འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 121 · folio 1b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི། བོད་སྐད་དུ། འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་སངས་རྒྱས་འགྱུར་བ་གསུང་བདག་མཚུངས། །སེམས་དཔའ་གཉིས་མི་གཉིས་ཀྱི་ཆོས་མཆོག་དང་། །འདུས་པ་མཐའ་དག་ཆུད་ལམ་ཐེག་
གསུམ་ལ། །ཕྱག་འཚལ་ནས་ནི་ཤེས་དཔལ་བཟང་མིང་གིས། །མོས་པའི་སེམས་ཅན་རྣམས་ལ་ཕན་གདགས་པར། །བདག་གི་བློ་དང་གཞན་གྱི་བློར་གསུངས་པ། །ལང་ཀར་གཤེགས་
པ་ཐོས་ཚུལ་ཆོས་དང་ནི། །རིགས་པ་ཡིས་ནི་བཤད་པར་བྱེད་པའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལང་ཀའི་གྲོང་རྡལ་རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེའི་
རིགས་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ལ་བཞུགས་ཏེ། ཞེས་བྱ་བ་ལ་སོགས་པ་ནི་ཚིག་ལ་དབང་ཐོབ་པ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱི་ཚིག་གོ། །གནས་བརྟན་བཙུན་
Vol. 121 · folio 2a
གཙོ་འཇམ་དཔལ་གྱིས་ཐོག་མ་དང་ཐ་མ་རེ་རེའི་གནས་སུ་བཙུན་གཙོའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དང་ལྷན་ཅིག་ཏུ་སྡེ་སྣོད་བདུན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྡུ་བར་
བྱས་སོ་ཞེས་གྲག་གོ། །གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་གདུལ་བའི་ཕྱིར་ལང་ཀའི་གྲོང་རྡལ་དུ་བཞུགས་པས་ན་མདོ་སྡེ་འདི་ལང་ཀར་གཤེགས་པ་ཞེས་བྱའོ། །གནོད་སྦྱིན་ཤིང་རྟ་ལ་སོགས་པར་ཡང་གསུངས་པ་ཡིན་ནོ། །གནོད་
སྦྱིན་རྣམས་མངོན་པར་རབ་ཏུ་དང་བའི་ཕྱིར་ཀླག་གོ། །ཞེས་སོ། །གནོད་སྦྱིན་འབོད་འགྲོགས་ལ་སོགས་པ་གང་དག་གིས་སྔོན་རྒྱལ་བ་ལ་བསྙེན་བཀུར་བ། བསོད་ནམས་ཀྱིས་ཡན་ལག་ཆེ་བ་དང་། སྒྱུ་མའི་རྣམ་པར་ཐར་པ་ཐོབ་པ་
དང་། གནས་གསུམ་དུ་རྣམ་པར་རྒྱལ་བ། གཟུགས་སྣ་ཚོགས་སུ་བསྒྱུར་བ་ལ་དབང་བས་ཇི་ལྟར་འདོད་པ་བཞིན་དུ་ལུས་འཛིན་ཅིང་། གཏོང་བ་ནོར་བུ་བཟང་ལ་སོགས་པ་ས་བརྒྱད་ལ་སོགས་པའི་དབང་པོ་རྣམས་སོ། །ལྷག་
མ་རྟོགས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་ཟབ་མོ་སྟོན་ཏོ། །འབོད་འགྲོགས་ཀྱང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་བོ། །ཞེས་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། ལུས་སྤངས་ནས་ཨིནྡྲ་ནཱི་ལའི་མགོ་གླད་ཅན་གྱི་པི་ཝང་དུ་བཞུགས་
Vol. 121 · folio 2b
ཏེ། བཅོམ་ལྡན་འདས་ལ་ཤ་རྫ་ལ་སོགས་པས་པི་ཝང་བླངས་ཞེས་པའོ། །དེ་བཞིན་དུ་གཟུགས་རྣམ་པ་སྣ་ཚོགས་སུ་བསྒྱུར་བའི་རྣལ་འབྱོར་གྱི་དབང་པོ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པ་ཡིན་ན། ཇི་ལྟར་མཐུ་བོ་ཆེ་དགའ་བ་ཅན་དུ་གྱུར་པས་སྒྱེལ་
བར་ནུས། བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་དཀའ་བའི་སེམས་ཅན་འདུལ་བ་ཡིན་ཏེ། འཕགས་པ་བཙུན་གཙོ་རྡོ་རྗེ་འཛིན་ལ་སོགས་པ་བཞིན་ནོ། །གནོད་སྦྱིན་གྱི་དབང་པོ་ལ་སོགས་པའི་གཟུགས་ཀྱིས་འཇིག་རྟེན་གསུམ་དུ་རྣམ་པར་རྒྱལ་བར་བྱེད་ཅིང་དབང་ཕྱུག་
ཆེན་པོ་བཙུན་མོ་དང་བཅས་པ་ཞབས་ཀྱིས་མནན་ཏེ། གཟུངས་དང་རྣམ་པར་ཐར་པ་ཡང་ཐོབ་པར་བྱེད་པས་ཕན་ཐོགས་པར་མཛད་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པས་བསམ་དུ་མེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསམ་དུ་མེད་པ་དང་། སངས་རྒྱས་ཀྱི་
བྱང་ཆུབ་བསམ་དུ་མེད་པའི་ཕྱིར་རོ། །ཇི་ལྟར་འཕགས་པ་འཇམ་དཔལ་གྱི་རྒྱུད་ཁྲོ་བོ་རྣམ་པར་རྒྱལ་བའི་བསྐལ་པ་ལས། འཇམ་དཔལ་གཞོན་ནུས་བསྐལ་པ་བཤད་པ་གདུལ་བྱའི་ལྷ་ལ་སོགས་པ་གདུལ་བ་དང་། ལྷ་མོ་ལ་སོགས་པ་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་
འཕགས་པ་རྡོ་རྗེ་འཛིན་གྱིས་ངས་བཤད་པར་བྱའོ་ཞེས་གསུངས་པའོ། །དངོས་གྲུབ་རབ་ཏུ་འབྱེད་པར་བཤད་པ་དང་། འཕགས་པ་ཞི་བའི་བློ་གྲོས་ཀྱིས་དྲིས་པ། སྙིང་རྗེ་ཆེ་བའི་བསྟན་པ་ལ་ལག་ན་རྡོ་རྗེ་ཇི་ལྟར་ན་ཁྱོད་ཀྱིས་དྲག་པོ་དང་། འདོད་པ་དང་ལྡན་པ་དེ་སྐད་དུ་སྨྲ་བར་བྱེད།
འཕགས་པ་རྡོ་རྗེ་འཛིན་པའི་ལན་ནི་སྔར་སྨྲས་པ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཚད་མེད་པ་ཞེས་བྱ་བ་ལ་སོགས་པའོ། །སྙིང་རྗེ་དབང་གིས་ཕྱིར་འབོད་འགྲོགས་ལའང་དེ་བཞིན་ཏེ། སེམས་ཅན་འདུལ་བ་དང་། བྱང་ཆུབ་ཀྱི་དཔྱད་པ་བསམ་དུ་མེད་པའི་ཕྱིར།
ཇི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་དུ་འཇུག་ཏུ་ཟིན་ཀྱང་བསོད་ནམས་མང་དུ་འཕེལ་ལ་ལྟུང་བ་ཡང་མེད་དོ། །མདོ་ཀུན་ལས་བཏུས་པ་ལས་འབྱུང་བ། གལ་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལམ་
Vol. 121 · folio 3a
ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་ཞིག་བྱས་ན་ཡང་ནང་པར་དང་ཉི་མ་ཕྱེད་ན་སྐྱོན་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉེས་པ་མེད་པར་འགྱུར་རོ། །ལྷ་ཆེན་པོ་དང་། གཏོགས་འདོད་དང་། ཚངས་པ་ལ་སོགས་པ་དེ་དག་ཀྱང་རྡོ་རྗེའི་དབང་བསྐུར་བས་ན་
བྱང་ཆུབ་སེམས་དཔའ་ཉིད་དག་གོ། །དེ་དག་ནི་སངས་རྒྱས་སུ་བསྒྲུབ་པར་འདོད་པ་དང་ལྡན་ནོ། །ཞེས་རྣལ་འབྱོར་གྱི་དབང་པོ་རྣམས་ལ་འགལ་བའི་ཚིག་མ་ཡིན་ནོ། །ཚེ་ཐ་མ་པ་བཙུན་མོ་དང་རོལ་པ་རྣམ་པ་སྣ་ཚོགས་ནི་ཤེས་རབ་དང་ཐབས་ལ་མཁས་པས་ན་བཙུན་མོའོ། །སངས་
རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱད་པའི་ལྟད་མོ་བསམ་དུ་མེད་པ་སྡོང་པོས་བརྒྱན་པ་ལ་སོགས་པ་ལ་རིག་པར་བྱའོ། །དགེ་སློང་ཆེན་པོའི་དགེ་འདུན་ཞེས་པ་ནི་གང་དག་ལ་རྫུ་འཕྲུལ་ཡོད་པ་དེ་དག་བཟུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་ཞེས་པ་ནི་རྫུ་
འཕྲུལ་ཅན་དེ་དག་ཉིད་འཁོར་དུ་འདུས་པར་བསྙད་པ་ཡིན་ནོ། །དེར་མཆོག་ཏུ་ཟབ་པའི་རྣམ་པར་ཤེས་པའི་དབུ་མའི་ཏིང་ངེ་འཛིན་འཆད་དེ། དེ་བས་ན་གསུངས་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཞེས་སོ། །ཏིང་ངེ་འཛིན་དང་། དབང་པོ་དང་། སྟོབས་དང་། མངོན་
པར་ཤེས་པ་དུ་མས་རྣམ་པར་རོལ་པ་ཞེས་པ་ལ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པའོ། །དབང་དང་སྟོབས་ཐོབ་པས་མངོན་པར་ཤེས་
པ་གང་དག་རྣམ་པར་རོལ་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མངོན་པར་ཤེས་པ་ནི་ལྔ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐུན་མོང་བ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། སྔོན་གྱི་གནས་དྲན་པ་དང་། གཞན་གྱི་སེམས་ཤེས་པ་དང་། ནམ་མཁའ་ལ་འགྲོ་
བའི་རྫུ་འཕྲུལ་དང་ལྔའོ། །དྲུག་པ་ནི་ཉོན་མོངས་པ་ཟད་པ་མངོན་པར་ཤེས་པ་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡིན་ཏེ། མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བར་བསྒོམས་པས་གང་ཟག་ལ་བདག་མེད་པར་རྟོགས་
Vol. 121 · folio 3b
པར་བྱེད་དེ། ཕྱི་རོལ་པ་འདོད་པའི་འདོད་ཆགས་དང་བྲལ་བ་རྣམས་ནི་བདག་ཏུ་ལྟ་བ་མ་སྤངས་པས་ཡང་སྲིད་པར་ཉིང་མཚམས་སྦྱོར་རོ་ཞེས་སོ། །བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་དང་གང་ཟག་ལ་བདག་མེད་པར་དང་པོ་ཉིད་དུ་ཡོངས་སུ་ཤེས་པར་གྱུར་ཏེ། དེ་
དག་གིས་བདག་ཀྱང་མི་མཐོང་ན་བདག་གིས་ལྟ་ཅི་སྨོས་ཏེ། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། འདོད་ཆགས་དང་བྲལ་བ་ཉིད་དག་ཐུགས་རྗེ་དང་བརྩེ་བས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ་ཞེས་སོ། །ཇི་ལྟར་ཡང་དབུ་མ་ལས་གསུངས་པ། མྱ་ངན་
འདའ་བའི་མཐའ་གང་ཡིན། །འཁོར་བའི་མཐའ་ཡང་གང་ཡིན་པ། །དེ་གཉིས་བར་ན་ཆུང་ཟད་ཅིག །ཤིན་ཏུ་ཕྲ་བ་ཡོད་མ་ཡིན། །ཤེས་རབ་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཐུགས་རྗེས་གཞན་གྱི་དོན་སྤྱོད་ཅེས་སོ། །
བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་སོགས་པ་ཞེས་པ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐམས་ཅད་མི་གཉིས་པའི་ཚུལ་ལ་ཆེས་ཟབ་པའི་བློ་གྲོས་གང་ལ་ཡོད་པ་དང་། གཞན་གྱི་དོན་དུ་ཐམས་ཅད་མཁྱེན་པ་ལ་ཡོངས་སུ་གསོལ་ཞིང་འདྲི་བ་དང་།
ལན་རྒྱ་ཆེ་བ་དེ་ནི་དེ་ལྟར་བློ་གྲོས་ཆེ་བ་སྟེ། བཙུན་གཙོ་དེ་གང་དག་གིས་ཐོག་མར་སྨོས་པ་བཙུན་གཙོ་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐམས་ཅད་མཁྱེན་པའི་འཁོར་དུ་དེ་བཞིན་དུ་མཆོད་པར་བྱ་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་ཕྱག་གི་དབང་བསྐུར་བས་དབང་བསྐུར་བ་
ཞེས་བྱ་བ་ནི་མཆོག་ཏུ་ཟབ་པ་མི་གཉིས་པར་རྟོགས་པ་ཀུན་ཏུ་རིག་པ་དང་མཉམ་པས་སངས་རྒྱས་ཀྱིས་དབང་བསྐུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་པ་དང་། སྲིད་པའི་འཇིགས་པ་ཐམས་ཅད་སྤངས་པ་དང་། དབུགས་
འབྱིན་པ་འཐོབ་པ་དང་། དེ་བཞིན་དུ་བཙུན་གཙོ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱིར་མི་ལྡོག་པར་གསུངས་པ་ནི་མགོ་ལ་ཕྱག་གིས་དབང་བསྐུར་བའི་ཚུལ་ལོ། །བདག་གི་སེམས་སྣང་བའི་སྤྱོད་ཡུལ་ཡོངས་སུ་ཤེས་པའི་དོན་ལ་མཁས་ཞེས་པ་
Vol. 121 · folio 4a
ལ། བདག་གིས་སེམས་རྣམ་པར་ཤེས་པར་བྱ་བ་ཡུལ་ཉིད་དུ་མཁས་པ་གང་དག་གིས་དོན་ཡོངས་སུ་ཤེས་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཤེས་པ་མ་གཏོགས་པར་ཕྱིའི་དོན་མེད་དོ་ཞེས་གང་དག་གིས་ཡོངས་སུ་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིའི་དོན་
འབྱུང་བ་ནི་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །ཞེས་པའོ། །གཟུགས་སྦོམ་པོ་ཕྱོགས་ཀྱི་ཆར་དབྱེ་ན་ཁང་པ་དང་། སྡེ་དང་ནགས་ཚལ་བཞིན་ཏེ་སྟོང་པ་ཡིན་ནོ། །རྡུལ་ཕྲ་མོ་ཡང་ཕྱོགས་ཀྱི་ཆར་དབྱེ་ན་སྟོང་པ་
ཉིད་དོ། །འོ་ན་ཅི་ཞིག་སྣང་ཞེས་ཐམས་ཅད་མཁྱེན་པ་ལ་གསོལ་བ་དང་། ལན་དུ་གསུངས་པ། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་སོ། །སེམས་ཅན་སྣ་ཚོགས་ཀྱི་སེམས་སྣ་ཚོགས་དང་། གཟུགས་དང་། ཚུལ་དང་། འདུལ་
བ་རྣམ་པ་ཐ་དད་པའི་ཆ་བྱད་འཆང་བ་ཞེས་པ་ནི་སེམས་ཅན་སྣ་ཚོགས་ཀྱི་སེམས་སྣ་ཚོགས་ལ་གཟུགས་ཀྱི་ཚུལ་རྣམས་ཀྱིས་འདུལ་བའི་ཆ་བྱད་འཆང་བའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་ལྟ་བུ་ཞེས་བྱ་སྟེ། གཟུགས་བརྙན་གང་དག་གིས་སེམས་ཅན་ཐུལ་བར་འགྱུར་བ་དེ་ལྟ་བུའི་ཆ་བྱད་འཛིན་
པར་བྱེད་དོ། །ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་ཁོང་དུ་ཆུད་པར་རྟོགས་པ་ཞེས་པ་ནི་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། ཐེག་པ་ཆེན་པོའི་དོན་ཐམས་ཅད་བསྡུ་བ་ནི། །ཆོས་ལྔ་རྣམས་དང་རང་བཞིན་དང་། །རྣམ་པར་ཤེས་པ་
བརྒྱད་རྣམས་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཆོས་ལྔ་ལ་མིང་དང་། མཚན་མ་དང་། རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དང་། དེ་དག་ནི་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་
གྲུབ་པར་བསྡུ་སྟེ། མིང་ནི་ཀུན་ཏུ་བརྟགས་པར་རོ། །མཚན་མ་དང་། རྟོག་པ་ནི་གཞན་གྱི་དབང་དུའོ། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པར་བསྡུའོ། །རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། སྲེད་པ་དང་ཐར་པའི་ཐུན་མོང་གི་ཆུད་པ་ལ་བྱ་བར་
Vol. 121 · folio 4b
རྟོགས་སོ། །རྣམ་པར་ཤེས་པ་བརྒྱད་ནི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས་པའི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པའོ། །བདག་མེད་པ་གཉིས་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །གང་ཡོད་པ་དེ་
དག་ཐམས་ཅད་ནི་སྐད་ཅིག་པ་ཡིན་ཏེ། སེ་གོལ་གྱི་སྒྲ་དང་འབབ་ཆུ་བཞིན་ནོ། །རྟག་པ་མ་སྐྱེས་པས་ན་ཡོད་པར་མི་བཟུང་སྟེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་པས་ན་གང་ཟག་ལ་བདག་མེད་དོ། །ཆོས་ལ་བདག་མེད་པ་ཡང་གཟུགས་ལ་སོགས་པའི་ཆོས་སྦོམ་པ་དང་
ཕྲ་བ་རྣམས་ཤེས་རབ་ཀྱིས་གཞིགས་པ་ན་ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །འདི་ཉིད་དུ་གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་
རླབས་རྣམས་བཞིན་དུའོ། །གང་གི་ཚེ་ཤེས་པར་བྱ་བ་སྦོམ་པ་དང་། ཕྲ་བ་ཤེས་རབ་ཀྱིས་གཞིགས་ཏེ་མི་དམིགས་ནས་སྟོང་པར་གྱུར་པ་དེའི་ཚེ། འཛིན་པ་དང་། གཟུང་བ་དང་། སྨྲ་བ་དང་། སྨྲ་བར་བྱ་བ་དང་། བྱ་བ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་
པ་པོ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ལ་སོགས་པ་གཉིས་སུ་རྣམ་པར་རྟོག་པ་མེད་པས་ན་མི་གཉིས་པར་ཁོང་དུ་ཆུད་ཅིང་རྟོགས་པ་རྣམས་སོ། །གཟུང་བ་མེད་པ་ཉིད་ཀྱིས་འཛིན་པ་མེད་པར་འཇུག་སྟེ། ཇི་ལྟར་བྱམས་པའི་དགོངས་པ་འབྱེད་པའི་
ལུགས་ལས་འབྱུང་བ། བདག་དང་སེམས་ཅན་དོན་རྣམས་ཤེས། །རྣམ་རིག་སྣང་བ་རབ་སྐྱེ་བ། །དེ་ཡི་དོན་ནི་མེད་པ་སྟེ། །དེ་མེད་པས་ན་དེ་ཡང་མེད། །བྱེད་པ་པོ་དང་བྱ་བ་དང་འབྲེལ་པ་མེད་དོ། །གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་
པ་མེད་པ་སྟེ། དངོས་པོ་དང་། དངོས་པོ་མ་ཡིན་པ་དག་ཀྱང་འབྲེལ་བ་མེད་པས་ན་དུ་མ་བསྐྱེད་པར་ཕན་གདགས་པ་བཞིན་ནོ། །བློ་གྲོས་ཆེན་པོ་རིམ་དུ་བྱུང་བ་མི་འཐད་པ་དང་། ཅིག་ཆར་བྱུང་བ་ཡང་མི་འཐད་དོ། །རྒྱུས་མཚན་ཉིད་མ་ཐོབ་པས་ན་ཕན་འདོགས་
Vol. 121 · folio 5a
པ་དང་། ཕན་གདགས་པ་མེད་དེ། གཉིས་ཀས་ཀྱང་བདག་འབྱུང་བ་ཐོབ་པའི་ཕྱིར་རོ། །དེས་ན་སྐྱེ་བར་བྱ་བ་སྐྱེད་པར་བྱེད་པ་ལ་སོགས་པ་ཆོས་གཞན་མི་བྱེད་དོ། །ཇི་ལྟར་དབུ་མ་ལས་འབྱུང་བ། དེ་སྟེ་སྐྱེ་བ་འདུས་བྱས་ན། །མཚན་ཉིད་
གསུམ་པ་དེར་རིགས་ཏེ། །ཞེས་པའོ། །སྐྱེ་བ་དང་། གནས་པ་དང་། འགོག་པ་མཚན་ཉིད་གསུམ་མོ། །འོན་ཏེ་སྐྱེ་བ་འདུས་མ་བྱས། །འདུས་བྱས་མཚན་ཉིད་ཇི་ལྟར་རུང་། །སྐྱེ་བ་སྐྱེ་བ་ཇི་ལྟ་བ། །བདག་ཉིད་གཞན་གྱིས་མ་ཡིན་ཏེ། །འགག་པ་ལ་ཡང་འགག་པ་ནི། །
བདག་ཉིད་གཞན་གྱིས་མ་ཡིན་ནོ། །དེས་ན་སྐྱེ་བ་ལ་སོགས་པའི་ཆོས་གུད་ན་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་མི་འབྱུང་བའོ། །བྱེད་པ་པོ་ལ་མངོན་པར་ཆགས་པས་འཁོར་བར་བདག །བྱེད་པ་པོ་དང་བྱ་བ་ལ་མངོན་པར་ཆགས་པ་མེད་པ་ན་དེ་ལྡོག་སྟེ། ཆོས་དང་
གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །མི་གཉིས་པའི་བྱང་ཆུབ་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་རྣམ་པ་གཉིས་པའི་རྣམ་པར་རྟོག་པའི་གཟུགས་བརྙན་ཐམས་ཅད་མི་སྣང་ངོ་། །སྣང་བ་དང་བཅས་པ་ལ་མཐོང་ཡང་ཤེས་རབ་ཀྱིས་མི་མཐོང་ངོ་། །ཇི་ལྟར་
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་ལ་སོགས་པ་བསྒོམ་པ་ན་གཟུགས་བརྙན་ལ་སོགས་པར་སྣང་བ་ཉིད་དོ། །རྒྱ་མཚོའི་ཀླུའི་རྒྱལ་པོའི་གནས་ནས་ཞག་བདུན་ལོན་ཏེ་བྱུང་ནས་ཞེས་པ་ནི་མི་ལས་
འདས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཏེ། བཅོམ་ལྡན་འདས་ཀྱིས་འགྲོ་བ་གསུམ་མགུ་བར་བྱེད་པའོ། །འཛུམ་པ་མཛད་ཅེས་པ་ནི་གཉིས་ཀྱི་མི་གཉིས་པའི་ཆོས་ཟབ་མོ་སྔོན་གྱི་དེ་བཞིན་གཤེགས་པས་ཀྱང་དེར་བཤད་དེ། །རྨི་ལམ་དུ་སྣང་བ་བཞིན་དུ་ཡུན་རིང་པོར་ཐུན་མོང་དུ་
སྣང་སྟེ། ཕྱིའི་དོན་རིའམ་རྒྱ་མཚོ་མཆིང་ནམ་ཞེས་བྱ་བ་གང་ཡང་མེད་པའོ། །བཅོམ་ལྡན་འདས་ཀྱི་འཛུམ་པ་ནི་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་སུ་འཁྲུལ་པ་བཞིན་དུ་གང་གིས་འཇིག་རྟེན་དཔྱད་པ་མཚུངས་པར་འཇུག་པར་བརྟག་གོ། །འཕགས་པ་སོ་སོ་རང་གིས་
Vol. 121 · folio 5b
རིག་པའི་ཡེ་ཤེས་དང་། རྟོག་གེའི་ལྟ་བ་དང་། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། འཕགས་པའི་ཡུལ་དེ་དག་གིས་བསྒོམས་པའི་ཆོས་བསྟན་ཞེས་པ་ནི་གཟུང་བ་དང་། འཛིན་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་དང་། སྨྲ་
བ་དང་། སྨྲ་བ་མ་ཡིན་པ་དང་། བྱ་བ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་པོ་དང་། ཡོད་པ་དང་། མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པ་དང་བྲལ་བ་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མི་གཉིས་པའི་མཚན་ཉིད་དེ། མཆོག་ཏུ་ཟབ་
