འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 122 · folio 1b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ། བོད་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་

ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་གཞི་རྒྱ་མཚོ་དང་ནི་དབའ་

རླབས་རྣམ་ཤེས་སྣ་ཚོགས་སྣང་བ་གང་། །ཡོངས་གྱུར་སོ་སོ་རང་རིག་ཡེ་ཤེས་སྤྲིན་མེད་མཁའ་ལྟར་སྤྲོས་བྲལ་དྲི་མེད་ཀྱང་། །ཐུགས་རྗེས་འགྲོ་རྣམས་བདག་ཏུ་ལྟ་བའི་བྲག་འཇོམས་གནམ་ལྕགས་

སྒྲ་དང་སྣང་བ་ལྡན། །སྡུག་བསྔལ་ཆུ་བོའི་གྲུ་གཟིངས་དགོས་འདོད་འབྱུང་བའི་གཏེར་ཆེན་སངས་རྒྱས་ཆོས་ཚོགས་དང་། །གང་གི་གསུང་གི་འོད་ཀྱིས་བདག་སོགས་བློ་ཡི་པད་མ་ཁ་འབྱེད་ཅིང་། །

སེར་སྐྱ་ལ་སོགས་ལོག་ལྟའི་ཚང་ཚིང་མ་ལུས་བསྲེག་ཅིང་སྐྲག་མཛད་པ། །དཀོན་མཆོག་གསུམ་གྱི་རྩ་བ་བླ་མའི་ཞབས་ཀྱི་པད་མོ་ལ་བཏུད་དེ། །མཐའ་གཉིས་རྣམ་སྤངས་རྣམ་རིག་དབུ་མའི་ཚུལ་

Vol. 122 · folio 2a

ལུགས་མདོ་དོན་གསལ་བར་བྱ། །དགོངས་དང་ལྡེམ་པོར་དགོངས་པ་དང་། །དྲང་བ་དང་ནི་ངེས་པའི་དོན། །མགོན་པོས་མདོ་ཡི་ཚུལ་བསྟན་པ། །རྣམ་འབྱེད་འདི་ནི་ངེས་པའི་དོན། །དེ་ལ་བཅོམ་ལྡན་

འདས་ཀྱི་མདོ་སྡེ་རིན་པོ་ཆེ་འཆད་པར་བྱེད་པ་རྣམས་ཀྱིས་རེ་ཞིག་དང་པོར་མདོའི་དགོས་པ་བརྗོད་པར་བྱ་སྟེ། ཇི་སྐད་དུ། མདོ་དོན་ཆེ་བ་ཉིད་ཐོས་ན། །ལེན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་འཇུག་འགྱུར་བས། །དེ་ཕྱིར་དགོས་པ་

བརྗོད་པར་བྱ། །ཞེས་སྔོན་གྱི་སློབ་དཔོན་དག་གིས་བཤད་པའི་ཕྱིར་རོ། །དེ་ཡང་འདིར་རྣམ་པ་བཞིའི་སྒོ་ནས་ཤེས་པར་བྱ་སྟེ། བརྗོད་པར་བྱ་བ་དང་། དགོས་པ་དང་། འབྲེལ་པ་དང་། དགོས་པའི་དགོས་པའོ། །དེ་ལ་

འདིར་དགོས་འབྲེལ་དེ་རྣམས་དང་ལྡན་པའི་རྗོད་བྱེད་མདོ་སྡེའི་ངོ་བོ་གང་ཞེ་ན། མདོ་སྡེ་འདིར་གཏོགས་པའི་མིང་ཚིག་ཡི་གེའི་ཚོགས་དུ་མར་འབྲེལ་བར་ཡིད་ཀྱི་རྣམ་པར་ཤེས་པའམ། དེ་གནས་གྱུར་པ་ཡེ་ཤེས་ཀྱི་ཁྱད་པར་འགའ་ཞིག་

ལ་སྣང་བ་ལ་བརྟེན་ནས་བརྗོད་བྱའི་དོན་ངེས་པ་འདྲེན་པར་ནུས་པ་ནི་རྗོད་པར་བྱེད་པའི་མདོ་སྡེའི་ཁྱད་པར་འདི་ཉིད་དོ། །གཞན་ཡང་སྒྲ་དང་ཡི་གེའི་རང་གི་མཚན་ཉིད་དུ་མ་འབྲེལ་པར་མིག་དང་རྣ་བའི་རྣམ་པར་ཤེས་པ་ལ་སྣང་བ་རྣམ་ཤེས་ཀྱི་

Vol. 122 · folio 2b

ངོ་བོར་གྱུར་པ་ལ་བརྟེན་ནས་སྒྲ་དང་ཡི་གེའི་སྤྱིའི་རྣམ་པར་སྣང་བ་འབྱུང་ཞིང་། དེ་ལས་བརྒྱུད་ནས་དོན་ངེས་པ་འདྲེན་པར་ནུས་པས། ཉེ་བར་བཏགས་ནས་རྗོད་བྱེད་ཉིད་དུ་ཉེ་བར་གཞག་སྟེ། བརྒྱུད་ནས་བརྗོད་བྱ་རྟོགས་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དངོས་སུ་རྗོད་པར་བྱེད་པ་ནི་མ་ཡིན་ཏེ།

སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་འབྱུང་བས་སྒྲ་དང་དོན་གྱི་རང་གི་མཚན་ཉིད་ནི་བརྗོད་བྱ་རྗོད་བྱེད་དུ་མི་འཐད་དེ། འདིའི་དོན་ནི་འོག་ནས་ཞིབ་ཏུ་བསྟན་པར་བྱའོ། །གང་དག་མིང་དང་ཚིག་ལ་སོགས་

པ་ལྡན་པ་མ་ཡིན་པའི་འདུ་བྱེད་སེམས་ལས་ཐ་དད་པ་ཉིད་དུ་འདོད་པ་ནི་གྲུབ་པའི་མཐའ་ངན་པས་བརྟགས་པ་སྟེ། འོག་ནས་འགེགས་པར་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་གྱི་ངོ་བོ་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་ཕུང་པོའི་ཁྱད་པར་དུ་འདོད་པ་དང་། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམ་པ་བརྫུན་པར་འདོད་

པ་གང་དག་འདི་དངོས་པོ་མེད་པ་ཉིད་དུ་སྨྲ་བ་ཡང་མི་འཐད་དེ། འོག་ནས་བསྟན་པར་བྱའོ། །དེ་ལྟ་བུའི་ངོ་བོར་གྱུར་པའི་མདོ་སྡེ་འདིའི་བརྗོད་པར་བྱ་བ་ནི་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་རྣམ་པར་སྤང་བ་རྣམ་པར་རིག་པ་ཙམ་གྱི་དབུ་མ་སྟེ། དེའི་དོན་ཡང་ཀུན་ནས་ཉོན་མོངས་པ་

དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་སེམས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་སེམས་ལས་ཐ་དད་པ་མེད་ཅིང་སེམས་ཉིད་ཡིན་ལ། དེ་ཡང་ཀུན་རྫོབ་ཏུ་མྱོང་རིག་ཙམ་གྱི་རང་བཞིན་ཡིན་ཞིང་། དོན་དམ་པར་སྟོང་པ་ཉིད་དེ། དེ་དག་ཀྱང་ཕན་ཚུན་དུ་རྒྱས་བཏབ་པ་ཟུང་དུ་འཇུག་པའི་ངོ་བོ་སྟེ།

ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ། །དེ་ལ་རེ་ཞིག་རྗོད་བྱེད་ཀྱི་སྟོབས་ཀྱིས་བྱུང་བའི་ཤེས་པ་ལ་རྗོད་བྱེད་དང་འདྲེན་པར་སྤྱིའི་རྣམ་པའི་ཚུལ་དུ་སྣང་བ་ནི་དངོས་སུ་བརྗོད་པར་བྱ་བ་ཡིན་ལ། དེ་ལ་བརྟེན་ནས་རྟོགས་པར་བྱ་བའི་དོན་གྱི་རང་གི་མཚན་ཉིད་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་འཕགས་པ་

རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ནི་ཞེན་པའི་བརྗོད་བྱའོ། །བརྗོད་པར་བྱ་བ་དེ་དག་སྤྱིའི་རྣམ་པའི་ཚུལ་དུ་རྟོགས་པའམ། ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བ་ནི་དགོས་པའོ། །དགོས་པ་དེ་ཉིད་རྗོད་བྱེད་མདོ་སྡེ་ལ་རག་ལས་པ་ནི་འབྲེལ་པ་ཞེས་བྱའོ། །དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་

Vol. 122 · folio 3a

བའི་དོན་ཡང་ནས་ཡང་དུ་གོམས་པ་ལ་བརྟེན་ནས། གོམས་པ་རབ་ཀྱི་མཐར་ཕྱིན་པ་དྲི་མ་ཐམས་ཅད་བག་ཆགས་དང་བཅས་ཏེ་སྤངས་པ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་དབྱེར་མེད་པ། ཡོན་ཏན་ཐམས་ཅད་ཀྱི་གཏེར་དུ་གྱུར་པ། ཆོས་ཀྱི་སྐུའི་ངོ་བོ་ནི་དགོས་པའི་དགོས་པའོ། །

གལ་ཏེ་དེ་ལྟ་ན་མདོའི་དགོས་པ་སྟོན་པར་ཁས་བླངས་པའི་སྐབས་སུ་འབྲེལ་པ་ལ་སོགས་པ་གཞན་དག་སྟོན་པ་ནི་མ་འབྲེལ་པ་བརྗོད་པ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དགོས་པའི་དགོས་པ་ནི་མཐར་ཐུག་པའི་དགོས་པ་ཡིན་པས་བརྗོད་བྱ་རྟོགས་པའི་དགོས་པ་དེ་ཉིད་དོན་དུ་གཉེར་བའི་སྐྱེས་བུ་ལ་ཉེ་བར་

མཁོ་བ་འདོད་བྱ་ཉིད་དུ་སྟོན་པའི་ཡན་ལག་ཡིན་ལ། འབྲེལ་པ་བསྟན་པ་ནི་དགོས་པ་དེ་ཉིད་མདོ་སྡེ་ལ་རག་ལས་ཤིང་ལྡན་པར་བསྟན་པའོ། །བརྗོད་བྱའི་ཁྱད་པར་བསྟན་པ་ཡང་ཁྱད་པར་འདི་ལྟ་བུ་རྟོགས་པའི་དགོས་པ་དང་ལྡན་ནོ་ཞེས་དགོས་པའི་ཁྱད་པར་ངོས་གཟུང་བའི་དོན་དུ་སྟེ། དེ་ལྟར་ན་ཐམས་

ཅད་དགོས་པ་སྟོན་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་མ་འབྲེལ་པ་བརྗོད་པའི་གོ་སྐབས་ག་ལ་ཡོད་ཅེས་པའོ། །གལ་ཏེ་དེ་ལྟ་ན་དགོས་པ་དེ་འདྲ་བ་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེའི་ཕྱོགས་གཞན་གྱིས་སྒྲུབ་པས། མདོ་སྡེ་འདི་ཉིད་ཉེ་བར་བཀོད་པ་ལ་དགོས་པ་མེད་དོ་ཞེ་ན། མ་ཡིན་ཏེ། གདུལ་བྱའི་

ཁྱད་པར་འགའ་ཞིག་གིས་བརྗོད་པར་བྱ་བའི་ཁྱད་པར་དེ་འདྲ་བ་ད་དུང་རྟོགས་པར་མ་གྱུར་པ་དང་། གཞན་ཡང་རྣམ་པར་རིག་པ་ཙམ་གྱི་དབུ་མའི་ཚུལ་འདི་ཉིད་རིགས་པའི་ལམ་གྱི་རྗེས་སུ་འབྲངས་ཏེ་རྟོགས་པ་ནི་འདིའི་ཁྱད་པར་གྱི་དགོས་པ་སྟེ། གཞན་དག་ལས་འདི་འདྲའི་རིགས་པའི་ཚུལ་ལུགས་

གསལ་བར་བསྟན་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་འདི་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པའི་དོན་ནི་དེ་ལས་རྟོག་པ་དང་ལྡན་པ་དོན་དུ་འགྱུར་བའི་ཐེ་ཚོམ་སྐྱེ་ཞིང་། དེ་ལས་མདོ་སྡེ་ལ་འཇུག་པར་འགྱུར་བ་དང་། ཡང་གཞན་དག་མདོ་སྡེ་འདི་ནི་ཉེ་བར་དགོད་པར་བྱ་བ་མ་ཡིན་ཏེ། དགོས་པ་

མེད་པའི་ཕྱིར་ཞེས་སྐབས་འགོག་པར་བྱེད་པའི་ལོག་པར་རྟོག་པ་སེལ་བར་བྱེད་པ་ཡིན་ནོ། །འདི་དག་གི་སྤྲོས་པ་ཞིབ་ཏུ་ནི་རྟོག་གེའི་བསྟན་བཅོས་སམ། མདོའི་འབྲེལ་པ་མཛད་པ་གཞན་དག་གིས་གསུངས་པས་དེ་དག་ལས་ཤེས་པར་བྱ་སྟེ། འདིར་ནི་གཞུང་མངས་ཀྱིས་(དགོས་‚དོགས་)པས་མི་སྤྲོའོ། །དེ་ལྟར་

Vol. 122 · folio 3b

དགོས་པ་དང་ལྡན་པའི་མདོ་སྡེ་རིན་པོ་ཆེ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཉམས་ཤིང་ཆུད་མི་ཟ་བར་བྱ་བའི་ཕྱིར་དང་། དེ་ཉིད་ཀྱིས་ཕྱིས་ཀྱི་གདུལ་བྱ་རྣམས་ལ་ཕན་པར་འགྱུར་བའི་དོན་དུ་སྡུད་པ་པོའི་སྟོན་པ་རྣམས་ཀྱིས་དམ་པའི་ཆོས་ཉེ་བར་སྡུད་པ་ན། ཐོག་མར་འདི་སྐད་བདག་གིས་ཐོས་ཞེས་པ་

ལ་སོགས་པའི་གླེང་གཞི་ཉེ་བར་འགོད་པ་ནི་སྟོན་པ་ཉིད་ཀྱི་བཀའ་ལ་བརྟེན་ནས་སོ། །དེ་ལ་འདིར་སྡུད་པ་པོའི་སྟོན་པ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྔོན་སོ་སོའི་སྐྱེ་བོར་གྱུར་པའི་གནས་

སྐབས་སུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་ན། ང་ནི་ལག་ན་རྡོ་རྗེ་ཐོགས་ནས་སངས་རྒྱས་དེ་རྣམས་ཐམས་ཅད་ཀྱི་སྐུ་དང་དམ་པའི་ཆོས་བསྲུང་བར་འགྱུར་བར་སྨོན་ལམ་བཏབ་པས། དེ་ཉིད་ད་ལྟར་གསང་བའི་

བདག་པོ་ཉིད་དུ་འགྱུར་ཏེ། དེ་རྣམས་ཀྱི་སྐུ་དང་ཆོས་བསྲུང་བས་ཆོས་མི་ཉམས་པར་བྱ་བའི་དོན་དུ་དེས་ཉེ་བར་བསྡུས་སོ་ཞེས་པ་དང་། གཞན་ཡང་རིག་པ་འཛིན་པའི་སྡེ་སྣོད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང་སྔར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་པ་ལ། སངས་རྒྱས་ཐམས་

ཅད་ཀྱིས་ཐུགས་རྒྱུད་མཐུན་པར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བྱིན་གྱིས་བརླབས་ཏེ། དེའི་ལག་ཏུ་གཏད་པས་གཟུགས་དང་སྤོབས་པ་ཁྱད་པར་ཅན་སྐྱེས་ཏེ། སྔར་གྱི་གནས་སྐབས་ལས་སྣང་བ་གཞན་དུ་གྱུར་ནས་མི་རྣམས་ལ་གསང་བ་པའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བར་སྣང་ཞིང་གྲགས་ཞེས་པ་ལ་

སོགས་པ་སྟེ། དེས་རིག་པ་འཛིན་པའི་སྡེ་སྣོད་མང་དུ་བཤད་ཅིང་བསྡུས་ལ། དེ་ལས་གཞན་པ་མདོ་སྡེའི་སྡེ་སྣོད་ཀྱང་བསྡུས་པས་འདིར་སྡུད་པ་པོའི་སྟོན་པ་ནི་དེ་ཉིད་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་དག་འཆད་དོ། །ཡང་རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བའི་ཚུལ་སྟོན་

པ་ན། དེའི་ཞམ་འབྲིང་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡབ་མཆེད་པོ་ཞེས་ཀྱང་གྲགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་མང་དུ་ཐོས་པ་དང་ལྡན་པ་མྱ་ངན་གྱི་ཟུག་རྔུས་ནོན་པར་གྱུར་ཏོ། །དེ་ལ་དེ་བཞིན་གཤེགས་པས་ཁྱོད་མྱ་ངན་མ་བྱེད་པར་མ་འོངས་པའི་དུས་ན་དམ་པའི་ཆོས་བསྡུ་བ་ཁྱོད་ལ་འབབ་པར་

Vol. 122 · folio 4a

འགྱུར་བས། ངའི་མདོ་སྡེ་རྣམས་སྡུད་པའི་ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་དང་། ཐ་མར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅེས་པ་ལ་སོགས་པའི་ཚིག་ཆུག་ལ་བསྡུས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་ཆོས་བསྡུ་བའི་མན་ངག་

གནང་བ་དང་མང་དུ་ཐོས་པ་ཡང་ཡིན་པའི་ཕྱིར། དེ་ཉིད་དུས་ཕྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་པ་ན། འོད་སྲུངས་ཆེན་པོ་ལ་སོགས་པས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བཅོམ་ལྡན་འདས་ཀྱིས་གང་དུ་གསུངས། །ཤེས་རབ་ཆེན་པོ་ཁྱོད་ཀྱིས་སྨྲོས། །བདེ་གཤེགས་སྲས་པོ་ཁྱོད་

སྨྲོས་ཤིག །ཅེས་གསོལ་བ་བཏབ་པའི་རྗེས་ལ་དེས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་ཆོས་བསྡུ་བ་མཛད་དོ་ཞེས་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས་གསུངས་པ་དང་། གཞན་ཡང་འཕགས་པ་བརྒྱད་སྟོང་པའི་ཡོངས་སུ་གཏད་པའི་ལེའུ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་བ་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་ཀུན་དགའ་བོ་ཁྱོད་ལ་ཡོངས་སུ་གཏད་དོ་ཞེས་གསུངས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་དང་ཆ་མཐུན་པའི་ཐེག་པ་ཆེན་པོའི་གསུང་རབ་རྣམས་འཕགས་པ་ཀུན་དགའ་བོས་བསྡུས་སོ་ཞེས་ཀྱང་འཆད་

དོ། །ཡང་རིག་པ་འཛིན་པའི་སྡེ་སྣོད་འགའ་ཞིག་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །ཞེས་པ་ལ་སོགས་པ་གསུངས་པ་དང་། གཞན་ཡང་། ཨེ་ཝཾ་མཱ་ཡའི་ཡི་གེ་བཞི། །ཆོས་ཀྱི་ཐོགས་སོགས་བསྟན་

པ་ནི། །སངས་རྒྱས་དག་པའི་དངོས་གྲུབ་བསྐྱེད། །ཕྱག་ན་རྡོ་རྗེ་བརྗོད་མེད་པ། །འདི་ནི་ང་ཡིས་བསྟན་པ་ཡིན། །ཞེས་གསུངས་པས་སྡུད་པ་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཞེས་ཀྱང་འབྱུང་སྟེ། གལ་ཏེ་དེ་ལྟ་ན་འདི་དག་ཕན་ཚུན་འགལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཀུན་དགའ་

བོ་ནི་དཔལ་ཕྱག་ན་རྡོ་རྗེའོ་ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་ཏེ། དེས་ན་རིག་པ་འཛིན་པའི་སྡེ་སྣོད་སྡུད་པར་བྱེད་པ་ན་གསང་བའི་བདག་པོའི་གཟུགས་སུ་བསྟན་ལ། མདོ་སྡེ་རྣམས་སྡུད་པའི་དུས་སུ་ཀུན་དགའ་བོའི་གཟུགས་སུ་བསྟན་པས་འགལ་བ་མེད་དོ་ཞེས་པའོ། །འདིར་ངེས་པའི་

Vol. 122 · folio 4b

དོན་དུ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། གསང་བའི་བདག་པོ་ལ་སོགས་པ་དེ་དག་དེ་བཞིན་གཤེགས་པ་ལས་རྒྱུད་ཐ་དད་པའི་བྱང་ཆུབ་སེམས་དཔའ་ཡིན་ན་ཡང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གཟུངས་དང་སྤོབས་པ་ཁྱད་པར་ཅན་སྐྱེས་ནས་བསྡུ་བ་བྱས་པ་ནི་དེ་བཞིན་གཤེགས་པ་ཉིད་

ཡིན་ཞེས་པའོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པ་ནི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་མངའ་བས། དེ་དག་གིས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་དེ་དག་གི་གཟུགས་སུ་སྣང་བ་སྤྲུལ་ནས་ཉེ་བར་བསྡུས་པ་སྟེ། དེ་ལྟ་ན་ཡང་སྡུད་པ་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་རིགས་

སོ། །འདིར་ཤེས་པར་བྱེད་པ་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འགྲེལ་པའི་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག་ཉེ་བར་བཀོད་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་བཀའ་ཡིན་ཞིང་། དེ་ཡང་ཐམས་ཅད་མཐུན་པར་

གྲེ་བ་དང་རྐན་ལ་སོགས་པ་ལས་བྱུང་བ་ཕྱི་རོལ་གྱི་ངོ་བོར་གྱུར་པ། ཕྱོགས་གཅིག་པའི་ཚིག་གིས་སྟོན་པ་ནི་མི་འཐད་དེ། དེ་ལྟར་ན་ཐམས་ཅད་མཁྱེན་པའི་ཚིག་ཏུ་མི་འགྱུར་རོ་ཞེས་གསུངས་སོ། །དེའི་དོན་ཡང་ཐམས་ཅད་མཁྱེན་པའི་ཚིག་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་

དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པས། དེའི་ཡེ་ཤེས་ཀྱི་བདག་པོའི་རྒྱུ་ལས་བྱུང་བ་གདུལ་བྱ་རྣམས་ཇི་ལྟར་མོས་པའི་གསུང་དུ་སྣང་བ། རང་རང་གི་སེམས་ཀྱི་ངོ་བོར་གྱུར་པ་ཡིན་

གྱི། ཕྱི་རོལ་གྱི་སྒྲའི་ངོ་བོར་གྱུར་པ་ནི་མ་ཡིན་ཏེ། གཅིག་ལ་རྣམ་པ་འགལ་བ་མི་འཐད་པའི་ཕྱིར་ཞེས་པའོ། །དེས་ན་གདུལ་བྱའི་བསམ་པ་དང་མཐུན་པར་སྐུ་དང་གསུང་ལ་སོགས་པའི་སྣང་བ་འཕྲུལ་བར་བྱེད་པ་ན་འགའ་ཞིག་ཏུ་ནི་ཨེ་ཝྃ་མཱ་ཡ་ཞེས་པ་ལ་སོགས་པ་ལྷ་རྣམས་ཀྱི་སྐད་དུ་

བསྟན་ལ། ཡང་གང་གི་ཚེ་ཆུ་བོ་སཱི་ཏའི་བྱང་ངོས་ཙམ་པ་ཀའི་ཡུལ་དུ་གྲོང་ཁྱེར་བྱེ་བའི་སྐད་ཀྱིས་ཆོས་བསྟན་པ་ན། ཨ་ཀར་ཥུ་ཁུཥྞ་ཀ། ག་གན་ཀུ་ཞེས་པ་ལ་སོགས་པས་བསྡུས་ཤིང་ཆོས་བསྟན་ཏོ། །དེ་བཞིན་དུ་རུག་མའི་བྱང་ངོས་སུ་ར་མའི་ཡུལ་དུ་གྲོང་ཁྱེར་བྱེ་བའི་སྐད་ཀྱིས་ཆོས་བསྟན་

Vol. 122 · folio 5a

པ་འདི་ལྟ་སྟེ། ཨ་ཀ་མ་ལ་སད་ཏ་བ་ལ་ད་ཞེས་པ་ལ་སོགས་པས་བསྟན་ཏོ། །མདོ་སྡེ་འདི་ཉིད་དུ་ཡང་ཆོས་སྟོན་པའི་རྗོད་པར་བྱེད་པ་ནི་གཅིག་ཏུ་ངེས་པ་མེད་དེ། འཇིག་རྟེན་གྱི་ཁམས་ལ་ལར་སྨིན་མ་བསྒུལ་བས་ཆོས་སྟོན་པ་དང་། ལ་ལར་མིག་རིག་རིག་བྱས་པས་ཆོས་སྟོན་ཏོ་

ཞེས་པ་ལ་སོགས་པས་གསུངས་པའི་ཕྱིར་རོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་དམ་པའི་ཆོས་བསྡུ་བར་བྱའོ་ཞེས་གསུངས་པ་ནི་ཕྱོགས་འགའ་ཙམ་ལ་དགོངས་པ་ཡིན་པས་འགལ་བ་མེད་དོ། །དེ་ལྟ་ན་གཞན་དག་འདི་སྐད་བདག་གིས་ཐོས་པ་

ཞེས་པ་ལ་སོགས་པ་སྡུད་པ་པོ་གཞན་གྱི་ཚིག་ཡིན་པས་བཀའ་མ་ཡིན་པས་དེ་བཞིན་གཤེགས་པའི་བཀའ་བསླད་པར་འགྱུར་རོ་སྙམ་པའི་དོགས་པ་རྒྱང་རིང་དུ་སྤངས་པར་གྱུར་ཏོ། །སྔ་མ་ལྟར་ཚུལ་ལུགས་འདི་ལྟར་དམ་པའི་ཆོས་བསྡུས་ཤིག་ཅེས་དེ་བཞིན་གཤེགས་པ་ཉིད་ཀྱིས་གནང་བས། དེ་

འདྲའི་ཉེས་པ་མེད་དོ་ཞེས་ཀྱང་སློབ་དཔོན་རྣམས་ཀྱིས་བཤད་དོ། །གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་བསྡུས་ན་འདི་སྐད་བདག་གིས་བཤད་པ་ཞེས་པ་ལ་སོགས་པར་རིགས་ཀྱིས། བདག་གིས་ཐོས་པ་ཞེས་པའི་ཚིག་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། སྔ་མ་ལྟར་གདུལ་བྱའི་དོན་དུ་

ཉིད་ལས་ཐ་དད་པའི་སྐུ་རུ་སྣང་བ་ན་ཚིག་དེ་ཉིད་རིགས་པར་འགྱུར་གྱི་བདག་གིས་བཤད་པ་ཞེས་པ་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པས་བསྟན་པ་ལ་གཞན་རྣམས་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་གཞན་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་

