No title in the text — opening words: དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 120 · folio 282b

མདོ་ལས་འདི་ལྟར་ཡང་དགེ་སློང་བཅོམ་ལྡན་འདས་དེ་ཞེས་པ་ནས་སེང་གེའི་ཁྲི་ཆེན་པོ་འཕང་དུ་དཔག་ཚད་བརྒྱ་པ་བཤམས་ཞེས་པའི་བར་དུ་ནི་བཞུགས་པ་བསྟན་ཏེ། ལྷ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཞེས་པའི་དོན་ཏོ། །མདོ་ལས་བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་

སྙིང་པོར་བཞུགས་མ་ཐག་ཏུ་ཞེས་པ་ནས་བཅོམ་ལྡན་འདས་དེ་ལ་མངོན་པར་བབ་པོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་དེ་ལ་མེ་ཏོག་གི་ཕུང་པོ་རི་རབ་ཙམ་སྤུངས་ཏེ་མཆོད་པ་དང་སྦྱར་ན་ལོངས་སྤྱོད་པའི་སྐུ་ཡིན་པར་མངོན་ནོ། །མདོ་ལས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་སྲས་པོ་ཞེས་པ་ནས་རྒྱུན་

མི་འཆད་པ་རབ་ཏུ་བསིལ་ཏོ་ཞེས་པའི་བར་དུ་ནི་རོལ་མོས་དགྱེས་པ་བསྐྱེད་ཅིང་མཆོད་པའོ། །མདོ་ལས་དེ་ན་དགེ་སློང་རྣམས་ལ་ཞེས་པ་ནས་མངོན་པར་སངས་རྒྱས་སོ་ཞེས་པའི་བར་དུ་ནི་འབྲས་བུ་བརྙེས་པ་བསྟན་ཏོ། །མདོ་ལས་དེ་ལྟར་མངོན་པར་སངས་རྒྱས་མ་ཐག་ཏུ་ཞེས་པ་ནས་ཡེ་

ཤེས་འབྱུང་གནས་ཞེས་བྱ་བར་གྱུར་ཏོ་ཞེས་པའི་བར་དུ་ནི་འདི་མན་ཆད་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་ཏེ། སྔར་མཆོད་པ་བྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་དང་། ཕྱིས་ཀྱང་དེ་བཞིན་གཤེགས་པས་ཕྱོགས་བཅུའི་ལྷ་དང་ཚངས་པ་ལ་བཤད་པར་གནང་བ་སྟེ། དང་པོ་

ལ་ཡང་སྔར་རྒྱལ་བུ་བཅུ་དྲུག་གིས་མཆོད་དེ་ཆོས་བཤད་པར་གསོལ་བ་དང་། ཕྱིས་ལྷ་ཚངས་པས་མཆོད་དེ་གསོལ་བའོ། །དེ་ཡང་གཉེན་རྣམས་མངོན་དུ་གྱུར་པ་དང་། མངོན་དུ་མ་གྱུར་པའོ། །ཆོས་བཤད་པར་གསོལ་བ་ཡང་སྔར་བཅོམ་ལྡན་འདས་ཀྱི་དྲུང་དུ་དོང་བ་དང་། ཕྱིས་

བསྟོད་དེ་མངོན་པར་གསོལ་བའོ། །བཅོམ་ལྡན་འདས་ཀྱི་གན་དུ་འགྲོ་བ་ཡང་སོ་སོའི་འཁོར་དང་གཉེན་དུ་བཅས་ཏེ་དོང་བ་བསྟན་ཏོ། །མདོ་ལས་འདི་ལྟར་དགེ་སློང་རྣམས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་ཅེས་པ་ནས་གང་ན་བ་དེར་དོང་ངོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱི་གན་དུ་ཆས་པ་

བསྟན་ཏོ། །མདོ་ལས་བཅོམ་ལྡན་འདས་འདི་ལ་བཀུར་སྟི་བྱས་ཞེས་པ་ནས། ཁྱོད་ནི་རབ་ཞི་ཟག་པ་མེད་ལ་གནས་ནས་ཞེས་པའི་བར་དུ་ནི་ཕྱག་འཚལ་བ་ནི་ལུས་ཀྱིས་ཕྱག་འཚལ་བ་དང་། ངག་གིས་བསྟོད་དེ་ཕྱག་འཚལ་བའོ། །བཅོམ་ལྡན་འདས་ལ་བསྟོད་པ་ཡང་དགོངས་པའི་སྨོན་ལམ་

Vol. 120 · folio 283a

རྫོགས་པའི་སྒོ་ནས་བསྟོད་པ་དང་། སྔོན་མཛད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །སྟན་གཅིག་དེ་ལ་བཞུགས་ཏེ་ཞེས་པ་ནི་རྣམ་པ་བཅུ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ་དུ་བཞུགས་པ་སྟེ་དགེ་བ་བཅུ་ལ་གནས་པ་དང་། རྒྱལ་པོ་བཞིའི་ཚུལ་དུ་བཞུགས་པ་སྟེ།

འཇིག་རྟེན་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཆོས་སྤྱད་པ་ལ་རང་དབང་ཡོད་པར་མོས་པས་གནས་པ་དང་། བརྒྱ་བྱིན་གྱི་ཚུལ་དུ་བཞུགས་པ་སྟེ་སེམས་ཅན་ཐམས་ཅད་ལ་དབང་དུ་གྱུར་པས་བཞུགས་པ་དང་། ཚངས་པའི་ཚུལ་གྱིས་བཞུགས་པ་སྟེ། བདག་དང་གཞན་གྱི་སེམས་ལ་དབང་དུ་

གྱུར་པས་བཞུགས་པ་དང་། སེང་གེ་བཞིན་ཟབ་མོ་སྟོན་པ་ལ་བསྙེངས་པ་མེད་པས་བཞུགས་པ་དང་། ཡང་དག་པའི་ཆོས་ལ་བཞུགས་པ་སྟེ། གཟུངས་དང་མཐུ་སྟོན་པར་བཞེད་པས་བཞུགས་པ་དང་། ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་དུ་བཞུགས་པ་སྟེ། བྱང་ཆུབ་ཆེན་པོའི་མཐའ་ལ་བཞུགས་

པ་དང་། ཐུགས་རྗེ་ཆེན་པོ་ལ་གནས་པས་སེམས་ཅན་ཐམས་ཅད་དགའ་བ་བསྐྱེད་པ་དང་། ཐུགས་རྗེ་ཆེན་པོ་ལ་བཞུགས་པ་སྟེ། ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་བཟོད་པར་བཞུགས་པ་དང་། རྡོ་རྗེ་ལ་བཞུགས་པ་སྟེ། བདུད་དང་ལོག་པར་ལྟ་བ་ཐམས་ཅད་འཇོམས་པས་བཞུགས་

པའོ། །དེ་ལ་འདི་ནི་ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་དང་རྡོ་རྗེ་ལ་བཞུགས་པ་དང་སྦྱར་རོ། །ཞི་བ་ཞེས་པ་ནི་སེམས་ཞི་བའོ། །མི་གཡོ་བ་ཞེས་པ་ནི་ལུས་མི་གཡོ་བའོ། །མདོ་ལས། དགེ་བ་དང་ནི་བདེ་བ་དགའ་བ་དང་། །ཞེས་པ་ནས། མི་དབང་སེང་གེ་བདག་ཅག་དགེ་བར་སྐྱེས། །ཞེས་པའི་བར་

དུ་ནི་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པས་འགྲོ་བ་ཐམས་ཅད་དགའ་བ་སྐྱེས་ཞེས་པའི་དོན་ཏོ། །མདོ་ལས། སྐྱེ་དགུ་འདི་ཀུན་མགོན་མེད་སྡུག་བསྔལ་བ། །ཞེས་པ་ནས། དེ་ན་རྒྱལ་བའི་སྒྲ་ཡང་ཐོས་པ་མེད། །ཅེས་པའི་བར་དུ་ནི་སེམས་ཅན་རྣམས་སྡིག་པའི་གྲོགས་པོ་དང་བསྟེན་པ་དང་།

དགེ་བའི་བཤེས་གཉེན་དང་ཕྲད་པར་སྟོན་ཏོ། །སྡུག་བསྔལ་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །མི་ཤེས་ཞེས་པ་ནི་ལམ་གྱི་བདེན་པའོ། །མུན་གནག་ཞེས་པ་ནི་ཀུན་འབྱུང་གི་བདེན་པའོ། །ཐར་པ་ཞེས་པ་ནི་འགོག་པའི་བདེན་པ་སྟེ། དེ་མ་སྤངས་ཏེ་མངོན་དུ་མ་བྱས་ཞེས་པའི་དོན་ཏོ། །

Vol. 120 · folio 283b

མདོ་ལས། འཇིག་རྟེན་རིག་པ་ཁྱོད་ཀྱིས་དེང་ཐོབ་པ། །ཞེས་པ་ནས། མགོན་པོ་ཁྱོད་ལ་རབ་ཏུ་སྐྱབས་སུ་མཆི། །ཞེས་པའི་བར་དུ་ནི་དགེ་བའི་བཤེས་གཉེན་དང་ཕྲད་པ་བསྟན་པའོ། །མདོ་ལས་དེ་ལྟར་དགེ་སློང་རྣམས་ཞེས་པ་ནས་ཚིགས་སུ་བཅད་པ་འདི་སྐད་གསོལ་ཏོ་ཞེས་པའི་བར་དུ་

ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བའོ། །ཕན་པ་ཞེས་པ་ནི་ལེགས་པ་བསྟབས་པའོ། །བདེ་བ་ཞེས་པ་ནི་སྡུག་བསྔལ་ལས་གདོན་པའི་ཕྱིར་ཆོས་བཤད་དུ་གསོལ་ཞེས་པའོ། །མདོ་ལས་བསོད་ནམས་བརྒྱའི་མཚན་ཅན་ཞེས་པ་ནས་འཇིག་རྟེན་རྣམས་ལ་ཤོད་ཅིག་ཅེས་པའི་བར་

དུ་ནི་བཅོམ་ལྡན་འདས་ལ་ཕྱི་ནང་གི་ཡོན་ཏན་ཐམས་ཅད་ཚང་པའི་ཕྱིར་ཆོས་བཤད་པར་གསོལ་བ་དང་། ཕན་པ་ཆེན་པོ་ཐོབ་པ་དང་། དེ་བཞིན་གཤེགས་པའི་མཁྱེན་པ་བསྒྲགས་པའི་ཕྱིར་ཆོས་བཤད་པར་གསོལ་བའོ། །མདོ་ལས་བདག་ཅག་རྣམས་དང་ཞེས་པ་ནས་སེམས་ཅན་འདི་རྣམས་ཀྱིས་ནི་ཐོབ་

པར་རོ་ཞེས་པའི་བར་དུ་ནི་ཕན་པ་ཆེན་པོ་ཐོབ་པའི་ཕྱིར་ཆོས་བཤད་པར་གསོལ་པའོ། །མདོ་ལས་ཀུན་མཁྱེན་པ་ནི་ཞེས་པ་ནས་དམ་པ་རབ་ཏུ་བསྐོར་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་མཁྱེན་པ་བསྒྲགས་པའི་ཕྱིར་གསོལ་པ་སྟེ། མོས་པ་སྣ་ཚོགས་མཁྱེན་པ་དང་། ལམ་སྣ་ཚོགས་

མཁྱེན་པ་དང་། དབང་པོ་རབ་འབྲིང་མཁྱེན་པ་དང་། སྔོན་གྱི་གནས་མཁྱེན་པ་ལ་སོགས་ཏེ་མཁྱེན་པ་འདི་དག་དང་ལྡན་ཞེས་པའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ་ཞེས་པའི་བར་དུ་ནི་ཚངས་པའི་རྒྱལ་པོས་མཆོད་དེ་ཆོས་ཀྱི་འཁོར་ལོ་བསྐོར་བར་

གསོལ་བའོ། །དེའི་ཚེ་ན་ས་གཡོ་བ་དང་། འོད་ཀྱིས་སྣང་བར་བྱས་པའོ། །མདོ་ལས་འཇིག་རྟེན་ཐམས་ཅད་ཀྱི་བར་གྱི་འཇིག་རྟེན་ན་ཞེས་པ་ནས་ཕན་ཚུན་དུ་སྨྲའོ་ཞེས་པའི་བར་དུ་འཁོར་ཡུག་ཆེན་པོས་བསྐོར་བའི་རི་བྲགས་ཀྱི་ཕུགས་ན་གནས་པའི་སེམས་ཅན་སྣང་བར་བྱས་པའོ། །མདོ་ལས་

འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དང་ཞེས་པ་ནས་སྣང་བ་ཆེན་པོ་བྱུང་བར་གྱུར་ཏོ་ཞེས་པའི་བར་དུ་ཚངས་པའི་གཞལ་མེད་ཁང་ལ་སོགས་པ་གཡོ་བར་བྱས་པའོ། །མདོ་ལས་དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཞེས་པ་ནས་ཚིགས་སུ་བཅད་དེ་སྨྲས་པ་ཞེས་པའི་བར་དུ་ནི་དེ་དག་ཆོས་

Vol. 120 · folio 284a

ཉན་པ་ཡང་དང་པོ་འོད་ཀྱིས་བསྐུལ་བ་དང་། བཅོམ་ལྡན་འདས་ཀྱི་གན་དུ་ཕྱིན་པ་དང་། ཆོས་བཤད་པར་གསོལ་པ་དང་། ཅང་མི་གསུང་བར་གནང་བར་ཤེས་པ་སྟེ། བསམ་གཏན་ལ་གནས་པའི་ལྷ་ཐམས་ཅད་ལྷགས་ཞེས་པའོ། །མདོ་ལས། བདག་ཅག་ཐམས་ཅད་དེ་

རིང་ཤིན་ཏུ་དགའ། །ཞེས་པ་ནས། འདི་ལྟར་ཕྱོགས་བཅུ་ཀུན་ཏུ་དེང་དཔལ་འབར། །ཞེས་པའི་བར་དུ་ནི་ལྷ་རྣམས་ཀྱིས་བསྟོད་དེ་ཆོས་བཤད་པར་གསོལ་བའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས། ནུབ་ཕྱོགས་སུ་དོང་ནས་མཐོང་བ་ཞེས་པའི་བར་དུ་ནི་འོད་གང་ནས་འབྱུང་བ་

ལོགས་སུ་ཚོལ་ཞིང་དོང་བ་བསྟན་ཏོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་གཞལ་མེད་ཁང་བཅོམ་ལྡན་འདས་དེ་ལ་ཕུལ་ཞེས་པའི་བར་དུ་ནི་ལྷའི་གཞལ་མེད་ཁང་བཞེས་པར་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་ཤེས་པ་དང་། ཚངས་པ་རྣམས་

གཟེངས་བསྟོད་ཅིང་དགེ་བ་ལ་དགོད་པ་སྟེ། འོས་འོས་སུ་སྦྱར་རོ། །མདོ་ལས། ཚད་མེད་རྒྱལ་བ་ངོ་མཚར་འགྱུར། །ཞེས་པ་ནས། འཇིག་རྟེན་རིག་པ་ཇི་ལྟར་དགྱེས་བཞིན་སྤྱོད། །ཞེས་པའི་བར་དུ་ནི་གཞལ་མེད་ཁང་དབུལ་བ་དང་། བསྟོད་དེ་ཕྱག་འཚལ་བའོ། །མདོ་ལས་དེ་ནས་

དགེ་སློང་རྣམས་ཚངས་པ་ཆེན་པོ་དེ་དག་ཅེས་པ་ནས་དེ་བཞིན་གཤེགས་པ་ལ་གསོལ་བ་ལགས་ཞེས་པའི་བར་དུ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བའོ། །མདོ་ལས་དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་ཞེས་པ་ནས། དེ་ནས་དགེ་སློང་རྣམས་བཅོམ་ལྡན་འདས་དེས་ཚངས་པ་དེ་རྣམས་

ལ་ཅང་མི་གསུང་བར་དེ་ན་བཞུགས་སོ་ཞེས་པའི་བར་དུ་ནི་ཆོས་བཤད་པར་གནང་བའོ། །དེ་ནས་ཡང་དགེ་སློང་རྣམས་ཞེས་པ་ནས་ཕན་ཚུན་དོང་ཞིང་སྨྲའོ་ཞེས་པའི་བར་དུ་ནི་ཚངས་པ་རྣམས་ལ་བསྐུལ་བའོ། །དེ་ནས་དགེ་སློང་རྣམས་ཞེས་པ་ནས་གདོན་མི་ཟ་བར་འབྱུང་བར་འགྱུར་ཞེས་པའི་བར་དུ་

ནི་ལྷ་རྣམས་ཀྱིས་གསོལ་བའོ། །དེ་ནས་དགེ་སློང་རྣམས་ཚངས་པ་བྱེ་བ་ཁྲག་ཁྲིག་ཅེས་པ་ནས་གཤེགས་སུ་གསོལ་ཞེས་པའི་བར་དུ་ནི་ཆོས་བཤད་པར་གསོལ་བ་དང་། མཆོད་པར་གསོལ་བའོ། །དེ་ནས་དགེ་སློང་རྣམས་ཚངས་པ་ཆེན་པོ་དེ་དག་གིས་ཞེས་པ་ནས་ཕྱག་ཀྱང་འཚལ་ཞེས་པའི་བར་

Vol. 120 · folio 284b

དུ་ནི་བསྟོད་དེ་ཕྱག་འཚལ་བའོ། །མདོ་ལས། ངོ་མཚར་གྱུར་པ་བརྒྱ་ལ་འཇིག་རྟེན་དུ། །ཞེས་པ་ནས་རྟག་ཏུ་མཉམ་པར་གྱུར་ཞེས་པའི་བར་དུ་ནི་འཇིག་རྟེན་དུ་གཤེགས་པ་དཀོན་པ་བསྟན་པའོ། །མདོ་ལས་བསྐལ་པ་ཁྲག་ཁྲིག་བརྒྱད་ཅུ་ཞེས་པ་ནས། བསོད་ནམས་ཀྱིས་ནི་འཇིག་རྟེན་ཞེས་པའི་བར་

དུ་ནི་སྤྱན་དུ་གྱུར་པ་དང་སྐྱབས་སུ་གྱུར་བ་བསྟན་ཏོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་དུལ་ཞིང་ཞི་ལ་རབ་ཏུ་བདེ་བར་འགྱུར་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་ལ་བསྟོད་པ་དང་། ཞི་ཞིང་དུལ་བས་འཕགས་པའི་ལམ་བསྒྲུབ་པ་བསྟན་ཏོ། །མདོ་ལས་དེ་ནས་དགེ་སློང་རྣམས་བཅོམ་

ལྡན་འདས་དེ་ཞེས་པ་ནས་མི་གསུང་བར་བཞུགས་སོ་ཞེས་པའི་བར་དུ་ནི་གནང་བ་བསྟན་ཏོ། །མདོ་ལས་དེ་ནས་ཡང་དགེ་སློང་རྣམས་ཞེས་པ་ནས་ཡང་ན་འདིར་ནི་སངས་རྒྱས་མངོན་པར་བྱུང་ཞེས་པའི་བར་དུ་ནི་གོང་མ་དང་འདྲ་བར་སྦྱར་རོ། །ཆོས་བཤད་པར་གསོལ་བའོ། །མདོ་ལས་དེ་ནས་དགེ་སློང་

རྣམས་འཇིག་རྟེན་གྱི་ཁམས་ཞེས་པ་ནས། བདག་ཅག་ལ་ནི་བརྩེ་ཕྱིར་ཡོངས་སུ་སྤྱོད། །ཅེས་པའི་བར་དུ་ནི་བཤད་པའི་ཚུལ་གོང་མ་དག་དང་འདྲ་བར་སྦྱར་རོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཚངས་པ་ཆེན་པོ་དེ་དག་ཅེས་པ་ནས་བྱང་ཆུབ་མཆོག་ལ་རེག་པར་རོ་ཞེས་པའི་བར་དུ་ནི་ལམ་འདི་སྡིག་ཅན་

ཞེས་པ་ནི་ཁྱིམ་ན་གནས་པས་སྡིག་པ་སྤྱོད་པ་མུ་སྟེགས་ཅན་སྤྱོད་པ་ངན་པ་ལ་གནས་པ་སྡིག་སྤྱོད་པའོ། །བདེ་བའི་འདུ་ཤེས་ནི་གཉེན་པོས་གནས་པ་སྟེ། སྡུག་བསྔལ་སྐད་ཅིག་ཙམ་ཞི་བ་ལ་བདེ་བར་སེམས་པ་ལ་བདེ་བ་དེ་ཉིད་ཀྱང་སྟོར་ཞེས་པའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཚངས་པ་ཆེན་པོ་དེ་དག་

གིས་ཞེས་པ་ནས་བསྐལ་པ་བྱེ་བ་སྟོང་དུ་བསྒྲུབས་པའོ་ཞེས་པའི་བར་དུ་ནི་བསྟོད་དེ་བཤད་པར་གསོལ་བའོ། །མདོ་ལས་དེ་ནས་དགེ་སློང་རྣམས་བཅོམ་ལྡན་འདས་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཀྱི་ཟིལ་གྱིས་གནོན་ཞེས་པ་ནས་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཞེས་པའི་བར་དུ་ནི་དེ་ལྟར་ཆོས་

བཤད་པར་གནང་ནས་བཤད་དོ་ཞེས་པ་དང་། གཞན་གྱིས་མི་ནུས་ཞེས་པ་དང་། བཤད་པའི་དུས་དང་། བཤད་པས་ཕན་པ་ཐོབ་པ་དང་བཞིར་དབྱེ་སྟེ། འདི་ནི་དང་པོའོ། །ཆོས་ཀྱི་འཁོར་ལོ་གསུམ་དུ་བཟླས་ཏེ་ཞེས་པ་ནི་བདག་གི་དོན་དང་། གཞན་གྱི་དོན་ལ་འདི་ནི་གཞན་གྱི་དང་སྦྱར་རོ། །

Vol. 120 · folio 285a

སྡུག་བསྔལ་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། མཚན་ཉིད་དེ་བསྟན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །འཁོར་ལོའི་དོན་ནི་གོང་དུ་བསྟན་པ་ཡིན། འཁོར་ལོ་དེ་བསྐོར་བས་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་བསྟན་ཏོ། །ལན་གསུམ་

བཟླས་པ་ཡང་དེ་གཅིག་ཅིང་ཡང་མཚན་ཉིད་བཅུ་གསུམ་དང་ལྡན་པར་སྟོན་པའོ། །དགེ་སྦྱོང་དང་། ཚངས་པ་གཞན་གྱིས་བསྐོར་མི་ནུས་ཀྱི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉག་གཅིག་གིས་ཞེས་པའོ། །མདོ་ལས་འདི་ལྟ་སྟེ་འདི་ནི་སྡུག་བསྔལ་ལོ་ཞེས་པ་ནས་འགྲོ་བ་བསྒྲུབ་པའི་

བདེན་པའོ་ཞེས་པའི་བར་དུ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་བདེན་པ་བཞི་ལ་བརྟེན་ཏེ་བསྐོར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལ་བརྟེན་ཏེ་བསྐོར་བའོ། །སྡུག་བསྔལ་བ་ནི་འཇིག་རྟེན་རྣམ་གཉིས་ཀྱི་ཆོས་ཟག་པ་དང་བཅས་པ་ཐམས་ཅད་དོ། །ཀུན་འབྱུང་ནི་སྡུག་བསྔལ་