པ། གཉིས་ཀྱིས་སྟོང་པའོ། །རྟོག་གེའི་ལྟ་བའི་མཚན་ཉིད་ཀྱི་ཡང་ཚད་མ་དང་། གཞལ་བས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་འབྱེད་ཅིང་སྣང་བའི་ཚུལ་དུ་བསྟན་ནོ། །ཇི་ལྟར་དགེ་སློང་དག་གཟུགས་སྤྱི་རྟག་པ་ཡིན་
ནམ་མི་རྟག་པ་ཡིན་བཙུན་པ་འདི་མི་རྟག་པ་ལགས་སོ་ཞེས་སོ། །གང་མི་རྟག་པ་ཡིན་པ་དེ་སྡུག་བསྔལ་བའོ། །འདི་ཅི་བདག་གམ། འདི་བདག་གི་བདག་གམ། བདག་གི་འདིའམ། འདི་བདག་ཞེས་པ་དང་། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་ཏེ། བདག་
ཏུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་གྱི་རྣལ་འབྱོར་པ་རྣམས་ལ་ཆོས་ཀྱི་ལྟ་བས་ཆོས་བཤད་དོ། །རྟོག་གེར་ལྟ་བ་རྣམས་ལ་བརྒལ་བའི་ལན་དུ་ཡང་རྟག་པ་དང་།
གཅིག་པ་དང་། གཉིས་པ་དང་། མི་གཉིས་པ་མེད་དོ་ཞེས་ཆོས་འཆད་པར་མཛད་དོ། །རྟག་པ་ནི་མ་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནོ་ཞེས་ཏེ། བཅོམ་ལྡན་འདས་ཀྱིས་གང་ཟག་ལ་བདག་མེད་པས་བསྒྲུབ་པར་ཚད་མར་གསུངས་སོ། །
གཅིག་པ་ཡང་གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་ཁྱབ་པ་དང་། གཟུགས་སྣ་ཚོགས་ཀྱི་རྣལ་འབྱོར་པའི་དབང་པོ་ཡང་དག་པར་མི་རིགས་ཏེ། གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་དབུལ་བ་ལ་སོགས་པ་གཅིག་པའི་
Vol. 121 · folio 6a
སྐྱོན་དུ་འགྱུར་བའི་ཕྱིར་རོ། །གཟུགས་གཉིས་པ་ཡང་མི་རིགས་ཏེ། ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་ལ་སོགས་པ་ཀུན་ཏུ་བརྟགས་པའོ། །རང་བཞིན་གཅིག་ལ་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྣམ་པ་གཉིས་སུ་མི་རུང་སྟེ། གཞན་གྱི་བྱ་བ་གཞན་
གྱིས་བྱེད་པར་འགྱུར་རོ། །ཡང་ན་གཉིས་ཀྱི་བདག་ཉིད་མ་ཡིན་ནོ། །མི་གཉིས་པ་ཡང་མི་རིགས་ཏེ། གཅིག་དང་། དུ་མ་དང་། རྟག་པ་དང་། མི་རྟག་པ་དང་། གཟུགས་དང་གཟུགས་མེད་པ་ལ་སོགས་པ་དང་བྲལ་བ་ཡིན་ན་ནི་མེད་པའི་གཟུགས་ཉིད་ཀུན་ཏུ་བརྟགས་
པར་འགྱུར་རོ། །རྒོལ་བ་དེ་དག་ཉིད་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ཉིད་དུ་རྒྱ་ཆེར་གསལ་ཏོ། །གང་དག་གིས་མོས་པ་རྒྱ་ཆེ་བ་དེ་དག་གི་རྟོག་གེའི་ལྟ་བ་བཅོམ་ལྡན་འདས་ཀྱིས་ལྟ་བ་མེད་པར་མཛད་དོ། །ཚད་མ་དང་། གཞལ་བྱ་རྣམ་པར་གཞག་པ་ནི་
གཉིད་ཀྱིས་མ་ལོག་པའི་དུས་ན་སླུ་བ་དང་། སླུ་བ་མེད་པར་ངེས་པས་ཐ་སྙད་པས་ཐ་སྙད་དུ་བྱེད་པ་གཉིད་ཀྱིས་ལོག་པའི་དུས་ན་ཡང་སླུ་བ་དང་། སླུ་བ་མེད་པར་ངེས་པ་ཡོད་དོ། །མཚོ་དང་། མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པ་ཆུར་མཐོང་སྟེ། ཕྱིའི་དོན་མེད་དུ་མཚུངས་ཀྱང་།
འཁྲུལ་བ་རྣམ་པ་སྣ་ཚོགས་སུ་འགྱུར་བར་བྱེད་དོ། །སེམས་འཁྲུགས་ནས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་སྣང་བ་ལྟ་བུ་སྟེ། འཁྲུགས་པ་ཤེས་རབ་ཀྱིས་ཞི་བ་ན་ཐར་པ་ཞེས་བྱའོ། །དེ་ནས་གནོད་སྦྱིན་གྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་
བྱིན་གྱི་རླབས་ནི་དེ་ལྟར་རྣམ་པ་དེ་ལྟ་བུ་སྟེ། གང་གིས་འཇིག་རྟེན་གསུམ་དུ་རྣམ་པར་རྒྱལ་བའི་བྱ་བ་འབོད་འགྲོགས་ཀྱིས་བསལ་ཏོ། །མཆོག་ཏུ་དགའ་བའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་རྣལ་འབྱོར་གྱི་དབང་པོ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་
ལྡན་པས་ཆོ་འཕྲུལ་གྱིས་མགུ་བར་མཛད་པ་ལ་མཆོད་ཅིང་བསྙེན་བཀུར་དང་། ཆོས་མཉན་པའི་ཕྱིར་མེ་ཏོག་གི་གཞལ་མེད་ཁང་ནས་བབས་ནས་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་རིམ་གྲོ་དང་བཅས་པར་ཕྱག་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱ་མཚོ་
Vol. 121 · folio 6b
མཆིང་ནམ་གྱི་རླབས་ལ་གཟིགས་ནས། གནས་དང་གནས་པའི་དངོས་པོ་འབྲེལ་པར་ཆེད་དུ་བརྗོད་པར་མཛད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡུལ་གྱི་རྣམ་པར་ཤེས་པ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་རླུང་གིས་བསྐྱོད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཇི་ལྟར་འདི་
ཉིད་དུ་གསུང་པ། །ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །སེམས་ཅན་ལ་གཟིགས་ནས་སུ་ཇི་ལྟར་དད་པ་བཞིན་དུ་ཆོས་བཤད་པར་མཛད་པ་ནི་སྤྱིར་གསུང་པ་དང་།
ཟུར་གྱིས་གསུང་པ་སྟེ། ཇི་ལྟར་མོ་གཞོན་རྨི་ལམ་དུ། །བུ་བྱུང་འཆི་བ་མཐོང་བ་དང་། །བྱུང་དགའ་ཤི་བས་མྱ་ངན་གནས། །དེ་ལྟར་ཆོས་ཀུན་ཤེས་པར་གྱིས། །ཞེས་པ་སྟེ། སྟོང་པ་ཉིད་དམ། མི་རྟག་པར་རྟོགས་པར་བྱེད་དོ། །བཅོམ་ལྡན་འདས་ལ་འབོད་འགྲོགས་
ཀྱིས་གནྡྷ་ར་ལ་སོགས་པ་དབྱངས་ཀྱི་དཀྱིལ་འཁོར་གྱི་པི་ཝང་བླངས་པ་སྟེ། རྩེད་མོ་རློམ་པར་བླང་བ་ནི། །ལྔ་པ་དབུ་མ་དབྱངས་དག་སྟེ། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །གནྡྷར་ནི་ཤ་དབྱངས་དག་གིས། །སྙིང་རྗེ་རོལ་པ་བླང་
བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །དྷཻ་བད་དབྱངས་ནི་བླང་བར་བྱའོ། །དེ་ལྟ་བས་ན་འབོད་འགྲོགས་ཀྱིས། །དོན་དང་མཐུན་པར་བླངས་པ་སྟེ། །དབྱངས་ཀྱི་དཀྱིལ་འཁོར་ནི་བརྟན་དང་། །བི་ཤ་ཁི་ལའི་གཞུང་ལས་བརྟག་པར་བྱའོ། །དབྱངས་
བདུན་རྣམས་དང་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏ་ན་བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །འབོད་འགྲོགས་ཀྱིས་ལུས་མི་སྣང་བར་བྱས་ཏེ། པི་ཝང་གི་ཁོག་པར་ཞུགས་ནས་ཚིགས་སུ་བཅད་པས་གླུ་བླངས་པས་
ན་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ཅིང་རྣལ་འབྱོར་གྱི་དབང་པོ་ཡིན་པའི་ཕྱིར་དེ་ཇི་ལྟར་ན་གཏོགས་འདོད་ཀྱིས་སྒྱེལ་བར་ནུས། གནོད་སྦྱིན་ཤིང་རྟ་ལས་ནི་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ས་བརྒྱད་ཀྱི་བདག་པོ་ཡིན་པར་འབྱུང་ངོ་། །རྣམ་པར་ཤེས་པར་སྨྲ་བ་ལས་ན་
Vol. 121 · folio 7a
གཏོགས་འདོད་ཀྱང་ས་བདུན་གྱི་དབང་པོ་ཡིན་པ་འདྲ་སྟེ། ཇི་ལྟར་འགི་ཏ་ལས་བྱུང་བ། །མི་ཤེས་པས་ནི་ཡེ་ཤེས་བསྒྲིབས། །དེས་ན་སྐྱེ་བོ་རྨོངས་པར་འགྱུར། །ཡེ་ཤེས་ཀྱིས་ནི་མི་ཤེས་པ། །གང་དག་གིས་ནི་བཅོམ་པ་ན། །དེ་དག་ཡེ་ཤེས་ཉི་མ་བཞིན། །
མཆོག་ཏུ་སྣང་བར་འགྱུར་བ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ས་གོང་མ་ལ་གནས་པ་རྣམས་ཀྱིས་ཤེས་རབ་དང་ཐབས་ལ་མཁས་པས་ས་འོག་མ་ལ་གནས་པ་རྣམས་འདུལ་བར་བྱེད་དོ། །བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་
ཐོབ་པ་ན་དབང་ཕྱུག་ཆེན་པོར་འགྱུར་ཏེ། དེས་ན་འབོད་འགྲོགས་ཀྱིས་དབང་ཕྱུག་ཆེན་པོ་ལ་མཉེས་པར་བྱེད་པ་ལ་ཉེས་པ་མེད་དོ། །ཅི་དེ་འདོད་ཆགས་དང་བྲལ་བ་ལ་དབང་ཐོབ་པས་འདོད་པའི་རྩེ་བས་རྩེའམ། འོན་ཏེ་འདོད་ཆགས་དང་མ་བྲལ་བ་ཞིག་གམ། ཤིན་ཏུ་དགའ་བ་རྣམ་པར་དག་
པའི་གནས་འདི་ཡིན་ཏེ། གང་ཞེ་ན། བྱང་ཆུབ་སེམས་དཔའི་གནས་སོ། །ཁ་ཅིག་ལ་ནི་རྗེས་སུ་ཆགས་པ་དང་། ཁ་ཅིག་ལ་ནི་ཆགས་པ་མེད་པར་ཞེས་རྣལ་འབྱོར་གྱི་དབང་པོ་རྣམས་ལ་གསུངས་པའི་ཟུར་ས་བཅུ་པ་ལས་འབྱུང་ངོ་། །བྱང་ཆུབ་སེམས་དཔའི་ས་བཅུ་པོར་དབང་ཕྱུག་
ཆེན་པོར་འགྱུར་བས་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་ཡང་བརྟག་གོ། །དབང་ཕྱུག་ཆེན་པོས་སྨྲས་པའི་རྣལ་འབྱོར་ལས་འབྱུང་བ། དངོས་པོ་མེད་ལས་ཐར་པར་སྨྲས། །འཆིང་བ་དངོས་པོར་རྟོག་པ་ལས། །དེ་བས་དངོས་པོ་ཡོངས་སྤངས་ཏེ། །སྟོང་པའི་
དངོས་པོར་གནས་པར་བྱ། །ཅི་གཙང་གནས་རིགས་ཀྱི་འདོད་ཆགས་དང་བྲལ་བ་དབང་ཕྱུག་ཏུ་བཟུང་བར་བརྟག་གམ། དེ་མ་ཡིན་ནོ། །དེ་ནི་ཏིང་ངེ་འཛིན་དང་ཡེ་ཤེས་སོ། །ཆེ་བ་ཉིད་མ་ཡིན་པར་བ་ལ་མི་ཀས་རང་བཟོར་སྨྲས་པ་ནི་ཡིད་ཆེས་པར་མི་རུང་སྟེ། སྤྲ་བོ་ཆེ་
རྣམས་དུམ་བུར་བརླགས་པས་བརྒྱ་བྱིན་ལྷའི་དབང་པོའི་སྨོན་ལམ་གྱིས་གསོན་པོར་གྱུར་ལ། །གནོད་སྦྱིན་དང་སྲིན་པོ་རྣམས་སྨྲས་མ་ཐག་ཏུ་འཆི་བར་འགྱུར་ཞེས་པ་དེ་ལྟ་ན་ནི་དབང་པོ་ལ་ཐོག་མར་ཅིའི་ཕྱིར་དམོད་མོས་མ་བསད་བརྒྱ་བྱིན་ཡང་ཇི་ལྟར་དེ་དག་གིས་བཅིངས་
Vol. 121 · folio 7b
ཏེ་འོངས། ས་དེ་ནི་འབོད་འགྲོགས་ཀྱིས་བསྟོད་པ་དེ་བཤད་པར་བྱ་སྟེ། སེམས་ཀྱི་རང་བཞིན་ཚུལ་ཉིད་ཆོས་ཀྱི་གཏེར། །བདག་མེད་ལྟ་དང་རྣམ་བྲལ་དྲི་མ་མེད། །སོ་སོ་རང་རིག་ཤེས་པ་སྟོན་པ་ཡི། །ཆོས་ཚུལ་མགོན་པོས་འདིར་ཡང་བཤད་དུ་གསོལ། །ཞེས་
པ་ལ་སེམས་མ་གཏོགས་པར་གཟུགས་ལ་སོགས་པ་ཕྱིའི་ཆོས་མེད་པ་ནི་བཅོམ་ལྡན་འདས་ཀྱིས་འདི་ཉིད་དུ་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །ཞེས་པ་ལ། འོ་ན་ཅི་ཞིག་སྣང་ཞེས་པ་དང་། ཕྱི་ཡི་དངོས་པོ་མེད་པར་
ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པའོ། །ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཆོས་ཀྱི་གཏེར་གྱི་སྒྲས་འབོད་འགྲོགས་ཀྱིས་སྔོན་ཐམས་
ཅད་མཁྱེན་པའི་ཆོས་ཐོས་པའི་རྗེས་སུ་སོང་བས་ཀུན་གཞིར་བརྟགས་པའི་དོན་དུ་སྣང་ངོ་། །ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པས་ལྟ་བ་དང་བྲལ་བ་སྟེ། རྟག་པ་དང་། བདག་དང་། བྱེད་པ་པོའི་ལྟ་བ་སྤངས་པས་ན་དེ་ཉིད་དྲི་མ་མེད་པའོ། །འཁྲུལ་པ་རྣམས་
ཀྱི་གང་གི་སྡུག་བསྔལ་རྗེས་སུ་འབྲེལ་བར་འཇུག་པ་དེ་དང་དེ་ནི་བདག་ཏུ་ཆགས་པ་ལས་ཏེ། མར་མེ་ལ་སོགས་པར་ཕྱེ་མ་ལེབ་བཞིན་ནོ། །འཁོར་བར་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་
བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་མཚན་ཉིད་ཀྱིས་འཇུག་པ་ནི་སྡུག་བསྔལ་རྗེས་སུ་འབྲེལ་བ་ཞེས་བྱའོ། །འོན་ཏེ་ལོག་པའི་ཤེས་པ་མ་གཏོགས་པར་ཡང་སྡུག་བསྔལ་རྗེས་སུ་འབྲེལ་བར་འཇུག་པ་དང་དེ་ནི་བདག་ཏུ་ཆགས་པ་ལས། དེ་ལྟ་ན་ཡང་ཡེ་ཤེས་ཀྱི་ཁྱད་
པར་སྐྱེས་པ་རྣམས་ལ་གད་པ་དང་གཡང་ས་ལ་སོགས་པའི་ཡུལ་སྤོང་དུ་ཟིན་ཀྱང་དེ་ཉིད་དུ་ལྟུང་བར་འགྱུར་ཏེ། འདི་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མའོ། །དེ་ནས་བདག་ཏུ་ཆགས་པ་ལས་འཁོར་བའི་སྡུག་བསྔལ་འབྱུང་ངོ་། །བདག་མེད་པ་ཡོངས་སུ་
Vol. 121 · folio 8a
རྟོགས་པ་ལས་ཐར་ཏེ། རྫུ་འཕྲུལ་གྱི་སྟོབས་དང་། མགུ་བ་ལ་སོགས་པ་གཞན་སུས་ཀྱང་བྱིན་པའམ། ཕྲོགས་པ་མེད་དོ། །བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རིན་པོ་ཆེ་དང་། གསེར་འཆང་བ་དང་། འབྲས་བུ་དང་། རྩ་བ་ལ་སོགས་པ་
བཟའ་བ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། གཡང་ས་ལ་སོགས་པ་དང་། ཐལ་བས་བསྐུ་བ་དང་། སྐྲ་འབལ་བ་དང་། དྲི་མ་དང་། རལ་པ་ལ་སོགས་པ་འཛིན་པས་ཀྱང་ཐར་པ་མ་ཡིན། བ་ལང་དང་། རི་དགས་དང་། རྨ་བྱའི་བརྟུལ་ཞུགས་ལ་སོགས་པས་ཀྱང་མ་
ཡིན་གྱི། བདག་མེད་པ་ཡོངས་སུ་རྟོགས་པས་ལྟ་བ་ཐམས་ཅད་སྤངས་ཏེ་ཐར་བར་འགྱུར་རོ་ཞེས་འབོད་འགྲོགས་ཀྱིས་བསམ་པའོ། །སོ་སོ་རང་རིག་ཅེས་པ་ནི་ཡང་དག་པར་རིག་པ་མངོན་སུམ་དུ་སྟེ། མིག་གི་ཤེས་པ་ངེས་པར་ཞུགས་པ་དབུགས་ཐུབ་པ་ཡང་དག་པར་རིག་པ་
བཞིན་ནོ། །སྟོན་པ་ནི་མི་གཉིས་པ་སྟོན་པ་སྟེ། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྟོང་པ་ལ་སོགས་པ་སྤྱིའི་རྣམ་པར་ཆོས་བཤད་པ་འཇུག་པའོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་རང་གི་རིག་པ་སྨྲ་བར་མི་ནུས་སོ། །ཇི་ལྟར་དིག་ན་གང་སྨྲས་
པ། །དོན་དང་སྒྲ་ཡི་ཁྱད་པར་ལ། །སྨྲ་བྱ་སྨྲ་བ་འདོད་མ་ཡིན། །དེ་སྔོན་མཐོང་བ་མ་ཡིན་ཕྱིར། །སྤྱིར་ནི་ཉེ་བར་བརྗོད་པར་བྱ། །ཆོས་ཀྱི་ཚུལ་ནི་གཉིས་ཀྱི་མི་གཉིས་པ་ཡིན་ཡང་གཉིས་དང་མི་གཉིས་པའི་ཆོས་ཀྱི་ཚུལ་ལོ། །དེ་ལ་གཉིས་ཀྱི་མཚན་ཉིད་ནི་ཕུང་པོ་དང་། ཁམས་
དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་མཚན་ཉིད་དོ། །མི་གཉིས་པའི་རང་བཞིན་ནི་འཛིན་པ་དང་། གཟུང་བ་དང་། རྗོད་པ་དང་། བརྗོད་པར་བྱ་
བ་དང་། སྐྱེད་པ་དང་། བསྐྱེད་པར་བྱ་བ་དང་། བྱ་བ་དང་། བྱེད་པ་པོ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་རྣམ་པར་རྟོག་པ་དང་བྲལ་བའོ། །དགེ་བའི་ཆོས་ཀྱིས་ཡང་དག་བསགས་པའི་སྐུ། །བདེ་གཤེགས་འཕྲུལ་པས་སྤྲུལ་པ་སྟོན་པ་སྟེ། །སོ་སོ་རང་རིག་རྟོག་
Vol. 121 · folio 8b
པའི་ཆོས་དགྱེས་པ། །ཐུབ་པ་དེས་ནི་ལང་ཀར་གཤེགས་པའི་དུས། །དགེ་བའི་ཆོས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་ཏེ། དེ་དག་གིས་གང་གི་སྐུ་ཡང་དག་པར་བསགས་པ་དེ་ལ་བསྟོད་ཅིང་ཕྱག་འཚལ་ཏེ། ཕན་འདོགས་པར་གསོལ་བ་
འདེབས་སོ། །སྔ་མ་ནི་ལས་ཀྱི་ཚིག་གོ། །ཕྱི་མ་ནི་འབོད་པའི་ཚིག་གོ། །འཕྲུལ་པས་སྤྲུལ་པ་སྟོན་པ་སྟེ། །ཞེས་པ་ནི། སངས་རྒྱས་མྱ་ངན་འདའ་བ་མེད། །ཆོས་ཀྱང་ནུབ་པར་འགྱུར་བ་མིན། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །དེ་དག་མྱ་ངན་འདའ་བ་སྟོན། །ཞེས་
པ་སྟེ། འཕྲུལ་པས་སྤྲུལ་པའི་སྐུ་རྣམས་ཀྱིས་དེ་དག་གི་སྟོན་ཅེས་བྱའོ། །འབྱུང་བར་སྟོན་པ་ནི་ཇི་ལྟར་གསུངས་པ། གནས་དེ་ཉིད་དུ་སངས་རྒྱས་འབྱུང་། །འཇིག་རྟེན་མཁྱེན་པའི་བསྟན་པ་འབར། །ཡེ་ཤེས་མི་ལྡན་དེ་མི་མཐོང་། །གང་གིས་སྤྱོད་དག་མ་སྦྱངས་པའོ། །
གཉིས་ཀྱི་རྣམ་པའི་གཞན་གྱི་དབང་ནི་ཀུན་རྫོབ་ཀྱི་བདེན་པའོ། །མི་གཉིས་པའི་ཚུལ་ནི་དོན་དམ་པ་སྟེ། ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་བཅོམ་ལྡན་འདས་ཆེ་བར་འབོད་འགྲོགས་ཀྱིས་བསྒྲགས་སོ། །བདག་
ཉིད་ཀྱིས་རིག་པ་གཞན་ལ་སྨྲ་བར་མི་ནུས་སོ། །འོ་ན་རྣལ་འབྱོར་པ་དག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་ཇི་ལྟར་གཞན་ལ་སྨྲ་བར་བྱེད། དེ་བདེན་ཏེ་སྤྱིའི་རྣམ་པར་ཆོས་བཤད་པ་འབྱུང་ངོ་། །གཞན་དག་གི་ཡང་གང་རང་གི་མཚན་ཉིད་ཡིན་པ་
རང་གི་རིག་པར་གྱུར་པ་དེ་ཅི་གཞན་དག་ལ་རང་བཞིན་དུ་སྟོན་ནུས་སམ། གཏན་ཚིགས་སུ་བྷ་དྲ་ཧ་རའི་ཚིགས་སུ་བཅད་པ་བཞག་པ། མེ་དང་འབྲེལ་པས་བདག་ཚིག་ཅེས། །སེམས་པ་གཞན་དུ་གྱུར་པ་སྟེ། །ཚིག་པའི་སྒྲས་ནི་ཚིག་པའི་དོན། །ཤེས་པར་གྱུར་
པ་གཞན་དུའོ། །དྷརྨ་ཀཱིརྟིའི་གཏན་ཚིགས་ལས། །བརྟག་པ་སྒྲ་ཡིས་རྗོད་པར་བྱེད། །དེ་ནི་དཔྱོད་ཕྱིར་འདོད་པ་སྟེ། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ནི་བརྟགས་པ་མེད། །བདེ་ལ་སོགས་པའི་བདག་ཉིད་ནི། །གཞན་དུ་མི་རྟེན་འབྲེལ་མི་ནུས། །
Vol. 121 · folio 9a
དེ་ཕྱིར་དེ་དག་རང་རིག་པ། །མངོན་པར་བརྗོད་དང་འབྲེལ་བ་མེད། །ཡང་དག་དོན་དུ་དོན་བདག་ཉིད། །སྦྱོར་ཞིང་ཐ་དད་མེད་པ་སྟེ། །གཟུགས་ནི་གཅིག་དང་དུ་མ་ཞེས། །དེ་དག་བློ་ཡི་འཁྲུལ་པའོ། །ཐམས་ཅད་མཁྱེན་པ་ཡང་སྣང་བ་དང་བཅས་པ་དང་།
སྣང་བ་མེད་པའི་ཏིང་ངེ་འཛིན་མ་ལུས་པའི་རྣལ་འབྱོར་གྱི་དབང་པོ་དོན་དམ་པའི་བདེན་པ་མི་གཉིས་པའི་བྱང་ཆུབ་དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དོན་དམ་པའི་ཐུགས་རྗེས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་
སོ། །ལང་ཀ་འདི་སྔོན་གྱི་རྒྱལ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔོན་ཐམས་ཅད་མཁྱེན་པ་ལས་འབོད་འགྲོགས་ཆོས་མཉན་པ་ན། བཙུན་གཙོ་བྱང་ཆུབ་སེམས་དཔའི་འཁོར་འདུས་པ་ནི་གཟུགས་མང་པོ་འཆང་བ་བཞུགས་ཞེས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པའི་གཟུགས་རྣམས་ཀྱིས་ཏེ། ཇི་ལྟར་སེམས་ཅན་རྣམས་དད་ཅིང་འདུལ་བར་འགྱུར་བ་དེ་ལྟ་བུའི་གཟུགས་རྣལ་འབྱོར་གྱི་
དབང་པོ་རྣམས་ཀྱིས་བྱིན་གྱིས་རློབ་བོ། །གང་གི་ཚེ་ན་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་གཟུགས་མང་པོ་འཆང་བའི་རྣལ་འབྱོར་གྱི་དབང་པོ་གནོད་སྦྱིན་གནས་པས་ན་དེའི་ཚེ་མི་གཉིས་པའི་ཆོས་ཀྱི་ཡུལ་འཚལ་བས་ན་བཤད་དུ་གསོལ་ཞེས་འབོད་འགྲོགས་
ཀྱིས་སྔར་བསྟོད་ཅིང་གསོལ་བ་གདབ་པར་བསམ་པར་བརྟག་གོ། །བཅོམ་ལྡན་འདས་ནི་དགུང་བདུན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་ཏུ་ཡོངས་སུ་དག་ལ། འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱིས་རྣལ་འབྱོར་གྱི་དབང་པོའི་
སེམས་ཅན་མཐའ་དག་གི་དོན་སྒྲུབ་པར་བྱེད་པ་མི་ལས་འདས་པའི་བརྩོན་འགྲུས་དང་རྣལ་འབྱོར་གྱི་དབང་པོ་བསྒྲགས་པ་སྟེ་སྡུད་པའི་ཚིག་གོ། །གྲོང་རྡལ་འདི་ན་སུ་གནས་དང་ཞེས་བྱ་བ་ལ་སོགས་པ་ནི་འབོད་འགྲོགས་ཀྱིས་གསོལ་བ་སྟེ། དེ་ལས་བཤད་པའི་ཚུལ་