ལས། སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་ན། ཚེ་དང་ལྡན་པ་དགའ་བོ་མྱ་ངན་གྱི་ཐིབས་ཀྱིས་ནོན་པར་གྱུར་པའི་ཚེ། ཚེ་དང་ལྡན་པ་མ་འགགས་པས་དགའ་བོ་ལ་སྤྲོ་བ་བསྐྱེད་དེ། མྱ་ངན་བསངས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག །དེ་བཞིན་

གཤེགས་པ་མྱ་ངན་ལས་འདའ་བའི་དུས་ལ་བབ་སྟེ། དེང་བཞུགས་ཀྱང་སང་མི་བཞུགས་སོ། །ཁྱོད་ཀྱིས་ངས་སྨྲས་པ་བཞིན་དུ་ཞུ་བ་རྣམ་པ་འདི་བཞི་ཞུས་ཤིག་ཅེས་པ་ལ་སོགས་པ་གསུངས་ལ། ཞུ་བ་བཞིའི་ཐ་མ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཆོས་ཀྱི་སྡེ་སྣོད་

Vol. 122 · folio 5b

བསྡུ་བ་ན་མདོ་སྡེ་ཐམས་ཅད་ཀྱི་མགོ་ནན་ལ་ཇི་སྐད་ཅེས་བྱ་བའི་ཚིག་གཞུག་ཅེས་ཞུས་པའི་ལན་དུ། དགའ་བོ་ཁྱོད་ཞུ་བ་ལྟར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ཆོས་ཀྱི་མཛོད་བསྡུ་བའི་མགོ་ནན་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆེ་གེ་མོ་ཞིག་ན་

འཁོར་རྣམ་བཞི་དང་ཐབས་ཅིག་ཏུ་བཞུགས་ཏེ། མདོ་སྡེ་འདི་གསུངས་སོ་ཞེས་པའི་ཚིག་ཐོགས་ཤིག་ཅེས་གསུངས་པ་དང་འགལ་ཏེ། དེ་ལས་ཚེ་དང་ལྡན་པ་དགའ་བོ་སྡུད་པ་པོ་ཉིད་དུ་གསུངས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། ཀུན་དགའ་བོ་དང་དགའ་བོ་ཞེས་པའི་མཚན་ནི་ཕན་ཚུན་

འཁྲུགས་པ་ལྟ་བུར་སྣང་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་དང་བར་མའི་གླེང་གཞིའི་སྐབས་སུ་ནི་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་དགའ་བོའོ་ཞེས་གསུངས་ལ། བསྡུས་པ་འཕགས་པ་བརྒྱད་སྟོང་པའི་གླེང་གཞིར་ནི། གང་ཟག་གཅིག་མ་གཏོགས་པ་

ནི་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་གསུངས་པ་དང་། གཞན་ཡང་མྱ་ངན་ལས་འདས་པའི་མདོ་སྡེ་དེ་ཉིད་ལས་ཀྱང་ངའི་ནུ་བོ་ཀུན་དགའ་བོ་ཞེས་གསུངས་ལ། མདོ་སྡེ་གཞན་དག་ནས་གཅུང་དགའ་བོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདིར་མིང་ལ་ཞེན་པར་མི་བྱ་སྟེ། དོན་གྱི་རྗེས་སུ་འབྲངས་ན་སྡུད་

པ་པོ་ཉིད་དུ་སྣང་བ་ནི་དེ་བཞིན་གཤེགས་པའི་ཡབ་མཆེད་པོ་ཉིད་དུ་འཇིག་རྟེན་ན་གྲགས་པ་དེ་ཉིད་ཡིན་ཏེ། མང་དུ་ཐོས་པའི་ཡོན་ཏན་དང་ལྡན་པ་ལ་སོགས་པར་སྣང་བའི་ཕྱིར་རོ། །ངེས་པའི་དོན་དུ་ནི་སྔར་བསྟན་པ་ལྟར་རིགས་སོ། །དེ་ལྟར་སྡུད་པ་པོས་ཉེ་བར་བཀོད་པའི་གླེང་གཞི་རྣམ་པར་བཤད་པ་ནི་

རྣམ་པ་ལྔའི་སྒོ་ནས་ཤེས་པར་བྱ་སྟེ། ཚིག་ཉེ་བར་དགོད་པའི་དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། བརྒལ་བ་དང་བརྒལ་བའི་ལན་དང་། མཚམས་སྦྱོར་བའི་སྒོ་ནས་སོ། །དེ་སྐད་དུ་ཡང་། མདོ་དོན་སྨྲ་བར་འདོད་པ་ཡིས། །དགོས་པ་བསྡུས་པའི་དོན་བཅས་

དང་། །ཚིག་དོན་བཅས་དང་བརྒལ་ལན་བཅས། །མཚམས་སྦྱོར་བཅས་ཏེ་བསྙད་པར་བྱ། །ཞེས་རྣམ་པར་བཤད་པའི་རིགས་པ་ལས་གསུངས་པའི་ཕྱིར་རོ། །དེ་འདིར་དགོས་པའི་དོན་ནི་རྣམ་པ་གསུམ་སྟེ། སྤྱིར་ཕུན་སུམ་ཚོགས་པའི་བདག་ཉིད་ཀྱི་གླེང་གཞི་ཉེ་བར་བཀོད་པའི་དགོས་པ་དང་། དེ་ཡང་

Vol. 122 · folio 6a

ལེགས་པར་སྦྱར་བའི་སྐད་ཀྱིས་གསུངས་པའི་དགོས་པ་དང་། བདག་གིས་ཐོས་ཞེས་པའི་ཁྱད་པར་གྱི་ཚིག་གི་དགོས་པའོ། །དེ་ལ་དང་པོ་དགོས་དོན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྡུད་པ་པོ་རང་ཉིད་ཡིད་ཆེས་པའི་སྐྱེས་བུར་སྒྲུབ་ཅིང་དེ་ལྟར་གྲུབ་པས་དེས་བསྡུས་པའི་

མདོ་སྡེ་ལ་གཞན་དག་འཇུག་པར་འགྱུར་བའོ་ཞེས་འཆད་དོ། །དེའི་དོན་ཡང་དུས་འགའ་ཞིག་གི་ཚེ་གནས་ཀྱི་ཁྱད་པར་དེ་དང་དེ་དག་ཏུ་འཁོར་འདི་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལས་ཁོ་བོས་མདོ་སྡེ་འདི་ཐོས་སོ་ཞེས་དབང་པོའི་འཁོར་ལ་སོགས་པ་དང་བཅས་ཏེ་བསྟན་པས། དེས་

སྨྲས་པའི་དོན་དེ་ལྟར་བདེན་ནོ་ཞེས་ངེས་པར་འགྱུར་བའོ། །ཡང་འདིར་སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་སུན་འབྱིན་པ་ལྟར་སྣང་བ་བྱེད་པ་ན་འདི་ནི་མི་འཐད་དེ། དེ་ལྟ་ན་མ་འོངས་པའི་གདུལ་བྱས་དབང་པོའི་འཁོར་རྣམས་ལ་དོན་དེ་ལྟར་ཡིན་ནམ་མ་ཡིན་ཞེས་དྲི་བར་མི་ནུས་པ་རྣམས་

ཀྱིས་སྡུད་པ་པོ་ཡིད་ཆེས་པའི་སྐྱེས་བུ་ཉིད་དུ་རྟོགས་པར་མི་འགྱུར་ཞིང་། དེ་ཉིད་ཀྱི་ཕྱིར་དེས་བསྡུས་པའི་མདོ་སྡེ་ལ་འཇུག་པར་མི་འགྱུར་བས་དོན་རྟོགས་པ་མི་འཐད་པ་དང་། གཞན་ཡང་གླེང་གཞི་གང་དུ་འཁོར་གྱི་མིང་སྨོས་པ་མེད་པ་དེར་ཤིན་ཏུ་ཡང་དབང་པོ་ཉིད་དུ་མི་འཐད་དོ་ཞེས་གསུངས་

སོ། །འདི་ནི་མི་འཐད་དེ། མ་འོངས་པའི་གདུལ་བྱ་རྣམ་པ་གཉིས་ཏེ། དབང་པོ་རྟུལ་པོ་དད་པའི་རྗེས་སུ་འབྲང་བ་དང་། རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་ལ་གང་ཟག་སྔ་མ་ནི་དེ་ལྟར་བསྟན་པའི་ཚིག་ཙམ་ལས་ཁྱད་པར་དུ་ཡིད་ཆེས་པར་འགྱུར་ལ། དབང་པོ་རྣོན་པོ་རྟོགས་པ་དང་ལྡན་པ་

ཡང་དེ་འདྲ་བའི་ཚིག་ལས་དོན་དུ་འགྱུར་བའི་ཐེ་ཚོམ་སྐྱེས་ཏེ། འདི་ནི་ཕལ་ཆེར་བདེན་པར་སྨྲ་བའི་སྐྱེས་བུ་ཡིན་ཞེས་རྟོགས་པར་འགྱུར་ཞིང་། དེ་ཉིད་ཀྱིས་མདོ་སྡེ་ལ་ཡང་འཇུག་པར་འགྱུར་བའོ། །ཡང་མ་འོངས་པའི་གདུལ་བྱ་མངོན་པར་ཤེས་པ་ཐོབ་པ་རྣམས་ཀྱིས་ནི་དབང་པོའི་འཁོར་

རྣམས་ལ་དྲི་བར་ཡང་ནུས་པས་ཉེས་པའི་གོ་སྐབས་ག་ལ་ཡོད་ཅེས་པའོ། །དེ་སྐད་དུ་ཡང་། སྟོན་པ་དབང་པོའི་འཁོར་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །དད་ལྡན་འཇུག་པའི་ཡན་ལག་ཏུ། །སྨྲ་པོ་རང་ཉིད་ཚད་མར་ནི། །རབ་བསྒྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་

Vol. 122 · folio 6b

དུས་སོགས་ཀྱིས་མཚོན་ཅིང་། །དབང་པོར་བཅས་ཚིག་སྨྲ་བ་ཡི། །སྨྲ་པོ་ཚད་མར་རབ་ཏུ་རྟོགས། །ཞེས་གསུངས་སོ། །དགོས་པ་གཉིས་པའི་དོན་ནི་ཨེ་ཝཾ་མཱ་ཡ་ཞེས་པ་ལ་སོགས་པ་ལེགས་པར་སྦྱར་བ་ལྷ་རྣམས་ཀྱི་སྐད་ཀྱིས་བསྡུས་པས་ལྷ་རྣམས་རྗེས་སུ་བཟུང་བའི་དོན་དང་། ཡང་ཕྱི་

རོལ་པ་གང་དག་ཁོ་བོ་ཅག་གི་སྟོན་པ་དབང་ཕྱུག་ཆེན་པོ་ལ་སོགས་པ་ནི་སྒྲ་རིག་པའི་བསྟན་བཅོས་ལ་མཁས་པས་ཨེ་ཝཾ་མཱ་ཡ་ཞེས་པ་ལ་སོགས་པ་ལེགས་པར་སྦྱར་བའི་སྒྲས་སྡུད་པར་བྱེད་ལ། དགེ་སྦྱོང་གཽ་ཏ་མ་ནི་དེ་མ་ཡིན་ནོ་ཞེས་ལོག་པར་རྟོག་པར་འགྱུར་བས་དེ་བསལ་བའི་དོན་དུའོ། །

དགོས་པ་གསུམ་པ་ནི་དམ་པའི་ཆོས་འདུལ་བ་ཕྲན་ཚེགས་ཀྱི་ལུང་ལས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ཀུན་དགའ་བོས་དམ་པའི་ཆོས་སྡུད་པའི་ཚེ། གདན་སེང་གེའི་ཁྲི་ལ་བཞུགས་པ་ན། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་དེ་བཞིན་གཤེགས་པའི་རྣམ་པ་ལྟ་བུར་

གྱུར་པས་འཁོར་གྱི་སྐྱེ་བོ་གཞན་རྣམས་ཐེ་ཚོམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་སྔར་མྱ་ངན་ལས་འདས་ཀྱང་ཐུགས་རྗེའི་དབང་གིས་སེམས་ཅན་གྱི་དོན་དུ་སླར་བྱོན་པ་ཡིན་ནམ་སྙམ་པ་དང་། འཇིག་རྟེན་གྱི་ཁམས་གཞན་ནས་དེ་བཞིན་གཤེགས་པ་གཞན་ཞིག་འདིར་

བྱོན་པ་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་དོགས་པ་དང་། ཀུན་དགའ་བོ་ཉིད་སྔར་ལས་རྣམ་པ་གཞན་དུ་གྱུར་ཏེ་སངས་རྒྱས་ནས་གཅན་གྱི་ཚབ་མར་བྱོན་པ་ཡིན་ནམ། ཅི་ཞེས་དོགས་པར་འགྱུར་བས། དེ་རྣམས་བཅད་པའི་དོན་དུ་འདི་སྐད་བདག་གིས་ཐོས་ཞེས་སྨོས་པ་སྟེ། དེ་

བཞིན་གཤེགས་པ་དེ་ཉིད་སླར་བྱོན་པའམ་གཞན་ཉིད་ཡིན་ན། ཚིག་འདི་འགྲིག་པ་མ་ཡིན་ལ། ཀུན་དགའ་བོ་ཉིད་སངས་རྒྱས་པ་ཡིན་ན་ཡང་ཆོས་ཀྱི་དོན་མངོན་དུ་གྱུར་ཅིང་རྟོགས་པ་ཡིན་པས་ཐོས་པ་ཙམ་མ་ཡིན་ཏེ། དེས་ན་སྔར་གྱི་ཀུན་དགའ་བོ་ཉིད་ཡིན་ཞེས་པའོ། དེ་ལྟར་དགོས་པའི་

དོན་བསྟན་ནས། བསྡུས་པའི་དོན་རྣམ་པ་ལྔས་ཤེས་པར་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་ལ་སོགས་པ་དང་ལྡན་པའི་སྡུད་པ་པོ་དང་། བཤད་པའི་དུས་དང་སྟོན་པ་དང་གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་དང་པོ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པས་སྟོན་ཏོ། །གཉིས་

Vol. 122 · folio 7a

པ་ལ་སོགས་པ་ཡང་གོ་རིམས་བཞིན་དུ་དུས་གཅིག་ན་ཞེས་པ་དང་། བཅོམ་ལྡན་འདས་ཞེས་པ་དང་། ལང་ཀའི་གྲོང་རྡལ་ཞེས་པ་ལ་སོགས་པ་དང་། དགེ་སློང་གི་དགེ་འདུན་ཞེས་པ་ལ་སོགས་པས་སྟོན་ཏོ། །ཡང་གཞན་དག་ནི་ཚིག་དང་པོས་གླེང་བསླང་བ་བསྟན་

ལ། དུས་གཅིག་ན་ཞེས་པ་ལ་སོགས་པས་གླེང་གཞི་སྟོན་ཏོ་ཞེས་ཀྱང་འཆད་དེ། དེ་ལྟ་ན་ཡང་འགལ་བ་མེད་དོ། །ཚིག་གི་དོན་ནི་འདི་སྐད་ཐོས་ཞེས་པས་འོག་ནས་བསྡུས་ཏེ་སྟོན་པ་འདི་ཁོ་ན་སྐད་ཐོས་ཀྱི། བཅོམ་ལྡན་འདས་ལས་ཐོས་པ་ལས་ལྷག་པ་དང་ཆད་པ་མེད་པར་བསྡུས་ཞེས་

པའོ། །དོན་འདི་ཡང་བཅོམ་ལྡན་འདས་ཀྱིས་ཁ་སྦྱོར་ཐིག་ལེ་ལས་བསྟན་པའོ། །བདག་གིས་ཐོས་ཞེས་པས་ནི་བདག་ཉིད་ཀྱིས་སྟོན་པ་ལས་དངོས་སུ་ཐོས་ཀྱི་གཞན་ལས་བརྒྱུད་དེ་ཐོས་པ་མ་ཡིན་ཞེས་པའོ། །དེ་ལྟར་ཡོན་ཏན་དང་ལྡན་པའི་སྡུད་པ་པོ་བསྟན་པ་ན་གཞན་དག་ཁྱོད་

ཀྱིས་གང་གི་ཚེ། གང་ལས། གང་དུ། གང་དང་ལྷན་ཅིག་ཐོས་སྙམ་དུ་དོགས་ན་དུས་གཅིག་ན་ཐོས་ཞེས་གོང་མ་ལ་སྦྱར་ཏེ་འདིའི་དོན་ཡང་སྤྱིར་དུས་ནི་རྣམ་པ་བཞི་སྟེ། བྱས་པའི་དུས་དང་། སྐྱབས་འབྱུང་གི་དུས་དང་། གཉིས་གཞན་གྱི་དུས་དང་། རྩོད་པའི་དུས་སོ། །དེ་ལ་འདིར་

ནི་རྩོད་པའི་དུས་ཉིད་དེ། དེ་བཞིན་གཤེགས་པ་འདི་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ཤཱཀྱ་ཐུབ་པ་རྩོད་དུས་ལ་ཞེས་འོག་ནས་སྟོན་པར་འགྱུར་བའི་ཕྱིར་རོ། །དུས་དེ་ཉིད་ཀྱི་ཁྱད་པར་ཡང་སྟོན་པ་ལ་སོགས་པ་རྣམ་པ་བཞི་ཡིན་པ་ལས། དེའི་བྱེ་བྲག་འགའ་ཞིག་

གི་ཚེ་ཐོས་ཞེས་པའོ། །དེས་ཀྱང་མདོ་སྡེ་རིན་པོ་ཆེ་རྙེད་དཀའ་བ་ཉིད་དུ་བསྟན་ཏེ། དུས་འགའ་ཞིག་གི་ཚེ་ཐོས་ཀྱི་ཐམས་ཅད་དུ་མ་ཡིན་པར་གསུངས་པའི་ཕྱིར་རོ། །ཡང་དུས་གཅིག་གི་ཚེ་ན་འདི་ཐོས་ལ། གཞན་གྱི་ཚེ་ན་གཞན་དག་ཀྱང་ཐོས་ཞེས་དོན་གྱིས་བསྟན་པས་སྡུད་པ་པོ་བདག་ཉིད་

ཐོས་པ་མང་བ་ཉིད་དུ་བསྟན་ཏོ། །རྣམ་པ་གཅིག་ཏུ་ན་དུས་སྔ་མ་དེ་རྣམས་ཀྱི་ཁྱད་པར་སྐད་ཅིག་གི་དུས་དེ། ཇི་ལྟར་ལྷས་བསྟན་པའི་རྨི་ལམ་ན་དུས་ཅུང་ཟད་ཅིག་ལ་ལོ་ལ་སོགས་པའི་དུས་སུ་སྣང་ཞིང་དེར་ཡང་འདོད་པའི་ལོངས་སྤྱོད་ལ་སོགས་པ་མང་པོ་ལ་སྤྱད་པར་སྣང་བ་བཞིན་དུ་སྡུད་

Vol. 122 · folio 7b

པ་པོ་བདག་ཉིད་ཚོགས་ཡོངས་སུ་རྫོགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དུས་ཅུང་ཟད་ཅིག་ལ་མདོ་སྡེ་འདིའི་ཚིག་དང་དོན་མ་ལུས་པར་སྣང་བའི་ཤེས་པ་སྐྱེ་ཞིང་། ད་ལྟར་སྡུད་པར་བྱེད་པའི་དུས་ན་ཡང་བརྗོད་པ་མེད་ཅེས་པ་སྟེ། དེས་ཀྱང་བདག་ཉིད་རྣམ་པར་

ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང་། སྟོན་པ་བྱིན་རླབས་དང་ལྡན་པ་ཉིད་དུ་བསྟན་ཏོ། །གལ་ཏེ་སྐད་ཅིག་ལ་མདོའི་ཚིག་དང་དོན་མ་ལུས་པར་སྣང་བའི་ཤེས་པ་སྐྱེས་ན་ཡང་ཕྱིས་ཉན་པ་མི་འཐད་དོ་ཞེ་ན། དམ་པའི་ཆོས་ཀྱི་བདུད་རྩིའི་རོས་ཚིམ་པ་མེད་ཅིང་དེ་ལ་གུས་པར་བྱ་བ་ཉིད་དུ་སྟོན་

པས་སྐྱོན་མེད་དོ། །ཡང་གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའི་འཁོར་གཞན་རྣམས་ལ་ཡང་དེ་འདྲ་བའི་སྣང་བ་ཅིའི་ཕྱིར་མི་འབྱུང་ཞེ་ན། མ་ཡིན་ཏེ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་དག་པ་རྣམས་ལ་ནི་དེ་འདྲ་བའི་སྣང་བ་འབྱུང་གིས།

ཐམས་ཅད་ལ་ནི་མ་ཡིན་ཏེ། ཚོགས་ཡོངས་སུ་མ་རྫོགས་པས་དེ་ལྟ་བུར་སྣང་བའི་སྐལ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པས་སོ། །གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པའི་གསུང་གི་རྒྱུན་གཅིག་ལ། གདུལ་བྱ་འགའ་ཞིག་ལ་ནི་ཅིག་ཅར་སྣང་ལ། འགའ་ཞིག་ལ་(ན་‚ནི་)རིམ་གྱིས་དུས་རིང་

པོ་དང་འབྲེལ་པར་སྣང་བ་མི་འཐད་དོ་ཞེ་ན། མ་ཡིན་ཏེ། འདིར་དེ་བཞིན་གཤེགས་པའི་སྐུ་དང་ཆོས་བསྟན་པའི་ཕྱི་རོལ་འབྱུང་བའི་ངོ་བོར་གྱུར་པ་ནི་མེད་དེ། གདུལ་བར་བྱ་བ་ལ་སོགས་པའི་སེམས་ཀྱི་སྣང་བ་ཡིན་ལ། དེ་ནི་རང་རང་སྐལ་བ་ཇི་ལྟ་བ་བཞིན་དུ་ཅིག་ཅར་རམ་རིམ་གྱིས་

སྣང་བ་མི་འགལ་ལོ། །གང་ལས་ཐོས་སྙམ་པའི་དོགས་པ་སེལ་བ་ནི་བཅོམ་ལྡན་འདས་ལས་ཞེས་པ་སྟེ། དེ་ཡང་དུས་གཅིག་ན་བཅོམ་ལྡན་འདས་གནས་ཀྱི་ཁྱད་པར་འགའ་ཞིག་ན་བཞུགས་ཞེས་སྦྱར་བར་བྱའོ། །དེའི་དོན་ནི་དུས་གཞན་གྱི་ཚེ་ན་གཞན་དང་གཞན་དག་ན་ཡང་བཞུགས་

ཞེས་པ་སྟེ། དེའི་རྒྱུ་མཚན་ཡང་། ཡུལ་གཞན་གདུལ་བར་བྱ་ཕྱིར་དང་། །དེར་གནས་སྐོམ་པ་སྐྱེད་ཕྱིར་དང་། །ཉན་ཐོས་གནས་མང་བྱ་ཕྱིར་དང་། །ཆགས་པ་མེད་པར་བསྟན་པ་དང་། །ཡུལ་རྣམས་མཆོད་རྟེན་བྱ་ཕྱིར་དང་། །འགྲོ་བའི་བསོད་ནམས་དོན་ཉིད་དང་། །ཡམས་ལ་སོགས་

Vol. 122 · folio 8a

པ་ཞི་དོན་དུ། །སངས་རྒྱས་རྒྱུ་བར་མཛད་པ་ཡིན། །ཞེས་གསུངས་པས་སོ། །གཞན་ཡང་དེ་ལྟར་བསྟན་པས་སྔར་དུས་གཅིག་ན་ཐོས་ཞེས་པའི་སྐབས་སུ་དུས་ཀྱི་ཁྱད་པར་དེ་རྣམས་བསྟན་ཀྱང་དུས་ཅན་གྱི་དངོས་པོ་འགའ་ཞིག་གིས་མ་མཚོན་ན་མཁའ་ལ་འཕྱོ་བ་ལྟ་

བུར་ངེས་པར་ཟིན་པ་མེད་པར་འགྱུར་བས། །དེ་བཞིན་གཤེགས་པས་གནས་ཀྱི་ཁྱད་པར་འདི་འདྲ་བ་ན་བཞུགས་པའི་དུས་དེའི་ཚེ་ཐོས་ཞེས་ངེས་པར་འཛིན་པའོ། །དེ་ལ་འདིར་བྷ་ག་བཱན་ཞེས་པའི་དོན་ནི་རྣམ་པ་གཉིས་སུ་འགྱུར་ཏེ། འཇོམས་པའམ་སྐལ་བའོ། །སྔ་མ་ལྟར་ན་

བདུད་བཞི་བཅོམ་པའི་དོན་གྱིས་ན་བཅོམ་ལྡན་འདས་ཞེས་པ་སྟེ། ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ཅེས་པ་སྟེ། དེ་རྣམས་ཀྱིས་ཀྱང་རིམ་པ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་

དང་། ཡོན་ཏན་ཁྱད་པར་ཅན་འཐོབ་པ་དང་། སྲོག་ཡུན་རིང་དུ་གནས་པའི་བར་དུ་གཅོད་པས་བདུད་ཅེས་པའོ། །དེ་ལ་དང་པོ་ནི་རྣམ་པར་སྨིན་པའི་ལུས་ལ་སོགས་པ་སྡུག་བསྔལ་ཀྱི་རྟེན་བྱེད་པ་ཉིད་དེ། དེས་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དུ་གཅོད་པ་སྟེ། དེ་ནི་སྔོན་

གྱི་ལས་དང་ཉོན་མོངས་པས་འཕངས་པའི་ཕུང་པོ་སྡུག་བསྔལ་གྱི་རྟེན་དུ་གྱུར་པ་ཡང་མེད་ལ། མ་འོངས་པའི་ཕུང་པོ་གཞན་དེ་འདྲ་བ་འགྲུབ་པའི་ཉོན་མོངས་པ་ཡང་སྤངས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་བདུད་དེ་བཅོམ་པའི་རྒྱུ་མཚན་ཡང་། །སངས་རྒྱས་རྣམས་ནི་

ཆོས་ཀྱི་སྐུ། །ཞེས་པ་དང་། སྐུ་ལ་རུས་པ་ཁྲག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ནི་ཡེ་ཤེས་ཀྱི་སྐུ་ཉིད་ཡིན་པའི་ཕྱིར་རོ། ཉོན་མོངས་པའི་བདུད་ནི་འདོད་ཆགས་ལ་སོགས་པ་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་ཏེ། དེས་ཀྱང་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བར་

དུ་གཅོད་དེ། དེ་ནི་ཕུང་པོ་གཞན་འགྲུབ་པའི་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་རོ། །དེ་འདྲ་བའི་བདུད་བཅོམ་པ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །ལྷའི་བུའི་བདུད་ནི་དགའ་རབ་དབང་ཕྱུག་ལ་སོགས་པ་གཞན་འཕྲུལ་དབང་བྱེད་

Vol. 122 · folio 8b

ཀྱི་ལྷའི་རིས་སུ་གཏོགས་པ་སྟེ། ཡུལ་རྣམས་ལ་ཆགས་པ་ལ་སོགས་པ་སྐྱེད་པར་བྱེད་པས་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བྱེད་པའི་བར་དུ་གཅོད་པའོ། །དེ་རྣམས་བཅོམ་ཞེས་པའི་དོན་ནི་རྡོ་རྗེ་གདན་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ཞེས་པ་ལ་སོགས་པའི་དོན་ནོ། །འཆི་བདག་གི་

