འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 122 · folio 57b
སྡེ་ཐམས་ཅད་ཀྱི་སྙིང་པོའི་དོན་ཡིན་ཞིང་། དེ་ལྟར་སྟོན་པའི་གཞུང་ཡང་དུ་མ་ཡོད་མོད་ཀྱི། འདིར་ཁུངས་ཉིད་དུ་མི་བྲི་སྟེ་ཤེས་པར་ཟད་དོ། །དེས་ན་རྟོག་པ་དང་བཅས་པའི་བློའི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ་ཞེས་བརྟགས་ཤིང་ཡུལ་དུ་བྱས་ཀྱང་། དེ་ནི་སྤྲོས་པ་དང་བྲལ་
བ་ཟབ་མོའི་དོན་ཁོ་ན་ཉིད་མ་ཡིན་ཏེ། བློ་དེ་ནི་བརྗོད་པ་དང་འདྲེ་རུང་བའི་དོན་སྒྲོ་བཏགས་པ་ཕྱིའི་རྣམ་པ་ཉིད་ཡུལ་དུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་རྗེས་སུ་དཔག་པའི་ཚད་མས་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་
ལ་འཇལ་བ་ན། དེ་ཉིད་ཀྱི་མངོན་པའི་ང་རྒྱལ་གྱིས་སེམས་ཀྱི་ཆོས་ཉིད་རྟོགས་པར་རློམ་ཡང་། དེའི་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་དངོས་པོ་ལ་སོགས་པར་སྒྲོ་འདོགས་པའི་སྤྲོས་པ་ཕྱོགས་རེ་གཅོད་པས། རྟོགས་པ་དང་ལྡན་པ་རྣམས་ཀྱིས་བཙལ་
ཞིང་གཏན་ལ་དབབ་པར་བྱ་བ་ཉིད་དོ། །གལ་ཏེ་དེ་ལྟ་ན་དེ་ཉིད་གང་གི་ཡུལ་དུ་འགྱུར་ཞེ་ན། འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རིག་པར་བྱ་བ་ཉིད་དོ། །ཡང་གལ་ཏེ་དགག་བྱའི་དངོས་པོ་མེད་པས་དེ་བཀག་པའི་མེད་པའམ། སྟོང་པ་ཉིད་མི་འཐད་ཅེས་པ་ཡང་དཔྱད་
པར་བྱ་སྟེ། འདིར་དགག་བྱའི་དངོས་པོ་མེད་དེ། དངོས་པོར་སྣང་བ་མ་འགགས་པ་ཙམ་གྱི་རང་བཞིན་སྟོང་པ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དུ་ཁས་ལེན་ཏེ། དེ་ནི་མ་གྲུབ་པ་མ་ཡིན་ཏེ། གཞན་དུ་ན་ཕ་རོལ་པོ་ཉིད་ཀྱི་གཏན་ཚིགས་ཀྱང་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །ཡང་དངོས་པོ་སྔོན་དུ་སོང་བའམ། དེ་ལ་
ལྟོས་ནས་བརྟགས་པའི་བཀག་པ་ནི་ཁས་མི་ལེན་པའི་ཕྱིར། འདི་ནི་གྱི་ན་ཙམ་དུ་ཟད་དོ། །དེས་ན་དབུ་མ་པར་སྨྲ་བ་ཁ་ཅིག་གསུང་རབ་ཀྱི་ཕྱོགས་འགའ་ཞིག་གམ། འདིར་ནི་ཡོད་ཉིད་འགོག་ཉིད་ཀྱི། །མེད་ཉིད་སྒྲུབ་པར་བྱེད་པ་མིན། །ཞེས་པ་དང་། གཞན་ཡང་། ཡོད་དང་མེད་དང་ཡོད་
མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་བཤད་པའི་གཞུང་ལ་བརྟེན་ནས། ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་ལ། དེ་ཁོ་ན་ཉིད་དུ་ཡོད་མེད་དཔྱོད་པའི་སྐབས་སུ། དགག་པར་བྱ་བ་
Vol. 122 · folio 58a
ནི་གང་ཞིག་རིགས་པས་གྲུབ་ཅིང་མི་གནོད་པ་ཡིན་ལ། དགག་བྱ་རྣམ་པར་བཀག་པ་ལས་གཞན་བསྒྲུབ་པར་བྱ་བ་ནི་ཁས་མི་ལེན་ཏེ། དེས་ན་དེ་ཁོ་ན་ཉིད་དུ་ཡོད་པ་དང་། མེད་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། མངོན་པར་འདོད་པའི་བསྒྲུབ་པར་བྱ་
བ་ནི་ཅུང་ཟད་ཙམ་ཡང་མེད་དེ། ཁས་ལེན་ཐམས་ཅད་དང་བྲལ་བའོ་ཞེས་ཟེར་རོ། །འདི་ནི་མི་འཐད་དེ། བསྒྲུབ་པར་བྱ་བ་ལ་སོགས་པ་དོན་དམ་པའི་དངོས་པོར་ནི་དབུ་མ་པ་སུ་ཡང་ཁས་མི་ལེན་པས། འདི་ནི་ཀུན་རྫོབ་རྣམ་པར་གཞག་པ་ཙམ་དུ་ཡང་མེད་པར་འདོད་པ་ཡིན་ལ། དེ་ལྟ་ན་
བསྒྲུབ་བྱ་ཤེས་པར་འདོད་པ་མེད་པས། ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་མ་གྲུབ་པའི་ཕྱིར། དེ་ལ་བརྟེན་པའི་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་དང་པོ་ཀུན་རྫོབ་ཙམ་དུ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་རང་གི་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་མི་འཐད་དོ། །གལ་ཏེ་
རང་ལ་འདོད་པའི་བསྒྲུབ་བྱ་མེད་ཀྱང་གཞན་གྱི་ཕྱོགས་དགག་པར་འདོད་པ་ཀུན་རྫོབ་ཙམ་དུ་ཡོད་ཅིང་། དེའི་རྟེན་དེ་ཉིད་ཤེས་འདོད་ཀྱི་ཆོས་ཅན་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་ལྟ་ན་དེ་ཉིད་བསྒྲུབ་བྱར་འགྱུར་ཏེ། གཞན་གྱི་ཕྱོགས་དགག་པར་འདོད་པ་ནི་རྒོལ་བ་དེ་ཉིད་ཀྱི་མངོན་པར་འདོད་
པ་ཡིན་ཏེ། གཞན་དུ་མཁའ་ལ་འཕྱོ་བ་ལྟ་བུ་གང་ཟག་གི་རྒྱུད་དང་མ་འབྲེལ་བ་གཅིག་ནི་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་ཁོ་བོ་ཅག་ལ་འདོད་པ་མེད་ཅེས་པ་ཡང་། རང་གི་ཚིག་དང་འགལ་བ་ལ་ཀུན་དུ་སྤྱོད་པར་སྣང་ངོ་། །དེ་ལྟར་བསྒྲུབ་བྱའི་མཚན་ཉིད་རྒོལ་བ་བདག་ཉིད་ཀྱིས་འདོད་པ་དང་ཡང་
ལྡན་ཞིང་། འདོད་པའི་དོན་དེ་ཉིད་ཕྱིར་རྒོལ་བ་གཞན་ལ་ཡང་གྲུབ་ན་ནི། རྟགས་འགོད་པ་ལ་སོགས་པའི་བྱེད་པ་དོན་མེད་པར་འགྱུར་ཏེ། དེའི་ཕྱིར་འདོད་པའི་དོན་དེ་ཉིད་ཕྱིར་རྒོལ་བ་ལ་མ་གྲུབ་ཅིང་། ཡང་མངོན་པར་འདོད་པའི་དོན་ལ་མངོན་སུམ་ལ་སོགས་པའི་བསལ་བ་ལ་འཇུག་པར་གྱུར་
ན་ནི། གཞན་གྱི་ཕྱོགས་དགག་པར་མི་ནུས་པས། དེའི་ཕྱིར་མ་བསལ་བ་ཉིད་ཀྱང་ཡིན་ནོ། །དེ་ལྟ་ན་བསྒྲུབ་པར་བྱ་བའི་མཚན་ཉིད་ནི་རིགས་མི་མཐུན་པར་སེལ་བར་བྱེད་ལ། རང་གི་ངོ་བོ་དང་། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དང་། མ་བསལ་བ་དང་རྣམ་པ་གསུམ་གྱིས་མཚོན་པར་ནུས་ཤིང་།
Vol. 122 · folio 58b
ཚོགས་པ་ཉིད་དུ་རིགས་པའི་བསྟན་བཅོས་དག་ལས་བཤད་པས། འདིར་གཞན་གྱི་ཕྱོགས་དགག་པར་འདོད་པའི་དོན་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །གལ་ཏེ་འདིར་གཞན་གྱི་ཕྱོགས་འགེགས་ཀྱི། བསྒྲུབ་པ་ཉིད་དུ་ཁས་མི་ལེན་པས། དེ་འདྲ་བ་གྲུབ་པ་དང་མ་གྲུབ་པ་ཉིད་དུ་
བརྟགས་ནས་སུན་འབྱིན་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདི་ལྟར་དགག་པར་བྱ་བ་གཞན་གྱི་ཕྱོགས་དེ་ཉིད་ཡོད་དམ་མེད་ཅེས་བརྟག་པར་བྱའོ། །དེ་ལ་དང་པོ་ལྟར་ན་དགག་པར་མི་ནུས་ལ། གཉིས་པ་ལྟར་ན་དགག་མི་དགོས་སོ་ཞེས་བསྟན་པར་བྱའོ། །གལ་ཏེ་དགག་པར་བྱ་བ་མེད་པ་
ཉིད་དུ་གཞན་གྱིས་མ་རྟོགས་པས། དེ་ལྟར་ཤེས་པར་བྱེད་པ་ཉིད་དགག་པའི་དོན་ཡིན་པས་སྐྱོན་མེད་དོ་ཞེ་ན། མི་འཐད་དེ། མ་ཤེས་པ་དང་མ་གྲུབ་ཅེས་པ་ནི་རྣམ་གྲངས་ཉིད་ཡིན་པའི་ཕྱིར། དམ་བཅའ་བའི་མཚན་ཉིད་རང་གི་ངོ་བོ་དང་ལྡན་ཞིང་། དེ་ལྟར་ཤེས་པར་འདོད་པ་ཉིད་རྒོལ་
བས་བསྒྲུབ་བྱར་འདོད་པ་ཡང་ཡིན་ལ། འདོད་པའི་དོན་ལ་མ་བསལ་བ་ཡང་ཡིན་པས་ཉེས་པ་སྔ་མ་ཉིད་སོན་འདུག་གོ། །གཞན་ཡང་རང་གི་རྒྱུད་ཀྱི་གཏན་ཚིགས་ནི་བསྒྲུབ་པར་བྱ་བ་ལ་ལྟོས་ཏེ་འཇོག་པས། དེ་ཀུན་རྫོབ་ཏུ་མེད་ན་དེ་ལ་ལྟོས་པའི་གཏན་ཚིགས་ཀྱང་ཀུན་རྫོབ་ཙམ་
དུ་ཡང་མེད་པར་འགྱུར་རོ། །གཞན་ཡང་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ཉིད་རྟགས་ལས་རྟོགས་པའི་རྗེས་སུ་དཔག་པའི་གཞལ་བྱ་ཡིན་པས། དེ་མེད་ན་རྗེས་དཔག་གཞལ་བྱ་དང་མི་ལྡན་པས་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདིར་སློབ་དཔོན་ཟླ་བའི་གྲགས་པ་རྗེས་
འབྲང་དང་བཅས་པ་རྣམས་རང་གི་རྒྱུད་ཀྱི་གཏན་ཚིགས་དང་ཚད་མ་ཁས་མི་ལེན་པས་དེ་ལྟར་འདོད་པ་ཉིད་ཡིན་ལ། འོན་ཀྱང་གཞན་གྱི་ཕྱོགས་ན་ཐལ་བར་འགྱུར་བའི་གཏན་ཚིགས་ཀྱི་སྒོ་ནས་འགོག་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བསྒྲུབ་བྱ་ཁས་བླངས་པ་ཉིད་དུ་འགྱུར་བ་ནི་སྔ་མ་
དང་མཚུངས་ལ། གཞན་ཡང་འདིར་དགག་པར་བྱ་བ་གཞན་གྱི་ཕྱོགས་དེ་ཉིད་ཡོད་པ་འམ། འོན་ཏེ་མེད་པ་ཉིད་དུ་འགྱུར་བ་འམ། ཐེ་ཚོམ་གྱི་གནས་ཉིད་དུ་ཁས་ལེན་ཞེ་ན། རྣམ་པ་གསུམ་དུ་བརྟག་པར་བྱའོ། །དེ་ལ་དང་པོ་དང་ཐ་མའི་ཕྱོགས་ལྟར་ན་དགག་པ་མི་འཐད་དེ་དོན་གོ་བར་
Vol. 122 · folio 59a
ཟད་དོ། །བར་པ་ལྟར་ན་ཡང་གཞན་གྱི་ཕྱོགས་མེད་པ་ཉིད་དུ་ཚད་མའམ་ཚད་མ་མ་ཡིན་པའི་བློ་གང་གིས་རྟོགས་ཞེས་བརྟག་པར་བྱའོ། །དེ་ལ་ཚད་མ་མ་ཡིན་པ་ནི་དོན་ལ་སྒྲོ་འདོགས་གཅོད་པའི་བྱེད་པ་དང་མི་ལྡན་པས་རྟོགས་བྱེད་ཀྱི་ཡན་ལག་མ་ཡིན་ནོ། །ཚད་མས་
རྟོགས་ན་ཡང་སྐབས་ཀྱི་དོན་ཉམས་པར་འགྱུར་ཞིང་། གཞན་ཡང་ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་འདི་ཉིད་དེ་ཁོ་ན་ཉིད་དུ་ཡོད་པ་འམ་མེད་པས་དབེན་པ་ནི། ཚུ་རོལ་མཐོང་བ་རྣམས་ཀྱི་མངོན་སུམ་གྱི་ཚད་མས་ནི་རྟོགས་པར་མི་ནུས་པས། རྗེས་སུ་དཔག་པའི་ཚད་མ་ཉིད་ཁས་ལེན་དགོས་ལ།
དེའི་ཕྱིར་དེའི་རྒྱུ་མཚན་རང་གི་རྒྱུད་ཀྱི་གཏན་ཚིགས་ཀྱང་ཅིའི་ཕྱིར་ཁས་མི་ལེན་སྙམ་དུ་བསམས་པའོ། །གཞན་ཡང་སངས་རྒྱས་ཐོབ་པར་བྱེད་པའི་ལམ་གྱི་གཙོ་བོ་ནི་སྔར་བསྟན་པ་ལྟར། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ཡང་ཚད་མ་འམ་ཚད་མའི་རྒྱུན་རྒྱུད་
འགའ་ཞིག་ཡིན་པས་དེ་ཁས་མི་ལེན་ན་ལམ་ལ་སྐུར་པ་འདེབས་པར་འགྱུར་ཞིང་། དེ་ཉིད་ཀྱི་འབྲས་བུ་ལ་ཡང་སྐུར་པ་འདེབས་པར་འགྱུར་རོ། །གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྣལ་འབྱོར་གྱི་མངོན་སུམ་ཚད་མ་མཐར་ཐུག་པ་ཉིད་ཡིན་པས་དེ་ཉིད་ཀྱང་མེད་པར་འགྱུར་ཏེ།
དེའི་ཕྱིར་འདི་ནི་ཕྱིན་ཅི་ལོག་གིས་གང་བའི་རྒྱ་མཚོར་འཇུག་པ་འབའ་ཞིག་ཏུ་ཟད་དོ། །ཡང་གཞན་དག་སྐབས་འདིར་དགག་བྱ་ནི་རིགས་པས་དཔྱད་པའི་ངོ་ན་རྙེད་པའི་ཤེས་བྱའམ་དངོས་པོ་ཉིད་ཡིན་ལ། དེ་འདྲ་བའི་དངོས་པོ་རྣམ་པར་བཀག་པ་ཙམ་གྱི་མེད་པར་དགག་པ་ནི་བསྒྲུབ་པར་བྱ་བ་
ཉིད་ཡིན་ཏེ། དེས་ན་ཉེས་པ་སྔ་མ་རྣམས་ལས་གྲོལ་ལོ་ཞེ་ན། འདི་ནི་སྔ་མ་ལ་ལྟོས་ན་ཆེས་བཟང་མོད་ཀྱི། འོན་ཀྱང་རྣམ་པར་གཅད་པ་ཙམ་གྱི་མེད་དགག་ནི་ཉམས་སུ་མྱོང་བའི་ཆོས་ཅན་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པ་འདིའི་ཆོས་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པ་དང་མེད་པ་ནི་འགལ་
བར་འགྱུར་བའི་ཕྱིར་རོ། །དོན་འདི་ཡང་རྒྱས་པར་ནི་ཚད་མ་རྣམ་འགྲེལ་ལས་བསྟན་ཏོ། །གཞན་ཡང་དེ་ལྟར་ན་གཏན་ཚིགས་ཀྱང་གཅིག་དང་དུ་མ་ལ་སོགས་པ་རྣམ་པར་བཀག་པ་ཙམ་གྱི་མེད་དགག་ཡིན་ལ། དེའི་ཕྱིར་ཇི་ལྟར་རི་བོང་གི་རྭ་མེད་པ་དང་། མོ་གཤམ་གྱི་བུ་མེད་པ་ལས།
Vol. 122 · folio 59b
མེད་པ་འདི་དག་ལ་ཁྱད་པར་འགའ་ཞིག་ཡོད་ན་ནི་ཁྱད་པར་དངོས་པོའི་ཆོས་ཡིན་པས་དགག་ཏུ་མི་འཐད་ལ། ཁྱད་པར་མེད་ན་ཡང་། རི་བོང་གི་རྭ་མེད་པ་དང་། མོ་གཤམ་གྱི་བུ་མེད་པ་ལ། གཏན་ཚིགས་དང་བསྒྲུབ་བྱ་མི་འཐད་པ་བཞིན་དུ་འདིར་ཡང་ཅི་སྟེ་མི་འགྱུར། གལ་ཏེ་བཀག་པ་ཙམ་གྱི་
རང་བཞིན་ལ་ཁྱད་པར་མེད་མོད་ཀྱི། དེ་ལས་བཟློག་པའི་སྐབས་སུ་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་འབྲེལ་པ་མེད་པས། མ་འབྲེལ་པ་གཞན་བཀག་པ་ནི། ཅིག་ཤོས་གཞན་བཀག་པ་ལ་འཁྲུལ་པར་འགྱུར་བས། གཏན་ཚིགས་དང་བསྒྲུབ་བྱ་མི་འཐད་ལ། འདིར་ནི་དངོས་པོའི་ངོ་བོ་
