འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 121 · folio 115b
དང་གཞན་དབང་མོ་གཤམ་གྱི་བུ་ལྟ་བུར་གྲུབ་པའི་ཡེ་ཤེས་མེད་དོ་ཞེས་བྷ་བྱས་གླེང་དུ་མེད་དོ། །ཡང་དག་པར་རིག་པ་ཙམ་སོ་སོ་རང་གིས་རིག་པ་དང་རིག་པར་བྱེད་པའི་དངོས་པོར་བསྟན་དུ་མེད་པ་སྣང་བ་དང་བྲལ་བ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་སེམས་
དོན་དམ་པའི་བདེན་པར་བདག་ཉིད་ལའང་མི་རྒྱུ་ན་ཡི་གེ་དང་སྒྲས་བརྗོད་པ་ལྟ་ཅི་སྨོས་ཏེ། ཐ་དད་པ་མེད་པའི་འཕགས་པའི་ཡེ་ཤེས་མངོན་པར་རྟོགས་པས་ན་དེ་ལས་གཞན་པ་ངེས་པར་འཇུག་པའི་དབང་པོ་ཤེས་པ་དང་། དབུགས་རྔུབ་པ་མྱོང་བ་བཞིན་ནོ། །ཡང་དག་པར་རིག་
པ་ཙམ་ནི་འདིའོ་ཞེས་ཡོད་པ་དང་མེད་པ་སྨྲར་མེད་དེ། ཐོག་མ་དང་ཐ་མར་སྟོང་པ་དང་། དབུས་སུ་ཡང་རང་བཞིན་གཉིས་ཀྱིས་སྟོང་སྟེ། སྐད་ཅིག་མའི་རྒྱུན་ཐ་དད་པ་ཡིན་ཡང་། སྐད་ཅིག་མ་གཅིག་ཐ་མི་དད་པ་འཕགས་པ་རྣམས་ཀྱིས་གཉིས་སུ་མེད་པར་ཡང་དག་པར་རིག་
པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །དེ་ནི་བསྟན་པའི་ཚིག་བསྡུ་བའི་དོན་དུ་བཤད་པ་སྟེ། རྒྱ་ཆེར་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོན་པར་མཛད་པས་ན་དེར་བཤད་དུ་མེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུའི་མཚན་ཉིད་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་
སོགས་པ་ལ་ཕྱི་ནང་གི་དཔེ་ནི་སྣང་བ་ཇི་བཞིན་པར་ཐམས་ཅད་མཁྱེན་པས་སེམས་ཅན་རྣམས་ལ་ཁོང་དུ་ཆུད་པར་མཛད་པའི་དོན་དུ་ཡིན་གྱི་བུམ་པ་དང་། སྣམ་བུ་ལ་སོགས་པ་ཕྱི་རོལ་གྱི་རྡུལ་དང་། རྒྱུ་སྤུན་གྱིས་བསྐྱེད་པ་ནི་མ་ཡིན་ནོ། །མ་རིག་པ་དང་སྲེད་པ་དང་།
ལས་ལས་གཟུགས་ལ་སོགས་པའི་ཕུང་པོར་སྣང་བ་སྐྱེས་པ་སྟེ། དོན་དམ་པར་ནི་རྨི་ལམ་ལ་སོགས་པ་བཞིན་དུ་མ་སྐྱེས་པ་ཉིད་དེ། ཐོག་མ་མེད་པའི་ཉེས་པའི་བག་ཆགས་ཀྱིས་བསླད་པ་ཡོངས་སུ་སྨིན་པའི་མཐུ་ལས་སྣ་ཚོགས་ཀྱི་རྣམ་པ་ཕུང་པོ་དང་། ཁམས་དང་།
སྐྱེ་མཆེད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཁྱད་པར་རྣམས་སོ་སོར་སྣང་བ་འབའ་ཞིག་གོ། །དེ་ལ་རྒྱུར་འབྱེད་པ་ནི་ཐམས་ཅད་མཁྱེན་པས་སྣང་བའི་ཁྱད་པར་བཞིན་དུ་སྟོན་པར་མཛད་པ་བློ་གྲོས་ཆེན་པོ་དེ་ལ་རྒྱུ་ནི་རྣམ་པ་དྲུག་སྟེ། འདི་ལྟར་འབྱུང་བར་འགྱུར་བའི་རྒྱུ་དང་། འབྲེལ་
Vol. 121 · folio 116a
པའི་རྒྱུ་དང་། མཚན་ཉིད་ཀྱི་རྒྱུ་དང་། བྱེད་པའི་རྒྱུ་དང་། སྣང་བ་མེད་པའི་རྒྱུ་དང་། ལྟོས་པའི་རྒྱུ་དང་དྲུག་གོ། །དེ་ལ་ཐམས་ཅད་མཁྱེན་པས་རྣམ་པར་ཕྱེ་སྟེ་སྟོན་པ་དེ་ལ་བློ་གྲོས་ཆེན་པོ་འབྱུང་བར་འགྱུར་བའི་རྒྱུ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེ་བའི་
ཕྱིར་རྒྱུའི་བྱ་བ་བྱེད་དོ་ཞེས་ཐམས་ཅད་མཁྱེན་པས་དེར་ཅི་ཡང་དགོངས་པ་དེ་རྗེས་སུ་དཔག་པར་བྱ་བ་ནི་འཇིག་རྟེན་གྱི་རྣམ་པ་སྣ་ཚོགས་པ་ནི་ལས་ལས་འབྱུང་བས་ན་འབྱུང་བར་འགྱུར་བའོ། །ལུས་དང་འཇིག་རྟེན་རྣམ་པ་སྣ་ཚོགས་ནང་དང་ཕྱིའི་སྦོམ་པོ་དང་། ཕྲ་བ་སྣང་བ་ལ་དགོངས་ན་ནི་
ཐམས་ཅད་མཁྱེན་པ་ཉིད་ཚད་མའོ། །བློ་གྲོས་ཆེན་པོ་འབྲེལ་པའི་རྒྱུ་ནི་ཕྱི་ནང་གི་ཕུང་པོ་དང་ས་བོན་ལ་སོགས་པ་འབྱུང་བའི་ཕྱིར་དམིགས་པའི་བྱ་བ་བྱེད་དོ་ཞེས་པ་གཟུགས་ལ་སོགས་པ་སྣང་བ་ནི་དམིགས་པས་ན་དམིགས་པ་སྟེ། སྣང་བ་ཉིད་རྒྱུ་དང་འབྲས་བུའི་དངོས་པོར་བཅོམ་ལྡན་
འདས་ཀྱིས་དགོངས་པའོ། །བློ་གྲོས་ཆེན་པོ་མཚན་ཉིད་ཀྱི་རྒྱུ་ནི་དེ་མ་ཐག་ཏུ་བྱེད་པའི་མཚན་ཉིད་དང་འབྲེལ་པར་བསྐྱེད་དོ་ཞེས་པ་དེ་མ་ཐག་ཏུ་བྱེད་པའི་ལས་ཀྱི་མཚན་ཉིད་གང་འབྲེལ་ནས་མཚན་ཉིད་གང་གིས་གང་ལ་བརྟག་པར་བྱ་བ་དེ་མཚན་ཉིད་ཀྱི་རྒྱུའོ། །ཇི་ལྟར་ལུང་སྟོན་པའི་གཙུག་
ལག་ལས་བྱེད་པ་པོ་རང་དབང་ངོ་ཞེས་ཀུན་ཏུ་རྟོག་པའོ། །བློ་གྲོས་ཆེན་པོ་བྱེད་པའི་རྒྱུ་ནི་དབང་པོར་གཏོགས་པའི་བྱ་བ་བྱེད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ་ཞེས་པ་དེ་ནི་སྦྱོར་བའི་རྒྱུ་སྟེ། ཇི་ལྟར་ལྷས་བྱིན་གྱིས་མཆོད་སྦྱིན་བུམ་པ་བྱེད་དུ་བཟུང་བའོ། །འཁོར་ལོས་
སྒྱུར་བའི་རྒྱལ་པོ་བཞིན་ཞེས་པ་ནི་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྒྱལ་པོ་གཞན་དག་བྱེད་པར་གཟུང་བ་དེ་ལྟར་གཙོ་བོའི་རྒྱུ་དེ་དབང་དུ་བྱེད་པའི་རྒྱུར་བརྟག་གོ། །ཁྱད་པར་དུ་བརྟག་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཚད་མའོ། །བློ་གྲོས་ཆེན་པོ་སྣང་བར་བྱེད་པའི་རྒྱུ་ནི་རྣམ་པར་རྟོག་
པའི་དངོས་པོ་སྐྱེས་པའི་མཚན་ཉིད་སྣང་བའི་བྱ་བ་བྱེད་དེ་གཟུགས་ལ་སོགས་པ་ལ་མར་མེ་བཞིན་ནོ་ཞེས་པ་ཇི་ལྟར་མར་མེ་བུམ་པ་དང་། སྣམ་བུ་ལ་སོགས་པ་རྣམ་པར་རྟོག་པའི་དངོས་པོ་རྣམས་ཀྱིས་སྣང་བར་བྱེད་པའི་རྒྱུ་ཡིན་པ་དེ་ལྟར་སྔར་སྐྱེས་པའི་ཁྱད་པར་སྣང་བ་ནི་སྣང་བ་
Vol. 121 · folio 116b
བྱེད་པ་ཞེས་བྱའོ། །དེ་ཡང་དག་པར་ན་བྱེད་པ་ཉིད་དེ་འདྲ་བའི་སྐད་ཅིག་པ་གཞན་ལས་ལྟོས་ཏེ་སྐད་ཅིག་མ་རྒྱུན་དུ་འབྱུང་བ་ལས་གང་གིས་མཚན་ཉིད་མི་མཐུན་པར་མི་བྱེད་པ་ནི་སྣང་བར་བྱེད་པའོ། །བློ་གྲོས་ཆེན་པོ་ལྟོས་པའི་རྒྱུ་ནི་རྣམ་པར་བཟློག་པའི་དུས་ན་རྣམ་པར་མི་རྟོག་པའི་
དངོས་པོ་འབྱུང་བའི་ཕྱིར་བྱ་བ་རྒྱུན་ཆད་པར་བྱེད་དོ་ཞེས་པ་ནི་རྒྱུ་འདུས་པ་གང་ཡོད་པར་གྱུར་ནས་དེའི་འོག་ཏུ་འབྲས་བུ་གང་མོད་དམའ་བར་འགྱུར་བ་དེ་དེ་ལྟ་བུ་ནི་ལྟོས་པའི་རྒྱུ་ཞེས་བྱའོ། །ཇི་ལྟར་མེ་ལ་ལྟོས་ཏེ་ཤིང་ཐལ་བའི་དངོས་པོར་འབྱུང་བ་ན་རྣམ་པར་མི་རྟོག་པ་སྟེ་སྔོན་གྱི་ཤིང་
གི་དངོས་པོར་རྣམ་པར་མི་རྟོག་ཅེས་བྱ་བའི་བར་དུའོ། །འདི་དག་ནི་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་ཀྱིས་རྣམ་པར་རྟོག་པས་བརྟགས་ཏེ། རིམ་གྱིས་འཇུག་པས་ཀྱང་མ་ཡིན། ཅིག་ཅར་ཡང་མི་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་
གལ་ཏེ་ཅིག་ཅར་འབྱུང་ན་ནི། བྱ་བ་དང་བྱེད་པའི་བྱེ་བྲག་ཀྱང་མེད་པར་འགྱུར་རོ་ཞེས་པ་ཐམས་ཅད་མཁྱེན་པས་ཅི་དགོངས་ཤེ་ན། གཉིས་ཀས་ཀྱང་བདག་འབྱུང་བ་ཐོབ་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དུས་མཚུངས་པ་དང་། ཕན་པར་བྱ་བ་དང་། ཕན་པར་བྱེད་པ་མེད་པས་
ན་དུས་གཅིག་ཏུ་བྱེ་བྲག་ཏུ་དབྱེ་བར་མི་ནུས་སོ། །རྒྱུའི་མཚན་ཉིད་དུ་མ་རེད་པའི་ཕྱིར་ཞེས་པ་ནི་རྒྱུ་འབྲས་བུ་ལ་ཕན་པར་བྱེད་པས་མཚན་ཉིད་ཐོབ་པར་འགྱུར་ན་ཕན་པར་བྱེད་པ་མེད་པས་ན་རྒྱུ་རྒྱུའི་མཚན་ཉིད་མི་ཐོབ་པོ། །གཞན་པར་ཡང་བཤད་ན་འབྲས་བུ་གང་གི་རྒྱུ་ལས་
མཚན་ཉིད་དུ་མ་རེད་པའི་འབྲས་བུ་སྟེ། ཐམས་ཅད་མཁྱེན་པས་སྒྲའི་དོན་ལ་སྦྱར་བའི་ཚིག་གཉིས་ཀར་ཡང་བརྟག་པ་ནི་ཆོས་ཉིད་དུ་འགལ་བ་མེད་པའི་ཕྱིར་རོ། །དེ་སྟེ་རིམ་གྱིས་འཇུག་པས་འབྱུང་ན་ནི་མཚན་ཉིད་དུ་མ་རེད་པའི་བདག་ཉིད་པས་ཞེས་བྱ་བ་ནི་བྱ་བའི་མཚན་ཉིད་དུ་
རེད་པ་མེད་པའི་བདག་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་ན་རྒྱུའི་སྐད་ཅིག་པ་ཡོད་པ་དེའི་ཚེ་ན་འབྲས་བུའི་སྐད་ཅིག་པ་མེད་དེ། ཡོད་པ་དང་མེད་པ་དག་ཀྱང་ཇི་ལྟར་ན་འབྲེལ། སྐད་ཅིག་པ་གཅིག་ནི་སུ་དང་ཡང་འབྲེལ་པ་མེད་དོ། །ཞིག་པ་དང་མ་ཞིག་པ་འབྲས་བུ་སྐྱེ་བ་ལ་
Vol. 121 · folio 117a
བྱེད་པ་མེད་དེ། དེར་ཐམས་ཅད་མཁྱེན་པས་བྱེད་པ་དགག་པར་དགོངས་པའི་ཕྱིར་རོ། །དེ་མ་ཐག་པ་ཙམ་གྱིས་དངོས་པོ་སོ་སོར་ངེས་པ་འབའ་ཞིག་སྟེ། དེ་བཞིན་དུ་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཀུན་རྫོབ་དང་། དོན་དམ་པའི་
བདེན་པ་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམ་པ་གཉིས་ལ་སྦྱར་བར་བྱ་སྟེ། དེས་ན་རིམ་གྱིས་འཇུག་པ་མི་འབྱུང་ངོ་། །ཐམས་ཅད་མཁྱེན་པས་དེ་ཉིད་ལ་དཔེར་གསུངས་པ། བློ་གྲོས་ཆེན་པོ་བུ་མ་སྐྱེས་པར་ཕ་ཞེས་གདགས་པ་དང་
འདྲ་བ་རྟོག་པ་པོ་རྣམས་ཀྱིས་རིམ་གྱིས་འཇུག་པས་འབྲེལ་བའི་ཚུལ་ཡང་མི་རུང་ངོ་ཞེས་པ་འདིའི་ཕ་འདི་ཡིན་ནོ་ཞེས་བུ་མ་སྐྱེས་པར་ཡང་ཕར་འདོགས་པ་ཇི་ལྟ་བུ་རུང་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་པར་འགྱུར་རོ་ཞེས་
རྟེན་ཅིང་འབྲེལ་བར་འབྱུང་བ་འབའ་ཞིག་སྟེ། དེ་མ་ཐག་པ་ཙམ་གྱིས་ཁ་ཅིག་ཏུ་ལས་དང་འབྲས་བུར་འབྲེལ་པའི་རང་བཞིན་དུ་སོ་སོར་ངེས་སོ། །དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་བཞག་པ་ཡང་ཁ་ཅིག་ཁ་ཅིག་གི་དེ་མ་ཐག་ཏུ་དག་པ་དང་མ་
དག་པར་ཡང་སྣང་གི། བདག་ཉིད་ལས་མ་ཡིན་ལ་གཞན་ཐམས་ཅད་ལས་ཀྱང་མ་ཡིན་པ་དང་། གཉི་ག་ལས་ཀྱང་མ་ཡིན་ཏེ་ཇི་ལྟར་ཐམས་ཅད་མཁྱེན་པས་གསུངས་པ་བདག་དང་གཞན་དང་གཉིས་ཀ་དང་། ཡོད་པ་དང་། མེད་པ་ལས་སྐྱེས་པ་མེད་དོ་ཞེས་པ་
དང་། དེ་བས་ན་སློབ་དཔོན་ཀླུ་བོས་ཀྱི་བསྟོད་པ་ལས་སྨྲས་པ། ཞིག་དང་རྣམ་པར་མ་ཞིག་པའི། །ས་བོན་ལས་ནི་མྱུག་འབྱུང་མེད། །རྨི་འབྱུང་བཞིན་དུ་འབྱུང་བ་དེ། །དེ་ལྟར་ཀུན་ནི་ཁྱོད་གསུང་མཛད། །ཅེས་སོ། །ཡོད་དང་མེད་པ་ལས་བྱེད་པས་
རྒྱུའི་འབྲས་བུ་སྤྱོད་པར་མི་བྱེད་དེ། ཇི་ལྟར་བཙུན་གཙོ་བྱམས་པས་བསྒྲུབ་པར་མཛད་པ་སྐྱེ་བ་དང་འཇིག་པ་དུས་མཚུངས་ཏེ་སྲང་མདའི་མཐོ་དམན་བཞིན་ནོ་ཞེས་སོ། །རྒྱུ་མེད་པ་ལས་ཀྱང་མ་ཡིན། དབང་པོ་ལས་ཀྱང་མ་ཡིན། རང་བཞིན་ལས་ཀྱང་མ་ཡིན། ཡོན་
Vol. 121 · folio 117b
ཏན་འཕོ་བ་ལས་ཀྱང་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །འདི་ཡོད་ན་འདི་ཡོད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་ན་རྒྱུ་སྔར་ཡོད་པ་དེའི་འོག་ཏུ་འབྲས་བུ་འབྱུང་གི། སྐད་ཅིག་པས་བར་ཆད་པ་ནི་མེད་དོ། །རྒྱུ་འཇིག་པའི་དུས་ཉིད་ན་འབྲས་བུ་འབྱུང་གི་འཇིག་པ་དང་།
སྐྱེ་བ་ལ་སོགས་པར་ཡང་ལྷག་པའི་ཆོས་གཞན་མེད་དོ། །ཐོག་མ་དང་ཐ་མའི་སྐད་ཅིག་པ་ཉིད་ཀྱི་དངོས་པོ་ཡང་དེ་མ་ཐག་ཏུ་བརྟགས་པའོ། །དེ་བཞིན་དུ་ཆོས་དང་ཆོས་ཅན་གྱི་ཐ་སྙད་བྱེད་པར་ཡིད་ཆེས་པ་བཞིན་དུ་བཙུན་གཙོ་སངས་རྒྱས་སུ་འགྱུར་བས་དགོངས་པའོ། །ཆོས་དང་
གང་ཟག་ལ་བདག་མེད་པ་གཉིས་ལ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བར་བདག་གིས་དབུ་མ་ལྟ་བུར་བསྒྲུབ་པ་ནི། འགོག་མེད་སྐྱེ་བ་མེད་པ་དང་། །རྟག་མེད་ཆད་པ་མེད་པ་དང་། །གཅིག་དོན་དུ་མའི་དོན་སྨིན་དང་། །འོང་བ་མེད་པ་འགྲོ་བ་མེད། །རྟེན་ཅིང་འབྲེལ་པར་འབྱུང་
བ་ནི། །སྤྲོས་པ་ཉེར་ཞི་ཞི་བ་ཡང་། །རྫོགས་པའི་སངས་རྒྱས་གསུངས་གྱུར་པ། །གསུང་མཆོག་དེ་ལ་ཕྱག་འཚལ་ཏེ། །ཞེས་པས། ས་དང་པོའི་དབང་པོས་དབུ་མའི་གཙུག་ལག་གི་ལུས་སུ་བསྡུས་པར་གྱུར་ན་ནི་བྱེད་པ་དང་བྱེད་པ་པོར་འབྲེལ་པ་དེ་ཉིད་གསལ་བའི་ཕྱིར་གཙུག་
ལག་ལས་འབྱུང་ངོ་། །འབྲུམ་བུ་ཟ་བ་པ་དང་། ཁམ་པ་པ་དང་། རྐང་མིག་པ་དང་། སྤེལ་བ་པ་དང་། མཛེའི་མི་ནི་པ་དང་། ཙ་ར་ཀ་པ་དང་། ལུང་སྟོན་པ་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་འཛིན་པ་དང་། གཟུང་བ་དང་། བྱེད་པ་དང་བྱེད་པ་པོར་འབྲེལ་ཏེ་རྗོད་པ་དང་བརྗོད་པ་
ལ་སོགས་པའི་རྣམ་པར་རྟོག་པའི་འཛིངས་པའི་ཀུན་ནས་ཉོན་མོངས་པ་བསལ་བར་ཞུགས་པའོ། །དེ་དག་ལས་ཀྱང་སྐྱེ་བར་བྱ་བ་སྐྱེ་བ་པོས་བསྐྱེད་པ་ནི་བྱེད་པ་པོ་འབྲེལ་པ་དེ་ཐོག་མར་སྤོང་བར་བྱེད་དོ། །བྱེད་པ་པོ་ལ་མངོན་པར་ཆགས་པས་འཁོར་བའི་སྡུག་བསྔལ་རབ་ཏུ་འབྱུང་ངོ་། །
རྟག་པ་དང་། བདག་དང་། བདག་གི་དང་། བྱེད་པ་པོ་དང་། ལས་དང་བྱེད་པ་ལ་མངོན་པར་ཆགས་པ་ལོག་ན་སྡུག་བསྔལ་བཟློག་གོ་ཞེས་སོ། །གང་ལ་སྐྱེ་བ་མེད་པ་དེ་ལ་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་ཡོད་པ་མ་ཡིན་ཏེ། དེ་ལྟར་དབུ་མ་ཉིད་དུ་སྒྲུབ་
Vol. 121 · folio 118a
པར་བྱེད་པ། གལ་ཏེ་སྐྱེ་བ་འདུས་བྱས་ན། །མཚན་ཉིད་གསུམ་ལྡན་དེར་རིག་སྟེ། །འོན་ཏེ་སྐྱེ་བ་འདུས་མ་བྱས། །འདུས་བྱས་མཚན་ཉིད་ཇི་ལྟར་རུང་། །སྐྱེ་བ་སྐྱེ་བ་ཇི་ལྟ་བུར། །བདག་ཉིད་གཞན་གྱིས་མ་ཡིན་པ། །འགོག་པ་ལ་ནི་འགོག་པ་ཡང་། །བདག་
ཉིད་གཞན་གྱིས་མ་ཡིན་པའོ། །གང་ཟག་བདག་ལ་མེད་པ་ཡང་། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སྐྱེ་བ་ལ་སོགས་པའི་ཆོས་ལྷག་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་འཕགས་པ་དགེ་འདུན་ཆེན་པོ་པ་དག་ཀློག་པ། འདུས་བྱས་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །
གང་འབྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་སོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྐད་ཅིག་པའི་རྒྱུ་ལ་རྟག་པ་དང་ཆད་པ་མེད་དོ། །གཅིག་དོན་མ་ཡིན་ཞེས་བྱ་བ་ནི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་རྨི་ལམ་ལ་སོགས་པ་སྣང་བ་བཞིན་དུ་རྟེན་ཅིང་འབྲེལ་
ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་དོན་དུ་མའི་ཕྱིར་རོ། །དུ་མའི་དོན་མ་ཡིན་ཞེས་བྱ་བ་ནི་དོན་དམ་པ་གཉིས་ཀྱི་རྣམ་པ་མེད་པས་ན་མི་གཉིས་པའི་ཕྱིར་རོ། །འོང་བ་དང་། འགྲོ་བ་དང་བྲལ་བ་ནི་ཐོག་མ་དང་ཐ་མའི་མཐའ་སྟོང་པའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་ཆོས་
ཀྱི་རྣམ་གྲངས་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ། འགག་པ་ན་ཡང་གར་ཡང་སྩོགས་སུ་མི་འགྲོའོ་ཞེས་སོ། །བར་དུ་ཡང་གཉིས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེས་ན་ཐམས་ཅད་མཁྱེན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པ་ཉེ་བར་ཞི་བས་ན་ཞི་བར་གསུངས་སོ། །སངས་རྒྱས་
སུ་འགྱུར་བའི་ས་དང་པོའི་དབང་པོས་ཀྱང་དབུ་མའི་གཙུག་ལག་དུ་གཏོགས་པ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་དང་རྒྱུ་མེད་ལས་ཀྱང་མིན། །དངོས་པོ་རྣམས་ནི་སྐྱེ་བ་ཡང་། །འགའ་ཞིག་གར་ཡང་ཡོད་མིན་ནོ། །ཞེས་པ་སྟེ། བདག་དང་གཞན་དང་
གཉི་ག་ལས་ཇི་ལྟར་མི་སྐྱེ་བ་དེ་ལྟར་ཐམས་ཅད་མཁྱེན་པས་དམ་པའི་ཆོས་ཀྱི་འགྲེལ་པ་ལས་སྔར་བཤད་ཟིན་ཏོ། །འཕགས་པ་བཙུན་གཙོ་བྱམས་པའི་སཱ་ལུ་ལྗང་པའི་མདོ་སྡེ་ལས་འབྱུང་བ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རྩོད་པའི་གནས་རྣམས་ཀྱང་བདག་གིས་དམ་པའི་ཆོས་ཀྱི་
Vol. 121 · folio 118b
འགྲེལ་པ་བཤད་པ་ན་དབང་པོ་དང་། གཙོ་བོ་ལ་སོགས་པ་དཔྱད་པ་སྔར་བྱས་ཏེ། སེམས་ཀྱི་རྒྱུད་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྟག་པ་ལས་ཀྱང་མ་ཡིན། ཆད་པ་ལས་ཀྱང་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་ཡིན། དབང་པོ་ལས་ཀྱང་མ་ཡིན། རང་བཞིན་ལས་ཀྱང་མ་ཡིན།
ཡོན་ཏན་འཕོས་པ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སཱ་ལུ་ལྗང་པའི་མདོ་ལས་ཞིབ་ཏུ་འབྱུང་བའི་ཕྱིར་རྟག་པ་ནི་མ་སྐྱེས་པས་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དེ། རྟག་པ་དང་། དབང་པོ་དང་། གཙོ་བོ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད་དོ། །
སེམས་ལ་རྒྱུ་མེད་པས་མ་ཡིན་པ་ནི་འབྱུང་བ་རྣམས་ལས་མི་སྐྱེ་སྟེ། སྐྱེས་མ་ཐག་པ་ལ་རྒ་བ་དང་། འཇིག་པ་དང་། མྱ་ངན་སྣང་སྟེ། དེས་ན་སྔོན་གྱི་གོམས་པ་ཡོད་པར་རྗེས་སུ་དཔག་གོ། །ཀུན་གཞི་རྣམ་པར་ཤེས་པ་བཤད་པས་འཇིག་རྟེན་ཕྱི་མ་བསྒྲུབ་པ་ན་དེ་
ནི་བཤད་ཟིན་མོད་ཀྱི། མདོར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་འབྱུང་བ་སྟེ། བྱེད་པ་དང་། བྱེད་པ་པོ་དང་མངོན་པར་འབྲེལ་ནས་རྒྱུ་དང་འབྲས་བུའི་དངོས་པོ་མེད་དེ། ཇི་ལྟར་ན་སྔ་མའི་འོག་ཏུ་འདི་ཡོད་པས་ན་འདི་ཡོད་པར་འགྱུར་རོ་ཞེས་བསྟན་པར་བྱའི་ཡོད་པ་དང་མེད་
པ་ལས་སྐྱེ་བར་ནི་མི་རུང་ངོ་། །ཇི་ལྟར་ཐམས་ཅད་མཁྱེན་པའི་དམ་པའི་ཆོས་ཀྱི་འགྲེལ་པའི་བཤད་པ་དང་དབུ་མ་ལས། ཡོད་དང་མེད་པའི་དོན་ལ་ནི། །རྐྱེན་རྣམས་ཡོད་པར་མི་རུང་སྟེ། །མེད་ན་རྐྱེན་ནི་སུ་ཡི་ཡིན། །ཡོད་ནའང་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བྱ་བ་ལས་ན་
ཡོད་པ་དང་མེད་པ་ཡང་སྐྱེ་བར་མི་རུང་སྟེ། དངོས་པོ་ལ་བྱར་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་བྱེད་ཅེས་པ་ཡང་ཅི་ཡང་མི་བྱེད་པ་ཡིན་ཏེ། བྱེད་པ་འགག་པར་བྱས་པར་གྱུར་པ་ཉིད་དོ། །དེ་བས་ན་ཅིག་ཅར་དང་། རིམ་གྱིས་འཇུག་པར་བྱེད་པ་དང་། བྱེད་པ་པོར་