Vol. 121 · folio 9b
ལས་རྣམ་གྲོལ་བ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་ངོ་བོ་གཉིས་སུ་མངོན་པར་ཆགས་པ་རྣམས་ལ་མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྡུག་བསྔལ་བ་ལ་སོགས་པར་སྟོན་པར་འཇུག་པ་རིམ་གྱིས་བསྟན་པ་སྨྲས་པ་ཡིན་ནོ། །
སོ་སོ་རང་གིས་རྟོགས་པའི་སྤྱོད་ཡུལ་ནི་མི་གཉིས་པ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཟབ་མོའི་ཚུལ་ལ་བཞུགས་པ་རྣམས་ཀྱིའོ། །ལང་ཀར་གཤེགས་པའི་མདོ་སྡེ་ནི་ཞེས་པ་ནི་རྣམ་པར་ཤེས་པ་དབུ་མའི་ཚུལ་ཟབ་མོ་
སྟེ། སངས་རྒྱས་སྔ་མས་གསུངས་པའོ། །ཐམས་ཅད་མཁྱེན་པས་བཤད་དུ་གསོལ། །ཞེས་འབོད་འགྲོགས་ཀྱིས་གསོལ་བ་བཏབ་ཅེས་བྱ་བའི་དོན་ཏེ། དེ་སྟེ་སྔོན་གྱི་ཐམས་ཅད་མཁྱེན་པ་རྣམས་ལས་གནོད་སྦྱིན་དག་གིས་ཆོས་ཐོས་ན་མཉན་པར་བྱ་བ་གཞན་ཅི་ཞིག་
ཡོད་ཅེས་གླེང་དུ་དོགས་ནས་འབོད་འགྲོགས་ཀྱིས་དེ་སྤང་བར་སྨྲས་པ། རྣལ་འབྱོར་ཉེས་དང་རྣམ་བྲལ་བ། །ཞེས་བྱ་བ་ལ་སོགས་པའོ། །སྔོན་གྱི་ཐམས་ཅད་མཁྱེན་པ་ལས་ཆོས་ཐོས་ནས་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བར་
ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་། བྱེད་པ་པོ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རིན་པོ་ཆེ་དང་། རྩ་བ་ལ་སོགས་པ་འཛིན་པའི་རྣལ་འབྱོར་གྱིས་ཐར་པར་མངོན་པའི་ང་རྒྱལ་གྱི་སྐྱོན་
དང་བྲལ་བའི་གང་ཟག་དང་། ཆོས་ལ་བདག་མེད་པ་སེམས་པ་རྣམས་སོ། །གནོད་སྦྱིན་དག་ནི་འདི་ན་མཆིས། །ཞེས་པ་ནི་སྔོན་གྱི་ཐམས་ཅད་མཁྱེན་པས་བསྔགས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་སྐྱོན་དང་བྲལ་བ་རྣམས་སོ། །དེ་དག་ལ་གོང་མའི་ཡང་གོང་མའི་ཆོས་
བཤད་པས་ས་གཞན་རྟོགས་པར་བྱེད་པའི་ཕྱིར། ཡང་དག་པར་འཇུག་པར་བྱེད་དོ་ཞེས་པའོ། །ཐེག་ཆེན་ཚུལ་ལ་དད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་ཆེན་པོ་ནི་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པའི་ཕྱིར་རོ། །ཡང་ན་བསམ་པ་ཆེ་བ་སྟེ། སེམས་
Vol. 121 · folio 10a
ཅན་ཐམས་ཅད་སྒྲོལ་བར་ཞུགས་པའི་ཕྱིར་རོ། །ཚོགས་ཆེ་བའི་ཕྱིར་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱིས་ཆེ་བ་ཉིད་དོ། །བསྐལ་པ་དུ་མར་བྱང་ཆུབ་ཀྱི་སྤྱོད་པ་དཀའ་བར་སྤྱད་པས་མི་སྐྱོ་བར་ནི་དུས་ཆེ་བའོ། །འབྲས་བུ་ཆེ་བ་ནི་འདོད་ཆགས་དང་
བྲལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འགྲོ་བ་མ་ལུས་པའི་དོན་མཛད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཡན་ལག་གིས་བརྒྱན་པ་སྟེ། དེ་དག་རྣམ་པ་དེ་ལྟ་བུའི་ཐེག་པ་ཆེན་པོས་རང་ཞུགས་ནས་གཞན་དག་ཀྱང་འཇུག་
པར་བགྱིད་ཅེས་ཏེ། བྱང་ཆུབ་སེམས་དཔའ་ཉིད་དག་གནོད་སྦྱིན་ལ་སོགས་པའི་གཟུགས་སྣ་ཚོགས་སུ་སྣང་བའི་དོན་དུ་འབོད་འགྲོགས་ཀྱིས་བསམ་པའོ། །སྲིད་གསུམ་དབང་པོ་ཞེས་བྱ་བ་ནི་འདིར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དབང་པོའི་ཕྱིར་རོ། །མེ་ཏོག་
གི་གཞལ་མེད་ཁང་དུ་བཞུགས་ནས་མཆོད་པ་བཞེས་ཏེ་ཆོས་བཤད་པ་མཛད་དོ་ཞེས་པའོ། །འབོད་འགྲོགས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་བཙུན་གཙོ་བློ་གྲོས་ཆེན་པོ་ལ་བསྟོང་ནས་ཐམས་ཅད་མཁྱེན་པ་ལ་མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་
ཀྱི་ཆོས་དང་བྲལ་བ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་མཆོག་ཏུ་ཡོངས་སུ་དག་པ་སེམས་ཅན་ཐམས་ཅད་ལ་ཕན་པར་ཞུགས་པ་ཞུས་ཤིག་པ་སྟེ། རང་རྒྱལ་ཉན་ཐོས་རྣམས་དང་ནི། །མུ་སྟེགས་ཉེས་ལས་རྣམ་པར་གྲོལ། །སོ་སོ་རང་རིག་ཆོས་ཉིད་གཙང་། །སངས་རྒྱས་
ས་ནི་ཐོབ་བྱེད་པའོ། །ཞེས་བྱ་བ་དེ་ལ་རང་སངས་རྒྱས་དང་། ཉན་ཐོས་ཀྱི་གང་ཟག་ལ་བདག་མེད་པ་ཡོངས་སུ་རྟོགས་ཀྱང་ཕྱིའི་དོན་མེད་པར་ཕྱིའི་དོན་ལ་མངོན་པར་ཆགས་པའོ། །མུ་སྟེགས་ཅན་ནི་རྟག་པ་དང་། བདག་དང་། དབང་པོ་དང་། དམ་པ་སྦྱིན་པ་
དང་། འཁྲུ་བ་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་ས་དང་། གར་བྱེད་པ་དང་། གླུ་ལེན་པ་དང་། རྣམ་པ་སྣ་ཚོགས་ཀྱི་ཆ་ལུགས་འཛིན་པ་དང་། རིན་པོ་ཆེ་དང་། རྩ་བ་འཛིན་ཅིང་བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་ཟ་བས་ཐར་པ་ལས་འཁྲུལ་པ་
Vol. 121 · folio 10b
རྣམས་སོ། །འཁྲུལ་པ་དེ་རྣམ་པ་གཉིས་བཅད་པའི་ཕྱིར། མཆོག་ཏུ་ཡོངས་སུ་དག་པ་དངོས་པོ་དང་། དངོས་པོ་མ་ཡིན་པ་རྣམ་པར་རྟོག་པ་གཉིས་རྟོགས་པར་བྱེད་པ་ཐེག་པ་ཆེན་པོའི་ཆོས་སྟོན་པ་ནི་སངས་རྒྱས་སྒྲུབ་པར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་དེར་སྤྲུལ་
ཏེ། །ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པས་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་ཀྱི་རྩེ་མོ་འཛིན་སྤྲུལ་པ་མཛད་དོ། །འབོད་འགྲོགས་ཀྱིས་ཀྱང་མཆོག་ཏུ་ཡོངས་སུ་དག་པ་རྣལ་འབྱོར་གྱི་དབང་པོ་རི་མ་ལ་ཡ་དུ་མ་ལ་བཞུགས་པ་གཟུགས་སྣ་ཚོགས་མངའ་བའི་བཅོམ་
ལྡན་འདས་དེ་ལ་མཆོད་པའི་ཕྱིར་ལུས་ཐ་མར་སྤྲུལ་པ་བྱེད་དོ། །སྟོང་ཕྲག་བརྒྱ་པའི་མདོ་སྡེ་ཞེས་བྱ་བ་ནི་མདོ་སྡེ་རྣམ་པ་བརྒྱ་སྟོང་དུ་ཀླག་སྟེ། སྟོང་པ་ལ་སོགས་པའི་ཚིག་ཏུ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ། །ཡང་ན་སྟོང་ཕྲག་བརྒྱ་ནི་གང་གི་ལྗགས་ལས་དོན་
མཐའ་མེད་པར་སེམས་ཅན་ལ་སྣང་བ་ཐམས་ཅད་མཁྱེན་པའི་གསུང་གི་སྒྲས་དོན་དུ་མར་ཆུད་པར་བྱེད་པའོ། །ཐམས་ཅད་འཁོར་ནི་མ་བྲི་བར། །རེ་རེ་ལ་ཡང་ཤིན་ཏུ་སྣང་། །ཞེས་པ་ནི་རིན་པོ་ཆེ་འབྱུང་གནས་ཀྱི་རི་ཐམས་ཅད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
སུ་གནས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། དེ་དག་ན་བཞུགས་པའི་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་ལ་རིན་པོ་ཆེ་འབྱུང་གནས་ཀྱི་རི་ལ་སྣང་བ་ནི་ནམ་མཁའི་སྐར་མ་མང་པོ་ཆུའི་སྣོད་ཀྱི་ནང་དུ་སྣང་བ་བཞིན་དུ་གཟུགས་བརྙན་གྱི་ཚུལ་གྱིས་སོ། །སྟོན་པ་
དང་ནི་རྒྱལ་སྲས་རྣམས། །ཞེས་བྱ་བ་ལ་སོགས་པ་ནི་སྟོན་པ་དང་གང་དག་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པ་དེ་ལྟ་བུའི་མིག་ཡོར་དང་། སྒྱུ་མའི་རྣམ་པར་ཐར་པའི་རྨི་ལམ་དང་། མིག་འཕྲུལ་བཞིན་དུ་བསྟན་ནས་
མི་སྣང་བར་གྱུར་པ་ནི་འབོད་འགྲོགས་ལ་སོགས་པ་རྣམ་པར་ཤེས་པའི་ཡུལ་ལས་འདས་ནས་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་ཡོངས་སུ་ཤེས་པར་མཛད་པའི་དོན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་
Vol. 121 · folio 11a
པ་མེད་པའི་རྣམ་པར་ཐར་པའི་སྒོ་ཟབ་མོའི་ཡུལ་གྱི་རྣལ་འབྱོར་བསྒོམ་པའི་ཕྱིར་རོ། །གནོད་སྦྱིན་འབོད་འགྲོགས་བདག་གི་ལུས། །ཁྱིམ་ན་གནས་པར་མཐོང་བ་དང་། །ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་དབང་པོས་བྱིན་གྱིས་བརླབས་པས་འབོད་འགྲོགས་
ཀྱིས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཐོག་མ་དང་ཐ་མར་སྟོང་པ་ཉིད་དང་། དབུས་སུ་ཉིད་ཀྱིས་སྟོང་པ་ཉིད་རྟོགས་པ་སྟེ། སེམས་འཁྲུགས་ནས་འགྲོ་བ་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་རྨི་ལམ་དང་མིག་འཕྲུལ་སྣང་བ་བཞིན་ནོ། །མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་
པ་ལྟ་བུའི་འཁྲུགས་པ་བཟློག་པ་ནི་གང་གི་ཚེ་འབོད་འགྲོགས་ཀྱི་ཤེས་རབ་ཀྱིས་གཟུགས་སྦོམ་པོ་དང་། ཕྲ་མོ་མི་དམིགས་པ་དེའི་ཚེ་གཉིས་ཞི་ཞིང་བསམ་པ་མེད་པ་དང་། སྣང་བ་མེད་པ་དང་། དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་མེད་ཅིང་དོན་དམ་པའི་བདེན་པ་མི་
གཉིས་པའི་ཆོས་ཉིད་ཡང་དག་པའི་རིག་པ་དེ་ལྟར་ཁོང་དུ་ཆུད་པར་མཛད་པ་ནི་ཤེས་རབ་དང་ཐབས་ཀྱིས་སོ། །དེ་དེ་ལྟར་ཤེས་རབ་ཀྱིས་ཆོས་ཉིད་རྣམ་པ་དེ་ལྟ་བུའི་མི་རྟོག་པ་དང་སྟོང་པ་ཉིད་དུ་རྟོགས་ནས་འབོད་འགྲོགས་ཀྱིས་རྒྱུ་དང་རྐྱེན་མང་པོ་རྨི་ལམ་དང་། མིག་འཕྲུལ་དང་།
མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མོ་གཞོན་གྱི་རྨི་ལམ་དུ་བུ་མཐོང་བར་བྱེད་པ་རྣམས་ཀྱིས་མི་རྟག་པ་དང་། སྟོང་པ་ཉིད་ཀྱི་དོན་གྱི་ཁྱད་པར་རྟོགས་པར་བྱེད་པའི་དོན་དུའོ། །རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་དཔེར་
བཞག་པ་ཐམས་ཅད་ལ་མི་རྟག་པ་དང་། སྟོང་པ་ཉིད་དུའོ། །ཡང་ཐམས་ཅད་ལ་ཐོག་མ་དང་ཐ་མའི་སྟོང་པ་ཉིད་དང་། དབུས་སུ་དངོས་པོ་གཉིས་མེད་པའི་སྟོང་པ་ཉིད་དུའོ། །ཕྱིའི་དོན་དུ་གཟུང་བ་དང་། འཛིན་པར་ངེས་པར་བྱེད་པ་རྣམ་པ་གཉིས་པར་བྱེད་པ་ཐམས་ཅད་
ལ་སྐྱེ་བ་མེད་པར་རོ། །འཁྲུལ་པའི་དབང་ལས་དེ་དག་ནི་སྣང་བའི་ཆོས་ཉིད་དེ། ཤེས་རབ་ཀྱིས་དེ་དག་མི་དམིགས་སོ་ཞེས་སོ། །ལྟ་བ་མེད་ཅིང་ལྟ་བའང་མེད། །སྨྲ་མེད་སྨྲ་བར་བྱ་མེད་ན། །གཞན་དུ་རྣམ་པར་རྟོག་པ་འདི། །སངས་རྒྱས་དང་ནི་ཆོས་ལྟར་གནས། །
Vol. 121 · folio 11b
ཞེས་བྱ་བ་ལ་ལྟ་བ་ནི་ཕྱིའི་དོན་མེད་པས་ན་མེད་དོ། །ལྟ་བ་ཡང་དེ་ཉིད་ཀྱི་ཕྱིར་མེད་དེ། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་སེམས་འཁྲུགས་པས་སྣང་བའི་ཆོས་ཉིད་ལ་དམིགས་པ་སྟེ། ཤེས་རབ་ཀྱིས་མི་དམིགས་སོ། །བཅོམ་ལྡན་འདས་ནི་ད་རོད་ཙམ་དུ་སྣང་བའི་ཆོས་ཉིད་
དེ། འབོད་འགྲོགས་ཀྱིས་སྒྱུ་མའི་རྣམ་པར་ཐར་པ་སྒོམ་པར་བྱེད་དོ། །ཇི་ལྟར་མཐོང་བཞིན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པར་བཞུགས་པའི་ཐམས་ཅད་མཁྱེན་པ་ལ་མཐོང་བར་བྱེད་པ་གང་དག་གིས་ཆོས་ཉིད་
ལ་དེ་ལྟར་མཐོང་བའོ། །རྣམ་པར་རྟོག་པ་མི་འཇུག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་དང་བྲལ་བ་རྟོག་པ་དག་པ་གང་གི་ཚེ་ན་མཐོང་བར་གྱུར་པ་དེའི་ཚེ་མཆོག་ཏུ་ཡོངས་སུ་དག་པ་བདེན་པ་རྟོགས་པའི་ངོ་བོ་ཉིད་དེ་དེ་བཞིན་གཤེགས་པ་མཐོང་བ་
ཡིན་ནོ། །གང་གི་ཚེ་ན་རྣམ་པར་རྟོག་པ་འཇུག་པར་འགྱུར་ཏེ། འཛིན་པ་དང་། གཟུང་བའི་ངོ་བོར་ཕྱིའི་དོན་ལ་མངོན་པར་ཆགས་པ་དེའི་ཚེ་གཟུགས་ཀྱི་སྐུའི་མཚན་ཉིད་དུ་སྣང་བ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་མཐོང་ཡང་ཆོས་ཀྱི་སྐུར་མི་མཐོང་བའོ། །བཅོམ་ལྡན་འདས་ནི་
རྣམ་པར་རྟོག་པ་འཇུག་པ་དང་། མི་འཇུག་པ་ལས་མཐོང་བ་དང་མི་མཐོང་བ་ཞེས་བྱའོ། །ལང་ཀའི་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པ་མ་གཏོགས་པར་ཕྱིའི་དོན་མེད་པར་ནི་འདི་དག་ཐམས་ཅད་སྣང་བའི་ཆོས་ཉིད་ཀྱི་ཕྱིར་ཏེ། སེམས་འཁྲུགས་པའི་མཐུས་
མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་མིག་ཡོར་དུ་སྣང་བ་སྟེ། གང་གི་ཚེ་ཤེས་པར་བྱ་བ་སྦོམ་པ་དང་། ཕྲ་བ་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ་མི་དམིགས་པའི་རྣལ་འབྱོར་རོ། །དེ་ལྟར་འབོད་འགྲོགས་ཀྱིས་མི་དམིགས་པའི་རྣལ་འབྱོར་གྱི་འོག་ཏུ་
རྣམ་པར་རྟོག་པ་རྒྱུ་བ་ལ་གནས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་འདུ་བྱེད་རྣམས་ལ་ཐོག་མ་དང་ཐ་མའི་སྟོང་པ་ཉིད་གཉིས་མི་དམིགས་པར་མཐོང་ཞིང་དབུས་སུ་གཉིས་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་སྒྱུ་མ་དང་འདྲ་བའི་ཆོས་ཉིད་དུ་རྗེས་སུ་བྱེད་དོ། །སྔོན་གྱི་དགེ་བའི་
Vol. 121 · folio 12a
རྩ་བས་བསྐུལ་བ་ནི་འབོད་འགྲོགས་ཀྱིས་ཐམས་ཅད་མཁྱེན་པ་ལ་མཆོད་ཅིང་བསྙེན་བཀུར་བ་དང་། ཆོས་ཉན་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མངོན་པར་འདུ་བྱེད་པའི་བསོད་ནམས་དང་། བཅོམ་ལྡན་འདས་ཀྱིས་ཐབས་དུ་མའི་བྱིན་གྱི་རླབས་ཀྱིས་
བསྐུལ་བའོ། །གཙུག་ལག་ཐམས་ཅད་ལ་མཁས་པའི་བློ་ཞེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་དང་། མི་གཉིས་པ་ལ་སོགས་པའི་གཙུག་ལག་ཐམས་ཅད་ལ་འབོད་འགྲོགས་མཁས་པར་སྨྲས་པ་ཡིན་ནོ། །ཐོས་པ་དང་། སེམས་པ་དང་། བསྒོམ་
པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་དེ་གཉིས་དང་མི་གཉིས་པའི་ཏིང་ངེ་འཛིན་གྱི་རྣམ་པར་རྟོག་པའོ། །གཞན་གྱི་དྲིང་མི་འཇོག་ཅེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་དབང་པོ་ལ་སོགས་པར་ལྟ་བ་སྤོང་བ་ནི་མཆོག་
སྦྱིན་པ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། ཐོགས་པ་མེད་པའི་གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། བཟའ་བ་དང་། ཆ་ལུགས་རྣམ་པ་སྣ་ཚོགས་སུ་འཛིན་པས་འཁོར་བ་ལས་འབྱུང་བའི་ཕྱིན་ཅི་ལོག་སྤོང་བའོ། །བདག་དང་བདག་
གིར་རྟག་པར་མངོན་པར་ཆགས་པས་བསླད་པ་རྣམས་ལ་སྡུག་བསྔལ་དུ་འགྱུར་བ་ནི་མེར་ཕྱེ་མ་ལེབ་བཞིན་ནོ། །བདག་མེད་པ་རྣམ་པ་གཉིས་ཡོངས་སུ་ཤེས་པ་ལས་བདག་ཏུ་ཆགས་པ་ལྡོག་པ་ལས་འཁོར་བའི་སྡུག་བསྔལ་བཟློག་སྟེ། མཁས་པ་ནི་བདག་ཉིད་ཀྱིས་ཡོངས་
སུ་ཤེས་པའོ། །རྟོག་གེར་མི་ལྟ་བ་ཞེས་བྱ་བ་ནི་ཁོང་དུ་མ་ཆུད་པའི་དོན་ལ་ཅི་འདི་ལྟ་ཡིན་ནམ་མ་ཡིན་ཞེས་རྒྱུ་ལ་སྤྱོད་པ་ནི་རྟོག་པ་ཞེས་བྱའོ། །སྲིད་པ་དང་ཐར་པ་འབྱེད་པའི་རྒྱུ་ཡོངས་སུ་ཤེས་པ་གདོན་མི་ཟ་བ་ད་ལ་ཡོད་པས་དེ་ལ་ཆོས་ལ་ཐེ་ཚོམ་མེད་དོ། །བདག་ལ་སོགས་
པར་ལྟ་བ་དང་བྲལ་བས་གོང་ནས་གོང་དུ་ས་ཐམས་ཅད་དུ་རང་གི་མཚན་ཉིད་རྟོགས་པར་བྱ་བ་ལ་མཁས་པས་ནི་དེ་ལ་སའི་དབང་པོར་གྲུབ་པ་ཉིད་དོ། །ས་ཐམས་ཅད་ཡོངས་སུ་སྦྱོང་བ་ལ་མཁས་པ་གོང་མའི་ཡང་གོང་མར་ས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྟོགས་པར་བྱ་བ་ལ་
Vol. 121 · folio 12b
མཁས་པ། རང་གི་མཚན་ཉིད་ཁྱད་པར་དུ་རྟོགས་པར་བྱེད་པ་གཉིས་དང་མི་གཉིས་པའི་ཏིང་ངེ་འཛིན་ལ་མཁས་ཤིང་། ས་ཐམས་ཅད་ཀྱི་གོང་མའི་ཡང་གོང་མའི་ཡོན་ཏན་བྱང་ཆུབ་ཀྱི་ཚོགས་བསོད་ནམས་དང་། ཡེ་ཤེས་དང་ལྡན་པ་ལ་གཟུགས་སྣ་ཚོགས་ཀྱི་རྣལ་འབྱོར་
གྱི་དབང་ཕྱུག་ཆེན་པོར་སངས་རྒྱས་ཐོབ་པའི་ཕྱིར་འབོད་འགྲོགས་ལ་སྨྲ་བར་བྱ་སྟེ། ཤེས་རབ་དང་ཐབས་ལ་མཁས་པར་བྱ་བ་ཆུད་པས་ན་ཆེ་བའོ། །སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དབེན་པ་ལ་དགའ་བ་ཞེས་བྱ་བ་ནི་མདོ་སྡེ་འདི་ཉིད་ལས་འབྱུང་
སྟེ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །སེམས་མ་གཏོགས་པར་ཡུལ་དང་རྣམ་པར་ཤེས་པའི་སྣང་བ་མེད་དེ། ཇི་ལྟར་རྨི་ལམ་གྱི་དུས་ན་གཟུགས་ལ་
སོགས་པའི་ཡུལ་དང་རྣམ་པར་ཤེས་པ་རྣམས་སྣང་ཡང་དེ་ན་ཡུལ་མེད་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མེད་དོ། །དེས་ན་སེམས་མཉམ་པར་མ་འདུས་པའི་ཕྱིར་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་སྟོབས་ལས་འགྲོ་བ་རྣམ་པ་སྣ་ཚོགས་སུ་སྣང་སྟེ། སྦོམ་པོ་
དང་ཕྲ་བའི་གཟུགས་ཤེས་རབ་ཀྱིས་ཆར་རྣམ་པར་དབྱེ་བ་ནི། གང་གི་ཚེ་ན་མི་དམིགས་པ་དེའི་ཚེ་གྲོལ་བར་འགྱུར་རོ། །རྒྱུད་གསུམ་ཆད་པར་ལྟ་བ་ཞེས་བྱ་བ་ནི་གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པ་མེད་པས་ན་འདས་པ་དང་། མ་འོངས་པ་དང་།
ད་ལྟར་གྱི་སྐད་ཅིག་པ་གསུམ་དུ་འདུ་ཞིང་འབྲེལ་བ་མེད་དོ། །སྔ་མའི་འོག་ཏུ་དེ་ཡོད་པས་འདི་ཡོད་དོ་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་རབ་ཏུ་ངེས་ཤིང་ལས་དང་འབྲས་བུ་འབྲེལ་བ་རྣམ་པར་གཞག་པ་འབའ་ཞིག་གོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་འབོད་འགྲོགས་ལ་ཆོས་དང་
གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་དེ། དེས་ན་མུ་སྟེགས་ཅན་གྱི་ལྟ་བའི་ཉེས་པ་ལས་རྣམ་པར་གྲོལ་ཞེས་བྱའོ། །མུ་སྟེགས་ཅན་ཐམས་ཅད་ཀྱི་རྒྱུ་དང་བྲལ་བའི་བློར་གྱུར་པ་ཞེས་ཏེ། གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་མུ་
Vol. 121 · folio 13a
སྟེགས་ཅན་གྱིས་རྒྱུར་ཀུན་ཏུ་རྟོག་པ་ནི་གང་དང་གང་ཁྱད་པར་ཅན་གྱི་དབྱིབས་ཡོད་པ་དེ་བློ་ཅན་གྱི་སྐྱེས་བུས་བྱས་པ་ཡིན་ཏེ། བུམ་པ་དང་། ཕྲུ་བ་ལ་སོགས་པ་བཞིན་དུ་ལུས་དང་། བྱེད་པ་དང་། གནས་ལ་སོགས་པ་ཁྱད་པར་ཅན་གྱི་དབྱིབས་སོ། །ཆུའི་
སྟོབས་ལ་སོགས་པས་བྱེ་མ་ལ་སོགས་པ་དབྱིབས་སུ་སྣང་བ་བློ་ཅན་གྱིས་བྱས་པ་མ་ཡིན་ནོ། །དུས་ཁ་ཅིག་ཏུ་འདུས་པའི་མཐུས་པདྨ་ལ་སོགས་པའི་མྱུ་གུ་འབྱུང་བ་དེར་བློ་ཅན་བྱེད་པ་པོའི་ལས་མི་སྣང་ངོ་། །ཇི་ལྟར་དྷརྨ་ཀཱིརྟིས་སྨྲས་པ། མཐུན་དང་མི་མཐུན་དག་གིས་ནི། །