སྐྱེ་ཞིང་འབྱུང་བའི་རྒྱུ་འབྱིན་པ་ལས་དང་ཉོན་མོངས་པའི་རང་བཞིན་ཅན་ནོ། །འགོག་པ་ནི་ཡང་དག་པ་དང་བརྟགས་ཏེ་འགོག་པ་དང་། མི་གཡོ་བ་དང་། འདུས་མ་བྱས་འགོག་པའི་བདེན་པ་སྟེ། ཡང་དག་པའི་ལམ་གྱིས་སྡུག་བསྔལ་མི་སྐྱེ་བར་གྱུར་པའོ། །ལམ་ནི་ཟག་པ་མེད་པའི་ཕུང་པོ་ལྔ་

སྟེ། ཚོགས་སོགས་པའི་ལམ་དང་། ལྷག་པར་སྤྱོད་པའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མཐར་གྱུར་པའི་ལམ་སྟེ། ལམ་གྱི་འཁོར་རྣམས་ཐམས་ཅད་ནི་ལམ་གྱི་བདེན་པའོ། །བདེན་པ་ཞེས་པ་ནི་འཕགས་པ་རྣམས་ཀྱིས་ཆུད་པའི་ཆོས་པས་འཕགས་པའི་བདེན་

པའོ། །མདོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་ནས་འགག་པར་འགྱུར་རོ་ཞེས་པའི་བར་དུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་བཟློག་པ་བསྟན་པ་སྟེ། ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཚུལ་ཅི་རིགས་པར་སྦྱར་རོ། །མ་རིག་པ་ཞེས་པ་ནི་ཉོན་མོངས་པ་མི་ཤེས་པའི་རང་

བཞིན་ཅན། འདུ་བྱེད་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་དགེ་བ་དང་མི་དགེ་བར་འཇུག་པའོ། །རྣམ་པར་ཤེས་པ་ཞེས་པ་ནི་རྣམ་པར་སྨིན་པའི་རང་བཞིན་ཅན་ས་བོན་གྱི་བག་ཆགས་སུ་གནས་པའི་རྣམ་པར་ཤེས་པའོ། །མིང་དང་གཟུགས་ཞེས་པ་ནི་དེའི་འོག་མའི་རྐྱེན་གསུམ་སྤངས་པ་

Vol. 120 · folio 285b

ཐམས་ཅད་ནི་མིང་དང་གཟུགས་སོ། །སྐྱེ་མཆེད་དྲུག་ནི་རྣམ་པར་སྨིན་པའི་དབང་པོ་དྲུག་ཅན་ནོ། །རེག་པ་ནི་རྣམ་པར་སྨིན་པའི་རེག་པ་མྱོང་བ་ཉིད་རེག་པའོ། །ཚོར་བ་ནི་རྣམ་པ་གསུམ་མྱོང་བའོ། །སྲེད་པ་ནི་ཕྱི་ནང་གི་ཡུལ་ལ་ཆེ་ཆུང་རྣམ་པ་གསུམ་དུ་ཞེན་པའོ། །ལེན་པ་ནི་ཉོན་མོངས་པའི་

བདག་ཉིད་ཅན་གཟུང་བ་དང་འཛིན་པའི་ཆོས་ཀྱི་ཉོན་མོངས་པའི་ཕུང་པོ་ལེན་པའོ། །སྲིད་པ་ནི་རྣམ་པར་སྨིན་པའི་འབྲས་བུ་འཁོར་བ་ལེན་ཅིང་ཁམས་གསུམ་དུ་འབྱུང་ཞེས་པའི་དོན་ཏོ། །སྐྱེ་བ་ནི་རྒྱུས་འཕགས་ནས་འབྲས་བུ་ལེན་པའོ། །རྒས་པ་ནི་འབྲས་བུའི་མཐར་གྱུར་པའོ། །སློས་

པའི་མྱ་ངན་ཞེས་པ་ནི་འཆི་ཁར་ཡིད་ཀྱིས་གདུང་བའོ། །སྨྲེ་སྔགས་འདོན་ཞེས་པ་ནི་ཚིག་ཏུ་འདོན་པའོ། །ཡིད་མི་བདེ་བ་དང་འཁྲུག་པ་ནི་ནང་གི་གདུང་བ་སྟེ། ཞིབ་ཏུ་ཆོས་མངོན་པ་དང་། རྣལ་འབྱོར་སྤྱོད་པ་ལས་འབྱུང་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །མདོ་ལས་དེ་ལྟར་དགེ་

སློང་རྣམས་ཞེས་པ་ནས་བསམ་གཏན་བྱེད་པར་གྱུར་ཏོ་ཞེས་པའི་བར་དུ་ནི་སོ་སོ་ནས་བདེ་བ་ཐོབ་པ་བསྟན་ཏོ། །ལེན་པ་ཞེས་པ་ནི་ཆགས་པས་ཏེ། ཆོས་རྣམས་ལ་ཆགས་པ་མེད་པ་ཉིད་རྣམ་པར་གྲོལ་བའོ། །མདོ་ལས་དེ་ནས་ཡང་མཐར་གྱིས་ཞེས་པ་ནས་རྣམ་པར་གྲོལ་ལོ་ཞེས་པའི་བར་དུ་

ནི་དེའི་འོག་མ་རྣམས་ཀྱང་དེ་བཞིན་དུ་རྣམ་པར་གྲོལ་བ་ཐོབ་པོ་ཞེས་པའོ། །མདོ་ལས་དེའི་འོག་ཏུ་དགེ་སློང་ཕ་རྣམས་ཞེས་པ་ནས་གྲངས་བགྲང་བ་ལས་འདས་པར་གྱུར་པའོ་ཞེས་པའི་བར་དུ་ནི་ཉན་ཐོས་པ་རྣམས་ཀྱི་འཁོར་བསྟན་ཏོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཡང་དེའི་ཚེ་ཞེས་པ་ནས་

བྱང་ཆུབ་འདོད་པ་ཞེས་པའི་བར་དུ་ནི་རྗེས་སུ་ཆོས་སྟོན་པ་སྟེ། རྒྱལ་བུ་བཅུ་དྲུག་གི་ཡོན་ཏན་ནི་འཁོར་བའི་དྲ་བ་གཅོད་པས་རབ་ཏུ་བྱུང་བ་ཆོས་ཐོས་བས་དབང་པོ་རྣོ་བ། རང་བཞིན་གསལ་བས་ཤེས་རབ་རྣོ་བ། སྔོན་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པས་དགེ་བའི་བཤེས་གཉེན་དང་

ཕྲད་པ་དང་། ཚུལ་ཁྲིམས་གཙང་མས་འབྲས་བུ་ཆེན་པོ་ལ་རེ་བའོ། །མདོ་ལས་དེ་ནས་དགེ་སློང་རྣམས་དགེ་སྦྱོང་དེ་དག་གི་ཞེས་པ་ནས་བདག་ཅག་གི་བསམ་པ་ཡང་མཁྱེན་ཏེ་ཞེས་པའི་བར་དུ་ནི་སྔར་ཉན་ཐོས་པ་རྣམས་དེ་དང་མཐུན་པའི་ཆོས་བཤད། བྱང་ཆུབ་སེམས་དཔའི་རིགས་ཅན་

Vol. 120 · folio 286a

རྣམས་ལ་ཐེག་པ་ཆེན་པོ་བཤད་དུ་གསོལ་ཞེས་པའོ། །མདོ་ལས་དེ་ནས་དེ་དག་དགེ་སློང་རྣམས་དེའི་ཚེ་ན་ཞེས་པ་ནས་རབ་ཏུ་བྱུང་བར་གྱུར་ཏོ་ཞེས་པའི་བར་དུ་ནི་དེ་དང་མཐུན་པའི་འཁོར་རྣམས་རབ་ཏུ་བྱུང་བའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་དེ་དག་

ཐམས་ཅད་ལ་རྒྱས་པར་བཤད་དོ་ཞེས་པའི་བར་དུ་ནི་འདིས་ནི་སེམས་ཅན་གྱི་དབང་པོ་སྨིན་པའི་ཕྱིར་བསྐལ་པ་སྟོང་ཕྲག་ཉི་ཤུའི་འོག་ཏུ་བཤད་པའི་དུས་ལ་བབ་པ་དང་། བཤད་པར་བྱ་བའི་ཆོས་གང་ཡིན་པ་བསྟན་པའོ། །མདོ་ལས་དེ་ནས་ཡང་དགེ་སློང་རྣམས་ཞེས་པ་ནས་ཁོང་དུ་ཆུད་དོ་ཞེས་པའི་

བར་དུ་ནི་དགེ་སློང་རྣམས་ཀྱིས་ཆུད་པར་བསྟན་ཏོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་ཐེ་ཚོམ་ཟ་བ་ཐོབ་པར་གྱུར་ཏོ་ཞེས་པའི་བར་དུ་ནི་འདིས་དབང་པོའི་རིམ་པ་སྟོན་ཏེ། དབང་པོ་རྣོན་པོ་དང་བར་མས་རྣམ་པར་གྲོལ་བ་ཐོབ་པ་དང་། དབང་པོ་ཐ་མ་ཐེ་ཚོམ་དུ་གྱུར་པ་སྟེ། ཆོས་འདི་གོ་

དཀའ་བར་སྟོན་ཏོ། །མདོ་ལས་དེ་ནས་དགེ་སློང་རྣམས་བཅོམ་ལྡན་འདས་ཞེས་པ་ནས་གཙུག་ལག་ཁང་དུ་ཞུགས་སོ་ཞེས་པའི་བར་དུ་ནི་སྲས་རྣམས་དབང་པོ་སྨིན་ཅིང་སེམས་ཅན་སྒྲོལ་ནུས་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་པ་བསྟན་པའོ། །མདོ་ལས་

དེ་ནས་དགེ་སློང་རྣམས་དགེ་སྦྱོང་དེ་དག་གི་ཞེས་པ་ནས་རྒྱས་པར་བཤད་དོ་ཞེས་པའི་བར་དུ་ནི་སྲས་རྣམས་ཆོས་སྟོན་པས་འགྲོ་བ་རྣམས་ཀྱི་བདེ་བ་རྙེད་པ་བསྟན་པའོ། །མདོ་ལས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཞེས་པ་ནས་ཡོངས་སུ་སྨིན་པར་བྱས་སོ་ཞེས་པའི་བར་དུ་ནི། བདེན་པ་དངོས་

བསྟན་པ་དང་། མོས་པ་རྙེད་པ་རྣམས་སྤྲོ་བར་བྱས་པ་དང་། ཉམས་ཀྱིས་དོགས་པ་རྣམས་གཟེངས་བསྟོད་དེ་དགའ་བར་བྱས་པ་དང་། འབད་པ་རྣམས་བསྟོད་ཅིང་བྱེད་དུ་གཞུག་པ་ཞེས་པའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་བརྒྱ་སྟོང་མང་པོ་ལ་ཆོས་སྟོན་ཏོ་ཞེས་པའི་བར་དུ་

ནི་དགེ་སྦྱོང་དྲུག་ཅུ་པོ་དེ་དག་ལ་བསྟོད་པ་དང་ལུང་བསྟན་པ་སྟེ། བསྟོད་པ་ཡང་ངོ་མཚར་དུ་གྱུར་པ་དང་། དབང་པོ་རྣོ་བ་དང་། རིག་པ་དང་ལྡན་པ་དང་། འཕགས་པ་རྣམས་ལ་བསྙེན་བཀུར་བྱས་པ་དང་། དཀའ་བ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་འཛིན་པ་དང་། སེམས་ཅན་རྣམས་

Vol. 120 · folio 286b

ལ་ཆོས་སྟོན་པའོ། །མདོ་ལས་འདི་ལྟ་སྟེ་དགེ་སློང་རྣམས་ཞེས་པ་ནས་སངས་རྒྱས་སོ་ཞེས་པའི་བར་དུ་ནི་སངས་རྒྱས་དེ་དག་ནི་ཉོན་མོངས་པས་མི་བསྒུལ་བ་དང་། ཡོན་ཏན་འཕགས་པ་དང་། སེང་གེ་བཞིན་སྒྲ་མི་འཇིགས་པ་སྒྲོགས་པ་དང་། བདུད་ཀྱི་དཔུང་འཇོམས་པ་ལ་བཏགས་སོ། །མདོ་

ལས་ལྷོ་ཕྱོགས་ན་ཞེས་པ་ནས། སངས་རྒྱས་སོ་ཞེས་པའི་བར་དུ་སངས་རྒྱས་ཀྱི་མཚན་དེ་དག་ཉོན་མོངས་པ་འཇོམས་པ་དང་། ཡོན་ཏན་གྱི་མཚན་ཉིད་ལ་གནས་པ་དང་། བདག་དང་གཞན་གྱི་དོན་མཛད་པ་ལས་བཏགས་པ་ལས་ཞེས་པར་བྱའོ། །མི་མཇེད་ཅེས་པ་ནི་འཇིག་རྟེན་གྱི་ཁམས་དེ་

སྡུག་བསྔལ་སྣ་ཚོགས་སྤྱོད་པ་ལ་ཇི་མི་སྙམ་པའི་ཕྱིར་མི་མཇེད་པ་དང་། ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་ངོ་། །མདོ་ལས་དགེ་སློང་རྣམས་ཞེས་པ་ནས་ཡེ་ཤེས་དེ་ལ་མོས་པར་དཀའོ་ཞེས་པའི་བར་དུ་ནི་མདོ་སྡེ་འདི་ལ་འཇུག་པར་དཀའ་བའི་ཕྱིར་སྔར་དྲང་པའི་དོན་བསྟན། ཕྱིས་ངེས་པའི་དོན་

བསྟན་ཅིང་མོས་པ་སྐྱེས་པའོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་དགེ་སློང་རྣམས་ང་བྱང་ཆུབ་སེམས་དཔར་གྱུར་ཏོ་ཞེས་པའི་བར་དུ་ནི་བསྡུས་པའོ། །མདོ་ལས་ང་མྱ་ངན་ལས་འདས་ནས་ཞེས་པ་ནས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པའི་བར་དུ་ནི་འཕགས་པ་ཉན་ཐོས་པ་རྣམས་

མཐར་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པར་འགྱུར་རོ་ཞེས་པ་ནི་སངས་རྒྱས་བཞུགས་ཏེ། དགེ་བའི་བཤེས་གཉེན་གྱིས་བླ་ན་མེད་པའི་གནས་སུ་བསྒྱུར་བ་བཞུགས་ན་ནི་དེ་ལྟར་ཡང་རུང་ན་སངས་རྒྱས་མི་བཞུགས་པའི་ཁམས་སུ་ཉན་ཐོས་ལ་སོགས་པའི་རིགས་སུ་སེམས་བསྐྱེད་པ་རྣམས་བྱང་

ཆུབ་སེམས་དཔའ་སྤྱོད་པ་རྒྱ་ཆེན་པོ་མ་ཐོས་པའི་རྣམས་ཐལ་བྱུང་ཉན་ཐོས་པའི་རིགས་སུ་ལྟུང་ཞིང་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་མི་འཇུག་གམ་ཞེས་པའི་དོགས་པ་བསལ་བའི་ཕྱིར་འདི་སྨྲས་པ་སྟེ། དེ་ལ་ཡང་དང་པོ་གླེང་བ་དང་། དེ་ཡང་སངས་རྒྱས་སུ་གྲུབ་པ་དང་། དེ་གྲུབ་པའི་

གཏན་ཚིགས་ཏེ། འདི་ནི་དང་པོའོ། །མདོ་ལས་ཡང་དགེ་སློང་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་ཞེས་པ་ནས་ཡེ་ཤེས་ཚོལ་ཞིང་སྐྱེའོ་ཞེས་པའི་བར་དུ་ནི་དེ་སངས་རྒྱས་སུ་གྲུབ་པ་བསྟན་ཏེ། བཅོམ་ལྡན་འདས་ཁམས་འདིར་མྱ་ངན་ལས་འདས་པ་སྟོན་ཀྱང་ཡུལ་ཁམས་གཞན་དུ་སེམས་ཅན་གྱི་དོན་

Vol. 120 · folio 287a

མཛད་པར་ཉན་ཐོས་རྣམས་ཀྱང་དེར་སྐྱེ་བ་དང་། དེར་སྐྱེ་བ་ཡང་ཉན་ཐོས་ཀྱི་བསྐལ་པ་སྨིན་པ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེས་ཀྱང་སྐྱབས་ཏེ། དེར་སྐྱེ་བས་སངས་རྒྱས་སུ་ལུང་སྟོན་ཏོ། །མདོ་ལས་དེ་ནས་ཡང་དེ་བཞིན་གཤེགས་པའི་ཞེས་པ་ནས་ཡིན་པར་རིག་པར་

བྱ་བ་ཞེས་པའི་བར་དུ་ནི་དེ་གྲུབ་པའི་གཏན་ཚིགས་བསྟན་ཏེ། ཐེག་པ་དེ་གཉིས་ཀྱང་མཐར་ཐེག་པ་ཆེན་པོར་འདུ་སྟེ། མྱ་ངན་ལས་འདས་པར་འགྱུར་གྱིས་ལོགས་ཤིག་ན་མྱ་ངན་ལས་འདས་པ་མེད་དེ། གཉིས་དང་གསུམ་བསྟན་པ་ཡང་སེམས་ཅན་གྱི་དབང་པོ་མི་མཐུན་པ་ལས་ཐབས་ཀྱིས་བཤད་པར་

ཟད་ཀྱི་ངེས་པར་གཉིས་དང་གསུམ་དུ་མེད་དོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། མྱ་ངན་ལས་འདས་པ་ནི་ཇི་ལྟ་བུ། མྱ་ངན་ལས་འདས་པ་ཆེན་པོ་ནི་ཇི་ལྟ་བུ་ཞེས་དྲིས་པ་དང་། ཉན་ཐོས་དང་རང་སངས་རྒྱས་བསྐལ་པ་བརྒྱད་ཁྲིའམ། དྲུག་ཁྲིའམ། བཞི་ཁྲིའམ། ཉི་ཁྲིའམ། ཁྲི་གཅིག་

གི་བར་དུ་བཞུགས་པའི་གནས་དེ་ནི་མྱ་ངན་ལས་འདས་པའོ། །འཕགས་པ་ཆོས་ཀྱི་རྒྱལ་པོའི་གནས་དེ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་གསུངས་སོ།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་བརྒྱད་པ་སྟེ་ཐ་མ། མདོ་ལས་དགེ་སློང་རྣམས་གང་གི་ཚེ་ན་ཞེས་པ་ནས་བསམ་

གཏན་ཆེན་པོ་དང་ལྡན་པ་གཟིགས་ན་ཞེས་པའི་བར་དུ་ནི་རྣམ་པ་གསུམ་དུ་དབྱེ་སྟེ། དོན་དང་། དཔེ་དང་། བསྡུ་བའོ། །དང་པོ་ལ་ཡང་རྣམ་པ་གཉིས་ཏེ། སྔར་ནི་ངེས་པའི་དོན་བསྟན་ཕྱིས་ནི་དྲང་བའི་དོན་བསྟན་ཡང་སྤྱིར་ནི་རྣམ་པ་གཉིས་ཏེ། དབང་པོ་སྨིན་པའི་དུས་དང་། ཐེག་པ་གཅིག་ཏུ་

བཤད་པའོ། །དབང་པོ་སྨིན་པ་ཡང་མྱ་ངན་ལས་འདའ་བའི་དུས་སུ་བསྟན་པ་དང་། ཉོན་མོངས་པ་ཟད་ཅིང་རྣམ་པར་བྱང་བ་བསྟན་པ་དང་། ཐེག་པ་རྣམ་པ་གསུམ་ཉོན་མོངས་པ་ལས་འབྱུང་བར་བསྟན་པ་དང་སྟོང་པ་ཉིད་རྟོགས་པ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་སྟེ། ཏིང་

ངེ་འཛིན་ནི་བསམ་གཏན་བཞི་དང་། དགུ་ལས་ལྡང་བ་དང་། འཇུག་པ་བསྟན་ཏོ། །མདོ་ལས་དགེ་སློང་རྣམས་དེ་བཞིན་གཤེགས་པ་ཞེས་པ་ནས་གསུམ་དུ་ལྟ་སྨོས་པའི་བར་དུ་ནི་ཐེག་པ་གཅིག་པོའི་དོན་བསྟན་ཏེ། དགོངས་པ་ངེས་པར་འགྲེལ་པ་ལས་ནི་ཐེག་པ་རྣམ་བཞིར་བསྟན་པ་ནི་ངེས་

Vol. 120 · folio 287b

པའི་དོན་ཏེ། ཐེག་པ་གཅིག་པུ་སྟོན་པ་ནི་བཀྲི་བའི་དོན་ཞེས་སྟོན་ཏེ། འདིས་ནི་བྱང་ཆུབ་ཀྱི་སེམས་ལས་ལོག་པ་རྣམས་ཟློག་པའི་དོན་དུ་སྟོན་པས་འདིར་ཐེག་པ་གཅིག་པུ་འདི་ངེས་པའི་དོན་དུ་སྟོན་ཏོ། །མདོ་ལས་དགེ་སློང་རྣམས་འདི་ནི་ཞེས་པ་ནས་མྱ་ངན་ལས་འདའ་བ་འཆད་དོ་ཞེས་པའི་བར་དུ་

ནི་འདིས་དྲང་བའི་དོན་གྱི་གཏན་ཚིགས་བསྟན་ཏེ། སེམས་ཅན་དད་པ་མི་མཐུན་པ་རྣམས་སོ་སོའི་ཡིད་དང་མཐུན་པར་ཐབས་ཀྱི་ཆོས་སྟོན་ཏེ། སེམས་ཅན་དབང་པོ་ཞན་པ་འདོད་པ་རྣམ་ལྔ་ལས་ཟློག་པའི་དོན་ཙམ་དུ་འཁོར་བ་ལས་ཟློག་པ་བསྟན། དེ་ལས་བཟླ་བའི་ཕྱིར་ཐེག་པ་གཅིག་པོ་

རིན་པོ་ཆེའི་འབྱུང་གནས་སུ་འཛུད་དོ། །མདོ་ལས་འདི་ལྟ་སྟེ་དགེ་སློང་རྣམས་དཔེ་ལས་ཞེས་པ་ནས་ལྷག་པར་གྱུར་ཏོ་ཞེས་པའི་བར་དུ་ནི་དཔེ་འདིས་ནི་སྔར་དྲང་བའི་དོན་གྱི་དཔེ་བསྟན། ཕྱིས་ནི་ངེས་པའི་དོན་གྱི་དཔེ་སྟོན་ཏེ། དེ་དྲང་བའི་དོན་ལ་ཡང་དཔེ་རྣམ་པ་བཞི་སྟེ། མྱ་ངན་དགོན་

པ་ལས་བསྒྲལ་བའི་དཔེ་དང་། འཁོར་རྣམས་སེམས་ནུར་བའི་དཔེ་དང་། ཚོང་དཔོན་ཐབས་མང་པོ་སྟོན་པའི་དཔེ་དང་། གླིང་དུ་ལྟ་བ་སྟོན་པའི་དཔེ་དང་། འདི་ནི་དང་པོའོ། །དཔག་ཚད་ལྔ་བརྒྱ་ཞེས་པ་ནི་འགྲོ་བ་རྣམ་ལྔར་འཁོར་བའོ། །རིན་པོ་ཆེའི་གླིང་ཞེས་པ་ནི་མྱ་ངན་ལས་འདས་པའི་གླིང་ངོ་། །