ཡོད་པ་ལ་གཅིག་དང་དུ་མ་ལ་སོགས་པས་ཁྱབ་པས། ཁྱབ་བྱེད་བཀག་པ་ཁྱབ་བྱ་བཀག་པ་ལ་མི་འཁྲུལ་པའི་ཕྱིར། གཏན་ཚིགས་དང་བསྒྲུབ་བྱར་འཐད་དོ་ཞེ་ན་ཡང་། འདིར་ཡང་རྣམ་པར་དཔྱད་ན་མི་འཐད་པ་ཉིད་དེ། དེ་ལྟར་བཟློག་པའི་འབྲེལ་པའི་ཁྱད་པར་གྱིས། རྣལ་མ་གཏན་
ཚིགས་དང་བསྒྲུབ་བྱ་ལ་མེད་པ། གཞན་དེ་དག་ལས་ཁྱད་པར་ཅུང་ཞིག་ཡོད་ན་ནི། ཉེས་པ་སྔ་མ་ཉིད་དུ་འགྱུར་ལ། ཁྱབ་པར་མེད་ན་ཡང་གང་ལ་གཏན་ཚིགས་དང་བསྒྲུབ་བྱ་འཇོག་པའི་རྣལ་མའི་དོན་དེ་ཉིད་སྔ་མ་དང་མཚུངས་པས་ཉེས་པ་སྔ་མ་ཉིད་དུ་འགྱུར་བའོ། །གཞན་ཡང་
འདིར་སྣང་ཞིང་མྱོང་བའི་ཆོས་ཅན་ལ་བརྟེན་ནས། འདི་ཉིད་དེ་ཁོ་ན་ཉིད་དུ་ཡོད་དམ་མེད་ཅེས་དཔྱོད་པའི་སྐབས་སུ་དངོས་པོ་མེད་པ་མིན་ན་ཡོད་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཏེ། ཡོད་པ་དང་མེད་པ་ནི་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ་ཡིན་པས། གཅིག་བཀག་པ་གཞན་སྒྲུབ་
པ་ལ་ལྟོས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དགག་པ་བཀག་པ་སྒྲུབ་པ་ཡིན། །དངོས་ཡོད་མེད་ལ་ཡོད་ཡིན་ལ། །དངོས་པོ་མེད་པ་ཡོད་མིན་ཞེས། །བླུན་པོ་ཡི་ནི་སྤྱོད་ལ་ལྟོས། །ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་ནི་ཁས་ལེན་དགོས་ལ།
དེ་ཁོ་ན་ཉིད་དུ་ཡོད་པའམ་མེད་པའི་ཕྱོགས་གང་ཡང་མ་ཡིན་ན། དེ་དག་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ་ཉིད་དུ་མི་འགྱུར་ཏེ། གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པ་བྱུང་བའི་ཕྱིར་རོ། །གལ་ཏེ་ཡང་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སུ། ཡོད་མེད་གཉིས་ཀ་མ་ཡིན་
Vol. 122 · folio 60a
པའི་སྣང་བ་ཙམ་བྱུང་བའི་ཕྱིར་ཞེས་གཏན་ཚིགས་སུ་འགོད་ན་མ་གྲུབ་པ་ཉིད་དེ། དེར་ནི་སྣང་བ་ཉིད་ཀྱང་ཁས་མི་ལེན་ནོ། །ཡང་ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་སུ། གཉིས་ཀ་མ་ཡིན་པའི་སྣང་བ་ཙམ་བྱུང་བའི་ཕྱིར་ཞེས་ཉེ་བར་འགོད་ན། དེ་ཡང་མ་གྲུབ་སྟེ། སྐབས་
དེར་ནི་སྣང་བ་ཙམ་གྱི་ཆོས་ཅན་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་དང་བྲལ་བའོ་ཞེས་ཁས་མི་ལེན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། སྣང་ཞིང་མྱོང་བའི་ཆོས་ཅན་ལ་བརྟེན་ནས། རྟོག་གེ་ཐ་མལ་པ་རྣམས་དེ་ཁོ་ན་ཉིད་དུ་ཡོད་པ་དང་མེད་པར་དཔྱོད་པའི་སྐབས་འདི་ཉིད། དོན་དམ་པ་དང་
ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་གང་ཡིན་ཀྱང་བླ་སྟེ། གནས་སྐབས་དེར་སྣང་བ་ཙམ་གྱི་ཆོས་ཅན་ཁས་བླངས་ནས། ཡོད་པ་དང་མེད་པའི་ཕྱོགས་གང་ཡང་མེད་ཅེས་ཟེར་ན་ནི་ཉེས་པ་སྔ་མ་ཉིད་དུ་འགྱུར་ལ། དེ་ལྟ་མ་ཡིན་ཏེ་ཕྱོགས་འགའ་ཞིག་འཇོག་ན་ཡང་དངོས་པོ་
ཡོད་པའི་ཕྱོགས་ནི་ཚད་མ་སྔ་མ་རྣམས་ཀྱི་གནོད་པས། དོན་དམ་པའི་དངོས་པོར་མེད་ཅིང་སྣང་བ་ཙམ་ནི་མ་བཀག་པས་ཟུང་དུ་འཇུག་པའི་དོན་སྒྱུ་མ་ལྟ་བུ་ཉིད་རྣམ་པར་གནས་པའོ། །ཡང་དེ་འདྲ་བའི་ཕྱོགས་གཞན་དག་ཁས་ལེན་པ་ལ་གནོད་བྱེད་ཀྱི་ཚད་མ་མེད་པས། གཞན་གྱི་ཁས་
ལེན་འགོག་ཅེས་པ་ཡང་འཐད་པ་མ་ཡིན་ནོ། །དོན་འདི་ཡང་འཕགས་པ་དད་པ་ཆེར་འབྱུང་གི་མདོ་ལས། དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་བཤད་པའི་ནང་ནས། ལྟ་བ་ཁས་མི་ལེན་པའི་ལྟ་བ་ཞེས་བྱ་བ་འདི་ཉིད་ཡིན་ཏེ། དེ་སྐད་དུ་ཡང་། མདོ་དེ་ཉིད་ལས། དེ་ལ་ཁས་མི་ལེན་
པར་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་(ད་‚དེ་)འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་མེད་པ་ཉིད་འདི་ལ། གཞན་དང་རྩོད་པར་གྱུར་པ་ན། བདག་གིས་ཕྱོགས་གང་ཡང་ཁས་མི་བླང་སྟེ། བདག་གིས་མི་གཟུང་བ་འབའ་ཞིག་ཏུ་བྱའོ་སྙམ་མོ། །དེའི་ཕྱིར་ཁས་
མི་ལེན་པར་ལྟ་བ་ཞེས་བྱའོ་ཞེས་གསུངས་སོ། །སྒྲུབ་མིན་བསྒྲུབ་བྱའི་མཚན་ཉིད་ཅན། །འདོད་མེད་འདོད་པའི་ལྕགས་ཀྱུས་གཟུང་། །ཁས་ལེན་མེད་པར་ཁས་ལེན་པའི། །ཀུན་སློང་སྒྱུ་མའི་ཞགས་པས་བཅིངས། །ཞེས་པའོ། །དེ་ལྟར་སེམས་ཉིད་དོན་དམ་པ་བདེན་པའི་དངོས་
Vol. 122 · folio 60b
པོ་བཀག་ཅིང་མྱོང་བ་ཙམ་དུ་གྲུབ་པ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་དེ་ཉིད། དེ་བཞིན་གཤེགས་པའི་སྙིང་པོར་སྟོན་ཅིང་། དེ་སྦྱོང་བར་བྱེད་པ་ལམ་གྱི་རིམ་པ་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །འདིར་ཤེས་པར་བྱ་བའི་དོན་བསྡུས་ཏེ་བསྟན་པ་ནི་དེ་དག་ཙམ་དུ་ཟད་དོ། །ད་
ནི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་ཆོས་མེད་པ་རྣམས་གང་ཞེ་ན། གང་དེ་དག་བདག་ཉིད་དུ་མ་རེད་པ་ཡིན་ཏེ་ཞེས་པའི་དོན་ནི་རྒྱུ་དང་ཡོན་ཏན་ལ་སོགས་པར་སྣང་བ་དེ་དག་དངོས་པོའི་བདག་ཉིད་དུ་མ་རེད་པ་སྟེ། དེ་འདྲ་བའི་དངོས་པོ་མ་ཡིན་ཞིང་མེད་དོ་ཞེས་དགག་པའི་རྣམ་པ་ཅན་དུ་
རྣམ་པར་རྟོག་པ་ཅན་གྱི་བློའི་མདུན་ན་གནས་པ་གང་ཡིན་པའོ། །གལ་ཏེ་ཆོས་དང་ཆོས་མེད་པ་དེ་རྣམས་དགག་པའི་རྟེན་གང་ཡིན་ཞེ་ན། མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པའི་ཆོས་དོན་གྱི་རྒྱུ་ལས་བྱུང་བ་དེ་དག་ཅེས་པ་སྟེ། སྒྱུ་མ་ལྟ་བུའི་གཞན་དབང་སོ་སོ་རང་གིས་རིག་པ་རྣམས་སོ། །
དེ་ལ་ཡང་དག་པ་སྟེ་ཆོས་ཀྱི་དངོས་པོ་བདེན་པ་དང་། ཡང་དག་པ་མ་ཡིན་པ་སྟེ། ཆོས་མེད་པར་བློས་བརྟགས་ཤིང་རྟོག་པ་འཇུག་པ་མེད་པར་མཐོང་ནས། དེའི་ཕྱིར་ཆོས་མེད་པར་རྣམ་པར་རྟོག་པ་སྤོང་བར་འགྱུར་རོ། །འདིར་ཆོས་སྨོས་པ་ནི་ཞར་ལ་བྱུང་བ་ཙམ་དུ་ཟད་དོ། །མཚན་ཉིད་ནི་
གཞིག་ཅིང་། །གཞོམ་དུ་རུང་བ་ལ་སོགས་པའོ། །ཡང་བདག་ཉིད་དུ་མེ་རེད་པ་ཞེས་པ་ལ་སོགས་པས་ནི་ཆོས་མེད་པའི་རྣམ་གྲངས་གཞན་སྟོན་ཏེ། ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་མེད་པ་ཉིད་དུ་གྲགས་པ་རི་བོང་གི་རྭ་ལ་སོགས་པར་བརྟགས་པའོ། །དཔྱོད་པའི་དོན་ནི་བློའི་སྣང་བ་
ཙམ་མོ། །བུམ་པ་ལ་སོགས་པ་ལྟར་མངོན་པར་ཆགས་པས་ནི་མ་ཡིན་ཞེས་པ་ནི། དེ་དག་འཇིག་རྟེན་གྱི་ཀུན་རྫོབ་ཏུ་དོན་བྱེད་པར་སྣང་བས། ཡོད་པར་འཇོག་པ་ལྟར་རི་བོང་གི་རྭ་ལ་སོགས་པར་སྣང་བ་མ་ཡིན་ཞེས་པའོ། །གལ་ཏེ་ཆོས་དང་ཆོས་མེད་པ་རྣམ་པར་རྟོག་པའི་ཡུལ་ཡིན་ཞིང་
སྤང་བར་བྱ་བ་ཉིད་དུ་འགྱུར་བ་དེ་ལྟ་ན། རྣམ་པར་རྟོག་པ་ཉིད་ཡོད་ཅིང་སྤང་བར་བྱ་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་དེ་དག་ཅེས་པ་ལ་སོགས་པ་སྨོས་ཏེ། ཆོས་དང་ཆོས་མེད་པ་དེ་དག་མ་འཁྲུལ་པའི་ཤེས་པས་གཟུང་དུ་མེད་པའི་ཕྱིར། སྤང་བར་བྱ་བ་དེ་བཞིན་དུ། རྣམ་པར་རྟོག་པའི་དངོས་པོ་
Vol. 122 · folio 61a
རྣམས་ཀྱང་སྤང་བར་བྱ་བ་ཡིན་ཏེ། དེ་ནི་བརྟག་བྱ་ལ་ལྟོས་ནས་འཇོག་པ་དང་། ཆོས་དང་ཆོས་མེད་པ་ཉིད་དུ་འདུས་པའི་ཕྱིར་རོ། །དེའི་ཕྱིར་ཞེས་པ་ལ་སོགས་པས་ནི་དོན་བསྡུས་ཏེ་བསྟན་པའོ། །གང་ཡང་ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་འབོད་འགྲོགས་ལ་
ཚུལ་གཞན་གྱི་སྒོ་ནས་གདམས་པའོ། །དེ་ཡང་རྣམ་པ་གཉིས་ཀྱི་སྒོ་ནས་སྟོན་པ་ལས། དང་པོར་སངས་རྒྱས་ཀྱི་རང་བཞིན་ལ་གདམས་པ་སྟེ། དེ་ལ་སྔོན་ཞེས་བྱ་བ་ནི་འདི་ནི་རྣམ་པར་རྟོག་པས་བརྟགས་པའི་ཚིག་བླ་དགས་ཏེ་ཞེས་པའི་དོན་ནི་འདས་པའི་དོན་གྱི་སྤྱིའི་རྣམ་པར་རྟོག་པས་བརྟགས་
པ་སྟེ། དེ་ཡང་སྔར་བསྟན་པ་ལྟར་རྟོག་པ་ཉིད་ཀྱི་བདག་ཉིད་ཡིན་པས་རྣམ་པར་རྟོག་པ་སྟེ། དེ་འདྲ་བ་སྟོན་བྱེད་ཀྱི་ཚིག་གློ་བུར་དུ་བརྡར་གདགས་པས་བླ་དགས་ཞེས་པའོ། །འདས་པ་ཞེས་པ་ལ་སོགས་པས་རྟོག་པ་དེ་ཉིད་ཀྱི་རྣམ་གྲངས་སྟོན་པའོ། །དེ་བཞིན་གཤེགས་པ་ཞེས་པ་ལ་
སོགས་པས། དེ་བཞིན་གཤེགས་པའི་རང་བཞིན་དང་། ཁྱོད་ཀྱིས་འདས་པ་ལ་སོགས་པར་རྣམ་པར་བརྟགས་པའི་མི་མཐུན་པ་ཉིད་དུ་སྟོན་ཏེ། །དེའི་རང་བཞིན་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་ཉིད་ཡིན་པས་རྟོག་པ་དང་། བརྟག་པར་བྱ་བའི་སྤྲོས་པ་ལས་འདས་པ་སྟེ། ཇི་
ལྟར་བྱིས་པའི་སྐྱེ་བོའི་གཟུགས་ལ་སོགས་པའི་ངོ་བོ་ལ་འདི་དང་འདི་ལྟ་བུ་ཞེས་བརྟགས་ཤིང་རྟོག་པ་ལྟ་བུ་ནི་མ་ཡིན་གྱི། དེ་ལས་གཞན་དུ་སོ་སོ་རང་རིག་པའི་ཡེ་ཤེས་མངོན་དུ་མཛད་པ། ཟག་པ་མེད་པའི་བདེ་བའི་དོན་དུ་ཞེས་པ་སྟེ། དེ་འདྲ་བའི་དོན་ལ་མཚན་མ་མེད་པ་ལ་སྤྱོད་པའི་ཤེས་
རབ་ཀྱིས་རྣམ་པར་བསྒོམ་པ་ནི་མི་གཡོ་བའི་ཚུལ་གྱིས་རྣམ་པར་གནས་པའོ། །དེ་བཞིན་གཤེགས་པའི་རང་བཞིན་དེ་ལྟར་ཡིན་པ་དེའི་ཕྱིར་དེ་ནི་ཡེ་ཤེས་ཀྱི་བདག་ཉིད་ཡེ་ཤེས་ཀྱི་སྐུ་སྟེ་བརྟག་པར་མི་བྱའོ། །གང་གིས་མི་བརྟག་ཅེ་ན། ཡིད་ཀྱིས་ཏེ། དེ་ཉིད་རྒྱས་པར་སྟོན་པ་ནི། ཡུལ་གྱི་དོན་གྱི་རྒྱུ་
ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པའོ། །དེ་ཡང་ཐ་སྙད་ཙམ་དུ་དོན་དུ་སྣང་བ་དང་། དངོས་སམ་བརྒྱུད་པའི་སྒོ་ནས་འབྲེལ་པའོ། །ཇི་ལྟར་མི་བརྟག་ཅེ་ན་ཞེས་པའི་དོན་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ལ་གང་ཟག་གི་བདག་ཏུ་མི་བརྟག་པ་ནི། བདག་དང་སྲོག་དང་གང་
Vol. 122 · folio 61b
ཟག་ཏུ་མི་བརྟག་གོ་ཞེས་པའོ། །དེ་ལ་ང་རྒྱལ་སྲུང་བའི་དོན་གྱིས་ན་བདག་སྟེ་དེ་ལས་ང་རྒྱལ་བསྐྱེད་ཅིང་སྲུང་བར་བྱེད་པའི་ཕྱིར་རོ། །སྲོག་གི་དབང་པོའི་སྟོབས་ཀྱིས་རིགས་མཐུན་པའི་སྐལ་བ་ཡོངས་སུ་རྫོགས་ཀྱི་བར་དུ་གནས་པར་བྱེད་པས་ན་སྲོག་གོ། །དགེ་མི་དགེ་ལ་སོགས་པའི་ལས་
ལ་བརྟེན་ཅིང་ཁམས་གསུམ་དུ་ཟག་པར་བྱེད་པས་གང་ཟག་ཅེས་པ་སྟེ། ཐམས་ཅད་གང་ཟག་གི་རྣམ་གྲངས་སུ་གཏོགས་པའོ། །ཇི་ལྟར་གཟུགས་ཀྱི་ཞེས་པ་ལ་སོགས་པས་དེ་ལ་ཆོས་ཀྱི་བདག་ཏུ་མི་བརྟག་པ་སྟེ། གཟུགས་ཀྱི་མཚན་ཉིད་ནི་གཞིག་ཅིང་གཞོམ་དུ་རུང་བ་སྟེ། དེ་ལ་ངན་
སེམས་ཀྱིས་ཁྲག་ཕྱུང་ངོ་ཞེས་པ་ལ་སོགས་པ་དང་། དབྱིབས་ཏེ་སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་ཅེས་པ་ལ་སོགས་པ་དང་ཁ་དོག་ལ་སོགས་པའི་རྣམ་པར་མི་བརྟག་ཅེས་པ་སྟེ། དོན་འདི་ཉིད་མདོ་སྡེ་གཞན་ལས་ཀྱང་གསུངས་ཏེ་སྔར་བསྟན་པར་ཟད་དོ། །དེ་བས་ན་ཞེས་པ་ལ་སོགས་པས་