བདུད་ནི་ནང་ངམ་ཕྱི་རོལ་གྱི་རྐྱེན་གྱིས་དུས་མ་ཡིན་པར་འཆི་བ་ཉིད་དེ། དེས་ཀྱང་སྲོག་ཡུན་རིང་དུ་གནས་པའི་བར་དུ་གཅོད་ལ། དེ་བཞིན་གཤེགས་པས་བཅོམ་པའི་རྒྱུ་མཚན་ནི་འགའ་ཞིག་གི་ཚེ་དགའ་རབ་དབང་ཕྱུག་གིས་དེ་བཞིན་གཤེགས་པ་ལ་བདག་གི་དོན་དུ་མྱ་ངན་ལས་འདས་པར་

ཞུའོ་ཞེས་གསོལ་བ་བཏབ་པ་ན་དེས་ཀུན་དགའ་བོ་ལ་ང་ནི་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་ལན་མང་དུ་བསྟེན་ཅིང་བསྒོམས་པས་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་པར་ནུས་ན། དགའ་རབ་དབང་ཕྱུག་གི་དོན་དུ་མྱ་ངན་ལས་འདའ་འམ་ཇི་ལྟར་བྱ་ཞེས་གསུངས་

པས་སྐུ་ཚེ་ལ་མངའ་བརྙེས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། འདོད་ཆགས་ལ་སོགས་པ་མ་ཞི་བའི་ངོ་བོར་བྱུང་བ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཟག་པ་དང་བཅས་པའི་ལས་དགེ་མི་དགེ་ལ་སོགས་པ་དང་། སྐྱེ་བའི་ཀུན་ནས་

ཉོན་མོངས་པ་སྔ་མ་རྣམས་ལ་བརྟེན་ནས་ཟག་པ་དང་བཅས་པའི་ཕུང་པོ་ལ་མངོན་པར་འགྲུབ་པའོ། །གསུམ་པོ་དེ་དག་ཀྱང་། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་ཚེ་ཡིན་ནོ། །ཞེས་གསུངས་པས་སྲིད་པའི་ཡན་ལག་བཅུ་གཉིས་

སུ་གཏོགས་པ་སྟེ་དེ་རྣམས་བཅོམ་པ་དང་། གཞན་ཡང་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་བཅོམ་པ་དང་། མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་པས་བཅོམ་

ལྡན་འདས་ཞེས་པ་སྟེ། དེ་སྐད་དུ་ཡང་རྣལ་འབྱོར་གྱི་རྒྱུད་དཔལ་རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་ཀུན། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གང་ཡང་

Vol. 122 · folio 9a

འཕགས་པ་མྱ་ངན་ལས་འདས་པ་ལས་ཀྱང་། ཉོན་མོངས་པ་ཐམས་ཅད་བཅོམ་པའི་ཕྱིར་ན་བཅོམ་ལྡན་འདས་ཞེས་པ་དང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་དང་། ཆོས་རྣམས་ཀྱི་དོན་ལ་ཤིན་ཏུ་མཁས་པའི་ཕྱིར་ཡོན་ཏན་ཆེན་པོ་དང་ལྡན་པས་གཞན་གྱིས་མི་ཐུབ་

པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་གསུངས་སོ། །གཞན་ཡང་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ལས། དེ་ལ་སྒྱུ་མའི་ཆོས་སུ་སོ་སོར་རྟོག་པས་ཕུང་པོའི་བདུད་བཅོམ་མོ། །སྟོང་པ་ཉིད་ངེས་པར་སེམས་པ་ལ་སོ་སོར་རྟོག་པས་ཉོན་མོངས་པའི་བདུད་བཅོམ་མོ། །སྐྱེ་བ་མེད་པ་དང་འབྱུང་

བ་མེད་པར་སོ་སོར་རྟོག་པས་འཆི་བདག་གི་བདུད་བཅོམ་མོ། །ང་རྒྱལ་གྱིས་སྒྲོ་བཏགས་པ་ཐམས་ཅད་འགོག་པར་འགྱུར་བའི་ལམ་གྱིས་ལྷའི་བུའི་བདུད་བཅོམ་མོ། །གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤོང་བ་དང་། འགོག་པ་མངོན་སུམ་དུ་བྱེད་པ་དང་། ལམ་སྒོམ་

པས་ཀྱང་གོ་རིམས་བཞིན་དུ་བདུད་བཞི་བཅོམ་མོ། གཞན་ཡང་འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་དུ་སོ་སོར་རྟོག་པ་དང་། མི་རྟག་པར་སོ་སོར་རྟོག་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པར་སོ་སོར་རྟོག་པ་དང་། མྱ་ངན་ལས་འདས་པ་ལ་ཞི་བར་སོ་སོར་རྟོག་པས་ཀྱང་གོ་རིམས་བཞིན་དུ་

བདུད་བཞི་འཇོམས་སོ་ཞེས་བདུད་བཞི་བཅོམ་པའི་རྒྱུ་མཚན་གསུངས་སོ། །ཡང་འདིར་བྷ་ག་ཞེས་པའི་དོན་སྐལ་བ་ལ་བྱས་པའི་ཚེ། སྐལ་བ་རྣམ་པ་དྲུག་དང་ལྡན་པས་བཅོམ་ལྡན་འདས་ཞེས་པ་སྟེ། ཁ་སྦྱོར་གྱི་ཐིག་ལེ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་

གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་གསུངས་སོ། །དེའི་དོན་ཡང་དབང་ཕྱུག་ཕུན་སུམ་ཚོགས་པ་ནི་དབྱིངས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་

པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་རོ། །གཟུགས་བཟང་བ་ཕུན་སུམ་ཚོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་ཀྱང་ཡིན་པས་མཚན་དང་དཔེ་བྱད་ཀྱི་རྣམ་པར་ཡང་སྣང་བའི་ཕྱིར་རོ། །གྲགས་པ་དང་དཔལ་ཕུན་

Vol. 122 · folio 9b

སུམ་ཚོགས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ནི་བྱམས་པ་དང་སྙིང་རྗེས་རབ་ཏུ་བརྒྱན་པས་སེམས་ཅན་གྱི་དོན་འབྱུང་ཞིང་། དེ་ལས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། འཇིག་རྟེན་ཀུན་ལ་རབ་ཏུ་གྲགས་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་སོ་སོར་རྟོག་པའི་ཡེ་

ཤེས་ཏེ། དེ་ནི་འཁོར་གྱི་དཀྱིལ་འཁོར་གྱི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཤེས་རབ་ཀྱི་ཆར་གཏོགས་པ་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་། །དེ་ཉིད་ཤེས་ཕྱིར་ཡེ་ཤེས་ཏེ། །ཞེས་གསུངས་པའི་ཕྱིར་རོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། ད་ནི་

སེམས་ཅན་གྱི་དོན་ལ་སྤྲོ་བ་བརྩོན་འགྲུས་ཀྱི་ཆར་གཏོགས་པ་ཉིད་ཀྱི་ཕྱིར་རོ། །ཡང་སྒྲ་ངེས་པར་སྦྱར་བ་ལས། །རང་དབང་ཤིན་ཏུ་སྦྱངས་པ་དང་། །གཟུགས་བཟང་བ་དང་གྲགས་པ་དང་། །དཔལ་དང་བདག་ཉིད་ཆེ་ཚོགས་པ། །དྲུག་ལ་སྐལ་བ་ཞེས་བཤད་དོ། །ཞེས་གསུངས་ཏེ། དོན་ནི་སྔ་མ་

དང་མཐུན་བར་སྣང་མོད་ཀྱི། སློབ་དཔོན་ངང་ཚུལ་བཟང་པོས་ཉོན་མོངས་པ་གཞན་གྱི་དབང་དུ་མ་གྱུར་པའི་ཕྱིར་རང་དབང་ཉིད་དང་། ཡེ་ཤེས་ཀྱི་མེས་ལེགས་པར་ཡོངས་སུ་སྦྱངས་པའི་ཕྱིར་ཤིན་ཏུ་སྦྱངས་པ་ཉིད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཕྱིར་གཟུགས་བཟང་བ་

ཉིད་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་གྲགས་པ་དང་། འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་དཔལ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྲིན་ལས་ཉམས་པ་མི་མངའ་བའི་ཕྱིར་བདག་ཉིད་ཆེན་པོའི་ཚོགས་པ་སྟེ། དེ་དག་འདི་ལ་མངའ་བས་ན་བཅོམ་ལྡན་

འདས་སོ་ཞེས་གསུངས་ཏེ། ཤིན་ཏུ་འགྲིག་པ་ཉིད་དུ་སྣང་ངོ་། །གནས་གང་དུ་ཐོས་ཞེས་པའི་དོགས་པ་སེལ་བ་ནི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་སྲིན་པོའི་བདག་པོ་ལང་ཀ་མགྲིན་བཅུ་གནས་པའི་གྲོང་རྡལ་གྱི་དབུས་ན། རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེའི་རིགས་བཻ་ཌཱུརྱ་ལ་སོགས་པ་སྣ་ཚོགས་

པ་དང་། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པར་སྣང་བ་སྟེ། དེ་དག་གི་བསོད་ནམས་ཀྱི་དབང་གིས་ནང་གི་སེམས་ཡོངས་སུ་དག་པ་ལ་དེ་ལྟར་སྣང་བ་སྟེ། གནས་ཀྱི་ཁྱད་པར་དེར་ཐོས་ཞེས་པའོ། །སུ་དག་དང་ལྷན་ཅིག་ཏུ་ཐོས་སྙོམ་དུ་དོགས་པ་སེལ་བ་དཔང་པོའི་འཁོར་སྟོན་པ་ལ། དང་པོར་

Vol. 122 · folio 10a

ཉན་ཐོས་ཀྱི་དགེ་འདུན་བསྟན་པ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པ་སྟེ། དེ་ལ་ནི་དགེ་སློང་ནི་རྣམ་པ་གཉིས་ཏེ། བསྙེན་པར་རྫོགས་པ་དང་། ཉོན་མོངས་པ་སྤངས་པའོ། །དེའི་དང་པོ་ཡང་རྣམ་པ་གཉིས་ཏེ། གསོལ་བ་དང་བཞིའི་ལས་ཁ་ན་མ་ཐོ་བ་མེད་

པས་བསྙེན་པར་རྫོགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཚུར་ཤོག་ཅེས་བརྗོད་པ་ཙམ་གྱིས་སྐྲ་དང་ཁ་སྤུ་རང་བྱི་ཞིང་དགེ་སློང་གི་དངོས་པོར་གྱུར་པའོ། །དེ་ལ་འདིར་ནི་ཚུལ་དེ་ལྟར་བསྙེན་པར་རྫོགས་ཤིང་ཉོན་མོངས་པ་ཡང་སྤངས་པར་འགྱུར་བའོ། །

དགེ་འདུན་ཞེས་པ་ནི་མི་ཕྱེད་པའི་དོན་ཏེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་འཇིག་རྟེན་པའི་ལྷ་གཞན་མི་ཚོལ་བ་དང་། བསྟན་པ་ལ་རྣམ་པར་དཀར་བའི་ཆོས་ལས་གཞན་སྲོག་གི་མཆོད་སྦྱིན་ལ་སོགས་པ་འཚེ་བ་ཆོས་སུ་སྨྲ་བ་ལ་མི་བསྟེན་པ་དང་། གྲོགས་ཚངས་

པར་སྤྱོད་པ་མཚུངས་པ་ལས་གཞན་ཕྱི་རོལ་མུ་སྟེགས་ཅན་གྱི་བརྟུལ་ཞུགས་སྤྱོད་པ་རྣམས་དང་མི་འགྲོགས་པའོ། །དེ་སྐད་དུ་ཡང་འཕགས་པ་སྤྲིན་ཆེན་སྙིང་པོའི་མདོ་ལས། །བདུད་རྣམས་བྱེ་བ་ཕྲག་བརྒྱས་ཀྱང་། །དགེ་འདུན་དབྱེ་བར་མི་ནུས་ཏེ། །སེམས་ཅན་རྣམས་ལ་སྨན་སླད་

དུ། །ལས་ཀྱི་རྒྱུ་བ་སྟོན་པར་མཛད། །ཅེས་གསུངས་སོ། །ཆེན་པོ་ཞེས་པ་ནི་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་ཆེ་བའམ། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་པ་ལ་སོགས་པ་གྲངས་ཀྱི་སྒོ་ནས་ཆེ་བ་སྟེ། འདིར་དངོས་སུ་མ་སྨོས་ཀྱང་དོན་གྱིས་བལྟ་བར་

བྱའོ། །དེ་ཡང་ཉན་ཐོས་རྣམས་ལ་ཡང་ཐེག་པ་ཆེན་པོ་ཉན་པ་དང་། སྟོན་པའི་སྐལ་བ་ཡོད་དོ་ཞེས་བསྟན་པས་རེ་ཞིག་ཉན་ཐོས་ཀྱི་རིགས་ཅན་རྣམས་ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་བ་ལ་སོགས་པའི་དོན་དུ་གསུངས་ཤིང་། དེ་འདྲ་བའི་འཁོར་འདུས་པར་སྣང་བ་ཡང་བྱང་

ཆུབ་སེམས་དཔའ་ཉིད་ཉན་ཐོས་སུ་སྤྲུལ་པ་ཡིན་གྱི། ཉན་ཐོས་རང་རྒྱུད་པ་ནི་མ་ཡིན་ཏེ། དེ་ནི་ཐེག་པ་ཆེན་པོ་བསྟན་པའི་གདུལ་བྱ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འཁོར་བསྟན་པ་ལ། བྱང་ཆུབ་སེམས་དཔའ་ཞེས་པའི་ཚིག་གི་དོན་ནི་བྱང་ཆུབ་ཆོས་ཀྱི་སྐུའི་ཡེ་ཤེས་

Vol. 122 · folio 10b

ནམ་མཁའ་ལྟར་སྤྲོས་པ་མེད་པ་ཡིན་ལ་དེ་ཐོབ་པར་བྱ་བའི་དོན་དུ་སེམས་དཔའ་སྟེ། ཇི་སྐད་དུ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པའོ། །གང་ཞིག་དེ་ནི་ཐོབ་འདོད་པ། །བྱང་ཆུབ་སེམས་དཔའ་ཞེས་སུ་བརྗོད། །ཅེས་གསུངས་པ་དང་། གཞན་ཡང་། ཆགས་

པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་འཐོབ་བོ། །ཞེས་གསུངས་པས། གཟུགས་ལ་སོགས་པའི་ཡུལ་ཀུན་ལ་ཕྱིན་ཅི་ལོག་གཅོད་པར་བྱེད་པ་དང་། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་

མེད་གྱུར་ལ་རེག །ཅེས་པ་ཆོས་ཀྱི་སྐུའི་ཡེ་ཤེས་ལ་བློས་རེག་པ་སྟེ། དེ་ཐོབ་པར་འདོད་པའོ། །སེམས་དཔའ་ཆེན་པོ་ཞེས་པའི་དོན་ནི་འབྲས་བུ་མཐར་ཐུག་པ་ཆེན་པོ་རྣམ་པ་གསུམ་གྱི་ཆེད་དུ་སེམས་པ་སྟེ། མཆོག་ཉིད་ཆེན་པོ་དང་། སྒྲིབ་པ་གཉིས་སྤངས་པ་ཆེན་པོ་དང་། ཇི་ལྟ་བ་དང་ཇི་སྙེད་པ་

རྟོགས་པ་སྟེ། རྟོགས་པ་ཆེན་པོའོ། །དེ་ལྟར་ཆེན་པོ་གསུམ་གྱི་ཆེད་དུ་སེམས་ཤིང་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་དང་། ལམ་དང་འབྲས་བུའི་བདག་ཉིད་ཀྱི་ཐེག་པ་ཆེན་པོ་ལ་བློ་གྲོས་འཇུག་ཅིང་སེམས་པ་དང་། གཞན་གྱི་དོན་དུ་གོ་ཆ་ཆེན་པོ་བགོས་པ་སྟེ། སེམས་ཅན་

གྱི་དོན་ལ་སེམས་ཤིང་བདུད་ཀྱི་བྱེད་པ་སྒྱུ་མ་ལྟ་བུ་འཇོམས་པར་བྱེད་པ་སྟེ། ཇི་སྐད་དུ། སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང་། ཞེས་པ་ལ་སོགས་པ་དང་། ཡང་གཏོང་བ་ཆེ་དང་མཐུ་ཆེ་དང་། །ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས་གསུངས་

པའི་ཕྱིར་རོ། །ཚོགས་ཆེན་པོ་ཞེས་པ་ནི་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །འདིར་ཉན་ཐོས་ཀྱི་འཁོར་སྔོན་ལ་སྨོས་པ་ནི། དེ་རྣམས་དེ་བཞིན་གཤེགས་པའི་གཏན་དུ་བའི་འཁོར་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་དེ་བཞིན་གཤེགས་པའི་དྲུང་ལས་གཞན་དུ་རྒྱུ་བར་བྱེད་པའི་

རྒྱུ་མཚན་བཅྭ་ལྔ་དང་བྲལ་བ་སྟེ། ཇི་སྐད་དུ། ཉེས་དམིགས་ལྔ་དང་མ་འབྱོར་དང་། །མི་དགའ་ཆགས་དང་ཡིད་མི་བདེ། །འཐབ་དང་རྙེད་སོགས་སྲེད་དང་འཛག །བརྩེ་དང་བླ་མ་ལ་གུས་དང་། །ངོ་མཚར་ཁྱད་པར་དོན་ཕྱིར་དང་། །ལྷུང་དང་དཀོན་མཆོག་རྒྱུ་དང་ནི། །མཆོད་རྟེན་ལ་

Vol. 122 · folio 11a

སོགས་ཕྱག་བྱའི་ཕྱིར། །དགེ་སློང་རྒྱུ་བར་བྱེད་པ་ཡིན། །ཞེས་གསུངས་པས་རྒྱུ་བར་བྱེད་པའི་རྒྱུ་དེ་རྣམས་དང་བྲལ་བ་སྟེ། དེའི་དྲུང་ན་རྟག་ཏུ་གནས་པ་ལ་འགལ་བའི་རྐྱེན་ཉེ་བར་གནས་པ་མེད་ཅིང་མཐུན་པའི་རྐྱེན་མ་ཚང་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་

དཔའ་རྣམས་ནི་རེ་ཞིག་པའི་འཁོར་ཡིན་ཏེ། འཇིག་རྟེན་གྱི་ཁམས་གཞན་ན་དེ་བཞིན་གཤེགས་པ་གཞན་ཞིག་མདོ་སྡེ་རིན་པོ་ཆེ་ཟབ་མོ་འཆད་པ་ན་དེ་ཐོས་པར་བྱ་བའི་དོན་དུ་གཞན་དང་གཞན་དག་ཏུ་རྒྱུ་བར་བྱེད་པ་སྟེ། དེ་སྐད་དུ་ཡང་། མདོ་སྡེ་རིན་ཆེན་ཟབ་མོ་ནི། །དཔག་མེད་ཉན་པའི་སྲེད་

པ་ཡིས། །མཐའ་ཡས་འཇིག་རྟེན་ཁམས་རྣམས་སུ། །མཁས་པ་གང་ཡིན་རྒྱུ་བྱེད་པས། །དེ་ཡི་ཐེག་པ་བཤད་ཉིད་ཀྱིས། །དེ་དག་མང་པོ་འོང་གྱུར་ཏེ། །དེས་ན་མདོ་སྡེའི་ལུང་རྣམས་སུ། །རྒྱལ་བའི་སྲས་རྣམས་མ་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སངས་

རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་ཞེས་པ་འཇིག་རྟེན་གྱི་ཁམས་འདིར་མདོ་སྡེ་ཟབ་མོ་འདི་འཆད་པ་ན། གཞན་ན་གནས་པ་རྣམས་འདིར་འདུས་ཞེས་པའོ། །དེ་ལ་ཞིང་ནི་ལོངས་སྤྱོད་རྫོགས་པའམ་སྤྲུལ་པའི་སྐུས་ཞིང་འདུལ་བའི་ཞིང་ཁམས་སོ། ཏིང་ངེ་འཛིན་ཞེས་པ་ལ་སོགས་པས་དེ་རྣམས་

ཀྱི་ཡོན་ཏན་སྟོན་ཏེ། དེ་ལ་དགེ་བ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཏེ། དཔའ་བར་འགྲོ་བ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་རྒྱས་པར་བསྟན་པ་རྣམས་སོ། །དེ་བཞིན་དུ་དབང་བཅུ་དང་། སྟོབས་ལྔའམ་བཅུ་དང་། མངོན་པར་ཤེས་པ་དྲུག་སྟེ། ཡུལ་

ལ་སོགས་པས་ཕྱེ་ན་རྫས་དུ་མར་འགྱུར་བས་དུ་མ་ཞེས་པའོ། །འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ། །རྣམ་པར་རོལ་ཞེས་པ་ནི་རྣམ་པར་རྩེ་ཞིང་ལོངས་སྤྱོད་པའོ། །བློ་གྲོས་ཆེན་པོ་ལ་སོགས་ཞེས་པ་ནི་འཁོར་གྱི་གཙོ་བོའི་མིང་སྨོས་པ་སྟེ། མཐའ་གཉིས་སྤངས་པ་དེ་

ཁོ་ན་ཟབ་མོ་དང་། ཐབས་ཀྱི་ཡུལ་ཡངས་ཤིང་རྒྱ་ཆེ་བ་རྟོགས་པའི་བློ་གྲོས་དང་ལྡན་པས་བློ་གྲོས་ཆེན་པོ་ཞེས་པའོ། །དེ་རྣམས་ཀྱང་ཞིང་ཐ་དད་ན་གནས་པའི་སངས་རྒྱས་རྣམས་ཀྱི་ཕྱག་གླང་པོའི་སྣ་ལྟ་བུ་དབུ་ལ་གཞག་ཅིང་གཟུངས་དང་སྤོབས་པ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་ནི་དབང་

Vol. 122 · folio 11b

བསྐུར་བ་སྟེ་འོག་ནས་གསལ་བར་སྟོན་པར་འགྱུར་རོ། །བདག་གི་སེམས་སྣང་བ་ཞེས་པ་ལ་སོགས་པའི་དོན་ནི། སྣ་ཚོགས་སུ་སྣང་བ་སེམས་ལས་ཕྱི་རོལ་དུ་གྱུར་པའི་དོན་མེད་དེ། ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་སེམས་ཀྱི་རང་བཞིན་ཡང་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་སྟེ། དེ་ལྟ་

བུའི་རང་བཞིན་རྟོགས་ཤིང་མངོན་དུ་བྱས་པའོ། །དེས་ཀྱང་རང་གི་དོན་ཕུན་སུམ་ཚོགས་པ་ཉིད་བསྟན་ལ། སེམས་ཅན་གྱི་ཞེས་པ་ལ་སོགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་སྟོན་ཏེ། ཕ་རོལ་གྱི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པ་ཉིད་ཅེས་བྱ་བར་

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སེམས་མངོན་དུ་རྒྱུ་བ་དང་བག་ལ་ཉལ་ཕྲ་མོ་རྣམས་མཁྱེན་ཅིང་དེ་རྣམས་གཟུགས་ཀྱི་རྣམ་པ་གང་དང་གང་གིས་འདུལ་བར་འགྱུར་བ་དང་། ཆོས་བསྟན་པའི་ཚུལ་ལུགས་མི་འདྲ་བ་སྣ་ཚོགས་ཀྱིས་

འདུལ་བར་འགྱུར་བའི་འདུལ་བའི་རྣམ་པ་ཐ་དད་པའི་ཆ་བྱད་འཆང་ཞེས་པ་སྟེ། དེ་འདྲ་བ་སྣ་ཚོགས་སུ་སྟོན་པ་མཁྱེན་པའོ། །དེ་ལྟར་བསྟན་པས་ཀྱང་སྔར་གྱི་བློ་གྲོས་ཆེན་པོ་ཞེས་པའི་དོན་གསལ་བར་བྱས་པའོ། །གཞན་ཡང་ཆོས་ལྔ་ཞེས་པ་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །

ཁོང་དུ་ཆུད་པར་རྟོགས་ཞེས་པ་ནི་སོ་སོ་རང་རིག་པའི་ཚུལ་དུ་མངོན་དུ་བྱས་ཞེས་པའོ། །དེ་འདྲ་བའི་བྱང་ཆུབ་སེམས་དཔའ་དག་གི་ཚོགས་ཆེན་པོ་དང་བཅོམ་ལྡན་འདས་ཐབས་ཅིག་ཏུ་བཞུགས་ཞེས་པའོ། །དེ་ལྟར་ཚིག་གི་དོན་བསྟན་ནས་བརྒལ་བ་དང་ལན་ནི་ཕལ་ཆེར་རང་རང་གི་དོན་བཤད་པའི་

སྐབས་སུ་བསྟན་ལ། གཞན་ཡང་འདིར་བདག་གིས་ཐོས་པ་ཞེས་པའི་ཚིག་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་ཡུལ་དང་། འཇིག་རྟེན་གྱི་ཁམས་གཞན་དུ་གསུངས་པའི་མདོ་སྡེ་ཡང་ཡོད་ལ་དེ་ནི་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་མ་ཐོབ་པ་ཀུན་

དགའ་བོའི་ཡུལ་མ་ཡིན་ལ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་སྡུད་པར་བྱེད་པ་ནི་དེ་རྣམས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤིང་དང་སིལ་སྙན་ལ་སོགས་པ་ལས་ཆོས་ཀྱི་སྒྲ་བྱུང་བ་ཡང་

Vol. 122 · folio 12a

དེས་བསྟན་པ་ཡིན་པ་ལྟར། གང་ཟག་གང་དག་གིས་དེ་རྣམས་ཐོས་པ་ཡང་དེ་བཞིན་གཤེགས་པ་ལས་ཐོས་པ་སྟེ། དེ་ན་དེ་བཞིན་གཤེགས་པས་ཡུལ་གཞན་དུ་གསུངས་པའི་མདོ་སྡེ་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཐོས་ཤིང་རྟོགས་ལ། དེ་ལྟར་རྟོགས་པ་

ཡང་ཁྱད་པར་དུ་བྱིན་གྱིས་བརླབས་ཤིང་། དེས་བསྟན་པའི་མདོ་སྡེ་ཀུན་དགའ་བོས་ཐོས་པ་ཡང་དེ་བཞིན་གཤེགས་པ་ཉིད་ལས་ཐོས་པའོ། །རྣམ་པ་གཅིག་ཏུ་ན་ཀུན་དགའ་བོ་ནི་ཆོས་འཛིན་པའི་མཆོག་ཡིན་པའི་ཕྱིར་སྔར་གཞན་ལས་ཐོས་པའི་དོན་རྣམས་ངེས་པ་ཉིད་དུ་བྱ་བའི་

