག་པ་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་པའི་ཡིད་ཀྱི་ཁམས་གང་ཡིན་པ་དེ་ནི་ཟབ་པའི་རྣམ་པར་རིག་པ་ཞེས་བྱའོ་ཞེས་འབྱུང་སྟེ།
སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དག་གནས་པའི་ཡིད་ཀྱི་ཁམས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ཏེ། དེ་ཉིད་ལ་ལུས་ཅན་གྱི་རྣམ་པར་རིག་པ་ཞེས་བྱ་བར་དགོངས་པའོ། །ཡིད་ཀྱི་རྣམ་པར་ཤེས་
པ་གནས་པའི་ཡིད་ཀྱི་ཁམས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དེ། དེ་ཉིད་ལ་ཟ་བ་པོའི་རྣམ་པར་རིག་པ་ཞེས་བྱ་བར་དགོངས་པའོ། །སློབ་དཔོན་དབྱིག་གཉེན་གྱིས་བཤད་པ་ནི་འདི་དང་མི་མཐུན་པས་ཉོན་མོངས་པ་ཅན་གྱི་ཡིད་ནི་ལུས་ཅན་གྱི་རྣམ་པར་རིག་པའོ་ཞེས་བྱའོ། །
ཀུན་གཞི་རྣམ་པར་ཤེས་པ་ནི་ཟ་བ་པོའི་རྣམ་པར་རིག་པ་ཞེས་བྱའོ་ཞེས་བཤད་དོ། །ཅིའི་ཕྱིར་དེའི་འགྲེལ་པ་ལས། ལུས་ཅན་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དོ། །ཟ་བ་པོ་ནི་འདི་ལྟ་སྟེ། ཡིད་ཀྱི་ཁམས་སོ་ཞེས་འབྱུང་ངོ་། །གཞན་ཡང་རྣམ་པར་རིག་
པ་འདི་དག་གི་གྲངས་ལ་བྱེ་བྲག་ཡོད་དེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་དང་། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བཅུ་གཅིག་གོ་ཞེས་འབྱུང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ཉིད་དང་སྦྱར་ན་ནི་ངེས་
པ་མེད་དོ། །གོང་དུ་ནི་བཅུ་གཅིག་ཅེས་འབྱུང་ལ་འོག་ནས་ནི་བཅུ་གཉིས་ཞེས་འབྱུང་སྟེ། འདི་ལྟར་བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པ་ལ་གཉིས་སུ་ཕྱེ་བའི་ཕྱིར་ཏེ། འདི་ལྟ་སྟེ་བདེ་འགྲོ་དང་ངན་འགྲོའི་རྣམ་པར་རིག་པ་དང་། འཆི་འཕོ་དང་སྐྱེ་བའི་
རྣམ་པར་རིག་པའོ། །དེའི་ཕྱིར་དེ་ཉིད་ལས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་གྲངས་ཚད་མེད་པའི་ཕྱིར་དང་། འཆི་འཕོ་དང་སྐྱེ་བ་མྱོང་བ་ལ་གྲངས་ཚད་མེད་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི། བདེ་འགྲོ་དང་ངན་
Vol. 118 · folio 255b
འགྲོ་དང་འཆི་འཕོ་དང་། སྐྱེ་བ་ཞེས་འབྱུང་སྟེ། ཕྱིར་དང་ཞེས་བྱ་བ་བསྟན་པ་ཉིད་ཀྱིས་བཅུ་གཉིས་སུ་གྱུར་པར་རིག་པར་བྱའོ། །སློབ་དཔོན་དབྱིག་གཉེན་གྱིས་ནི། འདིའི་འགྲེལ་པ་མ་མཛད་པའི་ཕྱིར། བཅུ་གཅིག་ཏུ་བཤད་ཀྱང་འགལ་བ་མེད་དོ། །ཆོས་རྣམས་ཀྱི་
ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་དང་ལན་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དེ་
བཞིན་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལན་དུ་གསུངས་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ངོ་བོ་ཉིད་ཡང་དག་པར་བསྟན་པ་དང་། ནུས་པ་ཁྱད་པར་ཅན་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་གོང་དུ་ཐམས་ཅད་དུ་རོ་གཅིག་པའི་དེ་བཞིན་
ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་གསུངས་པས་སོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་དང་སྦྱར་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པ་གཉིས་སོ་ཞེས་བཤད་དེ་དེའི་ཕྱིར་དེ་ཉིད་ལས་ཡོངས་སུ་གྲུབ་པ་འདི་ཡང་། མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདུས་
མ་བྱས་དང་འདུས་བྱས་ཀྱི་བྱེ་བྲག་ཡོད་པའི་ཕྱིར་རོ། །འདུས་མ་བྱས་ཀྱིས་ནི་དེ་བཞིན་ཉིད་དང་མྱ་ངན་ལས་འདས་པ་བསྡུས་ཏེ། འགྱུར་བ་མེད་པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ། །འདུས་བྱས་ཀྱིས་ནི་འཕགས་པའི་ལམ་བསྡུས་ཏེ། ཡུལ་ལ་ཕྱིན་ཅི་ལོག་མེད་
པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཡོངས་སུ་གྲུབ་པ་ནི་རྣམ་པ་བཞིའོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། རྣམ་པར་བྱང་བའི་ཆོས་རྣམ་པ་
བཞིས་བསྟན་པར་རིག་པར་བྱ་སྟེ། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་ཡང་རང་བཞིན་གྱིས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་སོ། །དྲི་མ་
Vol. 118 · folio 256a
དང་བྲལ་བས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་ཉིད་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བའོ་དེ་འཐོབ་པའི་ལམ་གྱི་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་སྐྱེད་
པའི་ཕྱིར་དམིགས་པ་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་གྱ་ནོམ་པ་ཡང་དག་པའི་ཆོས་ཀྱིས་བསྟན་པ་རྣམས་ཏེ། འདི་ལྟར་དེ་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་
མཐུན་པ་ཡིན་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །རྣམ་པ་བཞི་པོ་འདི་དག་གིས་རྣམ་པར་བྱང་བའི་ཆོས་ཐམས་ཅད་མ་ལུས་པར་བསྡུས་པ་ཡིན་ནོ། །འདི་ལ་ཚིགས་སུ་བཅད་པ་གཉིས་ཡོད་དེ། བྱུང་བརྟེན་སྒྱུ་མ་ལ་སོགས་བསྟན། །བརྟགས་
ལ་བརྟེན་ནས་མེད་པ་བསྟན། །རྣམ་པར་དག་པ་བཞིར་བརྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །རང་བཞིན་དང་ནི་དྲི་མ་བྲལ། །རྣམ་དག་ལམ་དང་དམིགས་པ་སྟེ། །རྣམ་དག་ཆོས་ནི་ཐམས་ཅད་ཀྱང་། །མཚན་ཉིད་བཞི་པོ་དག་གིས་བསྡུས། །
ཞེས་འབྱུང་སྟེ། རྒྱ་ཆེར་ནི་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མདོ་འདི་ཉིད་ལས་ནི་ཆོས་རྣམ་པ་གསུམ་ལས་བརྩམས་ནས་ངོ་བོ་ཉིད་གསུམ་གྱི་དོན་བསྟན་ཏོ། །བསྟན་བཅོས་
དབུས་དང་མཐའ་རྣམ་པར་འབྱེད་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བདེན་པ་བཞི་ལ་བརྟེན་ནས་ངོ་བོ་ཉིད་གསུམ་སྤྱིར་སྟོན་ཏོ། །བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམ་པ་གསུམ་ལ་བརྟེན་ནས་