གང་དག་གང་ལས་ཉེར་སྐྱེ་བ། །གལ་ཏེ་དེ་ལས་རྒྱུ་གཞན་ན། །དེ་ལྟར་འགྱུར་བས་མཐའ་མེད་དོ། །དེས་ན་གཉིས་དང་མི་གཉིས་པར་སྨྲ་བས་ཀུན་ཏུ་བརྟགས་པའི་རྒྱུ་མུ་སྟེགས་ཅན་གྱི་འཁྲུལ་པའི་མཚན་འབོད་འགྲོགས་ལ་མེད་དེ། རྟག་པ་དང་། བདག་ཏུ་ཆགས་པས་འཁོར་
བའི་སྡུག་བསྔལ་དང་བདག་མེད་པ་ཤེས་པས་སྡུག་བསྔལ་བཟློག་གོ་ཞེས་ཤེས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ས་ལ་ནང་དུ་སྙོམས་པར་ཞུགས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་དོ། །དེ་བཞིན་དུ་ནང་གི་མི་གཉིས་
གཉིས་པར་རྟོགས་པའི་ཆོས་ནི་སངས་རྒྱས་ཀྱི་སའོ། །གཉིས་སུ་མེད་པའི་ཆོས་ཉིད་དང་མཉམ་པས་ན་མེ་སྤྱིར་གནས་པ་བཞིན་དུ་སྙོམས་པར་ཞུགས་སོ། །སྒྲ་ཐོས་པ་ནི་འབོད་འགྲོགས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲའོ། །གང་གི་བློ་ལས་བློ་གནས་པ་དེ་ནི་ཚིག་
སྦྱར་རོ། །གང་ལ་རྣལ་འབྱོར་དེ་ལྟ་བུ་ཡོད་པ་དེས་ཐོས་སོ་ཞེས་ཚིག་འབྱེད་པར་བསྒྱུར་རོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་མཉམ་པ་ཉིད་དང་། དངོས་པོ་དང་དངོས་པོ་མ་ཡིན་
པར་རྣམ་པར་རྟོག་པ་སྤངས་པ་དང་། དོན་དམ་པའི་བདེན་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་མཐོང་བ་ཡིན་ནོ། །རྣམ་པ་གཞན་དུ་བལྟས་ན་ཆད་པ་ལ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཡང་སེམས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་མ་ཡིན་
Vol. 121 · folio 13b
པར་གྱུར་ན་དེའི་ཚེ་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཆད་པ་ཉིད་དུ་འགྱུར་རོ། །ལས་དང་འབྲས་བུར་འབྲེལ་བ་རྣམས་ཀྱི་གནས་ནི་སེམས་ཏེ། ཇི་ལྟར་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པ། སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། གང་ཇི་ལྟར་ཡོངས་
སུ་སྦྱོང་བ་དེ་དེ་ལྟར་ཡང་དག་པར་གྲུབ་པའོ་ཞེས་སོ། །དགེ་བ་དང་མི་དགེ་བར་སེམས་ཀྱིས་མངོན་པར་འདུ་བྱེད་པ་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་གཉིས་ཀྱི་རྣམ་པ་ཉིད་དོ། །ཤེས་རབ་ཀྱིས་སྦོམ་པ་དང་ཕྲ་བའི་ཆ་མི་དམིགས་པ་ན་དོན་དམ་པའི་བདེན་པ་མི་གཉིས་པའི་བྱང་ཆུབ་རྟོགས་
ཞེས་བྱའོ། །དེ་བཞིན་དུ་ཡང་སའི་དབང་པོ་རྣམས་ཀྱིས་རྣལ་འབྱོར་གྱི་དབང་པོ་ནང་དུ་སྤྱོད་པས་ཆོས་ཐམས་ཅད་རྣམ་པར་བསྒོམ་པར་བྱ་སྟེ། ཕྱི་རོལ་གྱི་དོན་དུ་ལྟ་བ་ལ་མངོན་པར་ཆགས་པས་ནི་མ་ཡིན་ནོ། །ཁྱོད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་
གྱི་མངོན་པར་རྟོགས་པ་དང་། ཚིག་གི་དོན་གྱི་སྤྱོད་ཡུལ་དུ་ལྟུང་བའི་ལྟ་བ་དང་ཏིང་ངེ་འཛིན་དུ་མ་ཡིན། གཏམ་དང་སྒྲུང་ལ་དགའ་བར་མ་ཡིན་པ་ཞེས་པ་ལ། མུ་སྟེགས་ཅན་ནི་རྟག་པ་དང་། བདག་དང་དབང་པོ་དང་། མཆོག་སྦྱིན་པ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་།
ཁ་འཚོ་བ་དང་། ཆ་ལུགས་སྣ་ཚོགས་དང་། གར་དང་། གླུ་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་རྣམ་པར་རྟོག་པ་དང་། རིན་པོ་ཆེ་དང་། མེ་ཏོག་ལ་སོགས་པ་འཛིན་ཅིང་བརྟུལ་ཞུགས་ལ་སོགས་པས་ཐར་པ་ཀུན་ཏུ་རྟོག་གོ། །རྟག་ཏུ་བདག་ཏུ་ཆགས་པས་
འཁྲུགས་པས་འཁོར་བར་ལྟུང་བ་ནི་ཕྱེ་མ་ལེབ་བཞིན་ནོ། །སེམས་ཅན་རྣམས་ཀྱི་བདག་ཏུ་ཆགས་པ་ལོག་པ་ན་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བས་ན་མུ་སྟེགས་ཅན་གྱིས་བདག་མེད་པ་མི་ཤེས་པས་རྣམ་པར་རྟོག་པ་དུ་མས་འཁོར་ཞིང་ཐར་པའི་
རྒྱུ་མི་རིག་གོ། །འབོད་འགྲོགས་ལ་ནི་ཉན་ཐོས་ལས་ཐ་དད་པ་ཐེག་པ་ཆེན་པོའི་ཆོས་བཤད་པ་དེ་ལྟ་བུར་བཤད་དོ། །ཉན་ཐོས་རྣམས་ནི་ཕྱིའི་དོན་ལ་མངོན་པར་ཆགས་པ་སྟེ། ཐེག་པ་ཆེན་པོ་ལ་ཆོས་དང་གང་ཟག་ལ་བདག་མེད་ཅིང་བླ་ན་མེད་པའི་ཡེ་ཤེས་ཐམས་ཅད་
Vol. 121 · folio 14a
མཁྱེན་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་རོ། །རྣལ་འབྱོར་ཆེན་པོའི་རྣལ་འབྱོར་དང་ལྡན་པ་ཞེས་པ་ནི་ཐམས་ཅད་མཁྱེན་པ་རྣམས་ཀྱི་གཉིས་པ་དང་མི་གཉིས་པའི་ཏིང་ངེ་འཛིན་ཏོ། །ཕ་རོལ་རྒོལ་བ་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི་མུ་སྟེགས་
ཅན་གྱི་འཁྲུལ་པ་ལྟ་བ་ཐམས་ཅད་སེལ་ཞིང་མུན་པ་འཇོམས་པ་རྣམས་ཏེ། བདག་མེད་པར་སྨྲ་བ་པོ་རྣམས་ཀྱི་རྟག་པ་དང་། བདག་དང་། དབང་པོ་ལ་སོགས་པར་ལྟ་བ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པར་རྣམ་པར་རྟོག་པ་དང་།
ཆ་ལུགས་རྣམ་པ་སྣ་ཚོགས་དང་། རིན་པོ་ཆེ་དང་། རྩ་བ་ལ་སོགས་པ་འཆང་བས་ཐར་པའོ་ཞེས་རྒོལ་བ་རྣམས་ཀྱི་སྨྲ་བ་འཇོམས་པའོ། །ལྟ་བ་ངན་པ་སེལ་བ་ནི་རྟག་པ་དང་། བདག་ཏུ་ལྟ་བ་འཇིག་པར་བྱེད་དོ། །བདག་ཏུ་ལྟ་བ་རྣམ་པར་བཟློག་པ་ལ་མཁས་པ་ལ་
ནི་བློ་ཞིབ་ཅིང་རྣམ་པར་ཤེས་པ་ཤིན་ཏུ་འགྱུར་བ་ལ་མཁས་པ་སྟེ། ཤེས་རབ་དང་ཐབས་ལ་མཁས་པས་སེམས་ཀྱི་རྒྱུད་ཉིད་ལ་བདག་གོ་ཞེས་སྨྲ་བར་བྱེད་དོ། །ཤེས་རབ་ཕྲ་མོས་དཔྱོད་ཅིང་ཤེས་པར་བྱ་བ་སྦོམ་པ་དང་ཕྲ་བ་རྣམ་པར་གཞིགས་ནས་གང་གི་ཚེ་མཚན་མ་ལ་ཅུང་
ཟད་ཀྱང་མི་དམིགས་པ་དེའི་ཚེ་ན་སེམས་བཟློག་པ་ལ་མཁས་པར་འགྱུར་རོ། །ཐེག་པ་ཆེན་པོ་ལ་སྤྱོད་པ་རྣམས་ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་ལ་སྦྱོར་བས་ཐེག་པ་ཆེན་པོ་དོན་བཞིན་པ་སྤྱོད་པ་དང་། དེ་དག་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཏིང་ངེ་འཛིན་དུ་
འབྱེད་པས་བདག་དང་གཞན་གྱི་དོན་སྤྱོད་དོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པ་ནི་མངོན་པར་རྟོགས་པ་ཞེས་བྱ་སྟེ། དེས་ན་ལང་ཀའི་བདག་པོ་འདི་ནི་རྟོགས་པའོ་ཞེས་བྱ་སྟེ། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་
པོར་ཕྱིན་ཅི་ལོག་ཐམས་ཅད་ཀྱི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པོ་དང་དངོས་པོ་མ་ཡིན་པ་མཉམ་པས་མངོན་པར་མཉམ་པར་རྟོག་པའོ་ཞེས་པའོ། །དེ་བཞིན་གཤེགས་པའི་བདག་གི་སོ་སོ་རང་གི་ས་ལ་འཇུག་པ་
Vol. 121 · folio 14b
ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པར་གྱིས་ཤིག་ཅེས་བྱ་བ་ནི་ས་ཡོངས་སུ་སྦྱོང་བ་དང་། ས་ལ་འཇུག་པ་དང་། ས་འཐོབ་པ་སྟེ། ཐོས་པ་དང་། སེམས་པ་དང་། བསྒོམ་པ་ལ་མངོན་པར་བསྒྲུབས་པས་གོང་མའི་ཡང་གོང་མ་ཆུད་པར་འགྱུར་བ་ཐམས་ཅད་མཁྱེན་པ་ཉིད་
ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བ་དང་། རྣལ་འབྱོར་གྱི་དབང་པོ་ཁོ་ན་བསྒྲུབ་པའི་ཕྱིར་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་གྱི་རྗེས་སུ་འཇུག་པའི་སྒོའི་སྤྱོད་ཡུལ་ནི་མ་ཡིན་ཏེ། ཇི་ལྟར་བདག་ཏུ་འཛིན་པ་དང་སྣང་བའི་མཚན་
ཉིད་ལ་མངོན་པར་ཆགས་པ་དང་། འབྱུང་བ་དང་། ཡོན་ཏན་དང་། རྫས་ལ་ཡང་དག་པར་རྗེས་སུ་སྤྱོད་པ་བྱིས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་གྱིས་རྣལ་འབྱོར་བ་རྣམས་ཀྱི་རྟོགས་པ་དང་། མ་རིག་པའི་རྐྱེན་དུ་ལྟ་བ་ལ་མངོན་པར་ཆགས་པ་ལ་མངོན་པར་ཞེན་པ་ཉན་ཐོས་དང་།
རང་སངས་རྒྱས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བའི་རྣམ་པར་ཕྱིའི་དོན་ལ་ཞུགས་པ་རྣམས་སོ། །དེ་ལ་མུ་སྟེགས་ཅན་ནི་རྟག་པ་དང་། བདག་དང་། དབང་པོས་བྱིན་གྱིས་བརླབས་ཏེ། རྫས་དང་། ཡོན་ཏན་དང་། ལས་དང་།
སྤྱི་དང་། ཁྱད་པར་དང་འབྲེལ་པའི་མཚན་ཉིད་དུ་ཀུན་དུ་རྟོག་པར་བྱེད་དོ། །ཕྱིའི་ས་ལ་སོགས་པ་འབྱུང་བ་རྣམས་ལ་ཡོན་ཏན་དང་། ལས་རྣམས་གནས་སོ་ཞེས་རྫས་ནི་དགུ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་དང་། ཕྱོགས་དང་།
བདག་དང་། ཡིད་ཅེས་སོ། །དེ་དག་ཀྱང་རྟག་པ་དང་མི་རྟག་པ་ཡིན་ཏེ། རྡུལ་ཕྲ་མོའི་རྫས་རྣམས་ནི་རྟག་པའོ། །དེ་དག་གིས་བརྩམས་པ་ཡན་ལག་ཅན་གྱི་རྫས་སྦོམ་པོ་ནི་མི་རྟག་པའོ། །ཡོན་ཏན་རྣམས་ནི་གཟུགས་དང་། རོ་དང་། དྲི་དང་། རེག་བྱ་དང་། ཚད་དང་།
གྲངས་དང་། ཐ་དད་པ་དང་། སྦྱོར་བ་དང་། བྲལ་བ་དང་། གཞན་དང་། གཞན་མ་ཡིན་པ་དང་། བློ་རྣམས་དང་། བདེ་བ་དང་། སྡུག་བསྔལ་བ་དང་། འདོད་པ་དང་། ཞེ་སྡང་དང་། ནན་ཏན་ཡང་ངོ་། །ཡང་ཞེས་བྱ་བའི་སྒྲས་གཤེར་བ་དང་། ལྕི་བ་དང་། སྣུམ་
Vol. 121 · folio 15a
པ་དང་། འདུ་བྱེད་དང་། མ་མཐོང་བ་དང་། མཐོང་བ་དང་། སྒྲ་རྣམས་ཏེ། ཡོན་ཏན་རྣམ་པ་ཉི་ཤུ་རྩ་བཞིའོ། །ལས་ལ་ཡང་རྣམ་པ་ལྔ་སྟེ། ལེན་པ་དང་། འདོར་བ་དང་། བརྐྱང་བ་དང་། བསྐུམ་པ་དང་། འགྲོ་བ་ནི་ལས་སོ། །སྤྱི་ནི་རྣམ་པ་གཉིས་ཏེ། མཆོག་དང་
མཆོག་མ་ཡིན་པའོ། །མཆོག་ནི་ཚིག་གི་དོན་གསུམ་ཡོད་པར་བྱེད་པས་ན་ཡོད་དོ་ཞེས་པའོ། །སྤྱི་མཆོག་མ་ཡིན་པ་ཡང་བ་ལང་ཉིད་དང་། རྟ་ཉིད་དང་། བུམ་པ་ཉིད་ལ་སོགས་པའོ། །ཁྱད་པར་རྣམས་ནི་ཁྱད་པར་གྱིས་བློ་བསྐྱེད་པ་རྣམས་ཏེ། ཉེ་བར་བཏགས་པ་དང་། ཉེ་
བར་མ་བཏགས་པ་རྣམས་སོ། །ཉེ་བར་བཏགས་པ་ནི་རིགས་དང་། ཡོན་ཏན་དང་། བྱེད་པས་བྱས་པ་ནི་བཏགས་པའོ། །ཉེ་བར་མ་བཏགས་པ་ནི་ཕ་མའི་ཁྱད་པར་ཏེ། ཇི་ལྟར་སའི་རྡུལ་རྣམས་དང་། ས་མ་ཡིན་པའི་རྡུལ་རྣམས་ལས་བརྩམས་ཏེ། རིགས་དང་ཡོན་ཏན་དུ་
སྦྱོར་ཡང་ཁྱད་པར་གྱི་ཁྱད་པར་དུ་འབྱེད་ཅེས་སོ། །འབྲེལ་པ་ནི་འདིར་བློ་འབྲེལ་པ་སྟེ། རྫས་ལ་རྫས་དང་། ཡོན་ཏན་ལ་ཡོན་ཏན་དང་། ལས་ལ་ལས་ཞེས་སོ། །ཁྱད་པར་ཅན་གྱི་རྒྱུད་ཀྱི་དྲ་བ་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་རོ་ཞེས་ཁ་ཅིག་གོ། །གྲངས་ཅན་རྣམས་ཀྱི་བྱ་
བ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཡོངས་སུ་ཤེས་པས་གྲོལ་ལོ་ཞེས་ཏེ། སྐྱེས་བུ་ཡོན་ཏན་ལས་ལྷག་མ་རྣམ་པ་ཉི་ཤུ་རྩ་བཞིར་བྱེད་པ་ཡོངས་སུ་ཤེས་པས་སོ། །ཡོད་པ་དང་། རྡུལ་དང་། མུན་པ་དང་། ཡོན་ཏན་རྣམས་མཉམ་པར་གནས་པ་ནི་གཙོ་བོ་ཞེས་སོ། །དེ་ལས་ཆེན་
པོ་ཞེས་ཏེ། དེ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་དར་བྱེད་པའོ། །དར་བྱེད་པ་ལས་དེ་ཙམ་ལྔ་སྟེ། སྒྲ་ལ་སོགས་པ་ཡུལ་ལྔའོ། །དེ་ཙམ་ལྔ་རྣམས་ལས་འབྱུང་བ་ལྔ་དང་། བློའི་དབང་པོ་ལྔ་སྟེ། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་རྣམས་སོ། །ལས་
ཀྱི་དབང་པོ་ལྔ་སྟེ། ཚིགས་དང་། ལག་པ་དང་། རྐང་པ་དང་། གསང་ཁུང་དང་། མཚན་མའི་མཚན་ཉིད་རྣམས་སོ། །ཡིད་ནི་ཀུན་དུ་རྟོག་པའོ། །སེམས་ཅན་ནི་སྐྱེས་བུའི་རང་བཞིན་ནོ། །ཁོ་ན་ཤེས་པ་ཉི་ཤུ་ལྔ། །གནས་ནི་གང་ལ་གར་དགའ་རུང་། །མགོ་བྲེགས་
Vol. 121 · folio 15b
རལ་པ་ཕུད་པུ་ཅན། །གྲོལ་བར་འགྱུར་ལ་དར་དོགས་མེད། །ཅེས་གྲངས་ཅན་རྣམས་ཀྱིས་ཐར་པར་རྟོག་གོ། །དེ་སྟེ་ཉོན་མོངས་པ་ཡོངས་སུ་ཟད་པ་མ་གཏོགས་པ་རང་བཞིན་དང་། སྐྱེས་བུའི་ཁྱད་པར་ཁོང་དུ་ཆུད་པ་ལས་ཐར་བར་འགྱུར་ཏེ། དེ་ལྟ་ན་ནི་བྱ་དང་། རྩིག་པ་དང་།
སྣམ་བུ་དང་། བུམ་པ་ལ་སོགས་པའི་ཁྱད་པར་ཁོང་དུ་ཆུད་པས་ཐར་པར་ཅིས་ན་མི་འགྱུར། སྲིད་པ་ཡོངས་སུ་མ་ཟད་ཀྱི་བར་དུ་ཁྱད་པར་ཅན་རྣམས་ཀྱི་རྫས་དང་། ཡོན་ཏན་ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པ་ཐར་པར་འགྱུར་ཏེ། དེ་ལྟ་བུར་ཟིན་ན་ནི་བྱེ་ཕུང་གི་བྱེ་མའི་
འབྲུམ་བུ་རྣམས་ཀྱི་གྲངས་ཁོང་དུ་ཆུད་པས་ཅིས་ན་ཡང་ཐར་པར་མི་འགྱུར། དེ་དེ་བཞིན་དུ་མུ་སྟེགས་ཅན་ཀྵ་པ་ན་ཀ་རྣམས་ཀྱི་ལྟ་བ་ནི་ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་རོ། །ཡོད་པར་འགྱུར་བ་ནི་སྤྱིའི་བདག་ཉིད་
དུའོ། །མེད་པར་འགྱུར་བ་ནི་ཁྱད་པར་གྱི་བདག་ཉིད་དུའོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་སྟེ། དེ་དག་ན་སྨྲ་བར་བྱ་བའི་ཕྱོགས་སོ། །སྨྲ་བར་མི་བྱ་བའི་ཕྱོགས་ལ་སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཁྱད་པར་གྱི་བདག་ཉིད་
དུ་ཡང་སྨྲ་བར་མི་བྱའོ། །ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་འགྱུར་བ་སྤྱིའི་བདག་ཉིད་དུ་ཡང་སྨྲ་བར་མི་བྱའོ། །སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་འགྱུར་བ་ཅིག་ཅར་སྨྲ་བར་མི་བྱའོ། །སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་ཅིག་
ཅར་ཡང་སྨྲ་བར་མི་བྱའོ། །དེ་དེ་ལྟར་འབོད་འགྲོགས་ལ་མུ་སྟེགས་ཅན་གྱི་གཏི་མུག་གི་དྲ་བ་བཟློག་པའི་དོན་དུ་ཐམས་ཅད་མཁྱེན་པས་ཆོས་བཤད་དོ། །རྟག་པ་དང་། བདག་དང་། དབང་པོ་དང་། གཅིག་པོ་དང་། གཉིས་དང་། མི་གཉིས་པ་ལ་སོགས་པའི་རྒྱུ་དགག་པའི་ཕྱིར་ཡང་
འབོད་འགྲོགས་ལ་ཆོས་བཤད་དོ། །ཆ་ལུགས་རྣམ་པ་སྣ་ཚོགས་ཀྱི་བརྟུལ་ཞུགས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རྣམ་པར་རྟོག་པས་ཀུན་ཏུ་མི་རྟོག་པའི་ཕྱིར་དངོས་པོ་དང་དངོས་པོ་མ་ཡིན་པར་མི་རྟོག་པ་དང་། དོན་དམ་པའི་བདེན་པ་རྟོགས་པར་བྱེད་པ་
Vol. 121 · folio 16a
དང་། མི་གཉིས་པ་ཁོང་དུ་ཆུད་པར་བྱེད་པའི་ཆོས་སྟོན་ཏོ། །གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཁོ་ནར་བསྒྲུབ་པ་དང་། གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་རྟག་པ་དང་། བདག་དང་། བྱེད་པ་པོར་ལྟ་བ་རྣམ་པར་
གཅད་པའི་དོན་དུ་ཡང་དག་པའི་དོན་ཆོས་དང་། གང་ཟག་ལ་བདག་མེད་པ་ཞི་བའི་ཆོས་ལ་འཇུག་པར་བྱེད་དེ། ལང་ཀའི་བདག་པོ་བདག་གིས་སོ་སོ་རང་གི་རིག་པ་རྟོགས་པར་བྱེད་པའི་ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་འདི་ནི་གཟུགས་སྣ་ཚོགས་རབ་ཏུ་ཐོབ་པར་བྱེད་པའོ་ཞེས་བྱ་བ་ནི་
གཟུགས་རྣམ་པ་སྣ་ཚོགས་སུ་གྱུར་པ་དང་། གལ་ཏེ་གཟུགས་གཅིག་རྣམ་པར་བཟློག་ཀྱང་དེ་བཞིན་དུ་གཟུགས་གཞན་གྱིས་གནས་ཏེ་འཇིག་པར་མི་འགྱུར་བ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་པ་དང་མི་གཉིས་པའི་ཏིང་ངེ་འཛིན་ཐོབ་པས་སོ། །ཐེག་པ་ཆེན་པོ་
ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཉན་ཐོས་དང་། མུ་སྟེགས་ཅན་མ་གཏོགས་པར་རྣམ་པ་དེ་ལྟ་བུའི་ཐེག་པ་ཆེན་པོ་ཉིད་ཀྱིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་
ཡིན་ནོ། །ཐེག་པ་ཆེན་པོ་ཉིད་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པར་བྱེད་པས་ན་ཐེག་པ་ཆེན་པོའི་རྣལ་འབྱོར་ཁོང་དུ་ཆུད་པས་ཁྱད་པར་དུ་ཁོང་དུ་ཆུད་པར་བྱ་བ་དང་། མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་
དབང་པོ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་ས་ཐོབ་པོ། །ཁེབས་པའི་གཡོགས་མ་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རླབས་ཟློག་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཉམ་པར་མི་འདུ་བའི་མ་རིག་པས་འཁྲུགས་པའི་མཐུས་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པར་སྣང་
བ་ནི་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་ནོ། །དཔྱོད་པའི་ཤེས་རབ་མཉམ་པར་འདུད་པ་དང་ལྡན་པས་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་བ་གཞིགས་པར་བྱེད་པ་ན་དེ་མི་དམིགས་ཏེ་སྟོང་པར་མཐོང་ངོ་། །དེ་དེ་ལྟར་མ་རིག་པས་ཁེབས་པའི་གཡོགས་མ་ཤེས་པས་རྟོག་པ་ན་
Vol. 121 · folio 16b
ཡང་བཟློག་སྟེ། འདི་མི་གཉིས་པ་དོན་དམ་པའི་བདེན་པ་རྟོགས་པར་བྱེད་པ་ནི་ཐེག་པ་ཆེན་པོའི་རྣལ་འབྱོར་ཅེས་བྱ་བ་སྟེ། མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་གནས་སུ་ལྷུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་གནས་ནི་འཁོར་བར་ལྟུང་བར་བྱེད་
པ་སྟེ། ཕྱིན་ཅི་ལོག་པ་རྣམས་ཀྱི་བདག་ཏུ་ཆགས་པ་མི་ལྡོག་གོ། །ཇི་སྲིད་དུ་བདག་མེད་པ་ཡོངས་སུ་ཤེས་པར་མ་གྱུར་པ་དེ་སྲིད་དུ་ཐར་པར་མི་འགྱུར་རོ། །རླུང་དགག་པ་ལ་སོགས་པའི་རྣལ་འབྱོར་གྱིས་གཟུགས་རྣམ་པ་སྣ་ཚོགས་དང་། སྲིད་པའི་ལོངས་སྤྱོད་མི་ཐོབ་པོ། །
ཐལ་བས་བྱུག་པ་དང་། དྲི་མ་འཆང་བ་དང་། སྐྲ་འབལ་བ་དང་། རལ་པ་བསྡུས་པའི་ཞགས་པ་དང་། ཆ་བྱད་སྣ་ཚོགས་དང་། ཁ་འཚོ་བ་དང་། གར་དང་། གླུ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་ས་དང་། གྲང་བ་དང་། ཚ་བ་དང་།