ཕྱིར་དེ་བཞིན་གཤེགས་པ་ཉིད་ལ་ཞུས་ཤིང་ཐེ་ཚོམ་བཅད་པས་བདག་གིས་ཐོས་ཞེས་པའི་དོན་ལ་མི་འཐད་པ་མེད་དོ། །གཞན་ཡང་འདིར་གང་གི་ཚེ་གང་ལས་ཐོས་ཞེས་པ་ལ་སོགས་པའི་དོགས་པ་བསལ་བའི་དོན་དུ་དུས་དང་གནས་ལ་སོགས་པ་བསྟན་པ་ནི་གདུལ་བྱའི་ཁྱད་པར་

རྗེས་སུ་གཟུང་བའི་དོན་དུ་སྡུད་པ་པོའི་སྟོན་པ་དེ་བཞིན་གཤེགས་པ་ལས་ཐ་དད་པ་ཉིད་དུ་བསྟན་པའི་དབང་དུ་བྱས་ཏེ་བཤད་པ་དྲང་བའི་དོན་གྱི་གླེང་གཞི་ཡིན་པས་སྔར་བསྟན་པ་ལྟར་ངེས་པའི་དོན་གྱི་དབང་དུ་བྱས་ན་དེ་བཞིན་གཤེགས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ་ཞེས་བསྟན་པ་

དང་འགལ་བ་མེད་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་ན་གནས་ཀྱི་ཁྱད་པར་དེ་ན་དེ་བཞིན་གཤེགས་པ་འཁོར་རྣམས་དང་ལྷན་ཅིག་ཏུ་ཐོག་མ་ཉིད་ནས་བཞུགས་པ་ཡིན་ནམ། འོན་ཏེ་ཡུལ་གཞན་ནས་བྱོན་པ་ཡིན་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཡང་དེའི་ཚེ་ན་ཞེས་པ་ལ་

སོགས་པ་སྟེ། ཚིག་གི་མཚམས་སྦྱོར་བ་ཉིད་དུ་ཤེས་པར་བྱའོ། །དེའི་དོན་ཡང་སྔར་ནས་བཞུགས་པ་མ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་རྒྱ་མཚོ་ཀླུའི་ཡུལ་དུ་ཀླུའི་རྒྱལ་པོ་རྣམས་རྗེས་སུ་གཟུང་བའི་དོན་དུ་ཞག་བདུན་བཞུགས་ནས། ཡང་སྲིན་པོའི་རྒྱལ་པོ་འབོད་འགྲོགས་ལ་

སོགས་པ་རྗེས་སུ་གཟུང་བའི་དོན་དུ་སྔར་གྱི་གནས་དེ་ནས་བྱོན་ནས་གནས་ཀྱི་ཁྱད་པར་འདི་ཉིད་ན་བཞུགས་ཞེས་པའོ། །འདི་རྣམས་ཀྱིས་ནི་སྔར་གླེང་གཞི་བསྟན་པའི་རྗེས་ལ་མདོ་སྡེའི་ལུས་རྣམ་པར་འགོད་པ་སྟེ། དེ་ཡང་ལེའུ་རྣམ་པ་བརྒྱད་ཀྱི་སྒོ་ནས་སྟོན་ལ། དེ་རྣམས་ཀྱི་དོན་བསྡུས་

Vol. 122 · folio 12b

པ་ནི་རྣམ་པ་བཞི་སྟེ། ཤེས་པར་བྱ་བའི་དོན་རྒྱས་པར་བསྟན་པ་དང་། དེ་རྣམས་ཀྱི་དོན་བསྡུས་པ་སེམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོའམ་རིགས་ཉིད་ཡིན་པར་བསྟན་པ་དང་། དེ་ཉིད་ཀྱི་དྲི་མ་སྦྱོང་བར་བྱེད་པ་མངོན་པར་རྟོགས་པ་ལམ་གྱི་བྱེ་བྲག་བསྟན་པ་དང་། སྦྱངས་པས་རྣམ་

པར་དག་པ་ཐོབ་པ་གནས་སྐབས་དང་མཐར་ཐུག་པའི་འབྲས་བུའོ། །དེ་ལས་དང་པོ་འབོད་འགྲོགས་ཀྱིས་གསོལ་བ་བཏབ་པའི་ལེའུ་སྟེ། འདིས་ཀྱང་ཤེས་པར་བྱ་བའི་རང་བཞིན་ཉིད་སྟོན་ཏོ། །དེ་ལ་དང་པོ་དེ་བཞིན་གཤེགས་པས་ཆོས་སྟོན་པའི་ལྟས་བསྟན་པ་ནི་འཛུམ་པ་མཛད་དོ་

ཞེས་པའི་བར་གྱིས་ཏེ། དེ་ལ་ཡང་དེའི་ཚེ་ན་ཞེས་པ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་གདུལ་བའི་དོན་དུ་ཟབ་མོ་ཉེ་བར་བསྟན་ནས་ཡང་སྲིན་པོའི་རྒྱལ་པོ་གདུལ་བའི་དོན་དུ་སྟོན་ཞེས་པ་བསྡུ་བའི་ཚིག་གོ། །དེའི་ཚེ་ན་ཞེས་པ་ནི་འབོད་འགྲོགས་ལ་སོགས་པ་འདུལ་བའི་དུས་ལ་བབ་པ་ཉིད་

དུ་ཐུགས་སུ་ཆུད་པ་དེའི་ཚེ་ན་ཞེས་པའོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །སྔོན་གྱི་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པའི་དོན་ནི་སྔོན་གྱི་དུས་སུ་སངས་རྒྱས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཞེས་པ་ནི་སངས་རྒྱས་ལ་ཐོག་མ་མེད་པ་སྔོན་འདས་པའི་སངས་རྒྱས་

རྣམས་ཀྱིས་སེམས་ཅན་བསྒྲལ་བའི་ཕྱིར་མདོ་སྡེ་བཅུ་གཉིས་ཀྱི་དོན་རྟོགས་ཤིང་གསུངས་པ་དེ་བཞིན་དུ་དེ་དག་གི་རྗེས་སུ་བྱུང་བ་རྣམས་ཀྱིས་ཀྱང་རྟོགས་ཤིང་གསུངས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་སངས་རྒྱས་སྔ་མ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་

ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་བཅུ་གཅིག་གི་ལམ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་གཤེགས་ཏེ། ཕྱི་མ་རྣམས་ཀྱང་དེ་བཞིན་དུ་གཤེགས་པ་དང་། ཡང་སྔ་མ་རྣམས་སེམས་ཅན་འདུལ་བའི་ཐབས་ལ་མཁས་པ་དེ་ཉིད་ཀྱིས་ཐེག་པ་གསུམ་ལ་སོགས་

པ་སྟོན་ཅིང་སྐུ་ཚེའི་ཚད་ཀྱང་དཔག་ཏུ་མེད་པ་སྟེ། ཕྱི་མ་རྣམས་ཀྱང་དེ་བཞིན་དུ་འཇུག་པས་དེ་བཞིན་གཤེགས་པའོ། །འདི་ནི་མི་འཐད་དེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་སྐུ་ཚེའི་ཚད་ཐུང་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སྟར་བསྟན་པ་ལྟར་འཆི་བདག་གི་བདུད་བཅོམ་པས་

Vol. 122 · folio 13a

སྐུ་ཚེ་ལ་མངའ་བརྙེས་པ་ཉིད་ཀྱི་ཕྱིར་རོ། །ཐུང་བར་བསྟན་པ་ནི་གདུལ་བྱ་བྱེ་བྲག་པའི་དོན་དུ་དེ་ལྟར་སྣང་བ་ཙམ་འབའ་ཞིག་ཏུ་ཟད་དོ། །དགྲ་བཅོམ་པ་ཞེས་པ་ལ་འདིར་འཇིག་རྟེན་པའི་ཆོས་ཐམས་ཅད་ནི་དགྲ་ཞེས་བྱ་སྟེ། དེ་རྣམས་བཅོམ་པའི་ཕྱིར་རམ། ཡང་ན་བདུད་

བཞི་ནི་དགྲ་སྟེ་དེ་རྣམས་བཅོམ་པའམ། གཞན་ཡང་བྱང་ཆུབ་སེམས་དཔའི་ཚེ་ན་ཉོན་མོངས་པ་ཚད་མེད་པ་རྣམས་ཡོངས་སུ་སྤངས་པས་ན། དགྲ་བཅོམ་པ་ཞེས་བྱའོ། །དེ་ལ་འདིར་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་བྱས་པའི་དུས་ན་སྤང་བྱ་དང་གཉེན་པོ་ལ་སོགས་པའི་སྤྲོས་པ་དང་བྲལ་བས་

སྔར་བྱང་ཆུབ་སེམས་དཔའི་ཚེ་ན་ཉོན་མོངས་པ་ཚད་མེད་པ་རྣམས་ཡོངས་སུ་སྤངས་ཞེས་སྨོས་པ་བྱས་སུ་ཟད་ཀྱི། དེ་རྣམས་སྤངས་པའི་རྒྱུན་རྒྱུད་ནི་སངས་རྒྱས་པའི་གནས་སྐབས་ན་ཡང་ཡོད་པའོ། །གནས་གཞན་ཡང་དགྲ་ནི་སྡུག་བསྔལ་བ་སྟེ། སྔར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་

གནས་སྐབས་ན་སེམས་ཅན་གྱི་དོན་དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་མྱོང་ཡང་མི་བདེ་བ་མེད་པ་སྟེ། རྟག་ཏུ་བདེ་བའོ། །སངས་རྒྱས་པའི་གནས་སྐབས་ན་ཡང་དེ་དང་འདྲ་བས་ན་དགྲ་བཅོམ་པ་ཞེས་བྱའོ། །ཡང་འདིར་ཨ་ར་ཧན་ཞེས་པ་ལ་ཨ་ར་ཞེས་པའི་དོན་ནི་འོས་པ་ཉིད་ལ་འཇུག་

ལ། དེས་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང་། ཕྲེང་བ་ལ་སོགས་པ་དང་རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་འོས་ཤིང་མཆོད་པས་ན་དགྲ་བཅོམ་པ་ཞེས་བྱའོ། །ཡང་དག་པ་ཞེས་པ་ནི་ཕྱིན་ཅི་མ་ལོག་པའོ། །རྫོགས་པ་ཞེས་པ་ནི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་

ཏུ་ཕྱིན་ཅི་ལོག་པ་རྣམ་པ་བཞི་མ་རྟོགས་པ་མེད་ཅིང་དེ་ཉིད་ཀྱི་ཕྱིན་ཅི་མ་ལོག་པའི་རྟོགས་པ་རྫོགས་པས་ན་ཡང་དག་པར་རྫོགས་པ་ཞེས་པའོ། །གཞན་ཡང་ཡང་དག་པ་ཞེས་པ་ནི་འཇིག་རྟེན་ཐ་མལ་པའི་གནས་སྐབས་ན་སྣང་ཞིང་གྲགས་པ་རྣམས་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་ཅིང་། དེ་ལྟར་

སྟོང་པ་དང་སྣང་བ་ཟུང་དུ་འཇུག་པ་འཇིག་རྟེན་པའི་དབུ་མའོ། །རྫོགས་པ་ཞེས་བྱ་བ་ནི་དེ་ལྟར་སྤྱིའི་ཚུལ་དུ་རྟོགས་ཤིང་སྒོམ་པ་ལམ་ལ་ནན་ཏན་དུ་བྱས་ན་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་འགྱུར་བའོ། །རྣམ་པ་གཅིག་ཏུ་ན་ཡང་དག་པར་རྫོགས་པ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་

Vol. 122 · folio 13b

གཉིས་དང་ཁམས་བཅྭ་བརྒྱད་ཅེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་དེ་རྣམས་ཀྱི་རྣམ་གྲངས་རྣམས་རྫོགས་པ་ཉིད་དུ་ཤེས་པས་ཡང་དག་པར་རྫོགས་པ་ཙམ་ཡིན་ལ། རྣམ་པ་ཐམས་ཅད་དུ་ཇི་ལྟ་བ་བཞིན་རྫོགས་པར་ཤེས་པ་ནི་མ་ཡིན་ཏེ། བསྐལ་པ་ཚད་མེད་པའི་བར་དུ་གཟུགས་

ཀྱི་ཕུང་པོ་གཅིག་པུ་ལ་རྟོགས་ཀྱང་རྫོགས་པར་མི་ཤེས་པས་དེ་དག་ནི་ཡང་དག་པར་རྫོགས་པ་ཞེས་མི་བྱའོ། །སངས་རྒྱས་ཞེས་པ་ནི་ཚོར་བ་འམ་རིག་པའི་དོན་ཏེ། བདག་ཉིད་ཀྱང་ཚོར་ལ་གཞན་ཡང་ཚོར་བར་བྱེད་པའོ། །དེས་ན་ཚད་མེད་པའི་ཉོན་མོངས་པ་ཐམས་ཅད་ཚོར་ཏེ། དེ་ལྟར་ཚོར་

པས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཚུགས་ཏེ། ཇི་ལྟར་འགའ་ཞིག་གི་ཁྱིམ་དུ་རྐུན་པོ་འོང་བ་ཚོར་ན་དེས་མི་ཚུགས་པ་བཞིན་ནོ། །དེ་བས་ན་སངས་རྒྱས་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྤངས་པའི་ཕྱིར་ན་ཡང་སངས་རྒྱས་ཞེས་བྱའོ། །སྐབས་ཀྱི་བཤད་པ་འདི་

རྣམས་ནི་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས་བཤད་པའོ། །གལ་ཏེ་ཉོན་མོངས་པས་མི་ཚུགས་པ་ལ་སོགས་པ་ནི་དགྲ་བཅོམ་པ་རང་སངས་རྒྱས་རྣམས་ལ་ཡང་ཡོད་པས་དེ་དག་ཀྱང་སངས་རྒྱས་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དག་གིས་

ནི་མ་རིག་པའི་གནས་ཀྱི་སའི་ཉོན་མོངས་པ་མ་སྤངས་པ་ཉིད་དུ་གསུང་རབ་ཀྱི་ཕྱོགས་གཞན་ལས་བཤད་ཅིང་། འདི་ཉིད་དུ་ཡང་། ཉོན་མོངས་བག་ཆགས་རྣམས་དང་འབྲེལ། །ཞེས་འོག་ནས་སྟོན་པར་འགྱུར་བས་སོ། །ཡང་གལ་ཏེ་དགྲ་བཅོམ་པ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ན་

སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ། དེ་ཡང་རེ་ཞིག་ཟག་པ་མེད་པའི་དབྱིངས་ན་གནས་ཤིང་ཉེ་བར་ཞི་བ་ཙམ་ཡིན་གྱི་རྟག་ཏུ་དེ་ལྟར་གནས་པ་ནི་མ་ཡིན་ཏེ། འདི་ལ་མཐར་ཐུག་ཡོད་མེད་ཅིང་། །ཞེས་པ་ལ་སོགས་པ་འོག་ནས་སྟོན་པས་སོ། །

ཡང་དེ་བཞིན་གཤེགས་པ་ཞེས་པའི་དོན་ནི་བདག་ཉིད་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། གཞན་ལ་ཡང་དེ་བཞིན་དུ་སྟོན་པས་དེ་བཞིན་གཤེགས་པ་སྟེ། ཇི་སྐད་དུ། ཆོས་ཀྱི་དེ་ཉིད་ཡང་དག་རྟོགས། །དེ་ཉིད་ལམ་ནི་སྟོན་བྱེད་པ། །དེ་ནི་དེ་བཞིན་གཤེགས་པར་

Vol. 122 · folio 14a

བརྗོད། །ཅེས་གསུངས་པ་དང་། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་གསང་བ་བླ་ན་མེད་པའི་རྒྱུད་དག་ལས་གསུངས་པའི་

ཕྱིར་རོ། །ཡང་སངས་རྒྱས་ཞེས་པའི་དོན་ཡང་། གང་གིས་ཆོས་རྣམས་མ་ལུས་པ། །དངོས་པོ་མེད་པར་(རྟགས་‚རྟོགས་)འགྱུར་ཞིང་། །ཆོས་རྣམས་གཙང་བར་རྟོགས་གྱུར་པ། །དེ་ཕྱིར་སངས་རྒྱས་ཞེས་སུ་བརྗོད། །ཞེས་མདོ་ལས་གསུངས་ཏེ། གཙང་མ་ཞེས་པའི་དོན་ནི་ཆོས་ཉིད་གློ་བུར་

གྱི་དྲི་མ་མཐའ་དག་དང་བྲལ་བ་ཐུགས་སུ་ཆུད་པའོ། །དེས་ན་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པའི་བདག་ཉིད་ལ་སངས་རྒྱས་ཞེས་བྱའོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ས་བཅུ་དག་ནི་རབ་ཏུ་འདས། །དབང་གི་རྣམ་པ་ཁོང་དུ་ཆུད། །ཆོས་རྣམས་

སྟོང་པ་མཚན་མེད་པར། །གང་གིས་འདིར་ནི་རབ་རྟོགས་པ། །དེ་ནི་སངས་རྒྱས་ཞེས་སུ་བརྗོད། །ཅེས་གསུངས་སོ། །ཀྱང་ཞེས་པ་ནི་བསྡུ་བའི་དོན་ཏོ། །ས་བོན་སྤངས་པས་སྡིག་པ་ལས་རིང་དུ་སོང་བའི་ཕྱིར་འཕགས་པའོ། །སེམས་ལས་དོན་གཞན་དུ་འགྱུར་བའི་ཆོས་མེད་ཅིང་

ཤེས་པ་ཉིད་ཀྱང་ཕན་ཚུན་ཐ་དད་པ་ནི་མྱོང་བ་མེད་དེ། གཟུང་བ་དང་འཛིན་པའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །དེས་ན་སོ་སོ་རང་རང་གི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་སོ། །དེ་སྐད་དུ་ཡང་། དེ་

ཉིད་ཤེས་ཕྱིར་ཡེ་ཤེས་དང་། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །རྒྱས་པར་ནི་འོག་ནས་སྟོན་པར་འགྱུར་རོ། །དེ་འདྲ་བའི་ཡེ་ཤེས་དེ་ཉིད་རྟོག་གེའི་ལྟ་བ་མུ་སྟེགས་ཅན་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པའི་ལུང་ལ་མི་བརྟེན་པར་རྒྱུ་མཚན་ཕྱོགས་གཅིག་པ་ལ་

བརྟེན་ནས་རང་དགའ་བའི་འདོད་པས་གང་ཟག་གི་བདག་ལ་སོགས་པར་ལྟ་བའི་མུ་སྟེགས་ཅན་དང་། གཞན་གྱི་སྒྲ་ལ་བརྟེན་ནས་རང་ཉིད་ཐར་པ་ཐོབ་པར་འདོད་ཅིང་། འབྲས་བུའི་གནས་སྐབས་ན་ཡང་ཐར་པ་ཐོབ་པ་ཉིད་དུ་རློམ་སེམས་པ། །ཕུང་པོ་ལ་སོགས་པ་ཆོས་ཀྱི་བདག་ཉིད་དུ་སྒྲོ་

Vol. 122 · folio 14b

འདོགས་པའི་གདུལ་བྱ་རྣམས་ལ་སྒྲ་དང་བཅས་པའི་ཆོས་སྟོན་པ་སྟེ། ཉན་ཐོས་སམ་ཐོས་སྒྲོགས་ཞེས་ཀྱང་བྱའོ། །རང་སངས་རྒྱས་ནི་གཞན་གྱི་སྒྲ་ལ་མ་བརྟེན་པར་རང་བྱང་ཆུབ་ཏུ་སངས་རྒྱས་པ། གང་ཟག་གི་བདག་མེད་པ་དང་གཟུང་བ་རང་བཞིན་མེད་པར་རྟོགས་པ་སྟེ། གཞན་ལ་

ཡང་བརྗོད་པ་མེད་པར་ཆོས་སྟོན་པའོ། །འཕགས་པ་ཞེས་པ་ནི་ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྲིད་དུ་ཉོན་མོངས་པ་ཅན་གྱི་ཡིད་གནས་མ་གྱུར་པས་ཅུང་ཟད་བདག་ཏུ་ལྟ་བ་དང་བཅས་པ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་

མ་རྟོགས་པ་ཉིད་དུ་འོག་ནས་སྟོན་པར་འགྱུར་ཏེ། དེས་ན་དེ་དག་གི་སྤྱོད་ཡུལ་མ་ཡིན་པའོ། །དེ་དག་གིས་བསྒོམས་ཞེས་པ་ནི་སངས་རྒྱས་རྣམས་ཀྱིས་ཞེས་པ་དང་སྦྱར་ཏེ། དེ་དག་གི་སོ་སོ་རང་རིག་པའི་ཚུལ་དུ་བསྒོམས་པའི་ཆོས་རིའི་རྩེ་མོ་འདིར་བསྟན་ཏེ། ངས་ཀྱང་གནས་དེ་ཉིད་དུ་གནོད་

སྦྱིན་གྱི་བདག་པོ་འབོད་འགྲོགས་ལ་སོགས་པས་རྟོགས་པར་བྱ་བའི་ཕྱིར། སོ་སོ་རང་རིག་གི་ཆོས་དེ་ཉིད་བསྙད་ཅིང་ཆོས་བསྟན་ཞེས་པ་སྟེ་རྣམ་གྲངས་ཉིད་དུ་རྟོགས་པའོ། །ཡང་ན་ཟབ་མོ་དེ་ཉིད་བསྙད་ཅིང་གསུང་རབ་ཀྱི་ཆོས་ཀྱི་ཚུལ་བསྟན་ཞེས་པའོ། །གལ་ཏེ་དེ་ནི་སྒྲ་དང་རྣམ་པར་

རྟེག་པའི་ཡུལ་ལས་འདས་པས་བསྙད་ཅིང་སྟོན་པ་མི་འཐད་དོ་ཞེ་ན། བདེན་མོད་ཀྱི་དེ་ལྟར་གདུལ་བྱ་རྣམས་ལ་སྟོན་པའི་སྐུ་དང་གསུང་སྣང་བ་བྱུང་ཞིང་། དེ་ལས་ཀྱང་གདུལ་བྱ་འགའ་ཞིག་གིས་སྤྱིའི་རྣམ་པའི་ཚུལ་དུ་སྣང་བ་ཐོས་པ་དང་བསམ་པའི་ཤེས་རབ་ལས་བརྒྱུད་ནས་དེ་ཁོ་

ན་ཉིད་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་ལ། འགའ་ཞིག་གིས་ནི་ཆོས་སྟོན་པའི་སྒྲར་སྣང་བས་རྐྱེན་བྱས་ཤིང་སྔར་བསྒོམས་པའི་རྒྱུ་ལས་སོ་སོ་རང་རིག་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་འགྱུར་བས་ཏེ། ཇི་སྐད་དུ་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་གྲངས་

འདི་སྙེད་ཅིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་བོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་གནོད་སྦྱིན་འབོད་འགྲོགས་ལ་སོགས་པ་ནི་ཤའི་ཟས་ལ་མངོན་པར་དགའ་བ། སེམས་ཅན་འཚེ་བའི་བསམ་པ་ཅན་མ་ཡིན་ནམ། ཇི་ལྟར་ན་ཆོས་ཟབ་མོ་བསྟན་པའི་

Vol. 122 · folio 15a

སྣོད་དུ་འགྱུར་ཞེ་ན། མ་ཡིན་ཏེ། འབོད་འགྲོགས་དང་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་རྣམས་ནི་སྔོན་རྒྱལ་བ་ལ་བསྙེན་བཀུར་བྱས་ཤིང་ཚོགས་ཡོངས་སུ་བསགས་པ། སྒྱུ་མའི་རྣམ་པར་ཐར་པ་ཐོབ་པ། །གནས་གསུམ་དུ་རྣམ་པར་རྒྱལ་བ་ལ་

སོགས་པའི་ཡོན་ཏན་དང་ལྡན་པ། ས་བརྒྱད་པ་ལ་སོགས་པའི་དབང་ཕྱུག་ཡིན་ཏེ། དེ་ལྟར་ན་ཡང་སའི་ལྷག་མ་རྣམས་རྟོགས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་ཟབ་མོ་སྟོན་པའོ། །དེའི་རྒྱུ་མཚན་ཡང་འབོད་འགྲོགས་ཀྱིས་རང་གི་ལུས་རགས་པ་སྤངས་ནས། ཨིནྡྲ་ནཱི་ལའི་མགོ་གླད་ཅན་གྱི་པི་

ཝང་གི་ཁོག་པར་རང་ཉིད་ཞུགས་ཏེ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་ཞེས་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་བཤད་དོ། །གཞན་ཡང་ལང་ཀའི་བདག་པོ་གནས་ཤིན་ཏུ་གྱུར་ཞེས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཉིད་དུ་ཐུགས་སུ་ཆུད་ཅེས་གསུངས་པས་འདི་ས་བརྒྱད་

པ་ལ་སོགས་པ་ཡིན་པར་མངོན་ནོ། །གལ་ཏེ་དེ་ལྟ་ན་སྔོན་གྱི་དུས་སུ་གཏོགས་འདོད་དགའ་བ་ཅན་ཞེས་པར་ཡང་གྲགས་པ་ལྷའི་རྒྱལ་པོ་རཱ་མ་ཎས་སྲིན་པོའི་རྒྱལ་པོ་འབོད་འགྲོགས་བསད་དོ་ཞེས་གཏམ་རྒྱུད་རྙིང་པ་དག་ལས་གྲགས་ཤིང་གྲུབ་པས་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དེ་ནི་

གཏོགས་འདོད་ཀྱིས་འདུལ་བའི་སེམས་ཅན་དྲག་པོ་ལ་མངོན་པར་དགའ་བ་རྣམས་རྗེས་སུ་གཟུང་བའི་དོན་དུ་གཏོགས་འདོད་ཉིད་དུའམ་དེ་ལས་གཞན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲུལ་པ་སྟེ། ཇི་ལྟར་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་

གྱི་བདག་པོ་ལ་སོགས་པ་དྲག་པོའི་གཟུགས་ཉིད་དུ་གདུལ་བྱ་རྣམས་ལ་སྟོན་པ་དང་མཚུངས་སོ། །གལ་ཏེ་དེ་ལྟར་ན་འབོད་འགྲོགས་ཀྱིས་འཇིག་རྟེན་པའི་ལྷ་ཆེན་པོ་ལ་མཆོད་པ་ལ་སོགས་པ་བྱེད་པ་མི་འཐད་དོ་ཞེ་ན། །མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ཐོབ་པ་རྣམས་ནི་དབང་

ཕྱུག་ཆེན་པོའི་གཟུགས་སུ་སྟོན་པས་དེ་ལ་འབོད་འགྲོགས་ཀྱིས་མཆོད་པ་ལ་སོགས་པ་བྱེད་པ་འགལ་བ་མེད་དོ། །དེ་ལྟ་ན་ལྷ་མོ་ཨུ་མ་དང་རོལ་ཅིང་འདོད་པའི་ཡོན་ཏན་རྣམས་ལ་བག་མེད་པར་སྤྱོད་པ་མི་འཐད་དོ་ཞེ་ན། །སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་དེ་ལྟར་འཕྲུལ་བ་སྟོན་པ་མི་