སྐབས་ཀྱི་དོན་བསྡུས་པའོ། །ལང་ཀའི་བདག་པོ་ཞེས་པ་ལ་སོགས་པས་འཇིག་རྟེན་པའི་ཆོས་ཀྱི་རང་བཞིན་ལ་གདམས་པའོ། །སེམས་ཅན་གྱི་སྤྱོད་པ་ནི་སེམས་ཀྱི་སྣང་བའི་ཆོས་རྣམས་སོ། །དེ་རྣམས་ནི་རྩིག་པའི་རི་མོའི་གཟུགས་ལ་མཐོན་དམན་མེད་ཀྱང་མཐོན་དམན་དུ་སྣང་
བ་དང་འདྲ་བའོ། །འཇིག་རྟེན་གནས་ཞེས་པ་ནི་ཕུང་པོ་ལྔས་བསྡུས་པའི་འཇིག་རྟེན་ཀུན་རྫོབ་ཏུ་གནས་པ་འདི་ནི། དེ་ཁོ་ན་ཉིད་དུ་སེམས་པའི་གཡོ་བ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་དང་བྱེད་པས་ཏེ། ཕྱི་རོལ་པས་བརྟགས་པའི་སྒྲུབ་པར་
བྱེད་པ། བྱེད་པ་པོའི་གཞན་གྱི་དབང་དུ་འགྱུར་བ་དང་། རང་ཉིད་བྱ་བ་དང་ལྡན་པ་དང་གཙོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་སྟེ། ཇི་ལྟར་སྟ་རེས་ཤིང་གཅོད་པའི་བྱ་བ་བྱེད་པ་ན། བྱེད་པ་པོ་སྐྱེས་བུ་གཞན་གྱི་དབང་དུ་གྱུར་པ་དང་། རང་ཉིད་གྱེན་དུ་ལྡིང་བ་དང་ཐུར་དུ་འབབ་པའི་བྱ་བ་དང་ལྡན་
པ་དང་གཙོར་གྱུར་པའི་བསྒྲུབ་བྱ་ཤིང་དུམ་བུར་བྱེད་པ་ལ་སྦྱོར་བ་ལྟ་བུའོ། །ཡང་སངས་རྒྱས་རྣམས་ནི་དེ་འདྲ་བའི་བྱེད་པ་དང་བྲལ་མོད་ཀྱི་གང་གི་མཇུག་ཐོགས་སུ་གང་སྐྱེ་བར་ངེས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་དམ་པར་འདོད་དེ་དེ་འདྲ་བའི་བྱེད་པ་དང་ཡང་བྲལ་བའོ། །འདི་ལ་ཞེས་པ་ལ་
Vol. 122 · folio 62a
སོགས་པས་དེ་ཉིད་ཀྱི་ཕྱོགས་གཅིག་པའི་དཔེ་སྟོན་ཏེ། དེ་བཞིན་དུ་ལྟ་བ་འམ་བལྟ་བར་བྱ་བ་ལ་སོགས་པ་མེད་ཅེས་པའོ། །གལ་ཏེ་དེ་ལྟ་ན་དེ་དག་ཚད་མ་ལ་སྣང་བ་མི་འཐད་དོ་ཞེ་ན། འཇིག་རྟེན་གནས་པ་ཞེས་པ་ལ་སོགས་པ་སྟེ་ཤེས་པར་ཟད་དོ། །ལང་ཀའི་བདག་པོ་
ཞེས་པ་ལ་སོགས་པས་གདམས་པའི་དོན་རྟོགས་པའི་ཕན་ཡོན་སྟོན་ཏེ། མདོ་སྡེ་གཞན་དག་ལས་ཀྱང་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ་ཞེས་གསུངས་སོ། །དེ་ལས་གཞན་དུ་མཐོང་བ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ལ་སྤྱོད་ཅིང་། དེ་ཉིད་ཀྱིས་གཟུང་འཛིན་གཉིས་སུ་ཡང་རྟོག་
སྟེ། ཇི་ལྟར་གཟུགས་བརྙན་ལ་སོགས་པ་དང་། དེ་འཇོག་པར་བྱེད་པ་གཟུགས་ཀྱི་དངོས་པོ་གཉིས་མེད་པ་ལ། དེ་ལྟ་བུར་རྟོག་པ་དང་མཚུངས་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་བདག་གི་རྣམ་པར་རྟོག་པའི་གཟུང་བ་རབ་ཏུ་གཟུང་ཞེས་པ་སྟེ། དེ་ཕྱིན་ཅི་ལོག་གི་སྣང་བ་ཉིད་དུ་མ་ཤེས་
པར་ཕྱི་རོལ་ཐ་དད་པའི་ངོ་བོར་གཟུང་སྟེ། ཆོས་དང་ཆོས་མིན་པར་རྣམ་པར་རྟོག་ཅེས་པའོ། །བདག་གི་ལུས་ཀྱི་གྲིབ་མ་ཞེས་པ་ནི་འོད་ཀྱི་ཁྱད་པར་དེ་དག་ལ་ལུས་ཀྱི་གྲིབ་མ་སྣང་བ་ནི་ཐོགས་པ་དང་བཅས་པའི་ལུས་ཀྱིས་སྟོང་ཡང་བྱིས་པ་དག་དེ་ལྟ་བུར་རྟོག་པའོ། །གཞན་ཡང་ཞེས་པ་ནི་དེ་
རྣམས་དང་མཚུངས་པའི་དོན་གཞན་ཡང་ཞེས་པའོ། །སྤོང་བ་ལ་མི་སྤྱོད་ཅེས་པ་ནི་སྔར་བསྟན་པ་ལྟར་ལྷག་མཐོང་གི་ཤེས་རབ་ཀྱིས་དེ་རྣམས་སྟོང་པ་ཉིད་དུ་རྟོགས་ཤིང་སྒོམ་པར་མི་བྱེད་ཅེས་པའོ། །སྤྱོད་དོ་ཞེས་པ་ལ་སོགས་པས་ནི་དེ་ལས་བཟློག་པའི་མཚན་མ་ལ་སྤྱོད་ཅེས་པ་སྟེ། གཅིག་
གིས་གཅིག་བཤད་པ་འམ་རྣམ་གྲངས་སུ་གཏོགས་པའོ། །དེ་ཡང་དེ་བཞིན་གཤེགས་པས་ཆོས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་བརྙེས་པས་དོན་གཅིག་རྣམ་གྲངས་དུ་མའི་སྒོ་ནས་སྟོན་མཁྱེན་ཏེ། དེའི་དགོས་པ་ཡང་དེའི་ཚེ་ཉེ་བར་གྱུར་པའི་གདུལ་བྱ་རྣམས་ལ་འགའ་ཞིག་ནི་དབང་པོ་
རྟུལ་ཞིང་རྣམ་པར་གཡེངས་པ་ཡིན་ལ། འགའ་ཞིག་ནི་དེ་ལས་བཟློག་པའོ། །དེ་ལ་དོན་གཅིག་མིང་གི་རྣམ་གྲངས་མི་འདྲ་བའི་སྒོ་ནས་བསྟན་པས། དབང་པོ་རྟུལ་ཞིང་གཡེངས་པ་རྣམས་ཀྱིས་ཀྱང་ཚིག་གང་ཡང་རུང་བ་ཅིག་ཟིན་པས་དོན་གྱི་བྱ་བ་བྱེད་པར་འགྱུར་ཞིང་། དབང་པོ་
Vol. 122 · folio 62b
རྣོ་ཞིང་མ་གཡེངས་པ་རྣམས་ཀྱང་དེ་བཞིན་གཤེགས་པས་གསུངས་པ་ལ་མངའ་བརྙེས་པ་ཉིད་དུ་རྟོགས་པས་གུས་པ་ཉིད་དུ་འགྱུར་བའོ། །དེ་ལས་གཞན་དུ་ཚིག་གཅིག་ཙམ་གསུངས་ན་ནི་འགའ་ཞིག་གིས་གཟུང་བར་མི་ནུས་ཤིང་། ཚིག་མཐུན་པ་དུ་མ་བསྟན་ན་ཡང་གཞན་དག་མ་གུས་
པར་འགྱུར་བའོ། །འདི་འདྲ་བའི་རང་བཞིན་ཅན་གྱི་གཞུང་འོག་ནས་སྟོན་པར་འགྱུར་བ་རྣམས་ཀྱང་འདི་བཞིན་དུ་ཤེས་པར་བྱའོ། །རབ་ཏུ་ཞི་བ་ནི་ཕྱིན་ཅི་ལོག་སྤངས་པའོ། །དེ་ལྟར་སྟོན་པའི་གཞུང་འདི་ཚིག་རྩེ་གཅིག་པ་སྟེ་ངེས་པ་དོན་གྱི་མདོ་སྡེའོ། །དེ་ལ་བརྟེན་ནས་ཐོས་པ་དང་
བསམ་པའི་ཤེས་པ་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་ཅེས་པ་སྟེ་ཤེས་པར་ཟད་དོ། །འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་འབོད་འགྲོགས་ཀྱིས་གསོལ་བ་བཏབ་པའི་ལེའུ་སྟེ་དང་པོའི་རྣམ་པར་
བཤད་པ་རྫོགས་སོ།། །།དེ་ལྟར་གདུལ་བྱའི་གཙོ་བོས་ཞུས་པའི་ལན་དུ་བརྗོད་བྱའི་དོན་བསྡུས་ཏེ་བསྟན་ནས། གདུལ་བྱ་རྣམས་ཀྱི་ཐེ་ཚོམ་སོ་སོར་བསལ་བའི་དོན་དུ་ལེའུ་ལྷག་མ་རྣམས་ཀྱིས་དོན་དེ་ཉིད་རྒྱས་པར་སྟོན་པ་ནི་རྣམ་པ་གཉིས་ཏེ། ཞུས་པ་དང་ལན་ནོ། །དེ་ལ་ཞུ་བ་ནི་
རྣམ་པ་བཞིའི་སྒོ་ནས་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་བསྟོད་པ་དང་། དྲི་བའི་ཚིག་མདོར་བསྡུས་ཏེ་བསྟན་པ་དང་། བཤད་པར་སྐབས་དབྱེ་བ་དང་། དྲི་བའི་ཚིག་རྒྱས་པར་བསྟན་པའོ། །དེ་ལ་དང་པོ་ནི་དེ་ནས་ཞེས་པ་ལ་སོགས་པས་སྟོན་ཏེ། ཞིང་ཐམས་ཅད་དུ་རྒྱུ་བ་ནི། མཐའ་ཡས་
འཇིག་རྟེན་ཁམས་རྣམས་སུ། །མཁས་པ་གང་ཕྱིར་རྒྱུ་བར་བྱེད། །ཅེས་པ་ལ་སོགས་པ་གླེང་གཞིའི་སྐབས་སུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ནི་འཕགས་པ་སྡོང་པོས་བརྒྱན་པ་ལས་ནོར་བཟངས་ཀྱིས་འཇམ་དཔལ་ལ་བསྟོད་པ། བློ་གྲོས་ཆེན་པོ་མཐའ་ཡས་སྤྱོད་
ཡུལ་ཅན། །ཞེས་གསུངས་པས་འཕགས་པ་འཇམ་དཔལ་ཡིན་ཞེས་ཀྱང་གྲག་གོ། །ག་ལ་བ་དེ་ལོགས་སུ་ཞེས་པ་ནི་གང་ན་བཞུགས་པའི་ཕྱོགས་དེར་རོ། །འདིར་བསྟོད་པའི་ཚིག་ཉེ་བར་འགོད་པ་ལ། མཚན་མ་མེད་པས་རྟག་ཏུ་དག །ཅེས་པའི་བར་གྱིས་ནི་དེ་བཞིན་གཤེགས་པ་ལ་སྤངས་
Vol. 122 · folio 63a
པ་དང་ཡེ་ཤེས་ཀྱི་ཆ་ནས་བསྟོད་པ་ཡིན་ལ། དེ་མན་ཆད་ཀྱིས་ནི་དབྱིངས་ཀྱི་ཆ་ལ་བསྟོད་པའོ། །དེ་ལྟར་སྐྱེ་འཇིག་སྤངས་པའི་ཞེས་པ་ལ་སོགས་པས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སངས་རྒྱས་ཀྱི་རང་བཞིན་རྟོག་པའི་ཕན་ཡོན་ནོ། །དེ་ལས་དང་པོའི་དོན་བཤད་པ་ལ།
འཇིག་རྟེན་སྐྱེ་འཇིག་མ་མཆིས་ཏེ། །ནམ་མཁའི་མེ་ཏོག་རབ་ཏུ་འདྲ། །ཞེས་པའི་དོན་ནི་ཕུང་པོ་ལྔས་བསྡུས་པའི་འཇིག་རྟེན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་བྱིས་པས་བརྟགས་པ་རྣམས་ནི་ནམ་མཁའི་མེ་ཏོག་དང་འདྲ་ཞེས་པ་སྟེ། །ཡེ་ཤེས་ཀྱི་ཡུལ་བསྟན་པའོ། །གལ་ཏེ་ཡེ་ཤེས་ཀྱིས་དེ་
ལྟར་མཁྱེན་ན་མེད་པའི་མཐར་འགྱུར་རོ་ཞེ་ན། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། །ཁྱོད་ཀྱིས་ཡོད་དམ་མེད་མ་དམིགས། །ཞེས་པ་སྟེ་སྔར་བསྟན་པ་ལྟར། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་དམ་པ་ཤེས་པའི་ཤེས་རབ་ཀྱི་ཡུལ་དེས་བསྡུས་པའི་འཇིག་རྟེན་དེ་ཁོ་ན་ཉིད་དུ་ཡོད་པར་མི་
དམིགས་ཤིང་སྣང་བ་ཙམ་དུ་མེད་པར་མི་དམིགས་ཞེས་པའོ། །གཞན་ཡང་དམིགས་པ་མེད་པའི་ཐུགས་རྗེས་ཀྱང་དེ་བཞིན་དུ་ཡོད་པ་དང་མེད་པར་མ་དམིགས་ཞེས་པ་སྟེ། བདེན་པ་གཉིས་ལ་ལྟོས་ནས་བསྟན་པའོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ཀྱིས་ནི་འཇིག་རྟེན་ཡོད་པར་མ་དམིགས་ལ་
ཐུགས་རྗེས་མེད་པར་མ་དམིགས་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་མཐའ་མངོན་དུ་མི་བྱེད་པར་ཀུན་རྫོབ་ཏུ་འཇིག་རྟེན་བློས་དམིགས་ཤིང་སྡུག་བསྔལ་ལས་གྲོལ་བར་བྱེད་པའོ། །ཡོད་པ་དང་མེད་པ་ཉིད་ཀྱི་མཐའ་དང་བྲལ་བ་ཉིད་ཀྱི་ཕྱིར། ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སེམས་
དང་རྣམ་པར་ཤེས་པ་སྤངས། །ཞེས་པ་སྟེ། ཆོས་ཐམས་ཅད་སེམས་ཀྱི་རྣམ་པར་འཁྲུལ་པ་ཡིན་པས་སེམས་ཉིད་ཡིན་ལ། དེ་ཡང་སྒྱུ་མ་ལྟ་བུ་སྟེ་སྔར་རྒྱས་པར་བསྟན་པ་བཞིན་ནོ། །དེ་ལ་སེམས་དང་རྣམ་པར་ཤེས་པ་ནི་གོ་རིམས་བཞིན་དུ་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པའོ། །
ཡང་ན་རྣམ་གྲངས་ཉིད་དུ་གཏོགས་པའོ། །སྤངས་ཞེས་པ་ནི་བདེན་པའི་དངོས་པོར་མ་གྲུབ་པའོ། །ཡང་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་ལས་བྱུང་བ་དང་བཅས་པ་རྣམས་བག་ཆགས་དང་བཅས་ཏེ་གནས་གྱུར་པའོ། །དེ་ལྟར་ཁྱད་པར་དུ་སྒྲོ་འདོགས་པའི་རྟེན་སེམས་ཀྱི་ངོ་བོ་ཉིད་དང་།
Vol. 122 · folio 63b
དེར་རྟོགས་པ་སྤངས་པས་ཁྱད་པར་དུ་སྒྲོ་འདོགས་པ་མེད་ཅིང་དེ་ཉིད་ཀྱིས་སྐུར་པའི་མཐའ་ལས་ཀྱང་གྲོལ་བར་སྟོན་པ་ནི། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། །ཁྱོད་ཀྱིས་ཡོད་དང་མེད་མ་དམིགས། །ཞེས་པ་སྟེ། སྔ་མ་ཉིད་རྗེས་སུ་བརྗོད་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར། འཇིག་རྟེན་རྟག་དང་ཆད་པ་སྤངས། །
ཁོར་ཟུག་རྨི་ལམ་འདྲ་བ་སྟེ། །ཞེས་པ་ལ། དངོས་ཡོད་རྟག་དང་མི་རྟག་འགྱུར། །ཞེས་གསུངས་པའམ། ཡང་། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་ཉིད་མི་འགྱུར། །ཞེས་གསུངས་པའི་ཚུལ་དུ་འཇིག་རྟེན་ཡོད་པར་དམིགས་ན་རྟག་པའི་མཐར་འགྱུར་ལ། མེད་པར་དམིགས་ན་ཡང་མེད་པ་
ཡོད་པར་འགྱུར་བ་མི་འཐད་པས་རྟག་ཏུ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཆད་པའི་མཐར་འགྱུར་བ་ལས། དེ་བཞིན་གཤེགས་པས་ཡོད་མེད་ཀྱི་མཐའ་དང་བྲལ་བར་རྟོགས་པས་དེ་ལྟར་མ་ཡིན་ཞེས་པའོ། །ཁོར་ཟུག་ཅེས་པ་ནི་ལོ་ལ་སོགས་པས་བསྡུས་པའི་དུས་ཁོར་མོར་ཏེ། རྟག་ཏུ་རྨི་ལམ་དང་འདྲ་
བའོ། །དེ་ལྟར་མཐར་འཛིན་པ་སྤངས་ཤིང་འཇིག་རྟེན་ཐམས་ཅད་རྨི་ལམ་དང་འདྲ་བར་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པའོ། །ཡང་ཤེས་རབ་དང་ཐུགས་རྗེས་ཡོད་མེད་ཀྱི་མཐར་དམིགས་པ་མེད་པས་བདག་མེད་པ་གཉིས་རྟོགས་ཤིང་དེ་ཉིད་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། སེམས་
མ་ཞི་བའི་ངོ་བོར་འདུག་པ་འདོད་ཆགས་ལ་སོགས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་ཤེས་རབ་དང་ཐུགས་རྗེས་མཐར་ཐུག་ཅིང་། དེ་ཉིད་ཀྱིས་མཚན་མ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པས་ས་བོན་དང་བཅས་ཏེ་སྤངས་པའོ། །ཡང་ན་འདི་