ཉི་མ་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་རྣམ་པར་རྟོག་ཅིང་རྣལ་འབྱོར་གྱི་དབང་པོ་མགུ་བར་བྱེད་པ་དང་། མཆོག་སློང་བ་ལ་སོགས་པར་ཐར་པར་མི་འགྱུར་ཏེ། ཇི་སྲིད་དུ་ཤེས་རབ་ཀྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་ཉིད་
ཀྱི་ཆོས་ཉིད་མ་སྤྱད་པ་དེ་སྲིད་དུ་རྟག་པ་དང་། བདག་ཏུ་ཆགས་པ་མི་བཟློག་གོ། །མུ་སྟེགས་ཅན་གྱི་རྣལ་འབྱོར་དུ་ཕྱིན་ཅི་ལོག་པ་རྣམས་ནི་འཁོར་བ་ཉིད་དུ་ལྟུང་བར་འགྱུར་ཏེ། ཤེས་རབ་ཀྱི་གྲོལ་བས་དེའི་ཕྱིར་ཐམས་ཅད་མཁྱེན་པས་རྒྱུ་གསུངས་པ། ལང་ཀའི་བདག་པོ་མུ་སྟེགས་
ཀྱི་རྣལ་འབྱོར་ནི་མུ་སྟེགས་ཅན་རྣམས་ཀྱི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་བའོ་ཞེས་ཏེ། བདག་ཏུ་ཆགས་པ་ཡོད་ན་ཇི་ལྟར་དུ་ཐར་པར་འགྱུར་ཞེས་དགོངས་པའོ། །གཉིས་པ་དང་། མི་གཉིས་པར་སྨྲ་བ་མུ་སྟེགས་ཅན་ཐམས་ཅད་ནི་བདག་ཏུ་མངོན་པར་ཆགས་
པ་ལ་གནས་པས་བདག་སྡུག་བསྔལ་ལས་གྲོལ་བར་བྱེད་པ་དང་། མཆོག་ཏུ་དགའ་བའི་བསམ་གཏན་དུ་བདག་བདེ་བར་གཞག་པར་བྱའོ་ཞེས་ཏེ། བདག་ཏུ་ཞེན་པ་དེ་ཉིད་མི་ལྡོག་པ་ཡིན་ནོ། །བདག་མེད་པར་སྨྲ་བ་རྣམས་ཀྱིས་སྐད་ཅིག་མར་འཇིག་པར་ཡོངས་སུ་
Vol. 121 · folio 17a
ཤེས་པས་བདག་དང་བདག་གི་སྲེད་པས་གང་ཡང་མི་འཇུག་གོ། །རྣམ་པར་ཤེས་པའི་རང་བཞིན་གཉིས་ཀྱི་དོན་ལ་ཆགས་པར་ལྟ་བས་མུ་སྟེགས་ཅན་རྣམས་ཀྱི་ལས་རྣལ་འབྱོར་འདི་གཞན་པའོ་ཞེས་བྱ་བ་ལ་རྣལ་འབྱོར་འདི་གཞན་པའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་
རྣམས་རྣམ་པར་ཤེས་པའི་རང་བཞིན་ལ་དེ་ལྟར་གཉིས་ཀྱི་རྣམ་པ་མེད་པར་ཡང་རབ་རིབ་དང་། རྨི་ལམ་གྱི་ཤེས་པ་བཞིན་པ་ལ་འཛིན་པ་དང་གཟུང་བའི་ངོ་བོར་གཉིས་ཀྱི་དོན་དུ་ཡོངས་སུ་རྟོགས་པར་བྱེད་པ་དང་། རང་བཞིན་གྱིས་འོད་གསལ་ཞིང་སྐད་ཅིག་པའི་རྒྱུད་མི་གཉིས་པའི་
རྟོགས་པ་འཛིན་པ་དང་། གཟུང་བའི་དངོས་པོ་དང་བྲལ་བ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་པ་ཡང་དག་པར་རིག་པ་ཙམ་ནི་དབང་པོའི་ཤེས་པ་རྟོག་པ་མེད་པར་ཞུགས་པས་མྱོང་བ་བཞིན་དུ་མུ་སྟེགས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་མི་བྱེད་དོ། །ཆོས་དང་
གང་ཟག་ལ་བདག་མེད་པ་རྟོགས་པས་དོན་དམ་པའི་བདེན་པ་མི་གཉིས་པ་རང་གིས་རིག་པ་ཡོད་པ་དང་། མེད་པར་སྨྲར་མེད་པ་ཉིད་དུ་བདེ་བར་གཤེགས་པ་པ་རྣམས། དོན་དམ་པའི་དངོས་པོར་ཁོང་དུ་ཆུད་པར་བྱེད་དོ། །ཚད་མ་དང་། གཞལ་བྱ་ལ་སོགས་པ་ཚིག་གི་
དོན་བཅུ་དྲུག་རྣམས་གཏན་ལ་ཕབ་པ་ཡོངས་སུ་ཤེས་པས་གདོན་མི་ཟ་བར་གནས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གང་དག་དེ་སྐད་སྨྲ་བ་དེ་དག་ལ་ཡང་ཚད་མ་དང་། གཞལ་བྱ་མ་གཏོགས་པར་ཚིག་གི་དོན་མེད་པའི་ཕྱིར་རོ། །དོགས་པ་དང་། དགོས་པ་དང་། གྲུབ་པའི་
མཐའ་དང་། དཔེ་དང་། ཡན་ལག་དང་། རྟོག་གེ་དང་། ངེས་པ་དང་། རྩོད་པ་དང་། ཟུག་ཟུག་ཏུ་སྨྲ་བ་དང་། ཐོ་བཙམས་པ་དང་། རྒྱུར་སྣང་བ་དང་། ཀླན་ཀ་དང་། རིགས་འདྲ་བ་དང་། ཚར་གཅད་པའི་གནས་རྣམས་ཀྱང་ཤེས་པ་དང་། ཤེས་པར་བྱ་བ་མ་གཏོགས་
པ་མེད་པའི་ཕྱིར་རོ། །ཤེས་པ་མ་གཏོགས་པར་ཤེས་པར་བྱ་བ་མི་སྲིད་ཅེས་བྱ་སྟེ། རབ་རིབ་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་འཁྲུལ་པའི་མཐུས་ཉི་ཤུ་ལྔ་ལ་སོགས་པ་སྨྲ་བ་ཐམས་ཅད་ཀྱིས་གཉིས་ཀྱི་རྣམ་པ་སྣང་བ་ནི་བདག་དང་
Vol. 121 · folio 17b
བདག་གིར་མངོན་པར་ཆགས་པའོ། །རྟག་པ་ནི་མ་སྐྱེས་པས་རི་བོང་གི་རྭ་བཞིན་དུ་དངོས་པོར་མེད་དོ། །མི་གཉིས་པར་སྨྲ་བ་རྣམས་ལ་ཕྱིའི་དངོས་པོ་མེད་དུ་ཟིན་ཀྱང་འོན་ཀྱང་དེ་དག་ལ་གཅིག་པུར་བདག་དང་ཚངས་པ་དང་། དབང་པོ་ལ་སོགས་པ་མ་གཏོགས་པར་དངོས་པོ་གཞན་
མེད་པས་ན་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །བདེ་བར་གཤེགས་པ་དཔེ་མི་གཉིས་པར་སྨྲ་བ་རྣམས་ཀྱིས་ཕྱིའི་དོན་མེད་ཀྱང་སྐད་ཅིག་པའི་ཆུད་པའི་རྒྱུད་འབྱེད་པས་མར་མེ་ཐ་དད་པ་བཞིན་དུ་བདག་དང་གཞན་གྱི་རྒྱུད་
ཀྱི་དབང་གིས་མཉམ་པར་མི་འཛིན་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུས་སེམས་ཅན་མང་པོ་རྣམས་ལ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ཐ་དད་པར་སྣང་ངོ་། །ཤེས་རབ་ཀྱིས་དཔྱད་དེ་གང་གི་ཚེ་ཤེས་པར་བྱ་བ་སྦོམ་པ་དང་། ཕྲ་བ་ཡན་ལག་དུ་མ་རྣམ་པར་ཕྱེ་སྟེ་སྟོང་
པར་མཐོང་བ་དེའི་ཚེ། བདག་ཉིད་མི་གཉིས་པའི་ཆུད་པ་ཡིན་པས་འཁོར་བ་དང་མྱ་ངན་ལས་འདས་པ་སྡུག་བསྔལ་བ་དང་སྡུག་བསྔལ་མེད་པར་འབྱེད་པར་མུ་སྟེགས་ཅན་གྱི་ཀུན་ཏུ་རྟོག་པ་ལྟར་མ་ཡིན་ནོ། །ཇི་ལྟར་དབུ་མ་ལས་གསུངས་པ། །མྱ་ངན་འདས་པར་རྣམ་རྟོག་
མེད། །འཁོར་བ་བསལ་བར་བྱ་བ་མིན། །གང་ན་འཁོར་བའང་མྱ་ངན་འདས། །དེ་ནི་ཅི་ཞིག་རྣམ་པར་རྟོག །ལེན་མེད་པ་ནི་མྱ་ངན་འདས། །མྱ་ངན་འདས་ཀྱང་ང་ཡིར་འགྱུར། །གང་དག་འཛིན་པ་དེ་དག་ལེན། །དེ་ནི་ལེགས་མིན་འཛིན་པའོ། །མྱ་ངན་འདས་པའི་མཐའ་
གང་ཡིན། །འཁོར་བའི་མཐའ་ཡང་གང་ཡིན་པ། །དེ་དག་གཉིས་ཀྱི་བར་ན་ཡང་། །ཆུང་ཟད་ཕྲ་བ་ཡོད་མ་ཡིན། །ཤེས་རབ་ཀྱིས་དཔྱད་ནས་མཐོང་བ་ཡང་མི་མཐོང་སྟེ། མཁས་པ་ཡང་དག་པར་གྲོལ་བ་རྣམས་ནི་གཞན་གྱི་དོན་དུ་གཟུགས་བརྙན་དང་དྲི་ཟའི་གྲོང་ཁྱེར་
ལ་སོགས་པ་བཞིན་དུ་འཁོར་བར་སྤྱོད་དོ། །ཉན་ཐོས་དང་མུ་སྟེགས་ཅན་རྣམས་མ་གཏོགས་པར་ཐེག་པ་ཆེན་པོར་སྣང་བའི་ཚུལ་བཞིན་དུ་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་བསྩལ་ཏེ། མཐའ་གཉིས་དཔྱད་པ་དོན་དམ་པའི་བདེན་པ་མི་གཉིས་པར་
Vol. 121 · folio 18a
རྟོགས་པ་ནི་འཁོར་བའི་སྡུག་བསྔལ་ཟད་པ་ཡིན་ནོ་ཞེས་འབོད་འགྲོགས་ལ་ཆོས་བཤད་དོ། །དེ་བཞིན་གཤེགས་པ་མཐོང་བ་ལས་ཞེས་བྱ་བ་ནི་བློས་རྟོགས་པ་མཐོང་བ་དེ་ཉིད་ལས། དེ་བཞིན་གཤེགས་པ་མཐོང་བ་ཡིན་ཞེས་དེ་ལྟར་དགོངས་པར་བརྟག་གོ། །བདག་
གི་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་ཅན་རྣམས་ཀྱི་གཙོ་བོ་ཐམས་ཅད་མཁྱེན་པ་ལ་གསོལ་བར་བྱའོ་ཞེས་འབོད་འགྲོགས་ཀྱིས་བསམ་པའོ། །དེ་ལ་རྣལ་འབྱོར་མངའ་བས་ན་རྣལ་འབྱོར་ཅན་ནོ། །ཐོས་པ་དང་། སེམས་པ་དང་། བསྒོམ་པ་ཤིན་ཏུ་སྐྱེས་པས་རྣལ་འབྱོར་གྱི་དབང་
པོ་ཡིན་ནོ། །རྣལ་འབྱོར་ལ་མངའ་མཛད་པ་ནི་རྣལ་འབྱོར་རྣམས་དེའི་དབང་དུ་འགྱུར་བའི་ཕྱིར་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པ་ལས་གང་གིས་ཐམས་ཅད་མཁྱེན་པར་འགྱུར་བ་ཡིན་ནོ། །ཐོས་པ་དང་། སེམས་པའི་ཤེས་རབ་ཀྱིས་དཔྱོད་
པས་ཐོག་མར་སྣང་བ་དང་བཅས་པའི་རྣལ་འབྱོར་རྣམས་སུ་འགྱུར་རོ། །གང་གི་ཚེ་ཤེས་རབ་ཀྱིས་བཤིག་ཅིང་སྦོམ་པ་དང་ཕྲ་བ་མི་དམིགས་པ་དེའི་ཚེ་བར་དུ་སྣང་བ་མེད་པའི་རྣལ་འབྱོར་དུ་རྣམ་པར་གཞག་པར་འགྱུར་རོ། །གང་གི་ཚེ་སྙིང་རྗེའི་བག་ཆགས་ཀྱིས་གླེང་སྟེ་གཞན་གྱི་དོན་
བྱེད་པ་དེའི་ཚེ། ཐ་མར་ཐམས་ཅད་མཁྱེན་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་དབང་པོར་གྱུར་ཏེ། སེམས་ཅན་རྣམས་ཇི་ལྟར་འདུལ་བར་འགྱུར་བ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་
འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་གཟུགས་རྣམས་ཀྱིས་དེ་ལྟར་ཆོས་སྟོན་པར་མཛད་དོ། །བདེ་བར་གཤེགས་པ་ལ་སེམས་ཅན་རྣམས་ཀྱིས་ཀྱང་ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པའི་གཟུགས་སུ་ཤེས་ཏེ། ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ་སྟེ། དེ་
ནས་བཅོམ་ལྡན་འདས་རྣལ་འབྱོར་ཐམས་ཅད་ལ་མངའ་མཛད་པ་ཡིན་ནོ། །མུ་སྟེགས་ཅན་གྱི་རྣལ་འབྱོར་རྣམ་པར་བཟློག་པའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བར་བྱའོ་ཞེས་འབོད་འགྲོགས་ཀྱིས་བསམ་པའི་དོན་ཏེ། ཐམས་ཅད་མཁྱེན་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་
Vol. 121 · folio 18b
ལས་འདས་པའི་རྣལ་འབྱོར་གྱི་རྗེས་སུ་སྙོམས་པར་འཇུག་གོ་ཞེས་ཏེ་ཇི་ལྟར་འདི་ཉིད་དུ་གསུངས་པ། བཅོམ་ལྡན་འདས་ནི་དབང་ཕྱུག་ཆེན་པོ་མཆོག་གི་རྣལ་འབྱོར་ལ་སྙོམས་པར་འཇུག་གོ་ཞེས་ཏེ། སྲིད་པ་གསུམ་པོ་ཁ་ཅིག་སྤྲུལ་ཁ་ཅིག་སྔ་ནས་སྤྲུལ་པ་སྟེ། དེ་ནི་ཐེག་པ་རྣམ་
སྟོན་པ། །དེ་ནི་ང་ཡི་རང་བཞིན་ས། །དབང་ཕྱུག་ཆེན་པོ་གནས་ཀྱི་མཆོག །འོག་མིན་ཤིན་ཏུ་རྣམ་པར་མཛེས། །ཞེས་བྱ་བ་ལ་སོགས་པའོ། །ཁམས་གསུམ་རྣམ་པར་སྤྲུལ་པ་གང་། །དེ་ཡི་འོད་ཟེར་རབ་ཏུ་འབྱུང་། །ཞེས་པའོ། །དེ་དེ་ལྟར་མ་ལུས་པའི་རྣལ་འབྱོར་གྱི་དབང་
པོ་ཐམས་ཅད་མཁྱེན་པའི་སྐུ་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱི་ཆོ་འཕྲུལ་གྱིས་སེམས་ཅན་གྱི་ཚོགས་མགུ་བར་མཛད་པའོ། །སོ་སོ་རང་གི་རིག་པ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་སྟོན་པའོ། །འཕྲུལ་པས་སྤྲུལ་པ་དང་བྲལ་ཞེས་བྱ་བ་ནི་འཕྲུལ་པ་སྤྲུལ་པ་
ཞེས་བྱའོ། །ཉོན་མོངས་པའི་ཤིང་ཟད་པར་བྱེད་ཅེས་བྱ་བ་ལ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། ཡུལ་མ་ངེས་པའི་ཤེས་པ་ལ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་ཕྱིན་ཅི་ལོག་རྣམས་བགེགས་བྱེད་དོ། །དེས་ན་མི་རྟག་པ་དང་། བདག་
མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་བསྒོམས་པས་བཟློག་པར་འགྱུར་རོ། །ཇི་ལྟར་གསུངས་པ་གང་གི་ཚེ་གཡོགས་མ་མེད་པ་ལྟ་བུའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་པར་བྱ་བ་ཐམས་ཅད་ལ་རབ་ཏུ་འཇུག་གོ་ཞེས་སོ། །རྒྱལ་བའི་སྲས་ཀྱིས་
ཡོངས་སུ་བསྐོར། །ཞེས་བྱ་བ་ནི་སྣོད་ཆུང་ངུའི་ཆུའི་ནང་དུ་གྲོང་དང་། ཀུན་དགའ་ར་བ་དང་། གཞལ་མེད་ཁང་དང་། སྐར་མ་མང་པོ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་ཕན་ཚུན་དུ་ཐོགས་པ་མེད་པར་སྣང་བ་བཞིན་དུ་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱང་ཉག་མའི་རྩེ་མོར་
སྣང་བར་འགྱུར་རོ། །དོན་དམ་པར་ན་སེམས་ཅན་ཉིད་མ་རིག་པས་གློངས་ཏེ་རྣམ་པ་གཉིས་སུ་འབྱུང་ངོ་། །ཤེས་རབ་ཀྱི་སྣང་བ་མེད་པར་འགྱུར་ཏེ། དེ་བས་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཤེས་པས་ཐམས་ཅད་མཁྱེན་པ་ཡིན་ཏེ་
Vol. 121 · folio 19a
དེའི་ཕྱིར་དེ་ལྟར་རྣལ་འབྱོར་ལ་དབང་མཛད་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་ཅིང་བཞུགས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དངོས་པོ་དང་དངོས་པོ་མ་ཡིན་པར་ལོག་པར་རྟོག་
པ་སྤང་བའི་ཕྱིར་རོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོ་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་ཤེས་བཟློག་པ་ན། །ང་ནི་མྱ་ངན་འདས་པའོ། །ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་
པར་ཤེས་མི་བྱ། །ཡོད་པར་ཡང་ནི་མི་རྟག་གོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པོ་དང་དངོས་པོ་མ་ཡིན་པ་མཉམ་པ་ཉིད་ཀྱིས་མངོན་པར་རྟོགས་པར་འགྱུར་རོ་ཞེས་པའོ། །ཐུགས་རྗེ་ཅན་དང་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་ཁྱབ་པ་ཞེས་བྱ་བ་
ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྒྱ་ཆེར་སྨྲས་པ་ཡིན་ནོ། །ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་ནི་ཡང་དག་པའི་ཡོན་ཏན་ཚད་མར་གྱུར་པས་ཡང་དག་པར་བསྟོད་པ་སྟེ། ཡེ་ཤེས་ལ་གཟུགས་མེད་པས་ན་ཡུལ་རྣམ་པར་ཆད་པ་མེད་དེ། གཟུགས་ཅན་མ་ཡིན་པའི་
ཆོས་རྣམས་ནི་ཕྱོགས་སུ་མི་གནས་ཞེས་བྱའོ། །དེ་བས་ན། ཐམས་ཅད་རྣམ་རྟོག་མེད་ཅིང་སྣང་བ་མེད། །འཕྲོས་པ་རྣམས་ཀྱིས་མ་འཕྲོས་པ། །འདི་ནི་འཇིག་རྟེན་མགོན་པོ་དག །སངས་རྒྱས་བསྟན་པ་བདུད་རྩིའོ། །སྟོང་པ་ཞེས་པར་སྨྲ་མི་བྱ། །མི་སྟོང་པར་ཡང་མ་
ཡིན་ཏེ། །གཉིས་ཀ་མི་གཉིས་མ་ཡིན་པ། །ཞི་ལ་བཞི་པོ་ག་ལ་ཞིག །མུ་སྟེགས་ཅན་ནི་རྟག་པ་དང་། ཉན་ཐོས་ནི་མི་རྟག་པ་དང་། ཐེག་པ་ཆེན་པོའི་ཚུལ་ནི་རྟོགས་རྒྱུན་རྟག་པ་དང་། ཆད་པ་དང་བྲལ་བས་ཉོན་མོངས་པ་ཟད་པའི་ཐར་པའོ། །བྱེད་པ་དང་མཚན་ཉིད་རྣམ་
པར་ལོག་པ་ཞེས་བྱ་བ་ནི་གང་ན་བྱེད་པའམ་མཚན་ཉིད་རྟག་པ་མེད་པའོ། །གཉིས་པ་དང་མི་གཉིས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་ཕྱི་རོལ་དང་བདག་ཏུ་ལྟ་བས་སྐྱོན་ཅན་དུ་བྱས་པས་སྤངས་ཏེ། དོན་དམ་པའི་བདེན་པ་དང་དངོས་པོ་དང་དངོས་པོ་མ་ཡིན་པར་མི་རྟོག་པ། མི་
Vol. 121 · folio 19b
གཉིས་པ་རྟོགས་པ། བྱེད་པའི་མཚན་ཉིད་དང་བྲལ་བ། བདེ་བར་གཤེགས་པའི་རྣལ་འབྱོར་སངས་རྒྱས་ཀྱིས་འཐོབ་པར་བྱེད་པ་ཤེས་པར་འདོད་དོ། །དེ་ལ་ཡང་མུ་སྟེགས་ཅན་རྣམས་ཀྱི་བྱེད་པ་དང་། བྱེད་པ་པོར་མངོན་པར་ཆགས་པས་འཁོར་བར་གདགས་སོ། །འདུ་
བྱེད་སྐད་ཅིག་པར་ཡོངས་སུ་ཤེས་པས་བདག་དང་། བྱེད་པ་པོ་དང་། བྱེད་པ་ལ་མངོན་པར་ཆགས་པར་བཟློག་པས་འཁོར་བའི་སྡུག་བསྔལ་ལྡོག་སྟེ། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་ཆགས་པ་མེད་པར་འགྲོལ་བར་འགྱུར་རོ། །སྐད་ཅིག་པའི་དངོས་པོ་ནི་
འཇིག་པ་དང་ཐ་དད་པ་མ་ཡིན་ཏེ། དེ་བྱེད་པ་པོར་གཞག་ཏུ་ནི་སྐད་ཅིག་པ་གཞན་དུ་གནས་ཤིང་བྱེད་པ་མེད་པས་སོ། །ཇི་ལྟར་འཕགས་པའི་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་ཀློག་པ། འདུ་བྱེད་རྣམས་ནི་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །
བྱེད་པ་པོར་ཡང་དེ་ཉིད་བརྗོད། །དེ་དེ་ལྟར་ན་བྱེད་པ་པོ་དང་བྱེད་པ་མངོན་པར་འབྲེལ་པ་དངོས་པོར་གྱུར་པ་མི་རུང་། བྱེད་པ་པོ་ལས་ཐ་དད་བྱེད་པའི་བྱེད་པ་མེད། དེ་དང་བྲལ་བའི་བྱེད་པ་པོ་ཡང་བསྔོ་བར་མི་བྱའོ། །དེ་བས་ན་བྷ་དྲ་ཧ་རིས་བྱེད་པ་བསྟན་པ་ལས་སྨྲས་པ། གྲུབ་དང་
མ་གྲུབ་ཇི་སྙེད་པ། །བསྒྲུབ་པའི་ཕྱིར་ནི་བསྟན་པར་བྱ། །རྟེན་པའི་རིམ་གྱི་རང་བཞིན་ཕྱིར། །དེ་ནི་བྱེད་པར་བརྗོད་པའོ། །ཞེས་པ་སྟེ། བྱེད་པ་དཔྱད་ཟིན་ཏོ། །ད་ནི་མཚན་ཉིད་དཔྱད་པར་བརྩམ་སྟེ། ཇི་ལྟར་དབུ་མ་ལས་འབྱུང་བ། །མཚོན་བྱ་མཚན་ཉིད་གལ་ཏེ་
གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ནའང་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །ཅེས་པའོ། །མཚན་ཉིད་ལའང་མཚན་ཉིད་གཞན་དགོས་པར་འགྱུར་རོ། །བདག་ཉིད་མ་གྲུབ་པས་གཞན་གྱི་མཚན་ཉིད་དུ་ཇི་ལྟར་ན་འགྱུར། བྱེད་
པ་དང་མཚན་གྱི་ཐ་སྙད་ཀྱང་རྣམ་པ་གཉིས་ཀྱི་ཤེས་པ་ལས་འབྱུང་གི །གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་རང་གིས་རིག་ཅིང་རྣམ་པར་མི་རྟོག་པ་སྣང་བ་མེད་པ་ལ་ནི་མ་ཡིན་ཏེ། ཇི་ལྟར་རྡོ་རྗེ་གཅོད་པ་ལས་གསུངས་པ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་
Vol. 121 · folio 20a
ཙམ་དུ་བརྫུན་ནོ། །ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ནོ་ཞེས་པ་སྟེ། དེ་བས་ན་བྱེད་པ་དང་། བྱེད་པ་པོ་དང་། མཚན་མར་བྱ་བ་དང་། མངོན་པར་རྗོད་པ་དང་། མངོན་པར་བརྗོད་པར་བྱ་བ་དང་། ཆོས་དང་། ཆོས་ཅན་དུ་
རྣམ་པར་རྟོག་པར་འཕྲོས་པ་ནི་ཐ་སྙད་དུ་བྱ་བ་ཡིན་གྱིས། དོན་དམ་པར་བྱ་བ་ནི་མ་ཡིན་ནོ། །ཇི་ལྟར་དབུ་མ་ལས་བྱུང་བ། འཕྲོས་ལས་འདས་པ་མི་གཉིས་པ། །གང་དག་སངས་རྒྱས་འཕྲོས་པར་བྱེད། །དེ་དག་འཕྲོས་ཉམས་གླེན་པ་རྣམས། །དེ་བཞིན་གཤེགས་པ་མི་
མཐོང་ངོ་། །ཞེས་པའོ། །གཞན་གྱི་དབང་འཛིན་པ་དང་། གཟུང་བའི་རང་བཞིན་གཉིས་ཀྱིས་སྟོང་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་དབུ་མའི་རྣལ་འབྱོར་མུ་སྟེགས་པ་དང་ཉན་ཐོས་ཀྱི་རྣལ་འབྱོར་དང་བྲལ་བ་གང་གིས་ཡེ་ཤེས་ཀྱི་ཁྱད་པར་རྟོགས་
པར་བྱ་བའི་ཕྱིར་བླ་མའི་རྟོགས་པ་ཆུད་པར་བྱ་བར་གསོལ་ལོ་སྙམ་པ་ནི། ཇི་ལྟར་དབུ་མ་ལས་བྱུང་བ། སུ་དག་དངོས་པོ་ཡོད་མཐོང་དང་། །མེད་པར་མཐོང་བ་བློ་ཆུང་རྣམས། །ལྟ་བ་ཉེར་ཞི་ཞི་བ་ནི། །དེ་དག་རྣམས་ཀྱིས་མི་མཐོང་ངོ་། །ཞེས་པ་སྟེ། དེ་དོན་དམ་པ་ཚུལ་ལ་
ཡོངས་སུ་དྲི་བར་འབོད་འགྲོགས་ཀྱིས་ནན་ཏན་བསྐྱེད་པ་ནི། རྣམ་པར་མི་རྟོག་པ་ལ་དཔྱོད་པ་བདེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་གནས་པ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ས་ཐོབ་པར་བྱེད་པ་བདག་གིས་ཆུད་པ་ཡང་འཕེལ་བར་འགྱུར་རོ་སྙམ་མོ་ཞེས་པ་སྟེ། འཕྲོས་
པ་ལས་འདས་པ་དངོས་པོ་དང་། དངོས་པོ་མ་ཡིན་པ་རྣམ་པར་མི་རྟོག་པ་དོན་དམ་པའི་བདེན་པ་མི་གཉིས་པའི་རྟོགས་པ་སངས་རྒྱས་ཀྱིས་ཐོབ་པར་བྱེད་པས་མཆོག་ཏུ་འཕགས་པའི་རྣལ་འབྱོར་དེ་འདི་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་འབོད་འགྲོགས་ཀྱིས་ཉན་ཅིང་