Vol. 122 · folio 15b

འགལ་ཏེ། ཇི་ལྟར་དེ་བཞིན་གཤེས་པ་ཉིད་ཀྱིས་གཞོན་ནུ་རོལ་རྩེད་མཛད་པ་ལ་སོགས་པར་སྟོན་པ་དང་མཚུངས་སོ། །གཞན་ཡང་དེ་ལྟར་ཡིན་པའི་རྒྱུ་མཚན་ནི་དབང་ཕྱུག་ཆེན་པོས་སྨྲས་པའི་གཞུང་ལས། དངོས་པོ་མེད་ལས་ཐར་བར་སྨྲས། །འཆིང་བ་དངོས་པོར་རྟོགས་པ་

ལས། །དེ་བས་དངོས་པོ་ཡོངས་སྤངས་ཏེ། །སྟོང་པའི་དངོས་པོས་གནས་པར་བྱ། །ཞེས་ཟབ་མོའི་དོན་སྨྲས་པའི་ཕྱིར་རོ། །འདིར་དྲང་སྲོང་འབལ་མི་ཀ་ལ་སོགས་པ་ཕྱི་རོལ་པ་རྣམས་ཀྱིས་ཨུ་མའི་བདག་པོ་འདོད་པའི་ཡོན་ཏན་ལ་རྗེས་སུ་ཆགས་ཤིང་རོལ་པ་མཐུ་དང་ལྡན་པ་ཉིད་

དུ་རང་དགར་བརྟགས་པ་ནི་མ་ཡིན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་རྒྱལ་པོ་ཟས་གཙང་གི་སྲས་ས་འཚོ་མའི་བདག་པོ་ལ་སོགས་པར་བརྟགས་པ་ནི་དེའི་རང་བཞིན་མ་ཡིན་པ་དང་མཚུངས་སོ། །གཞན་ཡང་འབལ་མི་ཀའི་ཚིག་ལ་ཡིད་ཆེས་པར་མི་རུང་སྟེ། དེའི་གཙུག་ལག་ལས་

སྔོན་གྱི་དུས་སུ་ཁྱབ་འཇུག་གི་ཕྱོགས་སུ་གཏོགས་པ་རཱ་མ་ཎས་འབོད་འགྲོགས་ཀྱི་སྡེ་ལ་དམག་དྲངས་པ་ན། རཱ་མ་ཎའི་ཕྱོགས་སུ་གཏོགས་པའི་སྤྲེའུའི་རྒྱལ་པོ་རྣམས་སྲིན་པོའི་ཕྱོགས་ཀྱིས་དུམ་བུར་བརླགས་པ་བརྒྱ་བྱིན་ལྷའི་དབང་པོའི་སྨོན་ལམ་གྱིས་སོས་པར་གྱུར་ཅིང་། གནོད་སྦྱིན་དང་

སྲིན་པོའི་ཕྱོགས་མཚོན་གྱིས་སྨས་པ་རྣམས་ནི་ཤི་བར་གྱུར་ཏོ་ཞེས་སྨྲས་པ་ལ། དེ་ནི་མི་འཐད་དེ། དེ་ལྟ་ན་དུས་འགའ་ཞིག་གི་ཚེ་བརྒྱ་བྱིན་རང་ཡང་སྲིན་པོས་བཟུང་ཞིང་བཅིངས་ན། དེའི་སྨོན་ལམ་གྱིས་སྲིན་པོ་རྣམས་ཅིའི་ཕྱིར་ཐོག་མ་ཉིད་དུ་མི་གསོད་དེ། དེས་ན་དེའི་ཚིག་ནི་བརྫུན་པའོ། །

ཡང་གཏོགས་འདོད་ཉིད་ཀྱང་རྣམ་པར་ཤེས་པ་དབུ་མ་སྨྲ་བས་ན། །ས་བདུན་པའི་དབང་པོ་ཡིན་པར་མངོན་ཏེ། ཇི་ལྟར་དེས་བཀོད་པའི་གཞུང་གི་ཏ་ན་ལས་འབྱུང་བ། །མི་ཤེས་པས་ནི་ཡེ་ཤེས་བསྒྲིབས། །དེས་ན་སྐྱེ་བོ་རྨོངས་པར་འགྱུར། །ཡེ་ཤེས་ཀྱིས་ནི་མི་ཤེས་པ། །གང་དག་གིས་

ནི་བཅོམ་པ་ན། །དེ་དག་ཡེ་ཤེས་ཉི་མ་བཞིན། །མཆོག་ཏུ་སྣང་བར་འགྱུར་བ་སྟེ། །ཞེས་པ་ལ་སོགས་པའོ། །གཞན་ཡང་གཏོགས་འདོད་ལ་སོགས་པ་འདི་རྣམས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཆོས་ཀྱི་སྐུའི་རྣམ་པར་འཕྲུལ་པ་ཉིད་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་

Vol. 122 · folio 16a

པའི་རྒྱུད་ལས་གསུངས་ཏེ། ཇི་སྐད་དུ། ཐོག་མ་ཐ་མ་མེད་ཅིང་ཞི། །མ་རུངས་ཁྲོ་བ་བཟོད་པ་ཆེ། །གནོད་སྦྱིན་སྲིན་པོ་དམ་པ་བསྟན། །གཏོགས་འདོད་ཁྱབ་འཇུག་གུ་ལང་དང་། །འབྱུང་ཆེན་སེམས་ཅན་དོན་རབ་བྱེད། །འཇིག་རྟེན་སྐྱོང་དང་མཁའ་དང་ས། །ཞེས་

པ་ལ་སོགས་པའོ། །དེ་ལྟར་ན་འབོད་འགྲོགས་ལ་སོགས་པ་ཟབ་མོ་བསྟན་པའི་སྣོད་ཉིད་དུ་འགལ་བ་མེད་དོ། །དེ་ལྟར་ཆོས་སྟོན་པའི་ལྟས་བསྟན་པ་ན། །འབོད་འགྲོགས་རང་གི་སྔོན་གྱི་དགེ་བའི་རྩ་བ་དང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། །བཅོམ་ལྡན་འདས་དེ་ལྟར་

ཀླུའི་རྒྱལ་པོའི་གནས་ནས་བྱུང་སྟེ། ཆོས་བསྟན་པར་དགོངས་ཤིང་བཞུགས་པར་ཐོས་ཤིང་ཤེས་ནས་མ་ཞུམ་པ་ཉིད་དུ་གསུངས་པ་ནི་མཛེས་པ་མ་ཡིན་པས། ཆོས་བསྟན་པ་རིན་པོ་ཆེ་དཀོན་པ་དང་། དེའི་ཆེ་བ་ཉིད་དུ་བྱུང་བར་བྱ་བའི་དོན་དུ་བདག་ཉིད་སོང་ལ་ཞུ་བར་བྱའོ་སྙམ་དུ་སེམས་

པ་སྐྱེས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ། །མདུན་དུ་བདར་ཞེས་པ་ནི་སྐོར་བྱེད་ཀྱི་འཁོར་རྣམས་ཀྱི་མདུན་ཕྱོགས་ན་སྣང་བའོ། །ཇི་ལྟར་རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་པ་ན་རླབས་སྣ་ཚོགས་འབྱུང་བ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཡུལ་དུ་སྣང་བའི་བག་ཆགས་ཀྱི་རླུང་གིས་

བསྐྱོད་པ་ན། འཇུག་པའི་རྣམ་པར་ཤེས་པ་སྣ་ཚོགས་སུ་སྣང་ཞིང་འབྱུང་བ་སྟེ། ཀུན་རྫོབ་ཙམ་དུ་རྣམ་པར་ཤེས་པ་རྣམས་ཀྱི་འཇུག་པ་དང་ལྡོག་པའི་ཚུལ་བསྟན་པའོ། །རྒྱ་མཚོའི་རླབས་ལ་གཟིགས་ཞེས་པ་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ན་བཞུགས་ཤིང་དེ་ལྟར་གཟིགས་པར་སྟོན་པ་སྟེ། དཔེ་ལ་

བརྟེན་ནས་དེ་ལྟ་བུའི་དོན་རྟོགས་པར་འགྱུར་བ་ཉིད་དུ་གདུལ་བྱ་རྣམས་ལ་སྟོན་པའོ། །འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ། །ཆེད་དུ་བརྗོད་པ་ཞེས་པ་ནི་གནས་སྐབས་དེར་གདུལ་བྱ་རྣམས་ཀྱིས་དོན་དུ་མ་གཉེར་ཡང་འདུལ་བའི་དུས་ལ་བབ་པར་གཟིགས་ནས་ཆོས་བསྟན་པར་

དགོངས་པའོ། །ཡུན་རིང་པོའི་དོན་ནི་ངེས་པར་ལེགས་པའི་འབྲས་བུའོ། །ཕན་པ་དང་བདེ་བ་ནི་མངོན་པར་མཐོ་བ་སྟེ། འཕྲལ་དུ་ཕན་པ་དང་སྐྱེ་བ་གཞན་དུ་བདེ་བའོ། །དེ་ལྟར་ཀུན་ནས་སློང་བའི་བསམ་པ་མངོན་དུ་བཏང་སྟེ། མཆོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ཞུ་བའི་ཚིག་མདོ་ཙམ་བསྟན་པ་ནི་

Vol. 122 · folio 16b

དེ་ནས་ཞེས་པ་ལ་སོགས་པའོ། །དེ་ཉིད་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་མེ་ཏོག་གི་གཞལ་མེད་ཁང་སྤྲུལ་ནས་དེར་ཞུགས་ཞེས་པ་ལ་སོགས་པ་ཤེས་པར་ཟད་དོ། །རང་ཉིད་གོས་ངུར་ཁ་པྲི་ཡང་ཀུ་འདྲ་བ་རིན་ཐང་མེད་པས་ལུས་གཡོགས་པའི་མཆན་དུ་པི་ཝང་དཔྱངས་

ཏེ། འཁོར་རྣམས་ཀྱང་བདག་པོ་འབོད་འགྲོགས་དང་དེ་བཞིན་གཤེགས་པ་ལ་དགའ་ཞིང་སྤྲོ་བར་བྱས་ནས། གླུའི་དབྱངས་ཤ་རྫ་དང་ཞེས་པ་ལ་སོགས་པ་འདིར་སྔོན་གྱི་གཙུག་ལག་ལས། རྩེ་མོ་རློམ་པར་བླང་བ་ནི། །ལྔ་པ་ཨུ་མའི་དབྱངས་དག་སྟེ། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་

སྐྱེ་ཁྱུ་མཆོག་དེ་བཞིན་ནོ། །གན་དྷར་ནི་ཤའི་དབྱངས་དག་ནི། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །དྷེ་འབད་དབྱངས་ནི་བླང་བར་བྱའོ། །ཞེས་འབྱུང་ཞིང་། །དེ་ལྟ་བས་ན་འབོད་འགྲོགས་ཀྱིས། དོན་དང་མཐུན་པར་བླངས་པ་སྟེ་ཞེས་སློབ་དཔོན་ཡེ་ཤེས་

དཔལ་བཟང་པོས་བཤད་དོ། །དེའི་དོན་ཀྱང་དེ་བཞིན་གཤེགས་པས་སྔོན་བཙུན་མོའི་ཚོགས་དང་རྩེ་ཞིང་རོལ་པ་དང་། རློམ་སེམས་པའི་ཚུལ་དུ་བསྟན་ལ། དེ་དང་མཐུན་པར་བན་ཙ་མ་དང་། མ་དྷ་མའི་གླུ་བླངས་ལ། གཞན་ཡང་དེས་དྲག་པོའི་གཟུགས་སུ་བསྟན་ཅིང་བདུད་ཚར་གཅོད་པ་ལ་

སོགས་པ་ངོ་མཚར་གྱི་ཁྱད་པར་བསྟན་པས་དེ་དང་མཐུན་པར་ཤ་རྫ་ལ་སོགས་པ་སྟེ་དྲུག་ལས་སྐྱེས་པ་དང་ཁྱུ་མཆོག་གོ། །དེ་ཉིད་སྙིང་རྗེའི་རོ་དང་ལྡན་པས་དེ་དང་མཐུན་པར་གན་དྷ་ར་དང་ནི་ཤ་དའོ། །གཞན་ཡང་དེ་འཇིག་རྟེན་པ་དང་རྩོད་པའི་འཁོར་ལོ་ཤོམ་པ་ལྟ་བུར་བསྟན་ཏེ། དེ་དང་མཐུན་

པར་དེ་བྷ་ཊའི་དབྱངས་བླངས་ཞེས་པའོ། །ཀཽ་ཤི་ཀ་ནི་ལྷའི་དྲང་སྲོང་གི་ཁྱད་པར་གྱི་གླུའོ། །དེ་ལ་སོགས་པ་གླུའི་དབྱངས་མང་པོ་སྟེ་དྲང་སྲོང་བྷ་ར་ཏ་དང་བྱི་ཤ་ཁི་ལའི་གཞུང་ལས་བརྟག་པར་བྱའོ། །གཞན་ཡང་། དབྱངས་བདུན་རྣམས་དང་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏ་ན་

བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །ཞེས་པ་གླུའི་མཐའ་ན་ཛ་ཡ་ཏི་དང་ཏ་ན་ལ་སོགས་པའི་ཚིག་དེ་རྣམས་ཡོད་པའོ། །སྦྱར་བ་ལ་སོགས་ཞེས་པས་ནི་རོལ་མོའི་ཚོགས་གཞན་བསྡུའོ། །དེ་ལྟར་རང་གི་ལུས་པི་ཝང་གི་ནང་དུ་ཆུད་པར་བྱས་ཏེ། དེའི་རྒྱུད་ཀྱི་སྒྲ་དང་རྗེས་

Vol. 122 · folio 17a

སུ་མཐུན་པར་ཚིགས་སུ་བཅད་པ་བརྗོད་པའི་དབྱངས་ཀྱིས་གླུ་བླངས་པ་ནི། སེམས་ཀྱི་རང་བཞིན་ཞེས་པ་ལ་སོགས་པ་སྟེ། །འདིར་གྲུབ་པའི་མཐའ་དང་བཤད་པའི་ཚུལ་ལས། དང་པོར་གྲུབ་པའི་མཐའ་སྟོན་པ་ནི་སོ་སོར་རང་རིག་པའི་བར་གྱིས་ཏེ། དོན་ནི་སྲིད་གསུམ་

སེམས་སུ་འདུས་ཤིང་སེམས་ཀྱི་རང་བཞིན་གྱི་ཚུལ་ནི་ཀུན་རྫོབ་ཏུ་མྱོང་བའི་རང་བཞིན་ཡིན་ཞིང་དོན་དམ་པར་སྟོང་པ་སྟེ། དེ་ཡང་སྔར་བསྟན་པ་ལྟར་ཕན་ཚུན་ཟུང་དུ་འཇུག་པ་རིག་པ་དང་སྟོང་པ་དབྱེར་མེད་པའི་རང་བཞིན་ཀུན་གཞིའི་རྣམ་པར་ཤེས་པའི་མཐར་ཐུག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་

རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་གཏེར་དུ་གྱུར་པའོ། དེ་ཉིད་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་ཞིང་དེ་ཉིད་ཀྱིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བར་གྱུར་པ་རྣམས་ཀྱི་ཡུལ་ལས་འདས་པས་ལྟ་དང་རྣམ་བྲལ་ཞེས་པའོ། །དྲི་མ་མེད་ཅེས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་

པའི་དྲི་མ་རྣམས་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་རྣམ་དག་གི་དོན་ལ་སྦྱར་རོ། །དེ་ལྟ་བུའི་སོ་སོ་རང་རིག་ཤེས་པ་ཞེས་པ་ནི་གྲུབ་པའི་མཐའ་ཕྱིན་ཅི་མ་ལོག་པའི་དོན་ཏོ། །སྟོན་པའི་ཆོས་ཚུལ་ཞེས་པ་ནི་བཤད་པའི་ཚུལ་ཏེ། གསུང་རབ་ཡན་ལག་བཅུ་གཉིས་སམ་དགུས་བསྡུས་

པའོ། །དེ་ལ་འདིར་སྟོན་པ་ཞེས་པ་ནི་འཇིག་རྟེན་གྱི་སྟོན་པ་སྟེ། དེ་ཡང་དགེ་བ་སྟོན་པ་དང་མི་དགེ་བ་སྟོན་པ་ལས་འདིར་ནི་དགེ་བར་གྱུར་པ་སྟོན་པ་སྟེ། ཀྱེ་རིགས་ཀྱི་བུ་དག་ལུས་ཀྱི་མི་དགེ་བའི་ལས་ཡོངས་སུ་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་མི་དགེ་བའི་ལས་ཡོངས་སུ་སྤངས་ན་རྣམ་

པར་གྲོལ་བར་འགྱུར་རོ། །དེ་བས་ན་ཆོས་འདི་དག་ནི་ཁྱེད་ལ་སྟོན་གྱི་མི་དགེ་བའི་ལས་ཡོངས་སུ་མ་སྤངས་པར་རྣམ་པར་གྲོལ་བར་འགྱུར་རོ་ཞེས་ཁྱེད་ལ་མི་སྟོན་ཏོ་ཞེས་པ་ལ་སོགས་པ་དང་། ངག་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་སྟོན་པའོ། །གཞན་ཡང་བདག་ཉིད་

ཀྱིས་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ལ། དེ་ལྟར་ཐོབ་པའི་ཐབས་རྣམས་ཀྱང་སེམས་ཅན་ལ་སྟོན་པ་དང་། བདག་ཉིད་མ་རིག་པ་བཅོམ་པས་སེམས་ཅན་གྱི་མ་རིག་པ་འཇོམས་པ་དང་། བདག་ཉིད་ཡོངས་སུ་དག་པའི་མིག་ཐོབ་པས་སེམས་ཅན་གྱི་ལྡོངས་པའི་རབ་རིབ་བསལ་ནས་ཡོངས་

Vol. 122 · folio 17b

སུ་དག་པའི་མིག་ཐོབ་པར་བྱེད་པ་དང་། བདེན་པ་གཉིས་ཤེས་པས་སེམས་ཅན་རྣམས་ལ་ཡང་བདེན་པ་གཉིས་སྟོན་པ་དང་། བདག་ཉིད་རྣམ་པར་གྲོལ་བས་སེམས་ཅན་རྣམས་ལ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དང་། བདག་ཉིད་མཐའ་མེད་པའི་འཁོར་བའི་ཆུ་ལས་བརྒལ་བས་སེམས་ཅན་

ཐམས་ཅད་ཀྱང་དེ་ལས་སྒྲོལ་བ་དང་། བདག་ཉིད་འཇིགས་པ་མེད་པར་གྱུར་པས་སེམས་ཅན་རྣམས་ལ་འཇིགས་པ་མེད་པ་སྟོན་པ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པས་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པས་ཏེ། དེ་ཡང་བསྟན་པའི་གདུལ་བྱའི་གཙོ་བོ་

ནི་ལྷ་དང་མི་རྣམས་ཡིན་ཏེ། དེ་དག་དགེ་བ་བཅུའི་ལས་ལ་འཇུག་ཅིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡོན་ཏན་དང་ལྡན་པས། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱའོ། །དེ་ལྟར་ཡང་མྱ་ངན་ལས་འདས་པ་ཆེན་པོ་ལས་གསུངས་སོ། །མགོན་པོ་ཞེས་པ་ནི་སྡུག་བསྔལ་ལས་སྐྱོབ་པའི་དོན་

གྱིས་སོ། །ཡང་ན་འདི་རྣམས་ཀྱི་དོན་ནི་སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་རྟོགས་ཤིང་གོམས་པས་ཡང་དག་པ་མ་ཡིན་པའི་ལྟ་བ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང་བྲལ་ཞིང་། ཉོན་མོངས་པའི་དྲི་མ་གློ་བུར་ཡང་སྤངས་པ་སོ་སོར་རང་རིག་པའི་ཡེ་ཤེས་མཐར་ཐུག་པ་རྟོགས་པ་སྟེ། དེ་བཞིན་

གཤེགས་པ་ལ་བསྟོད་པའོ། །གཞན་ཡང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བའི་ཆོས་ཀྱིས་ཀུན་གཞི་ལ་ཟག་པ་མེད་པའི་ས་བོན་བསགས་པའི་དབང་གིས་ཐོབ་པའི་སྐུ་སྟེ། སྐུ་གསུམ་གྱི་རང་བཞིན་སྤྱིར་བསྟན་པའོ། །གལ་ཏེ་སྤྲུལ་པའི་སྐུ་ནི་གདུལ་བྱ་འབའ་ཞིག་

གི་སྣང་བ་ཡིན་གྱི་སངས་རྒྱས་ཀྱི་ངོ་བོ་མ་ཡིན་པས་དགེ་བའི་ཆོས་ཀྱི་འབྲས་བུར་མི་འཐད་དོ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་གང་གིས་གདུལ་བྱ་ལ་སྐུ་དེ་ལྟ་བུའི་རྣམ་པ་སྟོན་ནུས་པའི་རྒྱུ་དེ་ལས་བྱུང་བས་དེ་ལྟར་བསྟན་པའོ། །བདེ་གཤེགས་ཞེས་པ་ནི་ཡང་མྱ་ངན་ལས་འདས་

པ་ཆེན་པོའི་མདོ་ལས། ཇི་སྐད་དུ་བདེ་བ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་སྟེ། གཞན་དོན་སེམས་པའི་བདེ་བའི་རོ་དང་ལྡན་པས་སོ། །དེ་ཉིད་ལས་མ་ཉམས་པར་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པས། དེའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །ཡང་བདེ་བ་ནི་སངས་རྒྱས་ཀྱི་རང་བཞིན་

Vol. 122 · folio 18a

མཐོང་བའོ། །དེ་ཉིད་ལས་མ་ཉམས་པར་མྱ་ངན་ལས་འདས་པ་ཆེན་པོའི་འབྲས་བུ་ཐོབ་པ་སྟེ། དེས་ན་བདེ་བར་གཤེགས་པའོ། །ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར་བདེ་བར་གཤེགས་པ་ཞེས་

བྱའོ། །འདི་རྣམས་ཀྱང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དོན་དུ་ཡིན་གྱི། དེ་ཁོ་ན་ཉིད་དུ་ནི་དེ་འདྲ་བའི་སྤྲོས་པ་དང་བྲལ་བའོ་ཞེས་གསུངས་སོ། །གཞན་ཡང་ཚད་མ་རྣམ་འགྲེལ་ལས། སྤངས་པ་དང་རྟོགས་པའི་དོན་ལས་བཤད་པ་ཡང་འདིར་བལྟ་བར་བྱ་སྟེ། སྐབས་གཞན་དུ་ཤེས་པར་ཟད་དོ། །

དེ་ཉིད་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་མངའ་བས་གདུལ་བྱ་ཇི་ལྟར་འདུལ་བར་འགྱུར་བའི་སྐུ་དང་གསུང་སྣ་ཚོགས་སུ་སྟོན་པ་སྟེ། དེ་ལྟར་གདུལ་བྱ་ཐམས་ཅད་ལ་སྣང་བ་ནི་སྤྲུལ་པའི་སྐུ་སྟེ། དེ་ཡང་མཆོག་གི་སྤྲུལ་པ་དང་བཟོ་དང་སྐྱེ་བའི་སྤྲུལ་པ་སྟེ། རྣམ་པ་གསུམ་དུ་ཤེས་

པར་བྱའོ། །སོ་སོར་རང་རིག་རྟོགས་པའི་ཆོས་དགྱེས་པ་ཞེས་པ་ནི་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་ཡེ་ཤེས་ཆོས་ཀྱི་སྐུའི་རང་བཞིན་ནོ། །དེ་ལྟ་བུའི་སངས་རྒྱས་ནི་སྐུ་ལ་འཁྲུལ་པ་མི་མངའ། གསུང་ལ་ཅ་ཅོ་མི་མངའ། ཐུགས་མཉམ་པར་མ་བཞག་པ་ལ་སོགས་པ་མི་མངའ་སྟེ། ཡང་དག་

པར་བསྡམས་པའི་སྐུ་ཅན་ཡིན་པས་ཐུབ་པ་སྟེ། ཡང་དག་པར་བསྟོད་པའོ། །དེ་ནི་ལང་ཀར་གཤེགས་པའི་དུས་ཞེས་པ་ལང་ཀའི་གྲོང་རྡལ་དུ་གཤེགས་པར་འོས་པ་སྟེ། སེམས་ཅན་རྣམས་ཀྱི་དོན་ཆེན་པོ་ཉིད་དུ་འགྱུར་བ་དང་། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་གདུལ་བྱའི་དོན་དུ་གཟུགས་སྣ་

ཚོགས་སུ་སྟོན་པར་ནུས་པ་རྣམས་ཀྱིས་ཀྱང་བཞུགས་ཤིང་ཆོས་བསྟན་པའི་ཕྱིར་རོ། །དེ་ལྟར་གཤེགས་ནས་ཀྱང་བྱ་བ་ཅི་བྱེད་ཅེ་ན་མགོན་པོ་འདིར་ནི་ཆོས་རབ་ཏུ་བཤད་དུ་གསོལ་ཞེས་པའོ། །བཤད་ཀྱང་དོན་དུ་མི་འགྱུར་རོ་སྙམ་ན། གཟུགས་མང་ལྡན་པའི་གནོད་སྦྱིན་ཀུན་ཀྱང་ཉན། ཞེས་པ་སྟེ། རང་

རང་གི་ལས་ཀྱིས་གྲུབ་པའི་གཟུགས་མི་འདྲ་བ་དང་ལྡན་པའམ། འགའ་ཞིག་རྫུ་འཕྲུལ་ཐོབ་པས་རེ་རེ་ཡང་གཟུགས་མི་འདྲ་བ་དུ་མ་སྟོན་པར་ནུས་པའོ། །དེ་ལྟར་ཞུ་བ་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། དེ་ལྟར་ལང་ཀའི་ཞེས་པ་ལ་སོགས་པའོ། །ཏོ་ཐ་ཀའི་རྒྱུ་དང་མཐུན་པར་གླུ་

Vol. 122 · folio 18b

བླངས་ནས་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀྱང་གླུ་བླངས་ཞེས་པའོ། །འདི་རྣམས་ཀྱང་དེ་བཞིན་གཤེགས་པས་རྗེས་སུ་གནང་བ་སྡུད་པ་པོས་སྔར་མཐོང་བའི་དོན་བསྡུས་ཏེ་བསྟན་པའི་ཚིག་གོ། །ངེས་པའི་དོན་དུ་ན་སྔར་བསྟན་པ་ལྟར་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་ཚིག་ཏུ་

འགྱུར་བའོ། །དེ་ལ་ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །ནེ་ཙོས་ར་ནས་བརྒྱན་པའི་གནས་སམ་ལམ་དེར་རྫུ་འཕྲུལ་གྱིས་སོང་ཞེས་ཚིག་སྦྱར་བར་བྱའོ། །སུ་དག་སོང་ན་གནོད་སྦྱིན་ཞེས་པ་ལ་སོགས་པའོ། །གནས་གང་དུ་འགྲོ་བའི་ལམ་ཡིན་ན། མགོན་པོ་གང་ན་བཞུགས་པར་