འབྲེལ་ཏེ་མི་འབྱུང་ངོ་། །རྒྱུ་རྣམ་པ་དྲུག་པོ་ཡང་བྱིས་པས་ཀུན་བརྟགས་པའོ། །ཀུན་བརྟགས་པ་ཞེས་བྱ་བ་ནི་བྱེད་པ་པོ་དང་། ལས་དང་བྱེད་པ་ལ་སོགས་པའི་རང་བཞིན་ལའང་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ཞེས་བྱ་བའི་དོན་ཏེ། སྣང་བར་བྱེད་པ་དང་ལྟོས་པའི་
Vol. 121 · folio 119a
རྒྱུ་ཡང་འབྲས་བུ་དེ་མ་ཐག་པའི་རྒྱུ་ཉིད་དུ་ཐམས་ཅད་མཁྱེན་པས་སྦྱར་ཏེ། རྒྱུ་དང་དམིགས་པ་དང་། དེ་མ་ཐག་པ་དང་དབང་གི་རྒྱུ་ཡང་རྣམ་པ་བཞི་མདོ་སྡེ་འདིར་ཕྱེ་ནས་གསུངས་སོ། །དབུ་མར་ཡང་སློབ་དཔོན་གྱིས་ཀྱང་དེ་བཞིན་དུ་སྟོན་པ། རྐྱེན་བཞི་རྣམས་
ལ་རྒྱུ་དང་ནི། །དམིགས་དང་དེ་མ་ཐག་པ་དང་། །དེ་བཞིན་དུ་ཡང་དབང་གི་སྟེ། །རྐྱེན་ནི་ལྔ་པ་མེད་པའོ། །ཞེས་པ་སྟེ། དངོས་པོ་ཐམས་ཅད་ལ་རིམ་དང་ཅིག་ཅར་དུ་སྐྱེ་བ་དང་། སྐྱེད་པའི་དངོས་པོར་མི་རུང་ངོ་། །དབུ་མ་ལས་མདོར་བཤད་པ་ནི། །དངོས་པོ་རང་བཞིན་
མེད་རྣམས་ལ། །ཡོད་པ་མིན་པས་གང་ལས་ནི། །འདི་ཡོད་པས་ན་འདིར་འགྱུར་ཞེས། །དེ་ནི་འཐད་པ་མེད་པའོ། །ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ལ་གནོད་པར་འགྱུར་བའི་ཕྱིར་རོ། །རང་བཞིན་མེད་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ཀྱི་གཞན་གྱི་དབང་རྣམས་ཀྱི་སྟེ། གང་
དག་འཛིན་པ་དང་། གཟུང་བ་དང་། བརྗོད་པ་དང་། རྗོད་པ་པོ་སོ་སོར་སྣང་བའི་རྣམ་པར་རྟོག་པར་འབྱེད་པའི་ཡོད་པ་དེ་དག་ནི་གཉིས་ཀྱི་རྣམ་པ་སྟོང་པ་ཉིད་དེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བ་བཞིན་ནོ། །རྣམ་པར་རྟོག་པ་མེད་ཅིང་སྣང་བ་མེད་
པ་གཉིས་སུ་མེད་པའི་ཆུད་པ་རྣམས་ལ་ཐ་དད་པ་སྣང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཡང་རྒྱུ་དང་འབྲས་བུའི་བྱེ་བྲག་འཛིན་པ་མེད་དོ། །རྣམ་པ་དེ་ལྟ་བུའི་མི་གཉིས་པའི་མཚན་ཉིད་དུའང་རྒྱུ་བ་མེད་ན། འདི་ཡོད་ན་འདི་ཡོད་པར་འགྱུར་རོ་ཞེས་ཡི་གེ་དང་སྒྲ་ལྟ་ཅི་སྨོས། ཇི་ལྟར་
དབུ་མའི་གཙུག་ལག་ཏུ་ས་དང་པོའི་དབང་པོས་གསུངས་པ། གང་གིས་དངོས་པོ་མཐོང་བ་དང་། །མེད་པར་མཐོང་བ་བློ་ཆུང་རྣམས། །ཉེར་ཞི་ཞི་བ་བལྟ་བྱ་བ། །དེ་དག་གིས་ནི་མི་མཐོང་ངོ་། །རྣམ་རྟོག་མེད་ཅིང་སྣང་བ་མེད། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །འདི་
ནི་འཇིག་རྟེན་མགོན་རྣམས་ཀྱི། །སངས་རྒྱས་བསྟན་པ་བདུད་རྩིའོ། །རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་ལ་སོགས་པའི་ཆོས་རྣམས་ནི་སེམས་ཉིད་ལ་རིགས་ཏེ། དེས་ན་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་ཏེ། མི་གཉིས་
Vol. 121 · folio 119b
པ་ཡང་སེམས་ཉིད་ལ་རིགས་སོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། སྤྲོས་ལས་འདས་པ་མི་གཉིས་པ། །ཡང་དག་སངས་རྒྱས་སྤྲོས་པར་བྱེད། །དེ་དག་སྤྲོས་ཉམས་གླེན་པ་རྣམས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །སྟོང་པ་ཞེས་པར་སྨྲ་མི་བྱ། །མི་སྟོང་པར་ཡང་
མ་ཡིན་ཏེ། །གཉིས་དང་མི་གཉིས་ཞེས་པ་ཡང་། །ཞི་ལ་རྣམ་པ་ག་ལ་ཞིག །དེ་བས་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཆུད་པ་ཉིད་དུ་དབུ་མའི་ཏིང་ངེ་འཛིན་ཏེ། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་
གནས་ཡིན་ཏེ། །ས་གཞན་ང་ཡི་རང་བཞིན་ནོ། །ཕྱི་ཡི་དངོས་པོ་བསྩལ་ནས་སུ། །ཤེས་པ་ཙམ་ལ་འཇུག་པ་ནི། །འདི་ཉིད་དབུ་མའི་ནན་ཏན་ཏེ། །ང་དང་གཞན་གྱིས་བསྟན་པའོ། །དངོས་པོ་མེད་དང་དངོས་མེད་མིན། །ཡོད་དང་མེད་པར་མི་དམིགས་པ། །འདི་
ནི་དབུ་མའི་ནན་ཏན་ཏེ། །ང་དང་གཞན་གྱིས་བསྟན་པའོ། །ཞེས་སོ། །ཐམས་ཅད་མཁྱེན་པས་ལང་ཀར་གཤེགས་པར་ས་བདུན་གྱི་དབང་པོས་ཡེ་ཤེས་ལ་ཆགས་པ་ཡོངས་སུ་སྤངས་ཏེ། ས་བརྒྱད་ཀྱི་དབང་པོ་རྣམས་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་
ནི་དབུ་མའི་ཏིང་ངེ་འཛིན་དུ་གསུངས་ཏེ། གང་ན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དང་། ས་བདུན་དུ་ཕྱིན་པ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ནོ། །མི་སྐྱེ་བའི་མཚན་ཉིད་དེ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་ལྟ་བུར་སྐད་ཅིག་མའི་འདུ་
བྱེད་རྣམས་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་གཞན་དུ་མི་མཐོང་ངོ་། །བདག་མེད་པ་གཉིས་ལ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྒྱུ་མ་དང་འདྲ་བར་མཐོང་ངོ་། །དེ་དེ་ལྟ་བུར་བསམ་པར་བྱེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་
པ་མི་གཉིས་པ་ཡང་དག་པར་རིག་པ་ལས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་རྣམས་ཀྱི་ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བསླང་བར་མཛད་དོ། །གང་གིས་སྣང་བ་དང་བཅས་པ་དག་པ་འཇིག་རྟེན་པ་ཏིང་ངེ་འཛིན་
Vol. 121 · folio 120a
ལ་གནས་ཏེ་སེམས་ཅན་གྱི་ཕྱིར་རབ་ཏུ་འཇུག་པར་འགྱུར་རོ། །གལ་ཏེ་དུས་གཞན་དུ་བདག་ཉིད་རབ་ཏུ་སད་པར་འགྱུར་ན་ནི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་ཚོགས་ཀྱི་བར་ཆད་དུ་འགྱུར་རོ། །འདི་ལ་གང་ཡང་རྐྱེན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་
གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཡང་བྱེད་པ་དང་། བྱེད་པ་པོ་དང་འབྲེལ་ཏེ་མི་སྐྱེའོ། །སྣ་ཚོགས་ཀྱི་ཕྱིར་གཞན་གྱི་དབང་སྐྱེ་བ་མེད་པའི་རང་བཞིན་ཏེ། སྣ་ཚོགས་དང་རྨི་ལམ་ལ་སོགས་པ་བཞིན་ནོ། །གྲུབ་པ་ཡང་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། ཆོས་ཐམས་
ཅད་ངེས་པར་འཇུག་པའི་དབང་པོའོ་ཞེས་པ་ཡང་དག་པར་རིག་པ་བཞིན་ནོ། །དེས་ནི་ཚིགས་སུ་བཅད་པའི་དོན་བཤད་ཟིན་ཏོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བ་ལས་ལེའུ་གཉིས་པ་ལས་རྒྱུ་དང་འབྲས་བུའི་དཔྱད་པ་ལྔ་
པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་གསོལ་པ། ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །གསོལ་བ་དེའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པ་མཚན་ཉིད་རྣམ་པ་བཞི་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཚིག་དང་ཞེས་པ་ལ་མཚན་ཉིད་ནི་མཚན་མ་སྟེ། སྒྲ་རྣམས་འབྱུང་བའི་མཚན་མའོ། །ཇི་ལྟར་སྒྲའི་འགྲེལ་པ་བྱས་པས་སྒྲུབ་པར་བྱེད་པ་སྒྲ་རྣམས་གསུམ་གྱི་ཕྱིར་འཇུག་སྟེ། འདི་
ལྟར་རིགས་པ་དང་། ཡོན་ཏན་དང་། བྱེད་པར་འཇུག་པའི་མཚན་མ་རྣམས་ཀྱི་སྒྲ་རྣམས་འཇུག་གོ། །བཞིའི་ཕྱིར་སྒྲ་རྣམས་འཇུག་པ་ནི་ཤེས་པའི་སྒྲ་རྣམས་ཡོད་དོ་ཞེས་ཏེ། དངོས་པོ་ཡོད་པ་དེ་ལས་བརྗོད་པ་དང་རྐྱེན་དུ་འགྱུར་རོ། །ཚིག་གསུམ་ཡོད་པར་བྱེད་
པའི་ཡོད་པ་ནི། རྫས་ཡོད་པ་དང་། ཡོན་ཏན་ཡོད་པ་དང་། ལས་ཡོད་པའོ། །སྒྲ་འཇུག་པ་ནི་རིགས་ཀྱི་མཚན་མ་མེད་དེ་དེས་ན་སྒྲ་རྣམས་ཀྱི་སྤྱིའི་བརྗོད་པའོ། །གང་ཡང་མིང་དུ་བཏགས་པ་རྣམས་ནི་དིང་ཐོ་དང་། ད་ཐེ་ཝིང་ཐ་དང་། ལྷ་སྦྱིན་དང་། མཆོད་སྦྱིན་ནོ། །
Vol. 121 · folio 120b
སྤྱིར་སྒྲོ་བཏགས་ཏེ་འཇུག་པའི་མཚན་མ་ཡུལ་དང་། དུས་དང་ལྡན་པ་ཞེས་སོ། །ཁ་ཅིག་སྨྲ་བ་ནི་ཟླ་བ་དང་ཉི་མ་ཞེས་བྱ་ལ། གང་མེ་ཏོག་ཀུ་མུ་ད་རྣམས་རྒྱས་པར་བྱེད་པ་དང་། གང་ཡང་སིམ་པར་བྱེད་པ་དེ་ནི་ཟླ་བའི་ཟླ་བ་ཁོ་ནའོ། །གང་པད་མོ་རྣམས་རྒྱས་པར་བྱེད་པ་དང་།
གང་སྣང་བར་བྱེད་པ་དེ་ནི་ཉི་མའི་ཉི་མ་ཁོ་ནའོ། །ཡང་ན་དངོས་པོ་ཐམས་ཅད་རང་གི་དངོས་པོར་ཡོད་པ་དེ་དག་གི་དངོས་པོ་ཞེས་བྱའོ། །དེ་བརྗོད་པའི་ཕྱིར་ཁོ་ནའམ་ཉིད་ཡིན་ཏེ། གང་རྩྭ་ཟ་བ་དང་། ཤིང་རྟ་འདྲེན་པ་དེ་ནི་བ་ལང་གི་བ་ལང་ཁོ་ནའོ། །དེ་བཞིན་དུ་ནམ་མཁའི་
ཡང་ནམ་མཁའ་ཁོ་ན་སྟེ། བྲོ་བ་ལ་སོགས་པ་དུ་མ་དང་སྦྱོར་བས་ཡུལ་ཐ་དད་པར་བརྟགས་པ་སྟེ། མང་པོའི་གནས་པས་ན་ནམ་མཁའ་ཁོ་ནའོ་ཞེས་བྷ་དྲ་ཧ་རིས་སྨྲས་པའོ། །སློབ་དཔོན་ཆོས་སྐྱོང་གིས་ཀྱང་སྒྲུབ་པར་བྱེད་པ་ནམ་མཁའ་ལ་མཚན་མ་མང་པོའི་ཚིག་འཇུག་
པས་ན་རྣམ་པ་མང་པོ་དེར་ནམ་མཁའ་ཁོ་ནའོ་ཞེས་ཀུན་བརྟགས་པའོ། །དེས་ན། ཚིག་དོན་རྣམས་ཀྱི་རིགས་དང་ནི། །སྣང་བ་ཉིད་ཀྱང་དགར་ཏེ་འམ། །སྒྲ་ཀུན་ནི་ཚིག་དོན་དུ་དེ་ལྟར་རྟག་ཏུ་བཤད་པའོ། །ཚིག་ཏུ་སྨྲས་པ་རྣམས་ཚིག་གི་དོན་གྱི་ཚིག་བཟུང་ནས་བརྗོད་
པའི་རྗོད་པ་ནི་འདུས་པ་བརྗོད་པའོ། །བརྗོད་པ་སྨྲ་བ་རྣམས་ནི་བརྗོད་པ་ཉིད་དོན་རྗོད་པར་བྱེད་པའོ་ཞེས་སོ། །ལ་ལས་ཚིག་ནི་ཐ་དད་གཉིས། །རྣམ་བཞི་རྣམ་པ་ལྔ་པར་ཡང་། །རྗོད་པ་རྣམས་ལས་བརྟེན་ནས་ནི། །རང་བཞིན་རྐྱེན་ལ་སོགས་པ་བཞིན། །ཞེས་རབ་ཏུ་འཐོར་
བའི་ཚིག་གི་རྒྱུད་ལས་འབྱུང་ངོ་། །བརྗོད་པ་དཔྱད་པ་ལས་ནི། ཚིག་ཅེས་བྱ་བ་ཅུང་ཟད་ཀྱང་། །རང་བཞིན་གར་ཡང་ངེས་པ་མེད། །ཚིག་རྣམས་དངོས་པོ་དོན་དག་ཀྱང་། །བརྗོད་དོན་གཉིས་ལས་བྱུང་བ་སྟེ། །ཞེས་བརྗོད་པ་མ་རྟོགས་པར་ཚིག་གིས་ཐེ་ཚོམ་དུ་འགྱུར་ཏེ། དེས་
ན་བརྗོད་པ་ཉིད་ཀྱི་དོན་བརྗོད་དེ་མངོན་པར་བརྗོད་པ་འདུས་པ་གང་ཡིན་པ་བརྗོད་པ་ཉིད་ལས་དགར་བར་བྱའོ། །བརྗོད་པའི་ནང་གི་ཡན་ལག་དང་མཚུངས་པའི་ཆོས་དང་ལྷག་པ་བཏོན་ཏེ་ཚིག་གི་དོན་ནི་དོན་གྱི་བྱེ་བྲག་ལས་དེ་ལྟར་རྣམ་པར་གཞག་སྟེ། ལ་ལིག་དཀར་པོ་དང་། རས་དཀར་
Vol. 121 · folio 121a
པོ་དང་། གོས་དཀར་པོ་དང་། བ་དཀར་མོ་འགྲོ་བ་དང་། བ་ནག་མོ་འདུག་པ་སྟེ། དེ་དེ་ལྟར་བརྗོད་པའི་ནང་གི་ཡན་ལག་དང་། ཆོས་མཚུངས་པ་དང་། ཆོས་མི་མཚུངས་པས་ཚིག་གི་དོན་རྣམ་པར་གཞག་སྟེ། ཚིག་དང་བརྗོད་པའི་དཔྱད་པ་ཞིབ་མོ་ནི་སྒྲའི་
གཙུག་ལག་ལས་ཐམས་ཅད་མཁྱེན་པས་དགོངས་པའོ། །མཚན་ཉིད་ཀྱི་ཚིག་ཅེས་བྱ་བ་ནི་སྨྲ་བ་རྣམས་ཀྱི་བརྗོད་པའི་དོན་དུ་འབྱེད་པས་ན་རྩོད་པ་ཡང་མང་སྟེ། ཡི་གེ་མ་གཏོགས་ཚིག་གཞན་ནི། །ཡོད་པ་མ་ཡིན་བརྗོད་པ་ནི། །ཡི་གེ་ཚིག་ནི་མ་གཏོགས་པར། །ཆུང་ཟད་ཀྱང་
ནི་ཡོད་པ་མིན། །ཞེས་དཔྱོད་པ་ཅན་གྱི་རྗེས་སུ་མཐུན་པར་བྱ་སྟེ། བྷ་དྲ་ཧ་རིས་བཤད་པ། སྨྲས་པའི་སྒྲ་ཀུན་འདུས་པ་ནི། །རིགས་ནི་འཇུག་པར་འགྱུར་བ་སྟེ། །གཅིག་པུ་ཡན་ལག་མེད་པའི་སྒྲ། །བློ་ཡིས་རིགས་སུ་བསྡུ་བའོ། །ཐོག་མའི་ཚིག་ནི་སོ་སོར་ཀུན། །ལྟོས་དང་
བཅས་ཏེ་དེ་ལྟར་ཡང་། །བརྗོད་པའི་ཕྱིར་ན་ཐ་དད་བློ། །ཚུལ་སྨྲ་རྣམས་ཀྱི་རྣམ་པ་མང་། །ཞེས་ཏེ། བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པ་བརྗོད་པའི་དོན་ནི་ཐམས་ཅད་ལ་འཁྲུལ་པ་མ་ཡིན་ཏེ། དེ་ལྟ་བུར་ན་དོན་ཡང་རྗོད་པར་འགྱུར་རོ། །གཞོན་ནུ་ཅན་གྱི་མུར་བྱེད་པས་
སྨྲས་པ། ཇི་སྙེད་ཇི་འདྲ་གང་དག་ནི། །དོན་གང་སྟོན་ནུས་ཡི་གེ་རྣམས། །མཐུ་རྣམས་རབ་ཏུ་ཤེས་གྱུར་པ། །དེ་དག་དེ་ལྟར་དོན་རྟོགས་བྱེད། །ཅེས་སོ། །རྟག་པར་སྨྲ་བ་རྣམས་ཀྱིས་ནི། །ཡི་གེ་འབྲུམ་བུ་གཅིག་གིས་ཀྱང་། །སྟོན་པར་བྱེད་དེ་དེ་ཚིག་དང་། །བརྗོད་པའི་
དོན་ཆུད་པར་བྱེད་ལ། བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པར་ཡང་ཆུད་པར་བྱེད་དོ། །རྣམ་པ་དེ་ལྟ་བུ་ནི་ཡ་རབས་དང་། མ་རབས་རྣམས་ཀྱི་མཚན་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་ཆུད་པར་བསྒྲུབ་པའོ། །རྨི་ལམ་གྱི་ཚིག་ནི་ཐམས་ཅད་སྣང་བར་འབྱེད་པ་སྟེ། ཐ་སྙད་
དུ་འབྱེད་པའི་དཔེའོ། །ཆུད་པ་མ་གཏོགས་པར་ཡང་སྒྲའི་དོན་མེད་པའི་ཕྱིར་རོ། །གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ལ་གོམས་པའི་རྗེས་སུ་བྱེད་པས་རློམ་པ་དང་། སྡོད་ལ་ཕོད་པ་ལ་སོགས་པའི་གཏམ་མོ། །
Vol. 121 · folio 121b
ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་ནི་བྱིས་པ་རྣམས་ལ་ཡང་སྒྲའི་དོན་མངོན་པར་རྗོད་པ་འབྱུང་སྟེ། ནང་གི་བྱེད་པར་བཞག་པ་ནི། །སྒྲ་ཀུན་གང་དུ་རྒྱུ་བྱེད་པ། །གནས་རྣམས་སུ་ནི་ཐོག་མེད་ཀྱང་། །སྒྲ་ལ་མ་གོམས་མི་རུང་སྟེ། །དེས་ན་འཇིག་རྟེན་གཞན་གྱི་གོམས་
པའི་རྗེས་སུ་དཔག་གོ། །ཞིབ་ཏུ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྒྲུབ་པར་མཛད་པ་ཡིན་ཏེ། མདོ་སྡེའི་དོན་བདག་གིས་རྣམ་པར་ཕྱེ་བར་ཟད་དོ། །ད་དུང་ཡང་བཅོམ་ལྡན་འདས་ཀྱིས་མི་རྣམས་ཀྱི་ཚིག་གི་རྣམ་པར་རིག་པ་རྟོག་པ་ཞེས་པ་ལ་སོགས་པ་ལ་ཐམས་ཅད་མཁྱེན་
པས་ཀྱང་གསུངས་པ། མགོ་དང་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་མཁྱེན་པས་བསླབ་པའི་རིམ་པ་བསྟན་པ། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། །བྲང་དང་མགུལ་དང་དེ་བཞིན་མགོ། །ལྕེ་དྲུང་རྣམས་དང་སོ་རྣམས་དང་། །སྣ་དང་མཆུ་དང་རྐན་ཡང་ངོ་། །བློ་
གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པར་རྟོག་པ་དང་། ཚིག་ཐ་དད་དམ་འོན་ཏེ་གཅིག་གམ་ཅི་ལགས་ཞེས་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་དང་། རྐན་ལ་སོགས་པའི་ལས་ཀྱིས་སྒྲ་འབྱུང་བ་ཡི་གེའི་ཆོས་དང་མཚུངས་པས་དེ་གཉིས་གཅིག་པར་ཁ་ཅིག་ཀུན་ཏུ་རྟོག་
པར་བྱེད་དོ་ཞེས་འཕགས་པ་བློ་གྲོས་ཆེན་པོས་རྣམ་པར་རྟོག་པ་ལ་ཐམས་ཅད་མཁྱེན་པས་ཀྱང་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ནི་རྣམ་པར་རྟོག་པ་དང་ཐ་དད་པ་ཡང་མ་ཡིན་གཅིག་པ་ཡང་མ་ཡིན་ནོ་ཞེས་སོ། །ཐ་དད་པ་དང་གཅིག་པར་ཇི་ལྟར་མི་རུང་བ་དེ་མཆོག་ཏུ་
ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་ཚིག་གི་དབང་པོས་སྒྲུབ་པར་མཛད་པ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེའི་རྒྱུ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར་བློ་གྲོས་ཆེན་པོ་ཚིག་ནི་རྣམ་པར་རྟོག་པ་ལས་འབྱུང་ངོ་ཞེས་ཏེ། རྣམ་པར་རྟོག་པའི་རྒྱུ་ལས་
ཚིག་འབྱུང་སྟེ། འབྲས་བུའི་རང་བཞིན་གྱི་ཕྱིར་རོ། །བློ་གྲོས་ཆེན་པོ་དེ་སྟེ་ཚིག་འདི་རྣམ་པར་རྟོག་པ་དང་ཐ་དད་པ་ཞིག་ཡིན་ན་ནི་རྣམ་པར་རྟོག་པའི་རྒྱུ་ལས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་སྟེ་གཅིག་པ་ཞིག་ཡིན་ན་ནི་ཚིག་དེ་དོན་གསལ་བར་བྱེད་པར་ཡང་མི་འགྱུར་ན། དེ་
Vol. 121 · folio 122a
ནི་བྱེད་དེ་དེ་བས་ན་ཐ་དད་པ་ཡང་མ་ཡིན་གཅིག་པ་ཡང་མ་ཡིན་ནོ་ཞེས་པ་གལ་ཏེ་རྣམ་པར་རྟོག་པ་རྒྱུ་མ་ཡིན་གྱི། གཞན་པ་ཞིག་ལས་འབྱུང་བར་འགྱུར་ན་ནི་དེའི་ཚེ་ཚིག་གི་རྣམ་པར་རྟོག་པ་ལས་སྐྱེ་བར་མི་འགྱུར་རོ། །འོན་ཏེ་སྐྱེ་བ་ན་དེ་ལས་ཐ་དད་པ་མ་ཡིན་
ན་ནི་རྒྱུ་དང་འབྲས་བུའི་ཁྱད་པར་མེད་པར་འགྱུར་རོ། །གཅིག་པ་ཡིན་ན་ནི་འབྲས་བུ་མ་ཡིན་ལ་རྒྱུ་ཡང་མ་ཡིན་ཏེ་རྣམ་པར་རྟོག་པ་ནི་ཡིད་ཀྱི་ཡིན་ལ། སྒྲ་ནི་རྐན་ལ་སོགས་པའི་ལས་ཀྱིས་བསྐྱེད་ལ། རྣ་བའི་རྣམ་པར་ཤེས་པས་གཟུང་བའི་ཕྱིར་དེས་ན་དེ་དག་རྒྱུ་དང་འབྲས་བུའི་
བྱེ་བྲག་ཏུ་སོ་སོར་སྣང་ངོ་། །ཇི་ལྟར་ལུང་སྟོན་པའི་གཙུག་ལག་ལས་འབྱུང་བ། སྒྲ་རྣམས་ལེན་པ་སྒྲ་དག་ནི། །སྒྲ་མཁས་དག་གིས་གཉིས་རིག་སྟེ། །གཅིག་ནི་སྒྲ་ཡི་མཚན་མ་དང་། །གཉིས་པོས་དོན་དུ་སྦྱོར་བར་བྱེད། །གཙུབ་ཤིང་མེ་གནས་ཇི་བཞིན་དུ། །
རྒྱུ་གཞན་གྱིས་ནི་སྣང་བ་སྟེ། །དེ་བཞིན་བློ་ལ་གནས་པའི་སྒྲ། །ཉན་པ་རྣམས་ཀྱི་རྒྱུ་ཡིན་ཏེ། །ཐོག་མ་ཐ་དད་བློས་བརྟགས་ཏེ། །ཁ་ཅིག་དོན་ལ་གཟུང་བ་སྟེ། །རྒྱུ་རྣམས་རྣམ་པར་བཟློག་པ་དང་། །སྒྲས་ནི་རྗེས་སུ་དོན་མི་འཛིན། །ཞེས་པ་དེ་དེ་ཙམ་ཞིག་ཐམས་ཅད་
མཁྱེན་པའི་གསུང་ལུས་པ་ལ་འབྲལ་ཏེ། ལྷག་མ་རྒྱས་པའི་སྒྲར་སྟོན་པ་ནི། སྒྲ་ཚངས་པར་སྨྲ་བ་རྣམས་ཀྱིས་བརྟགས་པ་ཉིད་དེ་སྒྲ་དང་དོན་ཐ་དད་པ་མེད་པ་ལས་ཐ་དད་པར་བྱེད་པ་དང་། གང་ཡང་སྒྲ་དང་དོན་དམ་པ་གཅིག་པར་གནས་སོ་ཞེས་པ་ལ། ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་
བསམས་ཏེ། དེའི་ཕྱིར་དེ་ལྟར་འཕགས་པ་བློ་གྲོས་ཆེན་པོས་གསོལ་པའོ། །སྒྲ་ཚངས་པར་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ནི། ཐོག་མ་མེད་པའི་སྒྲ་ཚངས་རྟག །ཡང་དག་ཡིག་འབྲུ་གང་ཡིན་པ། །དོན་གྱི་དངོས་པོར་འབྱུང་བ་སྟེ། །གང་ལ་འགྲོ་བའི་རབ་བྱེད་པའོ། །
ཞེས་དེ་དེ་ལྟར་ཆུད་པ་མ་གཏོགས་པར་ཡིད་ཀྱི་རྣམ་པར་རྟོག་པ་དང་། རྐན་ལ་སོགས་པའི་བྱེད་པས་བསྒྲུབ་ཅིང་རྣ་བའི་རྣམ་པར་ཤེས་པས་སྒྲ་གསལ་བར་བྱེད་པ་དེ་དག་ཐ་དད་པ་མ་ཡིན་ཏེ་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཚུངས་