མདོ་ལས་དེ་དག་ལས་མྱ་ངན་ལས་འདས་པའི་མཚན་མ་གཅིག་པོ་ཞེས་པ་ནས་དེ་དག་སྒྲོལ་ལོ་ཞེས་པའི་བར་དུ། མཚན་མ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་ཡོན་ཏན་ཡང་ལྔའོ། །གསལ་བ་ཞེས་པ་ནི་དབང་པོ་རྣོ་བའོ། །མཁས་པ་ཞེས་པ་ནི་དགེ་ངན་འབྱེད་པའོ། །རིག་

པ་ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་རིག་པའོ། །དགེ་བ་ཞེས་པ་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །ལམ་ལ་སྒྲོལ་བ་ནི་འགྲོ་བ་རྣམ་ལྔ་ལས་སྒྲོལ་བའོ། །མདོ་ལས་དེ་དག་འགྲོ་བ་མང་པོ་ཞེས་པ་ནས་སླར་ལྡོག་གོ་ཞེས་པའི་བར་དུ་ནི་འདིས་ལྡོག་པའི་དཔེ་བསྟན་ཏེ། ཐེག་པ་ཆེན་པོའི་

སྒྲུབ་པ་བསྐལ་པ་དྲུག་ཅུའི་བར་དུ་དཀའ་བ་སྤྱོད་པ་བྱང་ཆུབ་སེམས་དཔའ་སྤྱོད་པས་དུབ་པ་དང་། འཕགས་པའི་སྤྱོད་པས་སྐྲག་ཅིང་འབྲས་བུ་ཆུང་ངུ་ལ་གཞོལ་བར་སེམས་པའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་གྲོང་ཁྱེར་མངོན་པར་སྤྲུལ་ཞེས་པའི་བར་དུ་ནི་སྤྲུལ་པའི་གྲོང་ཁྱེར་

Vol. 120 · folio 288a

བསྟན་པའི་དཔེ་སྟེ། དེ་ལ་ཡང་སེམས་སུ་གཞུག་པ་དང་། གྲོང་ཁྱེར་བསྟན་པ་དང་། དེར་འཇོག་པ་དང་། གྲོང་ཁྱེར་དེའི་ཡོན་ཏན་བསྟན་པ་དང་བཞི་སྟེ། འདི་ནི་དང་པོའི་གཉིས་པ་དང་སྦྱར་རོ། །ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་ཇི་ལྟར་ལྷའི་རྔ་ཆེད་དུ་བསམས་པ་

མེད་པ་འབད་པ་མེད་པར་སྒྲ་འབྱུང་བ་བཞིན་དེ་བཞིན་གཤེགས་པའི་ཐུགས་རྗེས་སེམས་ཅན་རྣམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་གཟིགས་པ་ཡང་ལྷུན་གྱིས་གྲུབ་པའི་དབང་གིས་དགོངས་ཞེས་པའི་དོན་ཏོ། །དཔག་ཚད་བརྒྱ་འམ་ཉིས་བརྒྱ་ཞེས་པ་ནི་འཁོར་བའི་གནས་དང་སྡུག་བསྔལ་

གྱི་ས་ཅི་རིགས་པར་སྦྱར་རོ། །གྲོང་ཁྱེར་ཞེས་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་གྱི་གྲོང་ཁྱེར་ཏེ། ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པ་ཉིད་དང་སྦྱར་རོ། །མདོ་ལས་དེས་སྐྱེས་བུ་དེ་དག་ལ་ཞེས་པ་ནས་རིན་པོ་ཆེའི་གླིང་དེར་དོང་ངོ་ཞེས་པའི་བར་དུ་ནི་དེར་གནས་པ་དང་། འཇིགས་པ་མེད་པ་

དང་། གྲོང་ཁྱེར་དེར་ཞུགས་པའི་ཡོན་ཏན་བསྟན་ཏོ། །དེར་འཇུག་པའི་ཡོན་ཏན་ཡང་བདེ་བ་ཐོབ་པ་དང་། སྡུག་བསྔལ་ཞི་བར་གྱུར་པའོ། །མདོ་ལས་དེ་ནས་དགེ་སློང་རྣམས་ཞེས་པ་ནས་བསིལ་བར་འདུ་ཤེས་སོ་ཞེས་པའི་བར་དུ་ནི་དུབ་པ་རྣམས་བསྟི་བའི་དཔེ་བསྟན་པ་སྟེ། དེ་ལ་

ཡང་རྣམ་པ་གཉིས་སོ། །སྔར་སློབ་པ་རྣམས་སེམས་བསྡུ་ཞིང་བརྩོན་པ་བསྐྱེད་པ་དང་། ཕྱིས་མི་སློབ་པ་རྣམས་རྣམ་པར་གྲོལ་བའི་ལམ་ལ་གཟུད་ཅིང་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པར་འགྱུར་བའི་འཆི་འཕོ་ལས་མ་བྲལ་བའི་ཕྱིར་གྲོང་ཁྱེར་དུ་ཞུགས་པའི་བསམ་པ་

བསྐྱེད་པ་དང་། མི་སློབ་པའི་ས་ཐོབ་པ་འགོག་པ་དང་། ལམ་གྱི་མཐར་ཕྱིན་པ་དག་ཀྱང་རྒལ་བ་དང་བསིལ་བའི་འདུ་ཤེས་བསྐྱེད་པའོ། །མདོ་ལས་མཚན་མས་ངལ་སོས་པར་ཤེས་ནས་ཞེས་པ་ནས་ཁྱེད་འདོང་ངོ་ཞེས་པའི་བར་དུ་ནི། དཔེ་རྣམ་པ་གཉིས་ལ་འདི་ནི་ངེས་པའི་དོན་བསྟན་

ཏེ། སྔར་ནི་སྤྲུལ་པ་བསྟན། ཕྱིས་ནི་ཡང་དག་པ་བསྟན་ཏེ། སྤྲུལ་པའི་གྲོང་ཁྱེར་ཞེས་པ་ནི་ཐེག་པ་རྣམ་པ་གཉིས་ཀྱི་གནས་ཏེ་བསྟི་བའི་གནས་དེ་བསྟི་བའི་གནས་དང་འདྲ་བར་བསྟན་པ་ཡིན་གྱི། ཐེག་པ་ཆེན་པོ་རིན་པོ་ཆེའི་འབྱུང་གནས་དེ་ནས་ཉེ་ཞེས་པར་དཔེ་སྨྲས་པ་ཡིན་ནོ། །མདོ་ལས་

Vol. 120 · folio 288b

དེ་བཞིན་དུ་དགེ་སློང་རྣམས་ཞེས་པ་ནས་སྤང་བར་བྱའོ་ཞེས་པའི་བར་དུ་ནི་དོན་ཕྱི་མ་དེང་སྦྱར་བ་སྟེ། སྔར་ནི་དྲང་བ་དང་སྦྱར་ཕྱིས་ནི་ངེས་པ་དང་སྦྱར་ཏེ། འཁོར་བ་དང་སྡུག་བསྔལ་ལས་རྒལ་བ་དང་སྤངས་པའོ། །མདོ་ལས་དེ་ནས་སེམས་ཅན་འདི་དག་ཅེས་པ་ནས་མི་རུང་གི་ཞེས་པའི་བར་དུ་ནི་

འདིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་ལ་སེམས་ཞུམ་པ་བསྟན་པའོ། །མདོ་ལས་དེ་བཞིན་གཤེགས་པས་ཞེས་པ་ནས་ས་གཉིས་བསྟན་ཏོ་ཞེས་པའི་བར་དུ་ནི་དཔེ་དང་དོན་དུ་སྦྱར་བ་སྟེ། ས་གཉིས་ཞེས་པ་ནི་དབང་པོ་གཉིས་ཀྱིས་བསླབ་པར་བྱ་བ་དང་། ཡེ་ཤེས་གཉིས་པས་

ཆུད་པར་བྱ་བའི་སའོ། །མདོ་ལས་དགེ་སློང་རྣམས་གང་གི་དུས་ན་ཞེས་པ་ནས་ཐབས་མཁས་པའོ་ཞེས་པའི་བར་དུ་ནི་དཔེ་འོག་མས་ངེས་པའི་དོན་དང་སྦྱར་བ་སྟེ། བྱ་བ་མ་བྱས་ཞེས་པ་ནི་སྐྱེ་བའི་ལྷག་མ་ལུས་པའོ། །གང་སྐྱེ་བའི་ལྷག་མ་ལུས་པ་ནི་ཚངས་པར་སྤྱོད་པ་མ་སྤྱད་པས་མཐར་

མ་ཕྱིན་པ་དང་སྦྱར་རོ། །ལྟོས་ཤིག་རྟོགས་ཤིག་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་ཡེ་ཤེས་ལ་འཇུག་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་རྒྱལ་བ་དེ་ལ་མཆོད་ཅིང་བཀུར་སྟི་བྱེད་ཅེས་པའི་བར་དུ་ནི་འདི་མན་ཆད་ཚིགས་སུ་བཅད་པ་བཞི་བཅུ་རྩ་དགུ་ལས་སུམ་

ཅུ་རྩ་ཕྱེད་དང་གཅིག་གིས་ནི་སྔོན་གྱི་རྒྱུ་བསྟན། དེའི་འོག་མ་རྣམས་ཀྱིས་ནི་ད་ལྟར་གྱི་འབྲས་བུ་བསྟན་ཏོ། །མདོ་ལས། དེ་ནས་རྒྱལ་བས་སྡུག་བསྔལ་བ། །ཞེས་པ་ནས། ཚངས་པའི་གཞལ་མེད་ཁང་རྣམས་རབ་ཏུ་བསྐྱོད། །ཅེས་པའི་བར་དུ་ནི་ཆོས་བཤད་པར་གསོལ་བ་སྟེ་ཅི་རིགས་

པར་སྦྱར་རོ། །མདོ་ལས་ཤར་ཕྱོགས་སུ་བྱེ་བ་སྟོང་ཕྲག་ནི་ཞེས་པ་ནས། མི་ཡི་འཆི་བདག་དེ་ཡང་ཤེས་པར་བྱ། །ཞེས་པའི་བར་དུ་ནི་ཆོས་བཤད་པར་གསོལ་བ་དང་། ཡང་དག་པར་སྟོན་པ་འཆད་པ་དང་། སེམས་ཅན་རྣམས་ཀྱིས་ཕན་པ་ཐོབ་པའོ། །མདོ་ལས། དེ་ཡི་ཆོས་རྣམས་བཤད་

མ་ཐག་ཏུ་ནི། །ཞེས་པ་ནས་དེ་དག་མཐར་མི་ཕྱིན་ཞེས་པའི་བར་དུ་ནི་སེམས་ཅན་གྱི་ཕན་པ་ཐོབ་པ་བསྟན་ཏོ། །མདོ་ལས། རྒྱལ་བུ་བཅུ་དྲུག་དེ་དག་ཀྱང་། །ཞེས་པ་ནས། ཇི་ལྟར་དཔའ་བོ་སྤྱན་གཙང་ཁྱོད་བཞིན་དུ། །ཞེས་པའི་བར་དུ་ནི་ཆོས་ཀྱི་སྲས་ཀྱི་རྒྱུད་བསམ་པ་བསྟན་ཏེ། མདོ་ལས་འབྱུང་

Vol. 120 · folio 289a

བ་བཞིན་དུ་གོ་བར་གྱིས་ཤིག །མདོ་ལས། རྒྱལ་བ་དེས་ནི་དེ་དག་བསམ་མཁྱེན་ནས། །ཞེས་པ་ནས། དགེ་སློང་གནས་བརྟན་འཇིགས་པར་མ་བྱེད་ཅིག །ཅེས་པའི་བར་དུ་ནི་ཚིག་ལྷུག་པ་དང་སྦྱར་ཞིང་གོ་བར་གྱིས་ཤིག །མདོ་ལས། ཇི་ལྟར་དགོན་པ་མ་རུངས་

འཇིགས་པར་འགྱུར། །ཞེས་པ་ནས། དགོན་པ་མྱ་ངན་རབ་ཏུ་འཇིགས་པ་ཡི། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་བཅུ་དགུས་འབྲས་བུ་ཐོབ་པ་དང་། བཀྲི་བའི་དོན་སྤངས་ཤིང་ངེས་པའི་དོན་ལ་འཇུག་པ་བསྟན་ཏོ། །གཅན་གཟན་འཇིགས་པ་ལས་སྒྲོལ་བ་ནི་ཉོན་མོངས་

པའི་ལས་སྣ་ཚོགས་སོ། །ཆུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྟན་པས་དབུགས་འབྱིན་ཞེས་པའོ། །མདོ་ལས་སྲོག་ཆགས་བྱེ་བ་སྟོང་པོ་དག་སྐྱེའོ་ཞེས་པ་ནས། ལྡོག་པར་དགའ་ཞེས་པའི་བར་དུ་ནི་ལྡོག་པའི་དཔེ་བསྟན་ཏོ། །མདོ་ལས། དེ་ནས་མཁས་ཤིང་རྟོགས་པ་དེ་ཡིན་

ཞེས་པ་ནས་ཕྱིར་ཟློག་པ་ཞེས་པའི་བར་དུ་ནི་སྤྲུལ་པའི་གྲོང་ཁྱེར་ཤོམ་པའི་དཔེའོ། །མདོ་ལས། འདི་ལྟར་ང་ཡི་རྫུ་འཕྲུལ་སྟོབས་ཀྱིས་དེང་། །ཞེས་པ་ནས། སྐྱེས་པ་བུད་མེད་མཚུངས་མེད་ལྡན། །ཞེས་པའི་བར་དུ་ནི་གྲོང་ཁྱེར་མངོན་པར་སྤྲུལ་པ་ཉིད་བསྟན་ཏེ། གྲོང་ཁྱེར་ཞེས་པ་ནི་མྱ་ངན་ལས་འདས་

པའི་གྲོང་ཁྱེར་རོ། །ཁང་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཐའ་སྟེ། མདོ་དག་ལས་ཀྱང་དོན་དམ་པའི་སྟོང་པ་ཉིད་ནི་ཁང་པ། བྱང་ཆུབ་ཀྱི་ཡན་ལག་ནི་མེ་ཏོག་གི་རྒྱན། གཟུངས་ནི་སྐྱེད་མོས་ཀྱི་ར་བ། ཆོས་ཆེན་པོ་ནི་ཚལ། བསམ་གཏན་དགུ་ནི་ཆུའོ། །རྣམ་པར་ཐར་པ་བརྒྱད་ནི་རྫིང་བུ།

རྣམ་པར་ཐར་པ་གསུམ་ནི་སྒོ་ཁང་། མཐོ་བ་དང་མཛེས་པར་བརྒྱན་པ་ནི་མུ་སྟེགས་ཅན་ལས་འཕགས་པའི་དཔེ་ཡང་དག་པ། བདེན་པའི་ཆོས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས། སྙིང་རྗེ་ཆེན་པོ་ནི་བུ་མོར་བལྟའོ། །མདོ་ལས། སྤྲུལ་པ་བྱས་ནས་དེ་ལ་འདི་སྐད་སྨྲ། །ཞེས་པ་ནས། ཞུགས་ཏེ་དོན་རྣམས་

རབ་ཏུ་མྱུར་བར་བྱོས། །ཞེས་པའི་བར་དུ་ནི་འཇུག་པར་གཞོན་གདབ་པའོ། །མདོ་ལས། མྱ་ངན་འདས་ཤིང་སེམས་ནི་དགའ་བར་བྱོས། །ཞེས་པ་ནས། དེ་ནས་དེ་དག་ཐམས་ཅད་མཐར་འགྲོ་བ། །ཞེས་པའི་བར་དུ་ནི་དུབ་པ་བསྟི་བའི་དཔེ་བསྟན་ཏོ། །མདོ་ལས། ཐམས་ཅད་ངལ་སོས་པ་ཡི་

Vol. 120 · folio 289b

ཚུལ་རིག་ནས། །ཞེས་པ་ནས། གླིང་དུ་འགྲོ་བའི་ཕྱིར་ནི་བརྩོན་འགྲུས་བསྐྱེད། །ཅེས་པའི་བར་དུ་ནི་ངེས་པའི་དོན་སྟོན་པའི་དཔེའོ། །མདོ་ལས། དགེ་སློང་དེ་བཞིན་ང་ཡང་འདྲེན་པ་སྟེ། ཞེས་པ་ནས་ཁྱེད་ཅག་བྱ་བ་བྱས་ཞེས་པའི་བར་དུ་ནི། འདི་མན་ཆད་དཔེ་དང་དོན་དུ་སྦྱར་བ་དང་། བཀྲི་བའི་

དོན་དང་། ངེས་པའི་དོན་སྟོན་ཏེ། འདི་ནི་དང་པོའོ། །མདོ་ལས། དུས་སུ་ནམ་ཞིག་གནས་འདིར་འདུག་པ་ཡི། །ཞེས་པ་ནས། ཆོས་འདི་ཇི་བཞིན་ཡང་དག་དོན་བཤད་དོ། །ཞེས་པའི་བར་དུ་ནི་ཡང་དག་པར་སྟོན་པའི་གླེང་བའོ། །མདོ་ལས། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །

ཞེས་པ་ནས། སངས་རྒྱས་གྱུར་ནས་མྱ་ངན་འདས་པ་ཡིན། །ཞེས་པའི་བར་དུ་ནི་དྲང་བའི་དོན་བོར་ལ། ངེས་པའི་དོན་ལ་ཞུགས་ཞེས་པར་བསྟན་པའོ། །མདོ་ལས། འདྲེན་པ་རྣམས་ཀྱིས་བསྟན་པ་འདི་འདྲའོ། །ཞེས་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད། །ཅེས་པའི་

བར་དུ་ནི་བསྡུས་པ་བསྟན་ཏོ།། །།འདི་མན་ཆད་དགེ་སློང་ལྔ་བརྒྱ་ལུང་བསྟན་པའི་ལེའུ་སྟེ། གཏན་ཚིགས་དང་། མིང་དང་། དྲིས་པའི་ལན་དང་གསུམ་དུ་དབྱེའོ། །ལེའུ་འདིའི་མིང་གདགས་པའི་གཏན་ཚིགས་ཀྱང་རྣམ་པ་བཞི་སྟེ། དབང་པོའི་རིམ་པ་བཞིན་དུ་ལུང་སྟོན་པས་དབང་པོ་རྣོན་

པོ་རྣམས་ལུང་བསྟན་པའི་འོག་ཏུ་ལུང་སྟོན་པ་འདི་འབྱུང་བ་དང་། ལྷག་པའི་ང་རྒྱལ་ཅན་བསམ་གཏན་སྤྱོད་པ་མེད་པ་དག་སེམས་གཡེང་བ་བསྡུས་པའི་དོན་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་ཡོད་པར་མི་ཤེས་པའི་དཔེར་ལུས་ལ་རིན་པོ་ཆེ་ཐོགས་པའི་དཔེ་བསྟན་ཏེ། ཏིང་ངེ་འཛིན་དང་ཐེག་པ་ཆེན་པོ་

ལ་གཞུག་པའི་ཕྱིར་ལེའུ་འདི་སྟོན་པ་དང་། བླ་ན་མེད་པ་བཅུ་ལས་ཤེས་པར་བྱ་བ་བླ་ན་མེད་པ་བསྟན་པའི་ཕྱིར་ཐེག་པ་ཆེན་པོའི་དགེ་བའི་རྩ་བ་ཡོད་པ་བསྟན་པའི་ཕྱིར་ལེའུ་འདི་བསྟན་པ་དང་། ལུང་སྟོན་པ་རྣམ་པ་དྲུག་ལ་མཉམ་པ་ལས་དགོངས་ཏེ་ལུང་སྟོན་པ་ཉིད་བསྟན་པའི་ཕྱིར་ལེའུ་འདི་

བཤད་པའོ། །ལྔ་བརྒྱ་ནི་གྲངས་སོ། །དགེ་སློང་ཞེས་པ་ནི་དངོས་པོའོ། །ལུང་བསྟན་ཞེས་པ་ནི་དོན་དེ་ལས་མང་དུ་བཏགས་པའོ། །ལེའུ་འདིའི་ནང་ནས་རིན་པོ་ཆེ་ལུས་ལ་ཐོགས་པའི་དཔེས་དོན་སྟོན་ན་མིང་དེ་ལས་མི་གདགས་པར་ཅིའི་ཕྱིར་ལུང་བསྟན་པའི་ལེའུ་ཞེས་གདགས་ཞེས་དྲི་བ་དང་དེ་

Vol. 120 · folio 290a

ནི་དབང་པོ་སྨིན་པ་སེམས་སྐྱེས་པ་རྣམས་སྔར་ལུང་བསྟན་ཏེ། དེའི་འོག་ཏུ་དཔེ་སྟོན་པའི་ཕྱིར་མིང་དེར་བཏགས་ཀྱང་ཉེས་པ་མེད་དོ། །ཡང་འཁོར་དེར་དགེ་སློང་སྟོང་ཉིས་བརྒྱ་ལུང་བསྟན་པ་ཐོབ་ན་འདིར་ལྔ་བརྒྱ་ཉི་ཚེར་སྨོས་པ་ཅིའི་ཕྱིར་དྲིས་པ་དང་། དགེ་སློང་དེ་རྣམས་འཁོར་དེ་

ཉིད་ན་འདུག་གི་གཞན་དེ་ན་མི་འདུག་པས་མངོན་དུ་གྱུར་པ་རྣམས་ལུང་བསྟན་པ་དང་། སྟོང་ཉིས་བརྒྱ་ནི་སྤྱིར་ལུང་བསྟན་གྱི། འདི་ནི་ཕྱེ་སྟེ་ལུང་བསྟན་པའི་ཕྱིར་ཞེས་ཀྱང་འཆད་དོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་གང་པོ་མཻ་ཏྲིའི་བུ་ཞེས་པ་ནས་འདི་དག་ཐོས་ནས་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ལ་

དང་པོར་གུས་པ་བསྟན་པ་དང་། དེའི་འོག་ཏུ་བཀའ་དམ་པ་མནོས་པ་སྟེ། དེའི་དང་པོ་ལ་ཡང་གུས་པའི་ཚུལ་དང་། མནོས་པའི་དོན་ཏོ། །མནོས་པའི་དོན་ཡང་ངེས་པའི་དོན་དང་། དྲང་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་ཆེ་བ་ཉིད་ཅེས་པ་ནི། ཆོས་སྟོན་པར་དགོངས་པའི་ལྟས་འོད་ཀྱིས་

ཁྱབ་པར་མཛད་པ་དང་། ས་གཡོ་བ་དང་མེ་ཏོག་འབྲུལ་བས་འཁོར་གྱི་རྣམ་པ་བསྐུལ་བ་དང་གཟེངས་བསྟོད་པ་ལ་སོགས་པ་མཛད་པའོ། །མདོ་ལས་ངོ་མཚར་དུ་གྱུར་པ་ནས་ཞབས་ལ་ཕྱག་འཚལ་ནས་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ལ་གུས་པའི་ཚུལ་བསྟན་ཏོ། །མདོ་ལས་ངོ་མཚར་ཏོ་