འགྲོ་བའི་ལམ་སྟེ། དེ་ཡང་ལྗོན་ཤིང་དང་སྐད་སྙན་པར་སྒྲོགས་པའི་བྱ་རྣམས་ཀྱིས་བརྒྱན་ཞེས་པའོ། །མེ་ཏོག་གི་བཞོན་པ་ནི་ཁང་པའོ། །འདིར་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་གཟི་བརྗིད་དང་ལྡན་པས་གདུལ་

བྱ་རྣམས་རང་རང་གི་མིང་བསྙད་ཅིང་ཞུ་བར་སྤོབས་པ་དགའ་བས། དེའི་བྱིན་གྱི་རླབས་ཀྱིས་དེ་ལྟར་བྱུང་ཞེས་པའོ། །རྒྱལ་བ་ཞེས་པ་ནི་སྤང་བར་བྱ་བའི་གཡུལ་ལས་རྒྱལ་བའམ། ཡོན་ཏན་གྱི་བགོ་སྐལ་གྱིས་རྒྱལ་བ་སྟེ། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་

པ་ཐམས་ཅད་ལ་དབང་བརྙེས་པས་དབང་པོ་ཞེས་པའོ། །བདག་ནི་ཞེས་པ་ལ་སོགས་པས་ནི་སྔོན་འབོད་འགྲོགས་ཀྱིས་གསོལ་བ་བཏབ་པའི་ཚིག་ལ་སོགས་པ་སྡུད་པ་པོས་མཐོང་ཞིང་ཐོས་པ་རྣམས་སྡུད་པ་པོས་བསྡུས་ཤིང་བསྟན་པའོ། །ལང་ཀར་རྗེས་སུ་བཟུང་ཞེས་པ་ནི་ས་ཕྱོགས་ཀྱང་མཆོད་པའི་

གནས་ཉིད་དུ་བྱིན་གྱིས་རློབས་ཤིག་པའོ། །རྡུལ་མེད་པ་ནི་མུ་སྟེགས་སྨྲ་བ་ལ་སོགས་པའི་ཉེས་པས་མ་གོས་པའོ། །གལ་ཏེ་ཟབ་མོ་སྒྲ་དང་བློའི་ཡུལ་དུ་འགྱུར་རམ་ཞེ་ན། །བཤད་པའི་ཚུལ་ལས་རྣམ་པར་གྲོལ། །ཞེས་པ་ལ་སོགས་པ་སྟེ་དོན་ནི་སྔར་བསྟན་ནོ། །དེ་ལྟར་ན་གསུང་ཞིང་འཆད་པ་

མི་འཐད་དོ་ཞེ་ན། །སྔར་བསྟན་པ་དེ་ལྟར་སྣང་བ་མི་འགལ་ཞེས་པའོ། །གཞན་དག་རྟོག་གེའི་རྗེས་སུ་འབྲངས་ནས་རང་གི་མཚན་ཉིད་དངོས་སུ་སྒྲས་བརྗོད་པར་བྱ་བ་མ་ཡིན་ཡང་བརྗོད་པ་དང་འདྲེས་པར་སྣང་བའི་སྤྱིའི་རྣམ་པ་སྒྲ་དོན་ཡིན་ལ། དེ་དང་རང་གི་མཚན་ཉིད་ཐ་དད་མེད་པར་ཞེན་པས་དངོས་

Vol. 122 · folio 19a

སུ་སྤྱིའི་རྣམ་པ་བརྗོད་པ་ལས་བརྒྱུད་ནས་རང་གི་མཚན་ཉིད་ལ་སྒྲོ་འདོགས་ཆོད་པ་ཉིད་སྒྲས་བསྟན་པ་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ནི་རྣམ་རྟོག་གནས་མ་གྱུར་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་བག་ཆགས་དང་བཅས་ཏེ་

སྤངས་པ་ལ་ནི་སྤྱིའི་རྣམ་པ་སྣང་བ་ཉིད་མེད་པས་སོ། །གལ་ཏེ་སྔ་མ་རྣམས་ནི་འདས་ནས་མེད་པའི་ཕྱིར་དེ་ལྟར་གསུངས་པའི་ཤེས་བྱེད་མེད་དོ་ཞེ་ན། དེ་ལྟར་བཤད་པར་དྲན་པས་ཏེ། སྔར་གྱི་ཚད་མའི་བྱེད་པ་ཡིན་པས་དེ་ཉིད་ཀྱིས་གྲུབ་ཅེས་པའོ། །དེས་ན་སྔ་མ་རྣམས་ཀྱི་ཚུལ་ལུགས་རྗེས་སུ་

སྐྱོང་དགོས་པ་ཁྱེད་ཀྱིས་ཀྱང་ཤོད་ཅེས་པ་སྟེ། བཤད་པར་འོས་པའི་རྒྱུ་མཚན་ནོ། །དེ་ཉིད་མངོན་པར་ཤེས་པ་ཐོབ་པས་མ་འོངས་པ་ལུང་སྟོན་པ་ནི་མ་འོངས་དུས་ན་ཞེས་པ་ལ་སོགས་པའོ། །འཕྲུལ་གྱི་ཚུལ་ཞེས་པ་སྟོན་པ་དང་ཚིག་ལ་སོགས་པར་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་པར་འཕྲུལ་བ་

ཙམ་ཡིན་ཞེས་པའོ། །གཞན་ཡང་འཕྲུལ་གྱི་ལང་ཀ་ཞེས་པ་ལ་སོགས་པས་གནས་ཀྱི་བསྔགས་པ་བརྗོད་པ་སྟེ། ཐེལ་སྡིངས་རྡོ་སྟེངས་ཞེས་པ་ནི་འཆག་ཅིང་ཉེ་བར་སྤྱོད་པའི་རྡོ་ལེབ་ཉམས་དགའ་བས་བརྒྱན་པའོ། །རྣལ་འབྱོར་ཞེས་པ་ལ་སོགས་པས་འཁོར་གྱི་བསྔགས་པ་བརྗོད་པ་སྟེ།

མཚན་མར་དམིགས་ཤིང་སྲིད་པ་དང་ལྟ་བ་ལ་སོགས་པ་ཤས་ཆེ་བའི་བསམ་གཏན་དང་ཏིང་ངེ་འཛིན་གྱི་ཉེས་པ་དང་བྲལ་བ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་སོ་སོ་རང་རིག་པའི་དོན་ལ་སྒོམ་པའི་གནོད་སྦྱིན་དག་ཅེས་པ་ལ་སོགས་པ་སྟེ། བཅོམ་ལྡན་ཞེས་པ་ནི་དེ་ལ་བོད་པའོ། །ཡང་ན་བཅོམ་

ལྡན་ཞེས་པ་ཡན་ཆོད་རྐང་པ་ཕྱེད་དང་གསུམ་གྱིས་དེ་བཞིན་གཤེགས་པ་ལ་བསྟོད་པའོ། །གནོད་སྦྱིན་དག་སངས་རྒྱས་སྔ་མས་མཛད་སྲུང་ཞེས་པ་ནི་སྔ་མས་གདམས་ངག་བསྟན་པ་མཛད་པ་རྗེས་སུ་སྲུང་ཞིང་སྒོམ་པའོ། །དེ་ལྟ་ན་ད་ལྟར་ཞུ་བ་མི་འཐད་དོ་ཞེ་ན། ཐེག་ཆེན་ཚུལ་ལ་དད་པས་མངོན་པར་

ཞེན་པ་སྟེ། ཆོས་ཀྱི་རོས་ཚིམ་པ་མེད་ཅིང་ཁྱད་པར་གཞན་རྟོགས་པར་བྱ་བའི་དོན་དུ་ཞུ་བའོ། །དེ་ལ་ཐེག་པ་ཆེན་པོ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལམ་གྱི་དུས་ན་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་གཉིས་དབྱེར་མེད་པའི་ཚུལ་དུ་སྒོམ་པར་

Vol. 122 · folio 19b

བྱེད་པ་དང་། འབྲས་བུའི་དུས་ན་ཡང་། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་ཏེ། ཞེས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོར་གྱུར་པའོ། །དེ་ལྟར་རང་ཉིད་དད་ཅིང་གཞན་ཡང་ཐེག་པ་ཆེན་པོ་ལ་འཇུག་པ་སྟེ་གཞན་དེ་དག་ཀྱང་། གནོད་སྦྱིན་མོ་དང་གནོད་སྦྱིན་བུ།

ཞེས་པ་སྟེ། སྔར་མ་ཐོས་པ་རྣམས་ཀྱི་དོན་དུ་ཡང་ཞུ་བར་གསོལ་བའོ། །བུམ་སྣ་ལ་སོགས་པ་ཞེས་པའི་དོན་ནི་འབྲོག་གནས་དང་ནོར་བུ་བཟང་པོ་ལ་སོགས་པ་སྟེ་འཁོར་གྱི་བསྔགས་པ་བརྗོད་པའོ། །ཁྱིམ་དང་ལྷ་མོ་ཞེས་པ་ལ་སོགས་པས་རྙེད་པ་དང་བཀུར་སྟིའི་མཆོད་པ་སྟོན་ནོ། །བདག་

ནི་ཞེས་པ་ལ་སོགས་པས་གྲུབ་པའི་མཆོད་པའོ། །དེ་ཡི་ཚིག་དེ་གསན་པ་དང་། །སྲིད་གསུམ་དབང་པོས་གསུངས་པ་ནི། །ཞེས་པ་སྡུད་པ་པོའི་མཚམས་སྦྱོར་བ་བསྟན་པའོ། །གནོད་སྦྱིན་དབང་པོ་ཞེས་པ་ལ་སོགས་པས་བཤད་པ་ཉིད་དུ་སྐབས་ཕྱེ་བ་སྟེ། དངོས་སུ་དེ་བཞིན་གཤེགས་པ་

ཉིད་ཀྱིས་གསུངས་པའོ། །འདི་ནི་རྣལ་འབྱོར་ལྡན་པ་དག །མཐོང་བའི་ཆོས་ལ་སྤྱོད་པའི་གནས། །ཞེས་པ་ནི་བྱིན་གྱིས་བརླབས་པའི་གནས་ཡིན་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་དང་ལྡན་པ་རྣམས་ཚེ་དེ་ཉིད་ལ་བདེ་བ་ལ་རེག་པར་གནས་པར་འགྱུར་ཞེས་པའོ། །བཅོམ་

ལྡན་གནང་ནས་ཞེས་པ་ལ་སོགས་པས་ནི་སྡུད་པ་པོས་སྔར་མཐོང་བའི་དོན་བསྡུས་ཏེ་བསྟན་པའོ། །ཞི་བའི་བློ་ནི་ནང་དུ་ཆོས་ཉིད་ལ་མཉམ་པར་གཞག་པའོ། །དེ་ཉིད་དུ་ཞེས་པ་མེ་ཏོག་གི་ཁང་པ་དེ་ཉིད་དུའོ། །འཇིགས་པ་མེད་ཞེས་པ་ནི། ས་ཐོབ་འཇིགས་པ་ལྔ་དང་བྲལ། །ཞེས་པའི་དོན་ཏོ། །འཚོ་བ་

ཉམས་པས་འཇིགས་པ་དང་། བསྟོད་ར་མེད་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་སོང་གི་འཇིགས་པ་དང་། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་སྟེ། དེ་རྣམས་དང་བྲལ་བས་ས་དང་པོ་ཡན་ཆད་ཐོབ་པ་རྣམས་སོ། །འཇིགས་པ་དེ་རྣམས་མེད་པ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་

བདག་གི་འདུ་ཤེས་དང་བྲལ་བས་བདག་ཕངས་པར་སེམས་པ་ཡང་མེད་པ་ཡིན་ན། ཡོ་བྱད་ཐམས་ཅད་ལ་ཕངས་པར་སེམས་པ་ལྟ་ག་ལ་ཡོད། དེའི་ཕྱིར་དེ་ལ་འཚོ་བ་མེད་པས་འཇིགས་པ་མེད་པ་ཡིན་ནོ། །དེ་ནི་སུ་ལས་ཀྱང་རིམ་གྲོ་བྱ་བ་ཅུང་ཟད་ཙམ་ཡང་རེ་བ་མེད་ཀྱི། གཞན་དུ་ན་བདག་

Vol. 122 · folio 20a

ཉིད་ཀྱིས་སེམས་ཅན་དེ་དག་ལ་ཡོ་བྱད་མང་པོ་ཐམས་ཅད་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་ཏེ། དེའི་ཕྱིར་དེ་ལ་ཚིགས་སུ་བཅད་པ་མེད་པས་འཇིགས་པ་མེད་པ་ཡིན་ནོ། །དེ་བདག་ཏུ་ལྟ་བ་དང་བྲལ་བས་བདག་གི་འདུ་ཤེས་མེད་དེ། དེའི་ཕྱིར་དེ་ལ་འཆི་བའི་འཇིགས་

པ་མེད་པ་ཡིན་ནོ། །བདག་ཤི་ནས་ཀྱང་གདོན་མི་ཟ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་མི་འབྲལ་བར་འགྱུར་རོ་སྙམ་སྟེ། དེའི་ཕྱིར་དེ་ལ་ངན་འགྲོའི་འཇིགས་པ་མེད་པ་ཡིན་ནོ། །བདག་གིས་བསམ་པ་དང་མཚུངས་པ་ཡང་འཇིག་རྟེན་ན་སུ་ཡང་མེད་ན། ཆེས་ལྷག་པ་ལྟ་

ག་ལ་ཡོད་སྙམ་སྟེ། དེའི་ཕྱིར་དེ་ལ་འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་མེད་པ་ཡིན་ནོ་ཞེས་འཕགས་པ་ས་བཅུ་པ་ལས་གསུངས་པའི་ཕྱིར་རོ། །འདིར་ཁྱད་པར་དུ་འཇིགས་པ་མེད་ཅེས་སྨོས་པ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་འབོད་འགྲོགས་དྲག་

པོའི་གཟུགས་ཅན་ཡིན་པས་འཇིགས་པར་འགྱུར་བ་དག་སྲིད་པས་སོ། །དགའ་བའི་གྲོང་རྡལ་ཞེས་པ་ལ་སོགས་པས་ཡང་སྔ་མ་ལས་ཁྱད་པར་དུ་མཆོད་ཅིང་དེ་བཞིན་གཤེགས་པས་ཀྱང་དེ་དག་གི་ཚོགས་རྫོགས་པར་བྱ་བའི་དོན་དུ་མཆོད་པའི་ཚོགས་ཡོངས་སུ་བཞེས་པ་ཉིད་དུ་སྟོན་པའོ། །དེ་

ལ་འབོད་འགྲོགས་ཀྱིས་ཀྱང་སངས་རྒྱས་འཇིག་རྟེན་གསུམ་ལས་རྒྱལ་བ་དང་། རྒྱལ་བའི་སྲས་རྣམས་ཀྱི་སྟོད་ཀྱི་ཡན་ལག་ལ། རིན་པོ་ཆེས་བརྒྱན་པའི་སེ་མོ་དོ་བཏགས་ཞེས་རྣམ་པར་སྦྱར་བར་བྱའོ། །གནོད་སྦྱིན་སྡེ་དང་ཞེས་པ་ལ་སོགས་པས་ནི་འཁོར་གྱི་གཙོ་བོས་སྟོན་པ་ལ་

ཆོས་ཞུ་བ་ཉིད་དུ་གསོལ་བ་འདེབས་པའོ། །ཇི་ལྟ་བུའི་ཆོས་ཞུ་བར་གསོལ་བ་འདེབས་ཤེ་ན། རང་རྒྱལ་ཉན་ཐོས་ཞེས་པ་ལ་སོགས་པ་སྟེ། བདག་གི་དོན་འབའ་ཞིག་སེམས་པ་དང་གང་ཟག་དང་ཆོས་སུ་སྒྲོ་འདོགས་པའི་ཉེས་པ་ལས་གྲོལ་བའི་དབུ་མའི་དོན་ནོ། །རྩེ་མོ་རིན་ཆེན་ཞེས་

པ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་སྤྲུལ་པ་བྱིན་གྱིས་བརླབས་པ་དང་། དེ་དག་ཉེ་བར་བསྡུས་ཏེ་གདུལ་བྱ་རྣམས་ལ་དེ་བཞིན་གཤེགས་པས་དོན་གྱིས་ཆོས་བསྟན་པ་ཉེ་བར་སྡུད་པར་བྱེད་པས་བསྡུས་ཏེ་བསྟན་པའོ། །དེ་དག་གི་དོན་ནི་གོ་སྐབས་ཀྱིས་གནས་དེ་ཉིད་དུ་ཁྱད་པར་

Vol. 122 · folio 20b

དུ་གྱུར་པའི་གནས་དང་། དེ་བཞིན་གཤེགས་པའི་ཞིང་ཁམས་དང་། སྟོན་པ་དང་། གདུལ་བྱའི་གཙོ་བོ་ལ་སོགས་པ་དུ་མ་སྤྲུལ་ཅིང་། དེ་དང་འགྲན་པའི་ལང་ཀ་ཞེས་པ་སྟེ་སྔར་ནས་གནས་པའི་ལང་ཀའི་གྲོང་རྡལ་དང་འགྲན་པ་ཞེས་པ་ལ་སོགས་པའོ། །སྟོང་ཕྲག་བརྒྱ་པའི་མདོ་སྡེ་ཞེས་

པ་ནི་དེ་ལྟར་ཆོས་སྟོན་པ་པོ་མང་བས་དེས་བསྟན་པའི་ཆོས་ཀྱང་ཤློ་ཀ་སྟོང་ཕྲག་བརྒྱ་ལ་སོགས་པར་སྣང་བ་སྟེ། དེ་རྣམས་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་གྲགས་པ་བཞིན་དུ་དོན་བྱེད་པར་ནུས་པར་ཉམས་སུ་མྱོང་བའོ། །སྟོན་པ་དང་ནི་ཞེས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་དེ་རྣམས་ཉེ་བར་བསྡུས་

པའོ། །གནོད་སྦྱིན་འབོད་འགྲོགས་ཞེས་པ་ལ་སོགས་པས་དེ་ལྟར་བསྟན་པའི་དོན་དུ་གདུལ་བྱའི་གཙོ་བོས་ཉེ་བར་རྟོགས་པའི་ཚུལ་བསྟན་པའོ། །དེའི་དོན་ཀྱང་གོ་སྐབས་ཀྱི་ཡུལ་གཅིག་ཏུ་དེ་འདྲ་བའི་འགལ་བ་རྣམ་པ་དུ་མ་སྣང་བ་ནི་རང་རང་གི་སེམས་ཀྱི་རྣམ་པ་ལས་མ་གཏོགས་པའི་ཕྱི་རོལ་

གྱི་ངོ་བོ་བདེན་པར་མི་འཐད་དེ། འགལ་བའི་དོན་དངོས་པོ་ལ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དེ་ལྟར་སྣང་བ་སེམས་ཀྱི་ངོ་བོ་དོན་དམ་པ་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ། མ་བྱུང་བ་ལས་གང་བྱུང་ཞིང་། །བྱུང་ནས་ཀྱང་ནི་རྣམ་འཇིག་པ། །རྐྱེན་ལས་ཡོད་དང་མེད་དེ་དག །ང་ཡི་བསྟན་ལ་དེ་

མི་གནས། །ཞེས་འོག་ནས་སྟོན་པར་འགྱུར་བས། དེ་འདྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བར་སྣང་བ་དག་དངོས་པོར་གྲུབ་པ་མ་ཡིན་ཞེས་པ་སྟེ། འདིའི་དོན་ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ། །བསམ་པ་འདི་གོ་ཞེས་པ་ལ་སོགས་པ་ནི་འབོད་འགྲོགས་ཀྱིས་སྔར་གྱི་རྣམ་པར་འཕྲུལ་བའི་

དོན་ལ་རྗེས་སུ་བསམས་ཤིང་རྟོགས་པའི་རྣམ་པ་སྟོན་པ་སྟེ། དེ་ལྟར་སྣང་བ་འདི་གོ་ཞེས་པ་ལ་སོགས་པ་སྟེ། གང་གིས་དང་སུ་ཡིས་ཞེས་པ་ལ་སོགས་པའི་སྤང་བའི་སྒྲའོ། །དེས་ན་འདི་རྣམས་ནི་སྦྱུ་མའི་དཔེ་བརྒྱད་དང་མཚུངས་པར་སྣང་ལ་བདེན་པའི་དངོས་པོས་སྟོང་པ་ཡིན་ནམ། འོན་ཏེ་

སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་རོལ་བདེན་པའི་ངོ་བོར་གྱུར་པའི་ཆོས་ཉིད་ཡིན་ནམ་ཞེས་རྣམ་པར་དཔྱད་པའི་ཚུལ་དུ་བསྟན་ཀྱང་ཐེ་ཚོམ་གྱི་ངོ་བོར་གྱུར་པ་ནི་མ་ཡིན་ཏེ། ཇི་ལྟར་རྨི་ལམ་ན་ཁྱིམ་ཆུང་ངུའི་ནང་ན་རི་བོ་ཆེན་པོར་སྣང་བ་ནི་སད་པའི་གནས་སྐབས་ན་ཅི་དེ་བདེན་ནམ་བརྫུན་ཞེས་

Vol. 122 · folio 21a

རྟོགས་པ་དང་མཚུངས་སོ། །རྨི་ལམ་རོད་ཅེས་པ་ནི་རྨི་ལམ་གྱི་ཉམས་ཀྱི་རྣམ་པའོ། །གཞན་དུ་ཞེས་པ་ལ་སོགས་པས་དེ་ལྟར་རྟོགས་པ་དང་མ་རྟོགས་པའི་སྐྱོན་དང་ཡོན་ཏན་སྟོན་པ་སྟེ་ཤེས་པར་ཟད་དོ། །འདིའི་དོན་མདོ་སྡེ་གཞན་དག་ལས་ཀྱང་གསུངས་ཏེ།

ཇི་སྐད་དུ། གང་གིས་ང་ལ་གཟུགས་སུ་མཐོང་། །གང་གིས་ང་ལ་སྒྲར་ཤེས་པ། །འདུན་པའི་འདོད་ཆགས་ལྡན་པ་སྟེ། །སྐྱེ་བོ་དེས་ནི་ང་མི་ཤེས། །སངས་རྒྱས་རྣམས་ནི་ཆོས་གྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཞེས་པ་ལ་སོགས་པའོ། །སངས་རྒྱས་མི་མཐོང་ཞེས་པ་དང་

མཚན་དང་དཔེ་བྱད་ལ་སོགས་པའི་དངོས་པོར་མི་འཛིན་ཅིང་དོན་དམ་པར་ཡེ་ཤེས་ཀྱི་རྒྱུན་འཇུག་པ་མེད་པ་སངས་རྒྱས་ཀྱི་རང་བཞིན་ཡིན་པར་མཐོང་ན། དེ་ཉིད་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཡིན་ཞིང་། མཐོང་བ་པོ་སངས་རྒྱས་ཉིད་དུ་འགྱུར་བས་སངས་རྒྱས་ཞེས་བྱའོ། །ལང་ཀའི་བདག་

པོ་ཞེས་པ་ལ་སོགས་པ་གདུལ་བྱའི་གཙོ་བོ་ལ་བསྔགས་པ་བརྗོད་ཅིང་རྗེས་སུ་གདམས་པ་སྟོན་ཏེ། གནས་ཤིན་ཏུ་གྱུར་ཞེས་པ་ནི་ཇི་སྐད་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་

ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་རྣམ་གཉིས་གཞན་དག་ལ། དབང་ནི་རེ་རེར་ཤེས་པར་བྱ། །ཞེས་པ་ལ་སོགས་པ་ས་བཅུའི་མགོན་པོས་གསུངས་ཏེ། དེའི་དོན་ཡང་ས་བརྒྱད་པ་ལ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་དང་ཞིང་ཡོངས་སུ་

དག་པ་ལ་དབང་ཐོབ་པར་གྱུར་ཅིང་། དགུ་པ་དང་བཅུ་པ་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་སྒོ་ལྔའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པས། སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བ་དང་། མངོན་པར་ཤེས་པའི་ལས་ལ་དབང་ཐོབ་པའོ། །འདིར་གནས་གྱུར་པ་ཡང་

དེ་རྣམས་ཀྱི་སྣང་བ་ཕྱིན་ཅི་ལོག་སྤངས་པ་ནི་ཡིན་གྱི་ས་བོན་སྤངས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་རྗེས་ཀྱི་གནས་སྐབས་སུ་རྣམ་པར་རྟོག་པ་འབྱུང་བའི་ཕྱིར་རོ། །དེ་རྣམས་ཀྱི་ས་བོན་ཀུན་གཞི་གནས་གྱུར་པ་ནི་སངས་རྒྱས་ཀྱི་

Vol. 122 · folio 21b

ས་ལ་སྟེ། ས་བོན་གཞན་དུ་གྱུར་པའི་ཕྱིར། གནས་དོན་ལུས་སུ་སྣང་བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །ཞེས་པ་དང་། ཡང་། རྟེན་ནི་གཞན་དུ་གྱུར་པ་ན། །སངས་རྒྱས་དྲི་མེད་གནས་ལ་ནི། །མི་གནས་མྱ་ངན་འདས་པ་ཡི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་

གསུངས་ཏེ། དེ་ནི་ལང་ཀའི་བདག་པོ་ལ་ཡོད་པ་མ་ཡིན་ཞིང་། གནས་གྱུར་སྔ་མ་རྣམས་ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱའོ། །གཞན་ཡང་དེས་ཆོས་ཐམས་ཅད་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་ཅིང་སེམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱང་སོ་སོར་རང་རིག་པའི་ཚུལ་དུ་མཉམ་

པར་གཞག་པའི་གནས་སྐབས་ན་རྟོགས་ནས་རྗེས་ལ་རྣམ་པར་རྟོག་པའི་རྒྱུ་བ་ལ་གནས་ཞེས་པ་སྟེ། དེ་ཡང་ཕྱིན་ཅི་ལོག་གི་རྟོག་པ་ནི་སྔར་བསྟན་པ་ལྟར་སྤངས་པའོ། །གཞན་ཡང་སྔོན་གྱི་དགེ་བའི་རྩ་བ་ལས་མངོན་པར་གྲུབ་པ། རིག་པའི་གནས་དང་སྒྱུ་རྩལ་ལ་སོགས་པ་ཐམས་

ཅད་ལ་མཁས་པ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། ཐེག་པ་ཆེན་པོའི་རྣལ་འབྱོར་པ་ལ་གཞན་གྱི་དྲིང་མི་འཇོག་པ་སྟེ། དེ་ལ་རག་མ་ལུས་པའོ། །དེའི་རྒྱུ་མཚན་ཡང་རབ་རྩལ་སེམས་ཀྱིས་ཞུས་པ་ལས། ལྷའི་བུ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན་ཐེག་པ་ཆེན་

པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོས་མངོན་པར་བསྒྲུབས་པའི་བྱམས་པ་དང་། དོན་དང་ཆོས་སུ་མངོན་པར་བསྒྲུབས་པའི་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་

