འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 121 · folio 59b

རྟོག་པས་ན་འབྲས་བུའི་ཚིག་ནི་འབྲས་བུ་མེད་པའི་ཚིག་གོ། །འགོག་པའི་ཚིག་དང་། འགོག་པ་མེད་པའི་ཚིག་ནི་གཟུང་བ་དང་། འཛིན་པ་མེད་པའི་ཕྱིར་གདགས་པར་བྱ་བ་ཡང་མེད་པས་ན། འགོག་པའི་ཚིག་ནི་འགོག་པ་མེད་པའི་ཚིག་གོ། །ཕུང་པོ་ལྷག་མ་དང་བཅས་པའི་

འགོག་པར་བདག་གི་སྐྱེ་བ་ཟད་པ་དང་། ཚངས་པའི་སྤྱོད་པ་སྤྱད་པ་དང་། འདི་ལས་སྲིད་པ་གཞན་མི་ཤེས་ཏེ། འདི་ལྟ་བུར་བདེན་པ་བཞིར་བསྒྱུར་བ་སློབ་པ་དང་མི་སློབ་པ་རྣམས་ལ་ཤེས་པར་བྱ་བ་དང་། ཤེས་པ་ལ་སོགས་པར་སྦྱར་བར་བྱའོ། །རྣམ་པ་གཉིས་ནི་ཤེས་

པ་ཐམས་ཅད་ནི་མི་གཉིས་པ་སྟེ། དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྟོག་ཅིང་། སེམས་མེད་པ་ལ་མི་སྣང་སྟེ། དེ་བས་ན་འགོག་པའི་ཚིག་ནི་འགོག་པ་མེད་པའི་ཚིག་གོ། །འགོག་པ་ལས་ལྡང་བའི་ཚིག་དང་། །འགོག་པ་

ལས་ལྡང་བ་མེད་པའི་ཚིག་ནི་ཉོན་མོངས་པ་འགོག་པ་བདེན་པའི་ཏིང་ངེ་འཛིན་ལས་ལྡང་བ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། གཙང་བ་མ་ཡིན་པའི་རྣམ་པ་དག་འཇིག་རྟེན་གྱི་བསམ་གཏན་གཉིས་ཀྱི་རྣམ་པ་སྣང་བ་རྨི་ལམ་དང་། །མིག་

འཕྲུལ་དང་གཟུགས་བརྙན་ལ་སོགས་པའི་ཤེས་པ་བཞིན་དུ་དོན་དམ་པའི་བདེན་པས་སྟོང་པ་སྟེ། གཉིས་སུ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་མི་སྣང་བས་ན་འགོག་པ་ལས་ལྡང་བའི་ཚིག་ནི་འགོག་པ་ལས་ལྡང་བ་མེད་པའི་ཚིག་གོ། །ཐེ་ཚོམ་གྱི་ཚིག་དང་།

ཐེ་ཚོམ་མེད་པའི་ཚིག་ནི་འདི་ཅི་ལྟར་ཡིན་ནམ་མ་ཡིན་ཞེས་པ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་མོས་པར་འགྱུར་གྱི་གཉིས་སུ་མེད་པ་ལ་ནི་མ་ཡིན་ནོ། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་སྟོང་པ་ཉིད་ལ་ཕུང་པོར་གནས་པ་མེད་པ་དང་། འཇིག་པ་ཉིད་ཡིན་པར་རྟོགས་པར་འགྱུར་

བ་དེའི་ཚེ། རྟག་པ་དང་། བདག་དང་། ཕྱིའི་དོན་དུ་འཁྲུལ་བ་སྤངས་ཏེ། བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་མི་རྟོག་པ། དོགས་པ་དང་བྲལ་བ་གཉིས་གནས་

Vol. 121 · folio 60a

སོ། །མཚན་གྱི་ཚིག་དང་། མཚན་མེད་པའི་ཚིག་ནི་ཆོས་དང་། ཆོས་ཅན་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་ལ་སོགས་པའི་བརྟག་པ་ནི་མཚན་ཉིད་ཀྱི་ཚིག་གོ། །གང་དེའི་གཞི་ཡིན་པའི་རང་གི་མཚན་ཉིད་ནི་སྒྲའི་དོན་དུ་སྒྲོ་བཏགས་ནས་

སྤྱིའི་རྣམ་པར་མངོན་པར་བརྗོད་པ་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། དོན་དམ་དེ་ནི་བདག་ཉིད་ཀྱིས། །སྦྱོར་བ་མེད་ཅིང་ཐ་དད་མེད། །གཟུགས་ནི་གཅིག་དང་ཐ་དད་པར། །དེ་དག་བློ་ཡི་འཁྲུལ་པའོ། །ཇི་ལྟར་དབུ་མ་ལས་འབྱུང་བ། །མཚོན་བྱ་མཚན་ཉིད་གལ་ཏེ་

གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ནའང་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །དེ་བཞིན་ཆོས་དང་ཆོས་ཅན་ཏེ། །དེས་ན་མཚན་གྱི་ཚིག་ནི་མཚན་མེད་པའི་ཚིག་གོ། །ཡན་ལག་གི་ཚིག་དང་། ཡན་ལག་མེད་པའི་ཚིག་ཅེས་བྱ་བ་ལ། ཡན་

ལག་ནི་ལུས་ཏེ། ཕྱིའི་དོན་མེད་པས་ན། དེ་ཡང་མེད་དེ་དེས་ན་ཡན་ལག་གི་ཚིག་ནི་ཡན་ལག་མེད་པའི་ཚིག་གོ། །སྒྱུ་རྩལ་རིག་པའི་ཚིག་དང་། སྒྱུ་རྩལ་རིག་པ་མེད་པའི་ཚིག་ནི་ཡན་ལག་མེད་པའི་ཚིག་གོ། །སྒྱུ་རྩལ་གྱི་ཚིག་ཏུ་འགྱུར་གྱི་གཉིས་སུ་མེད་པ་ལ་དེ་མི་སྣང་ངོ་། །བསམ་གཏན་

གྱི་ཚིག་དང་། བསམ་གཏན་མེད་པའི་ཚིག་ནི་བསམ་གཏན་པ་དང་། བསམ་གཏན་དུ་བྱ་བ་དང་། བསམ་གཏན་དང་དེ་གསུམ་ནི་ཕྱིའི་དོན་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམ་པ་ལ་སྣང་ངོ་། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་། ཕྲ་

མོ་གཞིགས་ཏེ། མི་དམིགས་པ་དེའི་ཚེ་མི་གཉིས་པ་བདག་ཉིད་ཀྱིས་གནས་པར་འགྱུར་རོ། །ནོར་པའི་ཚིག་དང་། ནོར་པ་མ་ཡིན་པའི་ཚིག་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ནོར་པའི་ཚིག་སྟེ། དེ་གཉིས་ཤེས་རབ་ཀྱིས་དཔྱད་པ་ན་གཉིས་ཀྱི་རྣམ་པའི་ནོར་པ་དང་བྲལ་བ་ནོར་པ་མེད་

པའི་ཚིག་ཏུ་འགྱུར་རོ། །སྣང་བའི་ཚིག་དང་། སྣང་བ་མེད་པའི་ཚིག་ནི་གཟུགས་ལ་སོགས་པ་སྣང་བའི་ཚིག་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་བྱ་བས་དེ་དེ་ལྟར་སོང་སྟེ། སྣང་བ་མེད་པའི་ཚིག་ཏུ་འགྱུར་རོ། །སྲུང་བའི་ཚིག་

Vol. 121 · folio 60b

དང་། བསྲུང་བ་མེད་པའི་ཚིག་ནི་འདིས་བསྲུང་བར་བྱ་བ་དང་། འདི་སྲུང་བར་མི་བྱ་བ་དང་། གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་ལས་སྲུང་བར་འགྱུར་གྱི། གཉིས་སུ་མེད་པ་ལས་དེ་ལྡོག་སྟེ། དེ་བས་ན་སྲུང་བའི་ཚིག་ནི་བསྲུང་བ་མེད་པའི་ཚིག་ཏུ་འགྱུར་རོ། །རུས་ཀྱི་ཚིག་དང་། རུས་

མེད་པའི་ཚིག་ཅེས་བྱ་བ་ལ། རུས་ནི་རྒྱུད་ཡིན་ཏེ། དེ་ཡང་གཉིས་ཀྱི་རྣམ་པའི་ཤེས་པས་འཛིན་གྱི་གཉིས་སུ་མེད་པ་ལ་མི་སྣང་བས་ན་རུས་མེད་པའི་ཚིག་ཏུ་ཡང་དག་པར་རྟོག་པར་འགྱུར་རོ། །དྲང་སྲོང་གི་ཚིག་དང་། དྲང་སྲོང་མ་ཡིན་པའི་ཚིག་ནི་པ་ཏན་ཛ་ལའི་རྣལ་འབྱོར་ལ་

ཡན་ལག་བརྒྱད་ཡོད་པ། སྡོམ་པ་དང་། ངེས་པ་དང་། སྟན་དང་། སྲོག་གི་འབད་པ་དང་། ཕྱིས་བསྒྲུབ་པ་དང་། བསམ་གཏན་དང་། འཛིན་པ་དང་། ཏིང་ངེ་འཛིན་ཏོ། །དྲང་སྲོང་ཨ་གསྟའི་རྣལ་འབྱོར་ཡང་། །སྲོག་འབད་དེ་བཞིན་བསམ་གཏན་དང་། །ཕྱིས་བསྒྲུབ་དེ་

ནས་འཛིན་པ་དང་། །རྟོག་གེ་ཏིང་འཛིན་དེ་བཞིན་དུ། །ཡན་ལག་དྲུག་གི་རྣལ་འབྱོར་བརྗོད། །དྲང་སྲོང་ན་ཀའི་རྣལ་འབྱོར་ནི། །འཛུམ་པ་ཕྱེ་བ་དེ་བཞིན་དུ། །ཐལ་མོ་ཙམ་དུ་རྣམ་ཤེས་བྱ། །དེ་བཞིན་བཅུ་གཉིས་ཙམ་པོ་ནི། །སྲོག་འབད་པར་ནི་མངོན་བརྗོད་བྱ། །སྲོག་

འབད་བཅུ་གཉིས་འཛིན་པ་སྟེ། །འཛིན་པ་གཉིས་ནི་རྣལ་འབྱོར་ཡིན། །དེ་ལྟར་རྣལ་འབྱོར་ལྡན་པ་ལ། །དབང་ཕྱུག་རབ་ཏུ་འགྲུབ་པར་འགྱུར། །བདག་གི་མཆོག་ནི་གཟི་བརྗིད་ཀྱིས། །དེ་ནི་འབར་བར་མཐོང་བའོ། །དེ་དེ་ལྟར་དྲང་སྲོང་གི་རིགས་སྲོག་གི་འབད་པ་ལ་སོགས་པའི་

དཀའ་ཐུབ་དཀའ་བས་ཀུན་ཏུ་ཉོན་མོངས་པར་འགྱུར་བའོ། །འཁོར་བའི་རྒྱུ་ནི་ཉོན་མོངས་པ་མ་ཡིན་ལ། བདག་ཏུ་ཞེན་པ་ཡོངས་སུ་ཟད་པར་བྱེད་པའི་རྒྱུ་ནི་བདག་མེད་པའི་རྣལ་འབྱོར་ཡིན་པ་དེ་དག་གིས་མི་ཤེས་ཏེ། དེ་མི་ཤེས་པས་གྲོལ་བ་མེད་དེ། །འཁོར་བས་ན་དྲང་སྲོང་གི་ཚིག་ནི་

དྲང་སྲོང་མ་ཡིན་པའི་ཚིག་གོ། །ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ། གང་དག་བདག་ཏུ་འདུ་ཤེས་གནས། །དེ་དག་སྡུག་བསྔལ་ཤིན་ཏུ་གནས། །གང་ན་སྡུག་བསྔལ་མེད་པ་ཡིས། །བདག་མེད་དེ་དག་མི་ཤེས་སོ། །རྒྱལ་པོའི་སྲིད་ཀྱི་ཚིག་དང་། རྒྱལ་པོའི་

Vol. 121 · folio 61a

སྲིད་མ་ཡིན་པའི་ཚིག་ནི་རྟག་པ་དང་། བདག་དང་། བདེ་བ་དང་། མཛེས་པའི་དངོས་པོ་ཕྱིན་ཅི་ལོག་པས་དབང་ཕྱུག་འདོད་པར་འགྱུར་རོ། །ཤེས་རབ་ཀྱིས་དཔྱད་དེ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མཛེས་པ་མ་ཡིན་པ་དང་། སྟོང་པར་ཤེས་པ་ན་

རྒྱལ་པོའི་སྲིད་ཀྱི་ཚིག་ནི་རྒྱལ་པོའི་སྲིད་མ་ཡིན་པའི་ཚིག་གོ། །སྐྱེ་བ་དང་། འཆི་བ་དང་། མངལ་དུ་གནས་པ་དང་། ངན་འགྲོར་འགྲོ་བ་ལ་སོགས་པའི་གནོད་པ་ཐམས་ཅད་ལ་སྐྱོབ་པར་འགྱུར་བ་ཡང་རྒྱལ་པོའི་སྲིད་ཀྱི་ཚིག་ནི་རྒྱལ་པོའི་སྲིད་མ་ཡིན་པའི་ཚིག་གོ། །གཟུང་བའི་ཚིག་དང་། གཟུང་

བ་མེད་པའི་ཚིག་ནི་ཤེས་པ་འདིས་ཆུད་པར་བྱེད་དེ། རྟོགས་པར་བྱེད་འཛིན་པར་བྱེད་པས་ན་གཟུང་བའི་ཚིག་གོ། །ཇི་ལྟར་འཕགས་པ་བཙུན་གཙོ་བྱམས་པས་གསུངས་པ། བདག་དང་སེམས་ཅན་དོན་རྣམས་ཤེས། །སྣང་བ་རབ་ཏུ་སྐྱེ་བ་ནི། །རྣམ་ཤེས་དེ་ཡང་དོན་མེད་དེ། །དེ་མེད་པས་ན་དེ་ཡང་

མེད། །ཅེས་བྱས་པས་ན་གཟུང་བ་མེད་པའི་ཕྱིར་གཟུང་བའི་ཚིག་ནི་གཟུང་བ་མེད་པའི་ཚིག་སྟེ། འཛིན་པའི་རང་བཞིན་གྱིས་སྟོང་པར་འགྱུར་རོ། །རིན་པོ་ཆེའི་ཚིག་དང་། རིན་པོ་ཆེ་མེད་པའི་ཚིག་ནི་མཛེས་པའི་རྣམ་པར་རིན་པོ་ཆེ་བརྗོད་པ་ཡིན་ཏེ། དེ་ཡང་ལས་རྣམ་པ་སྣ་ཚོགས་ལས་

སྐྱེས་པ་གཉིས་ཀྱི་རྣམ་པའི་ཤེས་པས་སྣང་གི། གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་ནི་མ་ཡིན་ཏེ། དེས་ན་རིན་པོ་ཆེའི་ཚིག་ནི་རིན་པོ་ཆེ་མ་ཡིན་པའི་ཚིག་གོ། །ལུང་བསྟན་པའི་ཚིག་དང་། ལུང་བསྟན་པ་མེད་པའི་ཚིག་ནི་འདི་རྣམས་ཀྱིས་ལུང་སྟོན་པར་

བྱེད་པས་ན་ཚིག་གི་ལུང་སྟོན་པའོ། །གཟུགས་ཀྱི་ཕུང་པོ་མེད་པས་ན་དེ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་ལུང་བསྟན་པའི་ཚིག་ནི་ལུང་བསྟན་པ་མེད་པའི་ཚིག་གོ། །འདོད་ཆེན་པའི་ཚིག་དང་། འདོད་ཆེན་པ་མེད་པའི་ཚིག་ནི་ལོངས་སྤྱོད་ཀྱིས་མངོན་པའི་ང་རྒྱལ་བསྐྱེད་ཅིང་།

ལྷག་པ་ལ་སོགས་པས་ན་འདོད་ཆེན་པའི་ཚིག་ནི་འདོད་ཆེན་པ་མེད་པའི་ཚིག་སྟེ། ཇི་ལྟར་འདི་ཉིད་དུ་གསུངས་པ། ལོངས་སྤྱོད་ལ་མོས་པ་ནི་གཉིས་ཀྱི་རྣམ་པར་ཤེས་པ་ལ་སྣང་གི །གཉིས་སུ་མེད་ཅིང་བསམ་པ་མེད་པ་སྣང་བ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་ནི་

Vol. 121 · folio 61b

མ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཕོ་སྨོས་དང་། མ་ནིང་གི་ཚིག་དང་། ཕོ་སྨོས་དང་། མ་ནིང་མེད་པའི་ཚིག་ཅེས་བྱ་བ་ནི་ཕྱིའི་དོན་ཡོད་ན་ནི་ཕོ་སྨོས་དང་། མ་ནིང་གི་ཚིག་ཏུ་རྣམ་པར་རྟག་པར་ཡང་འགྱུར་གྱི། གང་གི་ཚེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་

ཕྲན་ཆ་ནི་མེད་པ་སྟེ། །ཞེས་བྱ་བས་ཕྱིའི་དོན་མེད་པར་འགྱུར་བས་དེའི་ཚེ་ཕོ་སྨོས་དང་མ་ནིང་གི་ཚིག་ནི་ཕོ་སྨོས་དང་མ་ནིང་མེད་པའི་ཚིག་གོ། །བྲོ་བའི་ཚིག་དང་། བྲོ་བ་མེད་པའི་ཚིག་ནི། རློམ་སེམས་དཔའ་བོ་བཞིན་བྱད་ངན། །གཏུམ་པོ་རྩེད་མོ་འཇིགས་བྱེད་རྣམས། །སྙིང་

རྗེ་རྨད་བྱུང་ཞི་བ་ཡང་། །གར་གྱི་བྲོ་ནི་དགུ་ཞེས་བྱ། །ཁ་ཅིག་ལ་ནི་བྲོ་རྣམ་པ་བརྒྱད་དེ། ཞི་བ་ནི་ཐོག་མ་དང་། ཐ་མར་གནས་པ་ཡིན་ཏེ། ཞི་བ་ཉིད་ལས་འགྱུར་བའི་རིམ་པ་དང་། རློམ་སེམས་ལ་སོགས་པའི་བྲོ་འབྱུང་ངོ་། །དངོས་པོ་ཐམས་ཅད་ཁོ་ན་ལས། །གང་གིས་གཟུགས་ནི་

མང་འགྱུར་བ། །དེ་ནི་བྲོ་ལ་གནས་པར་བསམ། །ལྷག་མ་འཕོ་བར་འདོད་པའོ། །འཕོ་བ་སྐྱོ་བ་ན་བ་དང་། །བརྩེ་མེད་རྒྱགས་གནས་ལེ་ལོ་དང་། །བརྩེ་བའི་སེམས་དང་གཏི་མུག་དང་། །དྲན་པ་མྱོས་ལ་སོགས་པའོ། །རློམ་སེམས་ལ་སོགས་པའི་རྒྱུར་བསམ་པ་ནི་འགྱུར་བའི་གནས་

ཐོབ་པ་སྟེ། དགོད་པ་དགའ་བ་མྱ་ངན་དང་། །ཁྲོ་བ་སྤྲོ་བ་དེ་བཞིན་འཇིགས། །རྨད་དང་ཡ་མཚན་ཞེས་པ་ནི། །གནས་པའི་དངོས་པོ་བསྒྲགས་པའོ། །འདིར་རྣལ་འབྱོར་གྱིས་དཔྱད་པ་རྩོམ་པས་ན་བྲོ་བའི་དངོས་པོ་དཔྱད་པ་དེ་འདིར་སྤྲོ་བར་མི་བྱ་སྟེ། རྒྱ་ཆེར་ནི་བ་ར་ཏའི་གཙུག་

ལག་ལས་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་འདོད་ཆགས་དང་བྲལ་བ་མཆོག་ཏུ་ཡོངས་སུ་དག་ཅིང་། ཚིག་གི་དབང་པོ་རྣལ་འབྱོར་ལ་མངའ་དབང་བརྙེས་པས་གཞན་གྱི་དོན་དུ་ཐུགས་རྗེ་ཅན་གྱི་སྤོང་བའི་ཆར་གསུང་བར་མཛད་དོ། །རྟག་པ་དང་། བདག་

དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པ་རྣམས་ཀྱིས་རློམ་སེམས་ལ་སོགས་པར་འགྱུར་བའི་ཕྱིའི་དོན་མེད་པར་ཡོངས་སུ་ཤེས་པས་གང་ཆགས་པར་འགྱུར་བ་དང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་པར་འགྱུར་བའི་ཆོས་དེས་དེ་

Vol. 121 · folio 62a

ཀུན་ཏུ་མི་མཐོང་སྟེ། དེ་བས་ན་བྲོ་བའི་ཚིག་ནི་བྲོ་བ་མེད་པའི་ཚིག་གོ། །གཞན་ཡང་འོ་མ་དང་བུ་རམ་ལ་སོགས་པ་མྱོང་བ་ཕྱིའི་དོན་མེད་པར་རྨི་ལམ་ཚོར་བ་བཞིན་པས་ན་གཉིས་ཀྱི་རྣམ་པ་ཐམས་ཅད་ནི་གཉིས་སུ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་མི་འཇུག་

པས་བྲོ་བ་མེད་པའི་ཚིག་གོ། །བྱེད་པའི་ཚིག་དང་། བྱེད་པ་མེད་པའི་ཚིག་ནི། འདུས་བྱས་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་བྱ་བ་སྟེ། བྱེད་པ་པོ་དང་བྱེད་པ་པོར་ཐ་དད་པ་མ་ཡིན་ཏེ། སྐད་ཅིག་

པའི་ཚིག་གི་དོན་བྱུང་མ་ཐག་ཏུ་འཇིག་པས་ན་བྱེད་པ་པོ་དེའི་བྱེད་པ་ལྟ་ག་ལ་ཡོད་པས་དེས་ན་བྱེད་པའི་ཚིག་ནི་བྱེད་པ་མེད་པའི་ཚིག་གོ། །རྒྱུའི་ཚིག་དང་། རྒྱུ་མེད་པའི་ཚིག་ཅེས་བྱ་བ་ལ། རྒྱུ་ནི་བྱེད་པ་པོ་སྟེ། གང་གི་དུས་ན་རྒྱུ་ཡོད་པ་དེའི་དུས་ན། འབྲས་བུ་མེད་པ་དེའི་སྐད་ཅིག་པ་

ནི་ཞིག་པ་དང་མ་ཞིག་པ་གང་དང་ཡང་མི་འབྲལ་ཏེ། བྱ་བ་མེད་པས་ནི་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་པར་འགྱུར་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འབའ་ཞིག་སྟེ། དེས་ན་རྒྱུའི་ཚིག་ནི་རྒྱུ་མེད་པའི་ཚིག་གོ། །ལུས་ཀྱི་ཚིག་དང་། ལུས་མེད་པའི་ཚིག་ནི་ཕྱིའི་དོན་དུ་སྒྲོ་བཏགས་པ་དེ་ལུས་སུ་

ཀུན་ཏུ་རྟོག་པ་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་བྱ་བས་ཕྱིའི་དོན་སྔར་སུན་ཕྱུང་བ་བཞིན་དུ། ཕྱིའི་དོན་མེད་པས་ན་ལུས་ཀྱི་ཚིག་ནི་ལུས་མེད་པའི་ཚིག་གོ། །རྟོག་གེའི་ཚིག་དང་། རྟོག་གེ་མེད་པའི་ཚིག་ཅེས་བྱ་བ་ལ་རྟོག་གེ་ནི་ཚད་མ་དང་

གཞལ་བ་སྟེ། དེ་ཡང་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལས་འབྱུང་བ་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ། །གང་ནེ་ཡི་ཡ་ཡི་ཀ་ལ་སོགས་པས་ཚིག་གི་དོན་བཅུ་དྲུག་དང་། དྲུག་དང་། ཉི་ཤུ་ལྔ་དང་། ཡོད་པར་འགྱུར་བ་རྣམ་པ་

བདུན་དང་། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་དང་། སྤྱི་དང་ཁྱད་པར་དུ་ཀུན་ཏུ་བརྟགས་པས་ཚད་མ་དང་གཞལ་བ་ལ་སོགས་པ་ནི་ཕྱིའི་དོན་མེད་པས་ཤེས་རབ་ཀྱིས་དཔྱད་པ་ནི་ཕུང་པོར་མི་གནས་འཇིག་པ་ཉིད་ཀྱི་ཕྱིར་སྟོང་པ་ཡིན་ནོ། །ཕྱི་རོལ་གྱི་ཕུང་པོར་གནས་པ་སྦོམ་པོ་དང་ཕྲ་མོ་

Vol. 121 · folio 62b

རྣམ་པར་གཞིགས་པ་ན་ཁྱིམ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །རྟག་པ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་དོ། །དེས་ན་རྟག་པ་དང་། བདག་དང་ཕྱིའི་དོན་དུ་ཀུན་ཏུ་བརྟགས་པའི་མུ་སྟེགས་ཅན་གྱི་རྟོག་གེའི་ཚིག་ནི་རྟོག་གེ་མེད་པའི་ཚིག་གོ། །

གཡོ་བའི་ཚིག་དང་། གཡོ་བ་མེད་པའི་ཚིག་ནི་སྐྱེ་བ་དང་། འགོག་པ་ལ་སོགས་པ་ཀུན་ཏུ་རྟོག་པ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འགྱུར་གྱི་མི་གཉིས་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ལ་ནི་མ་

ཡིན་ནོ། །དབང་པོའི་ཚིག་དང་། དབང་པོ་མེད་པའི་ཚིག་ནི་ལུས་ལ་སོགས་པའི་ཚིག་སྟེ། ལུས་དང་དབང་པོ་ལ་སོགས་པའི་ཚིག་གི་བཤད་པ་ནི་ཕྱིའི་དོན་སུན་དབྱུང་བ་བཞིན་ནོ། །རིང་པོ་ལ་སོགས་པའི་དབྱིབས་མེད་པས་ན། དེ་བཟློག་པའི་དོན་དུ་རྣམ་པ་མང་པོ་བཤད་པ་

ཡིན་ཏེ། ལང་ཀར་གཤེགས་པ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བར་དམ་པའི་ཆོས་ཐམས་ཅད་འགྲེལ་པ་ཡིན་པས་ན་ཐམས་ཅད་མཁྱེན་པའི་གསུང་དེར་ལྷག་ཆད་ཀྱི་སྐྱོན་དུ་མི་འགྱུར་བར་བསམ་མོ། །འདུས་བྱས་ཀྱི་ཚིག་དང་། འདུས་བྱས་མེད་པའི་

ཚིག་ནི་རྒྱུ་དང་རྐྱེན་གྱིས་བྱས་པ་ནི་འདུས་བྱས་སོ། །འདུས་མ་བྱས་པ་ནི་དངོས་པོ་མེད་པའོ། །ཁ་ཅིག་གིས་འཆད་པ་ནི་ཆུད་པ་གཉིས་ཀྱི་རྣམ་པས་སྟོང་ཞིང་ཡོངས་སུ་དག་པ་ནི་འདུས་མ་བྱས་པ་ཉིད་དོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་

ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་འདི་ནི་སྟོན་པས་བཏགས་པའི་ཚིག་གོ། །སྐད་ཅིག་པ་ནི་འདུས་བྱས་སོ། །རྒྱུན་དུ་འགྲེལ་པ་ནི་འདུས་མ་བྱས་སོ། །འདི་ནི་སུས་ཀྱང་མི་བྱ་སྟེ། ཆོས་ཀྱི་ཆོས་ཉིད་དེ་ཡོངས་སུ་གྱུར་པའོ་ཞེས་རྒྱ་ཆེར་རོ། །འདིར་འདུས་མ་