བཅོམ་ལྡན་འདས་ཞེས་པ་ནས་མིག་མི་འཛུམས་པར་བལྟའོ་ཞེས་པའི་བར་དུ་ནི་འདིས་སེམས་ཅན་གྱི་བསམ་པ་མཁྱེན་པ་བསྟན་ཏོ། །སྔར་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བསྟན། དེའི་འོག་ཏུ་ནི་སེམས་ཀྱི་རྣམ་པ་ཅི་དང་ཅིར་དགྲོལ་བ་མཁྱེན་གཟིགས་པ་སྟོན་པ་དེ་ཡང་

སངས་རྒྱས་ཉག་ཅིག་གིས་མཁྱེན་གྱི། གཞན་གྱིས་ནི་མི་ནུས་སོ་ཞེས་པར་སྦྱར་རོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་མཻ་ཏྲིའི་བུ་ལྟོས་ཤིག་ཅེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་དྲིས་པ་བསྟན་ཏེ། མངོན་དུ་གྱུར་པ་འདི་ལྟོས་ཤིག་ཅེས་པ་བསྟན་ཏོ། །མདོ་ལས་འདི་ནི་ངས་

དགེ་སློང་གི་ཞེས་པ་ནས་མང་པོས་བསྟོད་དོ་ཞེས་པའི་བར་དུ་ནི་ད་ལྟར་གྱི་ཡོན་ཏན་སྟོན་ཏེ། ཡོན་ཏན་དེ་ཡང་སྔར་ནི་ཡོན་ཏན་གྱི་སྤྱི་བསྟན། དེའི་འོག་ཏུ་ནི་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །མདོ་ལས་རྣམ་པ་མང་པོས་ངའི་བསྟན་པ་འདི་ལ་ཞེས་པ་ནས་གཞན་གྱི་མཐར་ཕྱིན་པར་མི་ནུས་སོ་ཞེས་པའི་བར་དུ་

Vol. 120 · folio 290b

འདིས་ནི་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །མདོ་ལས་དགེ་སློང་རྣམས་འདི་ཡིད་ལ་ཇི་སྙམ་དུ་སེམས་ཞེས་པ་ནས་སངས་རྒྱས་བདུན་པོ་དེ་དག་གི་ཐ་མ་ནི་ང་ཡིན་དེ་དག་གི་ཡང་ཆོས་འཆད་པའི་མཆོག་ཏུ་གྱུར་ཏོ་ཞེས་པའི་བར་དུ་ནི་ཡོན་ཏན་གྱི་ཁྱད་པར་དེ་དག་ལ་ཡང་དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་

དང་། འཁོར་དགའ་ཞིང་ཕན་པ་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་ཆོས་སྒྲོགས་པ་ལ་མཁས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་བཏགས་པ་དང་། སྤོབས་པ་ཁྱད་པར་ཅན་དུ་གྱུར་པའོ། །སྟོང་པ་ཉིད་ཀྱིས་འགྲོས་སུ་ཞེས་པ་ནི་དགེ་བའི་བློ་གྲོས་ཀྱི་ས་ལ་གནས་པ་

སྟེ། ཐེ་ཚོམ་ཐམས་ཅད་སྤངས་པའོ། །ཡོངས་སུ་སྨིན་པར་བྱས་སོ་ཞེས་པ་ནི་ཆོས་ཀྱི་སྤྲིན་གྱི་ས་ལ་གནས་པས་སེམས་ཅན་མང་པོ་ལ་ཕན་ཐོགས་ཞེས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ནི། ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བ་རྣམས་བྱང་ཆུབ་ཏུ་སེམས་

བསྐྱེད་དེ། ཐེག་པ་ཆེན་པོ་ལ་བཀོད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྱུར་ཏོ། །བྱང་ཆུབ་ཏུ་བསྒྱུར་བ་དེ་ཉིད་གཞན་གྱི་དོན་བྱེད་པ་སྟེ། སངས་རྒྱས་ཀྱི་མཛད་པ་དེས་ཞིང་བརྒྱན་ཞེས་པའོ། །མདོ་ལས་དགེ་སློང་རྣམས་བསྐལ་པ་བཟང་པོ་འདི་ལ་ཞེས་པ་ནས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་

པའི་བར་དུ་ནི་དེ་བཞིན་གཤེགས་པའི་ཆོས་འཛིན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའོ། །མདོ་ལས་རྟག་ཏུ་རྒྱུན་མི་གཅོད་དོ་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཏེ་ཞེས་པའི་བར་དུ་ནི་སེམས་ཅན་གྱི་དོན་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལམ་

བསྟན་པ་དང་། དངོས་འབྲས་བུ་མཚོན་ཏེ་ལུང་བསྟན་པའོ། །མདོ་ལས་སངས་རྒྱས་ཀྱི་ཞིང་འདིར་ཞེས་པ་ནས་ཡོངས་སུ་གང་བར་འགྱུར་རོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་ཞིང་གི་རྒྱན་སྟོན་ཏེ། རྒྱན་དེ་ཡང་རིན་པོ་ཆེ་ལས་བྱས་པ་དང་མཉམ་པ་ཞེས་པར་བསྡུའོ། །མདོ་

ལས་ལྷའི་གཞལ་མེད་ཁང་དང་ཞེས་པ་ནས་བུད་མེད་ཀྱང་མེད་དེ་ཞེས་པའི་བར་དུ་ནི་དེ་ན་དགེ་བ་འབའ་ཞིག་ཅེས་པའི་དོན་ཏེ། ལྷ་དང་ཉེ་བ་གཅིག་གིས་གཅིག་མཐོང་བ། ངན་སོང་གསུམ་མེད་པ། འདོད་ཆགས་ཀྱི་གཞི་མེད་པས་རྫུས་ཏེ་སྐྱེ་བ་ཤ་སྟག་གོ་བར་སྦྱར་རོ། །མདོ་ལས་རྫུས་ཏེ་སྐྱེ་བ་ཚངས་

Vol. 120 · folio 291a

པར་སྤྱོད་པ་ཞེས་པ་ནས་ལུས་བརྒྱན་པར་འགྱུར་རོ་ཞེས་པའི་བར་དུ་ནི་ལྷ་དང་མིའི་མཚན་ཉིད་ནི་རྫུ་འཕྲུལ་དང་ལྡན་པ། ལུས་འོད་ཅན་ནམ་མཁའ་ལ་འགྲོ་བ། ཡིད་བརྟན་པ། བརྩོན་འགྲུས་དང་ལྡན་པ། ཤེས་རབ་ཅན་མཚན་དང་ལྡན་པ་ཞེས་དབྱེའོ། །མདོ་ལས་

དགེ་སློང་རྣམས་ཡང་དེའི་དུས་ན་ཞེས་པ་ནས་བསམ་གཏན་གྱི་དགའ་བའི་ཟས་སོ་ཞེས་པའི་བར་དུ་ནི་ལུས་ཅིས་བཟུང་བའི་དོན་སྟོན་ཏེ། མདོ་ལས་ཟས་རྣམ་པ་བཞི་དང་། དགུ་དག་ཏུ་གསུངས་པ་ལ་སྤྱིར་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཟས་སམ། ཟག་པ་

དང་བཅས་པ་དང་། ཟག་པ་མེད་པའི་ཟས་དང་། འཇིག་རྟེན་གྱི་ཟས་ནི་ཁམ་གྱི་ཟས་དང་། རེག་པའི་ཟས་དང་། སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་སོ། །འཇིག་རྟེན་ལས་འདས་པའི་ཟས་ནི་བསམ་གཏན་གྱི་ཟས་དང་། སྨོན་ལམ་གྱི་ཟས་དང་། དྲན་པའི་ཟས་དང་། རྣམ་

པར་ཐར་པ་བརྒྱད་ཀྱི་ཟས་དང་། དགའ་བའི་ཟས་ཏེ། ཟས་དེ་ལྔ་ལས་གཙོར་སྨོས་པ་འདི་གཉིས་ཀྱི་ཚེ་འདིས་འཛིན་པའི་དོན་ཏོ། །མདོ་ལས། དེའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས་བསམ་གཏན་པ་ཤ་སྟག་གོ་ཞེས་པའི་བར་དུ་འདིས་ནི་བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་ཀྱི་འཁོར་ཏེ།

ཡོན་ཏན་གསུམ་དང་ལྡན་པ་ཤ་སྟག་དང་སྦྱར་རོ། །མདོ་ལས་སངས་རྒྱས་ཀྱི་ཞིང་དེ་དེ་ལྟ་བུར་ཚད་མེད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་པ་ནས་ཇི་ལྟར་བྱང་ཆུབ་སྤྱོད་པ་འདི་སྤྱད་པ་ཞེས་པའི་བར་དུ་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་གྱི་དོན་བསྡུས་པའོ། །བསྐལ་པ་ནི་ཞེས་པ་ནས། ཡང་སྟོན་པ་འདི་

སྐད་གསུང་ངོ་ཞེས་པའི་བར་དུ་ནི། བསྐལ་པ་དང་ཞིང་དང་། སྐུ་ཚེའི་ཚད་དང་། མཆོད་རྟེན་བསྟན་པའོ། །མདོ་ལས། དགེ་སློང་དོན་འདི་ང་ལ་སྟོན། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་མང་པོ་སྨིན་པར་བྱེད། །ཅེས་པའི་བར་དུ་ནི་ཚིགས་བཅད་ཉི་ཤུ་རྩ་ཕྱེད་དང་གཉིས་སུ་དབྱེ་སྟེ། དང་པོའི་

ཚིག་བཅུ་གཉིས་ཀྱིས་ནི་དེ་བཞིན་གཤེགས་པས་གླེངས་པ། ཚིག་དགུས་ནི་སྔོན་དུ་ལུང་བསྟན་པ། ཚིག་གོང་མ་ལ་ཡང་རྣམ་པ་གཉིས་ཏེ། ཚིག་བདུན་གྱིས་ནི་ད་ལྟར་གྱི་ཡོན་ཏན་བསྟན། ཚིག་ལྔས་ནི་ཕྱི་མའི་ཡོན་ཏན་བསྟན་པའོ། །མདོ་ལས་འདི་སྐད་སྨྲས་པ་བདག་ཅག་ཉན་ཐོས་ཞེས་པ་ནས་

Vol. 120 · folio 291b

སེམས་ཅན་ལྟ་བ་ལ་ཆགས་པ་རིག་པས་ན་ཞེས་པའི་བར་དུ་ནི་ཉན་ཐོས་པའི་གནས་དེ་བཞིན་གཤེགས་པའི་ས་ལས་རིང་བ་དང་། སེམས་ཅན་གྱི་དོན་བྱེད་པ་ཆུང་བ་དང་། གནས་དང་ཞིང་ཆུང་ངུ་ན་དག་པར་སྟོན་པའོ། །མདོ་ལས། དེ་ཡི་བསྟན་པ་རྣམས་ལ་ཉེ་བར་གནས། །ཞེས་པ་ནས། མི་

མཁས་མི་རྣམས་ཤིན་ཏུ་མྱོས་པར་འགྱུར། །ཞེས་པའི་བར་དུ་ནི་བསྡུས་པའོ། །མདོ་ལས། དེ་ཡི་སྤྱོད་པ་ཐམས་ཅད་རབ་བསྟན་པ། །ཞེས་པ་ནས། མང་དུ་ཐོས་ཤིང་འཇིགས་མེད་སྣ་ཚོགས་འཆད། །ཅེས་པའི་བར་དུ་འདི་ནི་འདས་པའི་དུས་ཀྱི་ཡོན་ཏན་བཅུ་སྨོས་པ་ལ་ཚིག་ལྷུག་པ་ལས་

མ་བྱུང་བ་ཆོས་སྨྲ་བ་ཁྱད་པར་དུ་འཕགས་པ། མང་དུ་ཐོས་པ། ཤེས་རབ་དང་ལྡན་པ་འདིར་སྨོས་སོ། །མདོ་ལས། རྟག་ཏུ་མི་སྐྱོ་ཡང་དགའ་རབ་ཏུ་བྱེད། །ཅེས་པ་ནས། བདག་གི་ཞིང་མཆོག་རྣམ་པར་དག་པར་བྱེད། །ཅེས་པའི་བར་དུ་འདིས་དོན་རྣམ་པ་བདུན་ཞིག་སྟོན་ཏེ། སྟོན་མཁས་པ་

མངོན་པར་ཤེས་པ་དང་ལྡན་པ། ཡང་དག་པར་རིག་པ་བརྙེས་པ། དབང་པོ་རིག་པ། ཆོས་ཀྱི་མཆོག་སྟོན་པ། ཕན་པ་ཆེན་པོ་བྱེད་པ། སངས་རྒྱས་ཀྱི་ཞིང་དག་པར་བྱེད་པའོ། །མདོ་ལས་མ་འོངས་པའི་དུས་ན་དེ་བཞིན་དུ་ཞེས་པ་ནས། རྟག་ཏུ་འཛིན་པར་འགྱུར་རོ་ཞེས་པའི་བར་དུ་ནི་འདིས་ལུང་སྟོན་པ་

སྟེ། སྔར་ཚིག་གཉིས་ཀྱིས་ནི་རྒྱུ་བསྟན། ཚིག་བདུན་གྱིས་ནི་འབྲས་བུ་བསྟན་ཏེ། སངས་རྒྱས་རྣམས་ལ་མཆོད་པ་དང་། ཆོས་སྟོན་པ་དང་། སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་དང་། སེམས་ཅན་ལ་ཕན་འདོགས་པའོ། །མདོ་ལས། འཇིག་རྟེན་དུ་ནི་རང་བྱུང་སངས་རྒྱས་གྱུར། །ཞེས་པ་ནས། ངན་

སོང་དང་ནི་ངན་འགྲོའི་འཇིགས་པ་མེད། །ཅེས་པའི་བར་དུ་ནི་འབྲས་བུ་བསྟན་ཏེ་དེ་ཡང་དེའི་རང་བཞིན་དང་། དེའི་ཞིང་དང་དེའི་བསྐལ་པའི་མིང་དང་། ཞིང་གི་རྒྱན་དང་། བྱང་ཆུབ་སེམས་དཔའི་འཁོར་རྣམས་ཏེ། གོང་དུ་བཤད་པ་རྣམས་དང་འདྲ་བར་སྦྱར་རོ། །མདོ་ལས། དེ་འདྲ་བ་ཡི་དམ་པའི་ཞིང་དུ་

འགྱུར། །ཞེས་པ་ནས། འདི་ནི་ཅུང་ཟད་ཙམ་ཞིག་བཤད་པ་ཡིན། །ཞེས་པའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ནས་རྫོགས་ལོངས་སྤྱོད་པའི་སའི་བར་དུ་ནི་ཡིན་པར་སྦྱར་རོ། །མདོ་ལས། དེ་ནི་དབང་དུ་གྱུར་པ་ཞེས་པ་ནས་རྨད་དུ་འགྱུར་རོ་ཞེས་པའི་བར་དུ་ནི་འདི་མན་ཆད་དགེ་སློང་ལྔ་

Vol. 120 · folio 292a

བརྒྱ་ལུང་བསྟན་པ་སྟེ། སེམས་ཀྱི་རེ་བ་དང་། བཅོམ་ལྡན་འདས་ཀྱིས་གནང་བ་དང་། མངོན་དུ་ལུང་བསྟན་པ་དང་། རྗེས་སུ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ལུང་བསྟན་ཏོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་གནང་བ་དང་སྦྱར་རོ། །མདོ་

ལས་དེ་ལ་འོད་སྲུངས་ཆེན་པོ་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཏེ་ཞེས་པའི་བར་དུ་མངོན་དུ་བསྟན་པ་སྟེ། དེ་ཡང་ཚིག་རྐྱང་པ་དང་ཚིགས་སུ་བཅད་པར་དབྱེའོ། །མདོ་ལས་འོད་སྲུངས་དེ་ནི་ཞེས་པ་ནས་དབང་དུ་གྱུར་པ་ལྔ་བརྒྱའོ་ཞེས་པའི་བར་དུ་ནི་དགེ་སློང་ལྔ་བརྒྱ་ལུང་བསྟན་པ་སྟེ། དེ་ལ་ཁ་

ཅིག་ན་རེ་ལྔ་བརྒྱ་པོ་འདི་སྟོང་ཉིས་བརྒྱའི་གྲངས་སུ་གཏོགས་ཞེས་ཀྱང་ཟེར། ལོགས་ཤིག་ཏུ་སྟོན་པ་ཡང་ཡོད་དོ། །མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། །ཞེས་པ་ནས། བྱང་ཆུབ་དམ་པ་མཆོག་ཀྱང་སྟོན་པར་འགྱུར། །ཞེས་པའི་བར་དུ་ནི་མངོན་དུ་བསྟན་པ་སྟེ། དེ་ལ་དང་པོ་ཚིག་དྲུག་གིས་

ནི་འཕགས་པ་ཅང་ཤེས་ཀྱི་ཕྱིར་གླེངས། དེའི་འོག་མས་ནི་གཞན་གླེང་སྟེ། འདི་ནི་དང་པོའི་རང་བཞིན་བསྟན་པའོ། །མདོ་ལས། བྱང་ཆུབ་སེམས་དཔའ་བརྩོན་པ་རྣམས། །ཞེས་པ་ནས། ལྷ་དང་མི་རྣམས་སྡུག་ཅིང་བསམ་པར་འོང་། །ཞེས་པའི་བར་དུ་ནི་ཞིང་དང་། འཁོར་དང་། ཚེའི་ཚད་

བསྟན་པའོ། །མདོ་ལས། རྒྱལ་བ་དེ་དང་མི་མཐུན་འགྱུར་བ་ནི། །ཞེས་པ་ནས། ཇི་ལྟར་འཇིག་རྟེན་ཐམས་ཅད་ངས་བསྟན་བཞིན། །ཞེས་པའི་བར་དུ་ནི་དགེ་སློང་ལྔ་བརྒྱ་ལུང་བསྟན་པའི་རང་བཞིན་དུ་བསྡུས་པ་བསྟན་པའོ། །མདོ་ལས། དེ་ལྟར་དེ་དག་འོད་སྲུངས་ཁྱོད་ཀྱིས་དེང་། །ཞེས་པ་ནས། དེ་

བཞིན་སྒོའོ་ཞེས་པའི་བར་དུ་ནི་འཁོར་འདིར་མ་འདུས་པ་རྣམས་བརྒྱུད་དེ་ལུང་བསྟན་པའོ། །མདོ་ལས་དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་པོ་དེ་དག་ཅེས་པ་ནས་ཉེས་པ་དེ་དག་བདག་ཅག་གིས་བཤགས་སོ་ཞེས་པའི་བར་དུ་ནི་དགའ་བའི་སེམས་ཀྱིས་བཀའ་ཡང་དག་པ་མནོས་པ་དང་སྔར་སེམས་ཞུམ་པ་གནོད་པ་གླེངས་

པའོ། །མདོ་ལས་བཅོམ་ལྡན་འདས་འདི་ནི་ཞེས་པ་ནས་ཆུང་ངུས་ཆོག་གོ་སྙམ་ཞེས་པའི་བར་དུ་ནི་སྔར་ནི་མོས་པ་ཆུང་བས་གླེངས། དེའི་འོག་ཏུ་ནི་ཆུང་བ་སྟོན་པའོ། །མདོ་ལས། དེ་འདི་ལྟ་སྟེ་ཞེས་པ་ནས་གོས་ཀྱི་ཐ་མར་ཕུར་ཏོ་ཞེས་པའི་བར་དུ་འདིས་ནི་དྲང་བའི་དོན་གྱི་དཔེ་བཤད་དོ། །དེ་ལ་ཉམ་ང་བ་ལ་

Vol. 120 · folio 292b

དབྲལ་བ་མི་དེ་མྱོས་པར་གྱུར་པ་དང་། ཡུལ་གཞན་དུ་སོང་བ་དང་། དུབ་པ་ལྟ་བར་གྱུར་པ་སྟེ། དེ་ནི་དང་པོ་དང་སྦྱར་རོ། །ཁྱིམ་དུ་ཕྱིན་ཞེས་པ་ནི་ཐེག་པ་ཆེན་པོའི་བསྟན་དང་ཕྲད་པའོ། །ར་རོ་ཞེས་པ་ནི་མ་རིག་པ་མ་སྤངས་ཞེས་པའོ། །ཉལ་བ་ནི་འཁོར་བ་ན་གནས་པའོ། །རིན་པོ་ཆེ་ཞེས་

པ་ནི་ཐེག་པ་ཆེན་པོ་སྟེ། ཇི་ལྟར་ཡིད་བཞིན་གྱི་རིན་པོ་ཆེ་དགོས་པ་སྣ་ཚོགས་འབྱུང་བ་བཞིན་ཐེག་པ་གཅིག་པུ་ལ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ཡིད་བཞིན་དུ་འགྲུབ་ཅེས་པའོ། །གོས་ཀྱི་མཐར་ཕུར་ཞེས་པ་ནི་སྔོན་གྱི་ཐེག་པ་ཆེན་པོ་པའི་བཤེས་གཉེན་དང་ཕྲད་པའི་བག་ཆགས་སོ། །མདོ་ལས།

དེ་ནས་བཅོམ་ལྡན་འདས་དེ་སྐྱེས་བུ་ཞེས་པ་ནས་དེ་མགུ་རབ་ཏུ་དགའོ་ཞེས་པའི་བར་དུ་ནི་སེམས་ནུར་བའི་རྣམས་སྤྲུལ་པའི་གྲོང་ཁྱེར་བསྟན་པ་བཞིན་གཞན་དུ་སོང་སྟེ་ཞེས་པ་ནི་སྤྱོད་པ་གཞན་ལ་ཞུགས་པའོ། །ཐེག་པ་ཆེན་པོའི་དོན་དང་ཆོས་ཀྱི་རོས་ཕོངས་པ་ནི་ཁ་ཟས་དང་གོས་ཚོལ་བའོ། །མདོ་

ལས་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་འདི་སྐད་སྨྲས་སོ་ཞེས་པའི་བར་དུ་ནི་ངེས་པའི་དོན་སྟོན་པའི་དཔེའོ། །མདོ་ལས་སྐྱེས་བུ་ཁྱོད་ཟས་དང་སྐོམ་ཞེས་པ་ནས་ཆོག་པར་འཛིན་ཏམ་ཞེས་པའི་བར་དུ་ནི་ངེས་པའི་དོན་སྟོན་པ་སྟེ། འདོད་པ་ཞེས་པ་ནི་བདེ་བ་སྡུག་པ་རྣམ་པ་ལྔ་སྟེ། རང་བཞིན་བདེ་བ་

དང་། རྒྱུ་བདེ་བ་དང་། སྤོང་བ་བདེ་བ་དང་། ཉོན་མོངས་པའི་གཉེན་པོས་བདེ་བ་དང་། གནོད་པ་མེད་པའི་བདེ་བ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་བཞི་དང་ལྔ་ཡང་བསྒྲུབ་པར་བྱ་བའི་བདེ་བ་ཞེས་གདགས་པ་དང་། ཟག་པ་མེད་པའི་ཕུང་པོ་ལྔ་ཡང་བདེ་བར་བྱ་བ་