ངོ་བོ་ཉིད་གསུམ་སྤྱིར་སྟོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི། ཆོས་ཐམས་ཅད་ལས་བརྩམས་ནས་ངོ་བོ་ཉིད་རྣམ་པ་གསུམ་སྤྱིར་སྟོན་པར་མཛད་དེ། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
Vol. 118 · folio 256b
མདོ་ལས་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། གང་གིས་རྣམ་པའི་མཚན་ཉིད་ཀྱི་དངོས་པོ་དེ་དང་དེ་དག་ལ་ཀུན་དུ་བརྟགས་པས་གཟུགས་སོ། །ཚོར་བའོ། །འདུ་ཤེས་སོ། །འདུ་བྱེད་དོ། །རྣམ་པར་ཤེས་པའོ་ཞེས་བྱ་བ་ནས།
སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བའི་བར་དུ་སེམས་དང་མིང་དང་འདུ་ཤེས་ལ་བརྟེན་ནས་ཐ་སྙད་འདོགས་ཤིང་ཀུན་དུ་བརྟགས་པས་གཟུགས་རྣམས་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་བཏགས་པ་
གང་ཡིན་པ་འདི་ནི་ཀུན་བརྟགས་པའི་གཟུགས་ཞེས་བྱ་བ་ནས་ཀུན་བརྟགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བའི་བར་དག་ཡིན་ནོ། །གང་གིས་རྣམ་པའི་མཚན་ཉིད་ཀྱི་དངོས་པོ་དེ་དང་དེ་དག་ལ་རྣམ་པར་རྟོག་པའི་ཆོས་ཙམ་མོ་ཞེས་རྣམ་པར་རྟོག་པ་
ལ་བརྟེན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་རྣམ་པར་གཞག་ནས་སྤྲོས་པ་བསྐྱེད་དེ། བཏགས་པའི་མིང་དང་འདུ་ཤེས་ཀྱི་ཐ་སྙད་བཏགས་ནས་འདི་ནི་གཟུགས་སོ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བའི་བར་གང་ཡིན་པ་འདི་ནི་རྣམ་པར་རྟོག་པའི་
གཟུགས་ཞེས་བྱ་བ་ནས། རྣམ་པར་རྟོག་པའི་སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་དག་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་སྟེ། ཆོས་ཉིད་རྣམ་པར་གཞག་ཆོས་ཀྱི་དབྱིངས་རྣམ་པར་གཞག་ནས་ཀུན་དུ་བརྟགས་པ་དེས་གཟུགས་
སུ་བཏགས་པའི་ཕྱིར་རྣམ་པར་རྟོག་པའི་གཟུགས་འདི་དག་ནི། །རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་འདི་ནི་དེ་བཞིན་ཉིད་དོ། །རང་བཞིན་མེད་པ་ཉིད་དོ། །ཡང་དག་པའི་མཐའ་ཉིད་དོ་ཞེས་ཟེར་བ་གང་ཡིན་པ་འདི་ནི་ཆོས་ཉིད་ཀྱི་
གཟུགས་ཞེས་བྱའོ། །ཀུན་བརྟགས་པ་དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བཏགས་པའི་ཕྱིར། རྣམ་པར་རྟོག་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་འདི་དག་ནི་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཞེས་བྱ་བ་ནས། འདི་ནི་ཆོས་ཉིད་ཀྱི་
Vol. 118 · folio 257a
སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱའོ་ཞེས་བྱ་བའི་བར་དུ་སྟེ། རྒྱ་ཆེར་མདོ་ལས་གསུངས་པ་བཞིན་ནོ་ཞེས་འབྱུང་བ་ཡིན་ནོ། །དེ་བཞིན་ཉིད་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་བརྟུན་པའི་བརྩོན་འགྲུས་ཀྱིས་རྒྱུ་དང་རྐྱེན་བྱས་པའི་ཕྱིར་དང་། ཚུལ་བཞིན་