ཤེས་པར་འདོད་པའོ། །མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པར་ཐུགས་སུ་ཆུད་ནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་དུ་ངེས་ཤིང་གང་འཛིན་པ་དང་། གཟུང་བའི་ངོ་བོ་གཉིས་ཀྱི་རྣམ་པར་སྣང་བ་ཐམས་ཅད་རབ་རིབ་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་
Vol. 121 · folio 20b
འཕྲུལ་ལ་སོགས་པ་བཞིན་དུ་དེ་དག་མ་སྐྱེས་པ་ཉིད་དོ། །གཟུགས་མེད་པར་ཡང་སྣང་བའི་ཆོས་ཉིད་ཀྱིས་བློ་ཕྱིའི་དོན་ལྟ་བུར་སྐྱེས་པ་ཡིན་ཏེ། སྦོམ་པོ་དང་ཕྲ་མོ་རྣམ་པར་དབྱེ་བ་ན་སྟོང་པ་ཡིན་པར་ཤེས་ནས་ཆོས་མི་སྐྱེ་བར་བཟོད་པར་འགྱུར་རོ། །རང་བཞིན་མེད་པ་རྣམ་པ་གསུམ་སྟེ།
ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ་མཚན་ཉིད་ཀྱི་རང་བཞིན་མེད་པ་དང་། སྐྱེ་བའི་རང་བཞིན་མེད་པ་དང་། དོན་དམ་པའི་རང་བཞིན་མེད་པའོ་ཞེས་བྱའོ། །ཕྱིའི་དོན་དངོས་པོ་ལ་སོགས་པའི་མཚན་ཉིད་རྟག་པ་དང་མི་རྟག་པ་ཇི་ལྟར་བརྟགས་པ་དེ་ལྟར་མེད་
པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །སྐྱེ་བའི་རང་བཞིན་མེད་པ་ནི་གཉིས་ཀྱི་རྣམ་པའི་ཤེས་པ་མ་སྐྱེས་པ་སྟེ། རབ་རིབ་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་གཟུགས་བཞིན་ནོ། །དོན་དམ་པའི་ཡེ་ཤེས་ཡོངས་སུ་གྲུབ་པ་ལ་
ཡང་གཉིས་ཀྱི་རྣམ་པའི་རང་བཞིན་མེད་དོ། །དེ་དེ་ལྟར་ཆོས་ལ་རྣམ་པ་གཉིས་མེད་པའི་ཚུལ་གྱིས་ཆོས་དང་གང་ཟག་ལ་བདག་མེད་པའི་ཡོངས་སུ་ཤེས་པས་འབོད་འགྲོགས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པོ། །བདག་མེད་པ་གཉིས་ཀྱང་བྱེད་པ་དང་བྱེད་པ་པོ་མངོན་
པར་འབྲེལ་པ་མེད་པ་དང་། འཛིན་པ་དང་གཟུང་བ་དངོས་པོ་གཉིས་ཀྱི་རྣམ་པར་སྐྱེ་བར་མི་རུང་སྟེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་འབྱུང་བ་དེའི་ཚེ་ན་གཉིས་པ་མེད་དེ། འདས་པ་དང་། མ་འོངས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཁྱོད་རྣམ་པར་རྟོག་པའི་གནས་ཤིན་
ཏུ་གྱུར་ནས་ཞེས་བྱ་བ་ལ་སོགས་པ་ལ་གནས་གྱུར་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ། །ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་མེད་པའི་མི་ཤེས་པ་དང་འཇུངས་པ་ལ་སོགས་པའི་ཉེས་པའོ། །རབ་ཏུ་འབྱེད་པའི་བློ་ཞེས་བྱ་བ་ནི་ཤེས་རབ་པོ། །སོ་སོ་རང་གི་རིག་པའི་
ཚུལ་གྱི་མཚན་ཉིད་ནི་མི་གཉིས་པའོ། །ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ནི་རྫོགས་ལོངས་སྤྱོད་པའི་སྐུ་རྣམས་ཀྱིས་སོ། །ཞི་བ་ནི་ཉོན་མོངས་པ་ཞི་བར་བྱེད་པའོ། །ཉེས་པ་ལས་འདས་པ་ནི་ཉེས་པ་དང་བྲལ་བ་སྟེ། གསུམ་འབྲེལ་པ་ལས་དབེན་པ་ཞེས་བྱ་
Vol. 121 · folio 21a
སྟེ། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་པར་འགྱུར་བ་འབའ་ཞིག་སྟེ། སྣང་བ་དང་བཅས་པ་ལ་གཉིས་ཀྱི་རྣམ་པར་ལས་དང་འབྲས་བུར་འབྲེལ་བར་སྣང་ངོ་། །སྣང་བ་མེད་པ་ལ་ནི་གཉིས་ཀྱི་རྣམ་པར་སྣང་བའང་མེད་དོ། །འདས་པ་དང་། མ་འོངས་
པ་དང་། ད་ལྟར་གྱིར་འབྱེད་པར་སྣང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོར་འགྱུར་བ་བདག་ཉིད་ལ་བྱེད་པ་མེད་པས་སོ། །ཡང་དག་པར་རིག་པ་ཙམ་ཞིག་ཡིན་མོད་ཀྱི། འོན་ཀྱང་དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་
མེད་དོ། །དེ་སྐྱེ་བ་ལ་སོགས་པའི་ཆོས་གཞན་མེད་པས་ན་བདག་མེད་པ་གཉིས་ལ་ཡང་རྣམ་པར་རྟོག་པ་རྣམས་སོ་སོར་མི་སྣང་སྟེ། ཇི་ལྟར་དབུ་མ་ལས་བྱུང་བ། གལ་ཏེ་སྐྱེ་བ་འདུས་བྱས་ན། །མཚན་ཉིད་གསུམ་ལྡན་དེར་རིགས་ཏེ། །འོན་ཏེ་སྐྱེ་བ་འདུས་བྱས་མིན། །འདུས་
བྱས་མཚན་ཉིད་ཇི་ལྟར་རུང་། །སྐྱེ་བ་སྐྱེ་བ་ཇི་བཞིན་པའི། །བདག་ཉིད་གཞན་གྱི་མ་ཡིན་ཏེ། །འགོག་པ་ལ་ནི་འགོག་པ་ཡང་། །བདག་ཉིད་གཞན་གྱི་མ་ཡིན་པའོ། །ཞེས་པ་ནས། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་མི་འབྱུང་བ་སྟེ། བྱེད་པ་དང་བྱེད་པ་པོར་འབྲེལ་ནས་སྐྱེ་བར་མི་
རུང་བའི་ཕྱིར་རོ། །གཉིས་ཀྱི་རྣམ་པའི་སྐད་ཅིག་པ་རྣམས་ལ། སྐྱེ་བའི་རང་བཞིན་མེད་པ་ཡིན་ཏེ། དེས་ན་བཅོམ་ལྡན་འདས་ཀྱིས་འབོད་འགྲོགས་ཀྱིས་བདག་མེད་པ་གཉིས་ལ་ཡང་སྐྱེ་བ་མེད་པར་བཟོད་པ་ཐུགས་སུ་ཆུད་ནས་ཆོ་འཕྲུལ་གྱིས་མགུ་བར་མཛད་དོ། །འཕྲུལ་པས་
སྤྲུལ་པ་རྣམས་ཀྱིས་བསྟན་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་སུ་མོས་པ་རྣམས་ལ་བསམ་པ་ཆུད་པར་མཛད་པའི་གནས་ཀྱི་དཀྱིལ་འཁོར་རོ། །ངོ་བོ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་མ་གསུངས་སོ་ཞེས་བྱ་བ་ནི་རྒོལ་བ་དང་ལན་གདབ་པར་མི་གསུངས་སོ། །ཐམས་ཅད་མཁྱེན་པས་
འབོད་འགྲོགས་མགུ་བར་བྱས་པ་དང་། ཕྱག་འཚལ་ཞིང་གསོལ་བ་ལ་སོགས་པ་ནི་སྔོན་གྱི་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་གཉིས་ཞུས་པའི་ལན་བཤད་པའི་ཚུལ་བཞིན་དུ་བླན་ན། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་དང་ཆོས་མ་ཡིན་པ་རྣམ་པར་རྟོག་པ་རྣམ་
Vol. 121 · folio 21b
པ་གཉིས་སུ་ཇི་ལྟར་འབྱེད་པ་བཀའ་སྩལ་དུ་གསོལ། འབོད་འགྲོགས་ཀྱིས་ཅི་བསམ་ཞེ་ན། དོན་དམ་པའི་བདེན་པ་གཉིས་སུ་མེད་པར་རྣམ་པར་རིག་པར་བྱ་བའི་ཆོས་ཉིད་ལ་ཆོས་དང་། ཆོས་མ་ཡིན་པ་རྣམ་པ་གཉིས་ཀྱིས་རྣམ་པར་རྟོག་པ་རྣམས་མི་སྲིད་ཅེས་སོ། །གཉིས་
ཀྱི་ཆོས་ཉིད་ལ་ཆོས་དང་། ཆོས་མ་ཡིན་པ་གཉིས་ཀྱི་རྣམ་པའི་ཤེས་པར་རྟོགས་པ་ནི་འཕྲུལ་པས་སྤྲུལ་པ་བསྟན་ཏོ། །ས་བཅུར་དབང་བསྐུར་བ་དེར། རྣལ་འབྱོར་གྱི་དབང་པོར་གྱུར་ཏེ། སྣང་བ་བཞིན་དུ་ཆོས་ཀྱི་ཚུལ་རྗེས་སུ་མཐུན་པར་དོན་དམ་པའི་བདེན་པ་མི་གཉིས་པར་
རྟོགས་པ་ལ་བཞུགས་པའི་ངོ་བོ་དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱི་ཚིག་གི་སྤྱོད་ཡུལ་དུ་མ་ལྷུང་བར་ཆོས་སྟོན་པར་མཛད་དོ། །བཅོམ་ལྡན་འདས་ཆོས་ལ་མངའ་མཛད་པ་ཉིད་ཀྱིས་ཆོས་གཉིས་པོ་དེ་ལེགས་པར་བཤད་དུ་གསོལ་ཞེས་བྱ་བ་ལ་ཆོས་ལ་མངའ་མཛད་ཅེས་བྱ་བ་
ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་སྣ་ཚོགས་སུ་ཆོ་འཕྲུལ་མཛད་པས་མགུ་བར་མཛད་པའོ། །འཇིག་རྟེན་པ་ཐམས་ཅད་ཀྱིས་བསམ་པའི་དོགས་པ་ཇི་ལྟར་ལྡོག་པར་འགྱུར་བ་དེ་ལྟར་བཤད་
དུ་གསོལ་ཞེས་སོ། །ཆོས་ཉིད་ཀྱང་སྤོང་བར་བགྱིད་ན་ཆོས་མ་མཆིས་པ་ལྟ་ཅི་སྨོས། ཆོས་གཉིས་པ་དེ་ཇི་ལྟར་སྤང་བར་འགྱུར། ཆོས་སམ་ཆོས་མ་མཆིས་པ་གང་ལགས། གཉིས་སྤང་བའི་ཆོས་ཅན་རྣམ་པར་རྟོག་པའི་མཚན་ཉིད་དུ་ལྷུང་བ་རྣམས་ལ་ཇི་ལྟར་ན་
མཆིས་ཞེས་བྱ་བ་ནི་དོན་དམ་པ་མི་གཉིས་པའི་རྟོགས་པ་ལ་ཆོས་དང་ཆོས་མ་ཡིན་པར་རྣམ་པར་རྟོག་པ་གཉིས་མི་སྣང་བའི་ཕྱིར་རོ། །ཁྱད་པར་དུ་སྣང་བ་མེད་ན་ཡང་ཇི་ལྟར་ན་ཆོས་དང་ཆོས་མ་ཡིན་པར་འབྱེད་པ་ཡོད། དེ་དག་ཡོད་པ་ཉིད་དེ་འབྲས་བུར་འབྲེལ་བར་བྱེད་པ་
ངེས་པའི་ཕྱིར་རོ། །དེ་དག་དོན་དམ་པར་ཡོད་པ་མ་ཡིན་པར་ཇི་ལྟར་ཡིད་ཆེས་པར་བྱ་ཞེས་འདྲི་བ་ལ། འབོད་འགྲོགས་ཀྱིས་རིགས་པ་གཞན་སྨྲས་པ། འབྱུང་བ་ལས་གྱུར་པ་མ་ལགས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ལས་གྱུར་པ་མ་ཡིན་པའི་དངོས་
Vol. 121 · folio 22a
པོ་དང་། དངོས་པོ་མ་ཡིན་པ་སྟེ། ཡིན་པའི་སྒྲ་བསྣན་པར་བྱའོ། །གང་དག་ཡང་དོན་དམ་པའི་དངོས་པོར་མི་འགྱུར་བ་ཡང་དག་པར་ཕྱི་རོལ་གྱི་དོན་མེད་པས་ན་ཡང་དག་པ་ལས་མ་གྱུར་པའོ། །དེ་དག་ཀྱང་སྤྱིའི་རྣམ་པར་སྒྲོ་བཏགས་པ་རྣམ་པར་རྟོག་པར་
འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་མ་རིག་པས་ཁྱད་པར་གྱི་མཚན་ཉིད་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མི་ཤེས་པ་སྟེ། མཉམ་པར་མི་འདུ་བའི་མ་རིག་པས་འཁྲུག་པས་
སྒྲ་དང་དོན་དུ་གཉིས་ཀྱི་རྣམ་པའི་ཐ་སྙད་འབྱུང་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ། །བག་ཆགས་བསགས་པ་དང་རྣམ་པར་སྨིན་པའི་རིམ་པར་དབྱེ་བ་འབྱེད་པ་ན་རྨི་ལམ་དང་། མིག་འཕྲུལ་པ་ལ་སོགས་པ་བཞིན་ནོ། །ཆོས་དང་ཆོས་མེད་པ་གཉིས་ཀྱི་རྣམ་པ་ཡང་ཇི་ལྟར་ཡོད་
ཅེ་ན། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །རྨི་ལམ་གྱི་དུས་ན་གཟུགས་ལ་སོགས་པ་ཡུལ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་རང་གི་རིག་པ་དེ་རྣམས་
ཀྱང་མེད་དེ། ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ཡོད་དེ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་ནང་གློངས་པས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་། །སྐྲ་ཤད་འཛིངས་པ་ཆུ་དང་ཞེང་དུ་སྣང་བའི་ཁྱད་པར་དུ་འབྱེད་
པ་བཞིན་དེར་རྣམ་པ་གཉིས་སུ་ཇི་ལྟར་འབྱེད་ཅེས་འབོད་འགྲོགས་ཀྱིས་གསོལ་པའོ། །རིང་དུ་མི་གནས་པ་དང་། སྐད་ཅིག་མར་འཇིག་པའོ། །རྟག་པ་ཡང་ཡོད་པ་མ་ཡིན་ཏེ། མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །དབང་པོའི་ཤེས་པ་མ་དག་པའི་
ཡུལ་ཅན་ཞེས་བྱ་བ་ནི་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་རྣམས་ཀྱིས་ཤེས་པ་རྣམས་ཀྱི་བཞིན་དུ་གཟུགས་ལ་སོགས་པ་ཡུལ་གཟུང་བ་དང་འཛིན་པའི་རྣམ་པར་སྣང་གི །དེ་དག་དོན་དམ་པར་མཆིས་པ་ནི་མ་ལགས་ཞེས་གསོལ་པ་དང་། སྣང་བ་དང་བཅས་པ་དང་།
Vol. 121 · folio 22b
སྣང་བ་མེད་པའི་ཏིང་ངེ་འཛིན་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་ཞུགས་པའི་བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་དུ་བཀའ་སྩལ་པ། ལང་ཀའི་བདག་པོ་འདི་ལྟར་བུམ་པ་ལ་སོགས་པ་འཆག་པའི་རང་བཞིན་འཇིག་
པའི་ཆོས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པའི་བདེན་པ་མི་དམིགས་པར་རྟོགས་པ་ལ་ཆོས་དང་ཆོས་མེད་པ་ལ་སོགས་པ་སོ་སོར་སྣང་བར་འབྱེད་པ་མེད་དུ་ཟིན་ཡང་། འོན་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་པའི་སྤྱོད་ཡུལ་བཞིན་དུ་ཐ་དད་པའི་
བྱེ་བྲག་ཡོད་དོ། །ལས་དང་འབྲས་བུར་འབྲེལ་པ་འདི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་མཐུ་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་གང་གི་ཚེ་གཉིས་ཀྱི་རྣམ་པའི་ཤེས་པ་སོ་སོར་སྣང་བའི་ཚེ་རྣམ་པར་གཞག་གོ། །ཐམས་ཅད་མཁྱེན་པས་ཀྱང་སྣང་བར་འབྱེད་
པ་ཉིད་ཀྱི་ལན་དུ་གསུངས་པ་ནི་དོན་དམ་པར་ཆོས་དང་ཆོས་མེད་པ་དབྱེར་མེད་མོད་ཀྱི། འོན་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་དུ་སོ་སོར་སྣང་བར་འབྱེད་པས་དབྱེ་བ་ཡོད་ན་བྱིས་པའི་རྣམ་པར་རྟོག་པ་ཉེ་བར་བཟུང་སྟེ་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་གི་འབྲས་བུ་དེ་བཞིན་དུ་
འདི་ལ་ཡང་ཅིའི་ཕྱིར་མི་གཟུང་། ཇི་ལྟར་དེ་ཁོ་ན་ཉིད་བསྡུས་པ་ལས་འབྱུང་བ། རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བའི་མངོན་པར་འདུ་བྱེད་པ་རྣམས་ཀྱིས་གང་ཇི་ལྟར་སྦྱོང་བ་བཞིན་དུ་དེ་དེ་ལྟར་ཡང་དག་པར་འགྲུབ་པར་
འགྱུར་རོ་ཞེས་པ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་གོང་མ་གོང་མའི་བསོད་ནམས་ཀྱི་ཚོགས་ཀྱི་མཚན་གྱིས་བརྒྱན་པའི་སྐུ་སོ་སོར་སྣང་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པའི་ཐམས་ཅད་མཁྱེན་པར་འགྱུར་རོ། །སྡིག་པ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་
ཀྱང་ངན་སོང་དུ་སྣང་བ་རྣམས་མཐོང་ཞིང་རྨི་ལམ་ངན་པ་བཞིན་དུ་ཡུན་རིང་པོ་མི་བཟད་པ་ཚ་བའི་འབྲས་བུ་རྣམ་པར་སྨིན་པ་སྟེ། རྒྱུ་དང་འབྲས་བུའི་ངོ་བོ་འདི་ཡང་རྣམ་པར་ཤེས་པར་གྱུར་པ་ཉིད་ཡིན་ཏེ། ཆོས་དང་ཆོས་མེད་པ་སོ་སོར་ངེས་པར་སྨིན་པ་སྣང་ངོ་། །ཕྱིའི་དོན་
Vol. 121 · folio 23a
མེད་པར་ཡང་རྨི་ལམ་དུ་མེས་ཚིག་པ་ལ་སོགས་པ་དང་། ཆུས་འཁྲུ་བ་དང་འཐུང་བ་ལ་སོགས་པ་དགོས་པ་བཞིན་དུ་འཁོར་བ་སྟོང་པ་ལ་ཡང་ཆོས་དང་ཆོས་མེད་པའི་འབྲས་བུ་ངེས་པ་ཡིན་གྱི། འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་མཐོང་བས་ནི་མ་ཡིན་ནོ། །འཕགས་
པའི་ཡེ་ཤེས་ནི་མི་གཉིས་པ་སྟེ། སོ་སོར་སྣང་བ་འབྱེད་པས་ནི་ཕྱེ་བ་མ་ཡིན་པས་དེར་རྒྱུ་དང་འབྲས་བུར་འབྲེལ་པར་འཇུག་པ་ཆོས་དང་ཆོས་མེད་པ་གཉིས་ཀྱི་རྣམ་པར་སྣང་བར་འབྱེད་པ་མེད་དོ། །ཐམས་ཅད་མཁྱེན་པས་རིགས་པའི་ཁྱད་པར་གཞན་ཡང་གསུངས་པ། ལང་ཀའི་བདག་
པོ་བུམ་པ་ལ་སོགས་པ་དངོས་པོའི་མཚན་ཉིད་སྣ་ཚོགས་སུ་ལྷུང་བ་རྣམས་ནི་བྱིས་པ་དག་གི་ཡིན་ཏེ། འཕགས་པ་རྣམས་ཀྱི་མ་ཡིན་པ་ལྟ་ཞོག་ལ། རང་བཞིན་གཅིག་ཅིང་ཞེས་བྱ་བ་ནི་མི་གཉིས་པ་དོན་དམ་པར་རྟོགས་པར་བྱའོ། །འབར་བ་གཅིག་ལས་བྱུང་བའི་རབ་ཏུ་འབར་བ་
ཁྱིམ་དང་། གནས་དང་། སྐྱེད་མོས་ཚལ་དང་། ཁང་པ་ལ་འདུག་པའི་ཤིང་གི་དབང་གིས་འོད་རིང་བ་དང་། ཐུང་བ་དང་། ཆུང་བ་དང་། ཆེ་བའི་ཁྱད་པར་དང་། ཐ་དད་པའི་བྱེ་བྲག་ཏུ་སྣང་བ་ཞེས་བྱ་བ་ནི་མེ་ཙམ་གྱིས་གཟུང་བ་སྤྱིར་ཁྱིམ་ལ་སོགས་པའི་འབར་བ་ལ་ཤིང་གི་དབང་
གིས་ཐུང་ངུ་དང་། རིང་པོ་ལ་སོགས་པའི་ཁྱད་པར་རབ་ཏུ་ཤེས་པར་བྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མི་གཉིས་པའི་ཆོས་ཉིད་ཆུད་པ་ཙམ་ཡོད་མོད་ཀྱི་འོན་ཀྱང་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་དམ་པ་དང་། དམ་པ་མ་ཡིན་པའི་ཆོས་བཤད་པས་བསོད་ནམས་
དང་། སྡིག་པ་མངོན་པར་འདུ་བྱེད་པའི་རྒྱུད་ཐ་དད་པར་འབྱེད་པས་དབྱེ་བ་ན་རྟོགས་པ་ཁྱད་པར་ཅན་དུ་འགྱུར་བ་ནི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ལྟ་བུ་སྟེ། ཇི་ལྟར་དྷརྨ་ཀཱིརྟིས་སྨྲ་བ་འབྱེད་པ་དང་། འབྱེད་པའི་རྒྱུ་ཞེས་བྱ་བ་འདི་ནི་འདི་ལྟ་སྟེ། འགལ་བའི་ཆོས་ལ་གནས་པ་དང་།
ཕྱེད་པར་འབྱེད་པའོ་ཞེས་སོ། །ཆོས་དང་ཆོས་མེད་པ་སོ་སོར་སྣང་བར་འབྱེད་པས་འབྱེད་དོ་ཞེས་བྱ་བ་ཐམས་ཅད་མཁྱེན་པའི་དགོངས་པ་རྗེས་སུ་དཔག་གོ། །ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། གཞན་ལ་གཞན་དུ་འགྲིབ་པ་ཡང་། །དབྱེར་མེད་མིན་ཏེ་གཟུགས་མཐོང་ཕྱིར། །རང་
Vol. 121 · folio 23b
བཞིན་ཐ་དད་མི་མཐོང་བས། །བློས་ནི་ཐ་དད་མི་རྟོགས་སོ། །ཞེས་པ་སྟེ། དེ་བཞིན་དུ་འདི་ལ་ཡང་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡོད་པར་ཅིའི་ཕྱིར་མི་གཟུང་། མེ་ལྕེ་རྒྱུད་གཅིག་ཏུ་གྱུར་པའི་འོད་འཕྲོ་བ་ཐ་དད་པའི་བྱེ་བྲག་ཏུ་མཐོང་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། ལང་
ཀའི་བདག་པོ་ས་བོན་གཅིག་ལས་བྱུང་ཡང་མྱུ་གུ་དང་། ལྗང་བུ་དང་། སོག་མ་དང་། ཚིགས་དང་། ལོ་མ་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུ་དང་། གྲ་མའི་བྱེ་བྲག་ཡོད་པ་དེ་བཞིན་དུ་ཕྱིའི་ཆོས་སྐྱེ་བའི་ཆོས་ཅན་ཐམས་ཅད་ཀྱིའོ། །ནང་གི་རྣམས་ཀྱི་ཡང་མ་
རིག་པ་ལས་རབ་ཏུ་བྱུང་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་གཏོགས་པ་ཐམས་ཅད་ཅེས་བྱ་བ་ལ་ས་བོན་གཅིག་ལས་བྱུང་བ་ནི་ཇི་ལྟར་མྱུ་གུ་དང་། ལྗང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པའི་རིམ་པ་ཐ་དད་པར་དབྱེ་བ་རྐྱེན་གྱི་ཁྱད་པར་
གྱི་དབང་ལས་འབྱེད་པས་འབྱེད་པ་དེ་བཞིན་དུ་རྟོགས་པ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་པས་མཐོ་རིས་དང་། ངན་སོང་སོ་སོར་སྣང་སྟེ། བདེ་འགྲོ་དང་། ངན་འགྲོ་རྣམ་པ་ལྔར་སྣང་བ་ཁམས་གསུམ་དུ་རྣམ་པ་སྣ་ཚོགས་སུ་སྣང་བ་
ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་འབྱེད་པ་རྣམས་མ་རིག་པ་ལས་བྱུང་བ་ནི་སེམས་རྒྱུ་གཅིག་ཉིད་ལས་བྱུང་བ་ཡིན་ཏེ། ཇི་ལྟར་འཕགས་པ་ས་བཅུ་པ་ལས་གསུངས་པ། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་བྱའོ། །ཁམས་
གསུམ་དུ་སྐྱེས་པའི་ཆོས་ཐམས་ཅད་ལ་བདེ་བ་དང་། དབྱིབས་དང་། བརྗོད་པ་མེད་པ་དང་། འགྲོ་བའི་ཁྱད་པར་ཡང་སྣང་ངོ་། །མཚན་ཉིད་གཅིག་པའི་རྣམ་པར་ཤེས་པ་ཡུལ་ལ་མངོན་པར་འཛིན་པར་རབ་ཏུ་འཇུག་པའི་ཁྱད་པར་རབ་དང་། འབྲིང་དང་། ཐ་མའི་བྱེ་བྲག་
དང་། རྣམ་པར་བྱང་བ་དང་། དགེ་བ་དང་། མི་དགེ་བར་ཡང་སྣང་ངོ་ཞེས་བྱ་བ་ལ་ཁམས་གསུམ་དུ་སྐྱེས་པའི་ཆོས་ཐམས་ཅད་ཀྱི་ཁྱད་པར་སྣང་ངོ་། །བདེ་བར་འབྱེད་པ་དང་། དབྱིབས་སུ་འབྱེད་པ་ནི་ཁམས་གཉིས་སུ་སྟེ་འདོད་པའི་བདེ་བ་འདོད་པའི་ཁམས་སོ། །བསམ་