རྣམས་ཀྱི་དོན་ནི་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། །དེ་ལ་ཚིགས་སུ་བཅད་པ་དང་པོས་སྐྱེ་བ་དང་འཇིག་པ་ལ་སོགས་པར་བརྟགས་པའི་ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་པ་སྟེ། དེ་ཡང་དགོངས་པ་ངེས་པར་འགྲེལ་པ་ལས། ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟར་ནི། མཚན་ཉིད་ངོ་
བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ་ཞེས་གསུངས་ཏེ། །དེ་ལྟར་རྐང་པ་དང་པོ་གཉིས་ཀྱིས་ནི་ཡུལ་བསྟན་ལ། འོག་མ་གཉིས་ཀྱིས་ནི་ཡུལ་ཅན་ཡེ་ཤེས་སོ། །དེ་ནས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་པར་སྟོན་ཏེ། དེ་ལ་ཚིག་རྐང་པ་
Vol. 122 · folio 64a
དང་པོ་གཉིས་ཀྱིས་སེམས་དང་སེམས་ལས་བྱུང་བའི་གཞན་དབང་སྒྱུ་མ་ལྟ་བུར་སྟོན་ཏེ། ཇི་སྐད་དུ་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་བལྟ་བར་བྱའོ་ཞེས་གསུངས་པས་སོ། །དེ་ནས་རྐང་པ་གཉིས་ཀྱིས་དེ་ལྟར་རྟོགས་པའི་ཡེ་ཤེས་སྟོན་ཏོ། །
ཡང་དེ་ནས་རྐང་པ་གཉིས་ཀྱིས་གཞན་དབང་གི་འཇིག་རྟེན་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་རྟག་ཏུ་རྨི་ལམ་དང་འདྲ་བ་སྟེ། སེམས་སྣང་བ་ཙམ་ཞེས་པའི་དོན་ཏོ། །དེ་ནས་རྐང་པ་གཉིས་ཀྱིས་དེ་ལྟར་ཐུགས་སུ་ཆུད་པའི་ཡེ་ཤེས་སྟོན་ཏོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་ཡོངས་
གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པར་ཐུགས་སུ་ཆུད་ཅིང་། ཡེ་ཤེས་དེ་རྣམས་ཀྱིས་སྒྲིབ་པ་གཉིས་སྤངས་པར་སྟོན་ཏོ། །དེ་སྐད་དུ་ཡང་། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་
ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ་ཞེས་གསུངས་པས་སོ། །དེ་ལ་འདིར། ཆོས་དང་གང་ཟག་བདག་མེད་དང་། །ཞེས་པ་ནི་ཤེས་རབ་དང་ཐུགས་རྗེའི་ཡུལ་ཡིན་ལ། དེ་ལྟར་རྟོགས་པས་སྒྲིབ་པ་གཉིས་སྤང་ཞེས་པ་
སྟེ་ཤེས་པར་ཟད་དོ། །དབྱིངས་ཀྱི་ཆ་ལ་བསྟོད་པ་ཡང་རྐང་པ་དང་པོ་གཉིས་ཀྱིས་བརྩད་པ་དགོད་པ་སྟེ། སྒྱུ་མ་རྨི་ལམ་རང་བཞིན་གྱི་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་བསྟོད་པ་མི་འཐད་དེ། །བསྟོད་པ་ནི་ཡོན་ཏན་གྱི་ཁྱད་པར་བརྗོད་པ་ཡིན་པ་ལས་འདིར་དེ་འདྲ་བའི་ཁྱད་པར་གྲུབ་པ་མེད་པའི་
ཕྱིར་ཞེས་པའོ། །དངོས་པོའི་ཞེས་པ་ལ་སོགས་པས་དེའི་ལན་སྟོན་ཏེ། དངོས་པོའི་རང་བཞིན་སྐྱེ་བ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ལ་དེ་ལྟར་མི་རྟོག་ཅིང་སྤྲོས་པ་དང་བྲལ་བ་ཉིད་དེ་ལ་བསྟོད་པའོ། །དེ་ལྟར་ན་རི་བོང་གི་རྭ་ལ་སོགས་པ་དང་མཚུངས་པས་བསྟོད་པར་མི་འགྱུར་རོ་ཞེ་ན། དབང་
པོ་དོན་དང་རྣམ་བྲལ་ཞིང་། །སྣང་མེད་དེ་ཡི་གཟིགས་པ་བས། །ཞེས་པ་སྟེ། གཟུང་འཛིན་གཉིས་སུ་སྣང་བ་དང་བྲལ་ཞིང་སྣང་བ་མེད་པའི་ཡེ་ཤེས་སོ་སོ་རང་རིག་གི་ཚུལ་དུ་མངོན་དུ་བྱས་པས་སྤྲོས་པ་དང་བྲལ་བ་མེད་དགག་ཙམ་མ་ཡིན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་དེ་ཉིད་སྒྲ་དང་བློའི་
Vol. 122 · folio 64b
ཡུལ་ལས་འདས་པར་སྟོན་པ་ནི། གལ་ཏེ་བསྟོད་དམ་སྨད་ཀྱང་རུང་། །ཐུབ་པ་དེ་ལ་ཇི་སྐད་བརྗོད། །ཅེས་པ་སྟེ། སྐྱོན་དང་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་དང་སྨད་པ་ནི་བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་པས་བརྟགས་པ་ཡིན་གྱི་སངས་རྒྱས་ཀྱི་རང་བཞིན་ལ་དེ་འདྲ་བ་མེད་ཅེས་པའོ། །མྱ་ངན་མི་
འདའ་འདའ་ལ་མིན། །ཁྱོད་ལ་མྱ་ངན་འདའ་མི་གནས། །ཞེས་པས་ནི་སྙིང་རྗེས་ཞི་བ་ལ་མི་གནས་པ་ཉིད་དུ་སྟོན་ཏེ། སྟོང་པ་ཉིད་ཀྱི་མཐའ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པའོ། །སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་ནི། གདུལ་བྱ་རྣམས་ཀྱིས་རྟག་པར་འཛིན་
པ་སྤང་བའི་དོན་དུ་ཡིན་གྱི་སངས་རྒྱས་ཀྱི་རང་བཞིན་ལ་ནི་དེ་འདྲ་བ་མེད་དོ། །དེ་ལྟར་ཡང་མདོ་འདི་ཉིད་ལས། །མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོར་མྱ་ངན་ང་མི་འདའ། །ཞེས་པ་ལ་སོགས་པས་སྟོན་ཏོ། །མདོ་སྡེ་གཞན་ལས་ཀྱང་། །སངས་རྒྱས་མྱ་ངན་ཡོད་མི་འདའ། །ཞེས་པ་
ལ་སོགས་པ་གསུངས་སོ། །འདའ་ལ་མིན་ཞེས་པ་མྱ་ངན་ལས་འདས་པའི་མཐའ་མངོན་དུ་མི་བྱེད་པའོ། །ཁྱོད་ལ་མྱ་ངན་འདའ་མི་གནས། །ཞེས་པས་དེ་ཉིད་གསལ་བར་བསྟན་པའོ། །བློ་དང་རིག་པ་བགྱི་དང་བྲལ། །ཡོད་དང་མེད་པའི་ཕྱོགས་ཀྱང་སྤངས། །ཞེས་པས་ཤེས་པས་སྲིད་
པ་ལ་མི་གནས་པ་འམ། ཡང་དེའི་རང་བཞིན་ཤེས་པའི་ཡུལ་ལས་འདས་ཤིང་། མཐའ་ཐམས་ཅད་དང་བྲལ་བ་ཉིད་དུ་བསྟན་ཏེ། རྒྱས་པར་ནི་འོག་ནས་སྟོན་པར་འགྱུར་རོ། །དེ་ལྟར་རྟོགས་པའི་ཕན་ཡོན་བསྟན་པ་ནི་ཕལ་ཆེར་ཤེས་པར་ཟད་དོ། །ཆགས་མེད་ཉེར་ལེན་མ་མཆིས་པ། །
ཞེས་པ་ནི་སྲེད་པ་དང་མ་རིག་པ་ལ་སོགས་པ་མེད་པས་ཕུང་པོ་ཉིང་མཚམས་འབྲེལ་པར་བྱེད་པ་མེད་ཅེས་པའོ། །དྲི་བའི་ཚིག་མདོར་བསྟན་པ་ནི་ཤེས་པར་ཟད་དོ། །བཤད་པར་སྐབས་དབྱེ་བ་ལ། ཐམས་ཅད་འཁོར་ལ་རྣམ་གཟིགས་ནས། །ཞེས་པ་ནི་འཁོར་རྣམས་འདུལ་བའི་དུས་ལ་
བབ་པ་ཉིད་དུ་རྟོགས་པའོ། །གཞན་ནི་ཤེས་པར་ཟད་དོ། །དྲི་བའི་ཚིག་རྒྱས་པར་བསྟན་པ་ལ་དང་པོར་རྟོག་གེའི་ཚུལ་འདྲི་བ་ནི། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་ཕྱིའི་དོན་ནི་ཀུན་རྫོབ་ཙམ་དུ་ཡང་མེད་ཅིང་སྣང་བ་སེམས་ཀྱི་རང་བཞིན་ཡིན་ལ། དོན་དམ་པར་སེམས་ཀྱང་མེད་ན་དེ་བཞིན་
Vol. 122 · folio 65a
གཤེགས་པ་འཇིག་རྟེན་དུ་འཚང་རྒྱ་བའི་ཚུལ་མ་བསྟན་པའི་སྔོན་རོལ་ལམ། སངས་རྒྱས་ནས་ཀྱང་རུང་སྟེ། ཆོས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མཐོང་བ་མེད་པར་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ཤེས་བྱ་རྣམས་ལ་དཔྱོད་ཅིང་འཇལ་བ་ནི། རྟོག་གེ་ཞེས་པ་སྟེ་ཐ་སྙད་པའི་
མངོན་སུམ་དང་རྗེས་སུ་དཔག་པ་ཡིན་ལ། དེ་ཉིད་རྣམ་པར་དག་པ་ནི་དེ་ཁོ་ན་ཉིད་གཟིགས་པའི་ལུང་ལ་བརྟེན་ནས་མངོན་སུམ་ལ་སོགས་པའི་མཚན་ཉིད་རྣམ་པར་གཞག་པ། སངས་རྒྱས་པ་རྣམས་ཀྱི་གཙུག་ལག་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་ཤེས་པའི་
ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་དེའི་རྗེས་སུ་བྱུང་བའི་ཡོད་དོ་ཞེས་པ་ལ་སོགས་པས་མངོན་སུམ་གྱི་རྣམ་པར་དབྱེ་བ་དང་། གཞན་ཡང་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པས་དེའི་མཚན་ཉིད་རྟོག་པ་དང་
བྲལ་ཞིང་མ་འཁྲུལ་པ་ཡང་གསུངས་ཏེ། དེ་ལ་བརྟེན་ནས་མངོན་སུམ་གྱི་ཚད་མ་དང་། དེའི་ཡུལ་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་རྡུལ་ཕྲ་རབ་ལ་སོགས་པ་དུ་མ་བསྡུས་པའི་རང་བཞིན་གྱི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་གསུངས་པ་དང་། གཞན་ཡང་། དུ་བ་ལས་ནི་མེར་ཤེས་ཏེ། ཆུ་
སྐྱར་ལས་ནི་ཆུ་ཡིན་ནོ། །ཞེས་པ་ལ་སོགས་པས་འབྲས་བུའི་རྟགས་ལས་རྟོགས་པའི་རྗེས་སུ་དཔག་པའི་ཚད་མ་དང་། དེའི་ཡུལ་མེ་ལ་སོགས་པ་རྡུལ་ཕྲ་རབ་འདུས་པ་རྫས་གཅིག་གི་བདག་ཉིད་ཀྱིས་དབེན་པ་ལ་སོགས་པ་གསུངས་ཤིང་། ཡང་དགེ་སློང་དག་ཀུན་འབྱུང་བའི་ཆོས་ཅན་གང་ཡིན་པ་དེ་ནི་འགོག་པའི་
ཆོས་ཅན་ཞེས་བྱ་བའི་རྟགས་ལ་བརྟེན་ནས་འདུ་བྱེད་སྐད་ཅིག་མ་ཉིད་དུ་རྟོགས་པ་རང་བཞིན་གྱི་རྟགས་ལས་འབྱུང་བའི་རྗེས་སུ་དཔག་པ་དང་། དེས་གཞལ་བར་བྱ་བ་ཉིད་གསུངས་ཤིང་། དེ་བཞིན་དུ། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱ་སྟེ། གང་ཟག་གིས་གང་
ཟག་ལ་ཚོད་འཛིན་པ་ནི་ཉམས་པར་འགྱུར་བའོ། །དེ་ལྟར་འཛིན་ན་ངའམ་ང་འདྲ་བ་ཡོད་པ་དེས་གཟུང་བར་བྱའོ་ཞེས་གསུངས་པས་མི་སྣང་བ་མི་དམིགས་པ་ནི་དགག་པ་གོ་བར་བྱེད་པ་མ་ཡིན་གྱི། རྒྱུ་དང་ཁྱབ་བྱེད་ལ་སོགས་པ་བཀག་པས་འབྲས་བུ་དང་ཁྱབ་བྱ་ལ་སོགས་པར་འགོག་པ་སྣང་བ་
Vol. 122 · folio 65b
མི་དམིགས་པ་ཉིད་དགག་པ་གོ་བར་བྱེད་པ་ཉིད་དུ་གསུངས་ཏེ། དེའི་ཕྱིར་ཇི་ལྟར་སྣང་བ་ཙམ་གྱི་ཆོས་ཅན་ཡང་དག་པའི་དངོས་པོར་ཡོད་ན། དེ་ལ་ཡང་དག་གི་གཅིག་དང་དུ་མས་ཁྱབ་པས་དེ་འདྲ་བའི་ཁྱབ་བྱེད་ལོག་པ་ན་ཁྱབ་བྱའི་དངོས་པོ་མེད་པར་རྟོགས་ཤིང་། དེ་ལྟར་གོམས་པས་འཕགས་པ་
རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་དོན་དམ་པའི་ཡུལ་ཅན་སྐྱེ་བར་འགྱུར་བ་དང་། གཞན་ཡང་ཚད་མ་སྔ་མ་རྣམས་ལ་བརྟེན་ནས་ཀྱང་། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །ཞེས་པ་ལ་སོགས་པ་དང་། །གཟུགས་ནི་རྡུལ་ཕྲན་གཞིག་པ་ན། །རྡུལ་ཕྲན་ཆ་ནི་
ཡོད་མ་ཡིན། །ཞེས་པ་ལ་སོགས་པར་རྟོགས་པའི་རིམ་གྱིས་དེ་ཁོ་ན་ཉིད་འཇལ་བའི་ཚད་མ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱི་རྟོག་གེའི་ཚུལ་ནི་དེ་ཁོ་ན་ཉིད་གཟིགས་པའི་ལུང་ལ་བརྟེན་ཅིང་བརྒྱུད་ནས་དེ་ཁོ་ན་ཉིད་རྟོགས་པའི་ཡན་ལག་ཡིན་པས་རྣམ་པར་དག་པའོ། །ཕྱི་རོལ་པ་
རྣམས་ཀྱི་ནི་དེ་ལས་བཟློག་པ་སྟེ། ནོར་བ་ཉིད་དུ་ཤེས་པར་བྱའོ། །དེ་ཡང་ཁ་ཅིག་གིས་ནི་ངོ་ཤེས་ཀྱི་བློ་མངོན་སུམ་གྱི་ཚད་མར་འདོད་ཅིང་། དེ་ཉིད་ཀྱིས་སྔོན་གྱི་ལྷ་སྦྱིན་གང་ཡིན་པ་དེ་ནི་འདིའོ་ཞེས་རྟག་པའམ། སྤྱིའི་དངོས་པོར་གྱུར་པ་མངོན་སུམ་གྱི་ཚད་མས་གྲུབ་པར་འདོད་ལ། ཡང་བྱེ་བྲག་པ་
རྣམས་བདག་ནི་ཐམས་ཅད་ན་ཁྱབ་པ་སྟེ། བདག་གི་ཡོན་ཏན་བདེ་སྡུག་ཡུལ་ཀུན་ན་དམིགས་པའི་ཕྱིར་ཞེས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡང་དག་པའི་གཏན་ཚིགས་སུ་འདོད་ཅིང་དེ་ལས་བདག་གྲུབ་པར་འདོད་དོ། །དེ་ལ་སོགས་པ་ཚད་མ་དང་གཞལ་བྱ་ཕྱིན་ཅི་ལོག་ཏུ་རྣམ་པར་
གཞག་པ་དེ་རྣམས་ནི་དེ་ཁོ་ན་ཉིད་རྟོགས་པའི་ཡན་ལག་ཏུ་མི་འགྱུར་བས་ལོག་པའི་རྟོག་གེ་ཞེས་བྱ་སྟེ། ཐམས་ཅད་ངོ་བོ་ཉིད་མེད་ན་འདི་རྣམས་ཐམས་ཅད་མི་འཐད་ཅེས་བརྩད་པའི་ཚུལ་དུ་འདྲི་བ་སྟེ། དེས་ཀྱང་གདུལ་བྱ་རྣམས་ཀྱི་ལོག་པར་རྟོགས་པ་སེལ་བར་འགྱུར་བའོ། །ཡང་ན་
ནོར་བ་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ཕལ་ཆེར་དེ་ཁོ་ན་ཉིད་ཀྱི་དོན་ལ་ལོག་པར་ཞུགས་པ་རྣམས་སོ། །འོག་ནས་སྟོན་པར་འགྱུར་བའི་དྲི་བ་ཐམས་ཅད་ཀྱི་རྒྱུ་མཚན་ཡང་ཕལ་ཆེར་འདི་ཉིད་ཡིན་ཏེ། ཀུན་རྫོབ་ཏུ་སེམས་ཡིན་ཞིང་དོན་དམ་པར་སེམས་ཀྱང་ངོ་བོ་ཉིད་