Vol. 121 · folio 122b
པའི་ཐ་སྙད་ནི་སྣང་བ་འབྱེད་པའོ། །དེ་བས་འཁོར་བ་འདི་ནི་སེམས་ཉིད་དེ། རྒྱུད་གཞན་གྱི་དབང་གི་མཐུས་རང་གི་རྒྱུད་ལ་འཁྲུག་པ་ལ་འཛིན་པ་དང་། བརྗོད་པ་དང་རྗོད་པ་པོ་དང་། བྱེད་པ་དང་བྱེད་པ་པོར་འབྲེལ་བར་བསྟན་པར་བྱའོ། །གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་
ཤེས་པར་བྱ་བ་རྣམ་པར་ཕྱེ་བ་དེའི་ཚེ་ན་མི་དམིགས་པས་བསམ་པ་མེད་ཅིང་སྣང་བ་མེད་པ་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་རང་བཞིན་གྱིས་འོད་གསལ་བ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཆུད་པ་བདག་ཉིད་ཀྱིས་གནས་པར་འགྱུར་ཏེ། ཐུགས་རྗེའི་
བག་ཆགས་ཀྱིས་བསྐུལ་པ་ན་སྣང་བ་དང་བཅས་པ་དག་པ་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པར་གྱུར་པ་ན། སེམས་ཅན་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པའི་ཆོས་རྣམས་སྟོན་པར་བྱེད་དོ། །ད་ནི་
གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོས། རྩོད་པའི་གནས་རྣམས་ཀྱི་དོན་རྒྱུ་དང་། དཔེའི་ཁྱད་པར་རྣམས་ཀྱིས་རྒྱ་ཆེར་བསྒྲུབ་པར་མཛད་པའི་ཕྱིར་རོ། །ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཚིག་ཉིད་དོན་དམ་པ་ལགས་སམ། འོན་ཏེ་ཚིག་གིས་གང་བརྗོད་
པར་བགྱི་བ་དེ་དོན་དམ་པ་ལགས་སམ། ཅི་ལགས་ཞེས་ཏེ། དགོངས་པ་ནི་ཞི་བ་པ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་རྣམས་སྔགས་ཀྱི་རང་བཞིན་གྱི་སྒྲ་ལ་དོན་དམ་པ་ཁོ་ནར་རྟོག་པར་བྱེད་པ་ནི། སྔགས་ཀྱི་བདག་ཉིད་སེམས་པ་ཅན། །དེ་བཞིན་སྐྱེས་བུ་རྣམ་
གཉིས་བརྗོད། །སྔགས་ལས་འདས་དང་སྔགས་དང་ནི། །དབང་ཕྱུག་མཆོག་ལ་རྣམ་གཉིས་ཉིད། །རིག་སྔགས་འཛིན་པ་རྣམས་ཀྱིས་ཨོཾ་ལ་སོགས་པ་ནི་དོན་དམ་པ་ཞེས་པ། ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ། །ཨོཾ་ཞེས་ཡི་གེ་གཅིག་པོས་ཚངས། །གང་
གིས་བརྗོད་ཅིང་ང་ལ་ནི། །རྗེས་སུ་དྲན་པར་གྱུར་པ་དེ། །ལུས་ཀྱིས་ཡོངས་སུ་སྤངས་ནས་ནི། །འགྲོ་བ་མཆོག་ཏུ་འགྲོ་བར་འགྱུར། །ཞེས་སོ། །དོན་དམ་པ་དང་འབྲེལ་པས་ནི་དོན་དམ་པ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་
Vol. 121 · folio 123a
ཀྱང་དོན་དམ་པ་མ་ཡིན་ནོ། །ཚིག་གིས་གང་བརྗོད་པར་བྱ་བ་དེ་ཡང་དོན་དམ་པ་མ་ཡིན་ཞེས་པ་ལ་ཐམས་ཅད་མཁྱེན་པས་ཅིས་དགོངས་ཤེ་ན། སྒྲ་དང་དོན་ནི་གཉིས་ཀྱི་རྣམ་པའི་ཕྱིར་དོན་དམ་པ་ཉིད་མ་ཡིན་ཏེ། སྣང་བ་དང་བཅས་པའི་ཕུང་པོའི་རང་བཞིན་ནི་རྨི་ལམ་
དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་སྣང་བ་བཞིན་ནོ། །དམ་པའི་བདེན་པ་ནི་དོན་དམ་པ་སྟེ། འཕགས་པ་རྣམས་ཀྱི་བདེ་བ་གང་ལ་བརྗོད་པར་འཇུག་པ་སྟེ། དོན་དམ་པ་འཕགས་པའི་བདེན་པ་གང་ལ་ཡོད་པ་དེ་ནི་བསྒོམ་པས་སྤྱོད་པའི་དོན་དམ་པའོ། །
ཚིག་གིས་ནི་སྤྱིའི་རྣམ་པར་དོན་དམ་པ་བསྙད་པར་བྱེད་པས་ན་དོན་དམ་པ་མ་ཡིན་ནོ་ཞེས་ཏེ། ཐམས་ཅད་མཁྱེན་པས་བསྒྲུབ་པར་མཛད་པ། འཕགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་ནི་མ་ཡིན་
ནོ་ཞེས་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ནི་དོན་དམ་པའོ། །དེ་ཡང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པས་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ཞེས་བྱའོ། །
ཚིག་ནི་སྐྱེས་ནས་འཇིག་ཅིང་མི་བརྟན་པ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པས་སྐད་ཅིག་ཏུ་འཇིག་པ་སྟོན་པར་མཛད་དེ། སེ་གོལ་གྱི་སྒྲ་ལྟ་བུར་ཚིག་སྐྱེས་མ་ཐག་ཏུ་འཇིག་པ་ནི་མི་དམིགས་པའི་ཕྱིར་རོ། །ཚིག་གི་དོན་གཞན་འདྲ་བར་འབྱུང་བ་ལ་དེ་ཉིད་འདི་
འདྲའོ་ཞེས་ཕྱིར་ཤེས་པ་འབྱུང་གི། རྟག་པ་ལས་མ་ཡིན་པ་ནི་སྐྲ་དང་རྩྭ་ལ་སོགས་པ་བཅད་ནས་ཀྱང་སྐྱེས་པ་བཞིན་ནོ། །གནས་པ་ལ་མངོན་པར་གསལ་བ་ཡང་མི་རུང་སྟེ། ཐོག་མ་དང་ཐ་མའི་དུས་སུ་དེའི་འབྲས་བུ་མི་དམིགས་པའི་ཕྱིར། ཇི་ལྟར་ན་གནས་པ་ཡང་
རྟོག་པར་འགྱུར། དེའི་ཕྱིར་མུ་སྟེགས་བྱེད་པ་གཞོན་ནུ་ཅན་གྱིས་སྨྲས་པའི་ལན་སྨྲས་པ་ཡིན་ནོ། །དེས་བྱ་བ་ནི། གཅིག་པུ་ཤེས་གྱུར་སུ་ཞིག་ལྟར། །ཡང་དང་ཡང་དུ་འདྲིས་པ་ནི། །དུས་ཀྱི་ཐ་དད་དབྱེར་མེད་པ། །དེ་ལྟར་སྒྲ་ནི་དབྱེར་མེད་དོ། །ཇི་ལྟར་རིམ་
Vol. 121 · folio 123b
གྱིས་གཅིག་པུ་ཉིད། །ཐ་དད་ཡུལ་དུ་འགྲོ་ན་ཡང་། །ཡུལ་གྱི་ཐ་དད་མི་འབྱེད་པ། །དེ་ལྟར་སྒྲ་ཡང་མི་འབྱེད་དོ། །ཞེས་བྱ་སྟེ། རིང་བ་དང་ཐུང་བའི་ཡིག་འབྲུ་དེ་ཉིད་འདི་ཡིན་པ་དང་། ཉམས་ཆེ་བ་དང་ཉམ་ཆུང་བའི་ལྷ་སྦྱིན་དེ་ཉིད་འདི་ཡིན་པ་དང་། ཆོས་ཐ་དད་
པའི་ཕྱིར་ཆོས་ཅན་ལ་ཐ་དད་པ་མེད་དོ། །དངོས་པོ་རང་བཞིན་དུ་མ་ལགས། །འདོད་པའི་གཟུགས་སུ་རྟག་པ་ནི། །རིམ་དང་ཅིག་ཅར་འཇུག་པ་སྟེ། །ཚིག་གི་རྣམ་པ་གཞན་མེད་དོ། །ཇི་ལྟར་ཁ་དོག་འདྲེས་པ་ལ། །འདོད་པ་བཞིན་དུ་འཛིན་པར་བྱེད། །དངོས་པོ་
སྣ་ཚོགས་ཇི་བཞིན་ཡང་། །ཐ་དད་ཐ་དད་མི་དམིགས་པ། །སྣང་མེད་ཚིག་ལ་རག་ལུས་ཕྱིར། །ཡུལ་དེར་དེ་ནི་གཟུང་བ་སྟེ། །ཚིག་རྣམས་ནམ་མཁའ་རྒྱུན་ཆགས་པར། །ཁྱད་པར་ནུས་པ་བྱེད་པའོ། །ཞེས་པ་དེ་ལ། སུན་དབྱུང་བ་ནི་ཚིག་དང་ཡི་གེ་རྣམས་
ལ་ཐ་དད་པར་མི་སྣང་བས་ན་བསླབ་པར་བྱ་བ་མེད་དོ། །ཆོས་ཅན་ལ་ཉམས་ཆེ་ཆུང་ལ་སོགས་པའི་ཐ་དད་པའི་ཆོས་ཀྱི་དབྱེ་བ་ནི་ཇི་ལྟར་རྟག་པར་འགྱུར། འོན་ཏེ་ཆོས་རྣམས་ཀྱིས་དེའི་ཁྱད་པར་མི་སྟོན་ན་ནི་དེ་ལ་ཐོག་མ་དང་ཐ་མའི་དུས་སུ་ཁྱད་པར་འབྱེད་པའི་ཆོས་སུ་
ཇི་ལྟར་ན་འགྱུར། དེ་སྟེ་ཁྱད་པར་འབྱེད་པར་འགྱུར་བ་མ་ཡིན་པ་ཉིད་ན་ནི་ཆོས་ཅན་དེ་ལ་ཆོས་དེ་དག་གི་ཁྱད་པར་མེད་ན་ཐ་དད་པའམ། ཐ་དད་པ་མ་ཡིན་པར་ཇི་ལྟར་གདགས། དེ་བས་ན་ཆོས་དང་ཆོས་ཅན་ཐ་དད་པ་དབྱེ་བས་འབྱེད་ན་ཇི་ལྟར་ན་གཅིག་སྨྲས་པ། གཟུགས་
གཅིག་པ་ནི་གཅིག་མ་ཡིན་ནོ་ཞེས་དབང་པོས་བསྒོ་བ་མེད་པ་སྟེ། ཞེས་པ་གལ་ཏེ་གཟུགས་དེ་ལྟར་གཅིག་པོ་ཉིད་གཅིག་པུ་ཡིན་ན་ནི། དུ་མ་ཡང་ཇི་ལྟར་ན་དུ་མ་ཡིན་ན་དེའི་ཕྱིར་གཅིག་དང་དུ་མའི་ཐ་སྙད་འཆད་པའི་གླགས་སུ་འགྱུར་ཏེ། དགོངས་པ་ཡང་ཐ་དད་པར་མི་འགྱུར་བ་
ནི་ཚིག་གི་དོན་རྣམས་ཀྱིས་དོན་གྱི་བྱ་བ་ཐ་དད་པར་སྣང་བར་འབྱེད་དོ་ཞེས་པའོ། །ཡི་གེ་དང་། ཚིག་དང་། བརྗོད་པ་དང་། ངག་རྣམས་ནི་གཅིག་ལ་གཅིག་བརྟེན་ཏེ་དོན་ལ་སྤྱིར་འཇུག་པའི་མཚན་མ་ལ་ལྟོས་ཏེ་འབྱུང་གི་དོན་དམ་པ་མི་གཉིས་པ་ཁོ་ན་སྣང་བར་བྱེད་པ་དེ་ནི་མ་ཡིན་
Vol. 121 · folio 124a
ཏེ། དེ་ཚིག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། མཚན་མར་བྱས་པའི་དོན་སྤྱིར་བསྙད་པར་བྱེད་པའོ། །གཞན་དུ་བྱེད་དང་འབྲེལ་པའི་ཕྱིར། །ང་ནི་ཚིག་ཅེས་ཚོར་བར་བྱེད། །ཚིག་པའི་སྒྲས་ནི་གཞན་པར་ཡང་། །ཚིག་གི་དོན་ནི་ཤེས་
པར་བྱེད། །དེས་ན་རང་གི་མཚན་ཉིད་མི་གཉིས་པ་ནི་བརྗོད་དུ་མེད་དེ། ཐམས་ཅད་མཁྱེན་པས་ཀྱང་སྤྱིར་སྒྲོ་བཏགས་ཏེ། མངོན་པའི་ཚུལ་གྱིས་ཐབས་རྣམ་པ་སྣ་ཚོགས་ནི་ཆུད་པར་མཛད་པའི་ཐབས་སོ། །རིག་སྔགས་པ་སྐྱེས་བུས་སྨྲས་པ་མ་ཡིན་པ་རྣམས་ནི་ནགས་ཚལ་གྱི་སྒྲ་
དང་། རླུང་གི་སྟོབས་ཀྱིས་བསྒུལ་བའི་སྨྱུག་མའི་སྒྲ་ལ་སོགས་པ་བཞིན་དུ་དོན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་།
མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འགོག་པ་ལ་མཉམ་པར་འཇོག་པ་དང་། དེ་བཞིན་དུ་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་དང་། གཉིས་
དང་མི་གཉིས་པར་སྟོན་པའི་ཆོས་ནི་སྤྱིར་སྒྲོ་བཏགས་ཏེ་གསུང་རབ་མཛད་པ་ནི་རང་གི་མཚན་ཉིད་དུ་སྒྲ་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དོན་དང་སྒྲ་ཡི་ཁྱད་པར་ནི། །བརྗོད་དང་རྗོད་པ་འདོད་པ་མིན། །དེས་དེ་སྔར་ནི་མ་མཐོང་ཕྱིར། །སྤྱིར་ནི་བརྗོད་པར་བྱའོ་ཞེས་
པ་སྟེ། འདོགས་པ་དང་ཐ་སྙད་ཀྱི་དུས་སུ་སྤྱི་ཉིད་དུ་སྒྲའི་དོན་གཟུགས་བརྙན་དུ་སྣང་ངོ་། །དེ་ལ་ཐ་སྙད་ནི་རང་གི་མཚན་ཉིད་ལའོ། །འདོགས་པའི་དུས་ན་མཐོང་ཡང་མཐོང་བ་མེད་པ་སྟེ། དུས་གཉིས་ཀར་ཡང་སྤྱིར་སྣང་བ་གང་རྭ་དང་མཇུག་མ་ལ་སོགས་པ་
གང་དང་ལྡན་པ་དེ་དེ་ལྟ་བུ་ལ་བ་ལང་ཞེས་སྨྲ་བར་བྱའོ། །དེ་ལྟ་བས་ན་འདི་ནི་རྭ་ལ་སོགས་པ་དང་ལྡན་ཏེ། དེའི་ཕྱིར་བ་ལང་གི་སྒྲར་བརྗོད་དོ་ཞེས་སོ། །དེ་རང་གི་མཚན་ཉིད་མངོན་སུམ་དུ་ཟིན་ཀྱང་རྭ་ཡོ་བ་དང་། ཁོང་གསོ་བ་ལ་སོགས་པའི་བྱེ་བྲག་ཕྱེ་བར་མི་རྟོག་གི་སྤྱིར་ཉེ་བར་རྟོག་
Vol. 121 · folio 124b
གོ། །མངོན་སུམ་དུ་ལྐོག་ཏུ་རྗེས་སུ་སོང་བ་འཇུག་པའི་མཚན་མ་དེ་ནི་སྒྲའི་དོན་ཞེས་བྱ་སྟེ། ཞིབ་ཏུ་ནི་བར་ཏི་ཀ་དང་། རྟོག་པའི་རྒྱན་ལ་སོགས་པ་ལས་རིག་པར་བྱའོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གཉིས་པ་ལས་
སྒྲའི་དོན་དཔྱད་པ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་སྤྱོད་ཡུལ་རྟོག་པས་རྣམ་པར་ཕྱེ་བའི་མཚན་ཉིད་
མཆིས་པ་དང་། མ་མཆིས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ལགས་པ་དང་། མཆིས་པ་ཡང་མ་ལགས་པ་དང་། མ་མཆིས་པ་ཡང་མ་ལགས་པ་དང་། རྟག་པ་དང་། མི་རྟག་པ་སྤངས་པ་མུ་སྟེགས་ཅན་གྱི་རྟོག་པ་མི་རྒྱུ་བ་འཕགས་
པ་སོ་སོ་རང་གི་ཡེ་ཤེས་ཀྱིས་མཁྱེན་པར་བགྱི་བ་ཀུན་བརྟགས་པའི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པ། དོན་དམ་པ་དེ་ཁོ་ན་ཉིད་ལ་འཇུག་པ་སའི་མཚམས་སྦྱོར་ཞིང་གོང་ནས་གོང་དུ་རྣམ་པར་དག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ས་ལ་རྗེས་སུ་འཇུག་པའི་མཚན་ཉིད་
སྔོན་གྱི་སྨོན་ལམ་གྱིས་ལྷུན་གྱིས་གྲུབ་པ། གཟུགས་སྣ་ཚོགས་ཀྱི་ནོར་བུ་ལྟ་བུར་འཇུག་པ་ཡུལ་མཐའ་ཡས་པར་སྐད་ཅིག་ཏུ་རབ་ཏུ་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རྩོད་པ་དང་། ཐེ་ཙོམ་དུ་མ་ལ་ཐམས་ཅད་མཁྱེན་པས་རིག་པ་བཞིན་དུ་ལན་དུ་བཀའ་སྩལ་པ། བློ་
གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པས་ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་།
ཡོད་པའང་མ་ཡིན་པ་དང་། མེད་པའང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པའི་རང་བཞིན་གྱིས་བག་ཆགས་ཀྱི་རྒྱུ་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་རྣམ་པར་རྟོག་གོ་ཞེས་ཏེ། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་ནས་མེད་པ་པོ་རྣམས་ཡང་དག་པ་མ་ཡིན་པར་
Vol. 121 · folio 125a
ཀུན་ཏུ་རྟོག་པར་བྱེད་དེ། ས་དང་། ཆུ་དང་། མེ་དང་། རླུང་ཞེས་བྱ་བ་ནི་ཡང་དག་པ་རྣམས་ཏེ། དེ་དག་ལས་སེམས་ཅན་ནོ་ཞེས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་དེ་ལྟར་རྟོག་གོ། །སེམས་ནི་དེ་མ་ཐག་པའི་སེམས་ལས་ཤེས་རབ་ལ་སོགས་པ་
དང་ལྡན་པར་སྐྱེ་བ་ཡིན་ཏེ། སྐྱེས་མ་ཐག་པ་ལ་ཡུལ་ཁ་ཅིག་ཉིད་དུ་དགའ་བ་དང་། འཇིགས་པ་དང་། མྱ་ངན་ཡང་དག་པར་རྟོག་པར་བྱེད་པའི་ཕྱིར་དེ་བས་ན་འཇིག་རྟེན་པའི་གོམས་པ་ཐམས་ཅད་ཡོད་པར་རྗེས་སུ་དཔག་གོ། །དེ་བས་ན་ཀུན་ནས་ཉོན་མོངས་པ་དང་།
རྣམ་པར་བྱང་བ་རྣམ་པར་གཞག་པ་ལས། ལས་དང་འབྲས་བུ་སོ་སོར་ངེས་པར་རུང་ངོ་། །གྲངས་ཅན་རྣམས་ཡོད་པ་སྐྱེ་བ་ཡོད་པ་འགག་གོ་ཞེས་རྟོག་པ་ནི་མི་ཤེས་པ་ཡོད་པ་ལ་ནི་ཡོངས་སུ་ཟད་པ་མེད་ལ། སྔོན་མེད་པའི་ཡེ་ཤེས་སྐྱེ་བ་མེད་པས་ཇི་ལྟར་ཐར། ཀྵ་པ་ན་ཀ་རྣམས་
ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་དང་། གཉིས་ཀར་འགྱུར་བ་དང་། གཉིས་ཀ་མ་ཡིན་པར་འགྱུར་བར་སྨྲ་བར་མི་བྱ་བ་ཡང་རྟོག་གོ། །དེ་ལྟ་བས་ན་བདུན་དུ་ཕྱེ་བ་ལ་སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་དང་། ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་དང་།
སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་མེད་པར་ཡང་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ། །ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ། །སྤྱི་དང་ཁྱད་པར་གྱི་བདག་
ཉིད་དུ་ཡོད་པ་དང་མེད་པར་འགྱུར་བ་ཡང་ཅིག་ཅར་སྨྲ་བར་མི་བྱའོ། །ཡུལ་དང་དུས་དང་། རིམ་པ་དང་། རྣམ་པ་ལ་ལྟོས་ཏེ་ཐམས་ཅད་སྨྲ་བར་མི་བྱའོ་ཞེས་པ་ནི་གང་དོན་གྱི་བྱ་བ་བྱེད་པ་དེ་ནི་ཚད་མའི་ཐ་སྙད་ཀྱི་རྗེས་སུ་མཐུན་པས་ན་ཡོད་དོ། །ལྷག་མ་སྤྱིར་བརྟགས་པ་
ནི་དོན་གྱི་བྱེད་པ་མི་ནུས་པས་ན་ཀུན་བརྟགས་པ་ཉིད་དེ། དཔྱོད་པ་ཅན་རྣམས་ཀྱི་གཅིག་པ་དང་། ཐ་དད་པར་གཉིས་སུ་སྨྲ་བ་ཡང་གཅིག་པོ་ལ་རང་བཞིན་གཉིས་སུ་མི་རུང་ངོ་། །རྟག་པ་དང་མི་རྟག་ཅེས་བྱ་བ་ནི་ནེ་ཡི་ཡ་ཡི་ཀ་དང་ཁྱད་པར་ཅན་སྨྲ་བ་བརྩམས་པ་ཡན་
Vol. 121 · folio 125b
ལག་ཅན་གྱི་རྫས་ནི་མི་རྟག་ལ། རྩོམ་པའི་རྡུལ་ཕྲ་མོ་རྣམས་ནི་རྟག་སྟེ། དེ་དག་གི་ཡན་ལག་རྣམ་པར་ཕྱེ་བ་མེད་པའི་ཕྱིར་རོ། །སྦྱོར་བ་རྣམ་པར་ཕྱེ་བ་ལ་སོགས་པ་ཐ་དད་པར་དབྱེ་བ་ནི་རྟག་གོ་ཞེས་པ་གཡོ་བ་མེད་པའི་ཆོས་དེ་དག་གི་རང་བཞིན་ཡང་གཞན་དུ་གཡོ་བའི་ཆོས་ཉིད་
ནི་མི་རྟོག་པ་ཁོ་ན་སྟེ་གསལ་བར་གནས་ཀྱི་རིམ་པར་འབྱེད་ན་ཤིང་དང་ཐལ་བ་ལྟ་བུར་གཅིག་པར་མི་རིགས་སོ། །མི་གཉིས་པར་སྨྲ་བ་རྣམས་ཀྱིས་ཚིག་པ་དུ་མ་པར་སྨྲ་བ་འཇིག་རྟེན་མཐའ་དག་ནི་ཚངས་པ་དང་དབང་པོ་ལ་སོགས་པའི་རང་བཞིན་པར་ཀུན་རྟོག་པ་སྟེ། དེ་ལྟ་བུར་ཡང་
གྲོལ་བ་དང་མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །དེས་ན་ཐམས་ཅད་མཁྱེན་པས་བསྒྲུབ་པར་མཛད་པ་སེམས་ཙམ་དུ་ཁོང་དུ་མ་ཆུད་པའི་ཕྱིར་གཉིས་པ་དང་། མི་གཉིས་པར་སྨྲ་བ་རྣམས་སེམས་ཀྱི་རྒྱུད་ལ་ཕྱི་རོལ་གྱི་དོན་དུ་རྣམ་པར་
རྟོག་པ་དང་། རྟག་པ་དང་། གཅིག་པུར་རྣམ་པར་རྟོག་གོ། །དེས་ན་སེམས་ཀྱི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་ཏུ་རུང་ངོ་། །དེ་ལ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་མཐུ་ལས་ཁྱད་པར་དུ་བྱ་བ་རུང་ངོ་། །སེམས་འདི་ནི་རང་བཞིན་གྱིས་འོད་
གསལ་བ་སྟེ། དགེ་བ་དང་མི་དགེ་བའི་མངོན་པར་འདུ་བྱེད་པ་རྣམས་ཀྱིས་སུས་ཇི་ལྟར་ཡོངས་སུ་སྦྱོང་བ་དེ་དེ་ལྟར་འགྲུབ་པར་འགྱུར་རོ། །དེ་དེ་ལྟར་སྟོང་པའི་འདུ་བྱེད་རྣམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ལས་ཀྱི་འབྲས་བུར་འབྲེལ་པར་རྣམ་པར་གཞག་
གོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་དེ། ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་
ཡིན་པ་དང་། རྟག་པ་དང་མི་རྟག་པ་ལ་སོགས་ཏེ་རྣམ་པར་རྟོག་པ་སྤངས་པའི་མི་གཉིས་པའོ། །སའི་མཚམས་སྦྱོར་ཞིང་ཞེས་བྱ་བ་ནི་སྣང་བ་མེད་པ་ལ་རིམ་པ་ག་ལ་ཞིག་ཅེས་དེར་གསུངས་མོད་ཀྱི། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སའི་རིམ་པའི་མཚམས་སྦྱོར་
Vol. 121 · folio 126a
ཏེ། མདོ་སྡེ་འདིར་དེ་བཞིན་གཤེགས་པ་ས་བཅུ་གཉིས་པོར་འཇུག་གོ། །ཡོད་པ་དང་མེད་པའི་ཕྱོགས་ལས་དབེན་པ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བ་མི་གཉིས་པར་ཞུགས་པ་རྣམས་ནི་བྱེད་པ་དང་། བྱེད་པ་པོ་ལས་སྐྱེ་བར་
སྨྲ་བ་པོ་མ་ཡིན་ནོ། །ནེ་ཡི་ཡ་ཡི་ཀ་ལ་སོགས་པ་ནི་མེད་པ་ལས་འབྲས་བུ་འབྱུང་ཞིང་ཡོད་པ་ཡང་རྐྱེན་དབྱིག་པ་ལ་སོགས་པས་གཞིག་པར་རྟོག་པ་ལ་རྨི་ལམ་བཞིན་དུ་དངོས་པོ་རྣམས་མ་སྐྱེས་པའམ། སྐྱེས་པ་སྨྲ་བར་བྱའོ། །བློ་གྲོས་ཆེན་པོ་རྒོལ་བ་ཕ་རོལ་པོ་རྣམས་ཀྱི་
ཚད་མ་གསུམ་གྱི་ཡན་ལག་གི་ཕྱིར་གླགས་ཚོལ་བར་འགྱུར་བས་ན་ཆོས་ཐམས་ཅད་སྟོང་པའོ་ཞེས་ཐོག་མ་ཉིད་དུ་ཡི་དམ་བཅའ་བར་མི་བྱའོ། །ཐམས་ཅད་མཁྱེན་པའི་དགོངས་པ་ཅི་ཞིག་ཅེ་ན། ཚད་མ་ལ་རང་བཞིན་གསུམ་གྱི་མཚན་མ་རྣམ་པར་གཞག་པར་བྱ་སྟེ། གང་ལ་དགོངས་
ཤེ་ན། གཞལ་བས་ན་དེ་མཚུངས་པ་དང་། དངོས་པོ་ཡོད་མིན་མེད་པར་ངེས། །ཡི་དམ་གྱིས་ནི་བསྒྲུབ་པར་མི་རུང་སྟེ། ཐེ་ཚོམ་སྐྱེ་བར་བྱེད་པའི་ཕྱིར་རོ། །རང་བཞིན་གསུམ་གྱི་མཚན་མ་དང་འབྲེལ་པར་ཁྱབ་པར་སྨྲ་བས་ནི་རྟོགས་པར་བྱེད་པས་ན་བསྒྲུན་པ་དང་བསྡུ་བ་དག་ནི་མི་