བྱས་ཀྱི་ཚིག་འདི་འཛིན་པ་དང་། གཟུང་བ་དང་བྲལ་བའི་སྟོང་པ་དོན་དམ་པ་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ལ་དགོངས་པར་རྟོག་གོ། །རྒྱུ་དང་རྐྱེན་གྱིས་བྱས་པ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་སྐྱེ་བ་བཞིན་དུ་སྐྱེ་

Vol. 121 · folio 63a

བའི་རང་བཞིན་མེད་པས་ན་ཡོངས་སུ་གྲུབ་པ་ཡང་དག་པར་རིག་པའི་རང་བཞིན་འབའ་ཞིག་ལ་གནོད་པ་མེད་དོ། །འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བཤད་པ་དང་། དགོངས་པ་ངེས་པར་འགྲེལ་པ་བཤད་པའི་རྩོད་པའི་གནས་སུ་བདག་གིས་ཞིབ་ཏུ་

བཤད་ཀྱིས་འདིར་ཡང་སྦྱར་བར་བྱའོ། །རྒྱུ་དང་འབྲས་བུའི་ཚིག་དང་། རྒྱུ་དང་འབྲས་བུ་མེད་པའི་ཚིག་ཅེས་བྱ་བ་ལ། རྒྱུ་ནི་བྱེད་པ་སྟེ། གང་གི་ཚེ་ན་འབྲས་བུ་ཡོད་པ་དེའི་ཚེ་ན་རྒྱུ་མེད་དོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་པ་གཅིག་ནི་ཐོག་མ་དང་། ཐ་མའི་སྐད་ཅིག་པ་དང་མི་འབྲེལ་

བའི་ཕྱིར་ཏེ། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འབའ་ཞིག་གོ། །དེས་ན་བྱེད་པ་དང་བྱེད་པ་པོར་འབྲེལ་པར་གཞན་གྱིས་ཀུན་བརྟགས་པའི་རྒྱུ་དང་འབྲས་བུའི་ཚིག་ནི་རྒྱུ་དང་འབྲས་བུ་མེད་པའི་ཚིག་གོ། །འོག་མའི་ཚིག་དང་། འོག་མིན་

གྱི་ཚིག་ཅེས་བྱ་བ་ལ། འོག་མའི་ཚིག་ནི་འཁོར་བར་གནས་པ་ནའོ། །ཡང་རྣལ་འབྱོར་བསྒོམ་པ་ན་མཆོག་ཏུ་ཕྱིན་ནས་མཆོག་ནི་འོག་མིན་གྱི་ཚིག་གོ། །དུས་ཀྱི་ཚིག་དང་། དུས་མེད་པའི་ཚིག་ནི་ཕྱིའི་དོན་ཡོད་ན་ནི་གྲང་བ་དང་དྲོ་བ་ལ་སོགས་པའི་ཁྱད་པར་གྱི་དུས་ཀྱི་ཚིག་ཀྱང་ཀུན་ཏུ་

བརྟགས་ན་ཕྱིའི་དོན་མེད་པས་དུས་ཀྱི་ཚིག་ནི་དུས་མེད་པའི་ཚིག་ཡིན་ནོ། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་བ་རྣམ་པར་གཞིགས་པ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་མི་དམིགས་པ་དེའི་ཚེ་སྔར་བཤད་པ་བཞིན་དུ་ཐམས་ཅད་གཉིས་སུ་མེད་པ་

དང་སྦྱར་བར་བྱའོ། །ཤིང་དང་ཤིང་གེལ་བ་དང་། ལྕུག་མ་གྱེས་པའི་ཚིག་དང་། ཤིང་དང་། ཤིང་གེལ་པ་དང་། ལྕུག་མ་གྱེས་པ་མེད་པའི་ཚིག་ནི་རབ་ཏུ་རྨོངས་པ་རྣམས་ཀྱིས་དེ་ལྟ་བུར་སྣང་བ་ཙམ་ལ་ཕྱིའི་དོན་དུ་ཀུན་ཏུ་རྟོག་པར་བྱེད་དེ། དེ་དག་ལ་རྨི་ལམ་གྱི་དུས་ན་ཡང་ཤིང་

དང་ཡང་། ཤིང་གེལ་པ་དང་། ལྕུག་མ་གྱེས་པའི་ཚིག་སྣང་བ་དེ་བཞིན་དུ་རྨི་ལམ་མེད་པའི་དུས་ན་ཡང་ཕྱིའི་དོན་དུ་ཀུན་ཏུ་རྟག་པ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །

Vol. 121 · folio 63b

ཞེས་བྱ་སྟེ། དེས་ན་ཤིང་དང་། ཤིང་གེལ་པ་དང་། ལྕུག་མ་གྱེས་པའི་ཚིག་ནི་ཤིང་དང་། ཤིང་གེལ་པ་དང་། ལྕུག་མ་གྱེས་པ་མེད་པའི་ཚིག་སྟེ་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ། ཅི་ཡང་མི་སྣང་ཞིང་མི་དམིགས་པ་དེའི་ཚེ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་

པ་ཉིད་གཉིས་པ་ཡང་དག་པར་རིག་པ་ཉིད་གནས་སོ། །སྣ་ཚོགས་ཀྱི་ཚིག་དང་སྣ་ཚོགས་མེད་པའི་ཚིག་ཅེས་བྱ་བ་ལ། སྣ་ཚོགས་ནི་གང་གཞན་གྱི་དབང་ཉེ་བར་སྐྱེ་བ་སྟེ། དེ་གཉིས་ཀྱི་རྣམ་པ་དོན་དམ་པར་སྐྱེ་བའི་རང་བཞིན་མེད་པས་ན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་

ནོ། །ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། དངོས་པོ་གང་གིས་བརྟག་བྱ་བ། །ཡང་དག་དེ་ནི་གཟུགས་མེད་དེ། །གང་ཕྱིར་གཅིག་དང་དུ་མར་ནི། །དེ་དག་གཟུགས་ནི་ཡོད་མ་ཡིན། །གང་གི་ཚེ་ན་ཤེས་རབ་ཀྱིས་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་

ཏེ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ། བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་གཉིས་སུ་མེད་པར་གྲུབ་པ་ཉིད་གནས་སོ། །དེའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་པ་གཉིས་སུ་མེད་པ་ལ་རྣམ་པ་སྣ་ཚོགས་ཐམས་ཅད་མི་

འཇུག་སྟེ། དེ་བས་ན་སྣ་ཚོགས་ཀྱི་ཚིག་ནི་སྣ་ཚོགས་མེད་པའི་ཚིག་གོ། །བསྟན་པས་བཟུང་བའི་ཚིག་དང་། བསྟན་པས་བཟུང་བ་མེད་པའི་ཚིག་ནི་ཕྱིའི་དོན་མེད་པས་ན་དོན་དམ་པར་སྒྲའི་དོན་ཡོད་པ་མ་ཡིན་པ་ཉིད་དོ། །བདག་དང་གཞན་གྱི་དབང་དང་། ཡིད་ལ་བྱེད་པས་ན་སློང་བའི་

མཐུ་དང་། སྙིང་རྗེའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པ་དུ་མར་སྒྲའི་དོན་དུ་སྣང་བའི་རྣམ་པར་ཤེས་པ་འབའ་ཞིག་རབ་ཏུ་འབྱུང་ངོ་། །ཚེ་ལེན་པ་རྣམས་ཀྱི་ཡང་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་མ་རིག་པས་དམ་པ་དང་། དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་

སོགས་པས་ཀྱང་བདག་ལ་སྣང་བ་འབྱུང་ངོ་། །དེས་ན་བསྟན་པས་བཟུང་བའི་ཚིག་ནི་བསྟན་པས་བཟུང་བ་མེད་པའི་ཚིག་གོ། །འདུལ་བའི་ཚིག་དང་། འདུལ་བ་མེད་པའི་ཚིག་འདི་ནི་བྱའོ་འདི་ནི་མི་བྱའོ་ཞེས་བྱ་བ་འདུལ་བའི་ཚིག་ནི་གཉིས་ཀྱ་རྣམ་པའི་རྣམ་པར་རྟོག་པ་ལ་ཡོད་དེ། །

Vol. 121 · folio 64a

གཉིས་ཀྱི་རྣམ་པར་ཡང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དོན་དམ་པར་མ་སྐྱེས་པས་ན་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་དོན་དམ་པའི་བདེན་པ་གཉིས་སུ་མེད་ཅིང་དངོས་པོ་དང་། དངོས་པོ་མེད་པ་ཡང་རྣམ་པར་མི་རྟོག་པ་ཡང་དག་པར་རིག་པའི་ཚུལ་ཁྲིམས་

ལ་དེ་མི་སྣང་སྟེ། དེས་ན་འདུལ་བའི་ཚིག་ནི་འདུལ་བ་མེད་པའི་ཚིག་གོ། །དགེ་སློང་གི་ཚིག་དང་། དགེ་སློང་མེད་པའི་ཚིག་ནི་སྤྱིར་དགེ་བསྙེན་ལ་སོགས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་སྤོང་བའི་མཚན་ཉིད་ཀྱི་འདུལ་བའི་ཚིག་ཀྱང་ཡོད་དོ། །དགེ་སློང་རྣམས་ཀྱིས་ནི་སོ་སོར་ཐར་པའི་སྡོམ་པས་

བསླབ་པ་ལྷག་པར་འཛིན་ཏེ། གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་འབྱུང་བ་ཐམས་ཅད་ནི་དོན་དམ་པའི་བདེན་པ་མི་གཉིས་པའི་ཚུལ་ཁྲིམས་ལས་ལྡོག་པས་ན་དགེ་སློང་གི་ཚིག་ནི་དགེ་སློང་མེད་པའི་ཚིག་གོ། །བྱིན་གྱི་རླབས་ཀྱི་ཚིག་དང་། བྱིན་གྱི་རླབས་མེད་པའི་ཚིག་ནི་དེས་འདི་བྱིན་གྱི་རླབས་

ཞེས་བྱ་བ་རྣམ་གཉིས་ཀྱི་ཤེས་པ་གཉིས་སུ་མེད་པ་ལས་ལྡོག་པར་འགྱུར་ཏེ། དེ་བས་ན་བྱིན་གྱི་རླབས་ཀྱི་ཚིག་ནི་བྱིན་གྱི་རླབས་མེད་པའི་ཚིག་སྟེ། མི་གཉིས་པ་ནི་སྔ་མ་བཞིན་ནོ། །ཡི་གེའི་ཚིག་དང་། ཡི་གེ་མེད་པའི་ཚིག་ཅེས་བྱ་བ་ལ། ཡི་གེའི་ཚིག་ནི་རྣམ་པར་རྟོག་པའི་ཤེས་པའོ། །ཡི་གེ་

དང་ཚིག་དང་། བརྗོད་པ་ནི་བྱེད་པ་དང་། བྱེད་པ་པོ་མངོན་པར་འབྲེལ་ཏེ་སྦྱོར་བར་འཇུག་གོ་ཞེས་ཏེ། ཇི་ལྟར་བྱ་ཀ་ར་ཎས་ཡོངས་སུ་རྟོགས་པར་བྱེད་པ། དོན་གྱི་དངོས་པོ་ཡིད་འཇུག་པ། །གང་ལས་འགྲོ་བའི་རབ་བྱེད་འབྱུང་། །ཚངས་པ་སྒྲ་ནི་ཡང་དག་པ། །ཐོག་མ་མེད་ཅིང་མི་

འཇིགས་པའོ། །འདི་ནི་ཚངས་སྒྲའི་སྤྲུལ་པ་སྟེ། །སྒྲ་ཡི་མཐུས་ནི་རྣམ་པར་གནས། །སྒྲ་ཙམ་ལས་ནི་བྱུང་བ་ཡང་། །དེ་ཉིད་དུ་ནི་ཞི་བར་འགྱུར། །ཞེས་སོ། །དེས་ན་ཡི་གེ་དང་འབྱོར་པའི་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པའི་ཤེས་པ་ཐམས་ཅད་ནི་ཡི་གེ་མེད་པའི་ཚིག་སྟེ།

དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པ་ལ་མི་སྣང་བའི་ཕྱིར་རོ། །སྒྲ་རྣམས་འདུས་པར་སྨྲས་པ་ནི། །འདུས་པའི་རིགས་ནི་འབྱུང་བར་བྱེད། །ཡན་ལག་མེད་པའི་སྒྲ་གཅིག་ལ། །རིམ་ནི་བློ་རྗེས་སྒྲུབ་པའོ། །ཐོག་མའི་ཚིག་ནི་ཐ་དད་ཀུན། །ཚིག་ནི་ལྟོས་བཅས་

Vol. 121 · folio 64b

ཤེས་པ་ཡང་། །བརྗོད་པས་སོ་སོར་བློས་མི་མཐུན། །ཚུལ་སྨྲ་རྣམས་ཀྱི་རྣམ་པ་མང་། །ཁ་ཅིག་ལ་ལ་ཡི་གེ་དང་། །ཚིག་དང་ངག་ནི་བརྗོད་པ་སྟེ། །ཡི་གེ་མ་གཏོགས་ཚིག་ཅེས་པ། །གཞན་ནི་ཡོད་པ་མ་ཡིན་ཏེ། །ངག་ནི་ཡི་གེ་ཚིག་ལས་ཀྱང་། །ལྷག་པར་ཅུང་ཟད་ཡོད་པ་མིན། །ཚིག་ཅེས་བྱ་

བ་ཅུང་ཟད་ཀྱང་། །དངོས་པོ་ངེས་པ་གང་ནའང་མེད། །ཚིག་རྣམས་གཟུགས་དང་དོན་ཡང་རུང་། །ངག་ཉིད་ལས་ནི་ཆུད་པར་འགྱུར། །ལ་ལས་ཚིག་ནི་རྣམ་གཉིས་དང་། །རྣམ་བཞི་རྣམ་ལྔར་ཕྱེ་བ་སྟེ། །རང་བཞིན་རྐྱེན་ལ་སོགས་པ་བཞིན། །ངག་རྣམས་ལས་ནི་སྟོན་ནས་སུ། །ལྡན་པར་

མངོན་པར་བརྗོད་པ་དང་། །ལྡན་པ་ལས་མངོན་པར་བརྗོད་པའི་མཚན་ཉིད་ཅན་གྱི་ངག་གོ་ཞེས་སོ། །སྤྱོད་པ་ཅན་དང་། བྱ་ཀ་ར་ཎ་ལ་སོགས་པ་ཡོངས་སུ་རྟོགས་པར་བྱེད་པ། ཇི་སྙེད་ཅི་འདྲ་གང་དག་ཀྱང་། །དོན་གང་སོ་སོར་བསྒྲུབ་པ་ཡིས། །འབྲུ་རྣམས་མཐུས་ནི་རབ་ཤེས་པ། །དེས་ན་ཡི་

གེ་དོན་ཆོས་ཉིད། །ཅེས་རིམ་པ་གང་ཞིག་གི་དོན་གང་ཞིག་རྗོད་པར་བྱེད་པ་ཞེས་སོ། །ལ་ལས་སྨྲ་བ་ནི་ངག་གིས་སྨྲ་བར་བྱེད་གྱི་ཚིག་གིས་ནི་མ་ཡིན་ཏེ། ཡི་གེ་ཡན་ལག་ལྟར་ཐེ་ཚོམ་བསྐྱེད་པའི་ཕྱིར་རོ། །རྟག་པར་སྨྲ་བ་སངས་རྒྱས་པ་ལ་སོགས་པ་རྣམས་ལ་ནི་བཏགས་པའི་ཐ་སྙད་པས་ན་གཉིས་

ཀྱི་རྣམ་པའི་རྣམ་པར་ཤེས་པ་ཐམས་ཅད་དོན་དམ་པའི་བདེན་པ་མི་གཉིས་པའི་ཤེས་པ་ལས་ལྡོག་པ་སྟེ། དེས་ན་ཡི་གེའི་ཚིག་ནི་ཡི་གེ་མེད་པའི་ཚིག་ཅེས་འཕགས་པ་བློ་གྲོས་ཆེན་པོས་དྲི་བ་བརྒྱ་རྩ་བརྒྱད་གསོལ་བའི་ལན་ཐམས་ཅད་མཁྱེན་པས་མི་གཉིས་པའི་ཚིག་ཏུ་བཀའ་སྩལ་ཏོ། །

གང་གཉིས་སུ་མེད་པ་དང་། རྣམ་པ་གཉིས་སུ་མི་འབྱེད་པ་དང་། ཆད་པ་མེད་པ་དང་། ཕྱེ་བ་མེད་པ་དང་། བདེན་པ་ཡང་དག་པར་རིག་པ་དེ་ནི་མི་གཉིས་པ་ཞེས་བྱའོ། །ཐམས་ཅད་མཁྱེན་པས་སེམས་ཅན་ཐམས་ཅད་སོ་སོར་ཆུད་པར་བྱ་བའི་དོན་དུ་བླང་བ་དང་སྤང་བའི་ཁྱད་པར་དུ་

ལྷག་པ་དང་། ཆད་པ་དང་། ཟློས་པ་དང་། རྣམ་གྲངས་ཀྱི་སྒྲའི་དོན་ཐ་དད་པས་རྒྱ་ཆེར་བསྒྲུབ་པ་ནི་སེམས་ཅན་རྣམ་པ་མང་པོ་རབ་ཏུ་ཆུད་པར་འཇུག་པས་ན་བརྒལ་བར་མི་བྱའོ། །སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་བ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཚིག་གི་དབང་པོ་མཆོག་ཏུ་

Vol. 121 · folio 65a

ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཆོ་འཕྲུལ་སྣ་ཚོགས་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་བསམ་པ་རངས་པར་མཛད་པ་རྣམས་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །དེའི་ཕྱིར་ཡེ་ཤེས་བཟང་དཔལ་

གྱིས་ཚིག་བརྒྱ་རྩ་བརྒྱད་སངས་རྒྱས་ཀྱིས་བློ་གྲོས་ཆེན་པོ་ལ་གསུངས་པ་འདི་རིགས་པ་དང་། ལུང་དང་། བདག་དང་། གཞན་གྱི་གྲུབ་པའི་མཐའི་རྗེས་སུ་མཐུན་པར་བཤད་དོ། །རྟག་ཏུ་བདག་ལ་ཆགས་པས་སྲིད་པ་འབྱུང་། །དེ་ཟད་ཉིད་ལས་ཐར་པར་འགྱུར་བ་སྟེ། །ཚོགས་གནས་

མི་འཇིགས་མིན་པ་འཁྲུལ་རབ་རིབ། །དྲ་བས་གློངས་པ་བཞིན་དུ་རབ་ཏུ་ཞི། །སྦོམ་པོ་ཕྱོགས་ཆར་དབྱེ་སྟོང་རྟག་པ་ཡང་། །ནམ་མཁའ་པདྨོ་འདྲ་སྟེ་མ་སྐྱེས་པ། །ཡེ་ཤེས་དཔལ་བཟང་ཚད་མ་ཚུལ་གཉིས་ནི། །སངས་པ་མི་གཉིས་ཡང་དག་འདུལ་བ་ཡང་། །མདོ་སྡེ་རབ་མང་སྨོན་ལམ་

གྱིས། །གཞན་དབང་ཇི་ལྟར་བྱ་སྙམ་སྟེ། །ཤེས་རབ་སྙིང་རྗེ་ཡངས་པས་ནི། །ཆོས་སྦྱིན་ནན་ཏན་གཞན་གྱིས་གསོལ། །ཚིག་དབང་བཀའ་དྲིན་དྲི་བ་རྣམས། །ལན་དོན་ཁྱད་པར་དྲན་ཡུལ་གྱུར། །བདག་བློ་གཞན་གྱི་ཐེ་ཚོམ་མེད། །ཤེས་དཔལ་བཟང་པོས་ངེས་དོན་བཤད། །གློངས་

ཆོད་འབྲས་བུར་གྱུར་ཀྱང་བླ། །ནོར་གྱིས་བསླད་པ་མ་མཐོང་རུང་། །དེ་མཐོང་བུ་འཕངས་རྒྱགས་གསར་ཅན། །ལེགས་སྡིག་ལྟོས་མེད་ཤེས་ནས་ནི། །མི་རྟག་སྡུག་བསྔལ་མཛེས་མིན་ཚོགས། །འཇིག་རྟེན་འདི་ནི་རྨི་ལམ་སྟོང་། །ཡེ་ཤེས་དཔལ་བཟང་ཚིག་རྣམས་ཀྱིས། །མཁས་པས་

སྐྱེ་མཐར་ནན་ཏན་གྱིས། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ནི་སྐྱེ་བ་དང་། གནས་པ་དང་། འགག་པ་ལ་རྣམ་པ་གཉིས་ཡོད་དེ། རྟོག་པ་པ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ། །འདི་ལྟ་སྟེ། རྒྱུན་འགག་པ་དང་། མཚན་ཉིད་འགག་པའོ། །རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་ཡང་རྣམ་པ་

Vol. 121 · folio 65b

གཉིས་ཏེ། རྒྱུན་སྐྱེ་བ་དང་། མཚན་ཉིད་སྐྱེ་བའོ། །གནས་པའང་རྣམ་པ་གཉིས་ཏེ། རྒྱུན་གནས་པ་དང་། མཚན་ཉིད་གནས་པའོ་ཞེས་བྱ་བ་ནི་འཕགས་པ་བློ་གྲོས་ཆེན་པོ་གཉིས་ཀྱི་རྣམ་པའི་ཞུ་བ་བརྒྱ་རྩ་བརྒྱད་ཀྱི་ལན་ནི་བཅོམ་ལྡན་འདས་ཀྱིས་གཉིས་སུ་མེད་པ་དོན་དམ་པའི་ཚིག་བརྒྱ་

རྩ་བརྒྱད་ཀྱིས་སྤངས་མོད་ཀྱི། འོན་ཀྱང་འཕགས་པ་བློ་གྲོས་ཆེན་པོས་གཞན་གྱི་ཆེད་དུ་སྤྱི་དང་ཁྱད་པར་གྱི་རྣམ་པ་དྲི་བར་བྱེད་པ། བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་རྣམ་པ་དུ་མཆིས་ཞེས་པ་ལ། སྐྱེ་བ་རྣམ་པ་གཉིས་ཞེས་སོ། །དེས་

ན་དེ་ལ་རྒྱུན་སྐྱེ་བ་ནི་གང་ལ་ཀུན་འདུས་པའི་དབང་གིས་རང་གི་མཚན་ཉིད་འཕེན་ནུས་པ་སྟེ། ཇི་ལྟར་བགེགས་མེད་པའི་ཆུ་རྒྱུན་དུ་འབབ་པ་ལ་སོགས་པ་འདྲ་བའི་སྐད་ཅིག་པ་གཞན་འདེབས་ནུས་པའོ། །ཇི་ལྟར་སེ་གོལ་གྱི་སྒྲ་དང་། གློག་ལ་སོགས་པ་ཐོག་མ་དང་། ཐ་མའི་དུས་སུ་

གནས་པའི་རྣམ་པའི་ཆ་དང་བྲལ་བའི་སྐད་ཅིག་པ་རྣམས་ཀྱིས་སྐད་ཅིག་པ་མངོན་སུམ་དུ་འཛིན་པའོ། །རྟོག་པ་པ་རྣམས་ཀྱིས་ཁོང་དུ་མི་ཆུད་པ་ཞེས་བྱ་བ་ནི་གང་གི་ཚེ་སེ་གོལ་གྱི་སྒྲ་བཞིན་དུ་འདྲ་བའི་སྐད་ཅིག་པ་གཞན་འཕེན་པ་མེད་པ་དེའི་ཚེ་མངོན་སུམ་གྱིས་སྐད་ཅིག་པ་འཛིན་ཏོ་ཞེས་

ཐམས་ཅད་མཁྱེན་པས་དེར་དགོངས་པའོ། །དེ་ལ་གྲངས་ཅན་དང་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་གང་དག་གིས་དངོས་པོ་སྐད་ཅིག་པ་དྲུག་གི་བར་དུ་གནས་པར་འདོད་པ་དེ་དག་གི་སྐད་ཅིག་པའི་མཚན་ཉིད་དང་རྒྱུན་གྱི་མཚན་ཉིད་ཁོང་དུ་མི་ཆུད་དོ། །ཇི་ལྟར་གྲངས་ཅན་གྱི་

འགྱུར་བ་ཆ་དྲུག་ཏུ་འདོད་པ་ནི་སྐྱེ་བ་དང་། ཡོད་པ་དང་། འགྱུར་བ་དང་། རྣམ་པར་འཕེལ་བར་འགྱུར་བ་དང་། འགྲིབ་པ་དང་། འཇིག་པ་ཞེས་བྱ་བ་སྟེ། བློ་དང་། སྒྲ་དང་། མེ་མྱུར་དུ་འཇིག་པ་རྣམས་ལ་ཡང་ངོ་། །རིམ་དང་ཅིག་ཅར་གཅིག་ཏུ་ཡང་རྟག་ཏུ་མེད་ན་

མྱུར་དུ་འཇིག་པའི་རང་བཞིན་ལ་ཇི་ལྟར་འགྱུར། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱིས་སྐད་ཅིག་པ་དྲུག་ཏུ་གནས་པར་ཀུན་ཏུ་རྟོག་པ་ནི་ཡོད་པ་དང་། འབྲེལ་བའི་དུས་དང་གནས་པའི་དུས་དང་། ཐ་མར་ཡོན་ཏན་སྐྱེ་བའི་དུས་དང་། དམིགས་པའི་དུས་དང་།

Vol. 121 · folio 66a

འཇིག་པའི་རྒྱུ་བསྙེན་པའི་དུས་ཞེས་སོ། །དེ་སྟེ་མྱུར་དུ་འཇིག་པ། སྐད་ཅིག་པ་དྲུག་ཏུ་གནས་པར་ཀུན་ཏུ་རྟོག་ན་དེའི་ཚེ། སྐད་ཅིག་པ་དྲུག་རེ་རེ་ལ་ཡང་སྐད་ཅིག་པ་དྲུག་གནས་པར་ཀུན་ཏུ་རྟོག་པར་གྱིས། དེ་ནས་རྟོག་པ་པ་རྣམས་རྟག་པར་འཁྲུལ་ཏེ། རྩྭ་དང་སྐྲ་ལ་སོགས་པ་

བཅད་ནས་ཡང་སྐྱེས་པ་དེ་བཞིན་དུ་རྒྱུན་གྱི་རང་བཞིན་ལ་འདྲ་བའི་སྐད་ཅིག་པ་གཞན་འབྱུང་བ་མི་ཤེས་པས་ན་སྐད་ཅིག་པའི་མཚན་ཉིད་ཁོང་དུ་མི་ཆུད་དོ། །རྟོག་པ་པ་རྣམས་ཀྱི་ཤེས་པ་ནི་ཚད་མ་སྟེ། ཇི་ལྟར་གང་གི་ལྷ་སྦྱིན་འདི་དེ་ཉིད་ཡིན་ཞེས་པ་དང་། ཉམ་ཆུང་བ་དང་། ཚོ་བ་དང་།

ཁ་དོག་འདི་ཉིད་པ་དང་། རིང་བ་དང་། ཐུང་བ་དང་། དེ་སྡུག་བསྔལ་ཅན་འདི་ཉིད་དང་། བདེ་བ་ཅན་ཞེས་དེ་དེ་ལྟར་དེ་དག་རྒྱུན་ལ་རྟག་པར་འཁྲུལ་ནས་དེའི་ཕྱིར་རྟོག་པ་པ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ། །དེ་དེ་ལྟར་ཐམས་ཅད་མཁྱེན་པས་སྐྱེ་བ་དང་། གནས་པ་དང་། འགོག་པ་མཚན་ཉིད་