Vol. 122 · folio 66a
མེད་ན་འདི་དང་འདི་ལྟ་བུའི་བྱེ་བྲག་རྣམས་མི་འཐད་ཅེས་སྦྱར་བར་བྱའོ། །ཇི་ལྟ་བུ་ཞེས་པ་ནི་ཤེས་པར་བྱེད་པའི་རྒྱུའོ། །ཅིའི་སླད་དུ་ཞེས་པ་ནི་ནོར་བ་སྐྱེད་པར་བྱེད་པའི་རྒྱུའོ། །དེ་རྣམས་ནི་དྲི་བའི་ངག་གཅིག་ཉིད་དེ་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཅིའི་སླད་དུ་ཞེས་པ་ལ་སོགས་པ་
ཕལ་ཆེར་རྣམ་བྱུང་གི་ཕྱོགས་ལ་བརྟེན་པའི་དྲི་བ་སྟེ། ཞིང་སྣ་ཚོགས་སུ་སྤྲུལ་པའི་སྐུ་སྣ་ཚོགས་སྟོན་པ་དང་། སྔར་སྣང་བ་མེད་པ་ལས་ལྷ་ཆེན་པོ་དང་གཏོགས་འདོད་ལ་སོགས་པ་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱི་གཟུགས་དང་། དེའི་འོག་ཏུ་ཁྱོད་ཉིད་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་
རུ་སྣང་བའི་གོ་རིམས་མི་འཐད་ཅེས་བརྩད་པ་དང་། ཁྱོད་ཀྱི་རྒྱལ་སྲས་ལས་སམ་རྒྱུ་གང་ལས་བྱུང་ཞེས་པ་དང་། འཁོར་བའི་གནས་སུ་སྲེད་པའི་སྲད་བུ་ལ་སོགས་པས་བཅིངས་པ་ལས་ཐབས་གང་གིས་གྲོལ་ཞིང་གྲོལ་བའི་གནས་ཀྱི་ཁྱད་པར་གང་ཞིག་ཏུ་འགྲོ་བར་འགྱུར་ཞེས་པ་སྟེ། ཕྱི་རོལ་
པ་ལ་སོགས་པས་འདོད་པ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན། དཔག་ཚད་བྱེ་བའི་ཁྱོན་ཙམ་གྱི་ཐར་པའི་གནས་ཡོད་ཅིང་གྲོལ་བ་རྣམས་དེར་འགྲོ་ཞེས་པ་ལ་སོགས་པའོ། །བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ལ་སོགས་པའི་ཡུལ་གཟུགས་ལ་སོགས་པ་མི་རྟག་པ་དང་མི་གཙང་བ་ལ་
སོགས་པའི་རྣམ་པ་དང་། ལམ་དང་འབྲས་བུའི་ཐེག་པ་གསུམ་རྣམ་པར་གཞག་པ་དང་། ལམ་གྱིས་སྤང་བར་བྱ་བ་ལས་དང་ཉོན་མོངས་པ་ལ་སོགས་པའི་རྐྱེན་གྱིས་སྐྱེ་བ་སྲིད་པའི་ཡན་ལག་རྒྱུ་དང་འབྲས་བུས་བསྡུས་པ་རྣམས་དང་། ཡོད་པ་དང་མེད་པ་ལ་སོགས་པ་རྣམ་གཅོད་ཡོངས་གཅོད་
ཀྱི་འགལ་བ་ཡིན་པས་གཅིག་བཀག་པ་གཞན་སྒྲུབ་པ་ལ་རག་ལས་པའི་ཕྱིར་གང་ཡང་རུང་བ་ཅིག་ཏུ་བདེན་པས་གཉིས་ཀ་ཡང་ཕྱིན་ཅི་ལོག་གཡང་སའི་གནས་ཀྱི་མཐའ་ཉིད་དུ་མི་རིགས་ཞེས་པ་དང་། འཇིག་རྟེན་པ་དང་ཐུན་མོང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ཉན་ཐོས་ལ་
སོགས་པ་དང་ཐུན་མོང་བའི་ཚོགས་བདུན་ལ་སོགས་པ་འགོག་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་སྟེ། ཚིག་གསུམ་དང་རིམ་པ་བཞིན་སྦྱོར་རོ། །ཡང་ན་ཚིག་ཐ་མ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་
Vol. 122 · folio 66b
པ་དང་སྦྱར་བར་བྱའོ། །སྙོམས་འཇུག་དེ་རྣམས་ལས་སད་པ་དང་། དེ་ལས་སད་ནས་རིས་ལྔ་འམ་དྲུག་གི་འགྲོ་བའི་ལུས་འཛིན་ཅིང་ཉིང་མཚམས་འབྲེལ་བར་བྱེད་པའི་བྱ་བ་དང་། ཡང་རྗེས་ཀྱི་གནས་སྐབས་ན་ཇི་ལྟར་སྣང་བ་ཙམ་གྱི་རང་བཞིན་ལ་ཚུལ་ཇི་ལྟར་སྒོམ་པ་དང་། བསྒོམས་པའི་
སྟོབས་ཀྱིས་དཀར་པོ་རྣམ་པར་མཐོང་བ་ལ་སོགས་པའི་ས་ལ་ཇི་ལྟར་འཇུག་པ་དང་། དེའི་དབང་གིས་མི་སློབ་པའི་གནས་སྐབས་ན་སྲིད་པ་གསུམ་གྱི་ཉོན་མོངས་པ་སྤངས་ཤིང་གནས་སམ་ལུས་ཀྱི་ཁྱད་པར་ཇི་ལྟ་བ་འཛིན་པ་དང་། །དེ་ལས་སངས་རྒྱས་ཀྱི་བྱིན་གྱི་རླབས་ལ་སོགས་པས་བྱང་
ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གནས་དང་འགྲོ་བའི་ཁྱད་པར་འགའ་ཞིག་ཏུ་སྐྱེ་བ་བླངས་ཤིང་སེམས་ཅན་གྱི་དོན་བྱེད་པའི་རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར་བ་དང་། དེར་ཡང་རིམ་གྱིས་དབང་བཅུ་ལ་སོགས་པ་ཐོབ་པར་འགྱུར་བ་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་
ལ་སོགས་པར་སེམས་ཆོས་ཉིད་ལ་མཉམ་པར་འཇོག་པར་འགྱུར་བ་སྟེ། དེ་ལྟར་དྲི་བ་ཉི་ཤུ་དང་པོའི་དོན་དང་ཉི་ཤུ་རྩ་གཅིག་པོ་དེ་རྣམས། རྒྱལ་བ་ཁྱུ་མཆོག་བདག་ལ་གསུངས། །ཞེས་པ་སྟེ་འཁོར་གྱི་ནང་ན་ཁྱུ་མཆོག་ལྟ་བུར་འདུག་པའོ། །འདིར་སློབ་དཔོན་ཡེ་ཤེས་དཔལ་
བཟང་པོས་སྣང་མེད་རིམ་པ་ཞེས་པའི་དོན་ནི་ཐོག་མར་ཕུང་པོ་ལ་སོགས་པ་བསྟན་ཞིང་། དེ་ནས་སེམས་ཙམ་ཉིད་དུ་སྟོན་པའི་རིམ་པའམ། ཡང་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དང་སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་རིམ་པའོ་ཞེས་ཀྱང་འཆད་དོ། །འགྲོ་བ་དང་ནི་ཞེས་པའི་དོན་ཡང་འདུ་བྱེད་
ཐམས་ཅད་སྐད་ཅིག་མ་ཡིན་པས་ཡུལ་གང་ན་གནས་པ་ནི་དེ་ཉིད་དུ་འགག་པས་ཡུལ་གཞན་དུ་འགྲོ་བ་མི་འཐད་དེ། དེས་ན་འགྲོ་བའི་བྱ་བ་མི་འཐད་དོ་ཞེས་འདྲི་བའི་ཚིག་ཏུ་སྦྱར་རོ། །ཡིད་དང་ཤེས་པ་ལ་སོགས་པས་གཙོ་བོར་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་བརྟེན་པའི་དྲི་བ་སྟོན་ཏེ།
རྣམ་པར་ཤེས་པའི་ཚོགས་བརྒྱད་དམ་ཡང་ན་ཉོན་མོངས་པ་ཅན་གྱི་ཡིད་མ་གཏོགས་པ་བདུན་པོ་རྣམས་ཇི་ལྟར་ཐ་དད་དུ་སྣང་བའི་ཡུལ་ལ་འཇུག་ཅེས་པ་དང་། ཇི་ལྟར་དེ་ལས་ལྡོག་པ་དང་། སེམས་ཅན་རྣམས་ལ་ཐར་པའི་རིགས་ཡོད་པ་འམ་མེད་པར་ཇི་ལྟར་འགྱུར་ཞེས་པ་སྟེ། དྲི་བ་གསུམ་མོ། །
Vol. 122 · folio 67a
སེམས་ཙམ་ཞེས་པ་ལ་སོགས་པས་གྲུབ་པའི་མཐའ་ལ་བརྟེན་པའི་དྲི་བ་སྟོན་ཏེ། མདོ་སྡེའི་ཕྱོགས་གཞན་ནམ་འདི་ཉིད་ལས་ཀྱང་སྔར་སེམས་ཙམ་དུ་བསྟན་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་སོ་སོར་འགོད་ཅིང་བདག་གམ་སེམས་ཅན་མེད་པར་སྟོན་པ་འགལ་ཞེས་
པ་དང་། གཟུགས་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཀྱི་རྣམ་པར་དབྱེ་བ་བཤད་པ་དང་། དེ་འདྲ་བའི་དབྱེ་བ་ཡོད་ན། དངོས་ཡོད་རྟག་དང་མི་རྟག་འགྱུར། །ཞེས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་རྟག་ཆད་ཀྱི་ལྟ་བ་ཇི་ལྟར་མི་འགྱུར་ཞེས་པ་དང་ཆོས་ཀྱི་མཚན་ཉིད་མི་འདྲ་བ་ཁས་ལེན་པས་དེ་ཁོ་ན་ཉིད་དུ་
མུ་སྟེགས་རྣམས་དང་ཇི་སྟེ་འགལ་བར་མི་འགྱུར་ཞེས་པའོ། །འདིར་དེ་ཁོ་ན་ཉིད་སྨོས་པ་ནི་ཐ་སྙད་ཙམ་དུ་མཐའ་གཉིས་སུ་ལྟ་ཞིང་འགལ་བ་ཉིད་དུ་འགྱུར་བ་འདོད་པའི་ཕྱིར་རོ། །ཡང་གྲུབ་མཐའ་མི་འདྲ་བའི་སྒོ་ནས་ཁྱེད་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་སྡེ་པ་བཞི་ལ་སོགས་པ་འབྱུང་བ་དང་། སྟོང་པ་
ཉིད་རྣམ་པར་དབྱེ་བ་དང་། འདུ་བྱེད་སྐད་ཅིག་ཏུ་སྐྱེ་ཞིང་འཇིག་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཇི་ལྟར་འབྱུང་བ་དང་། འཇིག་རྟེན་ཕྱི་རོལ་པ་དང་རང་གི་སྡེ་པས་བརྟགས་པའི་བྱེད་པ་མེད་པ་དང་། འཇིག་རྟེན་རྨི་ལམ་ལ་སོགས་པ་འདྲ་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་ཏེ་བྱང་
ཆུབ་ཀྱི་ཕྱོགས་རྣམས་རྒྱུ་ཅི་ལས་བྱུང་བ་དང་། ཡང་ཕྱི་རོལ་པ་རྣམས་དང་ལྟ་བ་ལ་རྩོད་ཅིང་འཁྲུག་པ་འམ་ཀླ་ཀློའི་རྗེས་ལ་མཚོན་གྱིས་འཁྲུག་ཅེས་པ་སྟེ། ཡུལ་དང་མི་རྣམས་ཕན་ཚུན་འཁྲུག་ཅིང་ས་ལ་སོགས་པའི་འབྱུང་བ་ཇི་ལྟར་ལྟ་བར་འགྱུར་ཞེས་པ་དང་། ཀུན་བརྟགས་པའི་ཆོས་རྣམས་
མི་སྐྱེ་མི་འགག་ཅིང་ནམ་མཁའ་དང་འདྲ་བ་དང་། དེ་ལྟར་ན་དེ་བཞིན་གཤེགས་པས་འཇིག་རྟེན་ཐུགས་སུ་ཆུད་པར་འགལ་བ་དང་། ཆོས་ཐམས་ཅད་ཚིག་དང་ཡི་གེ་མེད་པར་གཞན་ལ་ཡང་སྒྲའི་སྒོ་ནས་སྟོན་པ་འགལ་བ་དང་། ཐབས་གང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་བ་
དང་། ཡེ་ཤེས་སྤྲོས་པ་དང་བྲལ་བས་ནམ་མཁའ་དང་འདྲ་བ་དང་། དེ་བཞིན་ཉིད་ཀྱི་རྣམ་པར་དབྱེ་བའི་གྲངས་དང་། སེམས་དང་ཕ་རོལ་ཏུ་ཕྱིན་པ་དུ་ཞེས་པ་སྟེ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་གྲངས་དང་། སྦྱིན་པ་ལ་སོགས་པའི་གྲངས་འདྲི་བ་སྟེ། དོན་ཐ་དད་ཀྱང་འདྲི་བའི་ཚིག་
Vol. 122 · folio 67b
གཅིག་ཏུ་སྦྱར་རོ། །ཡང་རྒྱུ་མཚན་གང་གིས་རབ་ཏུ་དགའ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སའི་རིམ་པར་འགྱུར་བ་དང་། སྣང་བ་མེད་པའི་ཡེ་ཤེས་རྒྱུན་གྱིས་འཇུག་པ་དང་། ཆོས་དང་གང་ཟག་ལ་ཇི་ལྟར་བདག་མེད་པར་འགྱུར་བ་དང་། དེ་ལྟར་རྟོགས་ཤིང་གོམས་པས་ཤེས་
བྱའི་སྒྲིབ་པ་ཇི་ལྟར་འདག་པ་དང་། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་པ་དང་། ཡང་དག་པ་འམ་ལོག་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། སེམས་ཅན་གྱི་འབྱུང་གནས་སུ་གྱུར་པ་ཟག་པ་དང་བཅས་པའི་ལས་དགེ་མི་དགེ་ལ་སོགས་པའི་བྱེ་བྲག་དུ་ཡིན་ཞེས་པ་སྟེ། དེ་
གསུམ་དོན་ཐ་དད་ཀྱང་དྲི་བའི་ངག་གཅིག་ཏུ་སྦྱར་བར་བྱ་སྟེ། དེ་ལྟར་ན་གྲུབ་པའི་མཐའ་ལ་བརྟེན་པའི་དྲི་བ་ཉི་ཤུ་རྩ་ལྔའོ། །ནོར་བུ་མུ་ཏིག་ཅེས་པ་ལ་སོགས་པས་ཟབ་པ་དང་བཅས་པའི་བསོད་ནམས་ཀྱི་སྣང་བ་ལ་བརྟེན་པའི་དྲི་བ་སྟེ། རིན་པོ་ཆེའི་རིགས་དེ་ལྟ་བུར་སྣང་བ་རྣམས་
སུ་ཞིག་གིས་རབ་ཏུ་ཕྱུང་ཞེས་པ་དང་། ལྷ་སྦྱིན་དང་མཆོད་སྦྱིན་ལ་སོགས་པ་སེམས་ཅན་རེ་རེའི་རྣམ་གྲངས་ཐ་དད་ཅིང་། དེ་ལྟ་བུ་ལ་སོགས་པར་མངོན་པར་བརྗོད་པའི་ཐ་སྙད་སུ་བསྐྱེད་ཅེས་པ་དང་། སྤྱིར་རིག་པའི་གནས་ལྔ་དང་ཁྱད་པར་དུ་བཟོའི་རིག་པ་དང་། སྲེག་དྷ་ར་དང་མེ་ཏོག་ཕྲེང་
འཛིན་ལ་སོགས་པའི་ཚིགས་སུ་བཅད་པ་དང་། ཚིགས་བཅད་རྐྱང་པ་སྟེ་སྒྲའི་རིག་པ་དང་། རིག་པ་རྣམ་པ་དུ་ཞེས་པ་བྱ་བ་བྱེད་པ་དང་ལྟོས་པ་དང་ཆོས་ཉིད་དང་འཐད་པ་སྒྲུབ་པའི་རིགས་པ་སྟེ། གཏན་ཚིགས་ཀྱི་རིག་པར་གཏོགས་པ་རྣམས་རིག་པའི་གནས་ཞེས་པའི་སྤྱི་ཉིད་དུ་འདུས་
པས་དྲི་བའི་ངག་གཅིག་ཉིད་དུ་སྦྱར་བ་དང་། དོན་དེ་རྣམས་གདུལ་བྱའི་བསམ་པ་ལ་ལྟོས་ཏེ་ཚུལ་ཇི་ལྟར་བཤད་པ་དང་། འདོད་པའི་ཡོན་ཏན་གྱི་བདེ་བ་ཇི་ལྟར་འབྱུང་བར་འགྱུར་བ་དང་། དེ་ལ་ལོངས་སྤྱོད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་འཛམ་བུའི་
གླིང་ལ་སོགས་པ་ལ་དབང་བསྒྱུར་བའམ། ཡུལ་ཁམས་ཀྱི་བདག་པོ་སྟེ་རྒྱལ་ཕྲན་རྣམས་ཇི་ལྟར་ལགས་ཞེས་པས་དྲི་བའི་ངག་གཅིག་གོ། །དེ་དག་དམག་དཔོན་རིན་པོ་ཆེ་ལ་སོགས་པ་འམ་གཞན་ཡང་མ་རུངས་པ་ཚར་གཅོད་པའི་སྒོ་ནས་རྒྱལ་སྲིད་ཇི་ལྟར་བསྲུང་བ་དང་། ལྷའི་རིགས་ལ་རྣམ་
Vol. 122 · folio 68a
པ་དུ། །ཞེས་པ་དང་། ལྷ་དང་མི་རྣམས་ཀྱི་གནས་པ་དང་སྐར་མའི་ཚོགས་དང་ཉི་མ་དང་ཟླ་བའི་གཞལ་མེད་ཁང་ཇི་ལྟ་བུ་ཞེས་པ་སྟེ། ངག་གཅིག་ཏུ་སྦྱར་བར་བྱའོ། །གཞན་ཡང་མྱ་ངན་ལས་འདས་པའི་དབྱེ་བ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣམ་པར་དབྱེ་བ་དང་། རིག་