དགོངས་སོ། །དེ་དེ་ལྟར་དེའི་བདག་ཉིད་དང་དེ་ལྟར་སྐྱེས་པར་འབྲེལ་པའི་མཚན་ཉིད་དོ། །རང་བཞིན་གསུམ་གྱིས་ཆུད་པར་བྱེད་པ་ཡིན་གྱི། ཡང་འབྲེལ་པ་མ་གཏོགས་པར་མཐོང་བ་དང་། མ་མཐོང་བ་ཙམ་གྱིས་བསྒྲུབ་པ་ཁོ་ནའམ། སུན་འབྱིན་པ་ཁོ་ན་མི་རུང་ངོ་། །གང་དག་
སྟོང་པ་ཡིན་བདེ་བ་དག་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་ཏུ་མེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་སྟོང་ལ། དངོས་པོ་མེད་ཅེས་སླར་རྒོལ་བ་དེ་གྲུབ་པའི་མཐའ་ཐམས་ཅད་ཀྱི་ཚུལ་གྱིས་སྣང་བ་ཙམ་ལ་རྨི་ལམ་དང་། མིག་
འཕྲུལ་ལྟ་བུར་ཆོས་དང་ཆོས་ཅན་རྣམ་པར་གཞག་གི་ནམ་མཁའི་མེ་ཏོག་ལྟར་སྟོང་པ་མ་ཡིན་ཏེ། བྱིས་པས་དངོས་པོར་རྣམ་པར་བརྟགས་པ་དེ་ལྟ་བུར་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་
Vol. 121 · folio 126b
པའི་ཕྱིར་རྟག་པ་དང་། བདག་དང་། ཕྱིའི་དོན་དུ་ཀུན་རྟོག་པར་བྱེད་དོ། །དེ་ཡང་རྟག་པ་དང་། གཅིག་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་རྩོད་པའི་གནས་ལྔར་སྨྲས་པ་རྣམས་སོ། །སྣང་བ་ཙམ་དེ་ལ་ཚད་མ་དང་། གཞལ་
བྱའི་ཐ་དད་དང་། རྒྱུ་དང་འབྲས་བུའི་དངོས་པོར་རུང་ངོ་། །རྟེན་ཅིང་འབྲེལ་པར་འབྱུང་བ་མི་འབྱུང་བ་སྟེ། ལྷག་པའི་བྱེད་པ་དང་། བྱེད་པ་པོ་དང་། སྐྱེད་པ་དང་། སྐྱེད་པ་པོ་ལ་སོགས་པའི་ཆོས་དང་འབྲེལ་པ་མེད་ཅིང་བྲལ་བ་ནི་དེ་མ་ཐག་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་
པོ་འབའ་ཞིག་སྟེ་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་པ་སྟེ། ཅིག་ཅར་དང་རིམ་དུ་འཇུག་པ་དང་། འབྲེལ་པ་མེད་པ་ནི་གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་གཞན་མེད་དེ། སྐད་ཅིག་པ་གཅིག་ནི་སུ་དང་ཡང་འབྲེལ་པ་མེད་དོ། །དེ་བས་ན་
སྐད་ཅིག་པའི་རང་བཞིན་མ་རྟོགས་པར་ཀུན་ཏུ་བརྟགས་པའི་ཆོས་རྣམས་བརྗོད་དུ་མེད་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སོགས་པ་དང་། བདག་མེད་པ་གཉིས་ལ་ཡང་མི་སྲིད་དོ་ཞེས་ལན་དུ་མར་བཤད་པ་ཡིན་ནོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། མི་རྟག་པ་དང་།
སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་བསྒོམས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་ཟད་པའི་ཕྱིར་འཁོར་བའི་སྡུག་བསྔལ་ཟད་པར་འཇུག་གོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པ་ན་ཤེས་རབ་ཀྱིས་དཔྱད་དེ་སྣང་བ་
མེད་པ་དང་། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་སྙིང་རྗེས་ཉེ་བར་བཟུང་བ་ཐོབ་པ་དང་། གཞན་ལ་ཕན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་གོ། །ཐམས་ཅད་མཁྱེན་པས་སོ་སོར་སྣང་བ་ལ་རྒྱུ་དང་དཔེ་རྣམ་པ་མང་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་
བྱེད་པ་ཁྱབ་པའི་ཚུལ་གྱིས་མཚན་མར་འཇུག་པ་ཉིད་དུ་གསུངས་པ་མྱ་ངན་གྱི་སྨིག་རྒྱུ་ཆུར་སྣང་བ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ཏེ། ལྷག་པར་ཆགས་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་རྣམ་པ་ལ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་ཕྱིའི་དོན་
Vol. 121 · folio 127a
དུ་འཁྲུལ་པའོ། །དེ་ལྟ་བུས་ངས་ཡང་དྲི་ཟའི་གྲོང་ཁྱེར་དང་། རབ་རིབ་ཅན་དང་། མགལ་མེའི་འཁོར་ལོ་དང་། གཟུགས་བརྙན་དང་། ཆུའི་ཆུ་བུར་དང་། རྨི་ལམ་དང་། མིག་འཕྲུལ་དང་། བྲག་ཅ་ལ་སོགས་པའི་སྣང་བའི་ཆོས་ཅན་ལ་ཚད་མ་དང་གཞལ་
བྱའི་ཐ་སྙད་དུ་སླུ་བ་དང་མི་སླུ་བ་གདོན་མི་ཟ་བ་ནི་ཇི་ལྟར་རྨི་ལམ་གྱི་དུས་ན་ཕྱིའི་དོན་མེད་པར་ཡང་མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པའི་ཆུས་འཁྲུ་བ་དང་། བཏུང་བ་ལ་སོགས་པ་ནི་སླུ་བ་མེད། མཚོ་ལ་སོགས་པ་ནི་སླུ་བ་མེད། དེ་བཞིན་དུ་གཉིད་ཀྱིས་ལོག་པའི་དུས་ན་ཡང་འཁྲུལ་བ་
རྣམ་པ་སྣ་ཚོགས་ལས་སླུ་བ་དང་སླུ་བ་མེད་པར་ངེས་པས་ཐ་སྙད་པ་རྣམས་ལ་ཚད་མ་དང་གཞལ་བྱ་རྣམ་པར་གཞག་གོ། །རྐྱེན་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་རྟོག་པ་གསལ་བ་མངོན་སུམ་དུ་གསུངས་པ་སྟེ། ཇི་ལྟར་སློབ་དཔོན་དྷརྨ་
ཀཱིརྟིས་སྒྲུབ་པར་བྱེད་པ། མཐོང་བ་བཞིན་དུ་འདི་ཉིད་ནི། །གཟུང་བ་འཛིན་པ་རིག་པ་རྣམས། །ཡོད་པ་མིན་གང་ཚད་མ་དང་། །གཞལ་བྱ་འབྲས་བུ་གཞག་པར་བྱ། །ཞེས་ཏེ། སེམས་ཅན་རྣམས་ཀྱི་རང་གི་ཆུད་པའི་རྒྱུ་འདུས་པ་འཁོར་བ་དང་། བདག་དང་གཞན་
གྱི་རྒྱུས་འདུས་པ་དང་། བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། རྐྱེན་གྱི་ཁྱད་པར་དང་། འཁྲུལ་པའི་ས་བོན་ལས་ལས་བྱུང་བ་ནི་རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་པ་དང་། རྨི་ལམ་བཟང་པོ་དང་། རྨི་ལམ་ངན་པ་རྣམ་
པར་སྨིན་པ་ལྟར་བསོད་ནམས་དང་སྡིག་པར་སྣང་བའི་ལས་དང་འབྲས་བུར་ངེས་པར་འབྲེལ་པ་ལས་སེམས་ཅན་རྣམས་ཀྱི་འཁོར་བ་བྱུང་བ་ནི་ཤེས་རབ་གྱིས་དཔྱད་དེ། རྣམ་པར་ཤེས་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་བསྒོམས་པས་
ལོག་ནས་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ན་ཐུགས་རྗེའི་བག་ཆགས་བསྐུལ་བ་ནི་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་སེམས་ཀྱི་རྒྱུད་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་
Vol. 121 · folio 127b
པར་བྱང་བ་རྣམ་པར་གཞག་པར་མཛད་དོ། །གང་དང་གང་རྣམ་པར་དག་པར་འགྱུར་བ་དེ་དང་དེ་དངོས་པོ་སྟེ་གོས་བཞིན་ནོ། །སེམས་ཀྱང་རྣམ་པར་དག་པར་འགྱུར་བས་ན་དེའི་ཕྱིར་དེ་ཡང་དངོས་པོ་ཡིན་ཞེས་རང་བཞིན་གསུམ་གྱི་མཚན་མས་དངོས་པོ་པར་བདེན་པའི་དོན་དུ་ཕྱིར་
རྒོལ་བར་བྱེད་དོ། །གང་དང་གང་སྟོང་པ་ཡིན་པ་དེ་དང་དེ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་བྲལ་བ་སྟེ། རི་བོང་གི་རྭ་ལྟར་མི་གཉིས་པར་སྟོང་ངོ་ཞེས་དེ་རང་བཞིན་གསུམ་གྱི་ཚད་མ་དེ་གསུམ་གྱིས་རྒོལ་བ་སྤོང་བར་ཐམས་ཅད་མཁྱེན་པས་གསུངས་
པ། འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་ནི་དངོས་པ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་དེ། སེམས་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ཙམ་དེར་དངོས་པོའི་རྣམ་པར་རྟོག་པ་མེད་ལ། དངོས་པོ་མ་ཡིན་པའི་རྣམ་
པར་རྟོག་པ་ཡང་མེད་དོ། །དེ་རང་བཞིན་གྱིས་འོད་གསལ་བ་ནི་གསེར་ལ་སོགས་པ་ལྟ་བུར་རྒྱུན་དུ་འབྲེལ་ཅིང་གློ་བུར་གྱི་དྲི་མ་སྤངས་ཏེ། དྲི་མ་མེད་ཅིང་སུས་ཀྱང་མ་བྱས་པས་ན་འདུས་མ་བྱས་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། སྐད་ཅིག་
པའི་ཕྱིར་འདུས་བྱས་སོ། །སུས་ཀྱང་མ་བྱས་ཤིང་རྒྱུན་དུ་གནས་པས་ན་འདུས་མ་བྱས་པ་དང་རྟག་པར་དགོངས་པ་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཉིད་དེ་ནི་གནས་པའོ་ཞེས་བྱ་བ་ལ་སོགས་པར་རོ། །ཆོས་ཉིད་ཀྱང་རྟག་
པས་སྒྲའི་དོན་གྱི་ཁྱད་པར་དུ་འབྱེད་པ་ནི་གཤེར་བ་དང་། དྲོ་བ་དང་། སྲ་བ་དང་། གཡོ་བ་དང་། གཟུགས་ཅན་དང་། གཟུགས་མེད་པ་མི་རྟག་པ་རྣམས་ཀྱི་མི་རྟག་པ་ཉིད་གཞན་པའི་ཆོས་མ་ཡིན་པ་ལྟ་བུར་རོ། །གང་དག་ཡང་བློ་མཁས་པ་རྣམས་ཀྱིས་ཆོས་དང་ཆོས་
ཅན་དང་། ཡོན་ཏན་དང་། ཡོན་ཏན་ཅན་གྱི་དངོས་པོར་གླེང་བར་བྱེད་པ་དེ་དག་ལ་ཡང་ཆོས་ནི་ཆོས་ཅན་དང་བྲལ་བ་དང་། ཆོས་ཅན་ཡང་ཆོས་དང་བྲལ་བར་མི་རུང་ངོ་། །དེ་བཞིན་དུ་མཚན་ཉིད་དང་། མཚན་མར་བྱ་བ་ཡང་གཅིག་དང་ཐ་དད་པ་མ་ཡིན་པ་བཞིན་དུ་
Vol. 121 · folio 128a
སེམས་ཀྱིས་སྟོང་པ་ཉིད་བསྒྲུབས་པའོ། །ཕྱི་དང་ནང་གི་ཚིག་གི་དོན་རྣམས་ལ་ཡོན་ཏན་དང་ཡོན་ཏན་ཅན་པའི་དངོས་པོར་མི་རུང་བ་ནི་འདུས་པ་ལ་འདི་ནི་གཟུགས་དང་ལྡན་པ་དང་། འདི་ནི་རེག་པ་དང་ལྡན་པའོ་ཞེས་ཡོན་ཏན་དང་། ཡོན་ཏན་ཅན་པར་སྨྲ་
བ་ལ་རྫས་ཀྱིས་རྫས་གཞན་རྩོམ་པ་དང་། ཡོན་ཏན་གྱིས་ཡོན་ཏན་གཞན་ཞེས་ཁྱད་པར་ཅན་རྟོག་གོ། །གཅེར་བུ་པ་རྣམས་རྣམ་པ་བདུན་དུ་འབྱེད་པའི་རྩོད་པའི་གནས་ལུང་བསྟན་དུ་མེད་པ་ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་ལ་སོགས་པ་སྔར་བཤད་པ་རྣམས་དང་།
ཡོད་པ་ལས་སྐྱེ་བ་དང་མེད་པ་ལས་སྐྱེ་བ་གྲངས་ཅན་དང་ཁྱད་པར་ཅན་གྱི་རྟག་པ་ལས་བདེ་བར་གཤེགས་པའི་གྲུབ་པའི་མཐའ་ཐེག་པ་ཆེན་པོར་ཡོད་པ་དང་མེད་པ་ལས་མི་སྐྱེའོ་ཞེས་ཐམས་ཅད་མཁྱེན་པས་བསྒྲུབ་པར་མཛད་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བྱེད་པ་དང་། བྱེད་པ་པོ་
དང་མངོན་པར་འབྲེལ་བ་དང་བྲལ་བ་ཐམས་ཅད་མཁྱེན་པས་དགོངས་པའོ། །གང་གི་ཚེ་ན་སྐད་ཅིག་མ་ཡོད་པ་དེའི་ཚེ་ན་སྐད་ཅིག་མ་ཕྱི་མ་མེད་དེ། ཇི་ལྟར་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་འབྲེལ་པར་འགྱུར། དེའི་ཕྱིར་སྐད་ཅིག་པ་གཅིག་པུ་དང་ཡང་མི་འབྲེལ་ཏོ། །ཁྱད་
པར་ཅན་དང་ལུང་སྟོན་པ་རྣམས་ཀྱི་སྐྱེ་བ་དང་། འགག་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པར་ཀུན་ཏུ་བརྟག་པ་ནི་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་མི་རུང་ངོ་། །གལ་ཏེ་བྱེད་པ་དང་ཐ་དད་པ་ཞིག་ན་ནི་སུ་ཞིག་སྦྲེལ་བར་བྱེད། འོན་
ཏེ་ཐ་དད་པ་མ་ཡིན་ན་ནི་བྱེད་པ་དང་བྱེད་པ་པོར་མཆིས་ན་ཐ་དད་པ་ཞེས་བྱ། དེ་དེ་ལྟར་ཐམས་ཅད་མཁྱེན་པས་ཡོད་པ་དང་མེད་པ་རིམ་དང་ཅིག་ཅར་དུ་སྐྱེ་བས་ན་བྱེད་པ་དང་། བྱེད་པ་པོ་མངོན་པར་འབྲེལ་པར་ཀུན་བརྟགས་པ་ནི་བཀག་གོ། །སྔ་མའི་འོག་ཏུ་འདི་ཡོད་པས་འདི་
ཡོད་པར་འགྱུར་རོ་ཞེས་བྱ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འབའ་ཞིག་སྟེ། དེ་ལྟར་ན་ལས་དང་འབྲས་བུར་འབྲེལ་པ་སོ་སོར་ངེས་པ་རྣམ་པར་གཞག་གོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པར་རིག་པར་གསུངས་པ་ལ་ཐེག་པ་ཆེན་པོ་པ་རྣམས་ལ་དཀར་
Vol. 121 · folio 128b
པོའི་ཕྱོགས་རྩ་བ་ནས་ཕྱུང་བ་ཡིན་གྱིས། ལེགས་པ་འདོད་པ་རྣམས་ཀྱིས་སྤང་བར་བྱའོ་ཞེས་པ་བླུན་པོ་དག་གིས་ཅིའི་ཕྱིར་ན་སྤོང་བར་བྱེད། དེས་ན་རྣམ་པ་དེ་ལྟ་བུ་བ་ནི་སེམས་ཅན་དམྱལ་བར་གཞོལ་བར་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་ལུང་བསྟན་ཏོ། །མུ་སྟེགས་ཅན་སྨྲ་བའི་
ལུང་དུ་མི་སྟོན་པ་ནི་ཆོས་དང་ཆོས་ཅན་བཞིན་དུ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་རང་བཞིན་དུ་མེད་དེ། གཅེར་བུ་པ་རྣམས་ཀྱི་སྲོག་དེ་ནི་ལུས་ཞེས་བྱ་བ་ལ་སོགས་པ་སྟེ། འདུ་བ་དང་ནི་རྒྱས་པ་དང་། །སྲོག་ནི་ལུས་ཀྱི་ཚད་ཅན་ཏེ། །དེ་ནི་རིགས་པས་འདིར་སྨྲས་ཏེ། །རྩ་
བ་གང་ཡང་མ་ཡིན་ནོ། །མར་མེའི་འོད་ནི་སྣོད་ཡངས་པ། །འཕྲོས་པ་བཞིན་དུ་འདོད་པ་དེ། །ཆུ་ཡི་སྣོད་ལ་ཏིལ་མར་ཐིགས། །གང་ཞིག་འཕྲོས་པ་བཞིན་དུའོ། །ཞེས་སོ། །ནེ་ཡི་ཡ་ཡི་ཀ་དང་། གྲངས་ཅན་དང་། ཁྱད་པར་ཅན་རྣམས་ཀྱི་སྲོག་ནི་གཞན་ལ་ལུས་ནི་
གཞན་ནོ། །རིག་སྔགས་འཛིན་པའི་མཐར་སྨྲ་བ་དང་། ཞི་བ་མི་གཉིས་པར་སྨྲ་བ་རྣམས་ཀྱིས་བདག་ནི་རྟག་པ་གཅིག་པུ་ཁྱབ་པའོ། །དེ་དེ་ལྟར་རྟག་པ་གཅིག་པུ་དང་། ཐ་དད་པ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་སྨྲ་བ་པོ་གཞན་རྣམས་ཀྱི་
མཐའ་རྣམ་པ་བཞིར་སྨྲ་བ་བསྒྲུབ་པའི་མཐའ་ཐ་དད་པ་ཐམས་ཅད་དོ། །བདུན་པ་ནི་སྔར་དཔྱད་པའོ། །རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །བདག་མེད་པ་གཉིས་ལ་ཤེས་རབ་ཀྱིས་དཔྱད་དེ། རྣམ་པར་རྟོག་པ་ལ་སོགས་པ་ནི་དེ་བཞིན་ཉིད་
དམིགས་པའི་བསམ་གཏན་ནོ། །དེ་བཞིན་གཤེགས་པའི་ས་སྒྲིབ་པ་མེད་པར་ཤེས་པར་བྱ་བ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ལ་འཇུག་ཅིང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་པས་ཡེ་ཤེས་ཀྱི་མཚན་ཉིད་གྲུབ་ནས་
གཉིས་སུ་མེད་པ་སྟོང་ཞིང་མ་སྐྱེས་པའོ། །བདེ་བར་གཤེགས་པ་རྣམས་ཀྱིས་སྟོང་པ་མ་སྐྱེས་པས་ན་དངོས་པོ་མེད་པས་ཇི་ལྟར་ན་གནོད་པར་མི་འགྱུར། དེ་ནི་སྐྱོན་མ་ཡིན་ཏེ། སྒྲ་པ་ལ་སོགས་པའི་ཀུན་ཏུ་བརྟགས་པའི་བྱེད་པ་དང་། བྱེད་པ་པོ་མངོན་པར་འབྲེལ་པ་
Vol. 121 · folio 129a
མེད་པའི་ཕྱིར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་མི་འབྱུང་བ་མེད་དེ། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཞེས་བྱ་བ་འབའ་ཞིག་གོ། །སྐད་ཅིག་མར་འཇིག་པ་ལ་ཅིག་ཅར་སྐད་ཅིག་པ་གཅིག་པུ་དང་འབྲེལ་པ་མེད་དེ། གང་ཟག་ལ་བདག་མེད་པ་ལ་ཡང་ངོ་། །
ཆོས་ལ་བདག་མེད་པ་ལ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་མི་སྐྱེ་བ་སྟེ། དེ་དེ་ལྟ་བུར་ན་དངོས་པོ་རྣམ་གཉིས་ཀྱི་རྣམ་པས་སྟོང་པའི་ཆུད་པ་རྣམས་ཡིན་གྱིས། མོ་གཤམ་གྱི་བུ་ལ་སོགས་པའི་དངོས་པོ་རྣམས་ཡོངས་སུ་གྲུབ་པས་མེད་པ་ནི་མ་ཡིན་ནོ། །ཇི་
ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་པ་སྟེ། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པ་རང་བཞིན་མེད་པའོ། །དེ་ལ་རྟག་པ་ནི་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་དང་། རྡུལ་ཕྲ་
མོས་བརྩམས་པ་དང་། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་ལ་སོགས་པའི་མཚན་ཉིད་གང་གིས་ཀུན་བརྟགས་པར་བྱེད་པ་དེ་དག་གིས་དེ་ལ་རང་བཞིན་མེད་པའོ། །གཞན་གྱི་དབང་གི་རྣམ་པ་རྣམས་ནི་སྐྱེ་བ་མེད་པ་ཉིད་རང་བཞིན་མེད་པའོ། །དོན་དམ་པ་ལ་ཡང་གཉིས་
ཀྱི་རྣམ་པའི་རང་བཞིན་མེད་ཅིང་བསམ་པ་མེད་པ། སྣང་བ་མེད་པ། དོན་དམ་པའི་བདེན་པ་མི་གཉིས་པ་རང་བཞིན་གྱིས་འོད་གསལ་བ་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་མི་རྟོག་པའི་ཆུད་པར་དགོངས་པ་ལ་གང་ཡང་བརྟགས་པ་མེད་པ་བཞིན་པ་དང་། གཞན་གྱི་དབང་
དངོས་པོ་མེད་པ་བཞིན་དུ་ཡོངས་སུ་གྲུབ་པ་ཡང་མེད་ཅེས་སྨྲ་བ་དེ་ནི་དམ་པའི་ཆོས་དང་བྲལ་བར་འབྱུང་བའི་ལས་སྒྲུབ་པར་བྱེད་དོ། །དེ་འདི་ལྟར་དགོངས་པ་ངེས་པར་འགྲེལ་པའི་ཚུལ་གྱིས་ཁྲིད་པའི་དོན་གྱིས་ལང་ཀར་གཤེགས་པ་དམ་པའི་ཆོས་ཀྱི་འགྲེལ་པར་རྩོད་པའི་གནས་
མདོ་སྡེའི་དོན་བཀྲི་བར་མ་ལུས་པ་རྒྱ་ཆེར་བཤད་པར་བྱའོ། །ཇི་ལྟར་ནི་རྟག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་བདག་གིར་ལ་སོགས་པར་རྣམ་པར་རྟོག་པ་ལྟར་གཉིས་སུ་མེད་པ་རང་དང་སྤྱིའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །དེ་ལ་ཆད་པ་མ་ཡིན་པ་ནི་ཡེ་
Vol. 121 · folio 129b
ཤེས་ཀྱི་སྐད་ཅིག་པས་གོང་མའི་དོན་བྱ་བ་བྱེད་པའི་ཕྱིར་ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ནས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་སྦྱོར་བའི་ཕྱིར་རོ། །འཇིག་པ་མ་ཡིན་པ་ནི་སེ་གོལ་ལ་སོགས་པའི་སྒྲ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། འདུས་བྱས་ཀྱི་
ཕྱིར་རོ། །མི་གཉིས་པའི་ཆུད་པའི་རྒྱུན་ལ་ཉོན་མོངས་པ་མེད་པའི་ཕྱིར་འཆི་བ་མ་ཡིན་ནོ། །སྤངས་པ་མེད་པ་དང་ཐོབ་པ་མེད་པ་ནི་ཆུད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དེར་ཅུང་ཟད་ཀྱང་སྤང་བ་དང་། ཐོབ་པ་ཡང་མེད་དོ། །སྐད་ཅིག་མའི་རྒྱུན་འབྲེལ་པས་ཆད་པ་
དང་རྟག་པ་མ་ཡིན་ནོ། །དོན་གཅིག་པ་མ་ཡིན་པ་ནི་བདག་ལ་སོགས་པ་བཞིན་དུ་རྟག་པ་མ་ཡིན་པའོ། །དོན་དམ་པ་ཐ་དད་པ་མ་ཡིན་པ་ནི་གཞན་གྱི་དབང་ལྟར་གཉིས་ཀྱི་རྣམ་པ་མ་ཡིན་པས་མྱ་ངན་ལས་འདས་པ་གཉིས་སུ་མེད་དོ། །རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་
བ་དང་། དྲོ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པའོ། །དེ་ཁོང་དུ་ཆུད་པ་ནི་ཕུང་པོ་རྣམས་ལའོ། །འདུ་འཛི་མེད་པ་ནི་གཅིག་པུ་དགའ་བའི་མཚན་ཉིད་དོ། །ཡུལ་ལ་ཕྱིན་ཅི་ལོག་མེད་པ་ནི་མི་རྟག་པ་དང་བདག་མེད་པ་ལ་
སོགས་པར་ཤེས་པས་སྲིད་པ་དང་། ལོངས་སྤྱོད་ལ་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པའི་བློར་འགྱུར་རོ་ཞེས་པ་རྣམ་པ་གཉིས་ནི་སྣང་བ་མེད་པར་ཡང་བདག་རྟག་པ་ལ་སོགས་པར་རྣམ་པར་རྟོག་པའོ། །སྔོན་པོ་ལ་སོགས་
པར་སྣང་བ་ལ་ནི་ཕྱི་རོལ་གྱི་དོན་དུ་རྣམ་པར་རྟོག་པའོ། །མིའི་དབང་པོའི་བྱིན་རླབས་ལས་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས། སྨོན་ལམ་རྣམས་ཀྱིས་རྣམ་པར་སྦྱངས་པ་སྟེ། སྨོན་ལམ་གཉིས་ཆུད་པར་བྱེད་དོ། །གང་གིས་བདུད་ལ་སོགས་པའི་ལས་