དང་། རྒྱུན་རྣམ་པ་གཉིས་སུ་དགོངས་ལ། རྟོག་པ་པ་རྣམས་ཀྱིས་རྒྱུན་ལ་རྟག་པར་ཀུན་ཏུ་རྟོག་པ་ནི་ཇི་ལྟར་མུ་སྟེགས་ཅན་ཀྵ་པ་ན་ཀས་ཀུན་ཏུ་རྟོག་པ་སྤྱི་བདག་ཉིད་དུ་རྟོག་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྟག་ཀྱང་རྟག་ལ་མི་རྟག་པར་འགྱུར་བ་དང་། སྤྱི་བདག་ཉིད་དུ་རྟག་

པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱ་བ་དང་། ཁྱད་པར་གྱི་བདག་ཉིད་དུ་མི་རྟག་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱ་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྟག་ཀྱང་རྟག་ལ་མི་རྟག་པར་འགྱུར་བ་ཡང་ཅིག་ཅར་སྨྲ་བར་མི་བྱ་བ་དང་། སྤྱི་དང་ཁྱད་པར་གྱི་བདག་

ཉིད་དུ་རྟག་པར་འགྱུར་བ་ཡང་ཅིག་ཅར་སྨྲ་བར་མི་བྱ་སྟེ། ཡུལ་དང་། དུས་དང་། རིམ་པ་དང་། རྣམ་པ་ལ་ལྟོས་ཏེ་ཐམས་ཅད་ཡོད་པར་འགྱུར་བ་དང་། ཐམས་ཅད་མེད་པར་འགྱུར་བ་དང་། སྨྲ་བར་མི་བྱ་བར་ཞེས་བྱ་བ་དེ་དེ་ལྟར་སྤྱི་དང་ཁྱད་པར་དུ་རྟོག་པ་པ་རྣམས་ཀྱི་གང་དོན་གྱི་བྱ་བ་

ནུས་པ་དེ་ཉིད་ད་ལྟར་གྱི་དུས་ན་ཚད་མས་རྟོགས་པར་བྱ་བ་གཞལ་བར་རྣམ་པར་གཞག་གོ། །གང་ཡང་འདས་པ་དང་། མ་འོངས་པ་དེ་ནི་མེད་པ་ཉིད་དེ། རྒྱུད་ཀྱི་རྒྱུན་ལ་རྣལ་འབྱོར་པའི་རྟོག་པ་པ་རྣམས་ཀྱིས་རྟག་པ་འབའ་ཞིག་ཀུན་ཏུ་རྟོག་པ་སྟེ། ཇི་ལྟར་དཔྱོད་པ་ཅན་རྣམས་རྟོགས་པར་

Vol. 121 · folio 66b

བྱེད་པ། དངོས་པོའི་གཟུགས་ནི་གཅིག་མིན་ཏེ། །ཅིག་ཅར་དང་ནི་རིམ་གྱིས་ནི། །འདོད་པ་བཞིན་དུ་རྟོགས་པར་བྱེད། །ཚིག་ནི་རྣམ་པ་གཞན་མེད་དོ། །འདྲེས་པའི་ཚོན་ལ་ཇི་ལྟ་བུའི། །འདོད་པ་བཞིན་དུ་འཛིན་པར་བྱེད། །རྣམ་གྲངས་དངོས་པོ་དེ་བཞིན་དུ། །ཐ་དད་འཐད་མིན་འཛིན་

པའོ། །ཇི་ལྟར་གཅིག་པོ་རྣམ་གྲངས་ཀྱིས། །ཡུལ་གཞན་དུ་ནི་འགྲོ་བ་ཡང་། །ཐ་དད་ཡུལ་གྱིས་ཐ་མི་དད། །སྒྲ་ཡང་དེ་བཞིན་དབྱེར་མེད་དོ། །སུ་ཞིག་ཅིག་ཅར་ཤེས་པ་ལྟར། །ཡང་ཡང་ཤེས་པར་འགྱུར་བ་ན། །དུས་ཀྱི་རིམ་པར་དབྱེར་མེད་པ། །དེ་བཞིན་སྒྲ་ནི་དབྱེར་མེད་དོ། །

དེ་སྟེ་དངོས་པོ་དུ་མ་དང་བྲལ་བའི་དངོས་པོ་གཅིག་མེད་པར་གྱུར་ན་ནི། དེའི་ཚེ་གཅིག་མེད་ན་དུ་མར་ཡང་ཇི་ལྟར་འགྱུར། ཐ་དད་པ་དང་ཐ་དད་པ་མ་ཡིན་པར་རྟག་པ་ཡང་སྒྲོ་བཏགས་ཏེ། སྒྲའི་དོན་གྱི་ཐ་སྙད་ཀུན་ཏུ་བརྟགས་པར་གྱིས། དོན་དམ་པར་ན་གང་གཅིག་གི་རང་བཞིན་ཡིན་པ་དེ་ནི།

གཉིས་པོ་ཇི་ལྟར་ན་འགྱུར། དེའི་ཚེ་བདག་གི་གཟུགས་དང་། གཞན་གྱི་གཟུགས་དབྱེར་མེད་པས་ན་བདག་གི་གཟུགས་དང་། གཞན་གྱི་གཟུགས་ཅིས་ན་ཡིན། འཇུག་པའི་རྒྱུའི་ཁྱད་པར་མེད་པར་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་རྣམ་པར་རྟོག་པ་ཡང་ཇི་ལྟར་ན་རུང་།

རྣམ་གྲངས་གཅིག་པར་འགྱུར་རོ། །འོན་ཏེ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་འཇུག་པའི་རྒྱུའི་ཁྱད་པར་ཡོད་དོ་ཞེ་ན་ནི་དེའི་ཚེ་དེར་འཇུག་པའི་རྒྱུའི་ཁྱད་པར་བཞིན་དུ་དངོས་པོ་ཐམས་ཅད་ཁྱད་པར་ཡོད་དོ། །གང་དག་ཡང་ཚངས་པ་དང་། དབང་པོ་ལ་སོགས་པ་གཟུགས་

གཅིག་པའི་འགྲོ་བ་ཀུན་ཏུ་རྟོག་པ་དེ་དག་ལ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །སངས་རྒྱས་པ་ནི་གཉིས་པར་སྨྲ་བ་རྣམས་ཀྱིས་ཆུད་པ་མང་བ་དང་། དེ་དག་ཉིད་དག་པ་ན་ཐམས་ཅད་མཁྱེན་པར་འགྱུར་ཏེ། སྣང་བ་དང་བཅས་པ་

དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་བཙུན་གཙོ་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་དོན་ལ་བཞུགས་སོ། །ཐམས་ཅད་མཁྱེན་པས་སོ་སོར་རང་གིས་རྟོགས་པའི་སྤྱོད་ཡུལ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་སྟོན་པའི་ཚིག་བརྒྱ་རྩ་བརྒྱད་ཀྱིས་ཕྱིའི་

Vol. 121 · folio 67a

དོན་གསལ་བ་དང་། འཇིག་རྟེན་རྒྱང་པན་པའི་རྟོག་པ་གང་དག་གིས་རྣམ་པར་ཤེས་པའི་རྒྱུན་ཆད་པའི་གླེང་བསླང་བ་སྐད་ཅིག་པ་གཅིག་ལས་རྒྱུན་ནི་ཐ་དད་པ་ཡིན་ནམ། གལ་ཏེ་ཐ་དད་ན་ཚིག་གི་དོན་གཞན་ཞིག་རྟག་པར་ཀུན་ཏུ་བརྟགས་པར་གྱུར་པའོ། །གལ་ཏེ་ཐ་མི་

དད་ན་ནི་དེའི་ཚེ་སྐད་ཅིག་པ་མ་གཏོགས་པར་རྒྱུན་གྱི་ཚིག་གི་དོན་གང་ཡིན་ཡང་མེད་དོ་ཞེས་པ་ནི་གླེང་བ་མ་ཡིན་ཏེ། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་བྱ་སྟེ། ཇི་ལྟར་སྔོན་མྱོང་བ་དྲན་པ་དང་། སྔ་མ་ཞིག་ནས་དེའི་འོག་ཏུ་སྐྱེས་པའི་ས་བོན་དང་། མྱུ་གུ་ལ་སོགས་པ་རྒྱུ་

དང་འབྲས་བུར་འབྲེལ་བ་ཇི་བཞིན་པ་དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་ངེས་པའོ། །དེ་ལྟར་སློབ་པ་རྣམས་ཀྱི་མངོན་སུམ་དང་། ཐོས་པ་དང་། སེམས་པ་ལ་སོགས་པས་སྦྱངས་པ་ལས་རིམ་གྱིས་ཤེས་རབ་ཀྱི་ཁྱད་པར་དུ་གྱུར་པ་དེ་བཞིན་དུ་བཙས་མ་ཐག་

པ་རྣམས་ཀྱིས་ཡང་ཤེས་རབ་ལ་སོགས་པའི་ཁྱད་པར་རྣམས་ཀུན་དམིགས་པ་སྟེ། དེས་ན་སྔོན་གྱི་བག་ཆགས་ལ་གོམས་པར་རྗེས་སུ་དཔག་གོ། །དེ་དེར་འཇིག་རྟེན་གཞན་སྒྲུབ་པའི་ཚད་མ་ནི་ཡེ་ཤེས་ཀྱི་བླ་མའི་ཁྱད་པར་གང་དང་གང་ཡིན་པ་དེ་དང་དེ་དག་ནི་སྔ་མ་སྔ་མ་ཐོས་པ་དང་། སེམས་པ་ལ་

སོགས་པའི་འདུ་བྱེད་ཐོག་མར་བྱས་པ་ལས་ཏེ། སློབ་མ་རྣམས་ཀྱི་ཤིན་ཏུ་མཁས་པའི་ཁྱད་པར་བཞིན་ནོ། །སྐྱེས་མ་ཐག་པའི་ཤེས་རབ་ལ་སོགས་པའི་ཁྱད་པར་དགའ་བ་དང་འཇིག་པ་དང་། མྱ་ངན་རྟོགས་པ་ཡང་ཡོད་དེ། བླང་བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་

བ་དང་། སྡུག་བསྔལ་དུ་སྒྲུབ་པར་ངེས་པ་སྔར་ཡོད་པའི་ཕྱིར་རོ། །སྐྱེས་མ་ཐག་པ་ལ་ཡང་ཡུལ་ཁ་ཅིག་ཏུ་ཡང་ཁྲོ་ཞིང་དངང་བ་དང་། ཁ་ཅིག་ཏུ་ནི་དགའ་བ་སྟེ། དེ་ལྟར་ཁ་ཅིག་ཏུ་འདོར་བ་དང་། ཁ་ཅིག་ཏུ་བླང་བར་ཡང་མཐོང་སྟེ། དེས་ན་སྔོན་གྱི་གོམས་པ་ཡོད་པར་རྗེས་སུ་དཔག་གོ། །

དེ་བས་ན་སེམས་ཀྱི་རྒྱུད་ཀྱི་རྒྱུན་མ་ཆད་པ་སྟེ། འཁོར་བར་ཀུན་ཏུ་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ལས་དང་འབྲས་བུར་འབྲེལ་པ་ཡིན་གྱི་ཕྱིའི་དོན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་འཕགས་པ་བློ་གྲོས་ཆེན་པོས་གཞན་གྱི་དོན་དུ་ཁྱད་པར་དུ་

Vol. 121 · folio 67b

ཤེས་པར་འདོད་ནས་ཞུས་པ། ཐམས་ཅད་མཁྱེན་པས་ཀྱང་སྤྱི་དང་ཁྱད་པར་གྱི་བྱེ་བྲག་ཏུ་དེ་བཞིན་རྒྱ་ཆེར་སྒྲུབ་པ་མཛད་པ། རྣམ་པར་ཤེས་པ་ནི་རྣམ་པ་གསུམ་སྟེ། འཇུག་པའི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིད་དོ་ཞེས་པ་སྟེ། དེ་དག་ནི་གཟུགས་ལ་

སོགས་པའི་ཡུལ་དུ་སྣང་བ་རྣམས་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་གང་འཇུག་པ་དེ་དག་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །གང་དེ་མ་ཐག་པའི་ཤེས་པ་བྱ་བའི་ནན་ཏན་པ་དེ་ནི་ལས་ཀྱི་མཚན་ཉིད་པའོ། །གང་ཁྱབ་པ་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་རིགས་ཀྱི་མཚན་ཉིད་

དེ། ཇི་ལྟར་འདི་ཉིད་དུ་སྒྲུབ་པར་མཛད་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །རྨི་ལམ་གྱི་དུས་སུ་རྣམ་པར་ཤེས་པ་གཅིག་པུ་ཉིད་ཡུལ་དང་ཡུལ་ཅན་གྱི་དངོས་པོ་དུ་མར་

འབྱུང་སྟེ། དེར་གཟུགས་ལ་སོགས་པ་ཡུལ་ཡང་མེད་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་མེད་དེ། ཡུལ་ཐམས་ཅད་དུ་ཁྱབ་པ་འཛིན་པ་དང་། གཟུང་བའི་དངོས་པོར་ཀུན་གཞི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྣང་ངོ་། །ཐམས་ཅད་མཁྱེན་པས་མདོ་དེ་ཉིད་

ལས་རྣམ་པ་གཉིས་སུ་གྲུབ་པ་མཛད་པ། བློ་གྲོས་ཆེན་པོས་མཚན་ཉིད་བརྒྱད་དུ་གསུངས་པའི་རྣམ་པར་ཤེས་པ་ནི་མདོར་རྣམ་པ་གཉིས་ཏེ། སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ། །བློ་གྲོས་ཆེན་པོ་ཇི་ལྟར་མེ་ལོང་ལ་གཟུགས་

བརྙན་བཞིན་དུ་སྣང་བ་ལ་སྣང་བའི་རྣམ་པར་ཤེས་པ་འཛིན་ཏོ་ཞེས་པ་ཀུན་ཏུ་རིག་པ་ལ། དེ་བཞིན་དུ་གཟུགས་འཛིན་པ་དང་། གཟུགས་སུ་སྣང་བའོ། །བློ་གྲོས་ཆེན་པོ་སྣང་བའི་རྣམ་པར་ཤེས་པ་དང་དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དེ་ཉིད་ནི་ཞེས་བྱ་བ་ཡུལ་གྱི་རྣམ་

པར་ཆུད་པའི་རྣམ་པར་ཤེས་པ་དག་གོ། །སྣང་བའི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་བར་དུའོ། །དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པའོ། །གང་གཟུགས་ལ་སོགས་པའི་དངོས་པོ་སོ་སོར་རྣམ་པར་རྟོག་

Vol. 121 · folio 68a

པའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་ཐམས་ཅད་མཁྱེན་པས་རྣམ་པར་མི་རྟོག་པ་ཉིད་དུ་གསུངས་པར་རིག་པར་བྱའོ། །དེ་ཉིད་ནི་མཚན་ཉིད་ཐ་མི་དད་ཅིང་ཞེས་བྱ་བ་ནི་ཆུད་པ་ཙམ་གྱི་ཕྱིར་རོ། །གཅིག་གི་རྒྱུ་གཅིག་གོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་

མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་བྱེད་པ་དང་། མིག་ལ་སོགས་པའི་ཤེས་པ་དེ་དག་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་དེ་མ་ཐག་པའི་རྐྱེན་དུ་ཉེ་བར་འགྲོ་བའི་ཕྱིར་རོ། །བློ་གྲོས་ཆེན་པོ་དེ་ལ་སྣང་བའི་རྣམ་པར་ཤེས་པ་ནི་བསམ་གྱིས་མི་ཁྱབ་པའི་བག་ཆགས་

ཡོངས་སུ་འགྱུར་བའི་རྒྱུ་ལས་འབྱུང་བའོ། །དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་ཞེས་པ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་དེར་ཕྱིའི་དོན་རྒྱུ་མ་ཡིན་པར་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་དང་། མཉམ་པར་འཇོག་པ་མེད་པས་བཏབ་པའི་སེམས་

དང་། དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པའི་རྒྱུད་ཀྱི་དབང་ལས་རྣམ་པ་སྣ་ཚོགས་སུ་རྣམ་པར་གསལ་བའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་སྐྱེ་སྟེ། འོན་ཀྱང་རྣམ་པ་སྣ་ཚོགས་སུ་འཁྲུལ་བའི་རྣམ་པས་ནི་ནང་གློངས་ནས་སྐྱེས་པ་རྣམས་མངོན་སུམ་དང་གཅིག་ནས་

གཅིག་ཏུ་བརྒྱུད་དེ་གཅིག་གི་རྒྱུ་གཅིག་ཡིན་པ་ནི་དབང་པོའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དག་ཕན་ཚུན་དུ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་ལྟར་འཇིག་རྟེན་ཕྱི་མ་གྲུབ་པས་ན་འཁོར་བ་ཐོག་མ་མེད་པའོ། །དེ་ལ་བློ་གྲོས་ཆེན་པོ་དེ་དབང་པོའི་རྣམ་པར་ཤེས་པ་ཐམས་

ཅད་འགག་པ་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པའི་བག་ཆགས་སྣ་ཚོགས་འགོག་པ་སྟེ། བློ་གྲོས་ཆེན་པོ་འདི་ནི་མཚན་ཉིད་འགག་པའོ་ཞེས་བྱ་བ་ལ། དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་ནི་རང་གི་མཚན་ཉིད་དུ་སྣང་བ་ལྔ་

པོ་རྣམས་བསམ་དུ་མེད་པའི་རྣམ་པར་འབྱུང་བ་དང་། དེའི་འོག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་བག་ཆགས་ལ་སོགས་པའི་རྒྱུས་འགག་པར་འགྱུར་རོ། །ལེན་པའི་རྣམ་པར་ཤེས་པ་ལས་ནི་འདིར། །ཤེས་པ་བདུན་ནི་སྐྱེ་བ་

Vol. 121 · folio 68b

སྟེ། །དེ་དག་དེར་ནི་ས་བོན་སོགས། །བསགས་ཉིད་བརྟས་པར་བྱེད་པ་སྟེ། །འདི་ནི་མཚན་ཉིད་འགག་པའོ། །ཞེས་བྱ་བ་ནི་རང་གི་མཚན་ཉིད་དུ་བྱས་པ་འགག་པར་འགྱུར་བའོ། །བློ་གྲོས་ཆེན་པོ་རྒྱུན་འགག་པ་ནི་གང་ལས་འབྱུང་བ་ཡིན་ཏེ། བློ་གྲོས་ཆེན་པོ་གང་ལས་ཞེས་བྱ་བ་ནི་གང་

ལ་གནས་པ་དང་། གང་ལ་དམིགས་པའོ། །གང་ལ་གནས་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལ་གནས་ཏེ། མིག་གི་རྣམ་པར་ཤེས་པ་འབྱུང་བའོ། །གང་ལ་དམིགས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་དམིགས་པའོ། །དེ་ལ་གང་ལ་གནས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་

ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སོ། །གང་ལ་དམིགས་པ་ཞེས་བྱ་བ་ནི་བདག་གི་སེམས་སྣང་བ་རྣམ་པར་ཤེས་པའི་ཡུལ་དུ་རྣམ་པར་རྟོག་པའོ་ཞེས་བྱ་སྟེ། འཁྲུལ་པ་རྣམ་པ་སྣ་ཚོགས་ཀྱི་བག་ཆགས་ཀྱིས་ནང་གི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་ནང་གི་འབྲས་བུའི་

ནང་དུ་གོ་སྙོད་ཀྱི་མེ་ཏོག་གི་སྣང་བ་རྣམས་ལ་གནས་སུ་ཀུན་རྟོག་པར་བྱེད་པའི་རྨི་ལམ་ལ་སོགས་པ་བཞིན་དུ་འཛིན་པ་དང་། གཟུང་བའི་བག་ཆགས་ཡོངས་སུ་སྨིན་པའི་སྣང་བ་ནི་བདག་གི་སེམས་སྣང་བའི་ཡུལ་གྱི་རྣམ་པ་ཙམ་དུ་ཟད་ཀྱི། དེས་སྐྱེ་མཆེད་གཉིས་ཀར་ཡང་ཕྱིའི་དོན་མེད་པ་ནི།

གང་བདག་ས་བོན་ལས་རྣམ་ཤེས། །གང་སྣང་རབ་ཏུ་སྐྱེ་བ་སྟེ། །སྐྱེ་མཆེད་རྣམ་པ་གཉིས་པར་ནི། །དེ་དག་དེ་ཡི་ཐུབ་པས་གསུངས། །ནང་འཁྲུགས་པའི་མཐུ་ལས་འཁྲུལ་པ་རྣམ་པ་སྣ་ཚོགས་ལ་རྣམ་པ་གཉིས་ཏེ། ཁ་ཅིག་གསལ་བའི་རང་བཞིན་པ་ནི་མགོ་འཁོར་བ་དང་། བརྒྱལ་བ་

ལ་སོགས་པའི་དངོས་པོ་བཞིན་ནོ། །ཁ་ཅིག་མི་གསལ་བ་སྟེ། གང་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། རྣམ་པ་གཉིས་ཀ་ཡང་རྨི་ལམ་ལ་སོགས་པ་བཞིན་དུ་སྣང་ངོ་། །གནས་ངན་ལེན་གྱི་བག་ཆགས་ནི་སྐྱོན་གྱི་བག་ཆགས་ཏེ། འཁོར་བའི་གནས་སུ་མཉམ་པར་འཇོག་པ་

མེད་པའི་མ་རིག་པར་འགྱུར་བའི་དུས་ཡིན་ཏེ། ཤེས་རབ་ཀྱིས་དཔྱད་པ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་ཀུན་ཤེས་པས་ལྡོག་གོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན་འཇིམ་པའི་རྡུལ་ཕྲ་རབ་དང་འཇིམ་པའི་གོང་བུ་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ཇི་ལྟར་

Vol. 121 · folio 69a

གསེར་དང་རྒྱན་བཞིན་ཏེ། བློ་གྲོས་ཆེན་པོ་ཇི་སྟེ་འཇིམ་པའི་རྡུལ་ཕྲ་རབ་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན་དེ་ནི་འཇིམ་པའི་རྡུལ་ཕྲ་རབ་དེ་དག་ལས་བརྩམས་པས་ན་དེའི་ཕྱིར་ཐ་དད་པ་མ་ཡིན་ནོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇིམ་

པའི་གོང་བུ་དང་། རྡུལ་ཕྲ་རབ་བྱེ་བྲག་མེད་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པའི་རིགས་ཀྱི་མཚན་ཉིད་དང་གལ་ཏེ་ཐ་དད་པ་ཡིན་ན་ནི་ཀུན་གཞིའི་རྒྱུ་ལས་འབྱུང་བར་མི་འགྱུར་རོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇུག་པའི་

རྣམ་པར་ཤེས་པ་འགགས་ནའང་ཀུན་གཞི་རྣམ་པར་ཤེས་པའང་འགག་པར་འགྱུར་ན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་རོ། །རབ་ཏུ་ཕྲ་བའི་རྡུལ་ཚོགས་པར་སྣང་བ་ཉིད་རིམ་པ་གོང་མ་ཐོབ་ན་གོང་བུའི་སྒྲར་མངོན་པར་བརྗོད་པར་བྱའོ། །འབྲས་བུའི་ཁྱད་པར་ཡན་ལག་ཅན་གྱི་རྫས་ནི་རྡུལ་གྱིས་བརྩམས་པ་

ཞེས་ཇི་ལྟར་ཁྱད་པར་ཅན་དང་། ནེ་ཡི་ཡ་ཡི་ཀ་ཀུན་ཏུ་རྟོག་པ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་འདུས་པའི་ཡུལ་མ་གཏོགས་པར་དེ་མི་དམིགས་སོ། །གང་དག་གིས་སོ་སོའི་རིམ་པའི་ཁྱད་པར་ཡིན་པ་དེ་དེ་དག་རང་གི་རིགས་ལས་མི་འདའ་བ་ནི་རྒྱ་མཚོ་མཆིང་

ནམ་གྱི་རླབས་ཆུའི་རིགས་ལས་མི་འདའ་བ་བཞིན་ནོ། །དེ་བཞིན་དུ་ནི་ཆེན་པོའི་ཚད་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཚད་ཀྱི་གཞི་ལ་གནས་པ་མེད་ལ་ཏིལ་གྱི་འབྲུ་ཙམ་གྱི་ཚད་ཀྱི་ཡུལ་དུ་བཅད་པ་ཉིད་རི་ཙམ་གྱི་ཚད་དམ། འོན་ཏེ་ཡུལ་ཆུང་ངུ་དང་ཡུལ་མང་པོ་གཉིས་ཀར་ཡང་ཚད་

ཆེན་པོ་རྣམས་འབྱུང་ཞེ་ན་ནི་དེའི་ཚེ་དེའི་ཆར་འགྱུར་ཏེ་ཡན་ལག་ཅན་གྱི་རྫས་ལ་འདུས་པའི་རང་བཞིན་གྱི་སྐྱོན་དུ་འགྱུར་བས་ན་དེ་དེ་ལྟར་ཤིན་ཏུ་ཕྲ་བའི་རྡུལ་འདུས་པ་ལས་གོང་བུ་མ་ཡིན་ནོ། །ཇི་ལྟར་གྲངས་ཅན་རྣམས་ཀུན་ཏུ་རྟོག་པར་ཕྱོགས་དེ་དང་དེར་ལྕི་བ་དང་། དེ་ཁ་དོག་སྟེ་དེ་དག་

མ་གཏོགས་པར་རྫས་གཞན་པར་མི་དམིགས་པས་ན་དེའི་ཕྱིར་ཕྲ་བའི་རྡུལ་ཚོགས་མ་གཏོགས་པར་རྫས་གཞན་པ་མ་ཡིན་ནོ། །རྨི་ལམ་ལ་སོགས་པ་བཞིན་དུ་གཞན་པ་དང་། གཞན་པ་མ་ཡིན་པར་ཡང་འདའ་བར་མི་བྱ་བས་ན་ཁང་པ་དང་། སྡེ་དང་། ཚལ་ལ་སོགས་པ་བཞིན་ནོ། །

Vol. 121 · folio 69b

ཀུན་གཞི་རྣམ་པར་ཤེས་པའི་གཟུང་བའི་རྣམ་པ་དང་འཇུག་པའི་རྣམ་པར་ཤེས་པའི་འཛིན་པའི་རྣམ་པ་ནི་ཐམས་ཅད་ལ་ཆུད་པའི་རང་བཞིན་ཐ་མི་དད་པ་ཡོད་པས་ན་ཐམས་ཅད་མཁྱེན་པའི་ཚད་མ་ཀུན་ཏུ་བརྟགས་པ་ཀུན་གཞི་ལ་ཡོད་དོ། །ཇི་ལྟར་གསུངས་པ། ཇི་ལྟར་ས་བོན་རྐྱེན་ལས་མྱུ་གུ་

སྟེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཉིད་ཀྱང་མ་ཡིན། །དེ་ལྟར་ཆད་མེད་རྟོག་མེད་སྟོང་ཉིད་དོ། །ཇི་ལྟར་རྡུལ་འདུས་པ་ལས་སྣང་བ་ལས། །སའི་གོང་བུ་གཅིག་པ་དང་ཐ་དད་པ་མི་རུང་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་མིག་ལ་

སོགས་པ་འཇུག་པའི་ཤེས་པ་གཅིག་པའི་ཐ་དད་པར་ཡང་མི་རུང་ངོ་། །རྨི་ལམ་གྱི་དུས་ན་རྣམ་པར་ཤེས་པ་གཅིག་པོ་ཉིད་ཡུལ་དང་ཡུལ་ཅན་རྣམ་པ་དུ་མར་འཛིན་པ་དང་། གཟུང་བའི་དངོས་པོ་དེར་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་དཔྱད་པར་མི་རུང་ངོ་། །ཇི་སྲིད་དུ་འཁོར་བའི་

གནས་ཡོད་པ་དེ་སྲིད་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་སྐྱེས་པ་ནང་གློངས་ཤིང་མཉམ་པར་མི་འཇོག་པའི་མ་རིག་པས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སེམས་ཅན་རྣམས་ལ་རྣམ་པ་སྣ་ཚོགས་ཀྱི་སེམས་སྦྱོར་བར་བྱེད་དོ། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་

ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་སྟེ་མི་དམིགས་པས་དེ་དག་མི་གཉིས་པར་འགྱུར་བ་དེའི་ཚེ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་། བསམ་པ་དང་བྲལ་བ་དང་། ཡང་དག་པར་རིག་པ་ཙམ་དུ་གདོན་མི་ཟ་བར་བདག་ཉིད་ཀྱིས་གནས་སོ། །ཐམས་ཅད་

མཁྱེན་པ་ཀུན་གཞི་རྣམ་པར་ཤེས་པའི་རིགས་གཅིག་དང་འཇུག་པའི་རྣམ་པར་ཤེས་པ་སོ་སོར་སྣང་བ་ཙམ་གྱིས་གནས་དང་གནས་པ་ཅན་གྱི་དངོས་པོར་དགོངས་པའོ། །ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ཡང་རྣམ་པ་ཐ་དད་པར་

དམིགས་པའི་ཕྱིར་དེར་སྣང་བ་རྣམས་ལ་ཐ་དད་པ་མེད་པ་མ་ཡིན་ཏེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། གཞན་ལ་གཞན་དུ་འགྲིབ་པ་ཡང་། །དབྱེར་མེད་མིན་ཏེ་གཟུགས་མཐོང་ཕྱིར། །རང་བཞིན་ཐ་དད་མི་མཐོང་བས། །བློས་ནི་ཐ་དད་མི་རྟོགས་སོ། །དངོས་པོ་གང་གིས་

Vol. 121 · folio 70a

བརྟག་བྱ་བ། །དེ་གཟུགས་ཡང་དག་ཡོད་མ་ཡིན། །གཅིག་དང་དུ་མའི་རང་བཞིན་དུ། །དེ་དག་ཡོད་པ་མ་ཡིན་ཕྱིར། །འོ་ན་ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་གཅིག་ཡིན་ནོ་ཞེས་དེ་ལྟར་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་

པ་དེ་སྟེ་ཐ་དད་པ་མ་ཡིན་ན་ནི་ཞེས་ཏེ། དེའི་ཚེ་འཇུག་པའི་རྣམ་པར་ཤེས་པ་འགགས་ན་ཀུན་གཞི་རྣམ་པར་ཤེས་པའང་འགག་པར་འགྱུར་ན། དེ་ལྟར་བདག་གི་རིགས་ཀྱི་མཚན་ཉིད་འགག་པར་ཡང་མི་འགྱུར་ཏེ་ཞེས་བྱའོ། །དེ་བས་ན་སློབ་དཔོན་དྷརྨ་ཀཱིརྟིས་འདི་སྐད་དུ་སྨྲས་པ། གཞན་

དུ་དངོས་པོ་གཅིག་པོ་ལ། །རྣམ་གྲངས་གཟུགས་ནི་སྣང་བ་ཅན། །རྣམ་པ་བདེན་པར་ཇི་ལྟར་རུང་། །དེ་ཡིས་གཅིག་པ་འགྲིབ་མེད་དོ། །ཡང་དག་རིག་པའི་རིགས་ཀྱི་མཚན་ཉིད་དེའི་གཅིག་པ་ཡང་འགྲིབ་པར་མི་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་

བརྟག་གོ། །ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །རྨི་ལམ་གྱི་དུས་ན་ཀུན་ཏུ་རིག་པ་ཙམ་གཅིག་པ་ཉིད་རྣམ་པ་མང་པོའི་ཡུལ་དང་ཡུལ་ཅན་དུ་འཛིན་པ་དང་། གཟུང་

བའི་དངོས་པོ་རྣམ་པར་འབྱུང་ངོ་། །དེ་དེ་ལྟར་ཆུད་པའི་ཕྱིར་ཁྱབ་པ་ཡིན་གྱི་དེར་གཟུགས་ལས་ཁྱབ་པའི་ཡུལ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་མེད་ལ། དེར་ལུས་དང་ལོངས་སྤྱོད་བྲོ་མྱང་བ་ལ་སོགས་པའི་ཀུན་ཏུ་ཚོར་བ་མེད་དེ་འོན་ཀྱང་སོ་སོར་སྣང་བ་དེ་བཞིན་དུ་གཉིད་

ཀྱིས་མ་ལོག་པའི་དུས་ན་ཡང་། རྣམ་པ་སྣ་ཚོགས་སུ་ནང་འཁྲུགས་པ་དང་། མ་རིག་པ་དང་། འགྱུར་བའི་མཐུ་ལས་རྣམ་པ་སྣ་ཚོགས་སུ་འཁྲུལ་བའི་རྣམ་པ་རྣམས་ལ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་ཀུན་ཏུ་ཚོལ་བར་གྱུར་པ་ཤེས་རབ་ཀྱིས་དཔྱད་པ་ན་སྟོང་ཞིང་མིག་གཉིས་པ་ཉིད་གནས་

སོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །རིགས་ཀྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་འགག་པར་མི་འགྱུར་གྱི། ལས་ཀྱི་མཚན་ཉིད་ནི་འགག་གོ་ཞེས་པ་ནི་སོ་སོར་རིག་པའི་རྗེས་སུ་མཐུན་པས་རྣམ་པར་ཤེས་པའི་རྒྱུན་ཁ་ཅིག་འཆད་པ་མེད་པར་འཁོར་བར་འཇུག་པའོ། །

Vol. 121 · folio 70b

སྐྱེས་མ་ཐག་པའི་ཤེས་རབ་ལ་སོགས་པའི་ཁྱད་པར་ཀུན་གྱིས་དམིགས་སུ་ཡོད་དེ། དེ་བས་ན་སྔར་ཐོས་པ་དང་། སེམས་པ་ལ་སོགས་པས་སྦྱངས་པར་རྗེས་སུ་དཔག་གོ། །བྱུང་བ་རྣམས་ནི་མེད་པ་ཉིད་དེ། ཡོད་དུ་ཟིན་ཀྱང་དྲན་པ་མེད་པ་ན་དེ་དག་གིས་སྦྱོང་བར་མི་རུང་སྟེ། དེའི་ཕྱིར་སྔོན་གྱི་གོམས་

པ་དང་ལྡན་པའི་ཡེ་ཤེས་ཀྱི་རྒྱུད་འབྱུང་བ་ཡོད་པས་རྗེས་སུ་དཔག་གོ། །ལས་ཀྱི་མཚན་ཉིད་འགག་པ་ནི་མངོན་སུམ་གྱི་མཚན་མ་ཉིད་དོ། །ལས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་དེ་ཀུན་གཞི་རྣམ་པར་ཤེས་པས་འཇུག་པའི་རྣམ་པར་ཤེས་པའོ་ཞེས་བསམ་པས་དབྱེ་བར་བྱེད་དེ། ཀུན་གཞི་རྣམ་པར་ཤེས་

པ་དེ་དང་རྒྱུན་འབྲེལ་པར་གནས་ཏེ། དེ་གསེར་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་རྐྱེན་གྱི་བྱེ་བྲག་གི་མཐུས་དྲི་མའི་རྣམ་པ་ལྟ་བུ་དེ་དང་དེ་དག་ཆུད་པ་ནང་འབྱེད་པའོ། །དེ་ལ་མཚན་ཉིད་ཀྱིས་ཐ་མི་དད་པར་གྱུར་པས་ན་དེའི་ཕྱིར་ནང་གློངས་ཤིང་མཉམ་པར་མི་འཇོག་པའི་མ་རིག་པ་དང་ལས་རྣམ་པར་

སྨིན་པའི་མཐུ་ལས་ལས་ཀྱི་མཚན་ཉིད་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེས་ནས་དེ་དག་ཆད་པར་འགྱུར་རོ། །དེ་དག་ཆད་པར་གྱུར་ཀྱང་དོན་དམ་པ་ཀུན་གཞི་རྣམ་པར་ཤེས་པ་ཆད་པ་མེད་དོ། །དེའི་ཕྱིར་བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་རང་གི་རིགས་ཀྱི་མཚན་ཉིད་འགག་པར་མི་

འགྱུར་གྱི། ལས་ཀྱི་མཚན་ཉིད་ནི་འགག་གོ་ཞེས་པ་གསེར་རྒྱུན་དུ་འབྱུང་བ་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོངས་སུ་ཟད་པ་མེད་དེ། དྲི་མའི་རིམ་པ་འབའ་ཞིག་ལྟ་བུའི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་མྱུར་དུ་སྐྱེ་ཞིང་འཇིག་པ་སྟེ། སྐད་ཅིག་པ་ཁ་ཅིག་ནི་

རྒྱུན་དུ་གནས་སོ། །ཁ་ཅིག་ནི་སྐད་ཅིག་པ་ཉིད་དུ་འཇིག་པ་སྟེ། ཆུ་གཞུང་དུ་འབབ་པ་དང་། མིག་གི་མཆི་མ་བཞིན་ནོ། །གལ་ཏེ་གཅིག་རྒྱུན་དུ་གནས་པར་མི་འགྱུར་ན། དེའི་ཚེ་སྔོན་མྱངས་པ་དྲན་པར་ཡང་མི་འགྱུར་ཏེ། སྐྱེས་མ་ཐག་པའི་ཤེས་རབ་ལ་སོགས་པའི་ཁྱད་པར་

མེད་པར་འགྱུར་རོ། །བླང་བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་བསྒྲུབ་པ་གདོན་མི་ཟ་བར་སྔར་ཡོད་པའི་ཕྱིར་སྐྱེས་མ་ཐག་པ་རྣམས་ཀྱི་རྒ་བ་དང་། འཇིག་པ་དང་། མྱ་ངན་གྱི་རྟོག་པ་རྣམས་ཡུལ་ཁ་ཅིག་ཏུ་དམིགས་སུ་

Vol. 121 · folio 71a

ཡོད་དེ། དེས་ན་རྒྱུན་དུ་གནས་པའི་རྣམ་པར་ཤེས་པ་ལ་སྔ་མ་དང་ཕྱི་མར་ལྡན་པའི་སྔོན་གྱི་གོམས་པ་ཡོད་པས་ན་ཐོས་པ་དང་། སེམས་པ་ལ་སོགས་པ་འདུ་བྱེད་ཀྱིས་ཤེས་རབ་ཀྱི་ཁྱད་པར་དུ་འགྱུར་རོ། །རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་གྱིས་རྟག་པ་

དང་། ཀུན་དུ་བརྟགས་པ་ནི་མ་སྐྱེས་པས་ན་དེ་མེད་པའི་ཕྱིར་རྒྱུར་མི་རུང་སྟེ། དེ་ཇི་ལྟར་ནེ་ཡི་ཡ་ཡི་ཀ་ཁྱད་པར་ཅན་ཀུན་དུ་རྟོག་པ། དབང་པོའི་བྱིན་གྱིས་བདག་དང་ཡིད་ཀུན་ཏུ་སྦྱོར་བ་ལས་ཤེས་པ་སྐྱེའོ་ཞེས་སོ། །གྲངས་ཅན་ཀུན་དུ་རྟོག་པ་ནི་སེམས་ཅན་དང་། རྡུལ་དང་། མུན་པ་

མཉམ་པའི་དུས་ན་གཙོ་བོ་ཡིན་ནོ། །དེ་ལ་ཆེན་པོ་འབྱུང་ཞེས་ཏེ། དེ་ནི་བློའི་རྣམ་གྲངས་སོ། །དེ་དེ་ལྟར་སེམས་པ་མེད་པའི་རྟག་པ་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུ་ཡིན་པར་མུ་སྟེགས་ཅན་རྣམས་ཀུན་ཏུ་རྟོག་གོ། །དེ་ལྟར་ཡང་གལ་ཏེ་ཐོག་མ་དང་། ཐ་མའི་རྒྱུན་ཡོན་ཏན་དང་ལྡན་པ་ཐོས་པ་དང་།

སེམས་པ་ལ་སོགས་པའི་ཤེས་རབ་ཀྱི་ཁྱད་པར་ཅན་གྱི་དངོས་པོ་འགའ་ཞིག་མེད་པར་གྱུར་ན་ནི་དེའི་ཚེ་ཡོན་ཏན་མངོན་པར་འདུས་བྱས་ཀྱང་རྟག་པའི་རྒྱུས་ཁྱད་པར་དུ་མི་འགྱུར་བ་དེ་ཉིད་དོ། །སྔོན་གྱི་གོམས་པས་ཁྱད་པར་ཅན་དུ་བྱས་པའི་ཆུད་པ་གྲགས་པར་ཡང་མི་འགྱུར་ཏེ། དེ་བས་ན་གཙོ་བོ་

དང་། སྐྱེས་བུ་དང་། དབང་པོ་དང་། དུས་དང་། རྡུལ་ཕྲ་མོར་སྨྲ་བར་མི་རུང་ངོ་། །གཙོ་བོ་རྟག་ཅིང་གཅིག་པར་རང་བཞིན་དུ་མ་པ་དང་། རིག་སྔགས་འཛིན་པ་མཐར་སྨྲ་བའི་སྐྱེས་བུ་ཀུན་བརྟགས་པ་ཡང་མི་རུང་ངོ་། །གཉིས་པ་དང་མི་གཉིས་པར་སྨྲ་བ་པོ་རྣམས་ཀྱི་དབང་པོ་རྒྱུར་ཀུན་ཏུ་

བརྟགས་པ་ཡང་འདོད་ཆགས་དང་བྲལ་བའམ། འདོད་ཆགས་དང་བཅས་པའང་རུང་སྟེ། རྒྱུར་མི་རུང་ངོ་། །འདོད་ཆགས་དང་བྲལ་བ་ཞིག་ན་ནི་གཞན་སྡུག་བསྔལ་བར་བྱས་པས་དགོས་པ་ཅི་ཡོད། འདོད་ཆགས་དང་མ་བྲལ་བ་ཞིག་ན་ནི་བདག་རང་མི་ཤེས་པས་འདོད་ཆགས་ཀྱི་བདག་ཉིད་

སྡུག་བསྔལ་བར་འགྱུར་བ་ནི་ཕྲད་པ་ལས་བྲལ་ན་སྡུག་བསྔལ་ཐམས་ཅད་དུ་བསྐྱེད་པ་ཡིན་ནོ། །དེའི་དབང་ཕྱུག་ཇི་ལྟ་བུ་ཞིག །གལ་ཏེ་བསོད་ནམས་ཀྱི་སྟོབས་ལས་དབང་པོར་བྱུང་ན་ནི་དེའི་ཚེ་དབང་པོར་འགྱུར་རོ། །འོན་ཏེ་རྒྱུ་མེད་པ་ལས་དབང་པོར་བྱུང་ན་ནི་དེའི་ཚེ་ཐམས་ཅད་ཀྱང་དབང་པོར་འགྱུར་གྱི་

Vol. 121 · folio 71b

གཅིག་པུ་ཉིད་དབང་པོ་མ་ཡིན་ནོ། །དུས་ཀྱང་དངོས་པོའི་རྒྱུན་མ་གཏོགས་པར་མེད་པ་དང་། རྡུལ་ཕྲ་མོ་རྣམས་ཀྱང་རྒྱུར་མི་རུང་སྟེ། ཐོས་པས་ནང་སེམས་པ་ལ་སོགས་པའི་འདུ་བྱེད་ཀྱིས་སྔར་བྱས་པའི་འབྲས་བུ་ཤེས་རབ་ལ་སོགས་པ་བྱུང་བ་གླེན་པ་རྣམས་ལས་ཇི་ལྟར་འབྱུང་། གང་དག་

ཡང་ཚངས་པ་དང་དབང་པོ་ལ་སོགས་པའི་འགྱུར་བར་འདོད་པ་དེ་དག་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །གཉིས་པར་སྨྲ་བ་ཡང་ལུས་དང་། བྱེད་པ་དང་། གནས་ལ་སོགས་པ་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ཡོད་པའི་ཕྱིར་བློ་

ཙམ་གྱི་སྐྱེས་བུས་ཐོག་མར་བྱས་ཞེས་པ་ནི་བྱེད་པ་པོས་ཐོག་མར་བྱས་པའི་རྣམ་པ་ཇི་ལྟ་བུའི་དབྱིབས་སུ་བཟུང་བ་དེའི་རྣམ་པར་དེ་ལྟ་བུར་གཟུང་བ་མེད་དེ། ང་ལྷ་ཁང་ལ་སོགས་པ་ལ་བྱེད་པ་པོ་ཐིག་འཛིན་པ་ལ་སོགས་པར་ཆུད་པར་བྱེད་ཀྱི། བྱེ་མ་དང་། རི་དང་། རི་བོ་དང་། ཤིང་ལ་སོགས་

པའི་དབྱིབས་ལ་ནི་མ་ཡིན་ནོ། །དབྱིབས་ཀྱི་ཆོས་དང་བཅས་པས་དབྱིབས་དང་མཐུན་པ་ཙམ་ལས་རིགས་ཀྱི་ཁྱད་པར་དབྱེ་ན་རྗེས་སུ་མཐུན་པ་དང་། མི་མཐུན་པས་གང་ལ་དེའི་བདག་ཉིད་དང་། དེ་ལས་སྐྱེས་པར་འབྲེལ་པར་བཟུང་བ་དེ་ཉིད་རྒྱུར་རིགས་ཏེ། དེ་ལྟ་བས་ན་མུ་སྟེགས་

ཅན་རྟག་པ་དང་ཆད་པར་སྨྲ་བ་རྣམས་ལས་བདེ་བར་གཤེགས་པ་རྒྱུན་སྨྲ་བའི་ཁྱད་པར་རིག་པར་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་བདུན་ཡོད་དེ། འདི་ལྟར་འདུ་བ་དངོས་པོའི་རང་བཞིན་དང་། དངོས་པོའི་རང་བཞིན་གྱི་དངོས་པོ་དང་། མཚན་ཉིད་ཀྱི་དངོས་པོ་དང་།

འབྱུང་བ་ཆེན་པོའི་རང་བཞིན་གྱི་དངོས་པོ་དང་། ཞིང་གི་དངོས་པོ་དང་། རྒྱུ་རྐྱེན་གྱི་དངོས་པོ་དང་། འགྲུབ་པའི་དངོས་པོ་སྟེ་བདུན་ནོ་ཞེས་བྱ་བ་ལ། འདུ་བ་དངོས་པོའི་རང་བཞིན་ནི་ཀུན་འབྱུང་གི་རྣམ་པར་མ་རིག་པ་དང་། ལས་ཏེ་དེའི་རྒྱུ་ལས་ཆེའོ། །དེ་ལ་མ་རིག་པར་བདག་ཏུ་ཆགས་པའི་

མཚན་ཉིད་དེ། མ་རིག་པས་ནོར་ནས་མཉམ་པར་མི་འཇོག་པའི་སེམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་མཛེས་པ་རྣམས་ལ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དེ་ལྟ་བུའི་འཁྲུལ་པ་ནི་མ་རིག་པ་ཞེས་བྱའོ། །

Vol. 121 · folio 72a

དེའི་རྒྱུ་ལས་སྡུག་བསྔལ་གྱི་མཚན་ཉིད་ཀྱི་ཕུང་པོ་འཕུངས་པ་ནི་དངོས་པོའི་རང་བཞིན་གྱི་དངོས་པོའོ། །མཚན་ཉིད་ཀྱི་དངོས་པོ་ནི་ཡང་ས་བོན་དང་ལྡན་པར་རྟག་གོ། །འབྱུང་བ་ཆེན་པོའི་རང་བཞིན་གྱི་དངོས་པོ་ནི་ས་ལ་སོགས་པ་སྟེ། སྲ་བ་དང་། རླན་པ་དང་། དྲོ་བ་

དང་། གཡོ་བའི་བདག་ཉིད་དུ་སྣང་བའོ། །ཞིང་གི་དངོས་པོ་ནི་འཇིག་རྟེན་ཆགས་པའོ། །རྒྱུ་རྐྱེན་གྱི་དངོས་པོ་ནི་གང་རྒྱུའིའོ། །འགྲུབ་པའི་དངོས་པོ་ནི་གང་དེ་ལས་འགྲུབ་པའོ། །སེམས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་རྟག་པའི་དོན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་

རྣམ་པར་གཞག་པ་ནི་མངོན་པར་ཤེས་པ་སྐྱེས་པ་རྣམས་ཉིད་མཁྱེན་ཏེ། བདག་ནི་སྒྲའི་རྗེས་སུ་འབྲང་བའི་ཚད་མ་ཅན་ནོ། །བློ་གྲོས་ཆེན་པོ་གཞན་ཡང་དོན་དམ་པ་བདུན་ཏེ། འདི་ལྟར་སེམས་ཀྱི་སྤྱོད་ཡུལ་དང་། ཤེས་རབ་ཀྱི་སྤྱོད་ཡུལ་དང་། ལྟ་བ་ཉིད་ཀྱི་སྤྱོད་ཡུལ་དང་། ལྟ་བ་

གཉིས་ལས་འདས་པའི་སྤྱོད་ཡུལ་དང་། སྣང་བ་མེད་པའི་སྤྱོད་ཡུལ་དང་། སྲས་ཀྱི་ས་ལས་འདས་པའི་སྤྱོད་ཡུལ་དང་། དེ་བཞིན་གཤེགས་པའི་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཏེ་ཞེས་བྱ་བ་ལ་སེམས་ཀྱི་སྤྱོད་ཡུལ་ནི། སེམས་ནི་ཀུན་གཞི་རྣམ་པར་ཤེས། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །

གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པ་སྟེ། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དུས་ཀྱི་སེམས་ལ་འཁོར་བ་དང་། རྣམ་པར་གྲོལ་བའི་རིམ་པའོ། །རྣམ་པར་ཤེས་པ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུགས་ལ་སོགས་

པ་གཉིས་ཀྱི་རྣམ་པར་སྣང་བ་སྟེ། རྨི་ལམ་ལ་སོགས་པ་བཞིན་དུ་ཕྱིའི་དོན་མེད་པར་ཡང་འབྱུང་ངོ་། །སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ། གང་གི་ཚེ་ཤེས་རབ་ཀྱིས་ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་མི་དམིགས་པའི་རྣལ་འབྱོར་བདག་ཉིད་ཀྱི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་མི་

གཉིས་པའི་རྣལ་འབྱོར་དུ་འགྱུར་རོ། །ལྟ་བ་གཉིས་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ནི་རྟག་ཏུ་བདག་དང་བདག་གིར་ལྟ་བའི་སྤྱོད་ཡུལ་ལོ། །ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །སྣང་བ་མེད་པའི་སྤྱོད་ཡུལ་ནི་

Vol. 121 · folio 72b

ས་བརྒྱད་ཡན་ཆད་དོ། །སྲས་ཀྱི་ས་ལས་འདས་པའི་སྤྱོད་ཡུལ་ཞེས་བྱ་བ་ལ། སྲས་ཀྱི་ས་ནི་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་རྣམས་ཏེ། དེ་ལས་འདའ་བའི་རྣལ་འབྱོར་རྣམས་ནི་ཐམས་ཅད་མཁྱེན་པའི་ས་ལ་འཇུག་པའོ། །དེ་བཞིན་གཤེགས་པའི་སོ་སོ་རང་གིས་

རིག་པའི་སྤྱོད་ཡུལ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་དང་། མི་གཉིས་པའི་ཏིང་ངེ་འཛིན་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལོ། །དོན་དམ་པར་དེ་ཁོ་ན་ཉིད་དང་། སྤང་བ་དང་། བླང་བ་ཡང་དག་པའི་ཡུལ་ནི་ཐམས་ཅད་མཁྱེན་པ་ཉིད་མཁྱེན་ཏེ།

བདག་ཅག་སྒྲའི་རྗེས་སུ་འབྲང་བའོ། །འདི་དག་ནི་བློ་གྲོས་ཆེན་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་ལ་དངོས་པོ་རང་བཞིན་ཉིད་ནི་དོན་དམ་པའི་སྙིང་པོ་ཡིན་ཏེ། བདུན་པ་གཉིས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་

གཉིས་སུ་གཞག་གོ། །འཕགས་པའི་ཡེ་ཤེས་གང་དང་ལྡན་ནས་རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པའི་ཆོས་རྣམས་ལ་དགོད་པར་བྱེད་པའོ། །ཁྱད་པར་གྱི་མཚན་ཉིད་ནི། སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པའོ། །སྤྱི་ནི་ཀ་བ་དང་། ཕྲུ་བ་ལ་སོགས་པ་རྣམས་ཀྱི་སྲ་བའོ། །བདག་ཡུལ་

ལ་རྣམ་པར་རྟོག་པའི་ལྟ་བ་ནི། རྟག་པ་དང་། བདག་དང་ཕྱིའི་དོན་དུ་རྣམ་པར་རྟོག་པར་ལྟ་བས་རྣམ་པར་ཤེས་པའི་རང་བཞིན་མ་ཤེས་ན་མུ་སྟེགས་ཅན་བྱིས་པ་རྣམས་ཀྱིས་རྨི་ལམ་ལ་སོགས་པ་བཞིན་དུ་བདག་གི་སེམས་སྣང་བ་ཙམ་དུ་གཟུགས་ལ་སོགས་པ་ཁོང་དུ་མ་ཆུད་ནས་དེ་དག་

གིས་ཕྱིའི་དོན་དུ་རྟོགས་པར་བྱེད་པ་ནི་གཉིད་ཀྱིས་མ་ལོག་པའི་ཚེ་ན་ནི་ཡོད། རྨི་ལམ་གྱི་དུས་ན་ནི་མེད་དོ་ཞེས་ཏེ། རང་གི་སེམས་སྣང་བ་མ་གཏོགས་པའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པར་སྨྲ་བར་འགྱུར་རོ། །བློ་གྲོས་ཆེན་པོ་གཞན་ཡང་མི་ཤེས་པ་དང་། སྲིད་པ་ཞེས་བྱ་བ་ལ་སོགས་པ་

ནི་རྣམ་པར་རྟོག་པའི་རྒྱུས་སྲིད་པ་གསུམ་དུ་འགྱུར་བ་སྟེ། ལོག་པའི་རྣམ་པར་རྟོག་པ་དང་། མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུ་ལས་རྟག་པ་དང་། བདག་དང་། གཙང་བའི་ཕྱིན་ཅི་ལོག་གི་འཁོར་བའི་སྡུག་བསྔལ་འཇུག་གོ། །ཇི་ལྟར་ལྡོག་

Vol. 121 · folio 73a

པ་དེ་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྐྱེན་རྣམ་པར་ལོག་པས་སོ། །དེ་ལ་མི་ཤེས་པ་ནི་ཡང་དག་པ་མ་ཡིན་པར་འདུས་པའི་མཚན་ཉིད་དེ། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པ་དང་། བདག་མེད་པ་ལ་བདག་

དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་དང་། དེ་བཞིན་དུ་མཛེས་པར་མངོན་དུ་ཞེན་ཏེ། སྲེད་པ་ལས་བྱེད་དོ། །དེ་ལྟར་ཕྱིན་ཅི་ལོག་གི་བློས་བདག་ཏུ་སྲེད་པས་ཕྱེ་མ་ལེབ་བཞིན་དུ་སྲིད་པར་ལྷུང་ངོ་། །མི་རྟག་པ་དང་། སྡུག་བསྔལ་བ་དང་

སྟོང་པ་དང་། བདག་མེད་པར་ཡོངས་སུ་ཤེས་ནས་སྡུག་བསྔལ་ལྡོག་གོ་ཞེས་སོ། །ཆོས་དང་གང་ཟག་ལ་བདག་མེད་པ་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་བ་དེ་ཐམས་ཅད་མཁྱེན་པས་གསུངས་པ། རང་གི་སེམས་སྣང་བ་སྒྱུ་མ་དང་། སྤྲིན་གྱི་ཡུལ་དཔེ་བཤད་པར་བྱའོ་ཞེས་ཏེ་