པའི་གནས་ལ་སློབ་པའི་དབྱེ་བ་དང་། དེ་ལ་སློབ་པའི་སློབ་དཔོན་གྱི་མཚན་ཉིད་ཇི་ལྟར་ཡིན་པ་དང་། སངས་རྒྱས་ཀྱི་དབྱེ་བ་དང་། དེ་ཉིད་སྔོན་སྤྱད་པ་སྤྱོད་པ་ན་འགྲོ་བའི་རིགས་གང་དང་གང་དུ་སྐྱེས་པའི་དབྱེ་བ་དང་། བར་དུ་གཅོད་པའི་བདུད་དང་། རང་དང་གཞན་གྱི་གཞུང་ལུགས་ལ་གནས་པ་
རྣམས་ཀྱི་བརྟུལ་ཞུགས་མེ་ལྔ་བསྟན་པ་དང་། གཡང་དུ་མཆོང་བ་ལ་སོགས་པ་དང་རྫུ་འཕྲུལ་གྱི་ཁྱད་པར་ཏེ། ཡ་མཚན་ཅན་རྣམ་པ་དུ་ཡོད་ཅེས་པ་དང་། མ་སྐྱེས་པ་དང་མ་འགགས་པ་ལ་སོགས་པ་སངས་རྒྱས་ཀྱི་རང་བཞིན་རྣམ་པར་དབྱེ་བ་དང་། རི་མོ་རྣམ་པ་དུ་ཞིག་མཆིས། །ཞེས་པ་སྟེ། གོང་
མ་རྣམས་ལ་མཆོད་ཅིང་བསྙེན་བཀུར་བའི་རི་མོར་བྱ་བ་རྣམ་པ་དུ་ཞིག་མཆིས་ཞེས་པའོ། །འདིར་སློབ་དཔོན་ཡེ་ཤེས་དཔལ་གྱིས་བཤད་པ་ནི། སེམས་ནི་རྣམ་པ་དུ་ཞིག་མཆིས། །ཞེས་གཞུང་འདོན་ཏེ། དེ་ལྟར་ན་སྔར་གྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་དུ་ཞེས་པའི་སེམས་ནི་སྦྱིན་པ་ལ་སོགས་
པ་ཀུན་ནས་སློང་བའི་སེམས་པ་ལ་སྦྱར་བར་བྱས་ཏེ། གཞན་དུ་ན་ཟློས་པར་འགྱུར་བའི་ཕྱིར་རོ། །བརྟགས་པ་ཙམ་ཡང་ཇི་ལྟ་བུ། །ཞེས་པ་ནི་གཟུགས་ལ་སོགས་པར་སྣང་བའི་རང་བཞིན་ལ་ཕུང་པོ་ལ་སོགས་པར་བརྟགས་ཤིང་ཕུང་པོ་ལ་སོགས་པའི་རྒྱུན་རྒྱུད་ལ་གང་ཟག་གི་བདག་ཏུ་བརྟགས་པའོ། །
གཞན་ཡང་མི་རྣམས་ཀྱི་བསོད་ནམས་ལས་གྲུབ་པ་ཆར་ལ་སོགས་པའི་རྒྱུ་ནམ་མཁའི་སྤྲིན་རླུང་ཅི་ལས་གྱུར་ཞེས་པ་དང་། འདྲིས་པའི་དངོས་པོ་མི་བརྗེད་པའི་དྲན་པ་དང་། དེ་ལས་བྱུང་བའི་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་ཆར་གཏོགས་པའི་ཡིད་གཞུངས་པ་ཇི་ལྟར་བྱུང་ཞེས་པ་དྲི་བའི་ཚིག་གཅིག་ཏུ་སྦྱར་
རོ། །ཡང་བསོད་ནམས་ཀྱི་སྣང་བར་གྱུར་པ་མེ་ཏོག་དང་འབྲས་བུར་བཅས་པའི་ནགས་སྤ་ལ་སོགས་པའི་འཁྲི་ཤིང་དང་བཅས་པ་ཇི་ལྟར་མཆིས་ཞེས་པའོ། །དེ་ལྟར་དྲི་བ་ཉི་ཤུ་རྩ་གཉིས་སོ། །གླང་པོ་ཞེས་པ་ལ་སོགས་པས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་སྣང་བ་ལ་བརྟེན་པའི་དྲི་བ་སྟོན་ཏེ། དུད་
Vol. 122 · folio 68b
འགྲོའི་ཁྱད་པར་དེ་རྣམས་མི་རྣམས་ཀྱིས་གཟུང་དུ་རུང་ཞིང་བཀོལ་སྤྱད་བྱེད་པ་དང་། ངན་པའི་མི་རྣམས་བཟང་པོ་རྣམས་ཀྱིས་བཀོལ་སྤྱད་བྱེད་པ་སྟེ། དུད་འགྲོ་དང་ངན་པའི་མི་རྣམས་ལ་ལྟོས་ཏེ་བསོད་ནམས་མ་ཡིན་པའི་སྣང་བ་ཡིན་ལ། དེ་དག་གི་བདག་པོ་ལ་ལྟོས་ཏེ། བསོད་ནམས་ཀྱི་སྣང་
བའོ། །གཞན་ཡང་སེམས་ཅན་གྱི་ལུས་ལ་འབྱུང་བ་བཞི་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་དྲུག་འཛིན་པ་ཇི་ལྟ་བུ་ཞེས་པ་དང་། སོ་སོའི་སྐྱེ་བོའམ་བྱང་ཆུབ་སེམས་དཔའི་འདོད་ཆེན་པར་ཡང་ཇི་ལྟར་འགྱུར་ཞེས་པ་དང་། སྐྱེས་པ་བུད་མེད་མ་ནིང་རྣམས། །ཇི་ལྟར་སྐྱེ་འགྱུར་
བདག་ལ་གསུངས། །ཞེས་པ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་རྣལ་འབྱོར་ལས་ཇི་ལྟར་ལྡང་བ་དང་། དེ་ལ་ཇི་ལྟར་འཇུག་པ་དང་། ཞུགས་ནས་ཀྱང་སྐྱེས་བུ་མཆོག་རྣམས་ཇི་ལྟར་རིགས་པ་བཞིན་མཉམ་པར་འཇོག་པའོ། །འདིར་སྐྱེས་བུ་ཞེས་པ་ནི་འཕགས་པ་མྱ་ངན་ལས་
འདས་པ་ལས་རྣམ་པ་བཞི་སྟེ། དགེ་བའི་བཤེས་གཉེན་ཚོལ་བ་དང་། དེ་ལས་དམ་པའི་ཆོས་ཉན་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པ་དང་། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པའོ་ཞེས་གསུངས་སོ། །གཞན་ཡང་། འགྲོ་བར་ཕྱིན་པའི་སེམས་ཅན་གྱི། །མཚན་ཉིད་མཚན་མ་ཇི་ལྟ་
བུ། །ཞེས་པ་ནི་བགྲོད་པར་བྱ་བའི་འབྲས་བུ་རྒྱུན་དུ་ཞུགས་པ་ལ་སོགས་པ་ཐོབ་པ་རྣམས་ཀྱི་ངེས་པ་འམ་མ་ངེས་པའི་མཚན་རྟགས་ཇི་ལྟ་བུ་ཞེས་པའོ། །འདིར་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་ནི་འགྲོ་བའི་རིགས་གསར་དུ་སྐྱེས་པ་རྣམས་ལ་འཇིག་པ་དང་འདོད་ཆགས་ལ་སོགས་པའི་
མཚན་མའམ་རྟགས་ལས་སྐྱེ་བ་གཞན་དུ་ཡང་དེ་འདྲ་བ་གོམས་པ་དཔོག་པར་བྱེད་པའི་གཏན་ཚིགས་ཏེ། ཇི་སྐད་དུ། སྔར་ལས་དང་འབྲས་བུའི་འབྲེལ་པ་བསྒྲུབ་པའི་སྐབས་སུ་བཤད་པ་བཞིན་དུ་བཞེད་དོ། །གཞན་ཡང་ལས་གང་གིས་ཟང་ཟིང་ངམ་དད་པ་ལ་སོགས་པའི་ཡོན་ཏན་གྱིས་ཕྱུག་
པོར་འགྱུར་ཞེས་པ་སྟེ། དེ་ལྟར་ན་དྲི་བ་རྣམ་པ་བཅུའོ། །ཇི་ལྟར་ཅི་ཡིས་ཞེས་པ་ལ་སོགས་པས་ཡེ་ཤེས་སམ་གདུལ་བྱའི་བསོད་ནམས་ཀྱི་སྣང་བ་ལ་བརྟེན་པའི་དྲི་བ་སྟོན་ཏེ། སྔོན་སེར་སྐྱའི་གནས་སུ་རྒྱལ་རིགས་གཞོན་ནུ་རྣམས་ཀྱིས་སྲིང་མོ་ཆུང་མར་ལེན་པར་སྤོབས་པས། ཤཱཀྱ་ཞེས་པའི་
Vol. 122 · folio 69a
མིང་བྱུང་ངོ་། །དེ་དག་ལས་རྒྱལ་རིགས་གཞོན་ནུ་འགའ་ཞིག་རབ་ཏུ་བྱུང་ནས་གནས་པ་ལ། དེའི་གནས་སུ་རྐུན་པོ་ཞིག་བྱུང་བའི་ཆད་པར་དེ་གསལ་ཤིང་གིས་ཕུག་པ་དང་། དེའི་མཁན་པོ་དཀའ་ཐུབ་ཅན་ཡུན་རིངས་བཀའ་ཐུབ་གླིང་སྐྱེས་ཞེས་བྱ་བ་དེས་དེ་མཐོང་ནས་མཁན་
བུ་ལ་དེ་ཅི་ཞེས་དྲིས་པ་དང་། ཇི་ལྟར་ཡིན་པའི་ལུགས་མཁན་པོ་ལ་སྨྲས་པའི་འོག་ཏུ། མཁན་པོས་མུ་སྟེགས་ཅན་གྱི་ལྟ་བར་སྨྲས་པ། འཇིག་རྟེན་ན་བུ་མེད་པ་ལ་ནི་འགྲོ་བའི་རྒྱུད་མེད་པས་བུ་སྐྱེད་པར་གྱིས་ཤིག །དེས་ཇི་ལྟར་བྱ་ཞེས་སྨྲས་པ་དང་སྔོན་གྱི་འདོད་པ་རྗེས་སུ་དྲན་པར་བྱ་སྟེ།
ཁུ་བ་འབྱིན་པར་གྱིས་ཤིག་ཅེས་བསྒོ་ཞིང་། དེས་ཀྱང་དེ་བཞིན་དུ་བྱས་པ་ལས་ཁུ་བ་ཐིག་ལེ་གཉིས་བྱུང་བ་བུ་རམ་ཤིང་གི་ར་བར་བཞག་ཅིང་ཉི་མས་སྲོས་པ་ལས། བུ་གཉིས་སུ་རེད་པ་དྲང་སྲོང་གིས་གསོས་ཏེ། དེའི་ཕྱིར་བུ་རམ་ཤིང་སྐྱེས་ཞེས་མིང་དུ་གྱུར་ཏོ། །དེའི་རིགས་ལས་རབ་ཏུ་བྱུང་བ་
ཁྱོད་ཉིད་ཀྱིས་སྔོན་སྤྱད་པ་སྤྱོད་པའི་དུས་སུ་དཀའ་ཐུབ་ཇི་ལྟར་སྤྱད་ཅིང་། གཞན་ཡང་ནཻ་རཉྫ་ནའི་འགྲམ་དུ་ཇི་ལྟར་དཀའ་ཐུབ་ལ་སྤྱོད་པའི་ཚུལ་བསྟན་པ་དང་། ཞིང་སྣ་ཚོགས་སུ་སེམས་ཅན་ཇི་ལྟར་འདུལ་བར་འགྱུར་བའི་མཚན་དང་གཟུགས་སྣ་ཚོགས་པ་རྒྱལ་བའི་སྲས་ཀྱིས་བསྐོར་བར་སྣང་
བ་དང་། ཤ་རྣམས་བཀག་ཅིང་བཟར་མི་རུང་བ་དང་། ཤ་ཟའི་རིགས་སུ་སྐྱེས་པ་རྣམས་ཤ་ལ་རྔམ་ཞིང་ཟ་བ་དང་། ཇི་ལྟར་ཞིང་རྣམས་ཉི་ཟླའི་དབྱིབས། །རི་རབ་པད་མོ་འདྲ་བ་དང་། །དཔལ་བེའུ་སེང་གེའི་དབྱིབས་འདྲ་བ། །ཅི་ཡིས་བསླད་པ་བདག་ལ་གསུངས། །ཞེས་པ་སྟེ་ཞིང་དུ་སྐྱེས་པའི་
སེམས་ཅན་རྣམས་ཀྱི་སྣང་བ་ལ། ཞིང་གི་སྤྱིའི་དབྱིབས་སམ་དབྱིབས་དེ་འདྲ་བའི་ཁྱད་པར་མཛེས་པས་བརྒྱན་པ་ཅིའི་སླད་དུ་བྱུང་ཞེས་པའོ། །གོ་འདུན་དང་ནི་སྤྱི་གཙུག་དང་། །མིག་འཕྲུལ་འདྲ་བ་ཇི་ལྟ་བུ། །ཞེས་པ་ནི་ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེ་ལས། བཅོམ་ལྡན་འདས་རྣམ་པར་
སྣང་མཛད་གང་ཆེན་མཚོའི་སྐུའི་འགྲམ་པ་གཡས་གཡོན་ན་ངོས་ཕྱལ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་འཕྲེད་ལ་གནས་པ་ཡོད་ལ། ཀོ་སྐོའི་འོག་ན་སྤྱི་གཙུག་གི་འཇིག་རྟེན་གྱི་ཁམས་ཞེས་པ་ཁ་ཐུར་དུ་བལྟས་པ་ཡོད་ཅེས་པ་དང་། གཞན་ཡང་སྔར་སྤྲུལ་པ་བྱིན་གྱིས་བརླབས་པའི་
Vol. 122 · folio 69b
སྐབས་སུ་བསྟན་པ་བཞིན་མིག་འཕྲུལ་ལྟར་ཕྲལ་ལ་སྤྲུལ་པའི་ཞིང་ཁམས་རྣམས་ཇི་ལྟ་བུ་ཞེས་པ་སྟེ་དྲི་བ་གཅིག་གོ། །སློབ་དཔོན་ཡེ་ཤེས་དཔལ་གྱིས་ནི་སྟེང་དང་འོག་ཏུ་བཀོད་པ་དག་ཅེས་གཞུང་འདོན་པར་བྱེད་པ་སྟེ་དེ་ལྟར་ཚིག་གི་དོན་སླ་བར་ཟད་དོ། །གཞན་ཡང་སངས་རྒྱས་མི་འཁྲུགས་པའི་
ཞིང་གི་བཀོད་པ་ལྟ་བུ་གསེར་རམ་བཻ་ཌཱུརྱ་ལས་གྲུབ་པ་རྣམས་ཇི་ལྟར་བྱུང་ཞེས་པ་དང་། པི་ཝང་དང་རྔའི་དབྱིབས་འདྲ་བ་དང་། འབྲས་བུ་མེ་ཏོག་སྣ་ཚོགས་འདྲ་བ་སྟེ་དེ་ལྟར་ལྗོན་ཤིང་གཅིག་གི་ཁོངས་སུ་གཏོགས་པའི་མེ་ཏོག་དང་འབྲས་བུ་གཡས་གཡོན་དང་སྟེང་འོག་ལ་སོགས་པར་སྣ་ཚོགས་སུ་
གནས་པ་ལྟར་སྟོང་གསུམ་གཅིག་གི་ཁོངས་སུ་གཏོགས་པའི་གླིང་གི་བྱེ་བྲག་རྣམས་སྣ་ཚོགས་སུ་སྣང་བའོ། །ཉི་ཟླ་དག་དང་རྣམ་བྲལ་བ། །ཞེས་པ་ནི་དེ་དག་གི་འོད་མེད་ཀྱང་སེམས་ཅན་གྱི་ལུས་ཀྱི་འོད་ཀྱིས་བྱ་བ་བྱེད་པའོ། །དེ་འདྲ་བའི་བྱེ་བྲག་ཅིའི་སླད་དུ་འབྱུང་ཞེས་པ་སྟེ། དྲི་བའི་ངག་
གཅིག་གོ། །ཡང་། ལ་ལར་སྤྲུལ་པའི་སངས་རྒྱས་དང་། །སངས་རྒྱས་ལ་ལ་རྣམ་སྨིན་འབྱུང་། །ཡང་དག་ཡེ་ཤེས་སངས་རྒྱས་རྣམས། །ཅི་སླད་ཇི་ལྟར་བདག་ལ་གསུངས། །ཞེས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་ནི་སྔོན་བླ་མ་སྐྱེལ་བ་ལ་སོགས་པ་
ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་སྟེ་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱས་པར་བསྟན་པ་བཞིན་ནོ། །ཡང་དག་ཡེ་ཤེས་སངས་རྒྱས་ཞེས་པ་ནི་ཆོས་ཀྱི་སྐུ་སྟེ། དེ་རྣམས་ཀྱང་དྲི་བའི་ངག་གཅིག་ཏུ་སྦྱར་རོ། །གཞན་ཡང་དེ་འདྲ་བའི་ལོངས་སྤྱོད་རྫོགས་པའི་འདོད་པའི་ཁམས་སུ་
འཚང་མི་རྒྱ་བར་འོག་མིན་གྱི་གནས་འདོད་ཆགས་དང་བྲལ་བའི་ཁྲོད་དུ་སངས་རྒྱས་པའི་ཚུལ་སྟོན་པ་ཅིའི་ཕྱིར་ཞེས་པ་དང་། སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་དེའི་འོག་ཏུ་བསྟན་པ་སུ་ཞིག་གིས་གནས་པར་བྱེད་པ་དང་། སྟོན་པ་ལོའི་གྲངས་ཇི་སྲིད་ཀྱི་བར་དུ་བཞུགས་པ་དང་།
ཆོས་བསྟན་པའི་ཚུལ་ཇི་སྲིད་ཀྱི་བར་དུ་གནས་པ་དང་། ཁྱོད་ཉིད་ཀྱིས་གདུལ་བྱའི་བསམ་པ་ལ་ལྟོས་ཏེ་གྲུབ་པའི་མཐའ་དང་ལྟ་བ་རྣམ་པ་དུ་རུ་བསྟན་ཞེས་པ་སྟེ། དེ་ལ་གྲུབ་པའི་མཐའ་ནི་ཀུན་རྫོབ་ཙམ་དུ་གདུལ་བྱ་རྣམས་ཀྱི་བླང་བར་བྱ་བ་དང་། དོར་བྱ་དང་བཏང་སྙོམས་སུ་བྱ་བ་ནི་འདི་དང་འདི་ལྟ་བུ་
Vol. 122 · folio 70a
ཞེས་རྣམ་པར་འཇོག་པའོ། །ལྟ་བ་ནི་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་འདི་ལྟ་བུ་ཞེས་དབང་པོའི་བྱེ་བྲག་དང་བསྟུན་ནས་རྣམ་པར་གཞག་པའོ། །དེ་དག་ཀྱང་དྲི་བ་གཅིག་ཏུ་སྦྱོར་རོ། །དགེ་སློང་དངོས་དང་འདུལ་བ་ཡང་། །ཅི་སླད་ཇི་ལྟར་བདག་ལ་གསུངས། །ཞེས་པ་ནི་
གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་གྱུར་པ་ལ་སོགས་པ་དང་། སོ་སོར་ཐར་པའི་རིས་བདུན་ནམ་བརྒྱད་ཀྱིས་བསྡུས་པའི་འདུལ་བ་སྟེ། ལྟུང་བ་སྡེ་ལྔ་གཞི་གང་ལས་ཇི་ལྟར་བཅས་པ་དང་། ཚུལ་ཇི་ལྟར་འབྱུང་བ་དང་བྱུང་བ་ལས་ལྡང་བའི་ཐབས་བསྟན་པ་སྟེ། དྲི་བ་གཅིག་
ཏུ་སྦྱར་བར་བྱའོ། །རང་རྒྱལ་རྒྱལ་སྲས་ཉན་ཐོས་ཀྱི། །ཅི་སླད་འགྱུར་བ་བརྒྱ་པོ་དང་། །སྣང་བ་མེད་པ་བརྒྱ་པོ་ཡང་། །ཅིའི་སླད་དུ་བདག་ལ་གསུངས། །ཞེས་དེས་དྲི་བའི་ངག་གཅིག་ཏུ་སྦྱར་ཏེ། འགྱུར་བ་བརྒྱ་ནི་འཕགས་པ་རྣམས་ཀྱི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་