ཀྱིས་བར་ཆད་དུ་མི་འགྱུར་ཏེ། དང་པོར་ཞལ་ལ་སོགས་པ་མཐོང་བ་དང་། བཅུ་པོར་ཕྱག་གིས་དབང་བསྐུར་བའོ། །བཅོམ་ལྡན་འདས་འདི་ཡོད་ན་འདི་ཡོད་དོ་ཞེས་པ་ནི་རྟག་པའི་རྒྱུ་ལ་གླེང་བ་ནི་མ་ཡིན་གྱིས། སྐད་ཅིག་མར་འཇིག་པ་ཡང་གང་གི་ཚེ་ན་འབྲས་བུ་ཡོད་པ་
Vol. 121 · folio 130a
དེའི་ཚེ་ན་རྒྱུ་མེད་ཅེ་ན་ཕྲད་པ་མེད་པ་པ་ལ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་ཇི་ལྟར་ན་རུང་། ཡང་ལན་དུ་བསྙེན་པ་ནི་མུར་བྱེད་པ་རྣམས་རང་གི་སེམས་སྣང་བ་ཉིད་ལ་ཕྱི་རོལ་གྱི་རྒྱུ་རྡུལ་ཕྲ་མོ་དང་། ཡན་ལག་ཅན་དང་དབང་པོ་ལ་སོགས་པ་སྨྲ་བ་ནི་ཕྱི་རོལ་དང་རྟག་པའི་
རྒྱུ་མེད་དོ། །ཐོག་མ་དང་ཐ་མའི་རྒྱུན་བློ་ལ་བཞག་ནས་འདི་ཡོད་ན་འདི་ཡོད་དོ་ཞེས་བརྗོད་པར་བྱའི། དེ་ལྟ་བུར་རྒྱུ་མེད་པར་སྨྲ་བ་ནི་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །བློ་གྲོས་ཆེན་པོ་དེ་དག་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ་
ཞེས་བྱ་བ་ལ། དངོས་པོ་ཡང་མ་ཡིན་པ་ནི་ཕྱི་རོལ་གྱི་བརྗོད་པར་བྱ་བ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་མ་ཡིན་པ་ནི་བློ་ལ་ཡོད་པའི་སྒྲའི་དོན་བརྗོད་པའི་ཕྱིར་རོ། །བརྗོད་པ་ནི་བྱས་པ་སྟེ་ཞེས་བྱ་བ་མཚན་མར་བྱེད་པས་དོན་སྙེད་པའི་ཕྱིར་རོ། །དེ་ལྟ་བས་ན་སྔོན་གྱི་མཚན་མ་
དང་མིག་ཟུར་ལ་སོགས་པས་དོན་རྟོགས་པར་ཡང་འགྱུར་རོ། །དེ་བས་ན་སྒྲ་དང་དོན་དུ་འབྲེལ་པ་རྟག་པར་ངེས་པ་ཐམས་ཅད་མཁྱེན་པས་བསལ་ཏོ། །སྤྱོད་པ་ཅན་ལ་སོགས་པ་རྣམས་ཀྱིས་ནི་སྒྲ་རྟག་པའོ་ཞེས་རྟོགས་སོ། །འཕགས་པ་རྣམས་ཀྱིས་ནི་མི་རྟག་པ་ལ་སོགས་པ་ཕྱིན་
ཅི་ལོག་མ་ཡིན་པར་ཤེས་པའི་ཕྱིར་རོ། །ནོར་པ་ནི་རྣམ་པ་དུ་མར་སོ་སོར་སྣང་ངོ་། །ནོར་པ་མེད་པ་ལ་ནི་རང་གི་དངོས་པོ་གཅིག་སྟེ། རྟག་པ་ལ་སོགས་པ་ནོར་པ་ལ་མི་རྟག་པར་ཡང་བྱེད་དེ། རྟག་པའི་ཡུལ་མེད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་རྣམ་
པར་སྤང་བའི་ཕྱིར་རོ་ཞེས་པ་ནི་བྱིས་པས་ནོར་པ་གཟུགས་བརྙན་ལ་སོགས་པ་ལ་ལྷག་པར་ཇི་ལྟར་ཆགས་པ་དེ་ལྟར་དངོས་པོ་མེད་དོ། །ཇི་ལྟར་སོ་སོར་སྣང་བ་དེ་ལྟར་དངོས་པོ་མེད་པ་མ་ཡིན་ནོ། །དེ་ལྟར་ནོར་པ་ནི་ཞེས་བྱ་བ་འཕགས་པ་རྣམས་ལ་ནི་དེ་ནི་རྟག་པའི་ཕྱིན་
ཅི་ལོག་མ་ཡིན་པ་ལ་མི་རྟག་པའི་ཕྱིན་ཅི་ལོག་ཀྱང་མ་ཡིན་ནོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། གཟུགས་ནི་རྟག་པ་ཞེས་པའམ། མི་རྟག་པ་ཞེས་པར་ཀུན་ཏུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་ཏེ། དེ་ལྟར་དེའི་ཕྱིར་རྟག་པར་རྟོགས་པ་ནི་ནོར་པ་སྟེ། རྟག་པ་ལ་སོགས་པའི་ཡུལ་མེད་པ་
Vol. 121 · folio 130b
ན་སྐད་ཅིག་མར་འཇིག་པ་རབ་ཏུ་འབྱེད་པའི་ཕྱིར་རོ། །ཐ་དད་དུ་མི་འགྱུར་ཏེ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུར་སྣང་བ་ལ་རྟག་པ་དང་། བདག་ལ་སོགས་པའི་མཚན་མ་ཐ་དད་པས་མི་འབྱེད་དེ། མཉམ་པར་མི་འཇོག་པའི་མ་རིག་པ་ཡོངས་སུ་སྨིན་པ་ལས་དེ་ལྟར་གང་གི་ཕྱིར་སྣང་བ་འབའ་ཞིག་
པས་ན་དེའི་ཕྱིར་ནོར་པ་རྟག་པའོ། །ནོར་པ་དེ་ཁོ་ན་ཉིད་མ་ཡིན་པའོ་ཞེས་པ་ནི་དོན་དམ་པའི་རང་བཞིན་མ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །བྱིས་པ་རྣམས་ཀྱི་བློ་ནི་རྟག་པ་ལ་སོགས་པའི་དངོས་པོར་སྒྲོ་བཏགས་པའི་ཕྱིན་ཅི་ལོག་ཏུའོ། །འཕགས་པ་རྣམས་ཀྱི་བློ་ནི་སྐད་ཅིག་མར་འཇིག་པ་
ལ་སོགས་པ་ཡོངས་སུ་ཤེས་པས་ཕྱིན་ཅི་ལོག་མ་ཡིན་པར་རོ། །དངོས་པོ་མ་ཡིན་པ་སོ་སོར་སྣང་བ་མི་རྟག་པ་ཡང་མ་ཡིན་པ་དང་། རྟག་པ་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པས་གསུངས་པ། ཕྱིན་ཅི་ལོག་གི་བློ་ཡང་མི་འཇུག །ཕྱིན་ཅི་ལོག་མ་ཡིན་
པའི་བློ་ཡང་མི་འཇུག་སྟེ་ཞེས་པའོ། །གཞན་དུ་མེད་དེ་ཞེས་པ་ནི་བྱིས་པས་སྒྲོ་བཏགས་ཏེ་ཀུན་བརྟགས་པའི་ཡུལ་དུ་བློ་འཇུག་པས་ན། དེ་ཇི་ལྟ་ཞེ་ན་གྱི་ན་ཞེས་བྱ་བ་སྟེ། གང་ཅུང་ཟད་འཕགས་པའི་འདུ་ཤེས་སུ་འགྱུར་བ་འཕགས་པའི་ཡེ་ཤེས་ཀྱི་དམིགས་པའི་དངོས་པོ་ཇི་ལྟ་
བུ་དེ་ནི་རྣམ་པར་འཁྲུལ་པའི་གཟུགས་དེ་ལྟ་བུ་མ་ཡིན་ཞེས་སོ། །ནོར་པ་དེ་ཡང་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པར་ཞེས་བྱ་བ་ནི་ནོར་པ་ཉིད་ལ་རྟག་པ་དང་། མཛེས་པ་ལ་སོགས་པར་སྒྲོ་འདོགས་པས་ཕྱིན་ཅི་ལོག་གོ། །དེར་ཡང་དག་པ་ཇི་ལྟ་བུ་ཡིན་པའི་མི་རྟག་པ་
དང་། མི་གཙང་བ་ལ་སོགས་པ་སྣང་བ་ནི་ཕྱིན་ཅི་ལོག་མ་ཡིན་པའོ། །དོན་དམ་པར་ན་རང་བཞིན་མེད་པའི་ཕྱིར་སྨྲས་པ་ལྟ་བུར་དེའི་རང་བཞིན་རྣམ་པ་གཉིས་སུ་མེད་མོད་ཀྱིས། འོན་ཀྱང་བྱིས་པ་རྣམས་ལ་རྟག་པ་དང་བདག་དང་བདག་གི་ལ་སོགས་པའི་ཕྱིན་ཅི་ལོག་པ་རྣམས་
ཀྱིས་འཁོར་བའི་སྡུག་བསྔལ་དུ་སྣང་བ་ཐོབ་པར་བྱེད་དོ། །དེ་ཉིད་འཕགས་པ་རྣམས་ལ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་བདེན་པར་སྨྲ་བ་མངོན་སུམ་དུ་བྱེད་པ་ལས་ཐར་པ་ཐོབ་པར་བྱེད་དོ། །དེ་ལ་རང་གི་མཚན་ཉིད་ནི་སྲ་བ་
Vol. 121 · folio 131a
དང་། གཤེར་བ་དང་། དྲོ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ། །འདུ་འཛི་མེད་པའི་ཕྱིར་ཞེས་བྱ་བ་ནི་གཅིག་པོ་གནས་པར་མོས་པའི་ཕྱིར་ཏེ། རང་སངས་རྒྱས་རྣམས་ནི་ཕལ་དང་མི་གནས་ཞེས་བྱ་བའི་བར་དུའོ། །བྱིས་
པ་དང་མཁས་པ་དག་ལ་སྣང་བའི་ཁྱད་པར་ཡོད་དེ། དེ་ལ་བྱིས་པ་དངོས་པོར་སྒྲོ་འདོགས་པའོ། །མཁས་པ་ལ་ནི་སྟོང་པ་ཉིད་ཁོང་དུ་ཆུད་པ་སངས་རྒྱས་ཀྱི་རིགས་ཐོབ་པ་ཡིན་ནོ། །བྱིས་པ་རྣམས་ཀྱིས་ནོར་པའི་མཚན་ཉིད་རྟག་པ་དང་། བདག་དང་། བདག་གི་དངོས་པོ་དང་། བྱེད་
པ་པོ་དང་། ལས་དང་བྱེད་པ་པོ་ལ་སོགས་པའི་མཚན་ཉིད་དུ་ཇི་ལྟར་ཀུན་བརྟགས་པ་གལ་ཏེ་དེ་ལྟར་ཡོད་ན་ནི་དེའི་ཚེ་ངའི་བསྟན་པ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མུ་སྟེགས་བྱེད་པའི་རྒྱུ་ལས་འབྱུང་བ་དང་མཚུངས་པར་ཡང་འགྱུར་ཏེ། དེ་ལྟར་ཡང་མི་རུང་བ་ནི་རྟག་པ་དང་། བདག་
ལ་སོགས་པའི་རྒྱུ་རྣམས་ཀྱི་འབྲས་བུ་ཤེས་པར་བྱ་བ་ལ་ཚད་མས་གནོད་དོ་ཞེས་ཐམས་ཅད་མཁྱེན་པའི་གསུང་གི་དོན་རྟོག་གོ། །གལ་ཏེ་ནོར་པ་དང་། སྒྱུ་མ་འདྲ་བ་ནི་སྒྱུ་མ་ལྟ་བུར་གཞན་གྱི་རྒྱུར་འགྱུར་རོ། །དེས་ཀྱང་ཅིར་འགྱུར་ཞེ་ན། མུ་སྟེགས་བྱེད་པ་རྣམས་ཀྱིས་རྟག་པ་དང་།
བདག་ལ་སོགས་པ་ནི་ནོར་པ་ཇི་ལྟར་ན་རྒྱུར་མི་འགྱུར་ཞེས་བློ་གྲོས་ཆེན་པོས་དགོངས་པར་བརྟག་གོ། །ཐམས་ཅད་མཁྱེན་པས་ཀྱང་སྤོང་བར་གསུངས་པ། ནོར་པ་ནི་སྒྱུ་མ་ལྟ་བུ་མ་ཡིན་ནོ། །རྒྱུ་གསུངས་པ་ནོར་པ་ནི་གནས་ངན་ལེན་གྱི་ཉེས་པ་འཐོབ་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་སྒྱུ་མ་དེ་ལྟ་
བུར་འགྱུར་བ་མ་ལགས་སམ་ཞེས་པ་ལ་བླགས་ཏེ་གསུངས་པ། བློ་གྲོས་ཆེན་པོ་སྒྱུ་མ་ནི་གནས་ངན་ལེན་གྱི་ཉེས་པ་ཐོབ་པར་མི་བྱེད་དོ། །ཇི་ལྟར་ན་ཐོབ་པར་བྱེད་པ་མ་ཡིན་ཞེས་པ་དང་། ཁྱད་པར་དུ་གསུངས་པ་རྣམ་པར་མ་བརྟགས་ན་ཞེས་བྱ་བ་སྟེ། ཇི་ལྟར་ལུང་ལས་
འབྱུང་བ། འཇིག་རྟེན་སྣ་ཚོགས་དེ་གང་དེ་འདོད་མིན། །ཀུན་རྟོག་འདོད་ཆགས་སྐྱེས་བུའི་འདོད་པ་སྟེ། །སྣ་ཚོགས་འཇིག་རྟེན་དུ་ནི་ལུས་བཞིན་དུ། །དེས་ན་དཔའ་བོ་དེར་འདོད་འདུལ་བར་བྱེད། །ཅེས་པའོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་འདི་སྐད་གསུངས་པ། བློ་
Vol. 121 · folio 131b
གྲོས་ཆེན་པོ་སྒྱུ་མ་ནི་སྐྱེས་བུ་གཞན་གྱི་རིག་སྔགས་ཀྱི་མཐུ་ལས་འབྱུང་སྟེ། རང་གི་ལོག་པའི་རྣམ་པར་རྟོག་པ་ལས་མ་ཡིན་ཏེ། རྟག་པ་དང་བདག་ལ་སོགས་པའི་ནོར་པ་ལྟར་སྒྱུ་མ་འབྱུང་ངོ་། །དེ་བས་ན་ནོར་པ་ནི་གནས་ངན་ལེན་གྱི་ཉེས་པའི་བག་ཆགས་བྱེད་ཀྱི། སྒྱུ་མ་ཙམ་དུ་རྣམ་
པར་རྟོག་པས་ནི་མ་ཡིན་ནོ་ཞེས་སོ། །སྐབས་དེར་ཞེས་པ་ནི་ནོར་པའི་ནང་དུ་སྟེ། ནོར་པ་དང་འདྲེས་ཞེས་པའི་བར་དུའོ། །ཇི་ལྟར་མུ་སྟེགས་ནོར་པའི་རང་བཞིན་སྣང་བ་ལ་རྫས་དང་། ཡོན་ཏན་དང་། ལས་ལ་སོགས་པ་ཡང་དག་པར་ཀུན་རྟོག་པའོ། །འཕགས་པ་གང་
དག་གིས་མི་གཉིས་པའི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པ་ཐོབ་པ་དེ་དག་ནི་ནོར་པའི་རང་བཞིན་སྣང་བ་ལ་མཛེས་པ་དང་། མི་མཛེས་པ་ལ་སོགས་པ་ཡང་དག་པར་ཀུན་ཏུ་མི་མཐོང་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའོ། །ནོར་
པ་སྤངས་ནས་ཤེས་པ་ནི་གཟུགས་ལ་སོགས་པ་སྣང་བ་རྣམས་ཤེས་རབ་ཀྱིས་རྣམ་པར་གཞིགས་ཏེ་ཁང་པ་ལ་སོགས་པ་བཞིན་དུ་སྟོང་པར་བྱས་པ་ན་མི་གཉིས་པའི་ཡེ་ཤེས་ལ་ཡོད་པ་དང་། མེད་པའི་མཚན་མར་རྣམ་པར་རྟོག་ན་དེའི་ཚེ་མཚན་མར་རྟོག་པ་དེ་ཉིད་ནོར་པ་ཡིན་ཏེ།
རབ་རིབ་ལེགས་པར་མ་གསོས་པས་མ་དག་པ་ལྟ་བུར་མཚན་མས་ཡེ་ཤེས་གློངས་པར་འགྱུར་རོ། །བཞིན་ཞེས་བྱ་བ་ནི་དཔེའི་དོན་ཏོ། །སྒྱུ་མ་ནི་ཤེས་རབ་ཀྱིས་དཔྱད་པ་ན་ཕྱི་རོལ་གྱི་དངོས་པོར་བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་པ་ལྟར་མེད་དེ། དེ་དང་ཆོས་མཐུན་པར་ཁྱབ་པས་
གཉིས་ཀྱི་རྣམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། གཟུགས་ལས་བརྩམས་ཏེ་སངས་རྒྱས་ཉིད་ཀྱི་བར་དུ་ཡང་གཟུགས་ལ་སོགས་པར་སྣང་བ་ནི་སྒྱུ་མ་དང་མཚུངས། རྨི་ལམ་དང་མཚུངས་ཞེས་སོ། །ཇི་
ལྟར་བྱིས་པ་རྣམས་སྣ་ཚོགས་ལ་མངོན་པར་ཆགས་པས་མཚན་ཉིད་ཀུན་རྟོག་པར་བྱེད་པ་ཇི་དེ་ལྟ་བུ་དངོས་པོ་རྣམས་སྒྱུ་མ་ལྟ་བུ་ལགས་སམ་ཞེས་གསོལ་པ། གཟུགས་རྣམས་སྣ་ཚོགས་ཀྱི་མཚན་ཉིད་རྣམས་སུ་ཕྱི་རོལ་གྱི་ལ་སོགས་པར་བྱིས་པས་བརྟགས་པ་རྣམས་ཀྱིས་
Vol. 121 · folio 132a
རྒྱུ་མེད་པར་མཐོང་བའི་སླད་དུ་ཞེས་པ་སྒྲུབ་པར་བྱེད་པ་རྗེས་སུ་དཔག་པའི་རྒྱུ་མི་མཐོང་བ་ནི་ཤེས་རབ་ཀྱིས་སྦོམ་པོ་དང་། ཕྲ་མོ་རྣམ་པའི་ཆུར་དབྱེ་བ་ན་སྟོང་པ་ཁོ་ནའི་ཕྱིར་རོ། །སྐྱེས་བུ་དང་སྔགས་ལ་སོགས་པའི་སྒྱུ་མ་ལ་ཕྱི་རོལ་གྱི་བྱིས་པས་བརྟགས་པ་ནི་ཤེས་པ་སོ་
སོར་སྣང་བ་ཙམ་ཉིད་དོ་ཞེས་སོ། །དེ་བས་ན་ཐམས་ཅད་རིག་པས་འདི་སྐད་དུ་གསུངས་པ། ལོག་པ་མྱུར་བའི་གློག་དང་འདྲ་བ་སྟེ། དེས་ན་སྒྱུ་མ་དང་འདྲ་བའོ། །ལོག་པའི་ཕྱིར་སྒྱུ་མ་དང་འདྲ་བ་ནི། སྟོང་པ་རྣམས་ཏེ། ཆོས་ལ་བདག་མེད་པའི་ཚད་མའོ། །མྱུར་བའི་གློག་
དང་འདྲ་བ་དེས་ནི་སྐད་ཅིག་མ་རྣམས་ཏེ། གང་ཟག་ལ་བདག་མེད་པར་རོ། །གང་གིས་རྨི་ལམ་དང་། སྒྱུ་མ་དང་། གཟུགས་བརྙན་ལ་སོགས་པ་སྟོང་པ་ཆུང་ཟད་ཅིག་ཁོང་དུ་ཆུད་པ་དེ་ལ་ཤེས་རབ་ཀྱིས་དཔྱད་དེ། དེ་དང་ཆོས་མཐུན་པར་གཟུགས་སུ་སྣང་བ་ནི་གཟུགས་
མ་ཡིན་ནོ་ཞེས་པར་རི་ལ་སོགས་པ་སྟོང་པར་ཁོང་དུ་ཆུད་པར་བྱའོ། །བྱིས་པས་ཀུན་བརྟགས་པའི་མཚན་ཉིད་ཕྱི་རོལ་དང་རྟག་པ་ལ་སོགས་པའི་དངོས་པོ་དེ་གཉིས་ཀ་ཡང་སྟོང་པ་ཉིད་ཅེས་པར་རོ། །དངོས་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དངོས་པོ་ཤེས་རབ་ཀྱིས་རབ་ཏུ་
རྣམ་པར་འབྱེད་པ་མེད་པས་མི་སྣང་ངོ་ཞེས་བྱ་བའི་དོན་ཏོ། །སྒྱུ་མ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཆོས་དང་མཐུན་པར་དངོས་པོ་རྣམས་ཡོད་པར་བརྗོད་པར་བྱ་བ་ནི་སྒྱུ་མ་ལྟར་དངོས་པོ་རྣམས་ཡོད་དོ་ཞེས་པར་རོ། །གང་ཡང་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སོགས་པ་དུ་མར་ཆོས་ཐམས་ཅད་ནི་མ་སྐྱེས་པ་དང་སྒྱུ་མ་ལྟ་བུར་གསུངས་པ། དེ་སེམས་ཅན་རྣམས་ལ་གདོན་མི་ཟ་བའི་སླད་དུ་འཕགས་པ་བློ་གྲོས་ཆེན་པོ་དམ་པའི་ཆོས་འདིར་གླེང་བར་མཛད་དོ། །ཆོས་གང་མ་སྐྱེས་པ་དེ་དག་ལ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་
གཟུགས་ལ་སོགས་པའི་སོ་སོར་སྣང་བ་མེད་ལ། སྒྱུ་མའི་རང་བཞིན་ནི་རྣམ་པ་སྣ་ཚོགས་སུ་སྣང་བ་སྟེ། ཇི་ལྟར་ན་མ་སྐྱེས་པ་རྣམས་སྒྱུ་མ་ལྟ་བུར་ལགས། དེ་བས་ན་འདི་འགལ་ལོ་ཞེས་དེ་ལྟར་དགོངས་པའོ། །དེར་ཐམས་ཅད་མཁྱེན་པའི་ཕྱི་མའི་ཕྱོགས་ལ་བྱིས་པས་ཀུན་
Vol. 121 · folio 132b
བརྟགས་པའི་བྱིས་པ་དང་། བྱེད་པ་པོར་མངོན་པར་འབྲེལ་ཏེ་སྐྱེ་བ་ནི་སྐྱེ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། རང་གི་སེམས་སྣང་བ་ཙམ་དུ་རྟོགས་པའི་རྒྱུའི་ཕྱིར་རོ། །རང་གི་སེམས་མ་རྟོགས་པ་ནི་བྱིས་པ་རྣམས་ཀྱིས་ཕྱི་རོལ་གྱི་དོན་སྐྱེ་བ་ཀུན་ཏུ་རྟོག་པར་བྱེད་དོ། །ཡོད་པ་དང་མེད་པ་
ལས་མི་སྐྱེ་བར་མཐོང་བས་ན་ཞེས་བྱ་བ་དང་འབྲེལ་ཏེ། ཕྱི་རོལ་གྱི་དངོས་པོ་མེད་པའི་ཕྱིར་ཞེས་པ་ནི་སྒྱུ་སྟེ། ཕྱི་རོལ་གྱི་དོན་དེ་ཡང་གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཐ་དད་པར་འཛིན་གྱི། རྣམ་པ་མེད་པས་ནི་མ་ཡིན་པས་ན་ཕྱི་རོལ་གྱི་དོན་དེ་ཡང་སུས་
སུན་ཕྱུང་། ཡོད་པ་ནི་ཡོད་པས་ན་མི་སྐྱེའོ། །མེད་པ་ཡང་བྱ་བར་མི་ནུས་པའི་ཕྱིར་འདི་ཡོད་པས་འདི་ཡོད་ཅེས་བྱ་སྟེ། ཆོས་ཐམས་ཅད་ནི་བྱ་བ་མེད་པའི་ཕྱིར་དེ་མ་ཐག་པ་ཙམ་འབའ་ཞིག་པས་སྒྱུ་མ་སྐྱེ་བ་ནི་ཡང་དག་པར་སྐྱེ་བ་མེད་པ་བཞིན་དུ་དེ་དག་ཀྱང་སྐྱེ་བ་ནི་སྐྱེ་བ་མེད་པའོ། །མོ་གཤམ་
གྱི་བུ་ལ་སོགས་པ་རྣམས་ཀྱི་སྣང་བ་མེད་པའི་ཕྱིར་དེ་དག་གི་རང་བཞིན་མེད་པ་ལྟ་བུར་སྒྱུ་མ་ལྟ་བུའི་དངོས་པོ་རྣམས་མི་སྐྱེ་བ་མ་ཡིན་ནོ། །མུ་སྟེགས་བྱེད་པ་རྣམས་ཀྱིས་རྟག་པ་དང་། ཚངས་པ་དང་། དབང་པོ་དང་། རྡུལ་ཕྲ་མོའི་རྫས་ལ་སོགས་པ་རྒྱུ་ལས་བྱེད་པ་དང་། བྱེད་པ་
པོ་ལ་སོགས་པ་དང་འབྲེལ་ཏེ་འབྲས་བུ་སྐྱེ་བར་རྟོག་པ་ནི་རྟག་པ་དང་། ཕྱི་རོལ་གྱི་རྒྱུ་མེད་པའི་ཕྱིར་སེམས་ཙམ་དུ་སྣང་བས་དངོས་པོ་རྣམས་སྒྱུ་མ་ལྟ་བུའོ། །སླུ་བའི་རྒྱུ་ལས་འབྱུང་བས་ཡང་དག་པར་ན་སྐྱེ་བ་མེད་པའོ་ཞེས་བརྗོད་པས་ན་སྐྱེ་བ་མེད་པའི་ཚིག་ཏུ་བརྗོད་དོ། །སྒྱུ་མ་དང་ཆོས་
མཐུན་པས་དངོས་པོ་རྣམས་སྐྱེ་བ་མེད་དོ་ཞེས་བྱ་བས་ནི་ཕྱི་རོལ་གྱི་དོན་དུ་ཆུད་པར་བྱེད་པ་དང་། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་མ་སྐྱེས་པ་ཞེས་བྱ་བས་དངོས་པོ་རྣམས་ཐ་དད་པར་བརྗོད་པ་ལགས་སོ་ཞེས་དེ་སྐད་དུ་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ། ཡང་དངོས་པོ་བསྟན་པ་ནི་
ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་བསྟན་པ་ལ་ནི་ལས་དང་འབྲས་བུར་འབྲེལ་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འདི་ནི་བསྡུས་པའི་དོན་ཏོ། །རྟག་པ་དང་བདག་ལ་སོགས་པ་དང་། ཕྱི་རོལ་གྱི་དོན་དུ་ཆགས་པ་དགག་པའི་ཕྱིར་དངོས་པོ་རྣམས་སྒྱུ་མ་ལྟ་བུར་མི་སྐྱེའོ་ཞེས་
Vol. 121 · folio 133a
བསྟན་ཏོ། །མུ་སྟེགས་ཅན་ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ཉིད་ལ་ཡང་དག་པ་ལྟ་བུར་ཕྱིན་ཅི་ལོག་པའི་ཕྱིར་རྟག་པ་དང་། བདག་དང་ཕྱི་རོལ་ལ་སོགས་པ་དང་། བྱེད་པ་པོ་དང་ལས་སུ་སྒྲོ་བཏགས་ཏེ་བདག་དང་གཞན་ལ་སླུ་བར་བྱེད་པ་དེ་དག་ལ་ཡང་དག་པ་ཇི་
ལྟ་བ་བཞིན་དུ་སེམས་ཙམ་བཤད་པར་བྱའོ་ཞེས་སོ། །སྒྲ་དང་དོན་ལ་འཁྲུལ་པའི་སྨྲ་བ་པོ་མང་སྟེ། ལ་ལས་ཕྱི་རོལ་གྱི་བརྗོད་པ་ཡོད་པའི་སྟེང་དུ་དེར་ཡང་སྒྲ་དང་དོན་རྟག་པར་འབྲེལ་ཏོ་ཞེས་རྟོག་པར་བྱེད་པ་དེ་དག་གི་རྨོངས་པ་བསལ་བའི་དོན་དུ་སྒྲ་དང་དོན་ཡང་དག་པ་ཁོ་ན་ཇི་ལྟ་བ་ཡིན་
པ་ཐམས་ཅད་མཁྱེན་པས་བཤད་པར་མཛད་པ། དངོས་པོ་གང་ལ་གནས་ཏེ་ཞེས་པ་སྟེ། གང་བརྗོད་པ་དང་། འཇུག་པའི་མཚན་མ་དང་། དེ་ལས་གཞན་པ་ལོག་པ་དང་། རྣམ་པ་དེ་ལྟ་བུ་ནི་མིང་སྟེ། ཚོགས་དང་། ལུས་དང་། གནས་ཞེས་བྱ་བ་རྣམ་གྲངས་སོ། །དེ་ནི་
གཞན་དག་གི་ཚིག་ཅེས་བྱ་བའི་མིང་ནི་མ་ཡིན་ནོ། །ཚིག་གི་ཚོགས་ནི་ཚིག་གི་དོན་རྣམས་ཀྱི་ཚོགས་ཏེ། བརྗོད་པའི་དོན་ཞེས་བྱ་བའི་ཐ་ཚིག་པར་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །དེ་བས་ན་དེ་གཉིས་ལས་དོན་རྣམས་གདོན་མི་ཟ་བར་འགྱུར་རོ། །རྟག་པའི་
དོན་དུ་རབ་ཏུ་སྦྱར་བའི་འབྲུ་མང་པོ་ནི་ཡི་གེའི་ཚོགས་ཏེ། འབྲུའི་ཚོགས་ཞེས་བྱའོ། །སྣང་བར་བྱེད་པ་ནི་དེ་དག་འབྲེལ་པ་དང་། དོན་རྣམ་པ་སྣ་ཚོགས་སུ་འདོགས་པའི་མཚན་མ་སྟེ། རྣམ་པ་ཐ་དད་པར་གོ་རིམས་ཀྱིས་འཁོད་པ་ནི་མཚོ་དང་། བྲོ་དང་། ལྕུག་མ་དང་།