གཟུགས་ལ་སོགས་པ་ནི་སེམས་སྣང་བ་ཉིད་དེ། ཕྱིའི་དོན་མེད་པ་ནི་རྨི་ལམ་དང་། རབ་རིབ་དང་། སྒྱུ་མ་དང་། སྤྲིན་དང་། གཟུགས་བརྙན་ལ་སོགས་པའི་རང་བཞིན་བཞིན་ནོ། །དེ་ལ་སྒྱུ་མའི་དཔེས་ཆོས་ལ་བདག་མེད་པར་སྒྲུབ་པར་མཛད་པའོ། །སྤྲིན་གྱི་དཔེས་མི་རྟག་པ་

ཡིན་པར་ཚད་མའི་དོན་ཉིད་དུ་སྒྲུབ་པའོ། །བློ་གྲོས་ཆེན་པོ་དགེ་སློང་ངམ། བྲམ་ཟེ་གང་ལ་ལ་མ་བྱུང་བའམ། ཡོད་པ་རྒྱུ་ལས་འབྲས་བུ་མངོན་པ་དང་། དངོས་པོ་ཡུན་རིང་དུ་གནས་པ་དང་། རྐྱེན་རྣམས་ལས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་དང་། གནས་

པ་བྱུང་ནས་ཀྱང་འཇིག་པར་འདོད་དེ་ཞེས་པ་ནི་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་མེད་པ་ལས་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་སྨྲ་བར་བྱེད་པ་དང་། གྲངས་ཅན་རྣམས་ཡོད་པ་འབྱུང་ངོ་ཞེས་སོ། །དངོས་པོ་བྱུང་བ་དུས་ཁ་ཅིག་ཏུ་གནས་ཞེས་པའོ། །དངོས་པོ་འཇིག་པ་

ཡང་རྣམ་པ་གཉིས་ཀྱི་ཕྱིར་ཏེ། འདུས་པའི་རྒྱུ་འཇིག་པ་དང་། མ་འདུས་པའི་རྒྱུ་འཇིག་པ་ལས་སོ། །དེ་ལ་འདུས་པའི་རྒྱུ་འཇིག་པ་ལས་ཞེས་བྱ་བ་ནི་ཇི་ལྟར་རྒྱུ་སྤུན་ཞིག་པའི་ཕྱིར་སྣམ་བུ་འཇིག་པའོ། །མ་འདུས་པའི་རྒྱུ་འཇིག་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱུ་སྤུན་དུ་སྦྱོར་བ་ཞིག་

Vol. 121 · folio 73b

པའི་ཕྱིར་སྣམ་བུ་འཇིག་པའོ། །གྲངས་ཅན་རྟོག་པ་ནི་ཆོས་རྣམ་པར་གནས་ན་ནི་ཆོས་གཞན་ལྡོག་ཅིང་། ཆོས་གཞན་འབྱུང་བ་སྟེ། མེད་པ་ནི་མི་སྐྱེ། མེད་པ་ནི་མི་འགག་ཅེས་སོ། །ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཡོད་པ་དང་། མེད་པ་པོར་སྨྲ་བ་དེ་དག་ཁ་ཅིག་ནི་རྟོག །ཁ་ཅིག་ནི་མི་རྟོག་པར་

བྱེད་པ་རྒྱུ་མེད་པ་ཅན་ཡོད་པ་ནི་རྟག་པ་ཡིན་ཞེས་ཏེ། གང་ལ་རྒྱུ་མེད་ཅིང་མ་སྐྱེས་པ་དེ་ཡོད་པ་ཉིད་དུ་མི་རུང་སྟེ། རི་བོང་གི་རྭ་བཞིན་ནོ། །དེའི་འབྲས་བུ་ཡང་དུས་གཞན་དུ་གནས་པར་མི་རིགས་ཏེ། གལ་ཏེ་དེ་གནས་པའི་རང་བཞིན་པ་ཡིན་ན་དུས་ཐམས་ཅད་དུ་ཅི་སྟེ་མི་གནས། འོན་

ཏེ་གནས་པའི་རང་བཞིན་པ་ཡིན་པའི་མཐུ་ཉིད་ཀྱིས་འཇིག་པར་འགྱུར་གྱི་དུས་གཞན་དུ་མི་གནས་སོ། །མདོ་སྡེ་པ་རྣམས་ཀྱི་ཐར་པ་ནི་མར་མེ་མེད་པར་འགྱུར་བ་བཞིན་དུ་འཕགས་པའི་བདེན་པར་འཆིང་བ་ལས་གྲོལ་ཏེ་ཕུང་པོ་ལྔ་ཆད་དོ་ཞེས་སོ། །རྣམ་པར་འཇིག་པ་དང་ཆད་པ་ནི་སྐད་ཅིག་

པའི་རྒྱུན་ཆད་པའི་དོན་དུ་དགོངས་པའོ། །བྱུང་ནས་ཀྱང་འཇིག་པར་འདོད་དེ། བློ་གྲོས་ཆེན་པོ་དེ་དག་ནི་རྒྱུན་དང་། བྱ་བ་དང་། སྐྱེ་བ་དང་། སྲིད་པ་དང་། མྱ་ངན་ལས་འདས་པ་དང་། ལམ་དང་། ལས་དང་། འབྲས་བུ་དང་། བདེན་པ་རྣམ་པར་འཇིག་པ་དང་། ཆད་པར་

ལྟ་བར་འགྱུར་ཏེ་ཞེས་པ་ནི་དོན་གྱི་བྱ་བ་མེད་པའི་ཕྱིར་རོ། །ཡོད་པ་ལ་མངོན་པར་མེད་དེ། ཕྱིའི་དོན་མེད་པའི་ཕྱིར་རོ། །དེའི་རྒྱུན་གྱིས་འབྲས་བུའི་དངོས་པོ་ནི་མདོ་སྡེ་པ་དང་། ནེ་ཡི་ཡ་ཡི་ཀ་ལ་སོགས་པ་འདོད་པའོ། །མུ་སྟེགས་ཅན་རྣམས་ནི་རྟག་པའི་དབང་པོའི་བྱིན་གྱིས་བདག་

དང་ཡིད་ཀུན་ཏུ་སྦྱོར་བ་ལས་ཤེས་པ་སྐྱེད་པར་འདོད་དོ། །དེ་བཞིན་དུ་བདག་དང་། དབང་པོ་དང་། ཡིད་དང་། དོན་སྦྱོར་བ་བྲལ་བའི་ཕྱིར་ཡེ་ཤེས་ཆད་ཅེས་སོ། །རྒྱུན་ལ་གནས་པའི་ཡེ་ཤེས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་རྣམ་པར་འཇོག་

པ་ཡིན་ན་རྟག་པ་དང་། ཆད་པ་པོར་སྨྲ་བ་དེ་དག་གི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གང་འདི་མངོན་སུམ་དུ་མི་དམིགས་ཏེ། ཐོག་མ་དང་ཐ་མ་མཐོང་བ་མེད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྫ་མ་གྱོ་

Vol. 121 · folio 74a

མོར་གྱུར་པ་རྫ་མའི་བྱ་བ་མི་བྱེད་དོ། །ས་བོན་ཚིག་པ་ཡང་མྱུ་གུའི་བྱ་བ་མི་བྱེད་ཅེས་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སྐྱེས་མ་ཐག་ཏུ་འཇིག་པར་ཐོག་མ་དང་ཐ་མའི་སྟོང་པ་ཉིད་ཁོང་དུ་ཆུད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་རིགས་ཀྱི་མཚན་ཉིད་དང་

ལྡན་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཐམས་ཅད་རྒྱུན་གྱི་རང་བཞིན་དུ་རྣམ་པར་གནས་པ་སྟེ། དེ་ཉིད་རྨི་ལམ་གྱི་དུས་ན་འཛིན་པ་དང་གཟུང་བའི་དངོས་པོ་

བརྟག་པ་མུ་སྟེགས་ཅན་རྣམས་ཀྱིས་དེ་ལྟར་ཁོང་དུ་མི་ཆུད་དོ། །དེ་ལྟར་ཡང་ཁོང་དུ་མི་ཆུད་པས་བདག་རྟག་པ་དང་། གཅིག་པུ་དང་། རིག་པ་པོ་ཕྱིའི་དོན་རིག་པར་བྱ་བར་ཀུན་ཏུ་རྟོག་པ་ནི་རང་གི་སེམས་སྣང་བ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །མིག་ལ་སོགས་པའི་ཤེས་པ་རྣམས་ཀྱིས་

མངོན་སུམ་དུ་མི་དམིགས་པའི་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་འབྲས་བུ་རྣམས་ཀྱི་ཐོག་མ་དང་། ཐ་མ་སྟོང་པ་ཉིད་དུ་ཀུན་ཏུ་རྟོག་པར་བྱེད་དེ། བུམ་པ་དང་ས་བོན་ལ་སོགས་པ་གྱོ་མོ་ལ་སོགས་པར་གྱུར་པ་དང་། བུམ་པ་ལ་སོགས་པའི་སྔོན་དང་། ཐ་མར་སྦྲང་རྩི་

དང་ཆུ་འཛིན་ལ་སོགས་པའི་དགོས་པ་སྐྱེད་མི་ནུས་ཏེ། དེས་ན་སྔོན་ལོགས་སུ་མེད་པ་དང་། ཞོམ་ནས་མེད་པའི་དུས་ན་བུམ་པ་ལ་སོགས་པ་མེད་དོ། །འོན་ཏེ་ཐོག་མ་དང་། ཐ་མ་པའི་དུས་ན། དངོས་པོ་ཡོད་ན་བདག་གི་བྱ་བ་ཅིས་ན་མི་བྱེད། དེའི་སྟེང་དུ་ཡོད་པ་རྣམས་ལ་བྱ་བ་མེད་པས་

ན་ཡོད་པའང་ཇི་ལྟར་ན་སྐྱེ་བར་འགྱུར། གྲངས་ཅན་པ་རྣམས་ཀྱིས་སྨྲ་བ། དེ་སྟེ་མེད་པ་སྐྱེ་བར་འགྱུར་ན་ནི་བྱེ་མ་རྣམས་ལས་མར་ཅི་སྟེ་མི་འབྱུང་། རུས་སྦལ་གྱི་སྤུ་དང་། རི་བོང་གི་རྭ་དང་། ནམ་མཁའི་ཨུཏྤལ་ལ་སོགས་པ་མེད་པ་རྣམས་ཅིས་ན་འབྱུང་བར་མི་འགྱུར། དེ་དེ་བཞིན་དུ་ཀྵ་

པ་ན་ཀ་དང་། སྤྱོད་པ་ཅན་རྣམས་སྤོབས་པ་ཇི་བཞིན་པར་ཡོད་པ་དང་། མེད་པ་དང་། གཉི་གར་སྨྲ་བར་རྟོག་གོ། །ཇི་ལྟར་འཇིག་རྟེན་རྒྱང་འཕེན་པས་སྨྲ་བ་ས་དང་། ཆུ་དང་། མེ་དང་། རླུང་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཏེ། དེ་དག་ལས་རྣམ་པར་ཤེས་པ་སེམས་པ་ཅན་མོས་

Vol. 121 · folio 74b

པར་བྱེད་པའི་མཐུ་བཞིན་པ་དང་། ཆུའི་ཆུ་བུར་བཞིན་དུ་སྲོག་འབྱུང་སྟེ། སེམས་པ་སྐྱེས་བུའི་ལུས་སུ་གསལ་བར་གྱུར་པ་དང་། དེ་འདུས་པའི་ལུས་ལ་དབང་པོར་མིང་གདགས་སོ་ཞེས་པའོ། །ཕྱིའི་དོན་དུ་སྨྲ་བ་དེ་དག་ཐམས་ཅད་ཀྱིས་ཀྱང་བདག་གི་སེམས་སྣང་བ་ཁོང་དུ་མ་ཆུད་པས་

ཡོད་པ་དང་། མེད་པ་དང་། གཉི་ག་ལས་འབྲས་བུར་རྣམ་པར་རྟོག་གོ། །ཡོད་པ་དང་། མེད་པ་དང་། བྱེད་པ་དང་བྱེད་པ་པོར་འབྲེལ་ཏེ་སྐྱེ་བར་མི་རུང་ངོ་། །ཡོད་པ་ནི་བྱ་བ་མེད་པའི་ཕྱིར་རོ། །མེད་པ་ཡང་དངོས་པོ་མེད་པས་རྣམ་པར་རྟོག་པ་ཙམ་དུ་ཟད་དོ། །མེད་པ་བྱེད་དོ་ཞེས་ཇི་སྐད་

སྨྲས་པ་ཡིན་ཞེ་ན། དངོས་པོ་མེད་པ་ལ་བྱེད་པ་སྟེ། ཇི་ལྟར་ཡང་མི་བྱེད་དོ་ཞེས་བྱེད་པ་བཀག་པ་ཉིད་དུ་གྱུར་པའོ། །ཇི་ལྟར་འདིར་ཐམས་ཅད་མཁྱེན་པས་གསུངས་པ། ཡོད་དང་མེད་ལས་འབྲས་མི་སྐྱེ། །ཡོད་མེད་གང་ཡང་རྐྱེན་གྱིས་མིན། །རྒྱུ་རྣམས་ཀྱིས་ཀྱང་དངོས་པོ་ནི། །

སྐྱེ་བར་འགྱུར་བ་ཇི་ལྟ་ཞིག །དོན་དེ་ཉིད་ས་དང་པོའི་དབང་པོས་དབུ་མར་སྒྲུབ་པ། ཡོད་དང་མེད་པ་དག་ལ་ཡང་། །རྐྱེན་གྱི་དོན་ནི་མི་རུང་སྟེ། །མེད་ན་རྐྱེན་ནི་སུ་ཡི་ཡིན། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །དེ་བས་ན་ཡོད་པ་དང་མེད་པ་བྱེད་པ་པོ་བྱེད་པ་དང་འབྲེལ་ཏེ་ལས་སུ་བྱ་བ་མི་རུང་ངོ་། །

གང་གི་ཚེ་ན་རྒྱུའི་སྐད་ཅིག་པ་ཡོད་པ་དེའི་ཚེ་འབྲས་བུའི་སྐད་ཅིག་པ་མེད་དོ། །ཇི་ལྟར་ན་དངོས་པོ་དང་། དངོས་པོ་མེད་པ་འབྲེལ་པར་རུང་། སྐད་ཅིག་པ་གཅིག་ནི་སུ་དང་ཡང་འབྲེལ་བ་མེད་དེ། །སྔ་མའི་འོག་ཏུ་འདི་ཡོད་པར་འགྱུར་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་ལ། ལས་དང་འབྲས་བུ་

ངེས་པར་འབྲེལ་པ་འབའ་ཞིག་གོ། །དེ་ལྟར་ན་གང་གིས་དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་རྣམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ་པར་གཞག་པ་ཡོད་པ་དང་མེད་པ་མ་ཡིན་ཞིང་། ཐམས་ཅད་ལས་ཐམས་ཅད་དེ་མ་ཐག་པ་མ་ཡིན་ཏེ། ཇི་ལྟ་ཞེ་ན། དགའ་ཞིང་

འགའ་ཞིག་ལས་དེ་མ་ཐག་ཏུ་འབྱུང་བ་སྟེ། རུས་སྦལ་གྱི་སྤུ་དང་། རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་དང་། ནམ་མཁའི་ཨུཏྤལ་ལ་སོགས་པ་ལྟར་རྒྱུ་མེད་པ་ཉིད་ལས་ནི་མ་ཡིན་ནོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་རྒྱུ་མེད་པ་ལས་སྐྱེ་བ་མ་ཡིན་ཏེ། ཐོག་མ་དང་

Vol. 121 · folio 75a

ཐ་མའི་མཐར་སྟོང་ཡང་རྒྱུ་རྐྱེན་འདུས་པའི་རྒྱུ་ལས་འབྱུང་བར་འགྱུར། གསུམ་ཕྲད་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སྐད་ཅིག་པ་རྣམས་སམ། བྱེད་པ་པོ་དང་། ལས་དང་། བྱེད་པའི་མཚན་ཉིད་དུ་བརྟག་པའོ། །དམ་བཅས་པ་མ་ཉམས་པ་ནི་ཡོད་

པ་དང་མེད་པ་ལ་རྒྱུ་མི་རིགས་ཏེ། བྱེད་པ་པོ་ལ་སོགས་པ་དང་ལྡན་པ་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པ་མཚུངས་པས་ན་གླགས་ཕྱེ་སྟེ་ཐམས་ཅད་དུ་ཐམས་ཅད་ཡོད་པའམ། མེད་པར་འགྱུར་བ་ནི་ཡོད་པ་དང་མེད་པ་ལས་འབྱུང་བར་སྨྲ་བ་ལ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །གསུམ་ཕྲད་པའི་རྐྱེན་

ཞེས་བྱ་བ་ནི་གསུམ་ཕྲད་པ་ཉིད་རྐྱེན་ཡིན་ཏེ་རྒྱུའོ། །དེའི་བྱེད་པ་ནི་འདས་པ་ལ་སོགས་པའི་རིམ་མམ་ལྷན་ཅིག་ཀྱང་རུང་སྟེ། གསུམ་ཕྲད་པའི་མཚན་ཉིད་ནི་རྒྱུ་རྣམས་ཉེ་བར་བརྟག་པར་བྱ་བ་ཡིན་ཏེ། མིག་དང་གཟུགས་ཀྱི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། གསུམ་འདུས་ན་རེག་

པ་ཞེས་བྱ་སྟེ། དེ་མ་ཐག་པའི་རྐྱེན་དང་། སྣང་བ་དང་བར་ཆད་མེད་པ་ལ་སོགས་པ་རྒྱུ་ཡང་ཡོད་དོ། །དེས་ན་རྒྱུན་དུ་གནས་ཤིང་། སྔོན་མྱངས་པ་རྗེས་སུ་དྲན་པ་ལ་སོགས་པའི་འདུ་བྱེད་དང་ལྡན་པའི་མིག་ལ་སོགས་པ་གསལ་བའི་རྣམ་པར་ཤེས་པ་དང་ལྡན་པ་རྣམ་པར་རྟོག་པ་ཡིད་ཤེས་པ་སྐྱེ་

ཞིང་འགག་ཀྱང་སེམས་པ་མེད་ཅིང་། རྣམ་པར་ཤེས་པ་དེ་དག་ཐོག་མ་དང་། ཐ་མར་གནས་པའི་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་རྒྱུན་ཡིན་པར་རྗེས་སུ་དཔག་པར་བྱའོ། །རྨི་ལམ་དུ་ཡང་མིག་ལ་སོགས་པ་དང་ཡུལ་ཡང་དེར་མེད་དེ། ཐམས་ཅད་ཀྱི་བདག་ཉིད་དེ་ཉིད་ཡོད་པར་

མངོན་སུམ་རྗེས་སུ་མྱོང་ངོ་། །གང་དག་ཀྱང་ནེ་ཡི་ཡ་ཡི་ཀའི་མུ་སྟེགས་ཅན་རྣམས་དབང་པོ་དང་། དོན་ཕྲད་དེ་ཉེ་བར་སྐྱེས་པའི་ཤེས་པ་བསྟན་དུ་མེད་པར་འགྱུར་བ་མེད་ཅིང་གདོན་མི་ཟ་བའི་བདག་ཉིད་གང་ཡིན་པ་དེ་ནི་མངོན་སུམ་གྱི་མཚན་ཉིད་ཅན་གྱི་ཤེས་པའོ་ཞེས་རྟོག་པའོ། །

ཁྱད་པར་ཅན་རྣམས་ཀྱིས་ནི་བདག་དང་། ཡིད་དང་། དབང་པོ་དང་དོན་དུ་ཕྲད་པ་ལས་གང་སྐྱེ་བ་ནི་མངོན་སུམ་གྱི་ཤེས་པར་རྟོག་གོ། །གྲངས་ཅན་རྣམས་ཀྱིས་ནི་རྣ་བ་དང་། པགས་པ་དང་། མིག་དང་། སྣ་དང་། ལྕེ་རྣམས་ཡིད་ཀྱིས་བྱིན་གྱིས་བརླབས་ཏེ་འཇུག་པ་རྣམས་

Vol. 121 · folio 75b

ནི་མངོན་སུམ་གྱི་མཚན་ཉིད་ཅན་མངོན་སུམ་ཚད་མའོ། །སྤྱོད་པ་ཅན་རྣམས་ཀྱིས་ནི་སྐྱེས་བུ་དང་དབང་པོ་ལྷན་ཅིག་ཏུ་འབྱོར་ཏེ། བློ་སྐྱེ་བ་དེ་ནི་མངོན་སུམ་པའོ། །དེ་ཐོག་མར་བྱས་ཏེ་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་གཞན་གཞག་པའོ། །ཀྵ་པ་ན་ཀ་རྣམས་ཀྱིས་ནི་སྤྱི་དང་ཁྱད་པར་གྱི་

ཡུལ་མངོན་སུམ་པའོ། །ཐམས་ཅད་ཀྱི་རྗེས་སུ་དཔག་པ་ནི་ཚད་མར་བཟུང་ནས་མངོན་སུམ་དུ་ཐོག་མར་བྱས་པ་ལས་སོ། །འཇིག་རྟེན་རྒྱང་འཕེན་པ་རྟོག་པ་ནི་ཡུལ་ཉེ་བ་ནི་མངོན་སུམ་པའོ། །ཡུལ་རིང་བ་ནི་རྗེས་སུ་དཔག་པ་སྟེ། དེ་བས་ན་དོན་ལ་གདོན་མི་ཟ་བ་མེད་དོ་ཞེས་པའོ། །དེ་དག་

ཐམས་ཅད་ཀྱིས་བདག་གི་སེམས་སྣང་བ་ཁོང་དུ་མ་ཆུད་པའི་ཕྱིར་དོན་དུ་ལྷག་པར་བསྐྱེད་དེ། བྱེད་པ་དང་། བྱེད་པ་པོ་དང་། ཚད་མ་དང་། གཞལ་བ་དང་། རྗོད་པ་དང་། བརྗོད་པ་ལ་སོགས་པའི་ཐ་སྙད་རྣམས་ཀུན་ཏུ་རྟོག་གོ། །རྨི་ལམ་ལ་སོགས་པར་ཡང་གཟུང་བ་དང་འཛིན་པ་དང་།

བྱེད་པ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་ལ་སོགས་པར་སྣང་བའི་རྣམ་པར་རྟོག་པ་ཡོད་དོ། །སྐད་ཅིག་པ་ལ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པ་ལ་སོགས་པའི་ཆོས་གུད་ན་མེད་དོ། །ཇི་ལྟར་དབུ་མ་ལས་འབྱུང་བ། །གལ་ཏེ་སྐྱེ་བ་འདུས་བྱས་ན། །མཚན་ཉིད་

གསུམ་ལྡན་དེར་རིགས་ཏེ། །འོན་ཏེ་སྐྱེ་བ་འདུས་མ་བྱས། །འདུས་བྱས་མཚན་ཉིད་ཇི་ལྟར་རུང་། །དེས་ན་ཡོད་པ་དང་མེད་པ་ལ་བྱེད་པ་དང་བྱེད་པ་པོས་བསྐྱེད་པ་ལ་སོགས་པའི་ཆོས་རྣམས་མི་རིགས་སོ། །ཆོས་དང་གང་ཟག་ལ་བདག་མེད་པ་གཉིས་ལའང་བསྐྱེད་པ་ལ་སོགས་པ་ཕྱིའི་

དོན་དུ་སྒྲོ་བཏགས་ཏེ། དེ་དག་གཞན་པར་བརྟག་པར་མི་བྱའོ། །གང་དག་གཉིས་རྣམ་པའི་ཆོས་ཡིན་པ་དེ་དག་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་ཐམས་ཅད་མ་སྐྱེས་པས་ན་དེའི་ཕྱིར་ཡོད་པ་དང་མེད་པ་སྐྱེ་བར་མི་རུང་ངོ་། །དེ་དག་ལ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་

སོགས་པར་སྨྲ་བ་རྣམས་ལའོ། །མེད་པ་མི་སྐྱེ་ལ། མེད་པ་འགག་པར་མི་འགྱུར་ཏེ། གྲངས་ཅན་རྣམས་ཀྱི་གསུམ་ཕྲད་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་རྣམས་སོ། །རྒྱུ་དང་འབྲས་བུའི་རང་བཞིན་གྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཡོད་པ་དང་

Vol. 121 · folio 76a

མེད་པའི་མཚན་ཉིད་ཡོད་པར་ཞེས་པ་ནི་མངོན་སུམ་ཡོད་པར་བྱེད་པ་ཡེ་ཡོད་པའི་སྤྱིའི་མཚན་ཉིད་དེ། ཡོན་ཏན་དང་། རྫས་དང་། བྱེད་པ་ལྡན་པའོ། །ཡོན་ཏན་དང་ལྡན་པ་ནི་འབྲེལ་པའི་རྒྱུའོ། །རྫས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཏེ། འདས་

པ་ལ་སོགས་པའི་མཚན་ཉིད་ཡོད་པར་སྟོན་ཏོ། །ཡོད་པ་དང་མེད་པ་ལས་འབྱུང་བ་ཞེས་བྱ་བ་ནི་དམ་བཅས་པ་དང་འགལ་བ་སྟེ། དེ་སྟེ་ཡོད་ན་ནི་ཇི་ལྟར་ན་འབྱུང་བར་འགྱུར། འོན་ཏེ་མེད་པ་འབྱུང་བར་འགྱུར་ན་དངོས་པོ་མེད་པ་ཇི་ལྟར་ན་འབྱུང་བར་བྱེད། ཅུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བ་སྟེ། བྱེད་པ་འགག་པའོ། །དེས་ན་

རྨི་ལམ་དང་། མིག་འཕྲུལ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐར་སྟོང་པ་དབུས་སུ་འཛིན་པ་དང་གཟུང་བ་གཉིས་ཀྱི་རང་བཞིན་གྱིས་སྟོང་སྟེ། ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་རང་བཞིན་གྱིས་འོད་གསལ་བར་གནས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་

དང་། རྐྱེན་གྱི་ཁྱད་པར་དང་། མཉམ་པར་འཇོག་པ་མེད་པས་ནང་གློངས་པ་ནི་གསེར་དྲི་མ་ཅན་དུ་འགྱུར་བ་བཞིན་ཏེ། མགོ་མཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་སྣང་ངོ་། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པ་དང་། ཕྲ་བ་རྣམ་པར་

ཕྱེ་སྟེ། ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་གཉིས་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ཉིད་གནས་པར་འགྱུར་རོ། །ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་ཤེས་རབ་དང་། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ཏེ་སར་དབྱེ་

བ་འབྱེད་པ་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་འཇུག་པའི་ཐམས་ཅད་མཁྱེན་པ་གཟུགས་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོར་འགྱུར་རོ། །བསོད་ནམས་དང་། ཡེ་ཤེས་ཀྱི་

ཚོགས་ཀྱི་ཁྱད་པར་ལས་བྱུང་བ་ལྷའི་མིག་ལ་སོགས་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དང་ལྡན་ཞིང་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་མ་ལུས་པ་གཞན་གྱི་དོན་དུ་འབྱུང་བ་རྨི་ལམ་ལ་སོགས་པ་ལྟ་བུར་མིག་ལ་སོགས་པའི་ཤེས་པ་ལས་ཁྱད་པར་ཅན་

Vol. 121 · folio 76b

ཀུན་གཞིའི་རྣམ་པར་ཤེས་པ་ཉིད་སྒྱུ་མའི་རྣམ་པར་ཐར་པར་གནས་ཤིང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དུ་དབྱེ་བ་ན་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བྱེད་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཡིན་ནོ། །ཇི་ལྟར་དེ་ཁོ་ན་ཉིད་བསྡུ་བ་ལས་གསུངས་པ་

རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། གང་གིས་ཇི་ལྟར་སྤྱོད་པ་དེ་ལྟར་འགྲུབ་པར་འགྱུར་རོ། །སོ་སོའི་སྐྱེ་བོ་ལྟ་བ་ངན་པས་ཟིན་པ་དེ་དག་བརྟགས་པའི་ས་ལ་གནས་པ་ན་ཚད་མ་དང་གཞལ་བར་རྣམ་པར་གཞག་པར་ཡང་རྟག་པའི་བདག་དང་དོན་དུ་རྣམ་པར་རྟོག་པར་བྱེད་

དོ། །དེ་ལ་རྟག་པའི་བདག་ནི་ཚད་མ་ཕྱིའི་དོན་གཞལ་བ་དང་། གང་མཐོང་བ་དེ་ཉིད་ལ་བདག་གིས་རེག་གོ་ཞེས་འཇལ་བར་བྱེད་པ་དེ་དག་གིས་ནི། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་སེམས་ཀྱི་རྒྱུན་དང་ལྡན་པ་གང་གིས་མི་ཤེས་པ་དེས་ན་བླུན་པ་རྣམས་ཀྱིས་བདག་

འདི་ལྟར་བདེ་བ་དང་། །སྡུག་བསྔལ་བའོ་ཞེས་སོ་སོར་བཤད་པའི་ཕྱིར་རྟག་པ་ཁོ་ནས་རྟག་པར་བྱེད་ན་སྐྲ་དང་རྩྭ་ལ་སོགས་པ་བཅད་ནས་ཕྱིར་སྐྱེས་པ་ཡང་སོ་སོར་ཤེས་པ་འཇུག་པས་ན་དེས་རྟག་པ་ཁོ་ནར་བསྒྲུབ་པར་མི་རུང་ངོ་། །ནེ་ཡི་ཡ་ཡི་ཀ་ལ་སོགས་པས་གང་དག་རྗེས་སུ་

དཔག་པར་ཀུན་ཏུ་བརྟགས་པ་དེ་དག་ཀྱང་དེའི་བདག་ཉིད་པ་དང་། དེ་ལས་སྐྱེ་བར་འབྲེལ་བ་མེད་དེ། དེ་བས་ན་སྦྱོར་བ་ལ་སོགས་པར་འབྲེལ་བར་ངེས་པ་མ་ཡིན་ནོ། །དེ་ཐོག་མར་བྱས་ཏེ་རྗེས་སུ་དཔག་པ་རྣམ་པ་གསུམ་ནི་སྔ་མ་ལྟ་བུ་དང་། ལྷག་མ་ལྟ་བུ་དང་། སྤྱིས་མཐོང་བའོ། །

དེ་ལ་སྔ་མ་ལྟ་བུ་ནི་གང་ན་རྒྱུས་འབྲས་དུ་དཔག་པའོ། །དེ་ནི་གང་ན་རྒྱུ་ཡོད་པ་དེར་གདོན་མི་ཟ་བར་འབྲས་བུ་འབྱུང་བར་ངེས་པ་མེད་དོ། །ལྷག་མ་ནི་བྱེ་བྲག་ཏུ་དབྱེ་བ་མེད་དོ། །མེ་དང་དུ་བར་སྦྱོར་བའི་མཚན་ཉིད་ནི་འབྲེལ་པར་སྨྲ་བར་བྱེད་པ་གང་ན་སྦྱོར་བ་གཅིག་ཡོད་པ་དེར་སྦྱོར་བར་བྱེད་

པ་གཞན་ཡང་ཡོད་པར་འགྱུར་བའི་རིགས་པར་ངེས་པ་མེད་དེ་འཁར་བ་དང་སྐྱེས་བུ་བཞིན་ནོ། །སྤྱིས་རྗེས་སུ་དཔག་པ་ནི་རྒྱུ་དང་འབྲས་བུར་མ་གྱུར་པའི་བྱ་བཞད་ལས་ཆུ་རྗེས་སུ་དཔག་པའོ། །ཁྱད་པར་ཅན་གྱི་རྗེས་སུ་དཔག་པ་ཡང་སྦྱོར་བ་དང་། ཡན་ལག་ཅན་དང་། དོན་གཅིག་ཏུ་འདུས་པ་

Vol. 121 · folio 77a

དང་འགལ་བའི་ཡང་མཚན་མ་ཅན་ནོ། །དེ་ནི་གང་ན་སྦྱོར་བ་ཅན་གཅིག་སྣང་བ་དེ་ནི་ཡུལ་དང་དུས་དང་མི་གཞན་པ་ཡོད་པར་འགྱུར་བ་ངེས་པ་མེད་དོ། །ཡན་ལག་ཅན་ཡང་རྐང་པ་ལ་ལག་པ་ལྟ་བུ་སྟེ། རྐང་པའི་རྒྱུ་དང་མཚན་མ་ནི་ལག་པ་ཡིན་ཞེས་པ་དེ་ནི་མཐའ་

གཅིག་ཏུ་ངེས་པ་མེད་དོ། །དོན་གཅིག་ཏུ་འདུས་པ་ནི་གཟུགས་ལ་རེག་པ་ལྟ་བུ་སྟེ། དེ་ཡང་མུན་པ་དང་། གྲིབ་མ་དང་། འོད་དང་། སྣང་བ་ལ་སོགས་པའི་གཟུགས་ལ་ཡང་རེག་པ་མེད་དོ། །འགལ་བ་ནི་ཁྱད་པར་ཅན་གྱི་རྣམ་པ་དུ་མར་ཀུན་ཏུ་རྟོག་པར་བྱེད་དེ། རླུང་སྤྲིན་དང་ཀུན་ཏུ་

སྦྱོར་བ་ན་ཆར་པ་འབབ་པར་འགྱུར་ཞེས་པ་ནི་དེ་ལྟ་བུའི་ཆར་པ་དང་རྣམ་པ་དུ་མའི་ཆར་པ་ཡང་ཡོད་ན་དེར་ཆར་པ་གང་འབབ་པ་དང་། གང་མི་འབབ་པ་དེ་ཁྱད་པར་དུ་སྨྲ་དགོས་སོ། །འབྲེལ་པ་གཅིག་སྤྱིར་མཐོང་བ་དང་། ཁྱད་པར་དུ་མཐོང་བ་དང་། སྔ་མ་ལྟ་བུ་དང་། ལྷག་མ་ལྟ་བུ་

ཡང་གྲངས་ཅན་གྱི་རྗེས་སུ་དཔག་གོ། །བདག་པོའི་བདག་གི་དང་། འགྱུར་བ་དང་། ཡན་ལག་ལ་སོགས་པ་ཀུན་ཏུ་བརྟགས་པ་ནི་མི་བརྟན་པ་ཡིན་ཏེ། གང་ན་བདག་པོ་ཡོད་པ་དེར་བདག་གིས་ཏེ། དེའི་ཅུང་ཟད་ཁ་ཅིག་ཏུ་མཐོང་བ་གཞན་དུ་ཡོད་པར་འགྱུར་བར་ངེས་པ་མེད་དོ། །དེ་དེ་

ལྟར་ཀྵ་པ་ན་ཀ་དང་། སྤྱོད་པ་ཅན་ལ་སོགས་པ་རྣམས་ཀྱི་མངོན་སུམ་གྱི་ཐོག་མར་བྱས་པ་སྦྱོར་བ་ལ་སོགས་པར་འབྲེལ་བ་ཡང་གཞན་པ་ལ་རྗེས་སུ་དཔག་པ་ལ་སླུ་བར་བྱེད་པ་སྟེ། དེའི་བདག་ཉིད་དང་དེ་ལས་སྐྱེས་པ་དང་བྲལ་བའི་ཕྱིར་རོ། །དེས་ན་རྟག་པ་དང་། བདག་དང་། ཕྱིའི་དོན་

ཀུན་ཏུ་རྟོག་པས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་དང་གཞན་པ་ལ་སོགས་པར་རྣམ་པར་གཞག་པར་བྱེད་པ་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་མི་ཤེས་པས་རྟག་པའི་ས་ལ་ལྟ་བ་ངན་པས་ཟིན་པའི་རྟོག་པ་རྣམས་ལོག་པའི་ཤེས་པས་

རྟག་པ་དང་། བདག་དང་། བདག་གི་དང་། ཕྱིའི་དོན་ནས་མངོན་པར་ཆགས་པའི་ཕྱིར་འཁོར་བར་སྡུག་བསྔལ་མྱོང་ངོ་། །བཙུན་གཙོའི་བྱང་ཆུབ་སེམས་དཔའ་དགེ་སྦྱོང་དང་། བྲམ་ཟེ་ལ་ལ་རང་བཞིན་མེད་པའི་སྤྲིན་དང་། མགལ་མེ་བསྐོར་བ་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་

Vol. 121 · folio 77b

མེད་པ་ནི་སྐད་ཅིག་མའི་ཕྱིར་རོ། །རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་ཅན་ཐམས་ཅད་མ་སྐྱེས་པའོ། །ཡང་ན་བྱེད་པ་པོ་དང་ལས་ལ་སོགས་པ་མེད་པའི་ཕྱིར་མ་སྐྱེས་པ་སྟེ། བདག་མེད་པ་གཉིས་ཀྱི་བཤད་པ་ཐམས་ཅད་དུ་སྦྱར་བར་བྱའོ། །གང་དག་

ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིག་པ་ན་དེ་དག་འཁོར་བ་དང་། མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་སྟེ། དངོས་དང་དངོས་མེད་མཉམ་པས་ནི། །འཕགས་པ་རྣམས་ཀྱི་འབྲས་བུ་འབྱུང་། །ཞེས་པའོ། །འདི་ཉིད་དུ་ཡང་

གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་ཤེས་མི་བྱ། །ཡོད་པར་ཡང་ནི་མི་བརྟག་གོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཀློག་པ། དངོས་པོས་ནི་མངོན་པར་རྟོགས་པ་མེད་དངོས་པོ་མེད་པས་ཀྱང་

མངོན་པར་རྟོགས་པ་མེད་དེ། ཇི་ལྟ་ཞེ་ན། དངོས་པོ་དང་དངོས་པོ་མེད་པར་མཉམ་པས་རྟོགས་པར་འགྱུར་ཞེས་སོ། །ཅི་སྨྲས་པ་ཡིན་ཞེ་ན། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤོང་བ་ལས་སོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །ཇི་ལྟར་མདོ་སྡེ་འདི་ཉིད་

དུ་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོར་མྱ་ངན་འདས་པ་མེད། །རྣམ་རྟོག་རྣམ་ཤེས་བཟློག་པ་ན། །ང་ནི་མྱ་ངན་འདས་པའོ། །ཐམས་ཅད་མཁྱེན་པས་དེ་སྐད་གསུངས་པ་དེས་ཅི་ཞིག་རྟོགས་པར་བྱེད་ཅེ་ན། ལོག་པའི་རྣམ་པར་རྟོག་པ་སྤངས་པས་མངོན་པར་

རྫོགས་པའི་བྱང་ཆུབ་པོ། །དེ་བས་ན་རྟག་པ་དང་། བདག་དང་། བདེ་བ་དང་གཙང་བའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤོང་བ་མཐོང་ཡང་ཤེས་རབ་ཀྱིས་མི་མཐོང་ངོ་། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། རྣམ་པར་སྔོས་པ་དང་། རྣམ་པར་དམར་བ་

དང་། རྣམ་པར་གཞིགས་པ་དང་། རྣམ་པར་རྣགས་པ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱིས་མི་མཛེས་པ་རྣམས་སྒོམ་པར་བྱེད་པ་ན་མཐོང་ཡང་མི་མཐོང་ངོ་། །དེས་ན་ལོག་པའི་རྣམ་པར་རྟོག་པ་སྤོང་བ་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། སྟོང་

Vol. 121 · folio 78a

པ་ཉིད་ཀྱི་སྟོང་པ་ཉིད་ལ་སོགས་པ་སྟེ། ཕུང་པོར་མི་གནས་པ་དང་། རྣམ་པར་འཇོག་པ་ཉིད་ཀྱི་ཕྱིར་རོ། །ཕྱིའི་དངོས་པོ་ཕུང་པོར་གནས་པ་མེད་པ་དང་། རྣམ་པར་མི་འཇིག་པའི་རྟག་པ་ཡང་མེད་དོ། །འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་བཤད་

པ་ནི་དམ་པའི་ཆོས་ཀྱི་འབྲེལ་བ་ལང་ཀར་གསུངས་པ་འདི་ཉིད་ལས་འབྱུང་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་དང་། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །འོ་ན་སྣང་བ་འདི་ཅི་ལགས་ཞེས་གསོལ་བའི་ལན་དུ། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །

དཔྱིད་ཀྱི་རི་དགས་སྐོམ་པ་བཞིན། །གཡོ་བས་སེམས་ནི་རྨོངས་པར་བྱེད། །རི་དགས་རྣམས་ནི་ཆུར་འཛིན་པ། །དེ་ཡི་དངོས་པོ་ཡོད་པ་མིན། །དེ་བཞིན་རྣམ་ཤེས་ས་བོན་ནི། །སེམས་སྤྱོད་ཡུལ་དུ་གཡོ་བ་དང་། །སོ་སོར་སྣང་འབྱུང་བྱིས་པ་རྣམས། །རབ་རིབ་རབ་རིབ་ཅན་

ཡིན་ནོ། །ཐོག་མ་མེད་པའི་འཁོར་བར་རང་བཞིན་གྱིས་འོད་གསལ་བ་རིན་པོ་ཆེ་གསེར་གྱི་རང་བཞིན་ལྟར་རྣམ་པ་ངོ་བོ་ཉིད་ཀྱིས་དག་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་ཁྱད་པར་གྱི་ཤུགས་དང་། དམ་པ་དང་། དམ་པ་མ་ཡིན་པའི་ཆོས་བསྟན་པའི་

བག་ཆགས་དང་། དགེ་བ་དང་། མི་དགེ་བའི་འདུ་བྱེད་པ་རྣམས་གསེར་དྲི་མས་གོས་པ་ལྟ་བུའི་འཛིན་པ་དང་། གཟུང་བར་སྣང་བ་ཐལ་བ་དང་། འཛིན་པའི་སེའུ་ས་བཙོ་བ་ལ་སོགས་པ་ལྟ་བུར་ཤེས་རབ་ཀྱིས་དཔྱད་དེ་གཉིས་ཀྱི་དྲི་མ་མེད་པར་བྱའོ། །གང་གི་ཚེ་ན། གཟུགས་ནི་

རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པས་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་སྟོང་པ་སྣང་བ་མེད་པ་གཉིས་ཀྱི་རྣམ་པ་དང་བྲལ་བ་སེམས་པ་མེད་པའི་དོན་དམ་པའི་ཡང་དག་པར་རིག་པ་བདག་ཉིད་དུ་གནས་སོ། །སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་བས་དགེ་བའི་

བག་ཆགས་མངོན་པར་འདུ་བྱེད་པ་དང་། ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོའི་ཆོ་འཕྲུལ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དོན་བྱེད་དོ་ཞེས་མདོའི་སྡེ་སྤྲོས་པའི་དོན་དུ་ཐམས་ཅད་མཁྱེན་པས་

Vol. 121 · folio 78b

དགོངས་པའོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རྒྱུ་མཐུན་པར་བྱེད་པ་དང་། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཁྱད་པར་རྣམས་ཀྱིས་ཐམས་ཅད་མཁྱེན་པ་རབ་ཏུ་སངས་རྒྱས་པ་ཡང་སེམས་མཉམ་པར་འཇོག་པའི་རྒྱུད་འདག་པར་མཛད་པའི་

སླད་དུ་རྣལ་འབྱོར་པ་རྣམས་ལ་ཆོས་བཤད་དོ། །སྤྲུལ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་མཁྱེན་པ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་མཐའ་མེད་པའི་སེམས་

ཅན་རྣམས་མགུ་བར་མཛད་པའི་ཕྱིར་གཉིས་པ་དང་། མི་གཉིས་པའི་ཆོས་རྒོལ་བ་དང་། ལན་གདབ་པ་དང་། ཚད་མ་དང་། གཞལ་བྱ་ལ་སོགས་པའི་ཚུལ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་

ཀྱི་ཁྱད་པར་དུ་འཆད་པ་དང་། སྣང་བ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་སོང་བ་དང་། གང་ཟག་ལ་བདག་མེད་པ་ཁོ་ན་ཉིད་ལ་གཞོལ་བར་ཆོས་འཆད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་སྣ་ཚོགས་དང་། ཤེས་རབ་ཀྱིས་ཐབས་ལ་མཁས་ཞེས་བྱ་བ་ནི་གང་གི་ཚེ་

ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་ཆོས་ཀྱི་སྐུ་ལ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསམ་པ་མེད་པའི་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་ཆུད་པ་སྟེ། དེ་ནི་ཆོས་ཉིད་ཀྱི་སངས་རྒྱས་ཞེས་བརྗོད་དོ། །དེ་ཤེས་རབ་དང་

མཐུན་པའི་བཙུན་གཙོའི་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟར་དབུ་མ་ལས་འབྱུང་བ། །མྱ་ངན་འདས་པའི་

མཐའ་གང་ཡིན། །འཁོར་བའི་མཐའ་ཡང་གང་ཡིན་པ། །དེ་གཉིས་བར་ན་ཅུང་ཟད་ཀྱང་། །ཤིན་ཏུ་ཕྲ་བ་ཡོད་པ་མིན། །ཞེས་ཏེ། གཉིས་ཀྱི་རྣམ་པར་ཤེས་པས་མཐར་དབྱེ་བ་ནི་ནུས་ཀྱི་གཉིས་སུ་མེད་པའི་ཆོས་ཉིད་ལ་ནི་མ་ཡིན་ཏེ། དེ་བས་ན་དངོས་པོ་དང་།

Vol. 121 · folio 79a

དངོས་པོ་མེད་པའི་རྣམ་པར་སྤོང་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། སེམས་ཀྱི་རྒྱུད་དག་པ་ཉིད་དོ། །གསེར་གྱི་དྲི་མ་ཐལ་བ་དང་། འཇིམ་པའི་སེའུ་ས་བཙོ་བ་ལ་སོགས་པས་རིམ་གྱིས་དྲི་མ་སྤང་ཞིང་སྦྱོང་བ་བཞིན་དུ་སེམས་ཀྱང་མི་རྟག་པ་དང་། སྡུག་བསྔལ་

བ་དང་། མི་མཛེས་པ་དང་། སྟོང་པར་བསྒོམས་པས་སེམས་ཡུལ་ལས་བཟློག་པར་བྱའོ། །དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་གནས་ཀྱི་རིམ་པ་དང་། ཡུལ་དང་། དུས་དང་། རྐྱེན་གྱི་ཁྱད་པར་སྣང་བ་རྣམས་ཀྱིས་ཨ་མྲའི་འབྲས་བུ་ཡོངས་སུ་སྨིན་པ་བཞིན་དུ་སེམས་ཀྱང་རིམ་གྱིས་

ཡོངས་སུ་སྨིན་པར་འགྱུར་རོ། །དངོས་པོ་ཁ་ཅིག་གི་མུན་པ་དུས་དུ་མར་ཡུལ་དུ་འཕྲོགས་པ་རྣམས་ཀྱང་ཉི་མ་དང་ཟླ་བའི་འོད་ཀྱིས་ཅིག་ཅར་ཟད་པར་འགྱུར་བ་བཞིན་ནོ། །ཇི་བཞིན་དུ་ཡང་མེ་ཏོག་ཀུ་མུ་ཏ་དང་། པདྨོ་འོད་ཀྱིས་རྒྱས་པར་བྱེད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཡང་སེམས་ཅན་

རྣམས་ཀྱི་སེམས་ལ་སྐལ་བ་ཡོད་པ་དང་། མེད་པ་མཁྱེན་པར་མཛད་དེ། ཉི་མས་པདྨོའི་ཚལ་གྱི་པདྨོ་རིམ་གྱིས་ཅིག་ཅར་རྒྱས་པར་བྱེད་པ་ཡིན་ནོ། །དེ་སྟེ་ཡང་ཚངས་པ་དང་། དབང་པོ་ལ་སོགས་པ་ཆད་པའི་བདག་ཉིད་ཀྱི་དངོས་པོ་རྟག་པ་ཉིད་ཡིན་ན་ནི་རྒྱུ་མེད་པས་ན་ཡོད་པར་མི་རིགས་ཏེ། མོ་

གཤམ་གྱི་བུ་དང་། རི་བོང་གི་རྭ་དང་། ནམ་མཁའི་ཨུཏྤལ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར་རོ། །དེས་ན་རྒྱུ་དང་བཅས་པའི་ཆུད་པ་རྣམས་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་གཞག་པའི་རིགས་སོ། །ཀུན་གཞི་རྣམ་པར་ཤེས་པ་རྒྱུན་འབྲེལ་པར་འཇུག་པ་རྣམས་

དགེ་བ་དང་། མི་དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཁྱད་པར་ཅན་དུ་རིགས་པས་ན་མི་རྟག་པ་རྣམས་ཀྱི་འཁྲུལ་པ་ཡོངས་སུ་ཟད་དེ། ཡོངས་སུ་དག་པ་ཁོ་ན་དེ་དག་ལ་འཐད་དོ། །དེ་བས་ན་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། རྐྱེན་གྱི་ཁྱད་པར་གྱི་མཐུས་མགོ་འཁོར་བ་དང་། བརྒྱལ་བ་

ལ་སོགས་པ་བཞིན་དུ་དེ་དག་གི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ཡོད་པ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་གང་གི་ཚེ་མི་དམིགས་པ་དེའི་ཚེ་ཆུད་པ་རྣམས་རྒྱུན་འབྲེལ་བར་འཇུག་པ་བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་རང་

Vol. 121 · folio 79b

གིས་གནས་སོ། །སྙིང་རྗེའི་བག་ཆགས་ཀྱིས་གླེངས་པ་ན་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་དེ་དག་གི་གཟུགས་རྣམ་པ་སྣ་ཚོགས་འབྱུང་ངོ་། །དེ་ལྟ་བུར་ཡང་དེ་དག་ལ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་པ་དང་།

མི་གཉིས་པའི་ཏིང་ངེ་འཛིན་དུ་དབྱེ་བར་འབྱེད་པ་ན་རབ་ཏུ་དགའ་བའི་སའི་དབང་པོར་འགྱུར་ཏེ། བདག་དང་གཞན་གྱི་ཡོན་ཏན་གྱི་ཚོགས་ཆེན་པོ་འབྱུང་བའི་སངས་རྒྱས་སུ་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔས་བདག་གི་གྲུབ་པའི་མཐའ་ལ་མཁས་པར་བྱའི་གཞན་གྱི་གྲུབ་པའི་མཐའ་

རྣམས་ལ་ནི་མ་ཡིན་ནོ། །རྟག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་པ་མ་སྐྱེས་པས་ན་རི་བོང་གི་རྭ་བཞིན་དུ་མེད་པར་རིག་པར་བྱའོ། །དེ་ནས་ཡང་བློ་གྲོས་ཆེན་པོས་གསོལ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་

པའི་རང་བཞིན་ཤེས་རབ་ཀྱིས་དཔྱད་པར་བྱ་སྟེ། མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་དང་། ཆོས་ལྔ་དེ་དག་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ཁྱད་པར་དུ་ཤེས་པར་བྱའོ། །དེ་ལ་ཀུན་ཏུ་བརྟགས་

པ་ནི་ཇི་སྲིད་དུ་རྣམ་པར་རྟོག་པ་རྣམས་ཤེས་པར་ཡོད་པ་དེ་སྲིད་དུ་ཀུན་ཏུ་བརྟགས་པའོ། །གཞན་གྱི་དབང་ལས་ཀྱི་མཚན་ཉིད་ནི་གསལ་བའི་རྣམ་པ་གཉིས་ཀྱི་རྣམ་པས་སྟོང་པ་ནི་ཡོངས་སུ་གྲུབ་པའོ། །དེ་ལ་མིང་ཀུན་ཏུ་བརྟགས་པར་བསྡུའོ། །མཚན་མ་དང་རྣམ་པར་རྟོག་པ་ནི་གཞན་གྱི་དབང་དུའོ། །

དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པར་རོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་པ་དང་། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པ་རང་བཞིན་མེད་པའོ། །རྟག་

པ་དང་། བདག་དང་། ཕྱི་དང་། ཡན་ལག་ཅན་དང་། རྡུལ་ཕྲ་མོའི་བྱེ་བྲག་ནི་མཚན་ཉིད་དུ་གང་དག་གིས་དངོས་པོ་རྣམས་རྣམ་པར་རྟོག་པར་བྱེད་པ་དེ་དག་གིས་མེད་པས་ན་མཚན་ཉིད་ཀྱི་རང་བཞིན་མེད་པའོ། །བྱེད་པ་དང་། བྱེད་པ་པོས་སྟོང་པ་ཉིད་པས་ན་རྨི་ལམ་དང་མིག་འཕྲུལ་

Vol. 121 · folio 80a

ལ་སོགས་པ་བཞིན་གཞན་གྱི་དབང་གི་ལས་ཀྱི་རྣམ་པ་ཡང་སྐྱེ་བར་མི་རུང་ངོ་། །རྣམ་པ་གཉིས་ཀྱི་ཆུད་པ་ཡོངས་སུ་དག་པ་ནི་དོན་དམ་པའི་རང་བཞིན་མེད་པ་སྟེ། གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་དོ། །ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ། བརྟགས་པའི་དངོས་པོས་

དངོས་པོ་སྐྱེ་མེད་ཀུན། །གཞན་དབང་རྟེན་ནས་མི་རྣམས་རྣམ་རྟོག་སྟེ། །གང་ཚེ་གཞན་དབང་རྣམ་རྟོག་བྲལ་དག་པ། །གྲུབ་པ་དེ་བཞིན་ཉིད་པར་མདོར་ངས་བསྟན། །ཞེས་པའོ། །གང་གི་ཚེ་ན་ཤེས་རབ་ཀྱིས་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་སྟེ། འཁྲུལ་བའི་གཟུགས་སྟོང་པར་མཐོང་

བ་དེའི་ཚེ་རྣམ་པར་འཁྲུལ་བ་ལོག་ནས་ཡང་དག་པར་རིག་པ་མི་གཉིས་པ་ཉིད་གནས་སོ། །དེ་ནས་སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ནས་ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཆོ་འཕྲུལ་ཆེན་པོས་མཐའ་ཡས་པའི་

སེམས་ཅན་གྱི་རྒྱུད་མགུ་བར་མཛད་ཅིང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ལས་འཁོར་བ་ཡོད་ཀྱི་བར་དུ་གཞན་གྱི་དོན་དུ་རྒྱུན་དུ་བཞུགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པ་ལས་མི་བཞུགས་ཤིང་། འཁོར་བ་དང་མྱ་

ངན་ལས་འདས་པ་མཉམ་པ་ཉིད་བརྙེས་པ་ཞེས་བྱའོ། །རྐྱེན་གྱིས་མ་བརྩམས་ཞེས་བྱ་བ་ནི་གཞན་གྱི་དབང་ལ་སྐྱེ་བའི་རང་བཞིན་མེད་པར་གསུངས་པའོ། །ཕྱི་ནང་གི་ཡུལ་རྣམ་པར་དབེན་པ་ཞེས་བྱ་བ་ནི་མི་གཉིས་པའི་ཆུད་པ་ལ་རྣམ་པ་མེད་པ་ཉིད་དོ། །དེ་སྟེ་ཕྱིར་ཡུལ་མེད་ན་སྣང་བ་ཅི་ཞིག་

ཅེས་པ་དང་། དེའི་ཕྱིར་གསུངས་པ་སེམས་ཕྱི་རོལ་ཏུ་ལྟ་བས་སོ། །སེམས་ཉིད་རྣམ་པ་གཉིས་སུ་སྣང་ཞེས་པའི་བར་དུའོ། །དེ་ལྟར་གཉིས་ཀྱི་རྣམ་པ་མི་དམིགས་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པའི་ཏིང་ངེ་འཛིན་