འགྱུར་བ་གསལ་བར་ཉམས་སུ་མྱོང་བ་རྣམས་སོ། །དེའི་དོན་ཡང་མཐོང་བའི་ལམ་ནི་བདེན་པ་བཞི་འམ་དེའི་ཆོས་ཉིད་སྔར་མ་མཐོང་བ་མཐོང་བ་ཡིན་ལ་དེས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་བདེན་པ་ལ་ལོག་པར་ཞུགས་པ་ཡིན་པས་བདེན་པ་བཞི་ལ་བརྟེན་ཏེ་རྣམ་པར་འབྱེད་པ་ན་རེ་ཞིག་འདོད་
པའི་ཁམས་ན་བདེན་པ་རེ་རེ་ལ་ལྟོས་ཏེ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་རྣམ་པ་བཅུ་
རུ་འགྱུར་བའོ། །དེ་ལ་འདིར་མ་རིག་པ་ནི་ཁམས་གསུམ་གྱི་མི་ཤེས་པའོ་ཞེས་འབྱུང་བས་རྣམ་པར་འགྱུར་བ་གསལ་བར་མྱོང་བ་མེད་པ་སྟེ། ཇི་ལྟར་སྡུག་བསྔལ་གྱི་བདེན་པ་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པར་མ་གཏོགས་པ་ཙམ་མོ། །འདིར་དོན་ལ་ལོག་པར་འཛིན་པ་རྣམ་
པར་འགྱུར་བ་གསལ་བར་མྱོང་བ་རྣམས་དེའི་འབྲས་བུར་གྱུར་པ་ལྟ་བའི་བྱེ་བྲག་རྣམས་སུ་གཏོགས་པའོ། །དེ་ལྟར་ན་མ་རིག་པ་མ་གཏོགས་པ་བདེན་པ་རེ་རེ་ལ་རྣམ་པ་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག་ཡིན་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་ཡང་མེད་པས་བདེན་པ་རེ་རེ་ལ་རྣམ་པ་བརྒྱད་བརྒྱད་དེ་
Vol. 122 · folio 70b
དེ་ལྟར་ན་སུམ་ཅུ་རྩ་གཉིས་པ་ཕྲག་གཉིས་སུ་འགྱུར་བའོ། །དེ་ལྟར་ཐམས་ཅད་བསྡོམས་པས་བརྒྱ་ཉིད་དུ་འགྱུར་བའོ། །འདིར་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་ཤེས་བྱ་ལ་ལོག་པར་ཞུགས་པ་ཡིན་ལས་བདེན་པ་ལ་བརྟེན་པའི་རྣམ་པར་དབྱེ་བ་མི་བྱེད་ཅིང་། དེ་ཡང་ཉོན་མོངས་པ་ལྷན་
ཅིག་སྐྱེས་པའི་རིགས་སུ་གཏོགས་པ་རྣམ་པ་བཅུ་དྲུག་ཡིན་ནོ་ཞེས་ཆོས་མངོན་པའི་བསྟན་བཅོས་ལས་འབྱུང་སྟེ། དེ་རྣམས་ལས་ཉོན་མོངས་པ་མངོན་དུ་གྱུར་པ་ནི་མཐོང་བའི་ལམ་གྱི་མཉམ་པར་གཞག་པའི་ཡེ་ཤེས་དང་འགལ་བས་དེ་ཉིད་ཀྱིས་སྤང་བར་བྱ་བའི་རིགས་སུ་འདུས་ལ། བག་ལ་ཉལ་
བ་ནི་རྣམ་འགྱུར་གསལ་བར་ཉམས་སུ་མྱོང་བ་མེད་པས་འདིར་མ་སྨོས་སོ། །གཞན་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་སྤང་བར་བྱ་བ་མ་ཡིན་པས་དེ་ཡང་འདིར་མ་སྨོས་ཏེ་དེས་ན་སྔ་མ་དེ་དག་ཙམ་དུ་
ཟད་དོ། །འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་ལན་འདེབས་པའི་སྐབས་སུ་བསྟན་པར་བྱའོ། །སྣང་བ་མེད་པ་བརྒྱ་ཞེས་པ་ནི་དེ་རྣམས་ཀྱི་གཉེན་པོ་མཉམ་པར་གཞག་པའི་ཡེ་ཤེས་དེ་བཞིན་ཉིད་ཡུལ་དུ་བྱེད་པའོ། །དེ་ཡང་སྤང་བྱ་ལ་ལྟོས་ནས་རྣམ་པ་བརྒྱའོ་ཞེས་བཞག་སྟེ། ཇི་ལྟར་ལྷ་སྦྱིན་ནམ་སྣ་ཚོགས་
བཤེས་གཉེན་གང་འོང་ཡང་རུང་སྟེ། དོ་ཟླའི་གྱད་ནི་ངའམ་ངའོ་ཞེས་ཟླའོ་ལ་ལྟོས་ན་བདག་ཉིད་རྣམ་པ་གཉིས་སུ་འཇོག་པ་ལྟ་བུའོ། །དེ་ལས་གཞན་དུ་སྣང་བ་མེད་པའི་ཆོས་ཉིད་དམ། དེ་ལྟར་རྟོགས་པའི་ཡེ་ཤེས་ལ་ཐ་དད་པའི་དབྱེ་བ་ཇི་ལྟར་འཐད་ཅེས་པའོ། །དོན་དེ་ཉིད་སློབ་དཔོན་ཡེ་ཤེས་དཔལ་བཟང་
པོས་འཆད་པ་ན། འཁྲུལ་པ་གནས་འཕོ་བ་བརྒྱ་ནི་གཉིས་སུ་མེད་པའི་དོན་དམ་པའི་བདེན་པའི་རིགས་པས་སྤང་ངོ་། །བརྒྱ་ནི་མཐའ་མེད་པས་ཉེ་བར་བརྟག་པར་བྱེད་པ་སྟེ་གྲངས་མཚོན་པ་ཙམ་ཡིན་གྱི། དེ་ཉིད་དུ་བརྒྱ་ཆད་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་
བསྟན་པ་ལ་སོགས་པ་དང་མཚུངས་པའོ་ཞེས་སོ། །གཞན་ཡང་འཇིག་རྟེན་གྱི་མངོན་པར་ཤེས་པ་ལྔ་པོ་སྔོན་གྱི་ལས་སམ། འཕྲལ་གྱི་འདུ་བྱེད་པ་གང་གིས་བྱུང་ཞིང་དེ་རྣམས་ཀྱི་སྟེང་དུ་ཟག་པ་ཟད་པའི་མངོན་པར་ཤེས་པ་དང་དྲུག་སྟེ། འཇིག་རྟེན་ལས་འདས་པའི་མངོན་པར་ཤེས་པ་ཡང་ཇི་
Vol. 122 · folio 71a
ལྟར་བྱུང་ཞེས་པ་སྟེ་དྲི་བ་གཅིག་ཏུ་སྦྱར་རོ། །རྣམ་པར་ཤེས་པའི་ཚོགས་གནས་མ་གྱུར་པའི་བྱང་ཆུབ་སེམས་དཔའི་ས་བདུན་པོ་རྣམས་ཇི་ལྟར་བྱུང་ཞེས་པ་དང་། ཡང་། ཁྱོད་ཀྱི་དགེ་འདུན་རྣམ་པ་དུ། །ཇི་ལྟར་དགེ་འདུན་དབྱེན་དུ་འགྱུར། །ཞེས་དྲི་བའི་ངག་གཅིག་ཏུ་སྦྱར་ཏེ། ཉན་
ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྣམ་པར་དབྱེ་བ་དུར་འགྱུར་ཞིང་དེ་རྣམས་གྲུབ་པའི་མཐའ་དང་། ལོངས་སྤྱོད་ལ་སོགས་པའི་སྒོ་ནས་ཕན་ཚུན་འབྱེད་པར་བྱེད་པའི་དབྱེན་དང་། དེ་ལས་གཞན་མཚམས་མེད་པའི་ལས་རྣམས་སུ་ཇི་ལྟར་འགྱུར་ཞེས་པའོ། །གཞན་ཡང་སེམས་ཅན་
རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནད་གསོ་བར་བྱེད་པའི་གཙུག་ལག་རྣམས་ཡིན་ནམ་ཇི་ལྟར་ཡིན་ཞེས་པ་དང་། །འོད་སྲུངས་ལོག་པར་དད་སེལ་དང་། །གསེར་ཐུབ་ཀྱང་ནི་ང་ཡིན་ཞེས། །རྒྱལ་བའི་སྲས་ལ་གསུངས་པ་དེ། །ཐུབ་པ་ཆེན་པོ་ཅི་སླད་གསུངས། །ཞེས་དྲི་བའི་ངག་གཅིག་ཏུ་སྦྱར་
ཏེ་དོན་ནི་ཤེས་པར་ཟད་དོ། །ཡང་ལས་སམ་ལས་ཀྱི་ཁུར་ཁྱེར་བའི་བདག་གམ་སེམས་ཅན་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་གསུངས་ཤིང་། ཚད་མས་ཀྱང་གྲུབ་བཞིན་དུ་མེད་ཅེས་ཅིའི་ཕྱིར་བརྗོད་ཅེས་པ་དང་། དེ་བཞིན་ཉིད་རྟག་པ་དང་འཇིག་པར་བཤད་པའི་གཏམ་ཇི་ལྟར་མི་འགལ་ཞེས་པ་
དང་། ཉམས་སུ་མྱོང་བའི་ཚད་མས་གྲུབ་པས་སེམས་ཉིད་རིག་པ་དོན་དམ་པའི་དངོས་པོར་མདོ་སྡེ་ཐམས་ཅད་དུ་ཅིའི་ཕྱིར་ན་མི་བཤད་ཅེས་པ་སྟེ། དེ་ལྟར་ན་དྲི་བ་ཉི་ཤུ་རྩ་བཞིའོ། །ཅི་སླད་ཅེས་པ་ལ་སོགས་པས་ཁྱད་པར་དུ་ཡང་ཕྱིའི་དོན་མེད་ཅེས་པ་ལ་བརྩད་པའི་ཚུལ་གྱིས་འདྲི་བ་སྟེ།
ཀུན་རྫོབ་ཙམ་དུ་ཡང་ཕྱིའི་དོན་མེད་ན། སྐྱེས་བུ་རྣམས་ཁ་དོག་དང་རེག་བྱ་ལ་སོགས་པའི་ཁྱད་པར་ལས་བདེ་བར་འགྱུར་ཞིང་དེ་ལ་མངོན་པར་འདོད་པ་དང་། ཨ་རུ་ར་དང་སྐྱུ་རུའི་ཚལ། །ཀེ་ལ་ས་དང་ཁོར་ཡུག་རི། །རྡོ་རྗེ་སྲ་བ་འང་ཇི་ལྟ་བུ། །ཞེས་པ་དྲི་བའི་ངག་གཅིག་སྟེ། དོན་ནི་སྐྱེ་དགུ་
རྣམས་ཀྱི་ལུས་ལ་ཕན་འདོགས་པར་བྱེད་པའི་སྨན་གྱི་ཚལ་དང་། ཀེ་ལ་ས་སྟེ་ཏི་སེའི་བྱང་ངོས་ཀྱི་རིའི་ཁྱད་པར་རོ་ཞེས་གླེགས་བམ་ལས་འབྱུང་ངོ་། །ཁོར་ཡུག་གི་རི་ནི་གླིང་བཞི་དང་རྒྱ་མཚོའི་ཕྱི་རོལ་དུ་གྱུར་པའི་རིན་པོ་ཆེའི་རིས་བསྐོར་བའོ། །དེ་ཉིད་རྡོ་རྗེའི་རི་ཞེས་ཀྱང་དུས་ཀྱི་འཁོར་ལོ་ལས་
Vol. 122 · folio 71b
བཤད་དོ། །དེའི་ནང་ནས་ཞེས་པ་ལ་སོགས་པ་འང་དྲི་བའི་ངག་གཅིག་སྟེ་ཁོར་ཡུག་གི་ནང་ན་མན་དཱ་ར་བ་དང་། གསེར་གྱི་རི་ལ་སོགས་པས་བརྒྱན་ཅིང་། དྲང་སྲོང་དྲི་ཟས་ཀུན་བཀང་བ། །ཇི་ལྟར་ཅི་སླད་ཅེས་པ་སྟེ་མི་འཐད་པར་བརྩད་པའོ། །དེ་ལྟར་ཐམས་ཅད་བསྡོམས་ནས་དྲི་བ་བརྒྱ་རྩ་བརྒྱད་
དུ་འགྱུར་བའོ། །ཐེག་པ་ཆེ་ཚུལ་ཞེས་པ་ལ་སོགས་པས་ཞུ་བ་པོ་ལ་བསྔགས་པ་བརྗོད་ཅིང་སྐབས་དབྱེ་བ་སྟེ། དྲི་བ་དེ་རྣམས་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ཚུལ་གཏན་ལ་འབེབས་པ། སངས་རྒྱས་རྣམས་ཀྱི་ཐུགས་ལ་མངའ་བ་ཡིན་ལ། དེ་ཉིད་དེ་བཞིན་གཤེགས་པས་གསན་པ་དང་
ཞེས་པ་གདུལ་བྱའི་དོན་དུ་ཚུལ་དེ་ལྟར་བསྟན་པའོ། །གཞན་ནི་ཕལ་ཆེར་ཤེས་པར་ཟད་དོ། །དེ་ནི་རིམ་གྱིས་ངས་བཤད་ཅེས་པ་དྲི་བའི་གོ་རིམས་དང་བསྟུན་པ་ནི་མ་ཡིན་གྱི་འོན་ཀྱང་གདུལ་བྱའི་ཁྱད་པར་རྣམས་ལ་རིམ་གྱིས་སྟོན་པར་སྣང་བའོ། །སྐྱེ་དང་སྐྱེ་བ་མེད་པ་དང་། །ཞེས་པ་ལ་
སོགས་པས་དྲི་བའི་དོན་དེ་ཉིད་ཁྱད་པར་དུ་བཤད་པ་དང་བཅས་ཏེ་རྗེས་སུ་བརྗོད་པའོ། །དེ་ཡང་ཕལ་ཆེར་སྔར་བསྟན་པའི་རྗེས་སུ་འབྲང་བས་རྟོགས་པར་སླའོ། །འཕོ་བ་དང་ཞེས་པ་ནི། །ཇི་ལྟར་ས་ལ་འཇུག་པར་འགྱུར། །ཞེས་པ་དང་སྦྱར་རོ། །ཉན་ཐོས་རྒྱལ་བའི་སྲས་ཞེས་པ་དེ་
ཡང་རིམ་གྱིས་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་བའོ། །ལྷ་མ་ཡིན་ནི་སྔར་གྱི་འགྲོ་བའི་ཁྱད་པར་རོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །དེ་བཞིན་དུ་སྟོབས་ལྔ་དང་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པའོ། །ཡང་སྟོབས་རྣམ་པ་བཅུ་སྟེ་བྱང་ཆུབ་སེམས་དཔའ་
ལ་ཡང་ལྡན་པར་མདོ་སྡེ་དག་ལས་བཤད་དོ། །ཚོགས་ཀྱི་ལམ་ལ་སོགས་པའི་ལམ་རྣམས་ཀྱང་དེ་བཞིན་ནོ། །ཚད་མེད་རྣམས་དང་བསམ་གཏན་ཞེས་པ་འཇིག་རྟེན་པའི་ལམ་མོ། །འགྲོ་འོང་ཞེས་པ་ནི་གྲོལ་བ་གང་དུ་འགྲོ་བར་འགྱུར་ཞེའམ། འགྲོ་བ་གཞན་ནས་འོངས་ནས་འདིར་ལུས་
འཛིན་ཅིང་འདི་ནས་གཞན་དུ་འགྲོ་བ་དང་སྦྱར་རོ། །སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །འགོག་པ་ནི་ཉན་ཐོས་རྣམས་ཀྱིའོ། །ཡང་ན་སྙོམས་པར་འཇུག་པ་ཉིད་འགོག་པ་སྟེ་གཅིག་ཏུ་བསྡུའོ། །ཆོས་ལྔ་དང་རང་བཞིན་གསུམ་སྟེ་སྔར་གྱི་མཚན་
Vol. 122 · folio 72a
རྣམས་རྣམ་པར་འགོད་པ་འམ། རིག་པའི་གནས་ཞེས་པ་དེ་ཉིད་དུ་བསྡུའོ། །རྟོག་པ་དང་བརྟག་པར་བྱ་བ་ནི་གཞན་གྱི་དབང་དང་ཀུན་དུ་བརྟགས་པའི་རང་བཞིན་ནོ། །ལྟ་བ་གཉིས་ནི་རྟག་པ་དང་ཆད་པར་རོ། །སངས་རྒྱས་གཅིག་དང་དཀྲུགས་མ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་
གཅིག་ཏུ་དང་པོར་མངོན་པར་བྱང་ཆུབ་པ་དང་། ཐ་མར་མྱ་ངན་ལས་འདས་པ་སྟོན་པ་སྤྲུལ་པའི་སྐུའི་སངས་རྒྱས་དང་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ནི་གཅིག་ཡིན་ལ། ཞིང་གཞན་ནས་གློ་བུར་དུ་འདུས་པ་ནི་དཀྲུགས་མ་སྟེ་དུ་མའོ། །གཞན་ཡང་ཤེས་པ་དང་ཤེས་བྱའི་ངོ་བོར་རེད་ཅིང་
འབྱུང་བ་ཐོབ་ཅེས་པའོ། །དཔེ་དང་རྒྱུ་རྣམས་ལྡན་ཞེས་པ་ཤེས་བྱེད་ཀྱི་རྒྱུ་གཏན་ཚིགས་དང་། དེའི་ཁྱབ་པ་སྒྲུབ་བྱེད་ཀྱི་ཡན་ལག་དཔེ་དང་བཅས་པའི་གྲུབ་པའི་མཐའ་ཞེས་པའོ། །ཚུལ་ནི་རྟོག་གི་རྣམ་པར་དག་པའོ། །དེ་ལྟར་དྲི་བ་རྗེས་སུ་བརྗོད་ནས་སེམས་ཙམ་ནི་ཞེས་པ་དེ་རྣམས་
ཐམས་ཅད་སེམས་ཀྱི་སྣང་བ་ཡིན་པས་སེམས་ཉིད་ལ་རྣམ་པར་འཇོག་ཅེས་པ་སྟེ། སྔར་སེམས་ཙམ་གྱི་ཚུལ་ལ་རྩོད་པ་སྤང་བའི་སྐབས་སུ་རྒྱས་པར་བསྟན་པ་བཞིན་ནོ། །སྣང་བ་མེད་ཅེས་པ་དང་། །ས་རྣམས་ལ་ཡང་རིམ་པ་མེད། །ཅེས་པ་ནི་དེ་ཁོ་ན་ཉིད་སེམས་ཀྱི་ཁྱད་པར་རང་ཡང་གྲུབ་པ་
མེད་ཅེས་པའོ། །དེ་བཞིན་ཏེ་ཞེས་པས་ཆོས་ཀྱི་ཁྱད་པར་བརྒྱ་པོ་ཅི་ཕྱིར་བདག་ལ་གསུངས་ཞེས་དྲིས་པའི་དོན་དང་གསོ་བའི་གཙུག་ལག་ལ་སོགས་པ་དེ་རྣམས་ཀྱང་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་དོན་དམ་པར་ངོ་བོ་ཉིད་མེད་ཅེས་སྔར་བསྟན་པ་དེ་བཞིན་ཏེ་ཤེས་པའོ། །གལ་ཏེ་ཀུན་
རྫོབ་ཏུ་སེམས་ཉིད་ཡིན་པ་དེ་ལྟ་ན་ཡང་། དེ་རྣམས་ཀྱི་བྱེ་བྲག་ཇི་ལྟར་དྲིས་པ་བཞིན་དུ་བསྟན་པར་རིགས་སོ་ཞེ་ན་མ་ཡིན་ཏེ། ནོར་བུ་མུ་ཏིག་གསེར་འབྱུང་བ། །ཞེས་པ་ལ་སོགས་པ་དྲི་བའི་དོན་གདུལ་བྱ་ལ་སྐབས་སུ་ཉེ་བར་མཁོ་བ་མེད་པ་ནི་དྲི་བར་མི་རིགས་ཤིང་དེ་བཞིན་དུ་ལན་ཡང་གདབ་པར་མི་