ཡིད་ལ་བྱེད་ཅིང་ལེགས་པར་བསམས་པས་རྒྱུ་དང་རྐྱེན་བྱས་པའི་ཕྱིར་གདོད་དེ་རྟོགས་སོ། །དེ་རྟོགས་ནས་གོང་ནས་གོང་དུ་གོམས་པར་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་རྫོགས་པར་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་འདིས་ནི་གཉིས་
པ་ནུས་པ་ཁྱད་པར་ཅན་རབ་ཏུ་བསྟན་པའོ། །འདི་ལྟར་དེ་བཞིན་ཉིད་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཚོགས་ཀྱི་ལམ་གྱི་གནས་སྐབས་ན་ནན་ཏན་བརྩོན་འགྲུས་བསྐྱེད་པ་དང་། སྦྱོར་བའི་གནས་སྐབས་སུ་ཕྱིན་ཅི་མ་ལོག་པར་བསམས་པའི་རྒྱུ་དང་རྐྱེན་གྱིས་མཐོང་
བའི་ལམ་གྱི་ཚེ་གདོད་དེ་རྟོགས་ལ། བསྒོམ་པའི་ལམ་ལ་བརྟེན་ནས་གོང་ནས་གོང་དུ་གོམས་པར་བྱས་པས་མཐར་ཕྱིན་པའི་གནས་སྐབས་སུ་གདོད་ཡོངས་སུ་རྫོགས་པར་གྱུར་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ནུས་པ་རྣམ་པ་གསུམ་སྟོན་ཏེ།
རྣམ་པར་དག་པ་མངོན་དུ་བྱེད་པའི་ནུས་པ་དང་། འཆིང་བ་གཉིས་རྣམ་པར་དགྲོལ་བའི་ནུས་པ་དང་། ཡོན་ཏན་རབ་ཏུ་འདྲེན་ཅིང་བསྐྱེད་པའི་ནུས་པ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་འདི་ལྟ་སྟེ། རྣམ་པར་དག་པར་བྱ་བའི་ཕྱིར་དང་། མཚན་མ་དང་
གནས་ངན་ལེན་གྱི་འཆིང་བ་ཐམས་ཅད་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་དང་། ཡོན་ཏན་ཐམས་ཅད་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་ཞེས་འབྱུང་སྟེ། འདི་དག་གོ་རིམས་བཞིན་དུ་མཐོང་བ་ལ་སོགས་པའི་ལམ་གསུམ་དང་སྦྱར་རོ། །མཚན་ཉིད་གསུམ་པོ་འདི་དག་ངོ་
བོ་ཉིད་ཀྱི་ཡངས་དོག་ཀྱང་སོ་སོ་ནས་བཤད་པ་མི་མཐུན་ཏེ། རེ་ཞིག་སློབ་དཔོན་ཡང་དག་བདེན་པའི་བཤད་པ་དང་སྦྱར་ན་དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་བདུན་པོ་དག་ནི་ཀུན་དུ་རྟོག་
Vol. 118 · folio 257b
པའི་ངོ་བོ་ཉིད་ཅེས་བྱ་སྟེ། གཞན་གྱི་དབང་སྐྱེ་བ་མེད་པ་དང་། ཀུན་དུ་རྟོག་པ་མཚན་ཉིད་མེད་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །གཞན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱད་པོ་དག་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱའོ། །དེ་དག་
ལ་རྒྱུ་མཚན་གྱི་རྣམ་པ་ལྟ་བུར་སྣང་བ་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པའི་ངོ་བོ་ཉིད་ཅེས་བྱ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་མེད་པ་དང་། ཀུན་དུ་རྟོག་པ་མཚན་ཉིད་མེད་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །གཞན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་
བརྒྱད་པོ་དག་གིས་ལྟ་བའི་རྣམ་པ་དང་། རྒྱུ་མཚན་གྱི་རྣམ་པ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱའོ། །ཡང་དག་པ་མ་ཡིན་པས་ཡུལ་དུ་འཛིན་པ་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པའི་ངོ་བོ་ཉིད་ཅེས་བྱ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་མེད་པ་དང་།