འཐོབ་པོ། །བྱེད་པ་དང་ལྡན་པའི་སྐྱེ་བ་དང་བྲལ་ཞེས་བྱ་བ་ནི་བྱེད་པ་པོ་དང་། ལས་དང་། བྱེད་པས་བསྐྱེད་པ་ལ་སོགས་པར་འབྲེལ་པ་དང་བྲལ་བའོ། །མུ་སྟེགས་ཅན་གྱི་གནས་སུ་ཉེ་བར་འགྲོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཐམས་ཅད་རངས་པར་མཛད་པའི་ཕྱིར་དབང་པོའི་གཟུགས་ཀྱིས་དེ་དག་

Vol. 121 · folio 80b

ལ་ཆོས་འཆད་པར་མཛད་དོ། །གནས་འཕོས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རིམ་གྱིས་གནས་འཕོ་བའོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུའོ། །རྗེས་སུ་འབྲང་བ་རབ་ཏུ་ཐོབ་པ་རྣམས་ཀྱི་ཞེས་པ་ནི་གང་གི་ཚེ་ཕུང་པོ་ལ་སོགས་པའི་སྐྱེ་བ་ལ་སོགས་པ་སྤྲོས་པ་མི་མཐོང་བ་དེའི་ཚེ་སྣང་བ་

མེད་པའི་སངས་རྒྱས་ཀྱི་ས་ལ་འཇུག་པར་འགྱུར་བ་ནི་སེམས་ཙམ་ཡོངས་སུ་འཛིན་པས་ས་ལ་འཇུག་པར་འགྱུར་རོ། །ཏིང་ངེ་འཛིན་དུ་འབྲེལ་པའི་རིམ་པ་དེར་སེམས་རྣམས་འཇོག་པར་བྱེད་དོ། །བདག་གི་སེམས་སྣང་བའི་སྤྱོད་ཡུལ་དང་རྣམ་པར་བྲལ་བར་བྱེད་པ་ནི་གང་གི་ཚེ་ཤེས་རབ་

ཀྱིས་དམིགས་པ་མི་མཐོང་བའོ། །ཐམས་ཅད་བརྗོད་པ་ནི་དམ་པའི་ཆོས་ཀྱི་འགྲེལ་པ་དང་། དམ་པའི་ཆོས་ཀྱི་ཚིག་ཅེས་བྱ་བ་དང་། དམ་པའི་ཆོས་ཀྱི་སྤྱོད་པ་དང་ཞེས་བྱ་བ་དང་། མཚན་ཉིད་ཐམས་ཅད་སྤྱོད་ཅེས་བྱ་བའི་བར་དུའོ། །མཚན་ཉིད་དང་། མཚན་མར་བྱ་བ་གཅིག་པ་དང་།

ཐ་དད་པར་མི་རུང་བ་ནི་སྔར་བཤད་པ་བཞིན་ནོ། །རྒྱ་མཚོའི་རླབས་ལྟ་བུར་ཀུན་གཞི་རྣམ་པར་ཤེས་པ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །རང་གི་སེམས་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་ནི་སེམས་ཀྱི་སྣང་བ་བདག་ཉིད་ཀྱི་ཡིན་ཏེ་དེ་འཛིན་པ་དང་། དེ་ལས་གཞན་པ་རྣམ་པར་

དག་པ་དང་། རྣམ་པ་གཞན་མེད་པར་སྟོན་པར་བྱེད་དེ་དེ་ནི་ཚད་མ་གཅིག་གི་བྱ་བ་ཡིན་ཏེ། ཐམས་ཅད་མཁྱེན་པས་གཞན་སྤོང་བའི་རང་གི་མཚན་ཉིད་པར་དགོངས་པར་བརྟག་གོ། །འཛིན་པ་ནི་གཞན་རྣམ་པར་དགག་པའོ། །གནས་ངན་ལེན་ནི་འཁྲུལ་པའི་རང་བཞིན་ཏེ། དེའི་

བག་ཆགས་མངོན་པར་ཆགས་པའོ། །རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ། །དེའི་རང་བཞིན་ནི་རྒྱུ་སྟེ་ཀུན་གཞི་རྣམ་པར་ཤེས་པའོ། །རྨི་ལམ་ལ་སོགས་པ་བཞིན་དུ་དབྱེར་མེད་པས་དེའི་ངོ་བོ་ཉིད་དུ་འཇོག་གོ། །གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ནི་ཁ་

དོག་དང་དབྱིབས་སུ་རབ་ཏུ་ཕྱེ་བའོ། །དེ་ལ་ངོ་མཚར་གྱི་ཕྱིར་མིག་གདངས་པས་རྣམ་པར་ཤེས་པ་འབྱུང་ངོ་། །ཆུའི་ཀླུང་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པ་སྐད་ཅིག་མ་འབྲེལ་པར་འབྱུང་བ་ལས་རླབས་དང་འདྲ་བའི་དབང་པོའི་ཆུད་པ་རྣམས་འབྱུང་ངོ་། །ཐམས་ཅད་མཁྱེན་པས་དེ་དང་

Vol. 121 · folio 81a

མཚུངས་པར་མཛད་པ་མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟར་གཟུད་པ་དེ་ལྟར་ལུས་ཀྱི་དབང་པོ་ལ་སོགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་། སྤུའི་ཁུང་བུ་ལ་གནས་ཏེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཅིག་ཅར་རམ། རིམ་གྱིས་ཡུལ་མེ་ལོང་དུ་གཟུགས་བརྙན་སྣང་བ་

བཞིན་ནོ། །དེ་ལ་ཡང་མེ་ལོང་གི་གཟུགས་སུ་ཀུན་གཞི་རྣམ་པར་ཤེས་པ་ལ་དགོངས་པའོ། །སྔོན་གཟུགས་སུ་སྣང་བའི་སྡུག་བསྔལ་བག་ཆགས་ཡོངས་སུ་སྨིན་པ་ནི་གཟུགས་བརྙན་གྱི་གཟུགས་སུ་འཇུག་པ་རྣམ་པར་ཤེས་པ་རྣམས་ཏེ། དེར་སོ་སོར་སྣང་ངོ་། །སྔར་ཡུལ་དུ་སྣང་བའི་

རླུང་གིས་བཏབ་པའི་བག་ཆགས་ཡོངས་སུ་སྨིན་པས་རྒྱ་མཚོའི་རླབས་ཐ་དད་པ་བསླང་བ་བཞིན་དུ་སེམས་ཀྱི་རྒྱ་མཚོ་ཀུན་གཞི་རྣམ་པར་ཤེས་པའི་རླབས་ནི་དབང་པོའི་ཆུད་པ་སྟེ་ཀུན་གཞིའི་རྒྱུའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དེའི་བྱ་བའི་མཚན་ཉིད་ཡོད་པ་སྟེ། གང་དག་ཕན་ཚུན་གྱི་རྒྱུར་

ལྡན་པའོ། །དེ་ནི་ཀུན་གཞི་དང་འཇུག་པའི་ཆུད་པ་གཅིག་གི་རྒྱུ་གཅིག་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ལས་ཀྱི་མཚན་ཉིད་ནི་འཇུག་པའི་རྣམ་པར་ཤེས་པའོ། །རིགས་ཀྱི་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པར་བསྒྲུབས་པའོ། །ཁོང་དུ་མི་ཆུད་པ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་ཏེ་རྣམ་

པར་མི་རྟོག་པའི་ཕྱིར་རོ། །རྒྱུ་དང་ཡུལ་བྱེ་བྲག་མེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་གྱི་རྣམ་པར་ཤེས་པའོ། །རྒྱུ་ལ་རྣམ་པ་གཉིས་ཏེ། ཤེས་པར་བྱེད་པ་དང་། སྐྱེད་པར་བྱེད་པ་སྟེ། ཇི་ལྟར་དུད་པས་མེ་དང་། ས་བོན་གྱིས་མྱུ་གུ་ལའོ། །མིང་ཞེས་པ་

ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཡང་ལ་ཡང་རྣམ་པ་གཉིས་ཏེ་གཟུགས་མ་ཡིན་པའི་ཕུང་པོ་རྣམས་དང་། མིང་དང་མཚན་མ་ལ་སོགས་པའི་ཆོས་ལྔ་རྣམས་ཏེ། ཡིད་དེ་དག་གི་ནང་དུ་སོང་ཞིང་ཁྱབ་པའོ། །བདག་ཉིད་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་སྟེ་བསྐྱེད་པའི་ཕྱིར་རོ། །དེ་

དག་ཅེས་པ་ལ་སོགས་པ་ནི་གཅིག་ལ་གཅིག་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་ཀྱང་ལྟོས་པའི་རྣམ་པར་རྟོག་པ་མེད་དེ། དེ་དག་ནི་ས་ལུ་ལྗང་པའི་མདོ་སྡེ་བཞིན་ནོ། །རང་གི་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་སྣང་བ་ཉིད་ལ་ཕྱིའི་དོན་དུ་རྣམ་པར་རྟོག་པར་མངོན་པར་ཞེན་པས་ཡིད་

Vol. 121 · folio 81b

ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་ཞུགས་པས་ན་དབང་པོའི་རྣམ་པར་ཤེས་པ་འབའ་ཞིག་ནི་གཙོ་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་ཕྲ་བར་རྒྱུའི་བག་ཆགས་ནི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་མཉམ་པར་གཞག་པས་ཆུད་པའི་མཐུར་བྱེད་པའི་དོན་ལྟ་བུ་སྟེ། དེ་སྣང་བ་ཉིད་ལ་ཕྱིའི་དོན་དུ་རྣམ་པར་

རྟོག་པར་བྱེད་པ་དང་། ཤིན་ཏུ་ཕྲ་བར་འགྱུར་བ་བདག་གི་མཐུར་ཞུགས་ཞེས་བྱ་བའི་བར་དུའོ། །ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཞིང་འཇུག་པ་ཞེས་བྱ་བ་ལ་རྒྱུ་བ་ནི་ཆུད་པའོ། །གཞན་དུ་ན་སའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ནི་འཕགས་པའི་ཡེ་ཤེས་ལ་མཁས་པ་སྟེ། ལོག་

པའི་ཤེས་པ་བཟློག་པའི་དོན་དུ་ཤེས་རབ་ཀྱི་ཚིག་གོ། །སྤྲོས་པ་དང་བྲལ་བ་ཞེས་བྱ་བ་ནི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ནགས་ཚལ་སྟུག་པོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་རྣལ་འབྱོར་མེད་པ་རྣམས་ཀྱིས་འདོད་ཆགས་དང་

བྲལ་བའི་ཆོས་ཙམ་གྱི་རྣམ་པ་འདི་ལྟ་བུའི་ཆོས་ཡང་དག་པ་ཉིད་མཐོང་བར་མི་ནུས་སོ། །རྒྱལ་བས་མདུན་དུ་བྱས་པ་རྣམས་ཀྱིས་ཞེས་བྱ་བ་ནི་བསྙེན་པར་བྱས་པ་རྣམས་ཀྱིས་སོ། །ཡང་ན་གང་དག་གིས་རྒྱལ་བ་མདུན་དུ་བྱས་པ་རྣམས་ཀྱིས་ཞེས་ཚིག་བསྡུའོ། །རང་གི་སེམས་སྣང་བའི་རང་བཞིན་ཉིད་

རྣམ་པར་རྟོག་པའི་སྤྱོད་ཡུལ་ཏེ་ཡུལ་ལོ། །ཇི་ལྟར་རྒྱ་མཚོའི་དབའ་རླབས་རྣམས། །ཞེས་བྱ་བ་ལ་སོགས་པ་ནི་རྒྱ་མཚོ་ལས་རླབས་རྣམས་འབྱུང་བ་ཐ་དད་པ་མ་ཡིན་པ་ལྟར་རོ། །སྔོན་པོ་དམར་པོ་ལན་ཚྭ་དང་། །ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་འོད་ཟེར་རྣམས་གཟུགས་ཀྱི་ཡུལ་དུ་གར་འཆར་བ་

དེའི་ཁ་དོག་ལྟ་བུར་སྣང་བ་སྟེ། ཁ་དོག་དེ་ནི་འོད་ཟེར་རྣམས་དང་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ལས་ཤེས་པ་བདུན་རྣམས་སོ། །ལན་ཚྭ་ནི་ཁ་དོག་དུ་མའོ། །དེ་ལྟ་བུར་ཡང་གནས་སྦྱར་བ། །ཨུཏྤལ་སྔོན་པོའི་ཚལ་སྣང་བས། །

ཉི་མའི་རྐང་པ་སྔོན་པོར་བྱས། །མཚོན་ཆ་དམ་པོས་བཅིངས་པ་ཡི། །ལྕགས་ཐག་ལྕགས་སྒྲོག་བཞིན་དུའོ། །རྐང་པ་ནི་འོད་ཟེར་རྣམས་སོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་བག་ཆགས་ཀྱིས་བསགས་པས་ན་སེམས་ཏེ། སེམས་ནི་ཀུན་གཞི་རྣམ་པར་

Vol. 121 · folio 82a

ཤེས། །ངར་སེམས་ཉིད་དེ་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པ་སྟེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཐ་སྙད་ཀྱི་ཕྱིར་བརྗོད་པའི་མཚན་མ་ཐ་དད་པར་གསུངས་པ་ཡིན་གྱི། དོན་དམ་པར་ནི་བརྒྱད་པོ་ཐ་དད་མ་ཡིན་མཚན་

ཞེས་ཏེ། །ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ལས་ཐ་དད་པའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །མཚན་ཉིད་ནི་སོ་སོའི་མཚན་མ་སྟེ། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ཐ་དད་པ་མེད་པས་མཚན་ཉིད་ཐ་དད་པ་མ་ཡིན་པ་རྣམས་ཏེ། ཇི་ལྟར་དབུ་མ་ལས་འབྱུང་བ། །མཚོན་བྱ་མཚན་

ཉིད་གལ་ཏེ་གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ནའང་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །རྒྱ་མཚོ་དང་ནི་དབའ་རྣམས་ནི། །ཆུར་འདྲ་བས་ན་ཐ་མི་དད་པ་དེ་བཞིན་དུ་སེམས་ཅན་དང་རྣམ་པར་ཤེས་པ་རྣམས་ཆུད་པ་མ་གཏོགས་པར་ཡོངས་སུ་གྱུར་པ་

ཐ་དད་པར་མི་དམིགས་སོ། །སེམས་ནི་ལས་རྣམས་སྩོགས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀུན་གཞི་རྣམ་པར་ཤེས་པས་ཉེ་བར་སོགས་སོ། །ཡིད་ཀྱང་རྣམ་པ་སྣ་ཚོགས་སུ་རྣམ་པར་རྟོག་པའི་བདག་ཉིད་ཀྱིས་རྣམ་གྲངས་དུ་མས་ཉེ་བར་སྩོགས་སོ། །རྣམ་པར་ཤེས་པ་ནི་དབང་པོའི་ཤེས་

པས་དགེ་བ་དང་། མི་དགེ་བའི་འབྲས་བུ་རིག་པ་དང་ཡང་དག་པར་ཚོར་བ་སྟེ། སེམས་ཅན་རྣམས་ཀྱི་ལྔ་པོས་སྣང་བ་དམིགས་པ་ལ་ཕྱིའི་ཞེས་རྗོད་པར་བྱེད་དོ། །རྒྱ་མཚོ་དང་དབའ་རླབས་རྣམས་ཐ་དད་པ་མ་མཆིས་ན་ཀུན་གཞི་དང་དབང་པོའི་ཤེས་པ་རྣམས་སྔོན་པོ་ལ་སོགས་པའི་རྣམ་པ་

དེ་མཆིས་པ་དེ་དག་ཇི་ལྟར་ན་མཐུན་པའི་ཆོས་ལགས། སྔོན་པོ་ལ་སོགས་པའི་ཁ་དོག་སེམས་ལ་འཇུག་པར་བཤད་པ་ནི་མཚན་ཉིད་ཀྱི་དོན་དུའོ། །སུ་འཚལ་བར་བགྱི་བའི་སླད་དུ་བྱིས་པ་རྣམས་ཀྱིའོ། །དེ་ལ་འཇུག་པ་མེད་པ་ནི་ཁ་དོག་གོ། །ཅིའི་ཕྱིར་ཞེ་ན། གཟུང་བ་སྤངས་

པའི་ཕྱིར་ཏེ། ཀུན་གཞི་རྣམ་པར་ཤེས་པ་གཟུང་བའི་རྣམ་པ་ལ་འཇུག་པའི་རྣམ་པར་ཤེས་པ་འཛིན་པའི་རྣམ་པ་རྣམས་འཇུག་གོ། །རྒྱ་མཚོ་ཡོད་པས་དབའ་རླབས་འཇུག་པ་བཞིན་པས་ན་མཐུན་པའི་ཆོས་སོ། །རྒྱུ་གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཞེས་ཏེ།

Vol. 121 · folio 82b

སེམས་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེར་འཇུག་པའི་རྣམ་པར་ཤེས་པ་རྣམས་འཇུག་སྟེ། དེར་གཉིས་ཀྱི་རྣམ་པ་ཁོ་ན་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ། །མེ་ལོང་དུ་གཟུགས་ཐ་མི་དད་པ་དང་། རྨི་ལམ་གྱི་ཆུད་པ་རང་བཞིན་གྱི་གཟུགས་ཐ་མི་དད་པར་སྣང་བ་དེ་བཞིན་དུ་ཅིག་ཅར་སྣང་བ་

ཡིན་ཏེ་ལྷན་ཅིག་ཏུ་སྣང་བར་ངེས་པ་ན་སེམས་རང་གིས་གཟུང་བ་དང་ཐ་མི་དད་པ་ནི་ཐམས་ཅད་མཁྱེན་པའི་ཚད་མའོ། །ཡུལ་དང་རྣམ་པར་མི་ལྡན་པས། །ཞེས་བྱ་བ་ལ་སོགས་པ་ནི་འགྱུར་བ་རྣམ་པ་སྣ་ཚོགས་ལས་ཡུལ་རྣམ་པ་སྣ་ཚོགས་འབྱུང་ངོ་། །རྨི་ལམ་ལ་སོགས་པ་དང་ཁུར་སྐམ་རིང་པོ་

བཞིན་དུ་རིམ་དང་ཅིག་ཅར་རོ། །ལྔ་པོ་རྣམས་ལ་སྣང་བར་མངོན། །ཞེས་པ་ནི་ཅིག་ཅར་རོ། །མཉམ་པར་གཞག་པ་ནི་གཡེལ་བར་གནས་པའི་ཡིད་བཞིན་ཏེ། དེ་ལ་མཉམ་པ་ཅིག་ཅར་དུ་གྱུར་ཏེ། ལྔ་པོ་རྣམས་ཀྱིས་མྱོང་བའི་རིམ་པ་མེད་པ་ནི་ལྟད་མོ་ལྟ་བ་བཞིན་ནོ། །མཚན་འགྱེད་པ་

བཞིན་དུ་སེམས་ཅན་མགུ་བར་མཛད་པའི་སླད་དུ་ཆོས་རྣམ་པ་སྣ་ཚོགས་ཅིའི་སླད་དུ་གསུངས། ཚོན་ལ་རི་མོ་ཡོད་པ་མིན། །ཞེས་ཏེ། རྒྱུ་ལ་འབྲས་བུ་ཡོད་པ་མ་ཡིན་ཏེ། དེའི་འབྲས་བུ་མི་དམིགས་པའི་ཕྱིར་རོ། །དེས་ནི་གྲངས་ཅན་གྱིས་ཡོད་པ་ལས་འབྲས་བུ་འབྱུང་བ་བཀག་པའོ། །

ཡང་དག་ལ་ནི་ཡི་གེ་མེད། །ཅེས་བྱ་བ་ནི་བརྗོད་དུ་མེད་ཅིང་མི་གཉིས་པ་ཡང་དག་པར་རིག་པའོ། །བཤད་པ་དག་ནི་འཁྲུལ་པའོ། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་མེད་པས་ན་སྒྲ་ཡང་མེད་པའི་ཕྱིར་རོ། །སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་ཆོས་ལ་གནས་ཏེ།

སྤྱིའི་མཚན་དུ་ཡང་དག་པར་སྟོན་ཏོ། །ཅིའི་སླད་དུ་རྣལ་འབྱོར་པ་རྣམས་ལ་སྤྱིའི་མཚན་ཉིད་དུ་སྟོན་ཞེས་དེ་སྐད་དུ་དོགས་པ་གསུངས་པ། སོ་སོ་རང་རིག་གང་དག་ནི། །ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བའི་སྲས་ལ་འདི་སྐད་བསྟན་གྱི་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་བའི་སྲས་རྣམས་ལ་

གཉིས་སུ་མེད་པའི་སྤྱིའི་རྣམ་པར་སྟོན་ཏོ། །བྱིས་པ་རྣམས་ལ་ནི་ཕུང་པོ་ལ་སོགས་པ་གཉིས་ཀྱི་རྣམ་པར་སྤྱིར་སྒྲོ་བཏགས་ཏེ་སྟོན་ཏོ། །གཞན་གྱི་དབང་ལ་གཟུགས་ལ་སོགས་པའི་ཕུང་པོ་མེད་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་སྟོན་ཏོ། །སེམས་ཙམ་ཉིད་སྣང་བའི་ཆོས་རྣམས་ཀྱིས་

Vol. 121 · folio 83a

ཕྱིའི་དོན་དུ་མོས་པ་མགུ་བར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་སྟོན་ཏོ། །ཟབ་མོའི་ཆོས་ལ་མོས་པའི་ཕྱིར་རྣམས་ལ་མོས་པའི་མི་གཉིས་པ་སྟེ། སྨན་པས་རྣམ་པ་དུ་མའི་ཐབས་ཀྱི་སྨན་བཏང་བ་བཞིན་ནོ། །རྟོག་པ་ཅན་ནི་རྟག་པ་དང་། བདག་ལ་སོགས་པར་

སྨྲ་བ་དང་། འཕགས་པ་ཉན་ཐོས་རྣམས་ཕྱིའི་དོན་དུ་སྨྲ་བ་རྣམས་ཀྱི་གནས་འཕོས་པའི་ཀུན་གཞི་རྣམ་པར་ཤེས་པ་མི་གཉིས་པ་ནི་ཡུལ་མ་ཡིན་ནོ། །རང་གི་སེམས་སྣང་བ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རང་གི་སེམས་ལ་སྣང་བས་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པའི་

མཚན་ཉིད་ནི་མི་གནས་པར་རིག་པར་བྱའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེར་སྤྱོད་པའི་བདག་ཉིད་ནི་ཤེས་རབ་པོ། །འདི་ནི་འདི་ཁོ་ན་ཉིད་དོ་ཞེས་གདོན་མི་ཟ་བའི་མཚན་ཉིད་ནི་ཡེ་ཤེས་སོ། །དེ་ལ་གནས་ཏེ་ཤེས་པར་བྱ་བ་སྦོམ་པོ་དང་

ཕྲ་མོ་གང་གི་ཚེ་གང་དུ་མི་དམིགས་པ་དེའི་ཚེ་སྣང་བ་མེད་པའི་ཏིང་ངེ་འཛིན་རྟོགས་པར་འགྱུར་བ་དེ་ལྟ་བུར་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ལ་བརྩོན་པར་བྱའོ། །སྔོན་གྱི་སངས་རྒྱས་ཀྱི་སྨོན་ལམ་དང་། བདག་གི་སྨོན་ལམ་མཐུན་པར་གདབ་པར་བྱ་བ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་བཞིན་

དུའོ། །ཇི་ལྟར་མི་གཡོ་བའི་ས་སྣང་བ་མེད་པ་ལས་ལངས་ཏེ་སྨོན་ལམ་རྣམས་ཀྱིས་གཞན་གྱི་དོན་མཛད་པའོ། །སོ་སོ་རང་གིས་རིག་པ་དེ་ཡང་མི་གཉིས་པ་དང་རྣམ་པ་གཉིས་སུ་མེད་པ་གཞན་གྱི་དབང་གི་རང་བཞིན་ཏིང་ངེ་འཛིན་ལས་སྐྱེས་པ་ཡང་ཤེས་སོ། །བོང་བུ་འཐེང་པོ་ལྟ་བུ་ནི་

སྔོན་གྱི་ཤིན་ཏུ་ཕྲ་མོར་རྒྱུ་བ་སྤངས་ཏེ་མི་གཡོ་བར་གྱུར་པའོ། །དེ་ལ་སྣང་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་ཐར་པ་གསུམ་ཐོབ་པའི་ཉན་ཐོས་རྣམས་དང་། མུ་སྟེགས་ཅན་ཐམས་ཅད་ལའང་སྣང་བ་མེད་པའི་བསམ་གཏན་ཡོད་དོ། །དེ་ལ་རིག་འཛིན་པའི་མཐའ་སྨྲ་བ་དང་།

ཞི་བ་དང་། མཐུ་བོ་ཆེར་སྨྲ་བ་མི་གཉིས་པར་སྨྲ་བ་རྣམས་ལ་སྣང་བ་མེད་པའི་མཚན་ཉིད་ཅན་མི་གཉིས་པའི་བསམ་གཏན་ཡོད་དོ། །དེ་བས་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གཙུག་ལག་མང་དུ་ཐོས་ནས་ཡོངས་སུ་འདྲིས་པ་ལས་འབྱུང་ངོ་། །སྔོན་གྱི་སངས་རྒྱས་ཀྱི་

Vol. 121 · folio 83b

སྨོན་ལམ་རྣམས་ལ་རང་གི་སྨོན་ལམ་དུ་བྱིན་གྱིས་བརླབས་པ་ལས་འབྱུང་ངོ་། །སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྔར་སྨོས་པ་བཞིན་དུ་བཤད་པའོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་གང་གི་ཚེ་ན་གཞན་གྱི་དབང་ལ་སྒྱུ་མ་ལྟ་བུར་ཤེས་པ་

དེའི་ཚེ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པར་མི་འགྱུར་རོ། །སྒྱུ་མ་ལྟ་བུའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་རྒྱུ་རྣམས་ཀྱིས་ས་བཅུ་སྟེ། སྦྱིན་པ་ལ་སོགས་པའི་ཚོགས་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ས་ཁོང་དུ་ཆུད་པའི་རྟོགས་པ་རྒྱུ་བ་ལ་སོགས་པ་འབྱུང་སྟེ། སྣང་བ་མེད་པའི་ཏིང་ངེ་འཛིན་

ལ་སའི་རིམ་པ་མེད་པ་ནི་ཇི་ལྟར་འདིར་གསུངས་པ། །སྣང་བ་མེད་ལ་རིམ་ཅི་ཡོད། །ཅེས་སོ། །ཚིག་བརྒྱ་རྩ་བརྒྱད་རབ་ཏུ་ཕྱེ་བའི་གནས་ཞེས་བྱ་བ་ནི་བརྟག་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་རབ་ཏུ་མངོན་པའི་རང་བཞིན་ཏེ། ཀུན་

རྫོབ་དང་དོན་དམ་པའི་བདེན་པའི་གཞིའོ། །དེ་ལ་འཕགས་པའི་ཡེ་ཤེས་ཀྱི་དབང་པོའི་རང་བཞིན་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་བྱེད་པས་ཕྱེ་བའོ། །ཚིག་བརྒྱ་རྩ་བརྒྱད་ལ་སོགས་པར་ཀུན་ཏུ་བརྟགས་པ་སྒྲ་དང་དོན་གྱི་ཐ་སྙད་ནི་གཞན་གྱི་དབང་སྣང་བ་ལ་འཇུག་

པ་རྣམ་པ་སྣ་ཚོགས་སུ་འབྱེད་པར་དྲིས་པ་དེ་ལ་གྲུབ་པ་གཉིས་སུ་མེད་པའི་འཕགས་པའི་ཡེ་ཤེས་སུ་ལན་གླན་ནོ། །གང་ལ་གནས་ཤིང་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་ལ་སོགས་པ་མཚན་ཉིད་གསུམ་ལ་ནི་རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་དང་། དྲོ་བ་

ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ། །ཡོངས་སུ་བརྟགས་པར་རྟོགས་པར་རབ་ཏུ་ཕྱེ་བ་དེ་ཉིད་དུ་མུ་སྟེགས་ཅན་རྣམས་ཀྱི་རྟག་པ་དང་བདག་ལ་སོགས་པ་རྣམ་པར་འཕྲོ་བའི་རྣམ་པར་རྟོག་པ་དེ་གཞག་གོ། །བྱེ་བྲག་ཤིན་ཏུ་རྟོགས་པ་གང་གིས་ཞེས་བྱ་བ་ནི་མཚན་

ཉིད་རྣམ་པ་གསུམ་གྱིས་ཆོས་ལ་བདག་མེད་པ་རབ་ཏུ་རྒྱུ་བ་ཤིན་ཏུ་སྦྱངས་ཏེ། ཤེས་རབ་ཀྱིས་དཔྱད་དེ་བདག་མེད་པ་ཉིད་ཁོང་དུ་ཆུད་པས་མཁས་པར་འགྱུར་རོ། །འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་བདག་གི་དོན་གྱི་བསམ་གཏན་གྱི་བདེ་བ་ལས་འདས་ཏེ་གཞན་གྱི་དོན་དུ་དོན་དམ་

Vol. 121 · folio 84a

པ་སངས་རྒྱས་ཀྱི་སར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གང་ཡེ་ཤེས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཅན་ཤེས་རབ་ཀྱིས་དཔྱད་པར་བསམ་དུ་མེད་དོ། །ཆོས་ལྔ་དང་རང་བཞིན་རྟོགས་པ་ལས་རྣམ་པར་ལོག་པ་ནི་གཉིས་སུ་མེད་པ་མཚན་མ་མེད་ཅིང་ཀུན་ཏུ་བརྟགས་པ་དང་།

གཞན་གྱི་དབང་གིས་རྣམ་པར་འབྱེད་པ་དང་བྲལ་ཞེས་བྱ་བའི་བར་དུའོ། །སྒྱུ་མའི་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་རྫོགས་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་མཛེས་པ་སོ་སོར་ཐོབ་པོ། །བློ་གྲོས་ཆེན་པོ་འདི་ལ་མུ་སྟེགས་ཀྱི་ལྟ་བ་ཅན་མུ་སྟེགས་

ཅན་ལ་ལ་མེད་པ་ལ་མངོན་པར་ཞེན་པ་དག་ཅིང་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཞི་བ་པ་རྣམས་སྨྲས་པ། དངོས་པོ་མེད་པས་ཐར་པར་སྨྲས། །དངོས་པོར་རྟོག་ལས་འཆིང་བ་སྟེ། །དེ་བས་དངོས་པོ་ཡོངས་སྤངས་ནས། །སྟོང་པའི་དངོས་པོར་འཇུག་པར་གྱིས། །སྟེང་སྟོང་འོག་ཀྱང་སྟོང་པ་དང་། །

དབུས་སུ་གནས་མེད་སྟོང་པས་ན། །དངོས་མེད་གཏོགས་པ་ཀུན་སྟོང་པ། །དེ་ནི་ཏིང་འཛིན་སྤྱོད་ཡུལ་ལོ། །བདག་སྟོང་དང་ནི་ཡིད་སྟོང་དང་། །ཕྱི་སྟོང་རྣལ་འབྱོར་རིག་པ་སྟེ། །སྟོང་སུས་སུ་ཡིས་མངོན་ཤེས་པ། །ངེས་པར་དེ་ནི་གྲོལ་བར་འགྱུར། །བརྟགས་པ་དང་གཞན་གྱི་

དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་མངོན་པར་མི་ཤེས་པས་གཞན་གྱི་དབང་ལྟར་ཡོངས་སུ་གྲུབ་པ་ལ་རྟོག་གོ། །རྣམ་པར་རྟོག་པའི་བློའི་རྒྱུ་ནི་སྒྲ་དང་དོན་ཡིན་ཏེ། དེ་ཟད་པའི་རང་བཞིན་ཞེས་བྱ་བའི་བར་དུའོ། །གང་ཤེས་པའི་ཡུལ་ཡིན་པ་དེ་ཐམས་ཅད་མེད་དོ་ཞེས་པར་

དགོངས་པའི་དོན་དུ་མངོན་ནོ། །འདི་སྐད་ཅེས་སྨྲས་པ་ཡིན་ཏེ། ཤེས་པ་དང་ཤེས་པར་བྱ་བའི་མཚན་ཉིད་ཀྱི་ཆོས་རི་བོང་གི་རྭ་ལྟར་མེད་ཀྱང་རྨི་ལམ་དང་། མིག་འཕྲུལ་བཞིན་འགྲོ་བར་སྣང་ངོ་ཞེས་སོ། །གཞན་ཡང་འབྱུང་བ་ལ་སོགས་པ་ནི་གང་ཁྱད་པར་ཅན་ལ་སོགས་པས་རྟོག་པར་

བྱེད་པའོ། །འབྱུང་བ་ནི་ས་ལ་སོགས་པའོ། །ཡོན་ཏན་ནི་གཟུགས་ལ་སོགས་པའོ། །རྡུལ་ནི་ཤིན་ཏུ་ཕྲ་བའོ། །དེ་དང་སྦྱོར་བའི་ཡོན་ཏན་ལས་སྐྱེས་པའི་རྡུལ་གཉིས་ནི་རྡུལ་ལོ། །དེ་བཞིན་དུ་རྡུལ་གཉིས་པ་དང་། གསུམ་པ་ལ་སོགས་པ་རིམ་གྱིས་སྦོམ་པོ་ཡན་ལག་གི་རྫས་གྲུ་

Vol. 121 · folio 84b

གསུམ་དང་། གྲུ་བཞི་དང་། ཟླུམ་པོ་ལ་སོགས་པའི་དབྱིབས་སུ་གནས་པར་རྟོག་པར་བྱེད་དོ། །དེ་ཡང་རྫས་ཁོ་ན་ལ་སོགས་པར་སྤྱིར་ཡང་རྟོག་གོ། །རི་བོང་གི་རྭ་མེད་པ་དང་། སྦོམ་པོའི་ཕྱིའི་རྫས་བ་གླང་གི་རྭ་ཡོད་དོ་སྙམ་དུ་རྟོག་པ་བློ་གྲོས་ཆེན་པོ་དེ་དག་ཡོད་པ་དང་མེད་པའི་མཐའ་གཉིས་ཀྱི་

ལྟ་བར་ལྷུང་ཞིང་རང་གི་སེམས་ཀྱི་ཁམས་ཀྱི་ཡུལ་དུ་རྣམ་པར་རྟོག་པ་གང་ཡོད་པ་དེས་དངོས་པོ་དང་དངོས་པོ་མེད་པའི་ཐ་སྙད་རྣམས་བརྟས་པར་བྱེད་དེ་འཕེལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པ་ནི་སེམས་ཙམ་ལ་རྣམ་པར་རྟོག་པ་ཡོད་པས་ཕྱི་རོལ་གྱི་སྒྲོ་བཏགས་ཏེ་ལྡོག་པ་ལས་རི་བོང་གི་རྭ་

མེད་དོ་ཞེས་རྟོག་པར་འགྱུར་རོ། །གང་དག་ཡང་མེད་པ་ནི་ཡོད་པ་ལས་རྣམ་པར་ལོག་པའི་དངོས་པོ་རྣམས་རྟོག་པ་དེ་དག་གིས་རྟོག་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་ལྟོས་པའི་རྒྱུའི་ཕྱིར་རོ། །ཡོད་པ་ལྡོག་པས་མེད་པ་སྟེ། །མེད་པ་ལྡོག་པས་ཡོད་པ་སྟེ། །རང་དབང་དུ་དོན་དམ་པར་

ཡོད་པ་དང་མེད་པ་གཉི་གར་ཡང་མི་འགྲུབ་པོ། །གང་གི་ཕྱིར་དེ་ལྟར་ཡོད་པ་དང་མེད་པ་ཡིན་པས་ན་རྟོག་པར་མི་བྱ་སྟེ། དངོས་པོ་དང་དངོས་པོ་མེད་པར་རྟོག་པར་མི་བྱ་བ་ནི་དབུ་མའི་ཏིང་ངེ་འཛིན་ཏོ། །དེ་དེ་ལྟར་ཕྱིའི་དངོས་པོ་ཡོད་པར་བཏགས་པ་དེ་ཇི་ལྟར་མེད་པར་འགྱུར་བ་རིགས་པར་ཞེན་པ་

གཞན་གྱིས་བསྒྲུབ་པར་གསུངས་པ་རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྦོམ་པོ་ཡན་ལག་ཅན་གྱི་རྫས་ལས་བརྩམས་ཏེ་རྡུལ་ཕྲ་མོའི་གཟུགས་ཀྱི་བར་དུ་སྦོམ་པ་དང་། ཕྲ་བ་དེ་ཐམས་ཅད་ཕྱོགས་ཀྱི་ཆར་དབྱེ་བས་ཕྱེ་བ་ན་སྟོང་ཞིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་

རྣམ་པར་ལོག་པ་ཡིན་ཏེ། དེ་བས་ན་བ་གླང་གི་རྭ་ཡོད་དོ་ཞེས་བརྟག་པར་མི་བྱའོ། །དངོས་པོ་མི་དམིགས་ཏེ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྒྱུའོ། །རྣམ་པར་རྟོག་པ་མི་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི། གང་ཕྱིར་སྒྲ་ནི་བརྗོད་པ་ལས། །གང་ཚེ་དོན་གང་རྟོག་པར་བྱེད། །དེ་

ནི་སྒྲ་ཡི་དོན་དུ་སྨྲས། །དོན་གྱི་མཚན་ཉིད་གཞན་མིན་ནོ། །ཞེས་བྱཱ་ཀ་ར་ཎ་པ་རྟོག་པར་བྱེད་དེ། གང་ན་ཡོད་པ་དང་དགག་པའི་ཚུལ་སྒྲ་འཇུག་པ་དེར་ཚིག་གི་དོན་ཡོད་པའམ་མེད་པའོ་ཞེས་བརྟག་གོ། །རྣམ་པར་རྟོག་པ་མི་འབྱུང་བའི་མཚན་མ་ཐོས་ནས་ཞེས་པ་ནི་འཇུག་པའི་མཚན་མ་མེད་པས་དོན་མེད་

Vol. 121 · folio 85a

དོ་ཞེས་རྗེས་སུ་དཔག་པ་འཇུག་གོ་ཞེས་པའོ། །དེ་དེ་ལྟ་བུའི་སྔ་མའི་ཕྱོགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་འབྱུང་བ་ལས་ལྟོས་ཏེ་དེ་མེད་པ་མ་ཡིན་ནོ་ཞེས་པའོ། །དེ་ཇི་ལྟ་བུ་ཞེས་པ་དང་། རྒྱུ་གསུངས་པ་དེ་ནི་རྣམ་པར་རྟོག་པ་འབྱུང་

བའི་རྒྱུ་སྟེ་ཞེས་པའོ། །དེ་ནི་བརྗོད་པར་བྱ་བ་ལས་རྣམ་པར་རྟོག་པ་འབྱུང་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབ་པ། ཐོག་མ་མེད་པའི་བག་ཆགས་ལས། །རྣམ་རྟོག་འབྱུང་བར་ཡོད་གནས་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དངོས་དང་དངོས་མེད་གཉི་ག་གནས། །ཞེས་པ་སྟེ།

གང་ན་བརྗོད་པར་བྱ་བར་བརྟག་པའི་དོན་དུ་མ་བརྩམས་པ་དེར་སྒྲ་མི་འཇུག་གོ། །སྒྲ་མི་འཇུག་པའི་ཕྱིར་དོན་མེད་ཅེས་བྱ་བར་མི་རུང་ངོ་། །བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་དེའི་རྭ་ལས་བརྟེན་ཏེ་བྱུང་བའོ་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་བརྟེན་ཏེ་རྣམ་པར་རྟོག་པ་བྱུང་བ་དེ་ལ་ལྟོས་པས་ན་དེ་མེད་པ་མ་ཡིན་

ཏེ། དེ་བརྟེན་པའི་རྒྱུ་ཡིན་པས་ན་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་རྣམ་པར་སྤངས་པའོ། །དེ་ནི་རྒྱུ་ལས་གཞན་པ་མ་ཡིན་ཏེ། གཞན་པ་མ་ཡིན་པར་གྱུར་ན་ནི་གཞན་མ་བཟློག་པ་ལས་བྱུང་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ཁྱད་པར་དུ་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟོས་ཏེ་ཞེས་བྱ་བ་

ནི་བརྗོད་པར་བྱ་བ་ལ་ལྟོས་ཏེའོ། །གལ་ཏེ་རྣམ་པར་རྟོག་པ་ལས་བརྗོད་པར་བྱ་བ་ཐ་དད་པར་གྱུར་པ་ནི་དེའི་ཚེ་རི་བོང་གི་རྭའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ཤེས་པ་གལ་ཏེ་བརྗོད་པར་བྱ་བ་ལས་རྣམ་པར་རྟོག་པ་ཐ་མི་དད་པར་གྱུར་པ་ནི་དེའི་རྒྱུ་ལས་བྱུང་བ་ཞེས་

བྱ་སྟེ། རྒྱུ་ནི་གཞན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་བར་དུ་རབ་ཏུ་བརྟགས་ན་མི་དམིགས་པས་རྭ་དང་རྣམ་པར་རྟོག་པ་ཐ་མི་དད་པའི་ཕྱིར་རྭ་མེད་པ་བཞིན་དུ་དེ་ཡང་མེད་པར་འགྱུར་རོ། །དེ་གཉིས་ཀའི་དངོས་པོ་མེད་ན་ཞེས་པ་ནི་སྒྲ་དང་དོན་གཉིས་ཀའི་དངོས་པོ་མེད་པས་ཅི་ལ་ལྟོས་ཏེ་རི་བོང་གི་རྭ་མེད་

ཅེས་བྱ། དེ་ལས་གཞན་པའི་རྭ་དང་སྒྲ་མེད་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཕན་ཚུན་དུ་ལྟོས་ནས་ཡོད་པ་དང་མེད་པ་མི་འགྱུར་ན་ནི་དེའི་ཚེ་རི་བོང་གི་རྭ་མེད་ལ་དེ་ལས་གཞན་པའི་རྭ་ཡོད་དོ་ཞེས་སྨྲ་བར་མི་བྱའོ། །རྒྱུ་མི་མཉམ་ཞེས་བྱ་བ་ནི་ཕན་ཚུན་དུ་བརྟེན་པའི་

Vol. 121 · folio 85b

ཕྱིར་རོ། །ནམ་མཁའི་དངོས་པོ་ཡོངས་སུ་རྟོགས་པ་ལས་མི་མཁས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡུལ་གྱི་དངོས་པོ་མེད་པའི་རང་བཞིན་ཙམ་ནི་ནམ་མཁའ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏེ། ཐོགས་པ་དང་བཅས་པའི་

གཟུགས་ཀྱི་ཡུལ་ཉིད་ནམ་མཁའ་སྟེ། གང་གིས་ཐོགས་པ་དང་བཅས་པའི་གཟུགས་བསྩལ་བའི་ཚེ་སྦུ་བུར་བརྟག་པ་སྟེ། དེས་ན་དངོས་པོ་གཞན་པར་གྱུར་པ་ལྔ་པའམ། གཟུགས་མ་གཏོགས་པར་ནམ་མཁའ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་སྒྲུབ་པར་གསུངས་པ། གཟུགས་

རྣམས་ཀྱི་འབྱུང་བའི་རྗེས་སུ་ཞུགས་པའི་ཕྱིར་གཟུགས་ཉིད་ཀྱང་ནམ་མཁའ་སྟེ། དེའི་གཟུགས་མ་གཏོགས་པར་ནམ་མཁའི་དངོས་པོ་གཞན་མེད་པས་ན་ནམ་མཁའ་ཉིད་གཟུགས་ཞེས་བྱ་སྟེ། སྦུ་བུར་གནས་པ་ལ་དགོངས་པའོ། །གཞག་པ་དང་གཞིའི་ཚུལ་དུ་ནམ་མཁའ་དང་

གཟུགས་སོ་སོའི་རྣམ་པ་ཐ་དད་པ་རིག་པར་བྱའོ། །སྒྲའི་དོན་དུ་སྟེ། དངོས་པོའི་དོན་ཉིད་དུ་ཡོད་པ་ཡང་མ་ཡིན་ནོ་ཞེས་དགོངས་པའི་དོན་ཏོ། །དངོས་པོ་དང་དངོས་པོ་མེད་པར་གཟུགས་དང་ནམ་མཁའ་རྗེས་སུ་ཞུགས་པས་དེ་ལྟར་ན་གཅིག་གི་གནས་གཅིག་ཡིན་ནོ། །འབྱུང་བ་ཞེས་

བྱ་བ་ལ་སོགས་པ་ནི་ནམ་མཁའི་དངོས་པོ་མེད་པས་ན་དེར་མི་གནས་པ་ཡིན་ཏེ། དེ་དག་ལ་ཡང་ནམ་མཁའ་མེད་པ་མ་ཡིན་པ་ནི་བྱུང་བའི་ཡུལ་དུ་ནམ་མཁའ་ཡོད་པར་འགྱུར་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་དང་རི་བོང་གི་རྭ་དག་ནི་བརྟགས་པའི་དངོས་པོར་ཆོས་མཚུངས་པར་

གསུངས་པའོ། །དེ་ལྟར་བ་གླང་གི་རྭ་ལ་སོགས་པ་ཡོད་པས་བ་ལང་གི་རྭ་ལ་ལྟོས་ཏེ་རི་བོང་གི་རྭ་མེད་པར་གྱུར་ན་ནི་བ་ལང་གི་རྭ་ཅི་ལས་ལྟོས་ཏེ་མེད་པར་འགྱུར་ཞེས་དགོངས་ནས་གསུངས་པ། བ་ལང་གི་རྭ་ལ་སོགས་པ་སྟེ། རྭ་སྦོམ་པོ་རྡུལ་ཕྲ་མོར་ཕྱེ་བ་ན་ཁང་པ་དང་། སྡེ་དང་ནགས་

ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །རྡུལ་ཕྲ་མོ་ཡང་ཕྱོགས་ཀྱི་ཆར་གཞིགས་ན་རྡུལ་ཕྲ་མོ་ཡང་མི་གནས་ཏེ་སྟོང་པར་འགྱུར་རོ་ཞེས་པ་ནི་ཤེས་རབ་ཀྱིས་ཆོས་ལ་བདག་མེད་པར་བསྒྲུབ་པའོ། །དེ་ཡང་དེ་ལྟ་བུའི་ཆོས་ཅན་ནོ་ཞེས་བྱ་བ་ནི་ཕན་ཚུན་དུ་གཅིག་ལ་གཅིག་ལྟོས་ཏེ་ཆོས་དང་ཆོས་

Vol. 121 · folio 86a

ཅན་དང་། མཚན་མར་བྱ་བ་དང་། མཚན་ཉིད་ལ་སོགས་པ་གང་རྟོག་པ་དེ་རང་བཞིན་ཐ་དད་པར་མི་འགྲུབ་པས་ན་དེ་ཐམས་ཅད་སྟོང་པའོ། །རི་བོང་དང་བ་ལང་གི་རྭ་ཞེས་བྱ་བ་ལ་སོགས་པ་ནི་བརྟགས་པ་དང་གཞན་གྱི་དབང་གི་དངོས་པོ་ལ་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་

བར་བྱའོ། །དེ་ལ་རྟོག་པ་དང་བྲལ་བར་བྱའོ་ཞེས་པའོ། །དེ་ལ་རྟག་པ་དང་། བདག་དང་། ནམ་མཁའ་དང་། རི་བོང་གི་རྭ་ལ་སོགས་པ་ནི་བརྟགས་པའི་ཕྱིར་རོ། །བ་ལང་གི་རྭ་དང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་རང་བཞིན་པ་རྣམས་ནི་གཞན་གྱི་དབང་ཉིད་དེ་

གསལ་བས་ན་དོན་གྱི་བྱ་བ་བྱེད་དོ། །རང་གི་སེམས་སྣང་བའི་རྣལ་འབྱོར་བསྟན་པར་བྱའོ་ཞེས་པ་ནི་ཕྱིའི་དོན་མེད་པས་ན་འདི་སྐད་དུ་གསུངས་པ། རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པ་རྗེས་སུ་རྟོག་པའི་ཡིད་དུའང་འགྱུར་བར་བྱའོ་ཞེས་པས་ཏེ། རང་གི་སེམས་སྣང་བ་ལས་ལྷག་པའི་ཕྱིའི་

དོན་རྣམ་པར་རྟོག་པར་མ་བྱེད་ཅིག་ཅེས་པའོ། །སྣ་ཚོགས་སྣང་བ་ཡོད་པ་མིན། །ཞེས་བྱ་བ་ལ་སྣང་བའི་ཕྱིར་ཏེ། ཅི་མཆིས་ཞེས་པ་དང་། གསུངས་པ་དང་། སྣ་ཚོགས་ཀྱི་སེམས་ཡོད་དོ་ཞེས་དགོངས་པའི་དོན་ཏོ། །སྣང་བ་ལས་ནི་སེམས་འབྱུང་སྟེ། །ཞེས་བྱ་བ་ནི་རང་གི་ཡན་ལག་ཉིད་ལས་འབྱུང་

གི་ཕྱིའི་དོན་ལས་ནི་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཞེས་པ་དང་། གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་མི་ལས་སྣང་བ་ཡིན། །ཞེས་ཏེ། རྨི་ལམ་ལ་སོགས་པ་བཞིན་པས་ན་ཕྱིའི་དོན་མེད་དོ་ཞེས་སོ། །ཇི་ལྟར་ན་ཕྱིའི་དོན་མེད་ཅེས་པ་དང་། གསུངས་པ། སེམས་

དང་ཡིད་དང་རྣམ་པར་ཤེས། །རང་བཞིན་དང་ནི་ཆོས་ལྔ་དང་། །བདག་མེད་མི་གཉིས་དག་པ་ཡང་། །རྣམ་པར་འདྲེན་པས་རབ་ཏུ་གསུངས། །ཞེས་ཏེ། དེ་ལ་རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། དག་པ་དང་མ་དག་པ་སྟེ། ཡེ་ཤེས་དང་གང་ཆུད་པ་ཡིན་པའོ། །སེམས་ལ་སོགས་པའི་

ཤེས་པ་བརྒྱད་ནི་སྔར་བཤད་ཟིན་ཏོ། །བདག་མེད་པ་ནི་གང་ཟག་ལ་བདག་མེད་པའོ། །མི་གཉིས་པ་དག་ནི་ཆོས་ལ་བདག་མེད་པའོ། །མི་གཉིས་པ་ཡང་གཞན་གྱི་དབང་དང་སྒྱུ་མ་ལ་སོགས་པའི་རང་བཞིན་པ་ཉིད་ཡོད་དེ། དངོས་པོ་དང་དངོས་པོ་མེད་པ་མེད་པས་ན་དེ་གཅད་པའི་དོན་དུ་དོན་

Vol. 121 · folio 86b

དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་དག་པ་པར་དགོངས་པའོ། །མིང་དང་མཚན་མ་ལ་སོགས་པ་ལྔ་ནི་བཤད་ཟིན་ཏོ། །རིང་པོ་དང་ཐུང་ངུ་ལ་སོགས་པ་ནི་རྒྱུ་དང་དཔེ་དང་བཅས་ཏེ་འདས་པའི་དོན་རིང་པོ་དང་། ཐུང་ངུ་ལ་སོགས་པ་བཞིན་ནོ་ཞེས་ཚིགས་སུ་བཅད་པས་གསུངས་པའོ། །གཅིག་ལ་

གཅིག་ལྟོས་ཏེ་ཡོད་པ་དང་མེད་པར་འགྱུར་བ་ནི་རྡུལ་ཕྲན་དུ་ནི་རྫས་བཤིག་སྟེ། ཕྱོགས་ཀྱི་ཆར་ཕྱེ་བ་ན། གཟུགས་ལ་རྣམ་པར་བརྟག་མི་བྱ། །ཞེས་ཏེ། བ་ལང་གི་རྭ་ལ་སོགས་པ་སྟོང་པས་ན་དེ་ལ་ལྟོས་ཏེ་རི་བོང་གི་རྭ་ལྟ་ག་ལས་ན་འགྱུར། དེ་ལྟར་ཕྱིའི་དོན་མེད་པས་སེམས་ཙམ་པོ་ཉིད་འབའ་ཞིག་

སྟེ། དེ་ཡང་། འཁྲུལ་པ་རྣམས་ཀྱི་ལྟ་བ་ངན་པས་བསལ་མི་འགྱུར། །ཞེས་ཏེ། རྙོག་མ་བསལ་ཏེ་ཆུ་བཞིན་དུ་དངས་པར་འགྱུར་བས་ན་ཡོངས་སུ་དག་པར་འགྱུར་ཞེས་པའི་བར་དུའོ། །རྟོག་པ་ནི་ཚད་མ་དང་། གཞལ་བ་ལ་སོགས་པ་ཕྱིའི་དོན་དུ་ལྟ་བས་རྣམ་པར་གཞག་པར་རྣམ་པར་རྟོག་གི །སེམས་

ཙམ་དུ་སྣང་བ་ལ་ནི་མ་ཡིན་ནོ། །ཉན་ཐོས་ཕྱིའི་གཟུགས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། མི་མཛེས་པར་རྟོག་པར་བྱེད་དོ། །དོན་དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པ་ནི་འཕགས་པ་སའི་དབང་པོ་བདག་མེད་པ་གཉིས་

རྟོགས་པ་རྣམས་ཀྱི་སོ་སོར་བདག་གིས་རྟོགས་པའི་སྤྱོད་ཡུལ་ཡིན་ཏེ། ཡང་དག་པར་རིག་པའི་རང་བཞིན་མར་མེ་ལྟར་བདག་ཉིད་དུ་སྣང་བའོ། །རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་གསེར་ལ་སོགས་པ་སའི་སེའུ་ལ་སོགས་པས་བཙོ་བ་བཞིན་དུ་

རིམ་གྱིས་དྲི་མ་མེད་པར་འགྱུར་རོ། །ཁ་ཅིག་ནི་ཅིག་ཅར་ཏེ་མར་མེས་ཁྱིམ་གྱི་ཡོ་བྱད་ལ་སོགས་པ་སྣང་བར་བྱེད་པ་བཞིན་ནོ་ཞེས་འཕགས་པ་བློ་གྲོས་ཆེན་པོས་དེ་ལྟར་བསམས་ཏེ་ཐམས་ཅད་མཁྱེན་པ་དེ་ལ་དེ་སྐད་དུ་གསོལ་བའོ། །བཞད་གད་ལ་སོགས་པར་རིམ་གྱིས་འཇུག་པ་ནི་གང་གི་ཚེ་

ན་གླུ་མི་ལེན་ཏེ། དེ་ལྟར་ན་བྱ་བ་ཁ་ཅིག་ནི་རིམ་དུ་འབྱུང་། ཁ་ཅིག་ནི་ཅིག་ཅར་འབྱུང་སྟེ། ཇི་ལྟར་མེ་ལོང་གི་ནང་དུ་གཟུགས་སྣ་ཚོགས་སྣང་བ་རྣམ་པར་མི་རྟོག་པའི་ཤེས་པས་ཅིག་ཅར་སྣང་བ་སྟེ། འཛིན་ཞེས་བྱ་བའི་དོན་ནོ། །དེ་ལྟར་རིགས་པའི་རིམ་པར་སོང་བའི་སའི་དབང་པོ་རྣམས་ཀྱི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words