Vol. 121 · folio 24a
གཏན་གྱི་བདེ་བ་ནི་གཟུགས་ཀྱི་ཁམས་སུ་སྟེ། ལུས་ཀྱིའོ། །དེ་བས་ན་ཁམས་གཉིས་ནི་བདེ་བར་འབྱེད་པ་དང་དབྱིབས་ཀྱིས་འབྱེད་པའོ། །བསམ་གཏན་གྱི་བར་དུ་ནི་ཡིད་ཀྱི་ཡང་ངོ་། །རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་དཔྱོད་པ་དང་བཅས་པ་ནི་
བསམ་གཏན་དང་པོའོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་མེད་པ་ནི་བསམ་གཏན་གཉིས་པའོ། །དགའ་བ་དང་བཅས་པ་དང་། དགའ་བ་མེད་པ་ནི་བསམ་གཏན་གསུམ་པ་དང་བཞི་པའོ། །བརྗོད་པ་མེད་པའི་ཁྱད་པར་སྣང་བ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་
པའི་ཁམས་སུ་འབྲེལ་ཏེ། གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་གཉིས་པ་ལ་སོགས་པ་བརྗོད་པ་མེད་པའོ། །གཟུགས་མེད་པའི་ཁམས་སུ་ནི་གང་ན་འདུ་ཤེས་མེད་པ་དེ་ཡང་བརྗོད་པ་མེད་པའོ། །བསམ་གཏན་ཞེས་ཁྱད་པར་རོ། །མཚན་ཉིད་གཅིག་པའི་རྣམ་པར་ཤེས་པ་ནི་རྟོག་
པ་ཙམ་གྱིས་ཡིན་ཏེ། ཁྱད་པར་འདི་ནི་རྐྱེན་གྱི་ཁྱད་པར་ལས་སོ། །རྣལ་འབྱོར་ཅན་རྣལ་འབྱོར་སྒོམ་པ་རྣམས་ཀྱི་རྣལ་འབྱོར་གྱི་ལམ་ལ་ཡང་སོ་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ཁྱད་པར་སྣང་ན་ཞེས་བྱ་བ་ནི་ཆུད་པ་སྐད་ཅིག་པའི་རྒྱུན་རབ་ཏུ་འཇུག་པ་རྣམས་ནི་རང་གི་མཚན་ཉིད་ཐ་དད་
པར་དབྱེར་མེད་ཀྱང་རྣལ་འབྱོར་གོམས་པར་བྱེད་པ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་པ་དང་། མི་གཉིས་པའི་ཏིང་ངེ་འཛིན་ལ་གནས་པ་དེ་དག་ལ་དབྱེ་བ་ཡོད་ན་སོ་སོའི་རྣམ་པར་རྟོག་པ་ལས་བྱུང་བའི་ཆོས་དང་ཆོས་མེད་པའི་ཁྱད་པར་ལྟ་ཅིའི་ཕྱིར་མེད་དེ་ཡོད་དོ་ཞེས་སོ། །
ཆོས་དང་ཆོས་མེད་པའི་ཐ་དད་པའི་བྱེ་བྲག་ནི་གཉིས་ཀྱི་རྣམ་པའི་ཕྱིར་ཏེ། གཟུགས་དང་སྒྲ་ལ་སོགས་པ་སྣང་བཞིན་པར་ཐམས་ཅད་མཁྱེན་པས་དགོངས་ནས་ལངྐའི་བདག་པོ་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡོད་དོ་ཞེས་གསུངས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་རྒྱུའི་
ཁྱད་པར་གསུངས་པ། རྣམ་པར་རྟོག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་སོ། །གང་གི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་རྟོག་པས་ཁོང་དུ་ཆུད་པར་བྱ་བ་འདི་ཡོད་པས་འདིར་འགྱུར་རོ་ཞེས་རྣམ་པར་ཤེས་པའི་རྟོག་པས་རྣམ་པར་གཞག་གོ། །གང་ཡང་རང་གི་མཚན་ཉིད་ཡིན་པ་དེ་
Vol. 121 · folio 24b
ནི་མི་གཉིས་པ་སྟེ། དེར་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ལ་རིག་པ་པོ་དང་། རིག་པར་བྱ་བའི་དངོས་པོར་རྣམ་པར་རྟོག་པའི་སྣང་བར་འབྱེད་པ་མེད་དོ། །དེ་ལ་རང་གི་རིག་པས་བདག་ཉིད་ལ་བྱ་བ་མེད་ལ། བདག་གི་རང་བཞིན་ལ་སེམས་ཀྱང་རྒྱུ་བ་མེད་ན་ཡི་གེ་དང་སྒྲ་ལྟ་ཅི་
སྨོས་ཏེ། དེ་ནི་དོན་དམ་པའི་བདེན་པ་མི་གཉིས་པའི་རྟོག་པ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་ཤེས་པ་རྣམས་ནི་སྐྱེ་བོ་རྣམས་དང་། རྣལ་འབྱོར་ཅན་རྣམས་ལ་ཡང་ཡོད་དོ། །མིག་ལ་སོགས་པའི་ཤེས་པ་ནི་མེ་དང་དུད་པ་ལ་སོགས་པར་སྣང་
བ་གཉིས་ཀྱི་རྣམ་པ་ཅན་དེ་དེ་མ་ཐག་པ་ཙམ་གྱིས་སོ་སོར་སྣང་སྟེ། བཏགས་པ་མངོན་པར་མི་ཤེས་པའི་རྣམ་པར་མི་རྟོག་པ་དེས་ནི་ཐ་སྙད་མེད་དེ། ངེས་པར་ཞུགས་པ་དབང་པོའི་ཤེས་པ་རང་གི་རིག་པ་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་མི་རྟོག་པའོ། །དེ་བས་ན་སྐྱེ་བོ་དང་རྣལ་འབྱོར་
པ་རྣམས་ལ་ཆུད་པ་མང་དུ་འབྱེད་པ་ཡིན་ནོ། །སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་གཉིས་སུ་མེད་མོད་ཀྱི། འོན་ཀྱང་ཆུད་པ་འབྱེད་པ་ལས་ཆོས་དང་ཆོས་མེད་པར་འབྱེད་པར་འགྱུར་རོ། །ཚངས་པ་དང་དབང་པོ་ལ་སོགས་པར་སྨྲ་བ་རྣམས་ཀྱི་ཆུད་པ་ལ་ཁྱད་པར་མེད་པས་ན་ཆོས་དང་ཆོས་
མེད་པ་ཡང་མི་འབྱེད་དེ། གྲོལ་བ་དང་མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །དེ་ལ་མུ་སྟེགས་ཅན་མི་གཉིས་པ་རྣམས་ལ་ནི་འབོད་འགྲོགས་ཀྱིས་རྒོལ་བ་རུང་སྟེ། སངས་རྒྱས་པ་རྣམས་ཀྱི་ཤེས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། རྐྱེན་
གྱི་ཁྱད་པར་གྱི་མཐུ་ལས་ཆོས་དང་ཆོས་མ་ཡིན་པའི་ཁྱད་པར་ཅན་དུ་འགྱུར་རོ། །ལངྐའི་བདག་པོ་དེ་ལ་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པས་རྣམ་པར་བརྟགས་པ་རྒྱུ་ལས་ཡོན་ཏན་དང་།
རྫས་ཀྱི་གཞི་བཙུགས་པ་ནི་ཆོས་རྣམས་ཞེས་བྱའོ། །དེ་དག་ནི་སྤང་བར་བྱ་བ་གཏང་བར་བྱ་བ་སྟེ། མཚན་ཉིད་དུ་སོ་སོར་རྣམ་པར་བརྟག་པར་མི་བྱ་བ་ནི་རང་གི་སེམས་སྣང་བའི་ཆོས་ཉིད་ལ་མེད་པ་ཡིན་ཏེ་ཞེས་བྱ་བས་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་དང་སྤོང་བ་ཡང་ཐམས་ཅད་མཁྱེན་
Vol. 121 · folio 25a
པས་གསུང་ངོ་། །ཇི་ལྟར་མུ་སྟེགས་ཅན་ཁྱད་པར་ཅན་ལ་སོགས་པ་རྟོག་པ་ནི་རྡུལ་ཕྲ་མོའི་རྫས་ལ་ཡན་ལག་ཅན་གནས་ཏེ། དེ་བཞིན་དུ་ཡོན་ཏན་དང་། ལས་དང་། སྤྱི་དང་། འབྲེལ་པ་སྟེ། དེ་དག་ཀྱང་ཆོས་དང་ཆོས་ཅན་དུ་འབྱེད་པར་བརྟགས་པ་ནི་སྤང་བར་བྱའོ། །
དེ་ཇི་ལྟ་ཞེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་པ་མིན། །ཞེས་བྱའོ། །འོ་ན་དེ་ལྟར་མཚན་ཉིད་དུ་བརྟགས་པའི་ཕྱི་རོལ་གྱི་མེད་ན་ཅི་ཞིག་སྣང་ཞེས་གླེངས་པ་དང་། ཐམས་ཅད་མཁྱེན་པས་ལན་དུ་གསུངས་པ། རང་གི་སེམས་སྣང་བའི་ཆོས་རྣམས་ལ་མེད་ཅེས་
སོ། །ཆོས་རྣམས་ནི་རང་གི་སེམས་ལ་སྣང་བ་ཉིད་དེ་རབ་རིབ་ཏུ་སྣང་བ་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་ཆུད་པ་མ་གཏོགས་པར་ཆུད་པར་བྱ་བའི་ཕྱི་རོལ་གྱི་མེད་དོ། །དེ་དེ་ལྟར་ན་གྲངས་ཅན་དང་། ནེ་ཡ་ཡི་ཀ་དང་། ཀྵ་པ་ན་ཀ་དང་། དཔྱོད་
པ་ཅན་དང་། འཇིག་རྟེན་རྒྱང་འཕེན་པ་དང་། ཁྱད་པར་ཅན་ལ་སོགས་པ་སྨྲ་བ་པོ་རྣམས་ཀྱི་ཕྱིའི་དོན་མི་རིགས་ཏེ། གང་སྔོན་པོ་ལ་སོགས་པ་སོ་སོའི་སྣང་བའི་ཤེས་པ་དེ་ནི་རང་གི་དངོས་པོ་འཛིན་པ་རབ་རིབ་ཅན་ལ་སོགས་པའི་སྣང་བ་བཞིན་ནོ། །ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆར་
རྣམ་པར་དབྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་ངོ་། །རྫ་མ་ལ་སོགས་པའི་ཆོས་བྱིས་པས་ཀུན་བརྟགས་པ་ལུས་ལ་མ་རེག་པ་རྣམས་ཞེས་པ་རྣམ་པར་ཕྱེ་བ་ན་སྟོང་པར་འགྱུར་རོ། །རྡུལ་ཕྲ་མོ་རྣམས་ཀྱང་ཕྱོགས་ཀྱི་ཆ་ཐ་དད་པར་དབྱེ་བ་ན་སྟོང་པ་ཉིད་
དོ། །དེ་ལྟ་བུར་ལྷག་མཐོང་གིས་རབ་ཏུ་མཐོང་ནས་སྤོང་བར་འགྱུར་རོ་ཞེས་བྱ་བ་སྟེ། སོ་སོར་སྣང་དུ་ཟིན་ཀྱང་རབ་རིབ་ཀྱི་གཟུགས་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་ཤེས་རབ་ཀྱིས་མི་དམིགས་སོ། །དེས་ན་ཆོས་སྦོམ་པོ་དང་ཕྲ་
མོ་བྱིས་པས་ཀུན་བརྟགས་པ་དེ་དག་ཤེས་རབ་ཉིད་ཀྱིས་སྤངས་ཏེ། མི་འཛིན་པའི་ཕྱིར་རོ། །དེ་ལ་ཆོས་མེད་པ་རྣམས་གང་ཞེ་ན། གང་དེ་དག་བདག་ཉིད་དུ་མ་རེད་པ་ཡིན་ཏེ། མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པའི་ཆོས་དོན་གྱི་རྒྱུ་ལས་འབྱུང་བ་དེ་དག་གང་ཡང་དག་པ་
Vol. 121 · folio 25b
པ་དང་། ཡང་དག་པ་མ་ཡིན་པར་འཇུག་པ་མེད་པར་མཐོང་ནས་དེའི་ཕྱིར་ཆོས་མེད་པ་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ་བདག་ཉིད་དུ་མ་རེད་པ་མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པ་ཞེས་བྱ་བ་ནི་གང་དག་ལ་རང་གི་མཚན་ཉིད་དུ་འཛིན་པའི་ཆོས་གཟུགས་ལ་སོགས་པ་བཞིན་དུ་སོ་
སོར་སྣང་བ་ཡང་མེད་པའོ། །དེ་དག་གི་དོན་ནི་རྟག་པ་དང་བདག་ལ་སོགས་པའི་རྣམ་པར་རྟོག་པ་སྟེ། དེའི་རྒྱུ་ལས་བྱུང་བ་ནི་རྣམ་པར་རྟོག་པ་རྒྱུ་བ་མེད་པའོ། །ཡང་དག་པ་ལས་མ་བྱུང་བ་ཞེས་བྱ་བ་ནི་ཡང་དག་པར་སོ་སོར་སྣང་བ་ལས་མ་བྱུང་བས་ན་བྱུང་བ་མེད་པའོ། །དེ་དག་
འཇུག་པ་མེད་པར་མཐོང་ནས་ཆོས་མེད་པ་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་བས་ན། ཇི་ལྟར་བྱིས་པ་རྣམ་རྟོག་པ། །དེ་ལྟར་དངོས་པོ་ཡོད་མ་ཡིན། །ཞེས་བྱ་སྟེ། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བར་ཕྱིའི་དངོས་པོར་བསྐྱེད་པ་རྣམས་སོ། །དེ་དག་མི་རྟག་པ་
དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། སྟོང་པར་ཡོངས་སུ་ཤེས་པས་ཆོས་མེད་པ་ལོག་པའི་ཤེས་པའི་མཚན་ཉིད་སྤོང་བར་འགྱུར་རོ། །ཡང་བདག་ཉིད་དུ་མ་རེད་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། རི་བོང་དང་། རྔ་མོ་དང་། བོང་བུ་དང་། རྟའི་རྭ་དང་། མོ་
གཤམ་གྱི་བུ་ལ་སོགས་པའི་ཆོས་རྣམས་ཏེ། བདག་ཉིད་དུ་མ་རེད་པའི་ཕྱིར་ཞེས་བྱ་བ་ནི་རི་བོང་གི་རྭ་ལ་སོགས་པ་དེ་དག་མ་སྐྱེས་པས་ན་སོ་སོར་སྣང་བ་ཡང་མེད་པ་སྟེ། གཞན་གྱི་དབང་གི་ཆོས་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་རང་བཞིན་འབྱུང་བ་དང་།
འཇིག་པའི་ཆོས་ཅན་འཛིན་པ་དང་། གཟུང་བའི་རྣམ་པ་ཙམ་དུ་ཕྱི་རོལ་གྱི་ངེས་པ་ལྟ་བུར་མ་སྐྱེས་པའོ། །རི་བོང་གི་རྭ་ལ་སོགས་པ་དེ་དག་སྒྲའི་དོན་ཙམ་ཉིད་དེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། ཐོག་མ་མེད་པའི་བག་ཆགས་འབྱུང་། །རྣམ་པར་རྟོག་ལས་མཐར་ཕྱིན་
པ། །སྒྲ་ཡི་དོན་ཏེ་ཆོས་རྣམ་གསུམ། །དངོས་པོ་དངོས་མིན་གཉིས་ཀའི་གནས། །ཞེས་པའོ། །བུམ་པ་ལ་སོགས་པ་ལྟར་ཇི་ལྟར་དེ་དག་རྣམ་པར་ཤེས་པས་མི་བཟུང་བའི་ཕྱིར་སྤང་བར་བྱ་བ་དེ་བཞིན་དུ་རྣམ་པར་རྟོག་པའི་དངོས་པོ་རྣམས་ཀྱང་སྤང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་
Vol. 121 · folio 26a
ཆོས་དང་ཆོས་མེད་པ་རྣམས་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་གང་ན་དོན་གྱི་བྱ་བ་བྱེད་པ་བུམ་པ་ལ་སོགས་པ་གསལ་བར་སྣང་བ་ཡང་ཤེས་རབ་ཀྱིས་རྣམ་པར་ཕྱེ་བ་ནི་སྟོང་པས་སྤོང་བར་འགྱུར་ན་རི་བོང་གི་རྭ་ལ་སོགས་པ་མ་སྐྱེས་པ་དང་། སྣང་བ་མེད་པའི་ཆོས་མེད་པ་
རྣམས་དེར་སྤོང་བར་འགྱུར་བ་ལྟ་ཅི་སྨོས་ཏེ། སྤོང་བར་ཆེར་སླ་བ་ནི་མི་བཟུང་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་མདོ་སྡེ་ཉིད་དུ་གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླ་དྲངས་སོ། །དེ་བས་མེད་པར་ཤེས་མི་བྱ། །ཡོད་པར་ཡང་ནི་མི་རྟག་གོ། །ལང་ཀའི་བདག་
པོ་ཁྱོད་ཀྱིས་ཆོས་དང་ཆོས་མེད་པ་གཉིས་ཇི་ལྟ་བུར་སྤང་བར་བྱ་ཞེས་སྨྲས་པ་དེ་ནི་འདི་ལྟར་བཤད་དོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་ཆོས་དང་ཆོས་མེད་པ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པར་དབྱེ་བས་ཇི་ལྟར་འབྱེད་པ་དང་། ཤེས་རབ་ཀྱིས་བཟུང་དུ་མེད་པའི་ཕྱིར་ཇི་ལྟར་སྤངས་པ་དེ་
ཡང་གསུངས་སོ། །གང་ཡང་ལང་ཀའི་བདག་པོ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་བདག་གིས་དྲིས་ཏེ་དེ་དག་གིས་ཀྱང་ལན་བླན་ནོ་ཞེས་སྨྲས་པ་ཡང་ལང་ཀའི་བདག་པོ་སྔོན་ཞེས་བྱ་བ་འདི་ནི་རྣམ་པར་རྟོག་པའི་
ཚིག་བླ་དགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་དུ་ཡང་རྣམ་པར་རྟོག་པ་སྣང་བར་འབྱེད་པ་རྣམས་ཀྱིས་ཆོས་དང་ཆོས་མེད་པར་བྱེད་དོ། །དེ་བཞིན་གཤེགས་པ་རྣམས་ནི་དེའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་བསམ་པ་མེད་ཅིང་སྣང་བ་
མེད་པ་མི་གཉིས་པའི་དོན་དམ་པའི་བདེན་པ་རང་གིས་རིག་པ་ལ་བཞུགས་པས་ནི། རྣམ་པར་མི་རྟོག་སྟེ། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་བས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོས་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་སྐྱེ་
བོ་མགུ་བར་མཛད་པའི་ཕྱིར་ཆོས་སྟོན་ཏོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་རང་བཞིན་གྱིས་འོད་གསལ་བ་གཉིས་སུ་མེད་པའི་རྟོགས་པ་དོན་དམ་པའི་བདེན་པ་ལ་ཡང་དག་པར་བཞུགས་པས་
Vol. 121 · folio 26b
དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་མེད་ཅིང་སྤྲོས་པ་དང་བྲལ་བ་རྣམས་སོ། །ཇི་ལྟར་དབུ་མར་གསུངས་པ། སྤྲོས་ལས་འདས་པ་མི་གཉིས་པ། །གང་དག་སངས་རྒྱས་སྤྲོས་པར་བྱེད། །དེ་དག་སྤྲོས་ཉམས་གླེན་པ་རྣམས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །གང་
དག་ཡོད་པར་མཐོང་བ་རྣམས། །དངོས་པོ་རྣམས་ཀྱང་མེད་མཐོང་བ། །ཉེར་ཞི་ཞི་བ་བལྟ་བྱ་བ། །བློ་ཆུང་རྣམས་ཀྱིས་མི་མཐོང་ངོ་། །སྤྲོས་པ་མེད་ཅིང་སྣང་བ་མེད། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །འདི་ནི་འཇིག་རྟེན་མགོན་པོ་དག །སངས་རྒྱས་བསྟན་པ་བདུད་རྩི་ཡིས། །
སྟོང་པ་ཞེས་བྱར་སྨྲ་བྱ་མིན། །མི་སྟོང་ཞེས་པར་འགྱུར་བའང་མིན། །གཉིས་དང་མི་གཉིས་ཤེས་པ་ཡང་། །རྣམ་ཞི་ཞི་ལ་ག་ལ་ཞིག །མྱ་ངན་འདས་པའི་མཐའ་གང་ཡིན། །འཁོར་བའི་མཐའ་ཡང་གང་ཡིན་པ། །དེ་གཉིས་བར་ན་ཅུང་ཟད་ཀྱང་། །ཤིན་ཏུ་ཕྲ་བའང་ཡོད་པ་
མིན། །ལེན་མེད་ང་ནི་མྱ་ངན་འདའ། །མྱ་ངན་འདའ་བ་ང་ཡིར་འགྱུར། །དེ་ལྟར་གང་འཛིན་དེ་དག་ནི། །ལེན་པ་ལེགས་མིན་འཛིན་པའོ། །མྱ་ངན་འདའ་བའི་རྣམ་རྟོག་མེད། །འཁོར་བ་བསལ་བ་མ་ཡིན་ཏེ། །གང་འཁོར་མྱ་ངན་འདའ་བ་དེར། །སུ་ཞིག་རྣམ་པར་རྟོག་པར་
པར་བྱ། །ཞེས་བྱ་སྟེ། དེ་དེ་ལྟར་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་འཕྲོས་པ་མེད་པའི་རྟོགས་པ་ཉིད་ཐར་པ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་གསུངས་པ། འདི་ཉིད་མྱ་ངན་ལས་འདས་པ་ཡིན་ཏེ། གང་ཞེ་ན།
མི་སེམས་པ་ཉིད་ཅེས་པའོ། །གཟུགས་ཀྱི་ངོ་བོ་ཉིད་ལ་བརྟགས་པ་ལྟར་ནི་མ་ཡིན་གྱི་ཞེས་བྱ་བ་ནི་གཅིག་དང་། སྦོམ་པོ་དང་། ཆེ་བ་དང་། གཟུགས་ཅན་དང་། རེག་པ་ཅན་དང་། རྡུལ་ཕྲ་མོ་ལས་བརྩམས་པའི་ཡན་ལག་ཅན་ཞེས་པར་རྣམ་པར་མི་བརྟག་གོ། །གཞན་དུ་ན་ཡེ་ཤེས་
ཐུགས་སུ་ཆུད་པ་བདེ་བའི་དོན་དུ་མཚན་མ་མེད་པ་ལ་སྤྱོད་པའི་ཤེས་རབ་ཀྱིས་རྣམ་པར་བསྒོམ་མོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བ་ནི་གང་གི་ཚེ་སྦོམ་པ་དང་ཕྲ་བའི་མཚན་མ་ཤེས་རབ་ཀྱིས་གཞིགས་པ་ན་དེའི་ཚེ་སྒྱུ་མའི་རྣམ་པར་ཐར་པ་ལ་གནས་
Vol. 121 · folio 27a
པས་གཟིགས་ཀྱང་མི་གཟིགས་སོ། །དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་ཀྱི་བདག་ཉིད་ནི་དག་པ་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་བཞུགས་པ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ཡུལ་དུ་རྣམ་པར་ཕྱེ་སྟེ། སྣོད་དང་སྣོད་མ་ཡིན་
པའི་སེམས་ཅན་རྣམས་ལ་མོས་པ་ཇི་བཞིན་དུ་ཆོས་བཤད་པ་མཛད་དོ། །ཡེ་ཤེས་ཀྱི་སྐུ་ནི་མི་སྣང་བའི་ཏིང་ངེ་འཛིན་གྱི་ཡུལ་ལས་བཞེངས་ནས་སྣང་བ་དང་བཅས་པ་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་གྱིས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་བདེ་བར་གཤེགས་པ་
གཏོགས་འདོད་དང་། ཚངས་པ་དང་ལྷ་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་གཉིས་དང་མི་གཉིས་པའི་ཆོས་རྣམས་ཀྱི་བྱེ་བྲག་སྟོན་པར་མཛད་དོ། །གང་གིས་མི་རྟག་ཅེ་ན། ཡིད་ཀྱི་བདག་དང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་དང་སྲོག་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་
མི་རྟག་སྟེ། ཡིད་ཀྱིས་སོ། །རྟག་པའི་བདག་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ཡོད་པར་མི་རིགས་སོ། །དོན་དུ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་རྣམ་པར་མི་རྟག་གོ། །གཟུགས་ཀྱི་མཚན་ཉིད་དང་དབྱིབས་དང་། རྣམ་པ་བཞིན་ཞེས་བྱ་བ་ལ་
གཟུགས་ནི་སྔོན་པོ་ལ་སོགས་པའི་མཚན་ཉིད་པའོ། །དབྱིབས་ནི་རིམ་པའི་གཟུགས་ཏེ། ཟླུམ་པོ་དང་། གྲུ་བཞི་ལ་སོགས་པས་ཕྱེ་བའོ། །རྣམ་པ་ནི་འོད་དང་མུན་པ་ལ་སོགས་པའི་གཟུགས་ཀྱི་རྣམ་པ་ཙམ་སྟེ། དེ་ལྟ་བུའི་རྣམ་པ་ཐམས་ཅད་ནི་གཞན་གྱི་དབང་ངོ་། །སྙིང་
རྗེའི་བག་ཆགས་ཀྱིས་གླེངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལས་བྱུང་བའི་རྣལ་འབྱོར་ཅན་རྣམས་ཀྱི་མཚན་གྱིས་བརྒྱན་པའི་སྐུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་སྣང་བ་ནི་ཡེ་ཤེས་ཉིད་སོ་སོར་སྣང་བ་ཡིན་ནོ། །སྐྱེ་བོ་རྣམས་ཀྱི་ཡང་བདག་དང་གཞན་གྱི་སེམས་ཀྱི་