གི་རྣམ་པས་མངོན་པར་བསྒྲུབས་པའི་མངོན་པར་ཤེས་པ་ལྔ་པོ་དག་སྟེ་ཞེས་གསུངས་ཏེ། དེ་རྣམས་ཀྱང་འབོད་འགྲོགས་ལ་ལྡན་པའོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྤྱན་ལྔ་དང་ལྡན་ན་གཞན་གྱི་དྲིང་ལ་མི་འཇོག་པའོ་ཞེས་ཀྱང་གསུངས་པའོ། །གཞན་ཡང་

བདེན་པ་གཉིས་ཀྱི་ཐབས་ལ་མཁས་པ་སྟེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་ནི་ཕན་ཚུན་འགལ་བར་སྣང་བའི་དོན་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པས་མི་འགལ་བར་སྒྲུབ་པ་སྟེ། དོན་དམ་པར་སེམས་ཅན་ཡང་མི་དམིགས་ལ།

Vol. 122 · folio 22a

རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་པ་ཡང་བྱེད་དོ། །དོན་དམ་པར་ཆོས་ཐམས་ཅད་ཀྱི་བྲི་བ་དང་འཕེལ་བ་མི་དམིགས་ཀྱང་ཀུན་རྫོབ་ཏུ་སེམས་ཅན་གྱི་དགེ་བ་ལ་ཡི་རང་ནས་དེ་ལས་བྱུང་བའི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་པར་བྱེད་དོ་ཞེས་པ་

ལ་སོགས་པ་གསུངས་སོ། །ཁོང་དུ་ཆུད་པ་དང་རྟོགས་ཞེས་པ་ལ་སོགས་པ་ནི་རྣམ་གྲངས་སུ་གྱུར་པའམ། ཁྱད་པར་དུ་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པའོ། །འདི་འདྲ་བའི་ཚིག་འོག་ནས་འབྱུང་བ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །གོང་ནས་གོང་དུ་ས་ཐམས་ཅད་ཀྱི་རང་གི་མཚན་

ཉིད་རྟོགས་པར་བྱ་བ་ལ་མཁས་ཞེས་པ་ནི་ས་དང་པོ་ལ་སོགས་པ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བས་ཏེ། འདི་རྣམས་ཀྱི་མཚན་ཉིད་དང་ཡོངས་སུ་སྦྱོང་བའི་བྱེ་བྲག་ལ་སོགས་པ་ནི་འོག་ནས་བསྟན་པར་བྱའོ། །སེམས་དང་ཞེས་པ་ལ་སོགས་པ་

ལ། །སེམས་ནི་ཀུན་གཞི་རྣམ་པར་ཤེས། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །རྣམ་པར་ཤེས་པས་རྣམ་པར་རིག །ལྔ་པོས་སྣང་བ་མཐོང་བར་འགྱུར། །ཞེས་འབྱུང་བས་གོ་རིམས་བཞིན་དུ་ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཚོགས་

དྲུག་པོ་རྣམས་རང་རང་གི་ངོ་བོས་སྟོང་པ་ཉིད་དུ་རྟོགས་ཤིང་། དེ་ལྟ་བུའི་རང་བཞིན་ལ་མངོན་པར་དགའ་བ་དང་། རྒྱུད་གསུམ་ཆད་པར་ལྟ་བ་སྟེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་དང་གནས་པ་རྣམ་པ་གསུམ་དང་བྲལ་བར་ལྟ་བ་ཡིན་ནོ་ཞེས་ཀྱང་སྔ་མ་རྣམས་ཀྱིས་བཤད་ལ།

གཞན་ཡང་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པས་རྣམ་པར་ཕྱེ་བའོ་ཞེས་འཕགས་པ་ས་བཅུ་པ་ལས་གསུངས་ཏེ། འདིའི་

དོན་ནི་སྲིད་པའི་ཡན་ལག་བཅུ་གཉིས་མདོར་བསྡུས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྒྱུད་གསུམ་རྣམ་པར་ཆད་ཅིང་། དེ་འདྲ་བའི་ཟད་པ་ཤེས་པའི་ཡེ་ཤེས་སོ། །གཞན་ཡང་འགྲོ་བ་ཐམས་

Vol. 122 · folio 22b

ཀྱི་བྱེད་པ་པོ་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ཡིན་ནོ་ཞེས་རྒྱུར་ལྟ་བ་དང་། དེ་ལས་གཞན་པའི་མུ་སྟེགས་ཅན་གང་ཟག་གི་བདག་ཏུ་ལྟ་བ་ལ་སོགས་པའི་ཉེས་པ་ཐམས་ཅད་དང་བྲལ་བར་རྟོགས་པའི་བློ་གྲོས་ཅན། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་

གསལ་བ་དེ་ཉིད་སངས་རྒྱས་ཀྱི་ས་སྟེ། དེའི་རྒྱུ་མཐུན་པའི་རྒྱུར་གྱུར་པའོ། །དེ་ཉིད་ལ་སོ་སོ་རང་རིག་པའི་ཚུལ་གྱིས་མཉམ་པར་གཞག་ཅིང་དེའི་རྒྱུ་མཚན་གྱིས་བློའི་མེ་ལོང་དང་བ་ལ། ནམ་མཁའ་དང་བའི་ནང་ནས་སངས་རྒྱས་སྐུར་སྣང་ཞིང་གསུང་ཐོས་པ་སྟེ། ཐོས་པའི་གསུང་དེ་ཡང་

གང་ཞེ་ན། ལང་ཀའི་བདག་པོ་ལེགས་སོ་ལེགས་སོ་ཞེས་པ་སྟེ། དེའི་རྟོགས་པ་བརྗོད་པ་ལ་ངོ་མཚར་བས་ལན་གཉིས་སྨོས་པའོ། །ཡང་ལང་ཀའི་བདག་པོ་ཁྱོད་ནི་ལེགས་སོ་ཞེས་པ་ནི་གདུལ་བྱ་གཞན་པོ་རྣམས་ལ་ཡང་ཕན་པར་འགྱུར་བས་ཤིན་ཏུ་ལེགས་སོ་ཞེས་པའོ། །ཁྱོད་ཀྱིས་

རྟོགས་པ་ལྟར་གཞན་རྣམས་ཀྱིས་ཀྱང་བསླབ་པར་བྱའོ་ཞེས་ཉེ་བར་གདམས་པའོ། །དེ་ལྟར་མདོ་སྡེ་གཞན་དག་ལས་ཀྱང་། ཁྱེའུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཟབ་མོའི་

ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི་གཟུགས་སུ་མ་ཡིན་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི་ཡི་གེ་དང་ངེས་པའི་ཚིག་ཏུ་མ་ཡིན་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མཐོང་གི་ཚོགས་སུ་མ་

ཡིན་པ་དང་། ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་བ་སྟེ། བཞི་པོ་དེ་དག་གོ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལས་གཞན་དུ་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པ་དང་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་པའི་དངོས་པོར་བལྟས་ན། དེའི་རང་བཞིན་ལ་སྒྲོ་འདོགས་

པའི་མཐར་ལྷུང་བས་སངས་རྒྱས་ཀྱི་རང་བཞིན་མ་མཐོང་ངོ་ཞེས་སྔར་བསྟན་ལ། ཡང་ད་ལྟར་སྣང་བ་གདུལ་བྱའི་སེམས་ཀྱི་ངོ་བོར་གྱུར་པའམ་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་གྱིས་འཇུག་པ་ཀུན་རྫོབ་ཙམ་དུ་ཡང་མེད་དོ་ཞེས་ལྟ་ན་ནི། དེ་ལ་སྐུར་པ་འདེབས་པ་ཆད་པའི་མཐར་འགྱུར་བའོ། །ཁྱོད་

Vol. 122 · folio 23a

ཀྱིས་ཞེས་པ་ལ་སོགས་པས་གདུལ་བྱའི་གཙོ་བོ་ལ་གདམས་པ་སྟེ། ཀུན་གཞི་ཡོངས་སུ་མ་དག་པའི་གནས་སྐབས་དང་། འཇུག་པའི་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་རྣམས་གནས་གྱུར་ཞིང་ནང་སེམས་ཀྱི་ཆོས་ཉིད་ཆོས་ཐམས་ཅད་བསྡུས་པའི་

དོན་ལ་བསྒོམ་པར་བྱའོ་ཞེས་པའོ། །ཚིག་གི་དོན་གྱི་སྤྱོད་ཡུལ་དུ་ལྷུང་བའི་ལྟ་བ་དང་། ཏིང་ངེ་འཛིན་དུ་མ་ཡིན་ཞེས་པ་ནི། བརྗོད་པ་སྣ་ཚོགས་དང་འདྲེས་པའི་དོན་གྱི་རྣམ་པ་དུ་མར་རྟོག་པའི་ལྟ་བ་དང་། དེ་འདྲ་བའི་མཚན་མ་སྣ་ཚོགས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པར་མི་

བྱའོ་ཞེས་པའོ། །དེ་སྐད་དུ་ཡང་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་ཞིག་སྒྲ་ཡིས་ཆོས་བསྟན་པ། །ཆོས་རྣམས་མང་པོ་བསམ་མི་ཁྱབ། །སྒྲ་དེ་ལ་ཡང་གང་ཆགས་པ། །དགོངས་པའི་བཤད་པ་མི་ཤེས་སོ། །ཅི་ལ་དགོངས་ཏེ་བཤད་པ་ཡི། །དགོངས་པ་དག་ནི་མི་ཤེས་པ། །ཆོས་

ཉིད་ལ་ནི་མ་བསླབས་པས། ཆོས་མ་ཡིན་པ་ཆོས་སུ་འཆད། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་ན་ནི། །དེ་དག་ཐམས་ཅད་བསྒོམས་པར་

འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་དྲང་སྲོང་

རྒྱས་པ་དང་། འཇུག་སེལ་ལ་སོགས་པས་སྨྲས་པའི་སྔོན་གྱི་གཏམ་རྒྱུད་དང་སྒྲུང་ལ་མངོན་པར་ཞེན་པར་མི་བྱ་ཞིང་། དབང་ཕྱུག་དང་ཚངས་པ་སྨྲ་བ་རྣམས་ཀྱིས་བསྟན་པའི་རིག་བྱེད་ཀྱི་སྒྲ་རྟག་པ་སྐྱེས་བུས་མ་བྱས་པ་དོན་ཕྱིན་ཅི་མ་ལོག་པ་སྟོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་དུ་

གཟུང་བར་མི་བྱ་ཞིང་། བདག་ནི་སྲིན་པོའི་རྒྱལ་པོ་ཞེས་དྲེགས་ཤིང་ང་རྒྱལ་བར་ཡང་མི་བྱ། བསམ་གཏན་དྲུག་ལ་སོགས་པ་ལ་བསམ་གཏན་པར་མ་ཡིན་ཞེས་པ་སྟེ། དམིགས་པ་དང་བཅས་པའི་བསམ་གཏན་དྲུག་པོ་འདི་ལྟ་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་དང་། དངོས་

Vol. 122 · folio 23b

གཞི་དང་བསམ་གཏན་ཁྱད་པར་ཅན་དང་། གཉིས་པ་ལ་སོགས་པ་གསུམ་གྱི་དངོས་གཞི་ཟག་པ་མེད་པའམ། ཟག་པ་དང་བཅས་པ་རྣམས་དང་། ནམ་མཁའི་འདུ་ཤེས་ལ་སོགས་པ་གཟུགས་མེད་པའི་ཏིང་ངེ་འཛིན་མཚན་མར་དམིགས་པ་རྣམས་ལ་བསམ་གཏན་པར་མ་ཡིན་ཞེས་པའོ། །

ལང་ཀའི་བདག་པོ་འདི་ནི་ཞེས་པ་ལ་སོགས་པས་ཉེ་བར་གདམས་པའི་དོན་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས། དེ་རྣམས་ཀྱི་དམ་ཚིག་ཉིད་དུ་སྟོན་པའོ། །ཕ་རོལ་གྱི་རྒོལ་བ་ནི་འགལ་བ་ཁས་ལེན་པས་རྩོད་པ་ཉེ་བར་འགོད་

པ་སྟེ། དེ་ཉིད་ཆོས་དང་མཐུན་པར་ཚར་གཅོད་ཅིང་ལྟ་བ་ངན་པར་གྱུར་པ་དྲུག་ཅུ་རྩ་གཉིས་ལ་སོགས་པ་བསྟན་པ་ཐམས་ཅད་ཀྱི་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། བདག་དང་བདག་གིར་ལྟ་བ་ཡིན་ལ་དེ་རྣམ་པར་བཟློག་པ་ལ་མཁས་པས་ལྟ་བ་ངན་པ་ཐམས་ཅད་སེལ་བའོ། །བློ་ཞིབ་

ཅིང་ཞེས་པ་ནི་ཟབ་མོ་རྟོགས་པའོ། །རྣམ་པར་ཤེས་པ་ཤིན་ཏུ་འགྱུར་བ་ལ་མཁས་པ་ཞེས་པ་ནི་ཀུན་རྫོབ་ཏུ་སེམས་དང་སེམས་ལས་བྱུང་བའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་བཞིན་གཤེགས་པའི་ཞེས་པ་ལ་སོགས་པས་དེ་འདྲ་བའི་དམ་ཚིག་ལ་བརྩོན་པར་བྱའོ་ཞེས་གདམས་

པ་སྟེ། དེ་ཡང་ཆོས་ཀྱི་སྐུའི་ཡེ་ཤེས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བའི་དོན་དུའོ། །དེ་ལྟར་ཤེས་པ་ལ་སོགས་པས་དེ་ཉིད་ཀྱི་ཕན་ཡོན་སྟོན་ཏེ། དེའི་དོན་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བའི་ལམ་ཐབས་དང་ཤེས་རབ་དབྱེར་མེད་པ་འདི་ནི་ཕྱིར་ཞིང་གོང་ནས་གོང་དུ་

ལམ་གྱི་མི་མཐུན་པའི་ཕྱོགས་ཀུན་གཞི་རྣམ་པར་ཤེས་པའི་དྲི་མ་སྦྱངས་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའོ། །དེ་སྐད་དུ་ཡང་། ཀུན་གཞི་དྲི་མེད་བསོད་ནམས་ཀྱིས། །དེ་བཞིན་གཤེགས་པར་འགྱུར་བའོ། །ཞེས་འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས་

གསུངས་པའི་ཕྱིར་རོ། །གཞན་ཡང་ཐབས་དང་ཤེས་རབ་ནི་འདིར་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཀྱིས་ངེས་པར་འབྱུང་བ་ཡིན། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་རབ་རྩལ་སེམས་ལ་

Vol. 122 · folio 24a

ཚིགས་སུ་བཅད་དེ་སྨྲས་པ། །གང་ཚེ་སེམས་ནི་ཆགས་མེད་པ། །བླ་མེད་བྱང་ཆུབ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་མངོན་སུམ་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །སེམས་རྣམས་བསྐྱེད་པ་ཐམས་ཅད་ནི། །བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང་། །བྱང་

ཆུབ་སེམས་ལ་རབ་བརྟགས་པ། །དེ་ནི་ཐབས་ཀྱི་ཚུལ་ཉིད་དོ། །ཞེས་པ་ལ་སོགས་པ་གསུངས་ནས། ཡང་། ཤེས་རབ་ཐབས་ལ་མཁས་པ་ཡིས། །ཡན་ལག་གཉིས་ལྡན་ལམ་འདི་ནི། །ཤེས་ལྡན་བྱང་ཆུབ་སེམས་དཔའ་སྟེ། །དེས་ནི་འདྲེན་རྣམས་ངེས་པར་འབྱུང་། །ཐབས་

དང་མི་ལྡན་ཤེས་རབ་ཀྱིས། །མ་བྱུང་འབྱུང་བར་འགྱུར་བ་མེད། །ཤེས་རབ་མེད་པའི་ཐབ་ཀྱིས་ནི། །མཁས་པ་རབ་ཏུ་ཞི་མི་འགྱུར། །ཤེས་རབ་དང་ནི་ཐབས་ཤེས་པ། །དེ་གཉིས་ཀུན་དུ་འདྲེས་གྱུར་ཅིང་། །གཉིས་ཀ་ཟུང་དུ་འཇུག་གྱུར་ན། །དེས་ནི་དམ་པ་རྟོགས་པར་འགྱུར། །

ཞེས་པ་ལ་སོགས་པས་ལམ་དེ་ཉིད་ཀྱི་ཕན་ཡོན་གོང་ནས་གོང་དུ་རྣམ་པར་སྦྱོང་བ་ཉིད་བསྟན་ཏོ། །ཇི་ལྟར་བྱིས་པ་ཞེས་པ་ལ་སོགས་པ་ཉེ་བར་གདམས་པའི་དོན་དེ་ཉིད་མུ་སྟེགས་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་དུ་སྟོན་ནོ། །སྣང་བའི་མཚན་ཉིད་ལ་མངོན་པར་

ཆགས་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་གཟུང་འཛིན་ཁས་ལེན་པ་རྣམས་ཀྱིའོ། །ཞི་བ་ལ་སོགས་པ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ནི་དེ་ལྟ་མ་ཡིན་ནོ། །འབྱུང་བ་དང་ཡོན་ཏན་དང་རྫས་ཀྱི་རྐྱེན་དུ་སྤྱོད་པ་ཞེས་པ་ལ་རྒྱང་འཕེན་པ་རྣམས་ནི་དངོས་པོ་ཐམས་ཅད་ས་ལ་སོགས་པ་འབྱུང་བ་

བཞིའི་བདག་ཉིད་དེ། སེམས་ཀྱང་འབྱུང་བ་བཞི་ལས་ཐ་དད་པ་མ་ཡིན་ཞིང་། འབྱུང་བ་རྣམས་སེམས་དང་བཅས་པ་ཉིད་དུ་འདོད་དེ། དེ་ཡང་རྣམ་པ་གཉིས་ལས་ཕྱི་རོལ་གྱི་ས་ལ་སོགས་པ་ནི་མངོན་པར་མི་གསལ་བའི་སེམས་ཅན་དུ་འདོད་ལ། དེ་ཉིད་ཡོངས་སུ་གྱུར་ཅིང་འཕྲོད་པ་

འདུས་པ་ལས་བྱུང་བ་སེམས་ཅན་གྱི་ལུས་སུ་གཏོགས་པ་ནི་མངོན་པར་གསལ་བའི་སེམས་པ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་འཇིག་རྟེན་སྔ་མ་ནས་མ་འོངས་ཤིང་ཕྱི་མར་ལུས་གཞན་ལེན་པ་མ་ཡིན་ཏེ། ཤི་བའི་དུས་སུ་གྱུར་པ་ན་མངོན་པར་མི་གསལ་བ་འབྱུང་བ་ཆེན་པོ་ཉིད་ལ་ཉེ་བར་ཞི་བའོ་ཞེས་

Vol. 122 · folio 24b

པའོ། །ཡང་བྱེ་བྲག་པ་ནི་ཚིག་གི་དོན་རྣམ་པ་དྲུག་སྟེ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུལ་བ་རྣམ་པ་དྲུག །ཅེས་པའོ། །དེ་ལ་རྫས་ནི་རྣམ་པ་དགུ་སྟེ། འབྱུང་བ་བཞི་མི་རྟག་པའི་རྫས་དང་། བདག་དང་དུས་དང་ཕྱོགས་དང་ཡིད་དང་ནམ་མཁའ་སྟེ། རྟག་པའི་རྫས་རྣམ་པ་

ལྔའོ། །དེ་ལ་འབྱུང་བ་རྣམས་ཀྱང་རགས་པ་ཡན་ལག་ཅན་གྱི་རྫས་མི་རྟག་ལ། རྡུལ་ཕྲ་མོའི་རྫས་ནི་རྟག་པའོ། །ཡོན་ཏན་རྣམས་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། གྲངས་དང་བོང་ཚོད་དང་། ཐ་དད་པ་དང་སྦྱོར་བ་དང་། བྲལ་བ་དང་། གཞན་དང་གཞན་མ་ཡིན་པ་

དང་། བློ་དང་བདེ་བ་དང་། སྡུག་བསྔལ་དང་། སྡང་བ་དང་། འདོད་པ་དང་། འདུ་བྱ་བའི་ཤུགས་དང་། འབད་པ་དང་། གཤེར་བ་དང་། ལྕི་བ་དང་། སྣུམ་པ་དང་། མཐོང་བ་དང་། མ་མཐོང་བ་སྟེ་ཉི་ཤུ་རྩ་བཞིའོ། །ལས་ནི་རྣམ་པ་ལྔ་སྟེ། འདེགས་པ་དང་། འཇོག་པ་དང་། བརྐྱང་བ་དང་། བསྐུམ་

པ་དང་། འགྲོ་བའོ། །སྤྱི་ནི་རྣམ་པ་གཉིས་ཏེ། ཉི་ཚེ་བ་དང་། ཆེན་པོའོ། །ཉི་ཚེ་བ་ནི་སེར་ཟལ་ལ་སོགས་པ་རྣམས་ལ་བ་ལང་ཉིད་ཅེས་པའི་སྤྱི་གསལ་བ་རྣམས་དང་མངོན་པར་འདུ་བའི་སྒོ་ནས་འབྲེལ་པ་གསལ་བ་ལས་ཐ་དད་པའོ། །ཆེན་པོ་ནི་དངོས་པོ་ཐམས་ཅད་ཡོད་པ་ཉིད་ཅེས་

པའམ། གཞལ་བྱ་ཉིད་ཅེས་པ་ལ་སོགས་པའི་སྤྱིའོ། །བྱེ་བྲག་ནི་ཚིག་གི་དོན་དེ་རྣམས་ལ་བྱེ་བྲག་གི་བློ་སྐྱེད་པ་སྟེ། དེ་རྣམས་མ་འདྲེས་པར་བྱེད་པའོ། །འདུ་བ་ནི་འདིར་རྫས་ལ་སོགས་པ་རྣམས་ལ་བློ་འབྲེལ་པར་བྱེད་པ་སྟེ། འདི་དང་འདིའོ་ཞེས་བློའི་ཡུལ་དུ་བྱེད་པའི་ཆོས་ཀྱི་

ཁྱད་པར་རོ་ཞེས་ཀྱང་སྔོན་གྱི་སློབ་དཔོན་དག་གིས་བཤད་ལ། གཞན་ཡང་རྫས་དང་ཡོན་ཏན་ལ་སོགས་པ་རྟེན་དང་བརྟེན་པའི་དངོས་པོ་ཡུལ་ཐ་མི་དད་པ་རྣམས་ལ་འདི་ལ་འདི་ཞེས་པའི་སྒྲའམ་བློ་ཞིག་འཇུག་པའི་རྒྱུར་གྱུར་པ་འབྲེལ་བ་ཅན་ལས་རྫས་ཐ་དད་པ་ནི་འདུ་བའི་འབྲེལ་པ་ཞེས་

བྱའོ། །གྲངས་ཅན་པ་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔར་འདོད་དེ་འོག་ཏུ་བསྟན་པར་བྱའོ། །དེ་འདྲ་བ་མུ་སྟེགས་ཅན་གྱི་རྗེས་སུ་འཇུག་པའི་སྒོ་ཞེས་པ་ལམ་སྟེ། ལམ་དེའི་སྤྱོད་ཡུལ་མ་ཡིན་ཞེས་པའོ། །མ་རིག་པའི་རྐྱེན་དུ་ལྟ་བ་ལ་མངོན་པར་ཆགས་པ་ནི། མ་རིག་པའི་རྐྱེན་གྱིས་

Vol. 122 · folio 25a

འདུ་བྱེད་ཅེས་པ་ལ་སོགས་པ་ཕྱི་དང་། ནང་གི་རྟེན་འབྲེལ་དོན་དམ་པའི་དངོས་པོར་ཞེན་ཅིང་། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་པ་སྟེ། །ཞེས་བདག་ལ་སོགས་པས་སྟོང་པ་དང་། དེ་ལས་གཞན་པའི་རྐྱེན་ལས་སྐྱེ་བར་འཛིན་པའི་སེམས་

རྣམ་པར་གཡེངས་པའམ། ཡང་སྤྱིར་སྒྲོ་འདོགས་པ་དང་སྐུར་པའི་ལྟ་བས་རྣམ་པར་གཡེངས་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་གཞན་གྱི་དབང་གི་མཚན་ཉིད་ལ་མངོན་པར་ཆགས་པ་དང་། གཞན་ཡང་གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད་ཅེས་པ་ལ་སོགས་པར་

འཛིན་པའི་ལྟ་བར་ལྷུང་བའི་བསམ་པས་སྣ་ཚོགས་སུ་བརྟགས་ཤིང་རྟོག་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་སྒོའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་ནི་གདམས་པའི་དོན་ཉམས་སུ་བླངས་པའི་ཕན་ཡོན་སྟོན་ནོ། །ཐེག་

པ་ཆེན་པོ་ཞེས་པ་ལམ་གྱི་བདག་ཉིད་ཀྱིའོ། །དེ་ལས་གདུལ་བྱ་ཇི་ལྟ་བུ་འདུལ་བར་འགྱུར་བའི་གཟུགས་སྣ་ཚོགས་སུ་སྟོན་པར་ནུས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འབྲས་བུ་ཐོབ་པར་བྱེད་ཅིང་། བྱེ་བྲག་གི་སྲིད་པ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་

པ་འཇིག་རྟེན་པའི་འགྲོ་བ་ཁྱད་པར་ཅན་གྱི་ལུས་འགྲུབ་པའོ། །དེ་སྐད་དུ་ཡང་འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས། །ཀུན་གཞི་རྣམ་པར་དག་གྱུར་ན། །ས་ཡི་རྒྱལ་པོར་འགྱུར་བ་ཡིན། །འཛམ་བུའི་གླིང་ལ་དབང་པ་ཡིན། །འཁོར་ལོ་འཁོར་བར་ཡང་འགྱུར་རོ། །དགའ་ལྡན་

ལ་སོགས་གཞལ་མེད་དུ། །མཚེ་མ་རབ་ཀྱི་དབང་པོར་འགྱུར། །དབང་པོའི་གནས་སུ་དབང་པོར་ཏེ། །དབང་སྒྱུར་གནས་སུ་དེ་བཞིན་ནོ། །འདོད་པའི་ཁམས་ཀྱི་དབང་པོའི་བདག །གཟུགས་ཁམས་བདག་པོའང་དེ་བཞིན་ཏེ། །ཞེས་པ་ལ་སོགས་པ་གསུངས་སོ། །ཁེབས་པའི་

གཡོགས་མ་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རླབས་ཟློག་པར་བྱེད་པ་ཡིན་ཏེ་ཞེས་པ་ནི་སེམས་ཀྱི་དེ་བཞིན་ཉིད་ལ་སྒྲིབ་པར་བྱེད་པ་འཇུག་པའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྒྲིབ་པ་གཉིས་ཀྱིས་བསྡུས་པ་རྣམས་སེལ་བར་བྱེད་པའོ། །བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་