ཀུན་དུ་རྟོག་པའི་མཚན་ཉིད་མེད་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། གོང་དུ་བཤད་པ་དེ་ལས་དོན་རྣམ་པ་གཉིས་ནི་རིགས་པ་དང་སྦྱར་ན་དེ་ལྟ་མ་ཡིན་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་བརྒྱད་དང་། རྒྱུ་མཚན་གྱི་རྣམ་པ་
རྣམས་ནི་རྐྱེན་ལས་སྐྱེ་བར་མཚུངས་ན་ཅིའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ལ་གཞན་གྱི་དབང་ཞེས་བཤད་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་བདུན་ལ་ནི་ཀུན་དུ་རྟོག་པའི་ངོ་བོ་ཉིད་ཅེས་བཤད། ཀུན་དུ་རྟོག་པའི་མཚན་ཉིད་མེད་པ་དང་།
གཞན་གྱི་དབང་སྐྱེ་བ་མེད་པ་ཡང་ངོ་བོ་ཉིད་གཉིས་དང་ཐ་མི་དད་ན་ཅིའི་ཕྱིར་དེ་དག་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བཤད། འདི་ལ་སོགས་པའི་སྐྱོན་མང་དུ་ཡོད་དེ་བཤད་ཀྱིས་མི་རྫོགས་སོ། །དེ་ལས་གཞན་པའི་བཤད་པ་རྣམས་ནི་མངས་ཀྱིས་དོགས་ཏེ་འདིར་མ་བརྗོད་དོ། །
འདིར་བསྟན་པ་རྣམས་ལས་ངོ་བོ་ཉིད་རྣམ་པ་གསུམ་བསྟན་པ་དེ་ཡང་མདོར་བསྡུ་ན་སྒོ་རྣམ་པ་གཉིས་ཡོད་དེ། དང་པོ་ནི། ཀུན་ནས་ཉོན་མོངས་པ་ལ་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་པའི་སྒོ་སྟེ། འདི་ལྟར་ཡང་དག་པ་མ་ཡིན་པས་བདག་དང་ཆོས་ཡང་དག་པར་ཡོད་
Vol. 118 · folio 258a
པ་ཉིད་དུ་འཛིན་པ་དེ་དག་ཡོད་པ་མ་ཡིན་ཡང་། ཡང་དག་པ་མ་ཡིན་པའི་སེམས་ཀྱིས་རྣམ་པར་གཞག་པ་ཡིན་པའི་ཕྱིར་ཡོད་པ་ཞེས་བཤད་དེ། དེ་དག་ཐམས་ཅད་ནི་ཀུན་དུ་བརྟགས་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ཟག་པ་དང་བཅས་
པའི་ཆོས་རྐྱེན་ལས་སྐྱེ་བ་ཐམས་ཅད་ནི་གཞན་གྱི་དབང་ཞེས་བྱ་སྟེ། རྒྱུ་ལ་བརྟེན་ཅིང་རྐྱེན་ལ་ལྟོས་ནས་སྐྱེ་བའི་ཕྱིར་རོ། །འདུས་བྱས་ཟག་པ་མེད་པ་ལ་ལམ་གྱི་བདེན་པ་དང་། འདུས་མ་བྱས་ཐམས་ཅད་ནི་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། རྣམ་པ་གཉིས་ཀ་ཡང་
ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྐྱེན་ལས་སྐྱེ་བ་མི་འགྱུར་བར་ཡོངས་སུ་འཛིན་པའི་སྒོ་སྟེ། འདི་ལྟར་ཡང་དག་པ་མ་ཡིན་པས་བདག་དང་ཆོས་ལ་སོགས་པར་འཛིན་པ་དེ་དག་ནི་སེམས་ཀྱི་རྗེས་སུ་ཡོད་པ་མ་ཡིན་པའི་ཕྱིར། །ཀུན་དུ་བརྟགས་
པ་ངོ་བོ་ཉིད་ཅེས་བྱའོ། །ཟག་པ་དང་བཅས་པའི་འདུས་བྱས་ཐམས་ཅད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ། །སྒོ་གོང་མ་གཉིས་པོ་འདི་ཡང་བསྟན་པ་
རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་འཕགས་པའི་གསུང་རབ་ཁ་ཅིག་ལས་སྔ་མ་བསྟན་ལ། ཕྱི་མ་མ་ཡིན་པ་ཡང་ཡོད་དེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཇི་སྐད་དུ། བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་