ཉིད་པས་བདེ་བ་ཞེས་གདགས་སོ། །མདོ་ལས་ཀྱི་སྐྱེས་བུ་ཁྱོད་ཅེས་པ་ནས་བྱ་བ་ཐམས་ཅད་བྱོས་ཤིག་ཅེས་པའི་བར་དུ་ནི་ཐེག་པ་ཆེན་པོ་ལ་ཞུགས་པས་ཡོན་ཏན་ཐམས་ཅད་རྫོགས་ཏེ། ཇི་ལྟར་ཡིད་བཞིན་གྱི་རིན་པོ་ཆེ་བསྒྱུར་བ་བཞིན་ཞེས་པར་སྦྱར་རོ། །མདོ་ལས་དེ་བཞིན་དུ་བཅོམ་ལྡན་འདས་ཞེས་པ་ནས་

སེམས་བསྐྱེད་པར་གྱུར་པ་ཞེས་པའི་བར་དུ་ནི་དཔེ་དང་ངེས་པའི་དོན་དུ་སྦྱར་བ་སྟེ། སྦྱོར་བའི་ཡོན་ཏན་དང་སྦྱར་རོ། །མདོ་ལས་དེ་བདག་གིས་མ་རྟོགས་མ་ཆུད་པ་ཞེས་པ་ནི་སེམས་བསྐྱེད་པ་ལས་ལྡོག་པ་བསྟན་ཏོ། །མདོ་ལས་བཅོམ་ལྡན་འདས་དེའི་སླད་དུ་ཞེས་པ་ནས་རྟག་ཏུ་མ་ཉམས་པ་ཞེས་པའི་བར་

Vol. 120 · folio 293a

དུ་ནི་འཕགས་པ་དགྲ་བཅོམ་པ་དེ་སྤྱོད་པ་དཀའ་བའི་རྣམས་ཆུད་ཟོས་པ་དང་ཐེག་པ་ཆེན་པོར་སྨོན་ལམ་བཏབ་པས་ཡེ་ཤེས་ཆུང་ངུས་ཆོག་པར་འཛིན་ཞེས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་བདག་ཞེས་པ་ནས་ཐབས་མཁས་པ་སྟེ་ཞེས་པའི་བར་དུ་ནི་ངེས་པའི་དོན་དང་སྦྱར་བ་

མྱ་ངན་ལས་འདས་པའི་མཚན་ཉིད་བསྟན་པའོ། །མདོ་ལས་དེ་ལྟར་བཅོམ་ལྡན་འདས་ཏེ་ཞེས་པ་ནས་ཆོག་པར་འཛིན་པ་བདེ་གཤེགས་བསྟན་པ་ཞེས་པའི་བར་དུ་ཚིགས་སུ་བཅད་པ་ཕྱེད་དང་བཅུ་གསུམ་གྱིས་ནི་ཉེས་པར་གནོད་བཀུར་བ་དང་། ཤེས་པ་སྐྱེས་པ་བསྟན་ཏོ། །མདོ་ལས་ཇི་ལྟ་བུར་ན་

སྐྱེས་བུ་ལ་ལ་ཞིག་ཞེས་པ་ནས་འདོད་པའི་ཡོན་ཏན་ལྔ་དང་ཤིན་ཏུ་ལྡན་ཞེས་པའི་བར་དུ་ནི་དཔེ་དེ་ཡང་དང་པོ་སེམས་བསྐྱེད་པའི་དཔེ་དང་། བར་དུ་སེམས་ནུར་བའི་དཔེའོ། །སྟོང་པ་ཉིད་བསྟན་པ་དང་། སྟོང་པ་དེ་ཆུད་པས་བླ་ན་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའི་དཔེ་བསྟན་ཏོ། །མདོ་ལས། དེ་

བཞིན་བཅོམ་ལྡན་བདག་ཅག་འདི་ལྟ་བུར། །ཞེས་པ་ནས། བདག་ཅག་མྱ་ངན་འདས་ཙམ་མཆོག་ཏུ་གཟུང་། །ཞེས་པའི་བར་དུ་ནི་སྔར་ནི་དྲང་བའི་དོན་བསྟན་པ་ལ་ཡང་སྤོང་བའི་ཡོན་ཏན་དང་། བར་དུ་ལྡོག་པའི་དཔེ་བསྟན་པའོ། །མདོ་ལས། བླ་མེད་དེ་ནི་མི་འདོད་མི་ཚོལ་ལོ། །ཞེས་པ་ནས།

མགོན་པོ་གཅིག་ལ་གཅིག་ལུང་བསྟན་པའི་ཕྱིར། །ཞེས་པའི་བར་དུ་ནི་དྲང་བ་དང་ངེས་པའི་དོན་བསྡུས་པ་སྟེ་ཅི་རིགས་པར་ཆུད་པར་བྱའོ།། །།འདི་མན་ཆད་དགེ་སློང་ཉིས་སྟོང་ལུང་སྟོན་པའི་ལེའུ་འཆད་དེ། དེ་ཡང་རྣམ་པ་གཉིས་སུ་དབྱེའོ། །ལེའུ་འདི་ཅི་ལས་བཏགས་པའི་གཏན་ཚིགས་དང་།

ལེའུ་འདིའི་མིང་བཤད་པའོ། །དེའི་གཏན་ཚིགས་ཀྱང་རྣམ་པ་གཉིས་ཏེ། དབང་པོ་རྣོན་པོ་རྣམས་སྔར་ལུང་བསྟན་པའི་རྗེས་ལ་འདི་དག་ལུང་སྟོན་པར་འོས་པ་དང་། ལུང་བསྟན་པ་རྣམ་པ་བཞི་ལས་ལུང་བསྟན་པ་ཐ་མ་དང་སྦྱར་བའི་ཕྱིར་ལེའུ་འདི་བསྟན་ཏོ། །མིང་བཤད་པ་ནི་སློབ་པ་དང་མི་སློབ་པ་

རྣམས་འདིའི་ནང་དུ་ལུང་སྟོན་པའི་ཕྱིར་དགེ་སློང་གཞན་ཉིས་སྟོང་ལུང་བསྟན་པའི་ཕྱིར་རོ། །མདོ་ལས། དེ་ནས་ཚེ་དང་ལྡན་པ་དགའ་བོ་ཞེས་པ་ནས་རྣམ་པར་སེམས་ཏེ་སྨོན་ཞེས་པའི་བར་དུ་ནི་རྣམ་པ་གཉིས་ཏེ། འཁོར་རེ་བའི་སེམས་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་རེ་བ་སྐོང་བའོ། །འཁོར་རེ་བ་ཡང་

Vol. 120 · folio 293b

སྔར་ནི་སྐྱེས་བུ་གཉིས་ཀྱིས་གསོལ། དེའི་འོག་ཏུ་ནི་འཁོར་ཉིས་སྟོང་གིས་གསོལ་བ་སྟེ། འདི་ནི་དང་པོའོ། །མདོ་ལས་སྟན་ལས་ལངས་ཏེ་ཞེས་པ་ནས་སྐབས་དབྱེར་གསོལ་ཞེས་པའི་བར་དུ་ནི་སྐྱེས་བུ་དེ་གཉིས་ཀྱིས་ལུང་བསྟན་པར་གསོལ་བའོ། །མདོ་ལས་བཅོམ་ལྡན་འདས་བདག་གི་ཞེས་པ་ནས་བཅོམ་

ལྡན་འདས་ལ་བལྟ་ཞིང་འདུག་སྟེ་ཞེས་པའི་བར་དུ་ནི་ལུང་བསྟན་པར་གསོལ་པའི་རིགས་པ་དང་ཚུལ་གསོལ་བའོ། །མདོ་ལས་འདི་ཉིད་སེམས་ཤིང་རྣམ་པར་སེམས་ཞེས་པ་ནས་འཇིག་རྟེན་དུ་བྱུང་སྟེ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་དངོས་སུ་ལུང་བསྟན་པ་སྟེ། དེ་ཡང་སྔར་ནི་དགའ་པོ་ལུང་

བསྟན། དེའི་འོག་ཏུ་ནི་སྒྲ་གཅན་འཛིན་ལུང་བསྟན། དེའི་འོག་ཏུ་ནི་དགེ་སློང་ཉིས་སྟོང་ལུང་བསྟན་དང་པོ་ལ་ཡང་རྣམ་པ་བརྒྱད་དུ་དབྱེ་སྟེ། སངས་རྒྱས་ཀྱི་མཚན་དང་། སྔོན་གྱི་སྤྱོད་པ་བསྟན་པ་དང་། སེམས་ཅན་ལ་ཕན་འདོགས་པ་དང་ཡུལ་གྱི་མིང་དང་། ཞིང་གི་རྒྱན་དང་། བསྐལ་པའི་མིང་དང་། ཚེའི་

ཚད་དང་། མངོན་པར་བསྟོད་པའོ། །མདོ་ལས་སངས་རྒྱས་བྱེ་བ་ཕྲག་ཞེས་པ་ནས། ཁྲག་ཁྲིག་བརྒྱ་སྟོང་གི་བསྔགས་པ་བརྗོད་པར་འགྱུར་རོ་ཞེས་པའི་བར་དུ་ནི་གོང་དུ་སྨོས་པའི་བརྒྱད་པོ་དང་ཅི་རིགས་པར་སྦྱར་རོ། །མདོ་ལས་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་མ་འོངས་པའི་དུས་ཀྱི་ཚེ་ལ་

རྒྱལ་བར་འགྱུར་ཞེས་པའི་བར་དུ་འདིས་རྒྱུ་ལས་དགོངས་ཏེ་ལུང་བསྟན་པའོ། །མདོ་ལས། བདེ་གཤེགས་བྱེ་བ་བརྒྱད་ཅུ་མཆོད་བྱས་ན། །ཞེས་པ་ནས། སངས་རྒྱས་བྱང་ཆུབ་འདི་ལ་རྒྱུ་ཡང་སྐྱེད། །ཅེས་པའི་བར་དུ་འབྲས་བུ་ལས་དགོངས་ཏེ་ལུང་བསྟན་པ་ལ་མཚན་དང་། ཞིང་གི་རྒྱན་

དང་། ཡུལ་གྱི་མིང་དང་། ཕན་འདོགས་པ་དང་། རྗེས་སུ་བསྔགས་པ་དང་། སྐུ་ཚེའི་ཚད་དང་། སེམས་ཅན་ལ་ཕན་འདོགས་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པའི་རྒྱུ་སྒྲུབ་པ་སྟེ། འདི་ནི་ཚིག་དང་པོ་དང་སྦྱར་རོ། །མདོ་ལས་དེ་ནས་འཁོར་དེ་ན་ཞེས་པ་ནས་ཅིའི་རྐྱེན་དུ་འགྱུར་ཞེས་པའི་བར་

དུ་ནི་འཁོར་གྱི་ཐེ་ཚོམ་མོ། །མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཞེས་པའི་བར་དུ་ནི་སྔོན་གྱི་རྒྱུ་བསྟན་པ་དང་། དེའི་འོག་ཏུ་འཕྲལ་གྱི་སྤྱོད་པ་བསྟན་པ་དང་། བསྡུ་སྟེ་ལུང་སྟོན་པ་ལ་འདི་ནི་དང་པོའོ། །མདོ་ལས་དེ་ན་རིགས་ཀྱི་བུ་འདི་ནི་ཞེས་པ་ནས་བྱང་ཆུབ་

Vol. 120 · folio 294a

ཏུ་ལུང་བསྟན་པ་ཐོས་ཞེས་པའི་བར་དུ་ནི་སྤྱོད་པ་ཕྱི་མ་བསྟན་པ་དང་། མདོར་བསྡུས་ཏེ་ལུང་བསྟན་པའོ། །མདོ་ལས། བདག་གིས་སངས་རྒྱས་ཀྱི་ཞིང་གི་ཞེས་པ་ནས། སྔོན་གྱི་སྨོན་ལམ་དྲན་ནོ་ཞེས་པའི་བར་དུ་ནི་དགའ་བོས་མངོན་དུ་རྟོགས་པ་བསྟན་ཏོ། །མདོ་ལས་དེ་ནས་ཚེ་དང་ལྡན་

པ་དགའ་བོས་ཞེས་པ་ནས། དམ་པའི་ཆོས་འཛིན་པ་ནི་བྱང་ཆུབ་ཀྱི་ཕྱིར་ཞེས་པའི་བར་དུ་ནི་དགའ་བོས་རང་གི་ཡོན་ཏན་བསྒྲགས་པས་གཞན་དེ་འདྲ་བ་བྱེད་དུ་གཞུག་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་འཚང་རྒྱ་བར་འགྱུར་རོ་ཞེས་པའི་བར་དུ་ནི་འདིས་གཉིས་པ་ལུང་བསྟན་

པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ན་ཞེས་པ་ནས། འགྱུར་བ་བྱང་ཆུབ་ཚོལ་བ་ན་ཞེས་པའི་བར་དུ་ནི། འདི་མན་ཆད་བཞིར་དབྱེ་སྟེ། རྟག་ཏུ་དེ་བཞིན་གཤེགས་པའི་སྲས་སུ་གྱུར་པ་དང་། དེ་བཞིན་གཤེགས་པ་གཞན་གྱི་སྲས་སུ་ཡང་སྟོན་པ་དང་། རྒྱུ་དམ་པ་འཆད་པ་དང་རྣམ་

པ་བཞི་སྟེ། འདི་ནི་དང་པོའོ། །མདོ་ལས་མི་ཤེས་སྤྱོད་པ་སྒྲ་གཅན་འདི་ཞེས་པ་ནས། དེ་ལྟར་བྱང་ཆུབ་ཀྱི་ཕྱིར་གནས་སོ་ཞེས་པའི་བར་དུ་ནི་མྱ་ངན་ལས་མ་འདས་ཏེ་འཇིག་རྟེན་འདི་ནི་བཞུགས་པ་བསྟན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་གསོལ་བ་མཐོང་ཞེས་པའི་བར་དུ་ནི་

སློབ་པ་དང་མི་སློབ་པ་ཉིས་སྟོང་ལུང་བསྟན་པ་སྟེ། དེ་ལ་དྲིས་པ་དང་། ལན་བཏབ་པ་དང་། མངོན་དུ་ལུང་བསྟན་པ་དང་། མངོན་པར་དགའ་བ་དང་། བཞིར་དབྱེ་བ་ལ་འདི་ནི་དང་པོའོ། །འཇམ་པ་ཞེས་པ་ནི་སེམས་དུལ་བའོ། །མཉེན་པ་ཞེས་པ་ནི་དབང་པོ་སྨིན་པའོ། །མདོ་ལས་བཅོམ་ལྡན་འདས་ཞེས་

པ་ནས་དམ་པའི་ཆོས་ཀྱང་མཉམ་པར་གནས་པར་འགྱུར་རོ་ཞེས་པའི་བར་དུ་ནི་ལན་བཏབ་པ་དང་། རྒྱུ་དང་འབྲས་བུ་བསྟན་པ་དང་། མཚན་མཐུན་པར་བསྟན་ཏོ། །མདོ་ལས་དེ་ནས་སློབ་པ་དང་མི་སློབ་པ་ཞེས་པ་ནས་ལུང་བསྟན་པ་དང་། འདི་ཐོས་པ་ཞེས་པའི་བར་དུ་ནི་འཁོར་རྣམས་ཀྱི་དགའ་བའི་ཚིག་

གོ།། །།འདི་མན་ཆད་ཆོས་སྨྲ་བའི་ལེའུ་སྟོན་ཏེ། ལེའུ་འདིའི་གཏན་ཚིགས་དང་། མིང་དང་། དོགས་པ་བསལ་བའོ། །གཏན་ཚིགས་ནི་མདོ་སྡེ་འདི་དང་པོར་ནི་གླེང་གཞིའི་ལེའུ་བསྟན། དེའི་འོག་ཏུ་ལེའུ་བརྒྱད་ཀྱིས་ནི་གཞུང་ཉིད་བསྟན་ཏེ། གཞུང་ནི་ཐེག་པ་གཅིག་པུ་ཐབས་དང་དཔེ་རྣམ་པ་སྣ་

Vol. 120 · folio 294b

ཚོགས་ཀྱིས་སྟོན་ཅིང་ཐེག་པ་རྣམ་གཉིས་དང་རིགས་མ་ངེས་པ་རྣམས་ཀྱི་ཆེད་དུ་བསྟན་པ་དང་། ལུང་སྟོན་པའོ། །དེ་མན་ཆད་ལེའུ་བཅུ་དགུས་ནི་རྗེས་སུ་འཛིན་པ་སྟོན་ཏེ། མདོ་སྡེ་འདི་རྒྱ་ཆེ་ཞིང་ཟབ་ལ་དབང་པོ་ཞན་པ་རྣམས་མོས་པར་དཀའ་བའི་ཕྱིར་མདོ་སྡེ་འདི་གཞན་དང་མི་འདྲ་བ་བསྔགས་པ་དང་། རྗེས་སུ་

འཛིན་པའི་ཡོན་ཏན་མང་དུ་བཤད་དོ། །ཡང་རྗེས་སུ་འཛིན་པའི་དོན་སྟོན་པས། སྤྱིར་རྗེས་སུ་འཛིན་པར་གདགས་པ་དང་། མདོ་སྡེ་འདིའི་གཞུང་སྟོན་པའི་ལེའུ་བཅུ་དགུ་ཡོད་པ་ལ་བཅུ་གཉིས་ཀྱིས་ནི་ཐེག་པ་གཅིག་པོའི་སྤྱོད་ཡུལ་སྟོན་ཏེ། ལེའུ་སྔ་མ་བརྒྱད་ཀྱིས་ནི་དྲང་བ་དང་ངེས་པའི་དོན་དབྱེ་བ་དང་།

དབང་པོ་རྣམ་གསུམ་པོ་རིམ་པར་ལུང་བསྟན་པ་སྟོན། དེའི་འོག་མ་བཞིས་ནི་ཆོས་དང་གང་ཟག་གཉི་གའི་ཡོན་ཏན་སྟོན་པས་འདི་ཡང་རྗེས་སུ་འཛིན་པ་ཉིད་དུ་བསྡུ་བ་དང་། ཡང་མདོ་འདི་འགྲེལ་པ་ལས་དཔེ་རྣམ་པ་བདུན་དང་། མཉམ་པ་གསུམ་དང་། བླ་ན་མེད་པ་བཅུ་སྟོན་པ་ལ། འདིར་བཅུ་པ་སྟེ། སྟོབས་

བླ་ན་མེད་པ་ཁྱད་པར་ཅན་སྟོན་ཏོ། །སྟོབས་ལ་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་སྟོབས་དང་སྤྱོད་པའི་སྟོབས་སོ། །ཆོས་ཀྱི་སྟོབས་ཀྱང་རྣམ་པ་ལྔ་སྟེ། ཆུད་པ་དང་། མོས་པ་དང་། མཚམས་ཆོད་པ་དང་། ཆོས་ཉིད་ཐོབ་པ་དང་། ཀློག་ཅིང་འཛིན་པའོ། །སྤྱོད་པའི་སྟོབས་ཀྱང་རྣམ་པ་བདུན་ཏེ། རྗེས་སུ་འཛིན་པ་

དང་། ཆོས་འཆད་པ་དང་། དཀའ་བ་སྤྱོད་པ་དང་། སེམས་ཅན་འདུལ་བ་དང་། སེམས་ཅན་རྣམས་ཀྱི་སྡུག་བསྔལ་བཏོན་པ་དང་། ཡོན་ཏན་ཁྱད་པར་ཅན་དང་། ཆོས་འདོན་པའོ། །འཛིན་པའི་སྟོབས་ལ་ལེའུ་གསུམ་སྡུད་དེ། ཆོས་སྨྲ་བའི་ལེའུ་དང་། བདེ་བ་ལ་གནས་པ་དང་། རྗེས་སུ་འཛིན་པའི་ལེའུའོ། །

ལེའུ་འདིའི་ནང་དུ་གཟུང་བ་དང་། འཛིན་པ་དང་། གང་ཟག་དང་ཆོས་གཉི་ག་སྟོན་ཏོ། །མིང་ནི་ཆོས་སྨྲ་བ་ཞེས་པ་ཆོས་འདོན་པ་དང་ལུང་སྨྲ་བའི་གང་ཟག་དེ་ཆོས་སྨྲ་བ་ཡིན་པས་ཆོས་སྨྲ་བའི་ལེའུའོ། །དོགས་པ་བསལ་བ་ནི་ཆོས་སྨྲ་བ་ཞེས་པ་འདི་སངས་རྒྱས་འཇིག་རྟེན་དུ་བཞུགས་པ་དང་། མི་བཞུགས་པ་

གང་གི་ཚེ་ན་ཆོས་སྨྲ་བ་ཞེས་གདགས། དེ་གཉི་ག་ཡང་ཆོས་སྨྲ་བ་ཡིན་མོད་ཀྱི་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ་ནི་སློབ་པ་ལ་གནས་པས་འཁོར་བརྒྱད་པོ་ཞེས་གདགས་ཀྱི། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་ཆོས་སྟོན་པ་དེ་ཆོས་སྨྲ་བ་ཞེས་གདགས་སོ། །ལེའུ་འདིའི་ནང་ནས་ཀྱང་ལུང་

Vol. 120 · folio 295a

སྟོན་པ་འབྱུང་ན་ལུང་བསྟན་པའི་ལེའུ་ཞེས་ཅིའི་ཕྱིར་མི་གདགས་ཤེ་ན། གཙོ་བོ་ལས་དྲས་པའི་ཕྱིར་མི་གདགས་སོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་བྱང་ཆུབ་ཏུ་ལུང་སྟོན་ཏོ་ཞེས་པའི་བར་དུ་ནི་ལེའུ་འདི་ཡང་ཚིག་རྐྱང་པ་དང་ཚིགས་སུ་བཅད་པ་གཉིས་

སུ་དབྱེའོ། །ཆོས་སྨྲ་བ་ཡང་རྣམ་པ་གཉིས་ཏེ། སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ་ཆོས་སྨྲ་བ་དང་། མི་བཞུགས་པའི་ཚེ་ཆོས་སྨྲ་བ་གཉིས་ལས་འདི་ནི་དང་པོའོ། །སྨན་གྱི་རྒྱལ་པོ་སྔོན་གྱི་དུས་ན་མདོ་སྡེ་འདི་འཛིན་པའི་ཕྱིར། སྨན་གྱི་རྒྱལ་པོ་ཞེས་ཆེད་དུ་བཀར་ཏེ་བཀའ་སྩལ་ཏོ། །ཆོས་

སྤྱོད་པ་བཅུ་ལ་རྗེས་སུ་བསྔགས་ཞེས་པ་ནི་རྗེས་སུ་ཡི་རང་བའོ། །རྗེས་སུ་ཡི་རང་བའི་ཚིག་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གཞིར་གྱུར་ཞེས་པའོ། །མདོ་ལས་སྨན་གྱི་རྒྱལ་པོ་གང་ལ་ལ་ཞེས་པ་ནས་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་པའི་བར་དུ་ནི་སངས་རྒྱས་མངོན་དུ་མི་བཞུགས་པའི་

ཆོས་སྨྲ་བའི་ཡོན་ཏན་སྟོན་ཏེ། དེ་ཡང་རྗེས་སུ་ཡི་རང་བ་དང་། མངོན་དུ་སྤྱོད་པ་རྣམ་གཉིས་ལ་འདི་ནི་དང་པོའོ། །རྗེས་སུ་ཡི་རང་བ་ཙམ་གྱིས་ཀྱང་འདི་ལྟ་ན་མངོན་དུ་སྤྱོད་པ་ལྟ་ཅི་སྨོས། མདོ་ལས། སྨན་གྱི་རྒྱལ་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞེས་པ་ནས་ཐལ་མོ་སྦྱར་བའི་ལས་ཀྱི་མཆོད་