རྒྱུད་ཀྱི་བདག་རྐྱེན་གྱི་ཁྱད་པར་གྱིས་འཁྲུག་པ་མཉམ་པར་མ་འདུས་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུ་ལས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་རྣམ་པར་ཤེས་པའི་སོ་སོར་སྣང་ངོ་། །ཇི་ལྟར་མདོ་སྡེ་འདི་ཉིད་དུ་མཆོག་ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་བའི་ཐམས་
Vol. 121 · folio 27b
ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་མངའ་བས་རབ་ཏུ་སྒྲུབ་པར་མཛད་པས་བརྟགས་པ་ནི་རང་བཞིན་གྱིས་དངོས་པོ་ཐམས་ཅད་མ་སྐྱེས་ཏེ། གཞན་དབང་ལ་ནི་བརྟེན་ནས་ནི། །མི་རྣམས་རྣམ་པར་རྟོག་པ་སྐྱེ། །རྣམ་པར་རྟོག་པས་རྣམ་སྤངས་ཤིང་། །
གང་ཚེ་གཞན་དབང་དག་པ་ནི། །རྫོགས་པ་དེ་བཞིན་ཉིད་ཅེས་བྱ། །མདོ་སྡེ་མདོ་སྡེར་ངས་སྨྲས་སོ། །ཞེས་སོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པས་བརྟགས་པ་དང་། གཞན་གྱི་དབང་དང་དངོས་སུ་གྲུབ་པ་རྣམས་ཐམས་ཅད་མཁྱེན་པས་དེ་ལྟར་བསྟན་ཏོ། །དེ་བས་ན་ཞེས་
བྱ་བ་ནི་བསྡུ་བར་མཛད་པ་སྟེ། ཁྱོད་ཀྱིས་བརྟག་པར་བྱ་བ་དང་། རྣམ་པར་རྟོག་པ་དང་བྲལ་བར་བྱའོ་ཞེས་སོ། །དེ་འདི་ཉིད་དུ་གསུངས་པ། དངོས་པོ་ཙམ་དུ་བརྟགས་པ་སྟེ། །རྣམ་པར་བརྟགས་པ་ཁྱད་པར་དུ། །ཆོས་ཉིད་རང་གི་མཚན་ཉིད་གང་། །ཆོས་ཉིད་རང་བཞིན་
དེ་ཉིད་དོ། །བརྟགས་པ་ནི་བརྗོད་པ་ཙམ་སྟེ། རྟག་པ་དང་། བདག་དང་། རྡུལ་ཕྲ་མོ་དང་། ཡན་ལག་ཅན་དང་། རྫས་ལ་སོགས་པ་སྣང་བར་འགྱུར་བར་དགོངས་པར་བརྟག་གོ། །ཁྱད་པར་དུ་རྣམ་པར་རྟོག་པ་ནི། གཞན་གྱི་དབང་དོན་གྱི་བྱེད་པ་གསལ་བར་ནུས་པ་འཛིན་པ་
དང་། གཟུང་བའི་དངོས་པོར་བརྟག་གོ། །རང་གི་མཚན་ཉིད་ནི་ཡོངས་སུ་གྲུབ་པ་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་རང་གི་རིག་པའི་ཆོས་ཉིད་ཀྱི་རང་བཞིན་དུ་ཐམས་ཅད་མཁྱེན་པས་ཐུགས་ལ་དགོངས་པར་རྗེས་སུ་དཔག་གོ། །ཐམས་ཅད་མཁྱེན་པ་ཡང་རྒྱུའི་དོན་དུ་གསུངས་པ།
ལང་ཀའི་བདག་པོ་འདི་ལྟར་ཡང་སེམས་ཅན་གྱི་སྤྱོད་པ་རྣམས་ནི་རྩིག་པའི་རི་མོའི་གཟུགས་དང་འདྲ་སྟེ་ཞེས་པ་ནི་ལུས་དང་ངག་གི་སྤྱོད་པ་ཐ་སྙད་ཀྱི་མཚན་ཉིད་ནི་སོ་སོར་སྣང་བ་ཙམ་སྟེ་གང་དག་གིས་རྒྱུད་གཞན་པར་རྗེས་སུ་དཔག་པར་བྱེད་པའོ། །ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་
སྨྲས་པ། ཐོག་མར་བློ་བྱེད་བདག་ལུས་དང་། །མཐོང་ནས་གཞན་དུ་དེ་གཟུང་ཕྱིར། །བློ་ཞེས་གལ་ཏེ་ཤེས་གྱུར་ནས། །སེམས་ཙམ་ཚུལ་དང་དེ་མཚུངས་སོ། །ཕྱིའི་དོན་མེད་པས་ན་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་ལུས་ལ་སོགས་པ་སྣང་བ་སོ་སོར་སྣང་
Vol. 121 · folio 28a
ངོ་། །རྨི་ལམ་དུ་ཡང་ལྷ་དང་འདྲེ་ཤ་ཟ་ལ་སོགས་པའི་དབང་གི་སྟོབས་ལས་ལུས་ལ་སོགས་པ་ཐ་དད་པར་སྣང་བ་སྣང་ངོ་། །ཤིན་ཏུ་གཏན་ལ་ཕབ་པའི་འབྲས་བུས་རྒྱུ་ལ་སླུ་བར་མི་བྱེད་ཅེས་བྱ་སྟེ། དེ་བས་ན་རབ་རིབ་དང་ས་མདའ་ལ་སོགས་པའི་འབྲས་བུ་
གསལ་བར་སྣང་ཡང་ནམས་ཀྱང་གཞན་གྱི་བློ་བར་རྗེས་སུ་མི་དཔག་གོ། །དོན་ཡང་རྒྱུ་ཙམ་མ་ཡིན་གྱི་སྣང་བའི་ཁྱད་པར་ཡང་ངོ་། །ལང་ཀའི་བདག་པོ་འཇིག་རྟེན་གནས་པ་ནི། གཡོ་བ་མེད་པ་སྟེ་ཞེས་བྱ་བ་ནི་སུ་གང་ན་སྣང་བ་དེ་དེ་ཉིད་དུ་འགག་པ་སྟེ། དེ་ཉིད་ཀྱི་སྐད་ཅིག་པར་
ནི་ཡུལ་གཞན་ནམ་དུས་གཞན་དུ་འཕོ་བ་མེད་པ་ནི་སྐད་ཅིག་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པས་དེ་ཉིད་དུ་རྒྱུ་གཞན་གསུངས་པ། ལས་དང་བྱེད་པ་ལས་བྲལ་བ་ཞེས་པའོ། །བྱེད་པ་དང་བྱེད་པ་པོ་ལ་མངོན་པར་ཆགས་པ་ནི་ཇི་ལྟར་བྱེད་པ་པོ་རང་དབང་དང་། བྱེད་པར་
འདོད་པའི་མཆོག་ནི་ལས་དང་། བྱེད་པ་པོས་བྱེད་པ་བྱ་བར་བརྩམས་པ་ནི་ལས་ཞེས་བྱའོ་ཞེས་བྱའོ། །བྱེད་པ་པོ་དང་ལས་དང་བྱེད་པ་རྣམས་ལ་དབྱེར་མེད་དེ། ཇི་ལྟར་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་
བྱེད་པ་ག་ལ་ཞིག །འབྱུང་བ་གང་ཡིན་བྱེད་པ་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་པ་སྟེ། རྟག་པ་དང་། མི་རྟག་པ་རྣམས་ལ་བྱེད་པ་པོའི་ཐ་སྙད་དོན་དམ་པར་མི་རུང་ངོ་། །དེ་ཇི་ལྟར་ཞེ་ན། སྒྲོ་བཏགས་པའི་ཐ་སྙད་ཉིད་དེ། ཇི་ལྟར་བྷ་དྲ་ཧ་རིས་སྨྲས་པ། གྲུབ་
དང་མ་གྲུབ་ཇི་སྙེད་པ། །བསྒྲུབ་པའི་ཕྱིར་ནི་བསྟན་པ་སྟེ། །བརྟེན་པ་རིམ་གྱིས་གཟུགས་པས་ན། །དེ་ནི་བྱེད་ཅེས་མངོན་པར་བརྗོད། །ཅེས་པ་སྟེ། རྒྱུན་ལ་བརྟེན་པའི་རིམ་གྱིས་རང་བཞིན་ནི་ཡན་ལག་གི་སྐད་ཅིག་པ་གཅིག་བྱེད་པ་དང་འབྲེལ་བ་མེད་དེ། དེ་བས་ན་རྟེན་
ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བ་སྟེ། སྐྱེད་པས་བསྐྱེད་པའི་སྐྱེ་བ་མེད་པའི་ཕྱིར་རོ། །ཇི་ལྟར་དབུ་མ་ལས་གསུངས་པ། །གལ་ཏེ་སྐྱེ་བ་འདུས་བྱས་ན། །མཚན་ཉིད་གསུམ་ནི་དེར་རིགས་ཏེ། །འོན་ཏེ་སྐྱེ་བ་འདུས་མ་བྱས། །འདུས་བྱས་མཚན་ཉིད་ཇི་ལྟར་རུང་། །སྐྱེ་བ་
Vol. 121 · folio 28b
སྐྱེ་བ་ཇི་ལྟ་བ། །བདག་ཉིད་གཞན་གྱིས་མ་ཡིན་ཏེ། །འགོག་པ་ལ་ཡང་འགོག་པ་ནི། །བདག་ཉིད་གཞན་གྱིས་མ་ཡིན་པའོ། །དེར་དེའི་དེ་ལྟ་བུའི་དབུ་མར་བཤད་པ་རྒྱ་ཆེར་འགྱུར་ཏེ། ཇི་ལྟར་ས་དང་པོའི་དབང་པོ་སློབ་དཔོན་བློ་གྲོས་ཀྱིས་གསུངས་པ། འགོག་མེད་སྐྱེ་བ་
མེད་པ་དང་། །ཆད་མེད་རྟག་པ་མེད་པ་དང་། །སྣ་ཚོགས་དོན་དང་གཅིག་དོན་མིན། །འོང་བ་མེད་ཅིང་འགྲོ་བ་མེད། །གང་གིས་རྟེན་ཅིང་འབྲེལ་འབྱུང་བ། །སྤྲོས་པ་ཉེར་ཞི་ཞི་བ་ནི། །ཡང་དག་སངས་རྒྱས་གསུངས་གྱུར་པ། །གསུང་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་
བྱའོ། །སྐྱེ་བ་དང་། གནས་པ་དང་། འགོག་པ་རྣམས་ནི་དངོས་པོ་མ་གཏོགས་པར་ཡོད་པར་མི་སྲིད་དེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་དང་འབྲས་བུ་ངེས་པར་འབྲེལ་བས་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་སྨོས་པ་འབའ་ཞིག་གོ། །དེ་ལྟ་བས་ན་གཞན་
གྱི་དབང་གིས་གཉིས་ཀྱི་རྣམ་པ་སོ་སོར་སྣང་བའི་རང་བཞིན་པ་རྣམས་ནི་དོན་དམ་པར་མི་སྐྱེ་བ་སྟེ། རྨི་ལམ་དང་། མིག་འཕྲུལ་དང་རབ་རིབ་ལ་སོགས་པའི་གཟུགས་བཞིན་ནོ། །དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་ཏུ་ཟིན་ཀྱང་དེ་ལ་ཁྱད་པར་དུ་གཟུང་བ་མེད་དེ།
བདག་ཉིད་ལ་རིག་པར་བྱ་བ་དང་རིག་པ་པོའི་དངོས་པོར་སོ་སོར་སྣང་བའི་རྣམ་པར་རྟོག་པ་མེད་དོ། །རྒྱུད་ཀྱི་རྒྱུན་ལ་ཡང་ལས་དང་བྱེད་པ་མེད་པ་ནི་ཇི་ལྟར་རྡོ་རྗེ་གཅོད་པ་ལས་གསུངས་པ། རབ་འབྱོར་འདས་པའི་སེམས་ཀྱང་མི་དམིགས་སོ། །མ་འོངས་པའི་སེམས་ཀྱང་མི་
དམིགས་སོ། །ད་ལྟར་གྱི་སེམས་ཀྱང་མི་དམིགས་སོ། །ཞེས་བྱ་བ་ལ་འདས་པ་དང་། མ་འོངས་པ་དག་ནི་དངོས་པོ་མེད་པའོ། །ད་ལྟར་གྱི་ཡང་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་མི་དམིགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པའོ། །དེ་བས་ན་རྟེན་ཅིང་འབྲེལ་ཏེ་
འབྱུང་བ་ལས་དང་བྱེད་པ་དང་བྲལ་བའོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་ཞེས་བྱ་བ་ལ། ཡོད་པ་ནི་ཇི་ལྟ་བུར་ཕྱི་དང་ནང་གི་དངོས་པོར་འཛིན་པ་དང་། གཟུང་བ་གཉིས་ཀྱི་རྣམ་པ་གདོན་མི་ཟ་བས་གདོན་མི་ཟ་བར་བྱེད་པ་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་དང་།
Vol. 121 · folio 29a
རབ་རིབ་ལ་སོགས་པའི་རང་བཞིན་པས་ན། དེ་ལྟ་བུར་མེད་དོ། །མུ་སྟེགས་ཅན་གྱི་སེམས་ཅན་རྟག་པར་ཀུན་ཏུ་བརྟགས་པ་ཡང་སེམས་ཅན་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །མིག་དང་རྣ་བ་ལ་སོགས་སྐྱེ་མཆེད་རྣམས་ཀྱིས་ཀྱང་ཇི་ལྟར་
སེམས་ཅན་དུ་གདགས་པར་བྱ་བ་དེ་ལྟ་བུར་ཡང་སེམས་ཅན་མེད་དོ་ཞེས་ཐམས་ཅད་མཁྱེན་པས་བསྒྲུབ་པ་གསུངས་པ། འདི་ལ་གང་ཡང་ཉན་པའམ། མཉན་པར་བྱ་བ་མེད་དོ། །ལང་ཀའི་བདག་པོ་འཇིག་རྟེན་གནས་པ་ནི་སྤྲུལ་པ་དང་མཚུངས་ན་མུ་སྟེགས་ཅན་བྱིས་པའི་རྣལ་
འབྱོར་པ་རྣམས་རྣམ་པར་མི་བསྒོམ་མོ་ཞེས་པས་ན། ཉན་པ་པོས་མཉན་པར་བྱ་བ་སྒྲའི་ཡུལ་མཉན་དུ་མེད་པ་ནི་རྨི་ལམ་ལ་སོགས་པ་བཞིན་དུ་ཕྱིའི་དོན་མེད་པའི་ཕྱིར་རོ། །འཇིག་རྟེན་སྤྲུལ་པ་དང་མཚུངས་པ་ནི་སོ་སོར་སྣང་བ་ཙམ་པས་ན་གཟུགས་ལ་སོགས་པའི་ཡུལ་རྣམས་མིག་ལ་
སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱིས་མི་ཤེས་སོ། །མུ་སྟེགས་ཅན་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱང་རྟག་པ་དང་། བདག་དང་ཕྱིའི་དོན་ལ་མངོན་པར་ཞེན་པས་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་མི་བསྒོམ་མོ། །ལང་ཀའི་བདག་པོ་གང་གིས་དེ་ལྟར་མཐོང་
བ་དེ་ནི་ཡང་དག་པར་མཐོང་བ་སྟེ། རྣམ་པ་གཞན་དུ་མཐོང་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ། །དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་རྣམས་ནི་རྣམ་པ་གཉིས་སུ་འཛིན་ཏེ་ཞེས་བྱ་བ་གང་དག་རྣམ་པར་རྟོག་པ་དང་བཅས་པ་ནི་འཛིན་པ་དང་། གཟུང་བ་སོ་སོར་སྣང་བ་ཉིད་ཀྱིས་རྟག་པར་
བདག་དང་། བདག་གིར་མངོན་པར་ཞེན་པ་རྣམ་པ་གཉིས་སུ་འཛིན་པས་ནི་ཐམས་ཅད་མཁྱེན་པས་དཔེས་གསལ་བར་བསྒྲུབ་པར་མཛད་པ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་ཡོད་པའི་བདག་གི་གཟུགས་ཀྱི་གཟུགས་བརྙན་དང་། ཆུ་ལ་བདག་གི་ལུས་ཀྱི་གྲིབ་མ་དང་། ཟླ་བའི་
འོད་དང་། ཁྱིམ་ན་མེ་འབར་བ་ལ་བདག་གི་ལུས་ཀྱི་གྲིབ་མ་དང་བྲག་ཅའམ། གཞན་ཡང་བདག་གི་རྣམ་པར་རྟོག་པའི་གཟུང་བ་རབ་ཏུ་གཟུང་བ་སྟེ། ཆོས་དང་ཆོས་མེད་པ་རྣམ་པར་རྟོག་ཅིང་ཆོས་དང་ཆོས་མེད་པའི་སྤོང་བ་ལ་མི་སྤྱོད་དེ། དཔྱོད་དོ། །རྣམ་པར་རྟོག་གོ། །
Vol. 121 · folio 29b
རྒྱས་པར་བྱེད་དོ། །རབ་ཏུ་ཞི་བ་མི་འཐོབ་པོ་ཞེས་ཏེ། དེ་ལ་མེ་ལོང་དང་། ཆུ་དང་། སྣང་བའི་དོན་དུ་ཡོད་པ་བདག་གི་གཟུགས་ཀྱི་གཟུགས་བརྙན་ནི་ཡོད་པ་དང་མེད་ཅེས་བྱ་བ་བཞིན་དུ་ཆོས་དང་ཆོས་མེད་པར་རྣམ་པར་རྟོག་པ་དཔྱོད་ཀྱི། ཡང་འདི་དང་འདི་ལྟ་བུར་ཆོས་དང་ཆོས་མེད་པ་
སྤོང་བར་མི་བྱེད་དོ། །ཇི་ལྟར། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པའོ། །ཞེས་པ་སྟེ། ཤེས་རབ་ཀྱིས་དཔྱད་པ་ན་ཕྱིའི་དངོས་པོ་མེད་པར་མཚུངས་ཏེ། ཇི་ཙམ་དུ་གཟུགས་བརྙན་སྟོང་པ་ཉིད་པ་དེ་བཞིན་དུ་ལུས་ཀྱི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་
པའི་རང་བཞིན་དུ་འཇིག་རྟེན་དུ་ཆུད་པ་སོ་སོར་སྣང་ངོ་ཞེས་བྱའོ། །བྲག་ཅ་ལ་སོགས་པར་འབྱེད་པས་སྒྲ་ཐོས་པ་རྣམ་པར་རྟོག་པ་ནི་སྒྲ་དེ་ལྟ་བུར་ཐ་དད་པར་ཡང་གཞན་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ལ་སྤྱོད་པ་འབའ་ཞིག་ཡིན་པས་ཆོས་དང་ཆོས་མེད་པའི་རྣམ་པར་རྟོག་པར་
རབ་ཏུ་མི་ཞི་སྟེ། དེས་ན་དེ་དག་གི་རྣམ་པར་རྟོག་པ་རྣམས་ནི་ཤེས་པས་རབ་ཏུ་ཞི་བ་མི་འཐོབ་པོ་ཞེས་བྱ་སྟེ། འདི་ནི་རྩེ་གཅིག་པའི་ཚིག་བླ་དགས་ཏེ་ཞེས་བྱའོ། །གང་གི་ཚེ་གཟུགས་ལ་སོགས་པའི་མཚན་མ་སྦོམ་པོ་དང་ཕྲ་མོ་མཉམ་པར་འདུས་པའི་ཤེས་རབ་ཀྱིས་གཞིགས་པ་ན་
གང་ཡང་མི་དམིགས་པ་དེའི་ཚེ་དབང་པོའི་ཤེས་པ་མི་རྟོག་ཅིང་སྣང་བ་མེད་པར་རང་གི་རིག་པ་འབྱུང་བ་བཞིན་དུ་རྣལ་འབྱོར་གྱི་དབང་པོ་མཉམ་པར་འདུས་པ་རྣམས་དོན་དམ་པའི་བདེན་པ་མི་གཉིས་པ་ཆུད་པའི་ཆོས་ཉིད་རྩེ་གཅིག་པ་ལ་གནས་པའོ། །དེ་ལྟ་བས་ན་དེ་བཞིན་
གཤེགས་པའི་སྙིང་པོར་འཇུག་པའི་ཕྱིར་ཏིང་ངེ་འཛིན་སྐྱེའོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། ཆུད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་འབྱུང་ཞེས་བྱ་སྟེ། སེམས་ཅན་
ཐམས་ཅད་ཀྱི་སེམས་རབ་ཏུ་སངས་པས་སངས་རྒྱས་ཀྱི་ངོ་བོ་ཐོབ་སྟེ། དེས་ན་སེམས་ཅན་ཐམས་ཅད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་འགྱུར་བ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་གོམས་ཤིང་བསོད་ནམས་དང་ཡེ་
Vol. 121 · folio 30a
ཤེས་ཀྱི་ཚོགས་མངོན་པར་སྤེལ་བའི་ཕྱིར་རོ། །གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་གང་དག་ཀྱང་རྣལ་འབྱོར་གྱི་དབང་པོ་ཁྱད་པར་བདག་ལ་བསྟོད་པ་བྱེད་པ་དེ་དག་ཀྱང་ཚུད་པ་ཙམ་སངས་པས་ན་ཚུད་པ་ཙམ་གྱིས་དབང་སྟོན་ཏོ། །
བྱང་ཆུབ་སེམས་དཔའ་ཆོས་ཉིད་ཀྱིས་སེམས་ཅན་གྱི་དོན་ལ་སྤྱོད་པས་གཉིས་པ་དང་། མི་གཉིས་པའི་ཏིང་ངེ་འཛིན་རྣམ་པར་སྤྱོད་པ་ན། དེ་བཞིན་གཤེགས་པའི་སྙིང་པོ་འཇུག་པའི་ཕྱིར་དེ་དག་ལ་ཏིང་ངེ་འཛིན་སྐྱེའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་
དཔལ་བཟང་པོས་བྱས་པ་ལས། ལེའུ་དང་པོ་སྒྱུ་མའི་རྣམ་པར་ཐར་པ་ཐོབ་ཅིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྣམས་ལ་མི་རྟག་པ་དང་ཐབས་ལ་མཁས་པས་བྱང་ཆུབ་སེམས་དཔའི་སྤྱད་པ་དང་། ཆོས་དང་ཆོས་མ་ཡིན་པ་གསོལ་བའི་ལན་བཀའ་སྩལ་པ་དང་།
ལེའུ་ཕྲན་གསུམ་མོ།། །།ཟབ་མོ་རྒྱ་ཆེན་ཆོས་རྣམས་ནོར་བུ་བཞིན། །རྒྱ་མཚོ་ཆེན་པོ་མཆིང་ལས་གང་རྣམས་འཐོབ། །བསྒྲུབ་པ་གསལ་བ་ཅིས་ཀྱང་དེ་དག་ནི། །མཁས་པའི་བྱང་ཆུབ་ལམ་དུ་ཕྱིན་པར་བྱས། །གང་ཡོད་དེ་ཀུན་སྐད་ཅིག་པ། །གློག་གི་འཁོར་
ལོ་འདྲ་བ་སྟེ། །རྨི་སྟོང་ཤེས་དཔལ་བཟང་ཚིག་གིས། །བདག་གཞན་ཕན་ཚིག་དབང་མཆོད་གྱུར། །དེ་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བློ་གྲོས་ཆེན་པོ་གཉིས་པ་དང་། མི་གཉིས་
པའི་ཆོས་ཀྱི་ཏིང་ངེ་འཛིན་གྱིས་ཆོས་རབ་ཏུ་འབྱེད་པར་རྒྱ་ཆེ་བས་ན་བློ་གྲོས་ཆེན་པོའོ། །ལྷན་ཅིག་ཅེས་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱོན་པའི་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་དང་ངོ་། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱུ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་
པའི་ཆོས་ཐམས་ཅད་གསོལ་བའི་ལན་འདོན་པས་སྐྱོན་ཐམས་ཅད་ཀྱི་རྒྱལ་མོ་བག་ཆགས་དང་བཅས་པ་རྩ་བ་ནས་བཏོན་པ་མཆོག་ཏུ་ཀུན་དག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་ཆོ་འཕྲུལ་གྱི་རྣམ་པ་དུ་མ་དང་། གཟུགས་རྣམ་པ་སྣ་ཚོགས་
Vol. 121 · folio 30b
ཀྱིས་ཆོས་སྟོན་པས་སེམས་ཅན་གྱི་རྒྱུད་མཐའ་མེད་པ་རངས་པར་མཛད་པའི་བཅོམ་ལྡན་འདས་བདེ་བར་གཤེགས་པ་ལ་ཐོག་མར་བསྟོད་དེ། སེམས་ཅན་གྱི་དོན་དུ་ཡོངས་སུ་ཞུ་བར་བྱེད་དོ། །དེ་ལ་བསྟོད་པ་ནི། འཇིག་རྟེན་སྐྱེ་འཇིག་མ་མཆིས་ཏེ། །ནམ་མཁའི་མེ་ཏོག་རབ་ཏུ་འདྲ། །
ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། །ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། །ཞེས་པ་སྟེ། སྐྱེ་བ་དང་འཇིག་པ་ལ་སོགས་པ་སྐྱེད་པ་པོས་བསྐྱེད་པའི་སྐྱེ་བ་བྱེད་པ་པོ་དང་། བྱེད་པའི་ཆོས་གཞན་པར་ཀུན་ཏུ་བརྟག་ཏུ་མི་རུང་ངོ་། །ཇི་ལྟར་ཁྱད་པར་ཅན་དང་། བྱ་ཀ་ར་ཎ་པ་ལ་
སོགས་པས་ཡོངས་སུ་རྟོག་པ་དེ་ལྟར་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ལ་ཡང་ཐ་དད་པ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་འཇིག་རྟེན་ལ་ཡང་སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་ཞེས་བརྟག་པའི་
དོན་ནོ། །སྐད་ཅིག་པ་གཅིག་ནི་སུ་དང་ཡང་མི་འབྲེལ་ཏེ། གང་གི་ཚེ་ན་སྐད་ཅིག་གཅིག་པ་དེའི་ཚེ་ན། སྐད་ཅིག་གཉིས་པ་མེད་དོ། །སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ། དེ་ཡང་སྐྱེ་བ་དང་འཇིག་པ་ལ་སོགས་པ་དང་བྲལ་བའོ། །
གང་ཟག་ལ་བདག་མེད་པའི་སྐད་ཅིག་མ་རྣམས་ནི་བྱེད་པ་དང་བྱེད་པ་པོར་འབྲེལ་བས་སྐྱེ་བ་མེད་པ་དང་། ཆོས་ལ་བདག་མེད་པ་ཡང་གཉིས་ཀྱི་རྣམ་པར་སྐྱེ་བ་མེད་པ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དེས་ན་འཇིག་རྟེན་ནམ་མཁའི་མེ་ཏོག་དང་རབ་ཏུ་
འདྲ་སྟེ། སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་ཐ་དད་པར་འབྱེད་པས་ཕྱེ་བ་ན་མི་དམིགས་ཏེ། སྟོང་པ་འགྱུར་བ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ། །ཡོད་དང་མེད་མ་དམིགས་ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པའི་གནས་ནི་ཡོད་པ་དང་མེད་པའི་རྣམ་
པར་རྟོག་པའི་ཐ་སྙད་དོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པ་ཞེས་མི་བྱ། །ཡོད་པར་ཡང་ནི་མི་རྟག་གོ། །ཞེས་སོ། །ཇི་ལྟར་བྱིས་པ་རྣམས་རྣམ་པར་རྟོག་པ་ནི་གཉིད་ཀྱིས་མ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words