ནི་མི་འཇིག་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། འདི་དང་མཐུན་པར་སྟོན་ཏོ། །འཕགས་པའི་གསུང་རབ་ཁ་ཅིག་ལས་ནི་ཕྱི་མ་བསྟན་ལ། སྔ་མ་མ་ཡིན་པ་
ཡང་ཡོད་དེ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་སྐད་དུ། ངོ་བོ་ཉིད་གཉིས་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། བཞིས་བསྡུས་སོ། །ངོ་བོ་ཉིད་གསུམ་པ་དུ་དག་གིས་བསྡུས་ཤེ་ན། སྨྲས་པ། གཅིག་གིས་བསྡུས་སོ་ཞེས་བསྟན་པ་ལྟ་བུའོ། །བསྟན་པ་ཁ་ཅིག་
Vol. 118 · folio 258b
ལས་གཉིས་ཀ་དང་ལྡན་པ་ཡང་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཇི་སྐད་དུ། རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་བཤད་པ་ལྟ་བུ་སྟེ། རེ་ཞིག་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཞན་གྱི་དབང་བསྟན་པ་ཡིན་པར་བྱའོ། །རྣམ་
པར་བྱང་བའི་ཕྱོགས་ཀྱི་གཞན་གྱི་དབང་ནི་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི། ཀུན་ཀྱང་ཀུན་དུ་རྟོག་པ་ཞེས་བྱ་སྟེ། དམིགས་པ་ལ་སེམས་གཏོད་
པའི་ཕྱིར་རོ། །དེ་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞན་གྱི་དབང་ཐམས་ཅད་ནི་འདིར་བསྟན་པའི་གཞན་གྱི་དབང་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་གཞན་གྱི་དབང་མེད་ན། ཀུན་ནས་ཉོན་མོངས་པ་
དང་། རྣམ་པར་བྱང་བ་ཉིད་འགྲུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་པ་ལས། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་བརྟགས་སུ་གྱུར་པའི་ཚེ་ནི་ཀུན་ནས་ཉོན་མོངས་པར་འགྱུར་ལ། རྣམ་པར་རྟོག་པ་མེད་
པའི་ཚེ་ནི་རྣམ་པར་བྱང་བར་འགྱུར་ཏེ། ཆ་གཉིས་དང་ལྡན་པའི་ཕྱིར་ངོ་བོ་ཉིད་གཅིག་ཏུ་མི་འགྲུབ་བོ་ཞེས་འབྱུང་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ཀྱང་འདི་དང་མཐུན་པར་སྟོན་ཏོ། །མདོ་འདི་ལས་ནི། ཕྱི་མ་བསྟན་གྱི་སྔ་མ་ནི་མ་ཡིན་ཏེ།
དེ་བཞིན་ཉིད་ཁོ་ན་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གསུངས་པའི་ཕྱིར་རོ། །ཡང་ན་སྔ་མ་བསྟན་པ་ཡིན་གྱི། ཕྱི་མ་ནི་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཁོ་ན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་དོན་གཉི་ག་དང་
ཡང་ལྡན་ཏེ་བཤད་པ་སྔ་མ་གཉིས་ཀྱི་ཕྱིར་རོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི། ངོ་བོ་ཉིད་གསུམ་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། །།བམ་པོ་ཉི་ཤུ་གསུམ་པ། རིགས་ཀྱི་བུ་དཔེར་ན་སྐྱེས་བུ་གང་ཟག་རབ་རིབ་ཅན་གྱི་མིག་ལ་རབ་རིབ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words