ཞེས་པའི་བར་དུ་ནི་འདིས་ཆོས་མངོན་དུ་སྤྱོད་པ་སྟོན་པ་ལ་འདིར་ཆོས་སྤྱོད་པ་རྣམ་པ་དྲུག་སྟོན། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི་ཆོས་སྤྱོད་པ་བཅུ་སྟོན་ཏོ། །འདིའི་དྲུག་པོ་ལ་འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། མོས་པ་དང་། འདྲི་བ་དང་། མཆོད་པའོ། །མཆོད་པ་ནི་

ཕྱི་ནང་གི་མཆོད་པའོ། །ཆོས་སྤྱོད་པ་དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་དུ་མཐོང་བ་དང་འདྲ་བར་དད་པ་དང་། གུས་པའི་ལས་བསྐྱེད་པའོ། །མདོ་ལས་སྨན་གྱི་རྒྱལ་པོ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་ཞེས་པ་ནས། འཇིག་རྟེན་དུ་འབྱུང་ངོ་ཞེས་པའི་བར་དུ་འདི་ནི་ཐུགས་

རྗེ་དང་སྨོན་ལམ་གྱི་དབང་གིས་དེར་སྐྱེས་པ་དང་རྒྱུ་དམ་པས་འཇིག་རྟེན་དུ་འབྱུང་བའོ། །མདོ་ལས། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། ཕྱག་འཚལ་ཞིང་བཏུད་པ་ལྟ་ཅི་སྨོས་ཞེས་པའི་བར་དུ་ནི་སྔར་གང་ཟག་གི་ཡོན་ཏན་བསྟོད་ཅིང་མཆོད་པར་འོས་པ་དང་། ཡོན་ཏན་ཆེ་བས་ཐུགས་རྗེ་དང་སྨོན་ལམ་གྱིས་

Vol. 120 · folio 295b

འདིར་སྐྱེ་ཞིང་ཕན་པ་ཆེན་པོ་བྱེད་པའོ། །མདོ་ལས་སྨན་གྱི་རྒྱལ་པོ་ཞེས་པ་ནས་སྐྱེས་པར་རིག་པར་བྱའོ་ཞེས་པའི་བར་དུ་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་སྟེ། ཐུགས་རྗེས་འདིར་སྐྱེ་བར་བསྟན་པ་དང་། ཆོས་འདི་སྟོན་པ་ཡང་འཕགས་པ་ཡིན་པར་བསྟན་པ་དང་། ཐེག་པ་རྣམ་གཉིས་ལས་དགར་

བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་པ་དང་། སངས་རྒྱས་ཀྱི་ཞིང་ཡངས་པར་མི་སྐྱེ་བ་ཡང་ཐུགས་རྗེས་སེམས་ཅན་ལ་ཕན་འདོགས་པའི་ཕྱིར། ལྷ་དང་། ཁམས་བླ་མ་གཉིས་སུ་མི་སྐྱེ་བར་འདིར་སྐྱེ་བ་སྟོན་ཏོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆོས་

ལ་མོས་པའི་རྟགས་ནི་ཆོས་ཐོས་པ་ཙམ་གྱིས་སྒྲ་དང་བ་སྤུ་ལྡང་བ་དང་གདུང་བས་མཆི་མ་འབྱུང་བ་དེ་ནི་བྱང་ཆུབ་སེམས་དཔའི་རྟགས་སོ། །མདོ་ལས་སྨན་གྱི་རྒྱལ་པོ་རིགས་ཀྱི་བུའམ་ཞེས་པ་ནས་དེ་བཞིན་གཤེགས་པས་སྐྱེ་བར་རིག་པར་བྱའོ་ཞེས་པའི་བར་དུ་ནི་ཆོས་སྨྲ་བ་རྣམ་པ་དྲུག་ལ་གུས་པ་དང་།

བཙུན་པར་བྱ་བ་བསྟན་ཏེ། གུས་པར་བྱ་བ་ལ་འཆད་པ་ནི་སངས་རྒྱས་ཀྱི་ཕོ་ཉ་ལྟ་བུར་བལྟའོ། །སྨོད་པ་ནི་དེ་བཞིན་གཤེགས་པ་ལ་སྐུར་པས་སྡིག་པ་ཆེ་བར་བསྟན་པ་དང་། ཀློག་པ་དང་། འདོན་པ་ནི་དེ་བཞིན་གཤེགས་པ་ལ་རྒྱན་གྱིས་བརྒྱན་པ་བཞིན་བཞུགས་པའི་གནས་ནི་མཆོད་ཅིང་ཕྱག་བྱ་བའི་

གནས་སུ་བསྟན་ཏེ། མཆོད་པ་རྣམ་བཞིས་མཆོད་པར་བྱའོ། །ཕོ་ཉ་ཞེས་པ་ནི་དེ་བཞིན་གཤེགས་པའི་དགོངས་པ་དང་མཐུན་པ། སྐྱེ་བ་ཞེས་པ་ནི་གསུང་དང་མཐུན་པ། བྱ་བ་བྱེད་པ་ཞེས་པ་ནི་སྐུའི་ཕྲིན་ལས་དང་མཐུན་པས། དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་བྱེད་པའོ། །མདོ་

ལས་ཡང་སྨན་གྱི་རྒྱལ་པོ་སེམས་ཅན་གང་ལ་ལ་ཞེས་པ་ནས་ཤིན་ཏུ་སྡུག་པར་བཤད་དོ་ཞེས་པའི་བར་དུ་ནི་ཆེས་སྨྲ་བ་ལ་སྨོད་པ་སྡིག་ཆེ་བར་བཤད་པ་སྟེ། དེ་ནི་བཅོམ་ལྡན་འདས་ལ་ངན་སེམས་ཀྱིས་སྨད་པ་ནི་ཕན་པར་སྤྱོད་པ་རྣམ་གཉིས་ཉམས་པར་མི་འགྱུར་བ་ནི་བཅོམ་ལྡན་འདས་ལ་འཁྲུག་

པ་མི་མངའ་བའི་ཕྱིར་རོ། །ཆོས་སྨྲ་བ་ལ་སྨད་པས་ནི་ཕན་པར་སྤྱོད་པ་གཉིས་ཉམས་ཤིང་འཁྲུག་པ་སྐྱེ་བའི་ཕྱིར་རོ། །ཡང་སངས་རྒྱས་ལ་སྨད་པས་ནི་བྱམས་སྡང་གི་ཐུགས་མི་དགོངས་ཏེ་སེམས་ཅན་མི་སྤོང་གི་ཆོས་སྨྲ་བ་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ། སེམས་

Vol. 120 · folio 296a

ཅན་དབང་པོ་བརྟན་པས་འགའ་ཞིག་སྨོད་པ་ཡོད་ཀྱང་གཞན་གྱི་སེམས་ནུར་བར་མི་འགྱུར་གྱི། དེང་སང་གི་ཆོས་སྨྲ་བ་ལ་སྨད་པས་གཞན་གྱི་སེམས་ལྡོག་པའི་ཕྱིར་བདག་དང་གཉི་ག་ལ་གནོད་དོ། །མདོ་དག་ལས་ཀྱང་བྱང་ཆུབ་སེམས་དཔའི་སེམས་དཀྲུགས་པ་ནི་སེམས་ཅན་ཐམས་ཅད་ཆོས་

ཀྱི་སྣང་བ་སྒྲིབ་པར་བྱེད་པས་མནར་མེད་པ་ལྔ་བྱས་པ་བས་ཁ་ན་མ་ཐོ་བ་འདི་ཆེ་བར་བཤད་དོ། །བྱང་ཆུབ་ཀྱི་སེམས་དཀྲུགས་ཞེས་པ་ཡང་སངས་རྒྱས་ཀྱི་ཆོས་འཇིག་པའོ། །མདོ་ལས། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་རྒྱལ་པོ་ཞེས་པ་ནས། དེ་བཞིན་གཤེགས་པ་ཕྲག་པ་ལ་ཐོགས་པ་ཡིན་ནོ་ཞེས་པའི་བར་དུ་ནི་

དམ་པའི་ཆོས་འདི་འདོན་པ་ཡོན་ཏན་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པའི་ཕྱིར་སྡོང་པོས་བརྒྱན་པ་ལས་བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཅུས་བརྒྱན་པའམ། དེ་བཞིན་གཤེགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདོ་ལས་དེ་གང་དུ་འགྲོ་བ་དེར་ཞེས་པ་ནས་ཡོངས་སུ་རྫོགས་པར་འགྱུར་རོ་

ཞེས་པའི་བར་དུ་ནི་དམ་པའི་ཆོས་འདི་ཤིན་ཏུ་ཟབ་པའི་ཕྱིར་འཕགས་པ་དགའ་བོ་ལ་མ་གཏད་ཀྱི། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལ་སོགས་པ་ལ་གཏད་པ་ཡང་ཇི་ལྟར་སྨན་པ་ཆེན་པོས་དུག་སྨན་དུ་བསྒྱུར་བ་བཞིན་སྨན་པ་མི་མཁས་པས་མི་ནུས་སོ། །དེ་བཞིན་དུ་ཆོས་འདི་བྱང་ཆུབ་སེམས་དཔའ་ལ་གཏད་པར་

འོས་ཀྱི་ཉན་ཐོས་པ་རྣམས་ལ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཐོས་པ་ཙམ་གྱིས་མཐར་ཕྱིན་པར་འགྱུར་བ་དང་བདག་དང་གཞན་གྱི་དོན་འགྲུབ་པར་འགྱུར་བའི་ཕྱིར་རོ། །མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞེས་པ་ནས་འཛིན་པ་ལ་བཀུར་སྟི་བྱ་ཞེས་པའི་བར་དུ་ནི་འདི་མན་ཆད་ཚིག་བཅུ་དྲུག་ལ་

རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་དང་པོ་གཉིས་ཀྱིས་ནི་ཆོས་སྨྲ་བའི་ཡོན་ཏན་དང་མཆོད་པར་འོས་པ་གླེངས། ཚིག་བཅུ་གསུམ་གྱིས་ནི་ཆོས་སྨྲ་བའི་ཡོན་ཏན་ཉིད་གླེངས། ཚིག་གཅིག་གིས་ནི་ཆོས་ཁྱད་པར་ཅན་བསྡུ་བ་བསྟན་ཏོ། །ཚིག་དང་པོ་དེ་ལ་ཡང་རྣམ་པ་གཉིས་ཏེ། ཚིགས་བཅད་གཅིག་གིས་

ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པ་བསྟན་ཏེ། ཡང་དག་པའི་ཡེ་ཤེས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་འོག་མས་ནི་ཡང་དག་པའི་ཡེ་ཤེས་ཀྱི་མཚན་ཉིད་སྟོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཕྱིས་ཐོབ་པའི་ཡེ་ཤེས་དང་། རྩ་བའི་ཡེ་ཤེས་སོ། །སུ་མདོ་འདི་འཛིན་པ་དང་།

Vol. 120 · folio 296b

མཆོད་པ་དང་། བསྟི་སྟང་དུ་བྱེད་པ་ཡེ་ཤེས་དེ་དག་འཐོབ་པ་ལ་ཐེ་ཚོམ་མེད་ཅེས་བྱ་བར་སྦྱར་རོ། །མདོ་ལས། འཇིག་རྟེན་མགོན་གྱི་སྐྱེ་བ་སྟེ། །ཞེས་པ་ནས། བླ་ན་མེད་པའི་མདོ་སྡེ་འདི། །ཞེས་པའི་བར་དུ་ནི་ཚིགས་བཅད་བཅུ་གསུམ་གྱིས་ཆོས་སྨྲ་བའི་ཡོན་ཏན་སྟོན་ཏེ། དེ་ལ་ཡང་ཚིགས་བཅད་གསུམ་གྱིས་

ནི་ཆོས་སྨྲ་བའི་ཁྱད་པར་བསྟན། ཚིགས་བཅད་བཅུས་ནི་བཙུན་པ་དང་གུས་པར་བྱ་བ་བསྟན། དང་པོའི་ཚིག་གསུམ་གྱིས་ནི་དེ་བཞིན་གཤེགས་པས་བསྔགས་པ་དང་། སྐྱེ་བ་བཟང་པོ་བསྟན་པ་དང་། སྨོན་ལམ་གྱི་དབང་གིས་སྐྱེ་བ་བསྟན་ཏོ། །མདོ་ལས། འཕྲུལ་གྱི་མེ་ཏོག་བཀུར་སྟི་བྱ། །ཞེས་པ་ནས། ཆོས་སྨྲ་དེ་

ལ་རིན་ཆེན་འཐོར། །ཞེས་པའི་བར་དུ་ནི་ཚིགས་བཅད་བཅུས་མཆོད་པ་དང་གུས་པར་བྱ་བ་བསྟན་ཏེ། དེ་ལ་ཡང་ཚིགས་བཅད་བཞིས་ནི་ཆོས་སྨྲ་བ་ལ་རིམ་གྲོ་བཀུར་སྟི་བྱ་བ་བསྟན། ཚིགས་བཅད་ཕྱི་མ་དྲུག་གིས་ནི་བསོད་ནམས་ཀྱི་ཁྱད་པར་བསྟན་ཏེ། གུས་པ་སྐྱེ་བ་བསྟན། དང་པོའི་ཚིགས་བཅད་བཞི་ལ་

ཡང་། དང་པོའི་ཚིག་གཅིག་གིས་ནི་ཆོས་སྨྲ་བ་ཉིད་བསྟན། འོག་མ་གསུམ་གྱིས་ནི་འཛིན་པ་བསྟན་ཏེ་འདི་ནི་དང་པོའོ། །ཆོས་སྨྲ་བ་དེ་འབྲས་བུ་དམ་པ་ཐོབ་པའི་ཕྱིར་རོ། །མདོ་ལས། དེ་དག་རྟག་ཏུ་ཐལ་སྦྱར་ཏེ། །ཞེས་པ་ནས། དེ་བཞིན་གཤེགས་ཀྱི་བྱ་བ་བྱེད། །ཅེས་པའི་བར་དུ་ནི་འདིས་འཛིན་པ་བསོད་

ནམས་ཆེ་བ་བསྟན་ཏེ། གུས་པ་དང་། མཆོད་པ་དང་། གསུང་མཉན་པ་དང་། འདོན་ཞིང་ཁ་ཏོན་བྱེད་པའོ། །མདོ་ལས། མི་རུང་འབྱུང་ན་ངས་དེ་བཏང་། །ཞེས་པ་ནས། སྡིག་པ་ཤིན་ཏུ་དེ་མང་བཤད། །ཅེས་པའི་བར་དུ་ནི་ཚིགས་བཅད་གཉིས་ཀྱིས་ནི་སྡིག་པའི་ཁྱད་པར་བསྟན། ཚིག་བཞིས་ནི་དགེ་

བའི་ཁྱད་པར་བསྟན་ཏོ། །མདོ་ལས། མི་གང་ང་ལ་མངོན་བསྟོད་པ། །ཞེས་པ་ནས། དེ་ལ་བསོད་ནམས་ཆེས་མང་རྙེད། །ཞེས་པའི་བར་དུ་ནི་བསོད་ནམས་ཀྱི་ཁྱད་པར་བསྟན་ཏོ། །མདོ་ལས། དགའ་སྐྱེས་ང་ལ་བསྟོད་པ་ནི། །ཞེས་པ་ནས། ངོ་མཚར་ཆེན་པོ་དེས་ཐོབ་འགྱུར། །ཞེས་པའི་བར་དུ་ནི་

ཆོས་ཐོས་པའི་བསོད་ནམས་དང་། ཕྱི་ནང་མཆོད་པ་རྣམ་གཉིས་ཀྱི་ཁྱད་པར་བསྟན་པའོ། །མདོ་ལས། སྨན་གྱི་རྒྱལ་པོ་ཁྱོད་མོས་པར་བྱ་ཞེས་པ་ནས་བཤད་པར་བྱའོ་ཞེས་པའི་བར་དུ་ནི་ཆོས་འདི་ཁྱད་པར་ཅན་དུ་བསྟན་པའོ། །མདོ་ལས། སྨན་གྱི་རྒྱལ་པོ་ཆོས་ཀྱི་གཞུང་འདི་དག །ཅེས་པ་ནས། དད་

Vol. 120 · folio 297a

པར་མི་འགྱུར་རོ་ཞེས་པའི་བར་དུ་ནི་ཆོས་སྨྲ་བ་ཉིད་སྟོན་ཏོ་སྔར་ནི་ཚིག་རྐྱང་པས་བསྟན། འོག་ཏུ་ཚིགས་སུ་བཅད་པས་བསྡུས་ཏེ། ཚིག་རྐྱང་པ་ལ་ཆོས་ཆུད་པར་དཀའ་བ་དང་། འདོན་པའི་གནས་ཏེ་མཆོད་རྟེན་དུ་གྱུར་པ་བསྟན་པ་དང་། འཁོར་རྣམས་ཀྱི་ཚུལ་བསྟན་པའོ། །མདོ་ལས།

སྨན་གྱི་རྒྱལ་པོ་འདི་ནི་ཞེས་པ་ནས་ལྟ་ཅི་སྨོས་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཞལ་བཞུགས་པ་ན་ཡང་གསངས་ཏེ། ཀུན་ལ་བསྟན་པ་མ་ཡིན་པའང་ཆུད་དཀའ་བའི་ཕྱིར་མ་འོངས་པའི་དུས་ན་དབང་པོ་མ་རྟོགས་པ་རྣམས་ལ་བསྟན་ན་སྐུར་བ་འདེབས་པའི་ཕྱིར་མ་སྟོན་ཅིག་པར་བསྟན་པའོ། །མདོ་

ལས་འདི་ལྟར་སྨན་གྱི་རྒྱལ་པོ་ཞེས་པ་ནས་དེ་བཞིན་གཤེགས་པའི་ཕྱག་གིས་བྱུག་པར་འགྱུར་རོ་ཞེས་པའི་བར་དུ་ནི་ཆོས་འདིའི་མཐུས་འདོན་པའི་གང་ཟག་ཡོན་ཏན་ཅན་དུ་འགྱུར་བ་བསྟན་ཏེ། དེ་བཞིན་གཤེགས་པའི་ན་བཟའ་ནི་བཟོད་པ། ཞི་བ། དུལ་བ། བྱམས་པ་དང་སྙིང་རྗེར་ལྡན་པ། ངོ་

ཚ་བ་དང་འཛེམ་པ་སྤངས་པ་སྟེ། ན་བཟའ་དེས་བཀབ་པར་གྱུར་པ་དང་། དབང་པོ་སྨིན་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཤིང་སྐྱོབ་པར་འགྱུར་བ་དང་། མོས་པ་ཆེ་བར་འགྱུར་བ་དང་། སྨོན་ལམ་དང་དད་པ་བཙན་པའི་རང་བཞིན་ཅན་དུ་འགྱུར་བ་དང་། དགེ་བའི་རྩ་བ་ཅན་

དུ་འགྱུར་བ་དང་། སྟོང་པ་ཉིད་དང་སྙིང་རྗེའི་ཁྱད་པར་བཅོམ་ལྡན་འདས་དང་འདྲ་བར་འཇུག་པ་དང་། དེ་བཞིན་གཤེགས་པའི་ཕྱག་གིས་བྱུག་ཅིང་གནས་འཚོབ་པར་ལུང་བསྟན་པ་འཐོབ་པའོ། །མདོ་ལས་སྨན་གྱི་རྒྱལ་པོ་ཞེས་པ་ནས་མཆོད་པར་བྱའོ་ཞེས་པའི་བར་དུ་ནི་ཆོས་ཀྱི་སྐུ་དང་། རིང་

བསྲེལ་མཆོད་པར་འོས་པ་བསྟན་ཏེ། དེ་ལ་དང་པོ་ཆོས་ཀྱི་སྐུ་དང་། རིང་བསྲེལ་བསྟན་པ་དང་། འདི་ལ་བརྟེན་ཏེ་ཆོས་སྨྲ་བ་ཡོན་ཏན་ཅན་དུ་འགྱུར་བ་བསྟན་ཏོ། །ཆོས་དེ་དང་རིང་བསྲེལ་མཆོད་པར་འོས་པ་ནི་གཞུང་དང་ཡེ་ཤེས་ལྡན་པའི་ཕྱིར་ཏེ། སེམས་ཅན་རྣམས་ལ་ཡང་དག་པའི་ཡེ་ཤེས་ཕྱེ་

བ་དང་། བསྟན་པ་དང་རྟོགས་ཤིང་འཇུག་པར་འགྱུར་བའི་ཕྱིར་རོ། །མདོ་ལས་ཡང་སྨན་གྱི་རྒྱལ་པོ་ཞེས་པ་ནས་ཤིན་ཏུ་ཉེ་བར་གྱུར་པར་རིག་པར་བྱའོ་ཞེས་པའི་བར་དུ་ནི་ཆོས་འདི་ལ་བརྟེན་ནས་ཆོས་སྨྲ་བ་ཡོན་ཏན་ཅན་དུ་འགྱུར་བ་བསྟན་ཏེ། བྱང་ཆུབ་ཏུ་བསྙེན་པ་དང་། སྤྱོད་པ་དམ་པ་ལ་གཞོལ་བ་དང་། བྱང་

Vol. 120 · folio 297b

ཆུབ་ཆེན་པོ་འགྲུབ་པར་འགྱུར་བ་བསྟན་ཏོ། །མདོ་ལས། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་ཉེ་བར་གནས་པ་ཡིན་ནོ་ཞེས་པའི་བར་དུ་ནི་ཆོས་འདི་ཐོས་པས་སྤྱོད་པ་དམ་པ་ལ་གཞོལ་བའི་རྒྱུ་བསྟན་ཏེ། མཐོང་བ་དང་། ཐོས་པ་དང་། ཀློག་པ་དང་། འདོན་པ་དང་། འདྲི་བ་དང་། འཛིན་པ་དང་། མཆོད་པའོ། །

དེ་དག་ཀྱང་དཔེ་དང་། དོན་དང་། བསྡུ་བ་དང་གསུམ་མོ། །ཡང་མཐོང་བ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ཅི་རིགས་པར་སྦྱར་རོ། །མདོ་ལས། འདི་ལྟ་སྟེ་དཔེར་ན་སྨན་གྱི་རྒྱལ་པོ་ཞེས་པ་ནས་ཆུ་འདི་ནི་ཐག་ཉེའོ་སྙམ་ཞེས་པའི་བར་དུ་ནི་དཔེ་བསྟན་ཏེ། སློབ་པ་འབྱུང་བ་རྩོལ་བ་འཁོར་བ་ལ་

གནས་ཤིང་ཡང་དག་པའི་ལམ་ཚོལ་བའོ། །ཡང་ན་འགྲེལ་པ་ལས་ཀྱང་ཆུ་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །རྐོ་ཞེས་པ་ནི་ཡང་དག་པའི་ཤེས་རབ་སྔོན་དུ་བཏང་བས་ལུས་དང་། ངག་དང་ཡིད་གསུམ་གྱི་ལས་ཀྱིས་འབད་པའོ། །ས་སྐམ་པོ་མཐོང་བ་ནི་ཐེག་པ་རྣམ་གཉིས་ཀྱི་བསྟན་པ་དྲང་