Vol. 122 · folio 25b

ལས་བྱུང་ཞེས་པ་ནི་དེ་དག་གི་བདག་གཅིག་པ་དང་ཐ་དད་པ་དང་། སེམས་དང་བཅས་པ་དང་སེམས་མེད་པ་ལ་སོགས་པར་རང་རང་གི་ཤེས་པས་གཏན་ལ་ཕབ་ནས་སྒོམ་པར་བྱེད་པ་དང་། སྲོག་དང་རྩོལ་བ་བསྡམས་པ་ལ་སོགས་པའི་ཐབས་ཀྱིས་དམིགས་པ་དང་བཅས་པའི་ཏིང་ངེ་འཛིན་ཅུང་

ཟད་བདེ་བ་ལ་མི་རྟོག་པ་ཟག་པའི་གཉེན་པོར་གྱུར་པ་མ་ཡིན་པ་སྐྱེ་བ་སྟེ། གཉིས་ཀྱི་དོན་ལ་ཆགས་ཞེས་པ་རྟག་པ་དང་མི་རྟག་པ་ལ་སོགས་པ་མཐའ་གཉིས་ལ་ཆགས་པའོ། །ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་མཇུག་བསྡུ་བའི་ཚུལ་གྱིས་བསྔགས་ཤིང་རྗེས་སུ་གདམས་པའོ། །དེ་ནས་

དེའི་སྐབས་སུ་ཞེས་པ་ལ་སོགས་པས་ནི་འབོད་འགྲོགས་ཀྱིས་གདམས་པའི་དོན་ཉམས་སུ་བླང་བ་ཉིད་དུ་གོ་བགོས་པ་སྡུད་པ་པོས་བསྡུས་ཏེ་བསྟན་པའོ། །འདི་སྙམ་དུ་སེམས་ཏེ་ཞེས་པ་ནི་ངག་གི་མཐར་སྙམ་མོ་ཞེས་བསྟན་པའི་ཚིག་དང་སྦྲེལ་ལོ། །དེ་ལ་འདིར་གང་སྙམ་དུ་སེམས་ཞེ་ན།

ཡང་འདི་ལྟར་ཞེས་པ་ལ་སོགས་པའོ། །འཕྲུལ་བས་སྤྲུལ་པ་དང་བྲལ་ཞེས་པ་ནི་ཉན་ཐོས་ལ་སོགས་པ་གང་དག་མཚན་དང་དཔེ་བྱད་ལ་སོགས་པར་སྣང་བ་ལ་སངས་རྒྱས་ཀྱི་དངོས་པོ་ཉིད་དུ་ཞེན་པ་ནི། དེ་ལྟར་བདེན་པ་མ་ཡིན་ཞིང་སྟོང་པར་སངས་རྒྱས་ཉིད་ཀྱིས་ཐུགས་སུ་ཆུད་པའོ། །བློ་གང་

གི་ཕྱིར་ཞེས་པ་ནི་དེ་ལྟར་ཐུགས་སུ་ཆུད་པ་མཐར་ཐུག་པའི་བློ་འགའ་ཞིག་གི་ཆེད་དུ་ལམ་གྱི་དུས་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་བསྒོམས་པས། དེ་ཉིད་མཐར་ཐུག་པ་ནི་རྣལ་འབྱོར་ཅན་རྣམས་ཀྱི་རྣལ་འབྱོར་གྱི་སྒྲར་གདགས་པ་སྟེ། རྣལ་འབྱོར་ཆེན་པོ་མཐར་ཐུག་པ་

ཐུགས་སུ་ཆུད་པ་སངས་རྒྱས་ཀྱི་རང་བཞིན་ཡིན་པར་འབོད་འགྲོགས་བདག་གིས་དོན་དམ་པར་མཐོང་བར་འདུ་བྱེད་པའི་མཚན་ཉིད་རྣམ་པར་ལོག་པའི་རྫུ་འཕྲུལ་ཏེ། འབད་པ་དང་རྩོལ་བ་མེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྣམ་པར་འཕྲུལ་བས་དེ་ལྟར་བལྟའོ་སྙམ་དུ་སེམས་པའོ། །དེ་ལ་རྣལ་

འབྱོར་ཅན་རྣམས་རྣལ་འབྱོར་ཞེས་པ་ནི་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པ་རྣམས་ཞེས་པ་དང་སྦྱར་ཏེ། ཞི་གནས་ཀྱི་ཕྱོགས་ཀྱིས་བསྡུས་པའོ། །མངོན་པར་རྟོགས་པ་ནི་ཁོང་དུ་ཆུད་པར་གྱུར་ཞེས་པ་ལ་སོགས་པ་དང་སྦྱར་ཏེ། ལྷག་མཐོང་གི་ཕྱོགས་ཀྱིས་བསྡུས་པའོ། །དེ་ལྟར་

Vol. 122 · folio 26a

ཟུང་དུ་འབྲེལ་བའི་རྣལ་འབྱོར་གོམས་པའི་སྟོབས་ཀྱིས་མཐར་ཐུག་པ་ཁོང་དུ་ཆུད་པའི་ཕྱིར། སངས་རྒྱས་འདིས་ཁོང་དུ་ཆུད་དོ་ཞེས་རྣལ་འབྱོར་རྣམས་ཀྱི་ནང་ན་ཡང་མཆོག་ཏུ་གྱུར་པའི་རྣལ་འབྱོར་དུ་གདགས་ཞེས་པའོ། །གཞན་ཡང་དེ་ལྟར་གྱུར་པ་དེའི་ཕྱིར་འབོད་

འགྲོགས་བདག་གིས་མི་དམིགས་པའི་ཐུགས་རྗེ་ཅན་གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་འབར་བ་དང་རྣམ་པར་རྟོག་པ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་འབྱུང་བའི་རྒྱུ་བདག་ཏུ་འཛིན་པ་བཟློག་པས་དེ་དག་ཟད་པར་བྱེད་ཅིང་། ཡང་སེམས་དང་བསམ་པའི་རྗེས་སུ་ཞུགས་

ཞེས་པ་ནི་སེམས་ཀྱི་རྒྱུ་བ་དང་དེ་རྣམས་ཀྱི་འདོད་པས་དམིགས་པའི་དོན་ཇི་ལྟ་བ་བཞིན་མཁྱེན་ཅིང་དེ་དང་མཐུན་པར་སྐུ་ལ་སོགས་པ་སྟོན་པའོ། །ཐམས་ཅད་དུ་ཁྱབ་པ་ཞེས་པ་ནི་ཇི་ལྟར་ནམ་མཁའི་ཇི་ཙམ་པར་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཁྱབ་ལ། ཆོས་ཉིད་ཇི་སྙེད་པ་དེ་ཙམ་དུ་སངས་

རྒྱས་ཀྱིས་ཀྱང་ཁྱབ་པ་སྟེ། སྐུའི་གསང་བ་བསྟན་པ་ལས། །ནམ་མཁའི་ཚད་ནི་ཇི་ཙམ་པ། །སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། །འཇིག་རྟེན་མགོན་པོས་དབུ་གཙུག་ཀྱང་། །ནམ་མཁའི་ཁམས་དང་མཚུངས་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་

སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལ་སོགས་པ་གསུངས་སོ། །ཐམས་ཅད་མཁྱེན་པ་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་ཐམས་ཅད་མཁྱེན་པའམ། ཡང་ན་

མཁྱེན་པ་གསུམ་གྱིས་བསྡུས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་འབྱུང་བ་བཞིན་ནོ། །བྱེད་པའི་མཚན་ཉིད་ལོག་ཅེས་པ་ནི་སྔར་བསྟན་པ་ལྟར་རམ། ཡང་ན་ཐམས་ཅད་མཁྱེན་པ་ཉིད་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ཐམས་ཅད་ལས་མངོན་པར་འཕགས་པའི་

རྫུ་འཕྲུལ་གྱིས་གནས་པ་ཡིན་ནོ་ཞེས་དེ་ལྟར་ལྟ་བའོ། །དེ་མཐོང་བས་ཞེས་པ་ལ་སོགས་པ་སྔ་མ་དེ་ཉིད་ཀྱི་ཕན་ཡོན་སྟོན་ནོ། །བདེ་བའི་ཏིང་ངེ་འཛིན་ཞེས་པ་ནི་དཔའ་བར་འགྲོ་བ་ལ་སོགས་པ་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་ནོ། །སྙོམས་པར་འཇུག་པ་ནི་འདུ་ཤེས་དང་ཚོར་

Vol. 122 · folio 26b

བ་འགོག་པ་དང་ཐོད་རྒལ་གྱི་སྙོམས་པར་འཇུག་པའོ། །ཐུགས་སུ་ཆུད་པའི་ས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་སོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །དེ་ལྟར་འབོད་འགྲོགས་ལ་སོགས་པའི་གདུལ་བྱ་རྣམས་ལ་དེ་བཞིན་གཤེགས་པས་དོན་གྱི་ཆོས་བསྟན་ནས། ཚིག་གི་སྒོ་ནས་སྟོན་

པ་ནི་དང་པོར་ཡང་སྤྲུལ་པ་བྱིན་གྱིས་བརླབས་པ་དང་། དངོས་སུ་སྟོན་པའི་ལྟས་བསྟན་པ་དང་། དེ་ལ་འཁོར་རྣམས་ཐེ་ཚོམ་སྐྱེས་པ་དང་། དེ་ཉིད་བསལ་བའི་དོན་བློ་གྲོས་ཆེན་པོས་ཞུ་བར་གསོལ་བ་དང་། དེའི་ལན་གསུངས་པའོ། །དེ་ལ་དང་པོ་སྤྲུལ་པ་བྱིན་གྱིས་བརླབས་པ་ནི།

དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པའོ། །ལང་ཀའི་བདག་པོ་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་ཅེས་པ་ནི་སྤྱིར་གསུང་རབ་དག་ལ་གནས་སྐབས་རྣམ་པ་གསུམ་དུ་བཤད་དེ། སྦྱོར་བའི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་བཟོད་པ་ཞེས་གསུངས་

ཏེ། ཆོས་ཆེན་པོ་ནི་མ་སྐྱེས་པའི་ཆོས་ཉིད་འདི་ཉིད་ལ་བཤད་དོ། །ཡང་ས་དང་པོའི་གནས་སྐབས་དང་། བརྒྱད་པའི་གནས་སྐབས་སུ་ཡང་གསུངས་པ་ལས་འདིར་ནི་བརྒྱད་པ་ཡན་ཆོད་ཀྱིས་བསྡུས་པ་སྟེ། ལང་ཀའི་བདག་པོ་གནས་ཤིན་ཏུ་གྱུར་ཞེས་པ་ལ་སོགས་པ་གོང་དུ་གསུངས་ལ། དེ་

ཡང་ས་བརྒྱད་པའི་གནས་སྐབས་ཡན་ཆོད་ལ་འཐད་པའི་ཕྱིར་རོ། །བཟོད་ཅེས་པ་ནི་སྐྱེ་བ་མེད་པའི་ཆོས་ཉིད་ལ་སེམས་གཏིང་ཚུགས་ཤིང་། རྒྱ་མཚོ་ཆེན་པོ་ལ་གྲུ་གཟིངས་བཏང་བ་ལྟར་ཆོས་ཉིད་འབའ་ཞིག་ལ་མཉམ་པར་འཇོག་པའོ་ཞེས་ས་བཅུ་པ་ལ་སོགས་པ་ལས་ཀྱང་གསུངས་

ཤིང་། མདོ་སྡེ་འདི་ཉིད་དུ་ཡང་གསལ་བར་སྟོན་པར་འགྱུར་རོ། །དེ་ཐོབ་པའི་རྒྱུ་ཡང་འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། རིགས་ཀྱི་བུ་ངས་ཀྱང་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་དྲུང་དུ་ཆོས་ཐམས་ཅད་ཚུལ་གཅིག་པའོ་ཞེས་བྱ་བའི་དོན་ཁོང་དུ་

ཆུད་པར་གྱུར་ནས། དེའི་འོག་ཏུ་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ་ཞེས་གསུངས་སོ། །གཞན་ཡང་སངས་རྒྱས་ནི་ཆོས་ཉིད་དུ་ལྟའི་གཟུགས་ཀྱི་སྐུར་མ་ཡིན་ཞེས་པ་ལ་སོགས་པ་རྒྱུ་བཞི་ཡང་སྔར་བསྟན་ནོ། །མཐོང་བ་མྱོང་བ་ནི་ཐ་དད་པ་ལྟ་བུར་མཐོང་ཞིང་། དེ་ཡང་སེམས་

Vol. 122 · folio 27a

ཀྱི་ངོ་བོ་ཉིད་དུ་རྟོགས་པས་མྱོང་ཞེས་པའོ། །ཚིག་གི་ཆ་གཞན་ནི་ཤེས་པར་ཟད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ཆོས་སྟོན་པ་ལ་སོགས་པའི་ལྟས་སྟོན་ཏེ། སངས་རྒྱས་ཀྱི་ཤའི་སྤྱན་ཞེས་པ་ནི་གཟུགས་ཅན་གྱི་དབང་པོ་འདི་

ཉིད་གནས་གྱུར་པ་འམ། གཞན་ཡང་མཐུ་ཕུལ་དུ་བྱུང་བ་དང་ལྡན་པར་གྱུར་པས་ཡུལ་རྣམས་འཛིན་པར་སྣང་བ་སྟེ། དེ་སྐད་དུ་ཡང་། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །འབྱོར་པ་དམ་པ་ཐོབ་

པར་འགྱུར། །ཞེས་གསུངས་སོ། །འདིར་དོན་དམ་པར་ནི་ཡེ་ཤེས་ཀྱི་སྤྱན་ཉིད་ཡིན་གྱི། གཟུགས་ཅན་གྱི་དབང་པོ་ནི་འཐད་པ་མ་ཡིན་ཏེ། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པས་སོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་

ཞེས་པ་ལ་སོགས་པས་གདུལ་བྱ་རྣམས་ཐེ་ཚོམ་སྐྱེས་པ་ཉིད་དུ་སྟོན་པའོ། །སྔོན་དུ་ཞེས་པ་ནི་ཆོས་སྟོན་པའི་སྔོན་དུའོ། །ཏིང་ངེ་འཛིན་གྱི་བདེ་བ་ལ་ནང་དུ་མི་གཟིགས་པར་ཡུལ་གཞན་ལ་རྣམ་པར་གཡེང་བ་འདི་ཅི་ཞིག་སྙམ་དུ་ཐེ་ཚོམ་ཟ་བའོ། །དེ་ནས་ཞེས་པ་ལ་སོགས་པས་ཐེ་

ཚོམ་བསལ་བའི་དོན་དུ་ཞུས་པའོ། །རྣམ་པར་སྤྱོད་པ་ཞེས་པ་ནི་ཁྱད་པར་དུ་ཡང་རྣམ་པར་རྟོག་པའི་རྒྱུ་བའོ། །རྣམ་པར་མྱོས་པ་ནི་ཐེ་ཚོམ་གྱི་དབང་གིས་འཁྲུགས་པའོ། །རྒྱུ་དང་རྐྱེན་ཞེས་པ་ལ་རྒྱུ་ནི་ཉེ་བར་ལེན་པའི་རྒྱུ་སྟེ། འབྲས་བུ་གང་ཞིག་སྐྱེད་པ་ན། །གཙོ་བོ་ལྟ་བུར་སྣང་

བའོ། །དེ་ཡང་རྣམ་པ་གཉིས་ཏེ། འབྲས་བུ་འགའ་ཞིག་རྒྱུ་གཞན་དུ་གཏོགས་པའི་རྒྱུ་ཁོ་ན་ལས་སྐྱེ་བ་ན། འབྲས་བུ་བསྐྱེད་ནས་རྒྱུའི་རྒྱུན་ལྡོག་པ་ནི་ཉེ་བར་ལེན་པའི་རྒྱུ་སྟེ། ཇི་ལྟར་འཕགས་པ་སཱ་ལུ་ལྗང་པའི་མདོ་ལས་བཤད་པ་བཞིན་ནོ། །ཡང་འབྲས་བུ་སྐྱེས་ཀྱང་རྒྱུའི་རྒྱན་

མི་ལྡོག་པ་རང་གི་རྒྱུད་དུ་གཏོགས་པ་སྐྱེད་པར་སྣང་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ། དེ་དག་ཀྱང་རྒྱུའི་གཙོ་བོ་དང་ཕལ་པ་ལྟ་བུར་སྣང་བས་རྒྱུ་དང་རྐྱེན་གྱི་དབྱེ་བ་བྱས་པའོ། །ཡང་འགའ་ཞིག་རང་གི་རྒྱུད་དུ་གཏོགས་པའི་རྒྱུ་ལས་ཀྱང་སྐྱེ་བར་སྣང་བ་ན་འབྲས་བུ་རང་དང་འདྲ་བ་སྐྱེད་པར་བྱེད་པ་

Vol. 122 · folio 27b

ནི་ཉེ་བར་ལེན་པའི་རྒྱུ་ལ་མི་འདྲ་བ་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ། །དེ་ལ་ཡང་འདྲ་བ་ཡང་ངོ་ཤེས་པའི་བློ་ཐ་མལ་པའི་ཡུལ་དུ་གྱུར་པའོ། །འདིར་དེ་བཞིན་གཤེགས་པས་དེ་དག་གི་ལན་གསུངས་པ་ནི་རྣམ་པ་བཞིའི་སྒོ་ནས་སྟོན་པ་ལས། ཞུ་བ་པོ་ལ་བསྔགས་པར་བརྗོད་ཅིང་འདྲི་བར་

བསྐུལ་བ་ནི་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །དེ་ལ་འཇིག་རྟེན་གྱི་རང་བཞིན་ནི་ཁམས་དང་བག་ལ་ཉལ་གྱིས་བསྡུས་པའོ། །ལྟ་བ་ངན་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་མངོན་དུ་གྱུར་པའི་ཁྱད་པར་རྣམས་སོ། །དུས་གསུམ་གྱི་སེམས་ཞེས་པ་ནི་སེམས་དང་

སེམས་ལས་བྱུང་བའི་ཁྱད་པར་སྤྱིར་བསྟན་པའོ། །གཞན་ནི་ཤེས་པར་ཟད་དོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཐེ་ཚོམ་བསལ་བའི་ཐབས་མདོར་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་གདུལ་བྱའི་གཙོ་བོ་ལ་ཕན་ཡོན་དང་བཅས་པའི་ཆོས་བསྟན་

པས་དྲིས་ཤིག་པར་བསྐུལ་ཞིང་བཤད་པའི་སྐབས་དབྱེ་བའོ། །དེ་ལ་མཁྱེན་བཞིན་དུ་ཞེས་པ་ནི་དེས་འདྲི་བ་ཉིད་དུ་མཁྱེན་པའོ། །ཅོད་པན་རབ་ཏུ་གཡོ་བ་ནི་ལུས་ཀྱི་རྒྱན་རྣམས་ཀྱི་མཆོག་ཏུ་གྱུར་པ་མགོ་བོའི་ཅོད་པན་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་ལ་འདུད་ཅིང་ཕྱག་འཚལ་

བ་ལ་སོགས་པའི་སྟོབས་ཀྱིས་རབ་ཏུ་གཡོ་བའོ། །ཡང་ནང་གི་བདག་ཉིད་སེམས་ཀྱི་རྒྱན་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་ཤེས་རབ་ཡིན་ཞིང་དེ་ཡང་ཡུལ་ལ་གཡོ་ཞིང་འཇུག་པའོ། །རྣམ་པར་རྟོག་པའི་གནས་ཤིན་ཏུ་གྱུར་ནས་ཞེས་པ་ནི་ཇི་སྐད་དུ། རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་

རྣམས་རྟག་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །སའི་མི་མཐུན་པའི་ཕྱོགས་ནི་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་རས་

གཟིགས་དབང་ཕྱུག་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་མི་མཐུན་པའི་ཕྱོགས་བཅུ་གཅིག་སྟེ། ས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པའི་ཀུན་དུ་རྨོངས་པ་དང་། ངན་སོང་བའི་ཉེས་པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་

Vol. 122 · folio 28a

སོ་ཞེས་གསུངས་ཏེ། མི་མཐུན་པའི་ཕྱོགས་དེ་ཡང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་མན་ཆོད་རྒྱུའི་གནས་སྐབས་ན་ཡོད་པ་སྟེ། ཇི་སྐད་དུ་ས་བཅུའི་མགོན་པོས། རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཞེས་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་

གནས་སྐབས་ན་གོ་རིམས་བཞིན་དུ་སྐྱེས་བུ་བཏགས་པ་ལ་བརྟེན་པའི་རྣམ་པར་རྟོག་པ་དང་། གང་ཟག་རྫས་ལ་བརྟེན་པའི་རྣམ་པར་རྟོག་པ་གཉིས་དང་ལྡན་པར་གསུངས་པས་སོ། །དེ་བཞིན་དུ་ངན་སོང་བའི་ཉེས་པ་དང་། དེའི་རྒྱུར་གྱུར་པའི་བྱེ་བྲག་འགའ་ཞིག་ལ་ཀུན་དུ་

རྨོངས་པ་དང་། དེའི་གནས་ངན་ལེན་ཏེ་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ནི་བག་ཆགས་དང་བཅས་ཏེ་སྤང་བ་ཉིད་དུ་གསུངས་པས་བག་ཆགས་ཀྱི་ཆར་གཏོགས་པ་འམ། ཡང་ན་གནས་ངན་ལེན་ཟག་པ་དང་བཅས་པའི་ཕུང་པོ་ལེན་པར་བྱེད་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་

པ་ཉིད་ལ་སྦྱར་བར་བྱའོ། །མི་མཐུན་པའི་ཕྱོགས་ཞེས་པ་ནི་སྤང་བྱ་དེ་རྣམས་ཡོད་པའི་དུས་སུ་ས་དང་པོའི་ཡེ་ཤེས་མི་འཆར་ཞིང་དེ་རྣམས་སྤངས་པའི་རྗེས་སུ་འབྱུང་བས་སོ། །ས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་དུ་རྨོངས་པ་དང་། ལས་རྣམ་པ་སྣ་ཚོགས་ལ་ཀུན་དུ་

རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །འདི་རྣམས་ཀྱི་དོན་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་དུ་རྨོངས་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་

མཐུན་པའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པའི་ཀུན་དུ་རྨོངས་པ་དང་། ཆོས་ལ་སྲེད་པའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་

པའི་ཀུན་དུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་ཉིད་ལ་ཀུན་དུ་རྨོངས་པ་དང་།

Vol. 122 · folio 28b

མཚན་མ་མང་པོ་ཀུན་དུ་འབྱུང་བའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་ཀུན་དུ་རྨོངས་པ་དང་། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པས་ཐབས་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་

མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བའི་ཀུན་དུ་རྨོངས་པ་དང་། མཚན་མ་རྣམས་ལ་མི་དབང་བའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དགུ་པ་ལ་ནི་ཆོས་བསྟན་པ་དཔག་ཏུ་མེད་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་

དཔག་ཏུ་མེད་པ་དང་གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་དང་གཟུངས་ཀྱི་དབང་ལ་ཀུན་དུ་རྨོངས་པ་དང་། སྤོབས་པའི་དབང་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ཡང་འཕགས་པ་གསེར་འོད་དམ་པ་ལས། གང་ཆོས་སྟོན་པ་ཚད་མེད་པ་

དང་ཚིག་དང་ཡི་གེ་ཚད་མེད་པ་ལ་མཁས་པར་མ་གྱུར་པའི་རྨོངས་པ་དང་། སྤོབས་པ་ལ་དབང་མ་ཐོབ་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ས་དགུ་པ་ལ་སྒྲིབ་པོ་ཞེས་གསུངས་སོ། །ཡང་མདོ་སྡེ་ས་བཅུ་པ་ལས་ས་བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་དུ་རྨོངས་པ་དང་།

གསང་བ་ཕྲ་མོ་ལ་འཇུག་པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོའི་ཀུན་དུ་རྨོངས་པ་དང་། ཐོགས་པའི་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་

ཞེས་གསུངས་སོ། །ས་རྣམ་པར་འབྱེད་པའི་བློས་ཞེས་པ་ལ་ས་ནི་རྟོགས་པའི་ཡེ་ཤེས་ཡིན་ལ། དེའི་རྒྱུན་འཇུག་པ་འདྲ་བ་ལས་དང་པོ་ལ་སོགས་པ་རྣམ་པར་འབྱེད་པའི་རྒྱུ་མཚན་ནི་སྔ་མ་ལྟར་མི་མཐུན་པའི་ཕྱོགས་དེ་དང་དེ་དག་སྤངས་པའི་སྒོ་ནས་ཐོབ་པ་དང་། རྗེས་ཀྱི་གནས་སྐབས་

ཀྱི་ཡོངས་སུ་སྦྱོང་བའི་ཁྱད་པར་དང་། ས་གང་ལ་ཡོན་ཏན་གྱི་རྣམ་པ་གང་དང་གང་གཙོ་བོར་ལྡན་པ་དང་། ངེས་པའི་ཚིག་ལ་སོགས་པའི་སྒོ་ནས་ཏེ། དེ་ལ་ཡོངས་སུ་སྦྱོང་བའི་ཁྱད་པར་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་བགྲོ་བ་ལས་ཤེས་པར་བྱའོ། །

Vol. 122 · folio 29a

ངེས་པའི་ཚིག་ནི་དགོངས་པ་ངེས་པར་འགྲེལ་པ་ལས། ས་དང་པོ་ནི་དོན་ཆེ་བ་སྔར་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་ནས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ། །ས་གཉིས་པ་ནི་ལྟུང་

བ་ཕྲ་མོ་དང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ། །ས་གསུམ་པ་ནི་ཏིང་ངེ་འཛིན་དེ་དང་ཐོས་པའི་གཟུངས་དེ་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ནི་ཉོན་མོངས་

པའི་ཤིང་བསྲེགས་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སྒོམ་པ་དེ་ཡེ་ཤེས་ཀྱི་མེ་འོད་འཕྲོ་བར་གྱུར་པའི་ཕྱིར་འོད་འཕྲོ་ཅན་ཞེས་བྱའོ། །ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེ་དག་ཉིད་ཐབས་ཀྱིས་སྒོམ་པ་དེ་ལས་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་

ཏུ་སྦྱང་དཀའ་ཞེས་བྱའོ། །ས་དྲུག་པ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང་མཚན་མ་མེད་པ་མང་དུ་ཡིད་ལ་བྱེད་པ་མངོན་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་ཞེས་བྱའོ། །ས་བདུན་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་

པ་དང་རྣམ་པར་དག་པའི་ས་དང་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་དང་མཚན་མའི་ཉོན་མོངས་པའི་ཀུན་དུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བྱའོ། །ས་དགུ་པ་ནི་རྣམ་པ་ཐམས་ཅད་དུ།

ཆོས་སྟོན་པའི་དབང་ལ་ཁ་ན་མ་ཐོ་བ་མེད་པའི་བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་ཚོགས་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་

བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ་ཞེས་གསུངས་སོ། །ཡང་གསེར་འོད་དམ་པ་ལས་ཆོས་ཀྱི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words