ཤིང་ཏ་ལ་ལྟ་བུར་རོ། །དེ་ལྟ་བས་ན་རིམ་དེས་མིང་དང་། ཚིག་གི་ཚོགས་རྣམས་སྣང་བར་བྱེད་དོ། །དེས་ནི་རྟག་པ་རྟོགས་པར་བྱེད་ཀྱི། ལུང་སྟོན་པས་སྒྲ་གསལ་བར་སྣང་བར་བྱེད་པ་ཀུན་བརྟགས་པ་དང་། སྤྱོད་པ་ཅན་གྱི་ང་རོས་ཡི་གེ་སྣང་བར་བྱེད་པ་ནི་མ་ཡིན་ནོ། །
ང་རོ་དང་། ཡི་གེ་ཡང་ཐ་དད་པར་མི་དམིགས་པས་ན་སྤྱོད་པ་ཅན་རྣམས་ཀྱིས་རྣམ་གྲངས་སུ་སྐྱེ་བོ་རྣམས་སླུ་བར་བྱེད་དོ། །ཡི་གེའི་རིམ་མ་གཏོགས་པར་སྒྲ་རྒྱས་པ་ལ་རིམ་མེད་པ་ལ་རིམ་རྗེས་སུ་བཟུང་བས་དོན་བརྗོད་པར་ཡིད་མི་ཆེས་སོ། །ཚིག་ནི་མིང་དུ་འཇུག །མིང་ལས་དོན་
Vol. 121 · folio 133b
གསལ་བར་འགྱུར་རོ་ཞེས་སྐད། ཕྱོགས་གང་དག་ཀུན་དུ་རྟོག་པ་ཡང་ཚིག་དང་ཡི་གེ་ནི་རྣམ་གྲངས་པས་ན་དེ་མ་གཏོགས་པར་མིང་མེད་དེ། རྟགས་ལ་ལྟོས་ཏེ། དེར་འདུས་པ་ལས་མིང་ལ་སོགས་པར་འདུ་ཤེས་སོ། །ཡང་དག་པ་ནི་ཡི་གེ་མ་གཏོགས་པར་མིང་ལ་སོགས་པ་མེད་
པའི་ཕྱིར་མཚན་མ་ལ་ལྟོས་ཏེ་དེའི་གོ་རིམས་ཀྱི་མིང་ལ་སོགས་པའི་ཚིག་ཏུ་གདགས་སོ། །ཚིག་གི་དབང་པོ་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་ན་དབྱངས་ཀྱི་དཀྱིལ་འཁོར་དུ་བརྗོད་པའི་དོན་འབྱེད་པ་བསྒྲུབ་པར་མཛད་དེ། སྔ་མ་ནི་སྨྲས་པ་བསྡུ་བའི་མཚན་ཉིད་དུ་
བརྟག་གོ། །གཉིས་པ་ནི་འདུས་པ་སྨྲ་བའི་བརྗོད་པར་བརྟག་གོ། །དེ་དག་བརྟག་པའི་ཁྱད་པར་ནི་བརྗོད་པའི་དོན་བླངས་ཏེ། བརྗོད་པའི་ནང་གི་ཡན་ལག་དང་ཆོས་མཐུན་པ་དང་། ཆོས་མི་མཐུན་པ་ལས་ཚིག་དགར་ཏེ། ཚིག་དང་ཚིག་གི་དོན་རྣམ་པར་ཤེས་པའོ། །གཉིས་
པོ་ནི་ཚིག་དང་ཚིག་གི་དོན་བླངས་ཏེ་འདུས་པའི་བརྗོད་པའི་དོན་དུ་ཡོངས་སུ་ཤེས་པའོ། །དེས་ནི་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། སྤྱིར་ནི་ཚིག་ཁྱད་པར་དུ་ནི་བརྗོད་པ་སྟེ། ཚིག་གཞན་དང་འབྲེལ་པར་དེ་ལྟར་སྨྲས་པ་ལས་གང་ལྷག་པ་དེ་ནི་བརྗོད་པའི་དོན་ཞེས་སོ། །ཡང་ན་འབྲེལ་པ་ནི་
བརྗོད་པའི་དོན་ནོ་ཞེས་པའོ། །གཞན་སེལ་བར་བྱེད་པ་ལ་ནི་སྤྱི་དང་ཁྱད་པར་དུ་བརྗོད་དེ། དེ་ལས་གཞན་པ་ལོག་པ་ནི་ཁྱད་པར་རོ། །ཚིག་ཐུག་པ་ཞེས་བྱ་བ་ནི་ཚིག་རྟོགས་པར་གྱུར་པ་ན་བརྗོད་པ་རྟོགས་པར་འགྱུར་བའོ། །ཚིག་གི་ཚོགས་འབའ་ཞིག་དབྱེ་བར་མ་ཟད་དེ་མིང་གི་ཚོགས་
དབྱེ་བར་ཡང་སྟོན་པ། བློ་གྲོས་ཆེན་པོ་མིང་ནི་འདི་ལྟ་སྟེ། ཡི་གེ་རྣམས་ཀྱིས་ཞེས་སོ། །ཨ་ལ་སོགས་པ་ནས་ཧའི་མཐར་ཐུག་གི་བར་དུ་སོ་སོར་རེ་རེའི་མིང་དུ་འདུ་ཤེས་པ་སྟེ། ཨ་ཞེས་བྱ་བ་དང་། ཀ་ཞེས་བྱ་བ་དང་། ཧ་ཞེས་བྱ་བའི་བར་དུའོ། །ཁ་ཅིག་གིས་ཡི་གེའི་
ཚོགས་ནི་ཨ་ལས་བརྩམས་ཏེ་ཧའི་མཐར་ཐུག་པ་ལ་སོགས་པར་སོ་སོར་འབྲེལ་པའི་འབྲུ་རྣམས་ནི་མིང་གི་འདུ་ཤེས་སུ་སྦྱོར་བར་བྱེད་དོ། །ཐུང་ངུ་དང་། འདྲེན་པ་དང་། རིང་དུ་འདྲེན་པའི་དབྱངས་རྣམས་ལ་ཡི་གེའི་མིང་དུ་ཐམས་ཅད་མཁྱེན་པས་དགོངས་པའོ། །ཡི་གེ་རྣམས་
Vol. 121 · folio 134a
ཀྱི་མཚན་ཉིད་གསལ་བར་བྱེད་པས་ན་སྣང་བར་བྱེད་པའོ། །འདི་ལྟ་སྟེ་ཚིག་ནི་ཐུག་པའོ་ཞེས་གང་གསུངས་པ་ཚིག་དེའི་དཔེ་རྣམས་ནི་གླང་པོ་ཆེ་དང་། རྟ་ལ་སོགས་པའོ། །མིང་དང་ཡི་གེ་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་རྣམས་སོ། །མིང་གིས་བརྗོད་
པའི་ཕྱིར་ཞེས་པ་ནི་སྒྲའི་དོན་དུ་བརྟགས་པ་ལ་དོན་དུ་མ་སྟོན་པར་མཛད་དོ། །ཡི་གེ་རང་གི་མཚན་ཉིད་ཀྱིས་སྣང་བར་བྱེད་པས་ཞེས་བྱ་བ་ལ་མཚན་ཉིད་ནི་མཚན་མ་དང་རྣམ་གྲངས་སོ། །མིང་ཚིག་གིས་བརྗོད་པ་ཞེས་བྱ་བ་ནི་མིང་གི་ཚིག་གིས་བརྗོད་ཅེས་བྱ་བའི་བར་དུའོ། །སྒྲ་
རྣམས་ཀྱི་དོན་དུ་མ་ཡོད་པས་ན་ཁྱད་པར་དུ་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཚད་མའོ། །རིག་པ་དང་ལྡན་པའི་རྒྱུ་ནི་རང་བཞིན་གསུམ་གྱི་སྟེ། དེར་བློ་མེད་ཅེས་བྱ་བའི་དོན་ཏོ། །འདི་ནི་དྲི་བ་མ་ཡིན་ནོ་ཞེས་ཇི་ལྟར་སྨྲ་བར་བྱེད་ཅེ་ན། མཁས་པ་རྣམས་ཀྱིས་གཟུགས་
ལ་སོགས་པ་མི་རྟག་པ་ཅི་གཞན་ནམ། འོན་ཏེ་ཅི་གཞན་པ་མ་ཡིན་ནམ་ཞེས་དྲིས་པ་ལ། བཅོམ་ལྡན་འདས་ལ་སྨོས་ཏེ། གཟུགས་ལ་སོགས་པ་ལ་མི་རྟག་པ་ཉིད་གཞན་པ་དང་། གཞན་མ་ཡིན་ཞེས་བྱ་བར་དྲིས་པ་འདི་ནི་བཅོམ་ལྡན་འདས་ལུང་མ་བསྟན་པས་ན་གཞག་པར་བྱའོ་
ཞེས་འཛེར་ཏོ། །ལུང་མི་སྟོན་པར་སྨྲ་བ་ནི་མུ་སྟེགས་ཅན་རྣམས་ཀྱི་ཡིན་ཏེ། ཇི་ལྟར་ཕྱོགས་གོས་པ་རྣམས་འགྱུར་བར་སྨྲ་བ་ནི་ཇི་སྲིད་དུ་སྲོག་ཡོད་པ་དེ་སྲིད་དུ་ལུས་ཤེས་ཏེ། སྲོག་ཇི་ཙམ་པ་ལུས་དེ་ཙམ་པ་ཉིད་དེ། འདུ་བ་དང་ནི་གྱེས་པ་དང་། །སྲོག་ནི་ལུས་ཀྱི་ཚད་ཅན་ཏེ། །
དེ་ནི་རིགས་པ་རྣམས་ཀྱིས་སྨྲས། །ནམས་ཀྱང་ཕྲ་མོ་ཡོད་མ་ཡིན། །ཞེས་སོ། །རྒྱུ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ནི་རྟག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་པ་རྒྱུ་ཀུན་ཏུ་རྟོག་པར་བྱེད་པའོ། །དེ་དག་ལས་འབྲས་བུ་འབྱུང་བ་དང་། གཅིག་
པ་དང་། ཐ་དད་པར་ལུང་བསྟན་དུ་མེད་ཅེས་རྟོག་གོ། །ངའི་གསུང་རབ་ལ་མ་ཡིན་ནོ་ཞེས་པ་ནི་ཇི་སྐད་དུ་གསུངས་པ་ཡིན་ཞེ་ན། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་རང་བཞིན་གཉིས་སུ་ལུང་བསྟན་དུ་མེད་པ་ནི་ཐམས་ཅད་མཁྱེན་པའི་གསུང་
Vol. 121 · folio 134b
རབ་ལས་ནི་ཐམས་ཅད་བསམ་དུ་མེད་པར་བརྗོད་པ་སྟེ། ཇི་ལྟར་ཞེ་ན། གཟུང་བ་དང་། འཛིན་པ་དང་མི་ལྡན་པ་རྣམ་པར་རྟོག་ཅིང་སྣང་བ་མེད་པར་མི་གཉིས་པར་ཡང་དག་པར་རིག་པ་ལ་ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། གཉིས་ཀ་དང་། གཉིས་ཀ་
མ་ཡིན་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་མི་འཇུག་གོ། །གང་ན་འཛིན་པ་དང་གཟུང་བའི་དངོས་པོ་ཡོད་པ་དེར་རྣམ་པར་རྟོག་པ་འཇུག་གི། ངའི་ཚུལ་གྱིས་མི་གཉིས་པར་སྨྲ་བ་དེ་དག་ལ་ལུང་མི་སྟོན་པ་ཞེས་བྱ་བའི་གཞག་པ་ལྟ་ག་ལ་ཡོད། ཆོས་ཐམས་ཅད་ནི་
བྱེད་པ་མེད་པས་ན་ཞེས་བྱ་བ་ནི་རང་དང་སྐད་ཅིག་པའི་ཕྱིར་ལྷག་པའི་བྱ་བ་དང་། བྱེད་པ་དག་མངོན་པར་འབྲེལ་ཏེ་འབྲས་བུ་མི་སྐྱེ་བས་ན་དེའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་སྟེ། དེ་མ་ཐག་པ་ཙམ་གྱིས་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་གོ། །ངོ་བོ་ཉིད་མེད་ཅེས་བྱ་
བ་ནི་རང་དང་སྤྱིའི་མཚན་ཉིད་གཞན་པ་དང་། གཞན་མ་ཡིན་པ་རྣམ་པར་དཔྱད་པ་ན། མི་རིགས་པས་ན་དེས་ནི་དེར་སྔར་དཔྱད་ཟིན་ཏོ། །དེ་ལ་བླང་བ་མེད་པ་དང་། དོར་བ་མེད་པ་ཞེས་བྱ་བ་ནི་མདོ་སྡེ་མང་པོར་རབ་ཏུ་དགྲོལ་བ་ལ་ལྟོས་ཏེ་དོན་ཆུད་པར་བྱའོ། །རང་དང་
སྤྱིའི་མཚན་ཉིད་བླང་ན་ཞེས་པ་ནི་ཡོངས་སུ་བརྟག་པ་ནའོ། །བླང་དུ་མེད་པ་ནི་སྒོ་རྣམ་པ་དུ་མས་ཀྱང་ཁོང་དུ་མི་ཆུད་དོ། །ཕྱི་རོལ་གྱི་འམ་གཞན་གྱི་དབང་གི་མཚན་ཉིད་རང་དང་སྤྱིའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཀུན་རྟོག་པ་དེ་ནི་གཅིག་པ་དང་ཐ་དད་པར་མི་རིགས་སོ། །གཅིག་པ་
རང་བཞིན་གཉིས་སུ་མེད་པའི་ཕྱིར་མི་རྟག་པ་ལ་སོགས་པའི་འདུ་བྱེད་རྣམས་ལ། མི་རྟག་པ་ལ་སོགས་པའི་མཚན་ཉིད་གཞན་ཡོད་པ་མ་ཡིན་ཏེ། རྣམ་པ་ཅིས་ཀྱང་ཆོས་ཐམས་ཅད་ལ་རང་བཞིན་གྱིས་གཉིས་པར་གསུངས་པས་ན་རང་བཞིན་གཉིས་པའི་མཚན་ཉིད་མེད་དེ།
དངོས་པོ་གཅིག་ལ་གཉིས་སུ་མི་རིགས་པའི་ཕྱིར་རོ། །འབྱུང་བའི་མཚན་ཉིད་དུ་འོང་བ་མེད་པས་ན་བླང་དུ་མེད་དོ། །རྣམ་པ་སྣ་ཚོགས་ཀྱི་རང་བཞིན་མེད་པས་ན་འཇིག་པའི་མཚན་ཉིད་ཅན་དོར་བར་ཡང་མེད་དོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་འོང་བ་དང་འགྲོ་བ་
Vol. 121 · folio 135a
དང་བྲལ་བའོ། །ཇི་ལྟར་དབུ་མ་ལས་འབྱུང་བ། །འགག་མེད་སྐྱེ་བ་མེད་པ་དང་། །རྟག་མེད་ཆད་པ་མེད་པ་དང་། །འོང་བ་མེད་པ་འགྲོ་བ་མེད། །གང་རྟེན་བརྟེན་པར་འབྱུང་བ་ནི། །ཞེས་བྱ་བ་ལ་སོགས་པ་ལའོ། །དངོས་པོ་རྣམས་གཞན་དུ་ནི་འགག་པར་
རྟོག་སྟེ། རེ་ཞིག་ན་དངོས་པོའི་རང་བཞིན་གྱི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ། །ཡོད་པ་དང་མེད་པ་གཉིས་ཀྱི་རྣམ་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་བརྗོད་དུ་མེད་པ་ལ་སུའི་འགག་པ་རྟོག་པར་བྱེད། མཚན་ཉིད་སྐྱེ་བ་མི་རྟག་པ་ཡོད་པས་ཞེས་པ་ནི་སྐད་ཅིག་པའི་འདུ་བྱེད་རྣམས་ལ་
སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པའི་མཚན་ཉིད་རིམ་གྱིས་འབྱུང་བ་ནི་མི་རུང་ངོ་། །འོན་ཏེ་ཡང་དེ་ལྟར་འགྱུར་ན་ནི་སྐད་ཅིག་པ་གཞན་དུ་གནས་པའི་ཕྱིར་དེ་དག་སྐད་ཅིག་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་ནི་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་
སྐྱེ་བ་ནི་མི་རྟག་པ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཞེས་བྱའོ། །དེས་ན་སྐད་ཅིག་མ་དྲུག་ཏུ་གནས་པར་ཡང་ལན་སྨྲས་པར་རིག་པར་བྱའོ། །གསོལ་བར་གྱུར་པ་མགོ་གཅིག་ཅིག་ལུང་སྟོན་ཏོ། །ཁ་ཅིག་ཏུ་སྤྱིར་ལུང་བསྟན་པས་སོམ་ཉི་རྣམ་པར་མ་ལོག་པའི་ཕྱིར་ཁྱད་པར་ཅུང་ཟད་ཙམ་ཞིག་
དྲི་བ་ཡོད་པ་ནི་འདྲི་བའོ། །དེ་བཞིན་དུ་བསྡུས་པའི་དོན་རྣམ་པར་ཕྱེ་སྟེ་གཟུང་བའོ། །རྩོད་པའི་སྐྱེ་བོ་ལ་ལྟོས་ཏེ་ཅུང་ཟད་ཀྱང་གཞག་པའོ། །ཤེས་རབ་ལ་ལྟོས་ཏེ་གང་ཟབ་མོའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ལུང་བསྟན་པར་མཛད་པའོ། །གྲངས་ཅན་དང་ཁྱད་པར་ཅན་ལ་སོགས་
པས་ལུང་མི་སྟོན་པ་རྣམས་ཇི་ལྟ་བུར་སྨྲས་པ་དེ་བཤད་པར་བྱ་སྟེ། གནས་དང་གནས་པ་གཞན་པ་ནི་ལུང་བསྟན་དུ་མེད་དོ་ཞེས་སོ། །སོ་སོར་གྲུབ་པའི་རྣམས་སྦྱོར་བ་དང་། སོ་སོར་གྲུབ་པ་མ་ཡིན་པའི་རྣམས་ནི་ཕྲད་པ་སྟེ་ཞེས་པ་ལ། ཕྲད་པའི་རྒྱུ་མ་གཏོགས་པར་དེ་ལ་གནས་པའི་རྫས་དང་ཡོན་ཏན་
ལ་སོགས་པ་ཕྱོགས་གཞན་དུ་གྲུབ་པོ་ཞེས་སྨྲ་བར་མི་ནུས་སོ། །ཕྲད་པའི་རྒྱུའི་རང་བཞིན་ཡང་ལུང་བསྟན་དུ་མེད་དོ། །སོ་སོར་གྲུབ་པ་རྣམས་ལ་ནི་བུམ་པ་དང་། སྣམ་བུ་ལ་སོགས་པ་ཐ་དད་དུ་ལུང་བསྟན་དུ་ཡོད་དོ་ཞེས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་རྣམ་པར་
Vol. 121 · folio 135b
ཤེས་ཤིང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པར་གྱུར་ཏེ། ས་ནས་སའི་མཚན་ཉིད་ལས་འདས་པ་རྟོགས་པར་ཁོང་དུ་ཆུད་པས་ཞེས་བྱ་བ་ནི་ས་དང་པོ་ལ་སོགས་པའི་རང་གི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཀྱི་ཇི་ལྟར་ཤེས་ཤེ་ན། དེ་
ལ་སྦྱིན་པ་ལ་སོགས་པ་ནི་རང་གི་ཕྱོགས་ཀྱི་མཚན་ཉིད་དུ་འབྱེད་པའོ། །འཇུངས་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་སོ། །ས་དང་སར་མཚན་ཉིད་གང་ཡིན་པ་དེས་སའི་ཕྱོགས་ཀྱི་མི་མཐུན་པ་ལས་འདའ་བ་རྟོགས་པར་ཁོང་དུ་ཆུད་པའོ། །ཉོན་མོངས་པ་མེད་པའི་མི་ཤེས་
པ་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ས་བཅུར་གཏོགས་པ་ཡེ་ཤེས་ཆེན་པོ་དང་། འབྲིང་པོ་དང་ཆུང་ངུའི་མཚན་ཉིད་ཀྱི་སྤང་བར་བྱའོ་ཞེས་དེ་ལྟར་རྣམ་པར་ཤེས་པར་གྱུར་པ་དང་། ཆོས་ཐམས་ཅད་ཀྱི་ཡུལ་འགྲོ་བའི་ལུས་ལོངས་སྤྱོད་པར་ཉེ་བར་འཚོ་བར་འགྱུར་རོ་ཞེས་
ཏེ། །དེ་ལ་ཆོས་ཐམས་ཅད་ཀྱི་ཡུལ་ལ་འགྲོ་བའི་ལུས་ནི་ཐམས་ཅད་མཁྱེན་པའི་ཆུད་པའི་སྐུ་སྟེ། གཉིས་པ་དང་མི་གཉིས་པའི་ཏིང་ངེ་འཛིན་མཁྱེན་པའོ། །དེ་བཞིན་དུ་ཡང་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་ཆོས་བཤད་པ་ལ་སོགས་པའི་ལོངས་
སྤྱོད་ཀྱི་འཚོ་བས་ཉེ་བར་འགྱུར་རོ། །ཐ་མ་དང་། བར་མ་དང་། མཆོག་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཁྱད་པར་གྱིས་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོའི་མཚན་ཉིད་དུ་བརྟག་པར་བྱའོ། །ཇི་ལྟར་འདི་ཉིད་དུ་གསུངས་པ། ཏིང་ངེ་འཛིན་གྱི་མྱོས་པས་བསླད་པ་ནི་ཟག་པ་མེད་
པའི་དབྱིངས་སུ་གནས་ཞེས་པའོ། །འོ་ན་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ། དམ་པའི་ཆོས་པུཎྜ་རི་ཀ་ལས། སྣང་བའི་རྒྱུ་ནི་མྱ་ངན་ལས་འདའ་བར་ང་སྨྲའོ་ཞེས་གསུངས་པས་ན་དེ་འདི་ཉེས་པ་མེད་དོ། །སྲེད་པ་ལ་སོགས་པའི་ཉོན་མོངས་པ་སྤངས་ཏེ།
འཁོར་བའི་སྡུག་བསྔལ་ཟད་པ་ཉིད་ནི་ཐར་པའོ། །མ་རིག་པའི་ཉོན་མོངས་པ་དང་། ལས་ལས་སྐྱེས་པའི་ལུས་ཀྱི་སྣང་བ་དང་འབྲེལ་ཏེ། བསམ་གྱིས་མི་ཁྱབ་པའི་ཟག་པ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་དེ་དག་གི་ཐར་པ་ནི་འགོག་པ་ལ་མཉམ་པར་གཞག་པ་དང་འདྲ་སྟེ།
Vol. 121 · folio 136a
ཐམས་ཅད་མཁྱེན་པའི་མདས་སྙིང་རྗེའི་བག་ཆགས་ཀྱི་ས་བོན་གྱིས་སད་དེ། སྣང་བ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་ཉིད་དུ་འགྱུར་རོ། །བྱེ་བྲག་གིས་གོང་ནས་གོང་དུ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཀུན་ཏུ་སྤྱོད་པ་དང་བྲལ་ཏེ། །མཐོང་བ་དང་བསྒོམ་
པའི་མཚན་ཉིད་ཀྱི་བྱེ་བྲག་གི་ལམ་གྱིས་ཆེན་པོ་དང་། བར་མ་དང་། ཆུང་ངུའི་སྦྱོར་བ་རྣམས་རྙོག་པའི་མཚན་ཉིད་སྤོང་བས་འབྲས་བུར་འགྱུར་རོ། །དེ་དག་དང་བྲལ་ནས་ཆུ་རྣམས་ཀྱི་རྙོག་པ་རབ་ཏུ་དང་བ་བཞིན་དུ་དགྲ་བཅོམ་པ་རྣམས་ཀྱི་འབྲས་བུར་འགྱུར་རོ་ཞེས་པ་ནི་འཇིག་རྟེན་གྱི་ཐ་སྙད་དོ། །གཞན་གྱི་དབང་གསལ་བའི་
གཟུགས་སུ་སྣང་བ་ལ། གང་སྣང་བ་མེད་པའི་རྟག་པ་དང་། བདག་དང་། རྡུལ་ཕྲ་མོ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ནི་གཞན་གྱི་དབང་ལ་ཡོངས་སུ་བརྟགས་པའི་རང་བཞིན་ནོ། །དེ་བཞིན་དུ་ཕུང་པོ་ལྔའི་བདག་ཉིད་ལ་ཁྱབ་པ་དང་ཕྲ་བ་ལ་སོགས་པར་རྟོག་པའོ། །གཞན་གྱི་དབང་དེར་ཀུན་བརྟགས་པའི་རང་བཞིན་དེ་ཡང་
ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་མེད་ཀྱང་མ་ཡིན་ཞེས་པ་ནི་གཉིས་ཀའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་པའི་རྒྱུ་གསུངས་པ། ཡང་དག་པ་མ་ཡིན་པའི་ཀུན་བརྟགས་པའི་མཚན་ཉིད་པས་ན་ཞེས་ཏེ། གང་གིས་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་རྫས་ལ་སོགས་པ་ཡང་དག་པ་མ་
ཡིན་པ་ཀུན་རྟོག་པ་དེས་ན་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའོ། །ཡོད་པ་ཡང་མ་ཡིན་པ་ནི་ཡང་དག་པ་ཇི་ལྟ་བའི་དོན་མ་ཡིན་པའི་ཕྱིར་རོ། །གང་གིས་ཡང་ཆུད་པ་མ་ཡིན་པའི་རྣམ་པར་རྟོག་པ་ཙམ་དུ་སྣང་བའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །གཉིས་ཀྱི་རང་བཞིན་མེད་པའི་ཕྱིར་རྣམ་པར་རྟོག་པ་གསུམ་
པོ་ཡང་ཡུལ་མེད་པ་སྟེ། དེས་ན་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའོ། །རང་བཞིན་གསུམ་གྱི་མཚན་ཉིད་ནི་ཐམས་ཅད་མཁྱེན་པས་འདི་ཉིད་དུ་གསུངས་པ། བརྟགས་པ་ཡི་ནི་རང་བཞིན་གྱིས། །དངོས་པོ་ཐམས་ཅད་མ་སྐྱེས་ཏེ། །གཞན་དབང་ལ་ནི་བརྟེན་ནས་སུ། །མི་རྣམས་རྣམ་པར་རྟོག་པ་སྐྱེ། །
རྣམ་པར་རྟོག་པས་རྣམ་སྤངས་ཏེ། །གང་ཚེ་གཞན་དབང་དག་པ་ནི། །གྲུབ་པ་དེ་བཞིན་ཉིད་བཤད་པར། །མདོ་སྡེ་མདོ་སྡེར་ངས་སྨྲས་སོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་
Vol. 121 · folio 136b
པ་དང་། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པ་རང་བཞིན་མེད་པའོ། །བྱིས་པ་རྣམས་ཀྱིས་རྟག་པ་དང་། ཕྱི་རོལ་གྱི་རྫས་ལ་སོགས་པ་མཚན་ཉིད་གང་དག་གིས་ཀུན་རྟོག་པའི་མཚན་ཉིད་དེ་དག་གིས་ཀུན་བརྟགས་པའམ། མ་སྐྱེས་པ་ན་མཚན་ཉིད་རང་བཞིན་མེད་པའོ། །གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་
ཀྱི་རྣམ་པ་རྣམས་ཀྱི་སྐྱེ་བའི་རང་བཞིན་མེད་དེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་གསལ་བར་སྐྱེས་སུ་ཟིན་ཀྱང་ཤེས་རབ་ཀྱིས་དཔྱད་དེ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གནོད་པའི་ཕྱིར་སྐྱེ་བ་རང་བཞིན་མེད་པའོ། །དོན་དམ་པ་གྲུབ་པའི་རང་བཞིན་གྱིས་
འོད་གསལ་ཞིང་རོ་གཅིག་པར་འགྱུར་བའི་ཆུད་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། །ཆོས་ཉིད་རྒྱུན་དུ་གནས་པ་ལ་ནི་འཛིན་པ་དང་གཟུང་བ་རྣམ་པ་གཉིས་ཀྱི་རང་བཞིན་མེད་དོ། །ཇི་ལྟར་འཕགས་པ་བཙུན་གཙོ་བྱམས་པས་བཤད་པ། གཉིས་མེད་པ་ཡི་དངོས་པོ་ནི། །སྟོང་
པ་ཡི་ནི་མཚན་ཉིད་དོ། །ཞེས་སོ། །དངོས་པོ་མེད་པའི་སྟོང་པའི་མཚན་ཉིད་ཅི་ཞེ་ན། དངོས་པོ་ཉིད་དོ། །ཇི་ལྟར་ན་མཚན་ཉིད་ཅེ་ན། གཉིས་ཀྱི་རྣམ་པ་དང་བྲལ་བའི་ཆུད་པ་ཡོངས་སུ་གྲུབ་པའི་རང་བཞིན་ནི་ཆོས་ཅན་ནོ། །དེ་ལ་དེའི་འཛིན་པ་དང་གཟུང་བའི་བྲལ་བ་ཉིད་ནི་ཆོས་ཉིད་ཅེས་བྱ་སྟེ་གྲུབ་པའི་རང་བཞིན་ནོ། །