བའི་དོན་དུ་བཤད་པ་དང་སྦྱར་རོ། །ས་གཤེར་བ་མཐོང་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐེག་པ་ཆེན་པོའི་བསྟན་པ་དང་ཕྲད་པ་སྟེ། བླ་ན་མེད་པའི་བྱང་ཆུབ་དང་ཉེ་ཞེས་པའི་དོན་ཏོ། །འགྲེལ་པ་ལས་ཀྱང་མདོ་འདི་འཛིན་པའི་གང་ཟག་དེ་དེ་བཞིན་གཤེགས་པའི་རང་བཞིན་གྱི་ཆུ་དང་ཕྲད་པས་བླ་ན་

མེད་པའི་བྱང་ཆུབ་དང་ཉེ་ཞེས་པའི་དོན་ཏོ། །མདོ་ལས་དེ་བཞིན་དུ་སྨན་གྱི་རྒྱལ་པོ་ཞེས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེའོ་ཞེས་པའི་བར་དུ་ནི་འདིས་དཔེ་དང་དོན་དུ་སྦྱར་བ་སྟེ། ཤེས་རབ་རྣམ་གསུམ་དང་ཆོས་སྤྱོད་པ་བཅུ་དང་ཅི་རིགས་པར་སྦྱར་རོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་

ཞེས་པ་ནས་གསང་བའི་གནས་བཤད་དོ་ཞེས་པའི་བར་དུ་ནི་འདིས་གཏན་ཚིགས་སྟོན་ཏེ། བྱང་ཆུབ་ཆེན་པོའི་ཆོས་འདི་རྒྱུ་དང་བཅས་པ། འབྲས་བུ་དང་བཅས་པ། ཉེ་བའི་རྒྱུ་དང་ལྡན་པ། རིང་བའི་རྒྱུ་དང་ལྡན་པ། ལུང་དང་གཞུང་དང་། སྤྱོད་པ་དང་། འབྲས་བུར་བཅས་པ་ཡེ་ཤེས་ཀྱི་མཚན་ཉིད་དང་ཡེ་

ཤེས་ཀྱི་རང་བཞིན་དང་། ཡེ་ཤེས་རྣམ་ལྔ་ཀུན་ཀྱང་མདོ་འདི་ལས་སྐྱེ། མདོ་འདི་ལས་ཐོབ་པའོ། །ལྡེམ་པོ་ངག་མཆོག་འགྲེལ་པ་ནི་དྲང་བ་དང་ངེས་པའི་དོན་འགྲེལ་པའོ། །མདོ་ལས་སྨན་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་ལ་ཞེས་པ་ནས་ཡང་དག་པར་སྟོན་ན་ཞེས་པའི་བར་དུ་ནི། ཆོས་ཇི་ལྟར་

Vol. 120 · folio 298a

བཤད་པའི་ཚུལ་བསྟན་ཏེ། དེ་ལ་ཡང་བཤད་པའི་ཚུལ་དང་། བཀའ་བཞིན་དུ་མཉན་པས་དེ་བཞིན་གཤེགས་པས་རྗེས་སུ་སྐྱོབ་པའོ། །ཚིག་དང་པོ་ལ་ཡང་དྲིས་པ་དང་། བཤད་པ་དང་། བསྡུས་པ་སྟེ། འདི་ནི་དྲིས་པའོ། །མདོ་ལས་སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་ཞེས་

པ་ནས་ཡང་དག་པར་བཤད་དོ་ཞེས་པའི་བར་དུ་འདི་ནི་བསྟན་པའོ། །མདོ་ལས་སྨན་གྱི་རྒྱལ་པོ་ཞེས་པ་ནས་ཆོས་ཀྱི་གཞུང་འདི་འཁོར་བཞི་ལ་ཡང་དག་པར་བསྟན་པའོ་ཞེས་པའི་བར་དུ་ནི་དངོས་སུ་བསྟན་པ་སྟེ། བྱམས་པ་དང་སྙིང་རྗེ་ལ་སྐུ་དང་ཐུགས་རྟག་ཏུ་གནས་པའི་ཕྱིར་གནས་ལྟ་བུར་བལྟའོ། །

ཡང་ན་ཐེག་པ་ཆེན་པོ་ཉིད་མཐར་ཕྱིན་པའི་གནས་ཉིད་དོ། །ཞི་ཞིང་དུལ་བ་དང་བཟོད་ཅིང་བྱམས་པས་ལུས་མཛེས་པར་བྱས་པའམ། དེའི་དགོས་པས་ཕྱི་རོལ་གྱི་གནོད་པས་མི་བརྫི་བའི་ཕྱིར་གོས་ལྟ་བུར་བལྟའོ། །ཆོས་སྟོང་པ་ཉིད་དུ་བསྟན་པ་ཡང་མདོ་དག་ལས་ཀྱང་བསམ་གཏན་བཞི་ནི་གདན་ཏེ་

ཞེས་པ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་གནས་པ་ཉིད་གདན་ལྟ་བུར་བལྟའོ། །མདོ་ལས་བྱང་ཆུབ་སེམས་དཔའ་མི་ཞན་པའི་སེམས་ཀྱིས་ཞེས་པ་ནས་ཡང་དག་པར་བཤད་པར་བྱའོ་ཞེས་པའི་བར་དུ་ནི་གསུམ་པ་སྟེ་བསྡུས་པའོ། །མདོ་ལས། སྨན་གྱི་རྒྱལ་པོ་ང་འཇིག་རྟེན་གྱི་ཁམས་ཞེས་པ་

ནས་ཁ་ཏོན་བྱེད་པ་ནས་སླར་འཐོན་ཏོ་ཞེས་པའི་བར་དུ་ནི་ཚིག་དེ་དང་མཐུན་པར་བྱས་ན་དེ་བཞིན་གཤེགས་པ་ཡང་རྗེས་སུ་སྐྱོབ་ཅིང་ཉན་དུ་འཛུད། མཐོང་བར་བྱེད་མི་བརྗེད་པར་བྱེད་དོ། །སྤྲུལ་པས་སྤྲུལ་པ་བསྡུ་ཞིང་ཆོས་སྟོན་པའོ། །མདོ་ལས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞེས་པ་ནས་ཤིན་ཏུ་

དད་པ་རྙེད་པར་དཀའ་ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་བཅོ་བརྒྱད་ལ་རྣམ་པ་གསུམ་དུ་བགོས་ཏེ། ཚིགས་བཅད་དང་པོ་གཅིག་གིས་ནི་མོས་པར་དཀའ་བ་དང་། ཀུན་ལ་བསྙད་དུ་མི་རུང་བ་བསྟན། ཚིགས་བཅད་བཞིས་ནི་ཆོས་ཀྱི་སྐུ་དང་རིང་བསྲེལ་ལ་མཆོད་པས་བྱང་ཆུབ་ཏུ་ཉེ་བར་བསྟན་

པ་དང་། ཚིགས་བཅད་བཅུ་གསུམ་གྱིས་ནི་ཆོས་འཆད་པའི་ཚུལ་བསྟན་ཏེ། འདི་ནི་དང་པོའོ། །མདོ་ལས། ཇི་ལྟར་ལ་ལ་ཆུ་འདོད་པ། །ཞེས་པ་ནས། འདི་ནས་ཆུ་ལའང་རིང་མ་ཡིན། །ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་འདི་བཞིས་ནི་ཆོས་ཀྱི་སྐུ་རིང་བསྲེལ་དུ་བསྒྱུར་བ་ལ་བསྟི་སྟང་བྱས་པས་

Vol. 120 · folio 298b

བྱང་ཆུབ་ཏུ་ཉེ་བ་བསྟན་པ་སྟེ། དཔེ་དང་དོན་ཅི་ལེགས་པར་སྦྱར་རོ། །མདོ་ལས། དེ་བཞིན་དེ་དག་རྒྱང་རིང་བ། །ཞེས་པ་ནས། ཆུ་དང་མེ་ཞེས་བྱ་བ་བཞིན། །ཞེས་པའི་བར་དུ་ནི་སྦྱར་རོ། །མདོ་ལས། སེམས་ཅན་རྣམས་ལ་ཞེས་པ་ནས་མཆོད་པ་བྱེད་ཅེས་པའི་བར་དུ་ནི་ཚིགས་བཅད་བཅུ་གསུམ་པོ་

འདིས་ཆོས་འཆད་པའི་ཚུལ་བསྟན་ཏེ། དེ་ལ་ཚིགས་བཅད་བཅུ་གཅིག་གིས་ནི་ཚུལ་ཉིད་བསྟན། ཚིགས་བཅད་གཉིས་ཀྱིས་ནི་ཉན་པ་དང་འཆད་པ་བསྟན་ཏོ། །མདོ་ལས་འཁོར་རྣམས་ལ་ཡང་ཞེས་པ་ནས་སངས་རྒྱས་མཐོང་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པས་རྗེས་སུ་གཟུང་བ་བསྟན་ཏེ། ཚིག་

གཅིག་གིས་ནི་བཟོད་པ་སྤྱོད་པ་བསྟན། ཚིགས་བཅད་གསུམ་གྱིས་ནི་གཞན་གྱི་སྤྲུལ་པས་མཆོད་པ་དང་འཁོར་བྱེད་པ་བསྟན། ཚིགས་བཅད་གཅིག་གིས་ནི་སྐྱོ་ཞིང་བསྲུང་བ་བསྟན། ཚིགས་བཅད་གཉིས་ཀྱིས་ནི་ལུས་མངོན་དུ་བསྟན་ཏེ། དམིགས་པ་དྲན་པར་བྱས་པ་བསྟན། ཚིག་གཅིག་

གིས་ནི་ཡོན་ཏན་དང་ལྡན་པ་ལ་མངོན་དུ་སྟོན་པ་བསྟན། ཚིག་གཅིག་གིས་ནི་འཁོར་བརྒྱད་རྣམས་ཆོས་ཉན་པ་བསྟན་ཏེ། དེ་དག་ཅི་རིགས་པར་སྦྱར་རོ།། །།འདི་མན་ཆད་རིན་པོ་ཆེའི་མཆོད་རྟེན་བསྟན་པའི་ལེའུ་འཆད་དོ། །དེ་ཡང་རྣམ་པ་གསུམ་དུ་དབྱེའོ། །ལེའུ་འདིའི་གཏན་

ཚིགས་དང་དེའི་མིང་དང་། དོགས་པ་བསལ་བའོ། །གདགས་པའི་གཏན་ཚིགས་ལ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་མེད་པའི་གང་ཟག་གིས་ང་རྒྱལ་རྣམ་པ་གསུམ་སྤང་པའི་ཕྱིར་ཏེ། དེ་གསུམ་ནི་ཐེག་པ་ཐམས་ཅད་ཐ་དད་པར་མོས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཐ་དད་པར་མོས་པ་

དང་། སྐུ་ཐ་དད་པར་མོས་པ་ལ་མཉམ་པ་གསུམ་གྱིས་དེ་སེལ་བར་བྱེད་དེ། མཉམ་པ་ཉིད་གསུམ་ནི་ཐེག་པ་མཉམ་པ་དང་། འཁོར་དང་། མྱ་ངན་ལས་འདས་པ་མཉམ་པས། དེ་བཞིན་གཤེགས་པའི་རིན་པོ་ཆེའི་མཆོད་རྟེན་བསྟན་པ་དང་། སྐུ་ཐ་དད་པར་མོས་པ་རྣམས་རིན་ཆེན་མང་དེ་བཞིན་གཤེགས་

པའི་སྐུ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡང་དེ་ཡིན་ཏེ། བྱེ་བྲག་མེད་པར་བསྟན་པ་དང་། འགྲེལ་པ་ལས་བླ་ན་མེད་པ་བཅུ་བསྟན་པའི་ནང་ནས་ཞིང་རྣམ་པར་དག་པ་བསྟན་པ་བླ་ན་མེད་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་མང་དང་མཆོད་རྟེན་བྱུང་བས་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་

Vol. 120 · folio 299a

ཐམས་ཅད་དེར་འདུས་ཤིང་། དེ་ནས་འོད་གཅིག་བཏང་བས་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་ཅིང་ཞིང་མ་དག་པ་དང་། དག་པ་བྱེ་བྲག་མེད་པར་དེ་བཞིན་གཤེགས་པའི་ཞིང་དག་པ་ཉིད་དུ་བསྟན་པའི་ཕྱིར་དང་། དམ་པའི་ཆོས་འདི་སྟོན་ཅིང་བཞུགས་པའི་ས་ཐམས་ཅད་སྔོན་

བྱུང་བ་དང་འདྲ་བར་རིན་པོ་ཆེའི་མཆོད་རྟེན་ཉིད་དུ་བསྟན་ཅིང་། དམ་པའི་ཆོས་ལ་རིམ་གྲོ་བསྐྱེད་པའི་ཕྱིར་ལེའུ་འདི་བསྟན་ཏོ། །མིང་བཤད་པ་ནི་རིན་པོ་ཆེ་ལས་བྱས་པའི་མཆོད་རྟེན་ཡིན་པས་ན་རིན་པོ་ཆེའི་མཆོད་རྟེན་ནོ། །ཡང་ན་དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཆོད་རྟེན་ཡིན་པས་ན་

རིན་པོ་ཆེའི་མཆོད་རྟེན་ནོ། །དོགས་པ་བསལ་བ་ལེའུ་འདིའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་འདུས་ཤིང་རྣམ་པར་དག་པ་བསྟན་པ་ཡིན་ན་ཅིའི་ཕྱིར་མིང་དེར་མི་གདགས། མཆོད་རྟེན་དེ་ནམ་མཁའ་ལ་འཕགས་ཤིང་ངོ་མཚར་དུ་གྱུར་པ་ཞིང་རྣམ་པར་དག་པ་སྟོན་པས་དཔེ་གཙོར་བྱས་ཏེ་

མིང་དུ་བཏགས་པས་ཉེས་པ་མེད་དོ། །མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་བར་སྣང་ལ་འདུག་སྟེ་ཞེས་པའི་བར་དུ་ནི་འདི་མན་ཆད་ཚིག་རྐྱང་པ་སྟོན་པ་ལ་རྣམ་པ་གཉིས་ཏེ་མཆོད་རྟེན་བར་སྣང་ལ་འཕགས་ཏེ་བྱུང་བ་བསྟན་པས་དམ་པའི་ཆོས་འདི་ཁྱད་པར་ཅན་དུ་བསྟན་ཏོ། །རིན་

པོ་ཆེའི་མཆོད་རྟེན་དེ་ཁ་ཕྱེ་སྟེ་བསྟན་པ་ནི་འཁོར་རྣམས་དད་པ་དང་། བསྟི་སྟང་བསྐྱེད་པའི་ཕྱིར་རོ། །སྔར་ནི་རིན་པོ་ཆེའི་མཆོད་རྟེན་བསྟན་པ་ཉིད་ཀྱིས་ཡིད་ཆེས་པར་བསྒྲུབས། དེའི་འོག་ཏུ་སྐུ་གདུང་མངོན་པར་བསྟན་པས་ནི་ལུང་ལ་ཡིད་ཆེས་པ་བསྟན་ཏོ། །རིན་པོ་ཆེའི་མཆོད་རྟེན་དེ་ལས་

སིལ་སྙན་སྣ་ཚོགས་བྱུང་བ་ནི་མཆོད་རྟེན་མཐོང་བར་བསྟན་པ་དང་། ཆེ་ཆུང་གི་ཚད་བསྟན་པ་དང་། ནམ་མཁའ་ལ་འཕགས་པ་བསྟན་པ་དང་། དེའི་རྒྱན་བསྟན་པའོ། དེའི་དང་པོ་ལ་ཡང་ཡོན་ཏན་རྣམ་པ་གསུམ་སྟེ། བླ་ན་མེད་པ་བཅུའི་ནང་ནས་ཞིང་རྣམ་པར་དག་པ་བླ་ན་མེད་པ་བསྟན་ཏོ། །དེ་

བཞིན་གཤེགས་པ་རིན་ཆེན་མང་གི་མཆོད་རྟེན་བསྟན་པ་ཡང་དོན་རྣམ་པ་དགུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་རྣམ་པར་དག་པ་དང་དེའི་མཆོད་རྟེན་དང་། མཆོད་རྟེན་དེའི་ཚད་དང་། མདོ་བསྟན་པ་དང་། དེ་འཛིན་ཅིང་བརྟེན་པ་དང་། དེ་བཞིན་གཤེགས་པ་གྲངས་མེད་པ་སྟོན་པ་དང་། ཞིང་མ་དག་པ་

Vol. 120 · folio 299b

རྣམ་པར་སྤོང་བ་དང་། རིན་ཆེན་མང་བ་དང་། གདན་གཅིག་ལ་བཞུགས་པ་སྟོན་པ་སྟེ། དེ་དག་ནི་འོག་ནས་འབྱུང་བའི་དཀྱུས་དང་སྦྱར་རོ། །མཆོད་རྟེན་དེའི་ནང་ནས་རིང་བསྲེལ་འབྱུང་བ་བསྟན་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མདོ་སྡེ་འདི་ལ་གནས་པ་བསྟན་པའོ། །མཆོད་རྟེན་ནམ་མཁའ་ལ་

འཕགས་པ་ཡང་དེ་བཞིན་གཤེགས་པའི་ཞིང་རྣམ་པར་དག་པ་ཡང་འཇིག་རྟེན་པའི་དགེ་བའི་རྩ་བ་ལས་ཁྱད་པར་དུ་བསྟན་པའོ། །ལྔ་བརྒྱ་ལ་ཡང་ནམ་མཁའ་ལ་འཕགས་པ་ནི་དེ་བཞིན་གཤེགས་པ་འཁོར་བ་ཐམས་ཅད་ལས་འདས་ཏེ་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་བསྟན་ཏོ། །ཡང་

ན་ཐེག་པ་གཅིག་པོ་འདིར་ཐེག་པ་གཉིས་པ་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ། །ནམ་མཁའ་བར་སྣང་ཞེས་པ་ནི་ཡང་དག་པ་སྟོང་པ་ཉིད་ལ་གནས་པ་བསྟན་ཏོ། །མདོ་ལས་སྣ་ཚོགས་བལྟ་ན་སྡུག་ཅེས་པ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏོ་ཞེས་པའི་བར་དུ་ནི་རྒྱན་གྱི་མཚན་ཉིད་བསྟན་ཏེ། རྒྱན་

བརྒྱད་དང་། གདུགས་དང་། བ་དན་ལ་སོགས་པའོ། །མཆོད་རྟེན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞིན་དེ་བཞིན་གཤེགས་པའི་སྐུ་དང་དམ་པའི་ཆོས་འདི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་སྦྱར་རོ། །རྒྱན་ཐམས་ཅད་ནི་ཡོན་ཏན་སྣ་ཚོགས་ཀྱི་དཔེའོ། །ཁ་རན་ལྔ་སྟོང་ནི་དད་པ་བརྩོན་འགྲུས་དང་དྲན་པ་དང་ཏིང་

ངེ་འཛིན་དང་ཤེས་རབ་ཀྱི་དཔེའོ། །རྟ་བབས་སྟོང་ཕྲག་མང་པོ་ཞེས་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་ཏོ། །རྒྱལ་མཚན་དང་བ་དན་ཞེས་པ་ནི་ཡེ་ཤེས་དང་གཟུངས་སུ་བལྟའོ། །ཕྲེང་བ་ནི་དྲན་པ་ཉེ་བར་གཞག་པ་དང་སྦྱར་རོ། །དྲི་དང་སྤོས་དམ་པ་ནི་དེ་བཞིན་གཤེགས་པའི་སྐུ་རྣམས་དང་། ཉོན་མོངས་པ་ཐམས་ཅད་སེལ་

བ་ཡང་དག་པ་དེ་བཞིན་ཉིད་དོ། །མདོ་ལས་དེའི་གདུགས་ཀྱི་ཕྲེང་བ་ཞེས་པ་ནས། ཀར་ཀེ་ཏ་ནའོ་ཞེས་པའི་བར་དུ་ནི་རིན་པོ་ཆེ་སྣ་བདུན་འཕགས་པའི་ནོར་བདུན་དང་སྦྱར་རོ། །མདོ་ལས། མཆོད་རྟེན་དེ་ལ་ཞེས་པ་ནས་ཐལ་མོ་སྦྱར་ཏེ་འཁོད་དོ་ཞེས་པའི་བར་དུ་ནི་མཐོང་ཞིང་འཕགས་པས་འགྲོ་བ་ལས་ཁྱད་པར་དུ་བསྟན་

པ་དང་། ཡ་མཚན་དུ་གྱུར་པས་འཁོར་རྣམས་དད་པ་སྐྱེད་པ་དང་། རྫུ་འཕྲུལ་མཛད་པའི་ཡོན་ཏན་གྱིས་མདོ་སྡེ་འདི་དམ་པ་ཡིན་པར་བསྟན་པ་དང་། མཆོད་རྟེན་ཕྱུང་བས་གུས་པ་བསྐྱེད་པ་དང་། འཁོར་རྣམས་ཀྱི་བསམ་པ་རིག་ནས་ཐེ་ཚོམ་མངོན་པར་གསོལ་བ་སྟེ། དེ་ཡན་ཆད་ཅི་རིགས་པར་སྦྱར་རོ། །མདོ་ལས་

Vol. 120 · folio 300a

དེ་ནས་དེའི་ཚེ་སྤོབས་པ་ཆེན་པོ་ཞེས་བྱ་བ་ནས་འདི་ལྟ་བུའི་སྒྲ་འབྱིན་པ་སུ་ཞེས་པའི་བར་དུ་ནི་དོན་དྲིས་པའོ། །མདོ་ལས། དེ་སྐད་ཅེས་གསོལ་པ་དང་ཞེས་པ་ནས་དེས་སྒྲ་འདི་ཕྱུང་ངོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། དང་པོར་གླེང་པ་དང་དངོས་སུ་བསྟན་པ་དང་བསྡུས་པའོ། །

འགྲེལ་པ་ལས་སྟུག་པོར་གནས་སོ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངའ་བརྙེས་པ་བཞུགས་པའམ། སྤྲུལ་པའི་སྐུ་གསེར་གྱི་མདོག་ཅན་མངའ་བརྙེས་པར་བཞུགས་ཏེ། མདོ་འདི་ཉིད་དང་སྦྱར་རོ། །མདོ་ལས་སྤོབས་པ་ཆེན་པོ་ཤར་ཕྱོགས་སུ་ཞེས་པ་ནས། སངས་རྒྱས་རིན་ཆེན་མང་ཞེས་བྱ་བ་བྱུང་སྟེ་ཞེས་

པའི་བར་དུ་ནི་དེ་ཡང་རྣམ་པ་བཞི་སྟེ། དེ་བཞིན་གཤེགས་པའི་སྐུ་དང་སྔོན་གྱི་སྨོན་ལམ་དང་། ལུང་བསྒོ་བ་དང་། སྨོན་ལམ་བཞིན་མཛད་པའོ། །རིན་ཆེན་ཞེས་པ་དེ་བཞིན་གཤེགས་པ་གཅིག་གམ་མང་དུ་བཞུགས་འགྲེལ་པ་ལས་མདོ་བསྟན་པ་ལ་དེ་བཞིན་གཤེགས་པ་རིན་ཆེན་མང་གི་སྐུ་གཅིག་བསྟན་པའི་ནང་དུ་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་འདུས་པས་སྐུ་མཉམ་པར་བསྟན་པ་དང་། ཐེག་པ་གཅིག་པོ་བསྟན་པ་ཡང་ཐེག་པ་ཐམས་ཅད་བསྡུ་བ་དང་། རིན་པོ་ཆེ་མང་ཡང་རིན་པོ་ཆེའི་རང་བཞིན་མཚུངས་པ་བཞིན། སྤྲུལ་པ་དང་རྫོགས་ལོངས་སྤྱོད་པའི་སྐུ་ཡང་སྐུ་མཚུངས་པ་སྟེ། ལུང་དང་གཞུང་རྣམ་པར་དག་པ་ལ་གཉིས་སུ་མེད་ཅེས་པའོ། །མདོ་

ལས་བཅོམ་ལྡན་འདས་དེའི་སྨོན་ལམ་འདི་ལྟ་བུ་ཞེས་པ་ནས་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་པའི་བར་དུ་ནི་སྔོན་གྱི་སྨོན་ལམ་བསྟན་པའོ། །མདོ་ལས་ཡང་སྤོབས་པ་ཆེན་པོ་བཅོམ་ལྡན་འདས་ཞེས་པ་ནས་མཆོད་རྟེན་ཆེན་པོ་གཅིག་བྱོས་ཤིག་ཅེས་པའི་བར་དུ་ནི་ལུང་བསྒོ་བའོ། །མདོ་ལས་མཆོད་རྟེན་གཞན་ནི་ངའི་ཕྱིར་བྱའོ་

ཞེས་པ་ནས་དགེའོ་ཞེས་བྱ་བ་བྱིན་ནོ་ཞེས་པའི་བར་དུ་ནི་སྨོན་ལམ་བཞིན་གྲུབ་པར་མཛད་པའོ། །མདོ་ལས་སྤོབས་པ་ཆེན་པོ་དེ་ལྟ་བས་ན་ཞེས་པ་ནས་དགེའོ་ཞེས་བྱ་བ་བྱིན་ནོ་ཞེས་པའི་བར་དུ་ནི་མདོར་བསྡུས་ཏེ་བསྒོ་བའོ། །མདོ་ལས་དེ་ནས་སྤོབས་པ་ཆེན་པོ་ཞེས་པ་ནས་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་ཞེས་པའི་བར་

དུ་ནི་སྔར་གླེང་བ་དང་མཆོད་རྟེན་དབྱེ་བ་སྟེ། དེ་ལ་ཡང་གསོལ་བ་དང་། ལན་བཏབ་པ་དང་། བཟླས་ཏེ་གསོལ་པ་དང་། དབྱེ་བར་སྣང་བའོ། །མདོ་ལས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་འདིར་དགུག་པར་བྱའོ་ཞེས་པའི་བར་དུ་ནི་སྤྲུལ་པའི་སྐུ་སླར་བསྡུ་བ་སྟེ། དེ་འདྲི་བ་ན་རེ་དེ་བཞིན་གཤེགས་

Vol. 120 · folio 300b

པའི་སྤྲུལ་པ་ནི་སུམ་སྟོང་ལས་མི་འདའོ་ཞེས་གསུངས་ནས། འདིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྐུ་མང་པོས་ཁྱབ་ཅེས་གསུངས་པ་ཅིའི་ཕྱིར་དང་པོ་སྤྲུལ་པ་མཐོང་བ་རྣམས་ལ་གྲངས་བསྟན་པར་ཟད་ཀྱི་ཡོན་ཏན་ཚད་མེད་པའི་ཕྱིར་སྐུ་སྤྲུལ་པ་ཡང་གྲངས་མེད་པ་དང་། སྐུ་ཐ་མི་དད་པའི་ཕྱིར་སྤྲུལ་པ་ཐམས་ཅད་ནི་

ངའི་སྐུ་ཞེས་པར་སྦྱར་རོ། །མདོ་ལས་དེ་ནས་སྤོབས་པ་ཆེན་པོ་ཞེས་པ་ནས། བདག་ཅག་གིས་ཕྱག་བགྱིའོ་ཞེས་པའི་བར་དུ་ནི་བཟླས་ཏེ་གསོལ་བའོ། །མདོ་ལས་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་མཛོད་སྤུ་ནས་ཞེས་པ་ནས། དེ་དག་ཐམས་ཅད་སྣང་ངོ་ཞེས་པའི་བར་དུ་ནི་དབྱེ་བ་སྣང་སྟེ། སྔར་སྤྲུལ་པའི་སྐུ་

རྣམས་བསྡུ་བ་དང་། མཆོད་རྟེན་དངོས་སུ་ཕྱེ་བའོ། །དེའི་ཚིག་དང་པོ་ལ་རྣམ་པ་བཞི་སྟེ། འོད་ཀྱིས་སྣང་བར་མཛད་པ་དང་། སྤྲུལ་པའི་སངས་རྒྱས་སླར་གཤེགས་པ་དང་། དེ་བསུ་བ་དང་། མགོན་པོ་དེ་ལ་མེ་ཏོག་འབུལ་བའོ། །སྤྲུལ་པའི་སྐུ་དེ་དག་འཕགས་པ་དགོངས་པ་དག་པ་རྣམས་འོད་ཀྱིས་བསྐུལ་མི་དགོས་པར་

བྱོན་པར་འོས་ན་ཅིའི་ཕྱིར་འོད་ཀྱིས་བསྐུལ། དེ་ནི་འཇིག་རྟེན་པ་རྣམས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་བསྟན་པའི་ཕྱིར་འོད་ཀྱིས་སྦྲན་ཏེ་བྱོན་པར་བསྟན་པའོ། །འོད་ཟེར་བཏང་ཞེས་པ་ནི་ཐེག་པ་གཅིག་པོ་བསྟན་པའི་དོན་ཏོ། །སངས་རྒྱས་མང་པོ་སྣང་བར་མཛད་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་

མཐུན་པ་བསྟན་པའོ། །མདོ་ལས་སངས་རྒྱས་ཀྱི་ཞིང་དེ་དག་ནི་ཤེལ་ལས་བྱས་པ་ཞེས་པ་ནས་གསེར་གྱི་དྲ་བས་གཡོགས་པར་སྣང་ངོ་ཞེས་པའི་བར་ནི་འདིའི་ནང་དུ་དོན་རྣམ་པ་གསུམ་སྟོན་ཏེ། ཞིང་གི་མཚན་ཉིད་དང་། འཁོར་དང་། བླ་རེ་ཆེན་པོ་ཅིའི་ཕྱིར་ཞིང་རྣམ་པར་དག་པའི་ཚུལ་དུ་སྟོན་ཞེ་ན། བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་པའི་

སྤྱོད་ཡུལ་དུ་རིན་པོ་ཆེ་རྒྱན་སྣ་ཚོགས་སྣང་བར་བསྟན་པ་དང་། ཐེག་པ་གཅིག་པོའི་ནང་དུ་ཡོན་ཏན་ཐམས་ཅད་བསྡུ་བར་བསྟན་པའོ། །མདོ་ལས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས་ཡོངས་སུ་གང་བར་སྣང་ངོ་ཞེས་པའི་བར་དུ་ནི་ཆོས་སྟོན་པའོ། །མདོ་ལས། དེ་བཞིན་དུ་ཤར་དང་ལྷོ་ཕྱོགས་ཞེས་པ་ནས་གཤིན་རྗེའི་འཇིག་

རྟེན་ཡང་མེད་ཅེས་པའི་བར་དུ་ནི་ཕྱོགས་གཞན་དུ་ཕྱིན་པ་དང་དེ་བཞིན་གཤེགས་པ་གཞན་ཡང་དེར་བྱོན་པ་དང་། བསུ་སྟེ་གཤེགས་པ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་སྤོ་བ་དང་། དེ་བཞིན་གཤེགས་པ་བཞུགས་པ་དང་། དེར་བཞུགས་ནས་ཀྱང་རྫུ་འཕྲུལ་ཆེན་པོ་བསྟན་པའོ། །འཇིག་རྟེན་གྱི་ཁམས་སྤོ་བ་ཡང་རྣམ་པར་དག་

Vol. 120 · folio 301a

པའི་ཞིང་དུ་བསྟན་ཏེ། རི་དང་། ཆུ་དང་། ནགས་ལ་སོགས་པ་གསལ་བར་བསྟན་པ་འདིས་ནི་ཞིང་རྣམ་པར་དག་པ་མཉམ་པ་ཉིད་བསྟན་ཏོ། །དང་པོ་རིན་ཆེན་མང་གི་མཆོད་རྟེན་ཞིང་མ་དག་པ་ན་བཞུགས་པ་བསྟན་པ་ནི། ཐེག་པ་རྣམ་པ་གཉིས་དྲང་བའི་དོན་ཏོ། །སྤྲུལ་པའི་སྐུ་འདུས་ནས་ཞིང་རྣམ་པར་དག་པར་གྱུར་པ་

ནི་བྱང་ཆུབ་སེམས་དཔའི་དོན་དུ་བསྟན་པའོ། །ཡང་ན་དང་པོ་ཞིང་མ་དག་པ་ནི་མ་རབས་ཀྱི་ས་བསྟན་ཏོ། །དེའི་འོག་ཏུ་སྟོང་ཆེན་པོ་གཅིག་གིས་བསྒྱུར་བ་ནི་འཕགས་པ་ཉན་ཐོས་པའི་དཔེའོ། །དེའི་འོག་ཏུ་བསྒྱུར་བ་ནི་འཕགས་པ་རང་སངས་རྒྱས་པ་རྣམས་ཀྱི་དཔེའོ། །ཡང་དེའི་འོག་ཏུ་བསྒྱུར་བ་ནི་ཐེག་པ་ཆེན་པོ་ཡོངས་སུ་རྒྱས་པའི་

དཔེའོ། །མདོ་ལས། དེའི་ཚེ་མི་མཇེད་ཀྱི་ཁམས་ན་ཞེས་པ་ནས་དེ་ལྟར་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རང་རང་གི་ཞམ་འབྲིང་བ་བཀྱེའོ་ཞེས་པའི་བར་དུ་ནི་རྒྱས་པར་བསྒྱུར་ཞིང་སྤོ་བ་སྟེ། དེ་ཡང་གཅིག་གིས་བསྒྲེ་ཞིང་བསྒྱུར་བ་དང་། བརྒྱར་བསྒྲེ་ཞིང་བསྒྱུར་བ་ནི་དེ་བཞིན་གཤེགས་པ་ཐ་དད་པས་སོ། །དེ་བསྒྱུར་བ་

ཡང་དང་པོ་ནི་ཞིང་བསྒྱུར། དེའི་འོག་ཏུ་ནི་སེམས་ཅན་བསྒྱུར་བ་དང་། དག་པའི་མཚན་ཉིད་བསྒྱུར་བ་དང་། མ་དག་པ་བསལ་བ་དང་། རྒྱན་གྱིས་བརྒྱན་པའོ། །འོད་ཀྱིས་སྣང་བར་མཛད་པ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བསྐུལ་བའོ། །སེམས་ཅན་དམྱལ་བ་མེད་ཅེས་པ་ནི་སེམས་ཅན་བསྒྱུར་བའོ། །རི་དང་མཚོ་ལ་

སོགས་པ་མེད་པར་བྱས་པ་ནི་ཞིང་བསྒྱུར་བའོ། །འདི་བཞག་སྟེ་ཞེས་པ་ནི་འཁོར་འདི་དག་ཆོས་ཀྱི་སྣོད་དུ་གྱུར་པ་བསྟན་པའོ། །སངས་རྒྱས་ཀྱི་ཞིང་གཅིག་ཏུ་བྱས་ཞེས་པ་ནི་རྒྱན་གྱིས་བརྒྱན་པ་བསྟན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཞེས་པ་ནས་ནམ་མཁའ་བར་སྣང་ལ་བཞུགས་སོ་ཞེས་པའི་བར་དུ་ནི་

མཆོད་རྟེན་དབྱེ་བར་དགོངས་པ་སྟེ། དེ་ཡང་དོན་གྲུབ་ནས་ནམ་མཁའ་ལ་བཞུགས་པ་དང་། འཁོར་བཞི་པོ་ལངས་ནས་ཞལ་དུ་བལྟ་བ་དང་། མཆོད་རྟེན་མངོན་པར་ཕྱེ་བའོ། །མདོ་ལས་འཁོར་བཞི་པོ་དེ་དག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལགས་སུ་བལྟ་ཞིང་འཁོད་དོ་ཞེས་པ་ནི་འཁོར་ལངས་པ་བསྟན་

པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱི་ཞེས་པ་ནས། ས་ལེར་བྱས་སོ་ཞེས་པའི་བར་དུ་ཕྱག་གཡས་པ་ཞེས་པ་ནི་བཀྲ་ཤིས་པར་བྱ་བའོ། །མདོ་ལས་དེ་བཞིན་གཤེགས་པའི་ཞེས་པ་ནས་ཁོ་བོ་འདིར་འོངས་སོ་ཞེས་པའི་བར་དུ་ནི་མཆོད་རྟེན་ཕྱེ་བས་འཆད་པ་དང་། ཉན་པ་རྣམས་སྤྲོ་བར་བྱ་བའི་གཏན་ཚིགས་བསྟན་ཏེ། སྐུ་མངོན་པར་

Vol. 120 · folio 301b

སྟོན་ཅིང་གསུང་སྨྲ་བ་དང་། མེ་ཏོག་འཐོར་བ་གཉིས་ལས་འདི་ནི་དང་པོའོ། །མདོ་ལས་དེ་ནས་འཁོར་བཞི་པོ་དེ་དག་གི་ཞེས་པ་ནས། རིན་པོ་ཆེའི་ཕུང་པོས་གཏོར་ཏོ་ཞེས་པའི་བར་དུ་ནི་མེ་ཏོག་འཐོར་བ་བསྟན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་རིན་ཆེན་མང་ཞེས་པ་ནས་འདིར་བཞུགས་ཏེ་དེ་སྐད་གསུང་ངོ་ཞེས་པའི་བར་དུ་ནི་འཁོར་

མང་པོ་ལ་མཆོད་ཅིང་ཡོངས་སུ་གཏད་པ་སྟོན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་པ་ནས་བཞུགས་པར་སྣང་ངོ་ཞེས་པའི་བར་དུ་སྐུ་གསུམ་དོན་ཆེན་པོ་མཛད་པར་འདྲ་བར་བསྟན་པའི་ཕྱིར་སངས་རྒྱས་དེ་གཉིས་གདན་གཅིག་ལ་བཞུགས་པ་དང་ཐེག་པ་གཅིག་ལ་འདུ་བར་བསྟན་པའི་ཕྱིར་གདན་གཅིག་ལ་བཞུགས་

པའོ། །མདོ་ལས་དེ་ན་འཁོར་བཞི་པོ་དེ་དག་ཅེས་པ་ནས་བར་སྣང་ལ་འཕགས་པར་བྱའོ་སྙམ་དུ་སེམས་སོ་ཞེས་པའི་བར་དུ་ནི་ཐམས་ཅད་སྟོང་པའི་མཚན་ཉིད་གནས་པར་བྱ་བ་བསྟན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། བར་སྣང་ལ་བཀོད་དོ་ཞེས་པའི་བར་དུ་ནི་ཐེག་པ་ཆེན་པོ་ཐོས་པས་

བླ་ན་མེད་པའི་འབྲས་བུ་འགྲུབ་པ་བསྟན་ཏོ། །མདོ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདས་པ་བཞེད་དོ་ཞེས་པའི་བར་དུ་ནི་ཡོངས་སུ་གཏད་པ་བསྟན་ཏོ། །མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ན་ཞེས་པ་ནས། ཆོས་ཀྱི་ཕྱིར་དུ་བརྩོན་འགྲུས་མི་སྐྱེད་

ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་བཞི་བཅུ་རྩ་བརྒྱད་ལ་གཉིས་སུ་དབྱེ་སྟེ། ཚིགས་བཅད་བཅུ་གཉིས་ཀྱིས་ནི་མཆོད་རྟེན་མངོན་པར་འབྱུང་བ་བསྟན། ཆོས་ཐོས་པའི་གཏན་ཚིགས་ཀྱིས་དམ་པ་བསྟན། དེའི་འོག་གི་ཚིགས་བཅད་སུམ་ཅུ་རྩ་དྲུག་གིས་ནི་འཁོར་རྣམས་མདོ་འདི་ཐོས་པར་

མོས་པ་དང་། ཡོངས་སུ་གཏད་པ་བསྟན་ཏོ། །མདོ་ལས། ཚིག་དང་པོ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་མཆོད་རྟེན་མངོན་པར་བྱུང་བས་འཁོར་རྣམས་སྤྲོ་བ་བསྐྱེད། དེའི་འོག་གི་ཚིག་ཕྱེད་དང་བཅུ་གཅིག་གིས་ནི་མཆོད་རྟེན་ཕྱེ་སྟེ་འཁོར་ལ་ཆོས་སྟོན་པ་བསྟན་ཏོ། །

མདོ་ལས། བསྐལ་པ་བྱེ་མང་མྱ་ངན་ལས་འདས་ཀྱང་། །ཞེས་པ་ནས་ཡོངས་སུ་རྒྱུ་བ་ཕྱོགས་བཅུ་ཐམས་ཅད་ཅེས་པའི་བར་དུ་ནི་མཆོད་རྟེན་ཕྱེ་སྟེ་འཁོར་རྣམས་སྤྲོ་བ་བསྐྱེད་པ་ལ་ཚིག་དང་པོ་གཉིས་ཀྱིས་ནི་གླེང་གཞི་བསྟན། ཕྱི་མ་ཕྱེད་དང་དགུས་ནི་མཆོད་རྟེན་ཕྱེ་སྟེ་མངོན་པར་སྟོན་པ་བསྟན་ཏོ། །མདོ་ལས། འདི་དག་ཐམས་ཅད་ང་ཡི་

Vol. 120 · folio 302a

ལུས་གཟུགས་ཏེ། །ཞེས་པ་ནས། རྫུ་འཕྲུལ་གྱིས་ནི་ཡོངས་སུ་དག་པར་བྱས། །ཞེས་པའི་བར་དུ་ནི། འདི་མན་ཆད་ཞིང་བསྒྱུར་བ་དང་། སངས་རྒྱས་བཞུགས་པ་དང་། སྐུ་ལས་སྤོས་ཀྱི་དྲི་འབྱུང་བ་དང་། སེམས་ཅན་གྱི་དོན་ལ་འཇིག་རྟེན་ན་བཞུགས་པའོ། །མདོ་ལས། འདི་ལྟ་བུར་ནི་འདི་དག་ངས་བཤད་པ། །ཞེས་

པ་ནས། མུན་ནག་ཆེན་པོའི་ནང་ན་མེ་བཞིན་ནོ། །ཞེས་པའི་བར་དུ་ནི་སངས་རྒྱས་བཞུགས་པ་བསྟན་ཏོ། །མདོ་ལས། ཕྱོགས་བཅུ་རྣམས་སུ་ཡིད་དུ་འོང་བའི་དྲི། །ཞེས་པ་ནས། ཆོས་ཀྱི་གཞུང་ཡང་འཛིན་པ་ནི་ཞེས་པའི་བར་དུ་ནི་དྲི་འབྱུང་བ་དང་། སེམས་ཅན་ལ་ཆོས་འཆད་པ་སྟོན་ཏོ། །མདོ་ལས། མྱུར་དུ་ཚིག་རྣམས་རབ་སྨོས་ཤིག །ཅེས་

པ་ནས་འདྲེན་པ་མང་པོ་བྱེ་བ་འདིར་ལྷགས་ཞེས་པའི་བར་དུ་ནི་འཁོར་རྣམས་མདོ་འདི་ཐོས་པར་མོས་པ་དང་། ཡོངས་སུ་གཏད་པའོ། །དེ་ཡང་གསུམ་དུ་དབྱེ་སྟེ། ཚིགས་བཅད་ཕྱེད་དང་བཅུས་ནི་འཁོར་ཆོས་ཉན་པ་མོས་པ་བསྟན། དེའི་འོག་མ་ཚིག་བཅུ་དགུས་ནི་ཁྱད་པར་བསྟན་ཡང་ཚིག་ཕྱེད་དང་བརྒྱད་ཀྱིས་ནི་སྤྱོད་པ་དམ་པ་བསྡུས་པ་

བསྟན། དང་པོ་ལ་ཡང་རྣམ་པ་གསུམ་སྟེ། །ཚིག་ཕྱེད་དང་བཞིས་ནི་འཛིན་པ་དང་ཀློག་པ་དང་འདོན་པར་མོས་པ་བསྟན། ཚིག་བཞིས་ནི་ཆོས་བསྲུང་བ་རྣམས་ཡི་དམ་གྱི་མཐར་ཕྱིན་པ་བསྟན། ཡང་ཚིག་གཉིས་ཀྱིས་ནི་ཆོས་འཆད་པར་མོས་པ་རྣམས་བསམ་པ་བཞིན་དུ་གྲུབ་པར་སྟོན་ཏེ་འདི་ནི་དང་པོའོ། །མདོ་ལས། བརྩོན་པ་ཉན་

པར་བྱ་བ་རྒྱལ་བའི་བུ། །ཞེས་པ་ནས། དེ་ཡིས་ས་འདི་མཛེས་ཤིང་རྣམ་པར་བཀྲ། །ཞེས་པའི་བར་དུ་ནི་ཆོས་བསྲུང་བར་མོས་པ་རྣམས་ཡི་དམ་གྱི་མཐར་ཕྱིན་པ་བསྟན་པའོ། །མདོ་ལས། དེ་དག་ལ་ཡང་མཆོད་པ་རྒྱ་ཆེ་མཐའ་ཡས་པ། །ཞེས་པ་ནས། སྤྲོ་བ་བྱེད་པ་འདྲེན་པས་སོ། །ཞེས་པའི་བར་དུ་ནི་ཆོས་འཆད་པར་མོས་པ་

རྣམས་དེ་བཞིན་གཤེགས་པ་མཐོང་བར་སྟོན་པའོ། །མདོ་སྡེ་སྟོང་ཕྲག་མང་པོ་ཡང་། །ཞེས་པའི་བར་དུ་ནི་ཀློག་པ་དང་། འདོན་པ་དང་། འཛིན་པ་ལ་སོགས་པའི་ཁྱད་པར་བསྟན་པ་དང་། ཆོས་སྤྱོད་པ་རྣམ་པ་བཅུའི་ཁྱད་པར་བསྟན་ནས་བསྡུས་པ་དང་དེ་བཞིན་གཤེགས་པའི་དགོངས་པ་དང་མཐུན་པར་བསྟན་པ་དང་། ཡང་དག་པའི་སྤྱོད་པ་

ལ་གཞོལ་བ་བསྟན་པ་དང་། དེ་བཞིན་གཤེགས་པའི་སྲས་ཀྱི་གྲལ་འཚོ་བ་བསྟན་པ་དང་། འཇིག་རྟེན་པ་འདི་དག་ལ་ཕན་པ་ཆེན་པོ་མཛད་པ་བསྟན་པ་སྟེ། དེ་དག་ནི་མདོའི་ཚིག་དང་ཅི་རིགས་པར་སྦྱར་རོ། །དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ཡུལ་སིང་ག་ལའི་སློབ་དཔོན་སའི་རྩ་ལག་གིས་བྱས་པ་རྫོགས་སྷོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words