དེ་སྟེ་ལང་ཀར་གཤེགས་པ་དང་དགོངས་པ་ངེས་པར་འགྲེལ་པར་ཐམས་ཅད་མཁྱེན་པས་བཤད་པའི་ཚུལ་དུ་རང་བཞིན་གསུམ་དུ་རྣམ་པར་གཞག་པ་མི་རུང་ན་ནི་དེའི་ཚེ་རང་རང་གི་རྣམ་པར་རྟོག་པའི་རང་བཟོ་འབའ་ཞིག་སྟེ། རྟོག་པས་སྨྲ་བར་ཡང་འགྱུར་རོ། །གང་དག་ཡང་གཞན་གྱི་དབང་གི་རང་བཞིན་གང་
ཡིན་པ་དེ་གྲུབ་པ་ཞེས་སྨྲ་ཞིང་གཞན་གྱིས་སྐྱེད་པར་བྱེད་པས་ན་གཞན་གྱི་དབང་ངོ་ཞེས་པ་དོན་འདི་ནི་མ་ཡིན་ཏེ། དེ་ཇི་ལྟ་ཞེ་ན། གཞན་གྱི་དབང་གིས་གནས་པ་སྟེ། མ་རིག་པ་ལ་སོགས་པས་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྤྲོས་པར་བྱེད་པའོ། །གཉིས་ཀྱི་རྣམ་པ་གསལ་བར་སྣང་བ་ནི་ཤེས་པ་ཉིད་རིག་
པ་སྟེ། དེ་ནི་འདི་སྐད་ཅེས་སྨྲས་པ་ཡིན་ནོ། །གང་རྐྱེན་གཞན་དག་གི་དབང་དུ་གྱུར་ཅིང་འདྲ་བའི་སྐད་ཅིག་མ་གཞན་ལ་ལྟོས་པ་མ་གཏོགས་པར་དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྐྱེ་བའི་ཕྱིར་གཞན་གྱི་དབང་དུ་གྱུར་པ་དེ་ནི་གཞན་གྱི་དབང་ངོ་། །མི་གཡོ་བ་དེ་
Vol. 121 · folio 137a
ནི་རོ་གཅིག་པར་འབའ་ཞིག་ཡང་དག་པར་རིག་པ་ཙམ་པོ་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་ཐམས་ཅད་ཀྱི་རྗེས་སུ་སོང་བ་གསེར་ལྟ་བུ་རྐྱེན་གཞན་གྱིས་འཕངས་པའི་གློ་བུར་གྱི་ཉེས་པ་ཡོངས་སུ་ཟད་དེ་ཡོངས་སུ་གྲུབ་པ་ནི་གསུམ་པའོ། །ཇི་ལྟར་འཕགས་པ་དེ་ཁོ་ན་ཉིད་བསྡུས་
པ་ལས་འབྱུང་བ། རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་སུས་ཇི་ལྟར་ཡོངས་སུ་སྦྱོང་བ་དེ་དེ་ལྟར་གྲུབ་པར་འགྱུར་རོ་ཞེས་ཚིག་གི་དོན་དུ་རྟོགས་པར་འགྱུར་རོ། །གཞན་གྱི་དབང་དེ་ལ་ཡང་རྣམ་པ་གཉིས་ཏེ། འཁོར་
བ་རྣམས་ཀྱིས་ནི་མ་རིག་པ་དང་། ལས་ལས་བྱུང་བ་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་སྣང་བའོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དགེ་བའི་འདུ་བྱེད་ལ་སོགས་པ་རྣམ་པར་དག་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་སུ་སྣང་བའོ། །དེ་གཉིས་ཀྱི་རྣམ་པ་དང་བྲལ་ཞིང་ཡང་དག་པར་རིག་པ་ཙམ་ནི་རང་
བཞིན་གྱིས་འོད་གསལ་ཞིང་འདུས་བྱས་དང་། འདུས་མ་བྱས་པའི་ཡོངས་སུ་གྲུབ་པ་ཡིན་ནོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་དེ་ནི་སྟོན་པའི་བཏགས་པའི་ཚིག་གོ། །དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་ན་འདུས་མ་
བྱས་ཏེ། ཆོས་ཉིད་འདི་ནི་ཡེ་གནས་པ་ཞེས་བྱའོ། །སྐད་ཅིག་པའི་ཕྱིར་འདུས་བྱས་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་ཟག་ལ་བདག་མེད་པའི་དངོས་པོར་འཛིན་པ་མེད་པས་ཞེས་བྱ་བ་ནི་སྐད་ཅིག་པ་འཇིག་པ་ཁོང་དུ་ཆུད་པར་གྱུར་པའི་འོག་ཏུ་རྟག་པའི་བདག་ཏུ་ལྟ་བ་སྤོང་ངོ་། །དངོས་པོར་འཛིན་པ་
མེད་པས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དངོས་པོར་འཛིན་པ་མེད་པའི་ཕྱིར་ཆོས་ལ་བདག་མེད་པ་སྟེ་ཞེས་པར་དེར་བསྟན་ཏོ། །གཞན་དུ་དངོས་པོར་འཛིན་པ་མེད་པར་མི་རུང་སྟེ། གང་ཟག་ལ་བདག་མེད་པ་ནི་ཕྱི་རོལ་གྱི་དོན་དུ་ལྟ་བའི་ཕྱིར་རོ། །དེའི་ཕྱིར་རྡོ་རྗེ་གཅོད་པ་ལས་འདི་སྐད་དུ་གསུངས་པ། གཟུགས་
ལའང་མ་ཞུགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་བས་ན་མདོ་སྡེ་འདིར་ལྷན་ཅིག་ཏུ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་ཚོགས་ལ་ལྟ་བ་ནི་ཆོས་ལ་བདག་མེད་པ་སྟེ། ཕྱི་རོལ་གྱི་དོན་སུན་དབྱུང་བར་རབ་ཏུ་བྱེད་པའི་དོན་གྱི་ཕྱིར་རོ། །བདག་དང་གཞན་གྱི་ལུས་མཉམ་པ་ཉིད་ནི་ཡང་དག་
Vol. 121 · folio 137b
པར་རིག་པ་ཙམ་དུ་མཚུངས་པའི་ཕྱིར་རོ། །ཕུང་པོ་བཞི་གཟུགས་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །གང་ལས་གཟུགས་མེད་པས་ཤེས་པར་བྱེད་པའི་རྒྱུར་གསུངས་སོ། །སྐྱེ་བར་བྱེད་པའི་རྒྱུར་གསུངས་པ་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སོ་སོར་སྣང་བ་ཞེས་པར་
འབྲེལ་ཏོ། །དེ་ཡང་ཕན་ཚུན་གྱི་རྒྱུའི་མཚན་ཉིད་ཀྱི་ཕྱིར་ཞེས་པ་ནི་འབྱུང་བ་རྣམས་ཚོགས་པར་འདུས་པའི་གཟུགས་ནི་རེག་པ་ལ་སོགས་པས་གཟུགས་ཀྱི་མཚན་ཉིད་དེ། དེ་ལ་བརྟེན་པ་ལ་སོགས་པའི་ལས་ཀྱིས་ནི་འབྱུང་བ་རྣམས་རྗེས་སུ་དཔག་གོ་ཞེས་སོ། །འབྱུང་བ་རྣམས་ཕན་ཚུན་དུ་རྒྱུ་བྱེད་པ་ནི་རིམ་དུ་
མི་སྐྱེའོ། །གསུངས་པ་བཞིན་དུ་རིག་པར་བྱ་སྟེ། ཕྱི་རོལ་གྱི་དངོས་པོར་ལྷན་ཅིག་ཏུ་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་བཟློག་པ་ནི་ཕྱི་རོལ་གྱི་སྒྲ་དང་། རྟག་པ་ཡོད་པའི་ཕྱོགས་ལ་ཕྱོགས་མ་ཡིན་པའི་ལྟ་བ་མཐོང་བའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱིས་སྤོང་བར་འགྱུར་རོ། །དེ་ཁོ་ན་ཉིད་ཀྱི་དོན་དུ་
ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ། །ཐེ་ཚོམ་གྱི་མཚན་ཉིད་ནི་ཡང་དག་པའི་ཡེ་ཤེས་མ་གཏོགས་པར་མི་རྟོགས་སོ། །འབྲས་བུ་འཐོབ་པའི་ཕྱིར་ལམ་གྱི་ཆོས་ཁོང་དུ་ཆུད་པར་བྱ་བ་ཤིན་ཏུ་མཐོང་བའི་ཕྱིར་རོ། །དག་ཀྱང་མ་དག་པའི་ཕྱིར་ཞེས་པ་ནི་རྒྱུའི་ཚིག་སྟེ། སྟོན་པ་གཞན་གྱིས་སྡུག་
བསྔལ་དང་མི་མཛེས་པ་ལ་སོགས་པ་འཁོར་བ་ལས་སྐྱོ་བའི་རྒྱུ་སྨྲས་པ་ལ། རྟག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་པའི་རྒྱུ་ལས་བྱུང་ཞེས་ཏེ། དག་ཏུ་ཟིན་ཀྱང་དག་པ་མ་ཡིན་ཞེས་པ་ནི་རྒྱུའི་ཚིག་སྟེ། དེ་དག་གི་གཙུག་ལག་ལ་ཡོན་ཏན་དུ་མཐོང་བར་མི་འགྱུར་རོ། །
སྡུག་བསྔལ་སྐྱེ་བའི་གནས་ཞེས་བྱ་བ་ནི་དེས་རྟག་པ་དང་། བདག་དང་། བདག་གིར་ཆགས་པའི་མ་རིག་པ་དང་། ལས་ཀྱི་མཚན་ཉིད་ཀྱི་ཀུན་འབྱུང་བ་དེ་ཤིན་ཏུ་མཐོང་བའི་ཕྱིར་སྙེམས་པ་མི་བྱེད་དོ། །རྣམ་པར་མི་རྟོག་པ་ཟག་པ་མེད་པ་ནི་ཐེག་པ་ཆེན་པོར་ཆོས་ལ་བདག་མེད་པར་རབ་ཏུ་
སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཡན་ལག་ནི་སའི་ཁྱད་པར་དུ་འགྲོ་བར་རོ། །གཟུགས་སུ་སྣང་བའི་སྐྱེ་བ་ལན་ཅིག་པས་ན་ལན་ཅིག་ཕྱིར་འོང་བའོ། །དུས་གསུམ་གྱི་མཉམ་པ་ཉིད་དང་ལྡན་པ་ནི་ཕྱིར་མི་འོང་བ་སྟེ། དེའི་ཕྱིར་འདི་སྐད་དུ་གསུངས་པ། འདས་པ་དང་།
Vol. 121 · folio 138a
མ་འོངས་པ་དང་། ད་ལྟར་གྱི་མཚན་ཉིད་ཡོད་པ་དང་། མེད་པར་མི་འཇུག་པས་ཏེ། གང་གིས་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་གནས་སུ་འཇུག་པའོ། །དེས་དུས་གསུམ་གྱི་གཉིས་ཀྱི་མཉམ་པའི་ཚིག་གི་དོན་མི་སྣང་ངོ་། །ཇི་ལྟར་ཞེས་པ་
དང་། དེའི་ཕྱིར་གསུངས་པ་དང་། ལྟ་བའི་ཉེས་པ་བག་ལ་ཉལ་བ་ཕྱིར་མི་འོང་བའི་ཕྱིར་ཏེ། རྒྱུ་མེད་པས་ན་འབྲས་བུའང་མེད་དོ། །དེ་ཉིད་གསུངས་པ། ཕྱིར་མི་འོང་བའི་ཚེ་ན་དེ་སྤངས་པ་ནའོ། །དགྲ་བཅོམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་སོ་སོར་རེ་
རེར་བསམ་གཏན་དང་། བསམ་གཏན་དུ་བྱ་བ་ལ་སོགས་པ་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་སྤངས་པས་ན་མི་གཉིས་པའི་ཏིང་ངེ་འཛིན་ལ་གནས་པ་ནི་དེ་སྐད་ཅེས་བྱའོ། །ཞི་བ་ཕྱོགས་གཅིག་ཅེས་བྱ་བ་ནི་བདག་ལ་ཕན་པར་ཞུགས་པ་སྟེ། ཞི་བའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་
ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས། གང་དགེ་བའི་རྩ་བ་ལ་གོམས་པ་དེར་འཕགས་པའི་ཉན་ཐོས་དེར་རྨོངས་ཞེས་བྱའོ། །ཇི་ལྟར་སྡོང་པོ་བརྒྱན་ལས་འབྱུང་བ། མཉན་དུ་ཡོད་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་
གྱི་དགེ་བའི་རྩ་བ་ཡོད་པ་མ་སྨིན་པའི་ཕྱིར་ཉན་ཐོས་དེ་དག་གིས་མི་མཐོང་བ་ནི་ལྟ་སྟེ། དམུས་ལོང་བཞིན་ནོ་ཞེས་རྒྱ་ཆེར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ཅན་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་རྟོགས་པས་འཁོར་བ་དང་འབྲེལ་བའི་འདོད་ཆགས་པ་ལ་སོགས་པའི་ཉོན་མོངས་པ་སྤངས་
པར་འགྱུར་ཏེ། གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་དག་དེ་ལས་རབ་ཏུ་སད་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སངས་རྒྱས་ཁོ་ན་བྱ་བར་ནུས་ཀྱི། ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །ཞི་བའི་ཕྱོགས་གཅིག་པའི་འདོད་ཆགས་དང་བྲལ་བ་ནི་དགོངས་པ་ངེས་པར་འགྲེལ་པ་བཞིན་ནོ། །སངས་
རྒྱས་འཕྲུལ་པས་སྤྲུལ་པ་ཞེས་བྱ་བ་ནི་ཇི་ལྟར་གསུངས་པ། ཉན་ཐོས་དང་ནི་རྒྱལ་བ་ཡི། །གང་དེ་གཟུགས་སུ་སྣང་བ་ནི། །བྱང་ཆུབ་སེམས་དཔའི་བརྩེ་བདག་གིས། །སྤྲུལ་པ་དེ་དག་སྟོན་པའོ། །ཞེས་ཏེ། འཕྲུལ་པས་སྤྲུལ་པ་ནི་ཉན་ཐོས་ཀྱི་བྱེ་བྲག་གོ། །རྣམ་པར་རྟོག་པ་འཇུག་པའི་གནས་
Vol. 121 · folio 138b
གཞན་སྣ་ཚོགས་བསྟན་པ་འདི་ནི་ཞེས་བྱ་བ་འབྲས་བུའི་མཚན་ཉིད་བསྟན་པ་དང་འབྲེལ་ཏོ། །གནས་གཞན་ནི་འབྲས་བུར་ཞུགས་པས་རྒྱུན་དུ་ཞུགས་པ་ལ་སོགས་པ་ཐ་དད་པའོ། །རྣམ་པར་རྟོག་པ་འཇུག་པས་རྣམ་པ་སྣ་ཚོགས་སུ་བསྟན་པ་ཕྱི་རོལ་གྱི་མི་མཛེས་པ་ལ་སོགས་པའི་དངོས་པོ་དེ་དག་
དོན་དམ་པར་ཅིའི་སླད་དུ་མ་མཆིས་ཞེས་པ་དང་། དེའི་ཕྱིར་རྒྱུ་གསུངས་པ། འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བསམ་གཏན་དང་། བསམ་གཏན་དུ་བྱ་བ་དང་། བསམ་གཏན་པ་རྣམ་པར་དབེན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་ལམ་དབེན་པའི་ཕྱིར་ཞེས་བྱ་སྟེ། གཉིས་ཀྱི་རྣམ་པ་དང་བྲལ་
བས་སོ། །ཇི་ལྟར་ཞེས་པ་དང་། གསུངས་པ་རང་གི་སེམས་སྣང་བར་གཏོགས་པས་ཞེས་ཏེ། རང་གི་སེམས་སྣང་བ་ལས་ལྷག་པའི་ཕྱི་རོལ་གྱི་དོན་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཕྱི་རོལ་གྱི་བསམ་གཏན་དུ་བྱ་བ་མེད་ན་ཡང་། བསམ་གཏན་དང་། བསམ་གཏན་པ་ཇི་ལྟར་ན་ཡོད་དེ། ཡང་
དག་པར་རིག་པ་ཙམ་ལ་རིག་པར་བྱ་བ་དང་། རིག་པ་པོ་མེད་དོ། །གཉིས་སུ་གྱུར་ཅིང་ཞེས་པ་ནི་ཕྱི་རོལ་གྱི་དོན་ལ་བཟུང་བའི་སྐྱོན་ཏེ། ཇི་སྲིད་དུ་ཕྱི་རོལ་གྱི་དོན་དུ་མངོན་པར་ཆགས་པ་དེ་སྲིད་དུ་རྨོངས་པ་མི་སྤོང་སྟེ། རྒྱུ་དེ་ཉིད་ལས་སྲིད་པ་ཀུན་ཏུ་སྦྱོར་བར་འགྱུར་རོ་ཞེས་དགོངས་པ་བརྟག་གོ། །རང་
གི་སེམས་སྣང་བའི་མཚན་ཉིད་ཤེས་པར་བྱ་བའི་རྣམ་པར་ཤེས་རབ་ཀྱིས་ལྡོག་པར་བྱ་སྟེ་ཞེས་པ་ནི་ཕྱི་རོལ་དང་ནང་གི་གཟུགས་སྣ་ཚོགས་སུ་སྣང་བ་རྣམ་པར་དབྱེ་བ་ན་ཁང་པ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དེ། རྣམ་པ་མཐའ་ཡས་སོ་ཞེས་རྣམ་པ་དེ་ལྟ་བུའི་འདུ་ཤེས་སུ་ཚོར་བ་ཙམ་དགག་པའི་
ཕྱིར་སྙོམས་པར་འཇུག་པའོ། །རང་གི་སེམས་སྣང་བའི་རྒྱུ་ལས་འདའ་བ་ནི་སེམས་ལ་ཡོད་པའི་མཚན་མའི་རྣམ་པ་པའི་ཆུད་པ་མ་གཏོགས་པར་འགོག་པར་མི་རུང་ངོ་། །དེ་ཞེས་པ་ནི་རང་གི་སེམས་ཉིད་ཀྱི་དམིགས་པ་ཡོད་ན་ནི་དེའི་ཚེ་འགོག་པ་ལ་སྙོམས་པར་འཇུག་པ་ཡང་མི་རུང་སྟེ་སེམས་
ཙམ་པའི་ཕྱིར་རོ། །འགོག་པ་ལ་སྙོམས་པར་འཇུག་པ་དེའི་མཚན་མ་ཡོད་པས་དམིགས་པ་ལ་རྣམ་པ་སྣ་ཚོགས་ཙམ་ཉིད་མི་རུང་སྟེ། གཉིས་ཀྱི་རྣམ་པའི་ཕྱིར་རོ། །ཡང་དག་པར་རིག་པའི་སེམས་ཙམ་ལ་ནི། མཚན་མ་ཡོད་པ་མ་ཡིན་པས་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་
Vol. 121 · folio 139a
པའི་བདེན་པ་མི་གཉིས་པར་རིག་པ་ལ་མི་རྟག་པ་དང་། མི་མཛེས་པ་ལ་སོགས་པའི་གཟུགས་སུ་དམིགས་པ་མེད་པའི་ཕྱིར་རྣམ་པ་གཉིས་ཀྱི་བསམ་གཏན་ལ་སོགས་པ་ཐམས་ཅད་དང་འབྲས་བུའི་མཚན་མ་འཁྲུལ་པའི་མཚན་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་
གཉིས་ཀྱི་རྣམ་པའི་བསམ་གཏན་ཐམས་ཅད་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་ཐམས་ཅད་མཐའ་བཞི་དང་བྲལ་བ་ཞེས་བྱ་བ་ནི་རྣམ་པ་བཞིའི་རྣམ་པར་རྟོག་པ་མེད་པ་སྟེ། དེ་དག་ཀྱང་མི་དམིགས་སོ། །ཅིའི་ཕྱིར་ཞེ་ན། ཆུད་པ་མཐའ་དག་མི་གཉིས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་འདི་ཞེས་བྱ་
བ་ནི་ཆོས་རྣམ་པར་འབྱེད་པའི་བློ་སྟེ། དེས་གཅིག་པ་དང་ཐ་དད་པ་ལ་སོགས་པའི་ཆོས་རྣམས་རྟོག་པ་ཡོངས་སུ་སྤང་བར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་གཟུང་བ་མེད་པ་དང་། བརྗོད་དུ་མེད་པར་ཐུགས་སུ་ཆུད་པ་དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་
པའི་ཆོས་གང་གིས་ཀྱང་དེ་རྣམ་པར་རྟོག་པར་མི་བྱའོ། །གང་དག་སྲ་བ་དང་། ཚ་བ་དང་། གཤེར་བ་ལ་སོགས་པའི་མཚན་ཉིད་དུ་རྣམ་པར་རྟོག་པའི་མཚན་ཉིད་ལ་མངོན་པར་ཆགས་པའི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་དེ་དག་གི་རྟག་པ་རྣམས་རྣམ་པར་རྟོག་པ་སྟེ། ཕྱི་རོལ་གྱི་འབྱུང་བ་
རྣམས་ནི་མེད་དོ། །ཇི་ལྟར་ཡི་དམ་འཆའ་བ་དང་། རྒྱུའི་མཚན་ཉིད་དང་། དཔེ་ལ་མངོན་པར་ཆགས་པའི་ཕྱིར་ཏེ། ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱི་བློས་རྟོག་པ་དོན་གྱི་བྱ་བ་ནུས་པའི་ཕྱིར་བྱུང་བ་རྣམས་ཡོད་དོ། །དེ་དག་མེད་ན་ནི་ཚིག་པ་དང་། གཅེས་པ་ལ་སོགས་པའི་འབྲས་བུ་ཡོད་
པར་མི་འགྱུར་རོ། །གང་དོན་གྱིས་སྟོང་པའི་རྣམ་པར་ཤེས་པ་དེ་ནི་སླུ་བས་ཁྱབ་པ་ཡིན་ཏེ། མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པ་བཞིན་ནོ། །དེ་སྟེ་ཐམས་ཅད་དོན་གྱིས་སྟོང་པ་ཡིན་ན་ནི་སླུ་བས་ཁྱབ་པར་མི་འགྱུར་ཏེ། དེ་ལྟར་མ་ཡིན་པས་ན་ཕྱི་རོལ་གྱི་དོན་གྲུབ་པོ་ཞེས་སོ། །ཐམས་ཅད་མཁྱེན་
པས་དགོངས་པ་ཡང་རྨི་ལམ་གྱི་དུས་ན་སྨིག་རྒྱུ་དང་མཚོ་ལ་སོགས་པར་སླུ་བ་དང་སླུ་བ་མེད་པའི་འབྲས་བུ་ཡང་དམིགས་པས་ན། དེའི་ཕྱིར་ཤེས་པ་སོ་སོར་སྣང་བ་ལས་མ་གཏོགས་པ་བྱུང་བ་རྣམས་ཡོད་པ་མ་ཡིན་ཏེ། དེས་ན་རྣམ་པར་རྟོག་པའི་མཚན་ཉིད་རྣམས་ལ་གང་འཛིན་པ་ཡིན་
Vol. 121 · folio 139b
པས་དེས་གང་མངོན་པར་ཆགས་པ་དེས་ནི་རབ་ཏུ་འཇོག་པའི་བློ་ཞེས་བྱའོ། །སྣང་བ་མེད་པའི་བློ་ལ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་འཇུག་པར་བྱེད་པའི་ཕྱིར་གང་དཔྱོད་པ་སྟེ། སྦོམ་པ་དང་ཕྲ་བ་རྣམ་པར་འབྱེད་པ་རྗེས་སུ་མི་དམིགས་པའི་མཚན་ཉིད་སྟོང་པ་ཉིད་ཁོང་དུ་ཆུད་པར་
བྱེད་ཅིང་། མི་གཉིས་པར་ཡང་དག་པར་རིག་པ་ལ་ནན་ཏན་བྱེད་པའོ། །སྤྱོད་པའི་ས་བོན་ཐོས་པ་དང་སེམས་པ་སྟེ། དེ་ལ་མཁས་པར་གྱུར་པ་དང་། ས་དང་པོ་རབ་ཏུ་དགའ་བ་རྟོགས་པ་མཚན་ཉིད་ཀྱི་སྒོམ་པའི་ཤེས་རབ་ཐོབ་པར་འགྱུར་རོ། །དེ་ལ་སའི་ཡོན་ཏན་རྒྱ་ཆེར་གསུངས་པ། ཏིང་
ངེ་འཛིན་བརྒྱ་ཞེས་བྱ་བ་ལ་སོགས་པའོ། །ཐོག་མའི་མཐའ་དང་ཐ་མའི་མཐའ་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་སྟེ། འདས་པ་དང་མ་འོངས་པ་ལ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ས་བཅུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མཐར་ཐུག་པ་ཐོབ་པར་གྱུར་པ་དང་། དེ་བཞིན་
གཤེགས་པའི་རང་བཞིན་གྱིས་ཐུགས་སུ་ཆུད་པའི་ས་ཐོབ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འོད་ཟེར་གྱིས་མཛེས་སོ་ཞེས་པ་དང་འབྲེལ་ཏོ། །གང་འདི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དེ་ནི་མིང་དང་རྣམ་པར་རྟོག་པ་ཙམ་སྟེ། རྒྱུ་གསུངས་པ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་
ཆུད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། སྔར་ཕྱི་རོལ་དངོས་པོ་མེད་པར་བསྟན་པའི་ཕྱིར་ཏེ། མཐའ་བཞིའི་ཚུལ་རྣམ་པར་དག་ཅིང་བྲལ་བར་གསུངས་པ་བཞིན་ནོ། །རང་གི་མཚན་ཉིད་ཀྱི་གནས་ཞེས་པ་ནི་མི་གཉིས་པར་ཡང་དག་པར་རིག་པ་ཙམ་མོ། །ཐ་དད་པའི་བྱེད་པ་དང་བྱེད་པོས་སོ། །སྐྱེ་བ་ལ་
སོགས་པ་དང་བྲལ་བའི་མཚན་ཉིད་ནི། མ་སྐྱེས་པ་སྟེ། དེ་ལྟ་བུར་ཡོད་པ་ནི་རང་བཞིན་གྱིས་འོད་གསལ་ཞིང་གསེར་ལ་སོགས་པ་བཞིན་རང་གི་མཚན་ཉིད་གྲུབ་པོ། །གཤེར་བ་སྣང་བའི་རྣམ་པར་རྟོག་པ་ནི་ཕྱི་ནང་དུ་སྣང་བའི་ཆུའི་ཁམས་བསྐྱེད་དོ། །ཚ་བ་ནི་མེའི་རྣམ་པར་རྟོག་པའོ། །ལོག་པ་ལ་
བདེན་པར་ཆགས་པས་ནི་ཡང་དག་པ་མ་ཡིན་པ་ལ་བདེན་པར་སྒྲོ་བཏགས་ཏེ་ཆགས་པའི་ཕྱིར་རོ། །རང་གི་རྣམ་པ་ཉིད་ལ་རབ་རིབ་ཅན་ལ་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་ཕྱི་ནང་གི་དོན་དུ་སྒྲོ་བཏགས་ཏེ། འཛིན་པ་དང་གཟུང་བའི་རྣམ་པར་ཉེ་བར་རྟོག་པ་དེ་ལས་ཕུང་པོ་ལྔ་འབྱུང་ངོ་། །
Vol. 121 · folio 140a
རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གང་གིས་ཚིག་དང་ཡུལ་སྣ་ཚོགས་ལ་གང་མངོན་པར་ཆགས་པ་སྲེད་པའི་མཚན་ཉིད་ཀྱི་དེ་འདོད་པས་རྒྱུན་གྱི་མཚན་ཉིད་ཀྱིས་རྣམ་པར་ཤེས་པ་འགྲོ་བ་གཞན་དུ་མཚམས་སྦྱོར་བར་འབྱུང་ངོ་། །མི་འབྲལ་བ་ན་གང་ན་གཅིག་
ཡོད་པ་དེ་ན་འབྱུང་བ་གཞན་རྣམས་ཀྱི་སྟེ། དེས་ན་ས་ལ་སོགས་པའི་འབྱུང་བ་ལ་གནས་པའི་འབྱུང་བ་ལས་གྱུར་པ་རྣམས་ཀྱི་རྒྱུ་འབྱུང་བ་ཆེན་པོ་སོ་སོར་སྣང་བའི་མཚན་ཉིད་ཅན་གཤེར་བ་ལ་སོགས་པའི་རྣམ་པར་རྟོག་པའི་རྒྱུ་ཤེས་པ་རྣམས་ཡོད་ཀྱི། མུ་སྟེགས་ཅན་གྱིས་ཀུན་བརྟགས་པའི་ས་
ལ་སོགས་པའི་རྡུལ་རྟག་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་ནི་མེད་དོ། །མུ་སྟེགས་ཅན་གྱིས་ཀུན་ཏུ་བརྟགས་པ་དེ་དག་ཀྱང་ཇི་ལྟར་ན་མ་མཆིས་ཞེས་ཡོངས་སུ་ཞུས་པ། དེ་ཅིའི་སླད་དུ་ཞེས་སོ། །དངོས་པོ་ནི་ཚིག་གི་དོན་གྱི་རང་བཞིན་ཏེ། དེར་མཚན་མ་ནི་མངོན་རྟགས་ཏེ་འཇུག་པའི་མཚན་མ་
རིགས་དང་། ཡོན་ཏན་དང་བྱེད་པ་ལ་སོགས་པའོ། །འདིས་མཚན་མར་བྱེད་པས་ན་འདིས་མཚན་ཉིད་དོ། །དེས་ཀྱང་རྫས་ལ་སོགས་པ་གཟུང་བ་འཛིན་ཏོ། །དབྱིབས་ནི་སྦོམ་པོ་དང་ཕྲ་མོ་དང་། ཟླུམ་པོ་ལ་སོགས་པའོ། །བྱ་བ་ནི་འདེགས་པ་ལ་སོགས་པའི་མཚན་ཉིད་དོ། །སྦྱོར་བ་ནི་
འབྲེལ་པའོ། །རྡུལ་ཕྲ་མོ་རྣམས་ལས་ཡན་ལག་ཅན་གྱི་རྫས་བྱ་བ་དང་འབྲེལ་ཏེ་སྐྱེ་བར་འགྱུར་བ་སྟེ། རྡུལ་གཉིས་དང་རྡུལ་གསུམ་ལ་སོགས་པའི་རིམ་ནི་ཐོག་མར་བྱ་བ་དང་འབྲེལ་པའི་ཕྱིར་རོ། །རྫས་ནི་རྫས་གཞན་རྩོམ་པ་དང་ཡོན་ཏན་རྣམས་ཀྱང་ཡོན་ཏན་གཞན་རྩོམ་མོ། །དེ་ལ་ཁྱད་པར་ཅན་ལ་
སོགས་པས་དངོས་པོའི་མཚན་མ་ལ་སོགས་པའི་མཚན་ཉིད་དུ་བརྟགས་པ་ནི་རྭ་དང་ལྡན་པ་དང་། ནོག་དང་ལྡན་པ་དང་། ལྐོག་ཤལ་དང་ལྡན་པ་དང་། མཇུག་མ་དང་ལྡན་པ་ནི་བ་ལང་གི་མཚན་མའོ། །དངོས་པོ་ལ་རྣམ་པ་གཉིས་ཏེ། རྫས་ཀྱི་དངོས་པོ་དང་། སྤྱིའི་དངོས་པོའོ། །དེ་ལ་བ་ལང་ཁོ་ན་
དང་། བ་ལང་གི་རྫས་ཀྱི་ཡན་ལག་གི་མཚན་ཉིད་ཀྱི་མཚན་མ་དང་འབྲེལ་པ་ནི་རྒྱུ་རྣམས་ཏེ། དེས་ན་དངོས་པོའོ། །རྫས་ཀྱི་དབྱིབས་དང་ཡན་ལག་རྭ་ལ་སོགས་པ་རྣམས་ཀྱི་མཚན་མའི་མཚན་ཉིད་གཟུང་ངོ་། །རྡུལ་གཉིས་དང་རྡུལ་གསུམ་ལ་སོགས་པའི་རྒྱུ་སྤུན་རྣམས་ཀྱི་རིམ་པར་བྱེད་པ་དང་
Vol. 121 · folio 140b
ལྡན་པས་སྐྱེ་བོ་ཞེས་གཞན་གྱི་གྲུབ་པའི་མཐའ་ནི་ཐམས་ཅད་མཁྱེན་པའི་སྔ་མའི་ཕྱོགས་སོ། །རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་ནི་ཕྱི་མའི་ཕྱོགས་སུ་གནས་པའོ། །མཚན་མ་དང་མི་ལྡན་པ་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་མེད་པ་གང་དག་ལ་ཚད་
ལ་སོགས་པའི་མཚན་མ་གཟུང་དུ་མེད་པ་དེ་དག་ལ་རྫས་སུ་རྩོམ་པ་མེད་དོ་ཞེས་མུ་སྟེགས་ཀྱི་ལུགས་སོ། །ཕན་ཚུན་དུ་མི་མཐུན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་མཚན་ཉིད་ཐ་དད་པ་སྟེ། སྲ་བ་དང་གཤེར་བ་ལ་སོགས་པའོ། །དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི་གང་ན་དངོས་པོ་དང་
དངོས་པོ་མེད་པ་གཉིས་ཀྱི་རྣམ་པར་རྟོག་པ་ཡོད་པ་དེར་གྲངས་སུ་འབྱེད་པའི་ཐ་སྙད་དོ། །དེ་ནི་རྟོག་པ་དང་རྣམ་པར་རྟོག་པའི་འཛིངས་པ་ལས་འདས་ཤིང་མི་གཉིས་པར་ཡང་དག་པར་རིག་པ་ཞེས་བྱའོ། །གནས་གཞན་པ་མ་ཡིན་པ་ནི་ཆུད་པ་མེ་ལོང་ལས་གཞན་པ་མ་ཡིན་པའི་ཕྱིར་རྣམ་པ་སྣ་ཚོགས་ཀྱི་
གཟུགས་ལ་སོགས་པར་སྣང་བ་ཕྱི་རོལ་ན་མེད་དོ། །འཕགས་པའི་ཡེ་ཤེས་རྟོགས་པ་ནི་མི་གཉིས་པར་ཡང་དག་པར་རིག་པའོ། །ཤིན་ཏུ་རྨོངས་པ་ནི་ཕུང་པོར་རྣམ་པར་རྟོག་པ་བགེགས་དང་འཁྲུལ་པའོ། །རྣམ་པར་ལྡོག་ནས་ཞེས་བྱ་བ་ནི་བོར་ནས་སོ། །རབ་ཏུ་དབེན་པ་ཞེས་བྱ་བ་ནི་
འཛིན་པ་དང་གཟུང་བར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བ་དོན་དམ་པའི་བདེན་པ་མི་གཉིས་པའི་ཆུད་པ་བསྟན་པར་བྱའོ། །འོན་ཏེ་མོ་གཤམ་གྱི་བུ་ལྟར་ཡང་དག་པ་ཁོ་ནར་ཅི་ཡང་མེད་ན་བདེན་ནོ་ཞེས་ཆོས་གང་ལ་དབེན་པར་བསྟན་པར་བྱ་ཞེས་པ་ལ། དབེན་པ་ནི་བཅོམ་ལྡན་འདས་ཀྱིས་
ཆོས་གསལ་བར་བསྟན་པར་ན་ཐེག་པ་ཆེན་པོ་གཞན་རིགས་པ་དང་ལྡན་པར་རྟག་ཏུ་ཇི་ལྟར་རུང་། དབེན་པ་ནི་ཅི་ཡང་མ་ཡིན་ཞེས་བྱ་བ་འདི་ནི་དབེན་པའི་དོན་མ་ཡིན་ནོ། །མྱ་ངན་ལས་འདས་པ་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། དངོས་པོ་ནི་རང་བཞིན་མེད་པའི་མྱ་ངན་ལས་འདས་པ་ནི་གང་གི་ཚེ་ན་རྣལ་འབྱོར་
ཅན་རྣམས་ཀྱིས་ཞི་བ་དང་། རོ་གཅིག་པའི་རྣལ་འབྱོར་ཐོབ་པ་དེའི་ཚེ་བདག་དང་བདག་གི་རང་བཞིན་གྱིས་དངོས་པོ་མེད་པར་གྱུར་པའི་མྱ་ངན་ལས་འདས་པའོ། །ཡོད་པ་དང་མེད་པར་བརྗོད་དུ་མེད་ཀྱང་ཞི་བ་རྟག་པའོ་ཞེས་བྱེ་བྲག་གོ། །མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་ངན་ལས་
Vol. 121 · folio 141a
འདས་པ་ནི་ཚངས་པའི་སྤྱིའི་རྣལ་འབྱོར་ལ་མཚན་མ་རྣམས་ཀྱི་སྣ་ཚོགས་སུ་གསལ་བའི་རང་བཞིན་མེད་པ་དེ་ནི་མྱ་ངན་ལས་འདས་པའོ་ཞེས་རྟོག་པར་བྱེད་དེ། དེ་བས་ན་སྨྲས་པ། ཚངས་པའི་འདི་ནི་སྒྲས་སྤྲུལ་པ། །སྒྲ་ཡི་མཐུར་ནི་རྣམ་པར་གནས། །སྒྲ་ཙམ་ལས་ནི་བྱུང་བ་
ཡང་། །དེ་ཉིད་དུ་ནི་ཞི་བར་འགྱུར། །ཞེས་སོ། །རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོག་པའི་མྱ་ངན་ལས་འདས་པ་ནི་རང་བཞིན་སྐྱེས་བུས་བཟུང་བ་ལ། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པས་འབའ་ཞིག་པར་ཤེས་པའི་ཕྱིར་ཕྱི་ནས་རང་བཞིན་མེད་པར་རྟོགས་པར་འགྱུར་བ་ནི་འདི་གཞན་
ལ་བདག་ཀྱང་གཞན་ནི་ཞེས་ཏེ་གྲངས་ཅན་གྱི་མྱ་ངན་ལས་འདས་པའོ། །བཞི་པ་ནི་མུ་སྟེགས་ཅན་གྱི་ཐ་མའི་མྱ་ངན་ལས་འདས་པ་སྟེ། གང་ཟག་ལ་བདག་མེད་པར་ཕུང་པོ་རྣམས་ཀྱི་རྒྱུན་འཆད་པ་ནི་མྱ་ངན་ལས་འདས་པ་སྟེ། ཕུང་པོ་མེད་ན་བདེ་བ་མཆོག །ཅེས་པར་རོ། །དེ་དག་ཇི་
ལྟར་ན། མུ་སྟེགས་ཅན་གྱི་ཐ་མ་ཡིན། །དེའི་ཕྱིར་གསུངས་པ། ང་ཡི་གསུང་རབ་ལ་ནི་མ་ཡིན་ནོ། །ཞེས་ཏེ། དོན་དམ་པའི་ཆོས་བཤད་པ་ན་ཕྱི་རོལ་གྱི་ཚུལ་དུ་བསྟན་པ་ནི་དགོངས་སོ་ཞེས་ཐམས་ཅད་མཁྱེན་པའི་གསུང་ལས་ངེས་སོ། །ཆོས་ལ་བདག་མེད་པའི་ཐེག་པ་ཆེན་པོ་
ལ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་མཚན་ཉིད་ཀྱིས་མྱ་ངན་ལས་འདས་པའོ། །དེ་ཉིད་རྒྱུ་དང་དམིགས་པའི་ཕྱིར་རྣམ་པར་ཤེས་པ་བདུན་རྣམས་ཞེས་པ་ལ། དེ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ཉིད་གང་དག་གི་རྒྱུ་དང་དམིགས་པ་ཡིན་
ཞེས་ཚིག་སྦྱར་རོ། །ཡང་ན་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེའི་རྒྱུ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དམིགས་པ་ཡང་དེ་ཉིད་དོ། །དེ་དག་གི་རྒྱུ་དང་དམིགས་པར་མཚུངས་ཀྱང་བདུན་གྱི་ནང་ན་རྣམ་པར་རྟོག་པའི་ཡིད་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཀུན་གཞི་རྣམ་པར་ཤེས་པའི་
མཐའ་ཤིན་ཏུ་རྒྱས་པར་བྱེད་དོ། །རྣམ་པར་རྟོག་པ་དེ་བཟློག་པ་ན་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེར་ཡང་ཉོན་མོངས་པའི་རྣམ་པར་རྟོག་པ་བཟློག་པར་རིག་པར་བྱའོ། །གཞན་དུ་མི་རྟོག་པ་མེད་པས་རང་གི་ཚིག་དང་འགལ་ཏེ་ཆོས་བསྟན་པ་ཡང་ཇི་ལྟར་ན་རུང་། ཇི་ལྟར་
Vol. 121 · folio 141b
འདིའི་འོག་ཏུ་གསུངས་པ། རྣམ་རྟོག་རྣམ་ཤེས་བཟློག་པ་ན། །ང་ནི་མྱ་ངན་འདས་པའོ། །ཞེས་པ་སྟེ། དེ་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པར་མཁྱེན་པ་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་མེད་པར་སྐྱེ་བོ་མང་པོ་འདུས་པས་བརྟགས་པའི་
དོན་གསོལ་བའི་ལན་དུ་རྣམ་པ་སྣ་ཚོགས་ཀྱི་སྒྲ་དང་། དོན་ཐམས་ཅད་ཐ་དད་པའི་ཁྱད་པར་དུ་ཆོས་སྟོན་ཏོ། །ཡིད་དང་ལྷན་ཅིག་ཏུ་ཞེས་པ་ནི་ཐོག་མ་ཉིད་དུ་རང་དབང་གིས་རྣམ་པར་རྟོག་པའི་རྣམ་པས་ཡུལ་ཐམས་ཅད་དུ་ཡོངས་སུ་གཅོད་པའི་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་
ཤེས་པ་འབྱུང་བ་མ་ཡིན་ཏེ། དེ་ཡང་འབྱུང་བ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་རྣམས་རབ་ཏུ་གསོ་བར་བྱེད་དོ། །ཁ་ཅིག་ཏུ་ལ་ལར་བདག་དང་བདག་གི་ལ་མངོན་པར་ཆགས་པས་རྣམ་པར་རྟོག་པ་ཁྱད་པར་དུ་འབྱུང་བ་ན་དེར་ཉོན་མོངས་པའི་ཡིད་དང་ལྷན་ཅིག་ཏུའོ། །
ཇི་ལྟར་ན་བདག་དང་བདག་གིར་འཛིན་པར་མངོན་པར་ཆགས་ཤེ་ན། ངར་སེམས་པ་ལྟ་བུར་རྗེས་སུ་ཕྱིན་ནས་འཇུག་སྟེ། ཇི་ལྟར་ང་དང་འདི་ངའི་ཞེས་པར་རོ། །སོ་སོར་ངེས་པའི་ཡུལ་ཉིད་དུ་རྣམ་པར་རྟོག་པའི་ཡིད་ཀྱིས་རྣམ་པར་ཤེས་པ་ཉོན་མོངས་པའི་ཡིད་དང་ལྷན་ཅིག་ཏུ་ཅིག་ཅར་
འཇུག་གི་ཐམས་ཅད་དུ་འཇུག་པས་མ་ཡིན་ནོ་ཞེས་དེ་དག་གི་ཁྱད་པར་རིག་པར་བྱའོ། །སེམས་འདུས་པ་ཇི་ལྟར་འབྱུང་ཞེས་པ་ལ། ལུས་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཅེས་བྱ་བ་སྟེ། བྱེད་པའི་ཁྱད་པར་སྔ་མ་དང་ཡང་སྦྱར་བར་བྱའོ། །ཇི་ལྟར་ན་ཡང་ཐ་དད་པ་མ་ཡིན་པ་ཞེ་
ན། ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་འདུས་པ་མེད་པའི་ཕྱིར་རོ། །ཇི་ལྟར་རྨི་ལམ་གྱི་དུས་ན་ལུས་དང་། ལོངས་སྤྱོད་དང་། གནས་ཀྱི་རྒྱུར་གྱུར་པ་ཀུན་གཞི་རྣམ་པར་ཤེས་པ་མིག་ལ་སོགས་པའི་ཤེས་པ་རྣམས་དང་། དེ་གཉིས་གཟུགས་ལ་སོགས་པའི་སྐྱེ་
མཆེད་དམིགས་པའི་རྣམ་པར་སོ་སོར་སྣང་བ་དེ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་ཕྱི་རོལ་གྱི་དོན་མེད་པར་གཉིས་རྣམ་པར་སོ་སོར་སྣང་ངོ་། །གཅིག་གི་རྒྱུར་གཅིག་གྱུར་པ་ཞེས་བྱ་བ་ནི་བག་ཆགས་སོགས་པ་དང་། ཡོངས་སུ་སྨིན་པའི་རྒྱུའི་ཕྱིར་རོ། །དངོས་
Vol. 121 · folio 142a
པོར་མྱ་ངན་མི་འདའ་ཞེས་བྱ་བ་ནི་མི་གཉིས་པའི་དོན་དམ་པའི་རང་བཞིན་གྱིས་མྱ་ངན་ལས་འདའ་བའོ། །རྡོ་རྗེའི་སྐུའི་སྐུ་གདུང་ཡེ་ཤེས་ཀྱི་རྡོ་རྗེའི་བྱ་བས་སེམས་ཅན་གྱི་དོན་དུ་ཞིབ་མོར་ཕྱེ་བའོ། །སེང་གེ་ཉལ་བ་ལ་སོགས་པའི་མཚན་ཉིད་ཀྱིས་ཀྱང་མ་ཡིན་
ཏེ། ཇི་ལྟར་ཞེ་ན། རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་པས་མྱ་ངན་ང་འདས་སོ། །དངོས་པོ་དང་དངོས་པོ་མེད་པར་རྣམ་པར་སྤངས་པའི་ཕྱིར་རོ། །བརྗོད་པ་ནི་སྒྲ་ཉིད་དོ། །སྙན་པ་ལ་སོགས་པའི་དབྱངས་སྣ་ཚོགས་པ་རྣམ་པར་རྟོག་པ་ནི་བརྗོད་པ་ལ་རྣམ་པར་རྟོག་
པའོ། །གང་ཅི་ཡང་རུང་བ་སྨྲ་བར་བྱ་བ་ཞེས་པ་ནི་སྤྱིའི་རྣམ་པར་རང་གི་མཚན་ཉིད་མི་གཉིས་པར་ཡང་རྣམ་པར་རྟོག་པར་བྱེད་དེ། དེ་ལྟ་བུའི་གང་རྣམ་པར་རྟོག་པའོ། །གང་ཆུང་ཟད་མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པ་ཆུར་འཁྲུལ་བའི་རང་བཞིན་རི་དྭགས་སྐོམ་པ་ལྟ་བུའི་སྨྲ་བར་བྱ་བ་དེ་ཕུང་པོ་
དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཉིས་ཀྱི་རྣམ་པར་སྣང་བ་རྣམ་པ་དེ་ལྟ་བུ་ལ་རང་བཞིན་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་ན་ཞེས་པ་དེ་ལ་དེ་ལྟར་གསལ་བར་བརྗོད་པའི་མཚན་ཉིད་སྣ་ཚོགས་ལ་སོགས་པའོ། །འདི་ནི་འདི་ལྟ་སྟེ། འདི་ནི་འདི་བཞིན་པ་ཉིད་ཀྱི་གཞན་དུ་མ་ཡིན་ནོ་
ཞེས་བྱ་བའི་དོན་ནི་ལྷག་མས་བཤད་དོ། །གང་ཞེས་བྱ་བ་ནི་སྒྲུབ་པའོ། །གང་གིས་ཞེས་བྱ་བ་ནི་རྒྱུ་དང་། རྐྱེན་གྱིས་ཏེ་རང་བཞིན་གསུམ་གྱི་མཚན་མས་ཡོད་པ་དང་མེད་པ་ངེས་པས་སོ། །གང་ན་འཐད་པ་ཞེས་བྱ་བར་ཀློག་པ་ལ་དེར་རྒྱུའི་མཚན་ཉིད་ཁྱབ་པར་སྨྲ་བ་ནི་གང་
རྣམ་པ་དེ་ལྟ་བུ་ཡིན་པའམ། འཐད་དོ་ཞེས་རང་བཞིན་གསུམ་གྱི་མཚན་མ་ལ་དེ་ལྟར་གསུང་བར་དགོངས་པར་རྟོག་གོ། །རིག་པ་ལ་རྣམ་པར་རྟོག་པ་ནི་ཇི་ལྟར་གང་དག་གིས་མཐོང་བ་དེ་ཉིད་ལ་རེག་པས་ན་མཐོང་བ་དང་རེག་པ་དོན་གཅིག་ཏུ་འཛིན་པའི་ཕྱིར་བདག་ཡོད་དོ་ཞེས་ཏེ།
རྩོད་པའི་རྣམ་པར་གཟུད་པའི་དུས་ན་བདག་མེད་དོ་ཞེས་བསྟན་པར་བྱ་སྟེ། བདེ་བ་དང་སྡུག་བསྔལ་དུ་མྱོང་བ་ཐ་དད་པར་དབྱེ་བ་ན་ཆུད་པ་མ་གཏོགས་པར་དམིགས་སུ་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པའི་སྐྱེ་བ་ནི་གྲངས་ཅན་དང་ཁྱད་པར་ཅན་ལ་སོགས་པའོ། །མི་སྐྱེ་བ་
Vol. 121 · folio 142b
ལ་རྣམ་པར་རྟོག་པ་ནི་ས་དང་ཆུ་དང་མེ་དང་རླུང་དག་གིས་ཡང་དག་པ་མ་ཡིན་ཏེ། མ་བྱུང་བ་སེམས་ཅན་རྐྱེན་དེ་དག་རྣམས་ལས་འབྱུང་བར་འགྱུར་རོ། །རྒྱུ་མེད་པའི་ལུས་ཞེས་པ་ནི་ཇི་ལྟར་ད་ལྟར་གྱི་དུས་ན་ཆུད་པའི་རྒྱུ་ལས་ཆུད་པ་གཞན་སྐྱེ་བ་དེ་ལྟར་སྔོན་གྱི་རྒྱུ་མེད་པའི་ལུས་ཏེ།
ཆུད་པའི་རྒྱུ་ལས་རིག་པ་སྐྱེ་བ་མེད་དོ་ཞེས་སོ། །གཉིས་པོ་གང་དང་གང་སྦྱོར་བ་དེ་ནི་འབྲེལ་པ་སྟེ། གསེར་གྱི་སྐུད་པར་གང་བརྒྱུས་པར་སྣང་བཞིན་ཏེ། སྒྱུ་མའི་རང་བཞིན་གྱིས་ཕྱི་རོལ་གྱི་དོན་ལ་ཡང་རིན་པོ་ཆེ་ལ་སོགས་པར་འབྲེལ་པར་རྟོག་པ་དེ་བཞིན་དུ། ཆུད་པའི་
རྒྱུན་གྱི་རྒྱུད་ལ་གཟུང་བ་དང་འཛིན་པ་དག་གོ། །བཅིངས་པ་ཉིད་ཀྱང་མ་བཅིངས་པ་ཡིན་ཏེ་ཐབས་ཤིག་གིས་འགྲོལ་བས་ན། བཅིངས་པ་ཡང་མ་བཅིངས་པའོ། །དཔེར་ན་གསུངས་པ། ཇི་ལྟར་སྐྱེས་བུ་ཞེས་ཏེ་ཐག་པ་མདུད་པ་བོར་བས་བུམ་པ་ལ་སོགས་པའི་
དོན་ཁ་ཅིག་འཆིང་བས་བཅིངས་པ་མདུད་པ་འགྲོལ་བས་བཀྲོལ་བ་དེ་བཞིན་དུ་མཉམ་པར་མི་འཇོག་པའི་མ་རིག་པས་བདག་དང་བདག་གིར་ཆགས་པ་དང་། ལས་ཀྱི་ཞགས་པས་བཅིངས་པ་ལས་བདག་མེད་པ་གཉིས་རྟོགས་ན་གྲོལ་བར་འགྱུར་རོ། །ཡོད་པ་དང་མེད་པ་
ཞེས་པ་ནི་འདི་ནི་ཡོད་དོ། །འདི་ནི་མེད་དོ་ཞེས་པར་མཚན་ཉིད་རྟོག་པར་བྱེད་དེ། རྟག་པ་ཕྱི་རོལ་གྱི་རྡུལ་ཕྲ་མོའི་རྫས་ཀྱིས་བརྩམས་པ་ས་ལ་སོགས་པ་ནི་གཉིད་ཀྱིས་མ་ལོག་པའི་དུས་ན་ཡོད་ལ། རྨི་ལམ་གྱི་དུས་ན་མེད་དོ་ཞེས་སོ། །གཞན་གྱི་དབང་གི་རྣམ་པ་དེ་ལྟར་
གསལ་བ་ལ་བརྟགས་པའི་མཚན་ཉིད་རྣམ་པ་དེ་ལྟ་བུར་མངོན་པར་ཆགས་པར་བྱེད་པའི་སྒྱུ་མའི་གནས་སྣ་ཚོགས་མཐོང་བ་བཞིན་ནོ་ཞེས་ཏེ། སྒྱུ་མའི་གནས་ནི་རྣམ་པར་རྟོག་པའི་རྣམ་པ་དུ་མར་གང་སྣ་ཚོགས་སུ་ཕྱི་རོལ་གྱི་མཛེས་པ་དང་། མི་མཛེས་པ་ལ་སོགས་པའི་རྣམ་
པ་འཁྲུལ་པ་རྣམས་ཀྱིས་མཐོང་བ་སྟེ། དེ་ལྟ་བུ་སྒྱུ་མའི་བདག་ཉིད་ཀྱི་གཞན་གྱི་དབང་གཟུགས་ཀྱི་རྣམ་པ་གསལ་བའི་གནས་ནི་བརྟགས་པའི་མཚན་ཉིད་ཡིན་ནོ། །སྒྱུ་མ་གཞན་དུ་མཐོང་བའི་བློས་ཞེས་པ་ནི་མཐོང་བ་དང་རེག་པའི་བློས་གཟུགས་དང་རེག་པ་ལ་སོགས་པའི་
Vol. 121 · folio 143a
ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་གནས་གཞན་དུ་ཕྱི་རོལ་གྱི་ཡན་ལག་ཅན་གྱི་རྫས་ཉིད་དུ་འཛིན་པ་ནི་སྒྱུ་མའི་གཟུགས་ཉིད་དུ་གང་སྣང་བ་དེ་ལ་བྱིས་པ་རྣམས་ཀྱིས་དེ་ལྟར་ཀུན་རྟོག་གོ། །སྣ་ཚོགས་དང་སྒྱུ་མ་ནི་གཅིག་པ་དང་ཐ་དད་པ་མ་ཡིན་པ་ཞེས་པ་ནི་གཟུགས་
དང་རེག་པ་ལ་སོགས་པར་སྣང་བ་ནི་འདུས་པའི་ཡུལ་གྱི་ཕྱིར་རོ། །ཡོན་ཏན་དང་ཡོན་ཏན་ཅན་གྱི་རྐྱེན་བྱིས་པས་བརྟགས་པའི་རྣམ་པ་དེ་ལྟ་བུ་ལ་འདི་ནི་གཟུགས་དང་ལྡན་ནོ། །འདི་ནི་རེག་པ་དང་ལྡན་ཞིང་རྫས་གཞན་ཡིན་ནོ་ཞེས་གཟུགས་ལ་སོགས་པ་འདུས་པའི་གཟུགས་
ཉིད་ལ། འདི་ནི་གཟུགས་དང་ལྡན་པའོ་འདི་ནི་རེག་པ་དང་ལྡན་པའོ་ཞེས་སྨོས་པར་བྱེད་དོ། །འདུས་པའི་གཟུགས་ལ་གཟུགས་སམ་གཟུགས་ལ་སོགས་པ་ཡོད་དོ་ཞེས་ཐ་དད་པར་བརྟགས་པ་ནི་གཟུགས་ལ་སོགས་པ་མ་གཏོགས་པར་རྫས་ཡོད་པ་མ་ཡིན་ནོ། །ཇི་ལྟར་
ཚལ་གཅིག་ལ་སྐྱེད་ཤིང་འདི་རྣམས་ཀྱིས་ཚལ་འདི་སྐྱེད་ཤིང་དུ་ལྡན་པ་ཡིན་ཞེས་སྐྱེད་ཤིང་ནི་མང་ལ་ཚལ་ནི་གཅིག་པུ་འདི་ཉིད་དུ་བརྟགས་པའོ། །ཇི་ལྟར་གཟུགས་ལ་སོགས་པ་འདུས་པ་ལ་སྣམ་བུ་ལ་སོགས་པ་ནི་གཅིག་པུ་ཉིད་དང་། གཟུགས་ལ་སོགས་པ་མང་པོ་ཁོ་
ནར་ཏེ། དེ་ཡང་དེ་དག་མ་གཏོགས་པར་གཅིག་པུ་ཉིད་མི་སྲིད་ལ། ཐམས་ཅད་ལ་ཡང་གཅིག་པུ་ཉིད་དུ་མ་ཡིན་ཏེ། དེ་ལྟར་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་ཐ་སྙད་དུ་བྱའོ། །དེས་ན་སྒྱུ་མ་དང་སྣ་ཚོགས་གཅིག་པ་དང་། ཐ་དད་པར་གང་རྟོགས་པ་དེ་ནི་མི་
རུང་ངོ་། །གང་གིས་ཐ་དད་པར་ངེས་པ་དེས་གཅིག་པར་མི་རུང་ངོ་། །འདུས་པའི་གཟུགས་ལ་སྒྱུ་མའི་གཟུགས་གཅིག་ཏུ་ངེས་པས་ན་ཐ་དད་པར་དམིགས་སུ་མེད་པའི་ཕྱིར་ཐ་དད་པར་ཡང་མི་རུང་ངོ་། །དོན་དམ་པར་ན་གཉིས་ཀ་ཡང་མེད་ཅེས་དགོངས་པའོ། །འཇིག་
རྟེན་ཆགས་པ་ལྟར་ཡོད་པ་དང་མེད་པ་ལྟར་མི་ཆགས་པར་བྱའོ་ཞེས་དེའི་ཕྱིར་གསུངས་པའོ། །དེ་ནི་སྣང་བ་ཙམ་མོ་ཞེས་དགོངས་པའོ། །སེམས་ནི་ཡུལ་དང་ཀུན་དུ་འབྲེལ། །ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words