འོས་པའོ། །གལ་ཏེ་ད་ལྟར་ཉེ་བར་མཁོ་བ་མ་ཡིན་ཀྱང་དུས་གཞན་ན་གདུལ་བྱ་ལ་ཉེ་བར་མཁོ་བ་ཉིད་དུ་འགྱུར་ཏེ། དངོས་སམ་བརྒྱུད་པས་རང་ངམ་གཞན་གྱི་དོན་དུ་མི་འགྱུར་བའི་དངོས་པོ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ལྟར་ན། །རི་བོ་དེ་བཞིན་རི་རྣམས་དང་། །སའི་ཚད་ཀྱང་
Vol. 122 · folio 72b
ཞེས་པ་ལ་སོགས་པའི་དོན་འདི་རྣམས་ཀྱང་དུས་གཞན་དུ་སེམས་ཅན་ལ་ཉེ་བར་མཁོ་བར་འགྱུར་བས། ཅིའི་ཕྱིར་ན་མི་འདྲི་སྟེ་དྲི་བར་རིགས་པ་ཉིད་དུ་འགྱུར་ཞེས་པའོ། །ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །བདག་ལ་གསུངས་ཞེས་པ་ལ་སོགས་པའི་ཚིག་འདི་རྣམས་ཀྱི་དོན་ནི་འདྲི་བ་
པོས་བདག་ལ་གསུངས་ཞེས་ཅིའི་ཕྱིར་མི་འདྲི་སྟེ་འདྲི་བར་འོས་ཞེས་པའོ། །རབ་དང་འབྲིང་ནི་ལུས་ཆེ་ཆུང་གི་སྒོ་ནས་རྡུལ་མང་ཉུང་དུ་འགྱུར་བའོ། །འབུམ་དང་ཞེས་པ་ལ་སོགས་པས་ནི་ཁལ་གཅིག་ལ་རྡུལ་ཕྲན་འབུམ་ཕྲག་དུ་ཡོད་ཅེས་པ་ལ་སོགས་པའོ། །དབང་པོ་གཅིག་ཅིང་རྡུལ་
ཕྲན་དུ་ཞེས་པ་ལ་སོགས་པ་ནི་གཟུགས་ཅན་གྱི་དབང་པོར་གྲགས་པ་རེ་རེ་ལ་ཡང་རྡུལ་ཕྲ་རབ་ཀྱི་གྲངས་དུ་ཡོད་ཅེས་པ་དང་། སེམས་ཅན་གྱི་ལུས་ལ་སྨིན་མ་དང་སྤུའི་ཁུང་བུའི་གྲངས་དུ་ཡོད་ཅེས་ཅིའི་ཕྱིར་མི་འདྲི་ཞེས་པའོ། །གལ་ཏེ་སྐབས་སུ་ཉེ་བར་མཁོ་བ་མེད་ན་དུས་གཞན་དུ་ཉེ་བར་མཁོ་
བ་ཉིད་དུ་འགྱུར་ཡང་དེ་འདྲ་བའི་དངོས་པོ་ཐམས་ཅད་ནི་དྲི་བར་མི་ནུས་ཤིང་། དྲིས་པ་ལ་དགོས་པ་ཡང་མེད་དེ། ཐམས་ཅད་བསྡུས་པའི་དོན་སེམས་ཀྱི་ཆོས་ཉིད་སྟོང་པ་ཉིད་གཏན་ལ་ཕབ་ཅིང་གོམས་པ་ལ་བརྟེན་ནས་ཆོས་ཀྱི་ཁྱད་པར་ཐམས་ཅད་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་
ཡང་། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་པ་ཡིས། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ་
སྙམ་དུ་གདུལ་བྱའི་ཁྱད་པར་འགའ་ཞིག་དགོས་ན་མི་འཐད་དེ། དེ་ལྟ་ན་སྔར་གྱི་དྲི་བ་རྒྱས་པ་རྣམས་ཀྱང་དྲི་བར་མི་འོས་པ་ཉིད་དུ་འགྱུར་རོ་ཞེས་སྟོན་པ་ནི། ཕྱུག་པོའི་མི་རྣམས་ཅི་ལས་འགྱུར། །ཞེས་པ་ལ་སོགས་པའོ། །ཚིག་གི་དོན་ནི་ཕལ་ཆེར་སྔར་གྱི་དྲི་བ་དང་སྦྱར་བས་ཤེས་པར་ཟད་
དོ། །གང་དུ་སྤྲིན་རྣམས་འབྱུང་བར་འགྱུར། །ཞེས་པ་ལ་སོགས་པ་ནི་ཡུལ་ལམ་སོ་ག་ལ་སོགས་པའི་དུས་གང་དུ་ཞེས་པའོ། །དུས་ཀྱི་རྣམས་ཞེས་པ་ཡང་དུས་དེ་ཉིད་ཀྱི་དབྱེ་བའོ། །རྒྱལ་བའི་སྲས་ཀྱིས་མཛེས་ཞེས་པ་དེ་བཞིན་གཤེགས་པ་ལ་རྒྱལ་བའི་སྲས་ཀྱིས་བསྐོར་བའོ། །བྱེད་པ་ཅི་ཡི་
Vol. 122 · folio 73a
འབྱུང་ཞེས་པ་ནི། འགྲོ་བ་དག་དང་ལུས་འཛིན་པ། །ཅི་ཡི་སླད་དུ་བྱ་བ་འབྱུང་། ཞེས་པ་དང་སྦྱར་རོ། །ཅིའི་ཕྱིར་བདག་ལ་གསུངས་ཞེས་པ་ནི། ཞུ་བ་པོ་ཁྱོད་བདག་ལ་གསུངས། ཞེས་ཅིའི་ཕྱིར་འདྲི་སྟེ། དྲི་བར་མི་འོས་ཞེས་པའོ། །གལ་ཏེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དྲི་བའི་
ངག་སྐྱོན་དང་བཅས་པ་ཉིད་དུ་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དེ་ལྟ་བུའི་བརྒལ་བ་དང་ལན་བརྒྱུད་པ་ལ་བརྟེན་ནས་སྐབས་སུ་ཉེ་བར་མཁོ་བ་མེད་པའི་དོན་ནི་མཁས་པ་རྣམས་ཀྱིས་གཙོ་བོར་གཏན་ལ་དབབ་པར་བྱ་བ་མ་ཡིན་ལ། གཙོ་བོར་གཏན་ལ་དབབ་པར་བྱ་བའི་དོན་ནི་ཐམས་ཅད་བསྡུས་
པ་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡིན་ནོ་ཞེས་རྟོགས་པར་འགྱུར་བའི་དགོས་པ་དང་ལྡན་པས་སོ། །དེ་ལ་སྔར་གྱི་དྲི་བའི་དོན་ཡང་ཕལ་ཆེར་དེ་ཉིད་གཏན་ལ་འབེབས་པའི་ཡན་ལག་ཏུ་འགྱུར་བས་འོག་ནས་ལན་རྒྱས་པར་བསྟན་པར་བྱ་ཞིང་། འགའ་ཞིག་ནི་ལན་གདབ་པར་བྱ་བ་མ་
ཡིན་ཞེས་པའོ། །དེ་རྣམས་ཀྱང་བྱང་ཆུབ་སེམས་དཔས་དྲིས་པའི་དགོས་པ་ནི་སྔ་མ་ལྟར་རྟོགས་པ་སྐྱེད་པ་ཉིད་ཡིན་ཏེ་དེས་ན་དགོས་པ་དང་ལྡན་པའི་ཕྱིར་སྐྱོན་མེད་ཅེས་པའོ། །འདི་དང་གཞན་ཡང་ཞེས་པ་ལ་སོགས་པས་སྔར་དྲིས་པ་དང་། འོག་ནས་འདྲི་བར་འགྱུར་བ་ཐམས་ཅད་ཀྱི་དོན་གྱི་
དེ་ཁོ་ན་ཉིད་བསྡུས་པ་སེམས་ཀྱི་ཆོས་ཉིད་བཤད་པར་དམ་བཅའ་ཞིང་། །ཉོན་ཅིག་པར་གདམས་པའོ། །རེ་རེར་མཚན་དང་རབ་ལྡན་ཞིང་། །ཞེས་པ་ལ་སོགས་པའི་དོན་ནི་དྲི་བའི་དོན་སོ་སོར་རེ་རེར་དངོས་པོའི་མཚན་ཉིད་མི་འདྲ་བ་དང་ལྡན་ཞིང་། དེ་ལྟ་བུའི་དངོས་པོར་འཛིན་པའི་ལྟ་བའི་
ཉེས་པ་རྣམས་སྤངས་ཏེ། ཐམས་ཅད་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་ཕྱོགས་གཅིག་ཏུ་གྲུབ་པའི་མཐའ་ང་ཡིས་བསྟན་པར་བྱ་ཡིས་ཁྱོད་ཅག་ང་ལ་ཉན་པར་གྱིས་ཞེས་པའོ། །རྣམ་པ་གཅིག་ཏུ་ན་དྲི་བ་རྣམས་ཀྱིས་གནས་སྐབས་སུ་ཉེ་བར་མཁོ་བའི་དོན་རྣམས་ཀུན་རྫོབ་ཏུ་སོ་སོར་མཚན་ཉིད་མ་
འདྲེས་པ་ལྟ་བ་ཕྱིན་ཅི་ལོག་གིས་བརྟགས་པའི་ཉེས་པ་སྤངས་ཏེ། ཕྱིན་ཅི་མ་ལོག་པའི་ཕྱོགས་ཀྱི་གྲུབ་པའི་མཐའ་ང་ཡིས་བཤད་ཅེས་པ་ལ་སོགས་པའོ། །ཚིག་རྣམས་བཀོད་པ་ཞེས་པ་ལ་སོགས་པའི་དོན་ནི་དྲི་བ་ལ་སོགས་པ་དེ་དག་ཐམས་ཅད་ཚིག་ཙམ་ཡིན་གྱིས་དོན་གྲུབ་པ་མེད་པར་སྟོན་པའི་ཚིག་
Vol. 122 · folio 73b
དགོད་ཅེས་པ་ལ་སོགས་པ་སྟེ་ཤེས་པར་ཟད་དོ། །དེ་ལྟར་དྲི་བའི་ལན་ཤིན་ཏུ་བསྡུས་པ་དང་དྲི་བར་མི་འོས་པ་ལ་སོགས་པའི་ཚུལ་གཞན་གྱི་སྒོ་ནས་བསྡུས་ཏེ་བསྟན་པ་དང་། ཡང་དེ་ལས་ཚུལ་གཞན་གྱི་སྒོ་ནས་བཤད་པར་དམ་བཅས་ཤིང་ཉན་པར་གདམས་པར་བསྟན་ནས། དེ་ཉིད་ལ་དྲི་བའི་ཚིག་
འགོད་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ། །གལ་ཏེ་འདིར་དྲི་བ་དང་ལན་གྱི་ཚིག་བརྒྱ་རྩ་བརྒྱད་ཉིད་དུ་སྟོན་པར་བྱེད་པའི་རྒྱུ་མཚན་ནི་མི་འཐད་དེ། དྲི་བ་ལ་སོགས་པའི་དོན་སྐབས་སུ་ཉེ་བར་མཁོ་བ་འམ་གཞན་ཡང་རུང་སྟེ་རྫོགས་པར་སྟོན་པ་ཡིན་ན་ནི་ཆེས་ཤིན་ཏུ་ཉུང་བར་འགྱུར་ལ། ཕྱོགས་
འགའ་ཞིག་ཙམ་སྟོན་པ་ཡིན་ན་ནི་མངས་པར་ཡང་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འདི་ནི་གདུལ་བྱ་ཉེ་བ་ཉིད་ཀྱི་བསམ་པ་ལ་དགོངས་ནས་ཤེས་རབ་ཀྱི་དམིགས་པའི་ཡུལ་གཙོ་བོར་གཏན་ལ་འབེབས་པ་ནི་འདི་ཉིད་ཙམ་བསྟན་པས་གདུལ་བྱ་རྣམས་རྗེས་སུ་འཛིན་པར་འགྱུར་བས་དེ་ལྟར་
དྲི་བ་དང་ལན་གྱི་ཚིག་འདི་དག་ཙམ་བཀོད་པའོ། །འདི་དག་གི་གོ་རིམས་ངེས་པའི་རྒྱུ་མཚན་ཡང་དེ་ཉིད་ཡིན་ཏེ། དེ་ལས་གཞན་པའི་གོ་རིམས་ངེས་པའི་རྒྱུ་མཚན་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལ་སྐྱེ་བའི་ཚིག་ཅེས་པ་ལ་སོགས་པ་དགག་པའི་ཡུལ་བརྗོད་པ་ཐམས་ཅད་ནི་སྒྲུབ་པའི་རྣམ་པ་ཉིད་
དུ་དངོས་སུ་བློ་ལ་སྣང་བའམ། དེ་ལ་ཞེན་ནས་རྟོགས་པར་བྱ་བའི་རང་བཞིན་ཏེ་ལེའུ་དང་པོར་ཆོས་ཞེས་པའི་སྒྲས་བསྟན་པར་བྱ་བའི་དོན་དང་སྦྱར་བར་བྱའོ། །དོན་འདི་རྣམས་ཐམས་ཅད་ཀྱང་སྔར་བསྟན་པའི་རིགས་པའམ། འོག་ནས་ཀྱང་གཏན་ཚིགས་དུ་མའི་སྒོ་ནས་འགོག་པས་
བདེན་པའི་དོན་ནི་ཅུང་ཟད་ཀྱང་མེད་དེ། དེ་ལྟར་བསྟན་པ་ནི་ཚིག་ཙམ་ཉིད་ཡིན་ཞེས་པའོ། །དེའི་ཕྱིར་དེ་ལ་ལྟོས་ནས་གཞག་པའི་བཀག་པའི་ཆོས་བློའི་ངོ་ན་སྣང་བ་ཐམས་ཅད་ཀྱང་སྔར་གྱི་ཆོས་མེད་པ་ཞེས་པའི་ཚིག་གི་དོན་དང་སྦྱར་ཏེ། དེ་ཡང་ལྟོས་པ་མ་གྲུབ་པའི་ཕྱིར་དེ་ལ་ལྟོས་ཏེ་
གཞག་པ་རྣམས་བརྫུན་པ་ཉིད་ཀྱི་ཕྱིར་དོན་གྲུབ་པ་མེད་པས་ཚིག་ཙམ་ཡིན་ཞེས་པའོ། །དེ་སྐད་དུ་ཡང་མདོ་སྡེ་གཞན་དག་ལས། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་མ་གཏོགས་པ། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་
Vol. 122 · folio 74a
གསུངས་པའི་ཕྱིར་རོ། །དེ་ལྟར་ན་བརྗོད་པའི་ཚིག་ཡོད་དམ་ཞེ་ན། མ་ཡིན་ཏེ་དེ་ཡང་དོན་ལ་ལྟོས་ཏེ་བརྟགས་པའི་ཕྱིར་ལྟོས་སམ་གྲུབ་པས་མི་འཐད་ཅེས་པའོ། །དེ་སྐད་དུ་ཡང་། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཞེས་པ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་རོ། །
དེ་ལྟར་ན་ཚིག་དང་དོན་དུ་སྣང་ཞིང་བཤད་པ་ཉིད་མི་འཐད་དོ་ཞེ་ན། དེ་ལྟར་སྣང་བ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་གྱི་ཐ་དད་པའི་དོན་གྲུབ་པ་མེད་དོ། །དེ་སྐད་དུ་ཡང་། ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་པ། །དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་སོ། །ཚིག་
སོ་སོའི་དོན་ནི་སྔར་གྱི་དྲི་བ་དང་། ལན་བསྡུས་ཏེ་བསྟན་པའི་ཚིག་དང་སྦྱར་བས་རྟོགས་པར་སླ་བ་ཉིད་དུ་ཟད་དོ། །དགག་པའི་ཚིག་ཐམས་ཅད་ནི། སེམས་ཙམ་དེ་ནི་སྣང་བ་མེད། །ས་རྣམས་ལ་ཡང་རིམ་པ་མེད། །ཅེས་ལན་བསྡུས་ཏེ་བསྟན་པའི་ཚིག་དང་སྦྱར་བར་བྱ་ཞིང་། གཞན་ཡང་སྔར་གྱི་
དགག་པ་སྟོན་པའི་ཚིག་གི་ཁྱད་པར་དང་ཡང་སྦྱར་བར་བྱའོ། །མི་སྐྱེ་བ་དང་མི་རྟག་པ་ནི་སྐྱེ་བ་དང་རྟག་པ་བཀག་པ་ཡིན་གྱི་ཡོངས་གཅོད་ཀྱི་ཆ་སྟོན་པ་ནི་མ་ཡིན་ནོ། །མཚན་ཉིད་ཀྱི་ཚིག་ནི་མཚན་ཉིད་རྣམ་པར་དགོད་པ་ཞེས་པ་དང་སྦྱར་རོ། །གནས་གཞན་དུ་འགྱུར་བ་ནི་ཇི་ལྟར་ས་ལ་འཇུག་ཅེས་པ་
དང་ངོ་། །རང་བཞིན་ཡོད་པ་ནི་ཆོས་ལྔ་དང་རང་བཞིན་ཞེས་པ་དང་ངོ་། །སེམས་ཀྱི་ཚིག་ནི་ཡིད་དང་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པ་དང་ངོ་། །དབུ་མའི་ཚིག་ནི་སེམས་ཙམ་ནི་སྣང་བ་མེད་ཅེས་པ་དང་སྦྱར་ཏེ། ཡོད་མེད་ཀྱི་མཐའ་དང་བྲལ་བ་རྣམ་པར་རིག་པ་ཙམ་གྱི་དབུ་མའོ། །ཐེར་ཟུག་པའི་
ཚིག་ནི་སྙིང་པོ་ཇི་ལྟར་འབྱུང་ཞེས་པ་དང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་འགྱུར་བ་མེད་པའོ། །ཉོན་མོངས་པ་ནི་ཅི་སླད་འགྱུར་བ་བརྒྱ་ཞེས་པ་དང་ངོ་། །སྲེད་པའི་ཚིག་ནི་ཅི་སླད་སྐྱེས་བུ་ན་ཆུང་ཤ་འཚལ་བར་ཡང་ཇི་ལྟར་འགྱུར་ཞེས་དང་ངོ་། །ཐབས་ཀྱི་ཚིག་ནི་མཚན་དང་དེ་བཞིན་གཟུགས་སྣ་
ཚོགས་ཞེས་པ་དང་སྦྱར་ཏེ། སེམས་ཅན་འདུལ་བའི་ཐབས་སུ་ཇི་ལྟར་མོས་པའི་གཟུགས་སུ་སྟོན་པའོ། །མཁས་པའི་ཚིག་ནི། གང་གིས་ཇི་ལྟར་རབ་ཏུ་བཤད། །ཅེས་པ་དང་སྦྱར་ཏེ། མཁས་པ་གང་གིས་ཞེས་པའོ། །སྨོན་པའི་ཚིག་དང་འཁོར་གསུམ་གྱི་ཚིག་དང་མཚན་མའི་ཚིག་ནི་ཏིང་
Vol. 122 · folio 74b
ངེ་འཛིན་ཞེས་པ་དང་སྦྱར་ཏེ། རྣམ་པར་ཐར་པའི་སྒོ་གསུམ་ཏིང་ངེ་འཛིན་གྱི་དགག་བྱ་ཁམས་གསུམ་ལ་སྨོན་པ་ལ་སོགས་པའོ། །འཁོར་གསུམ་ནི་བྱ་བ་ཐམས་ཅད་ལ་བྱེད་པ་པོ་དང་། ལས་དང་བྱ་བ་གསུམ་དུ་བཏགས་པའོ། །ཡོད་མེད་ཀྱི་ཕྱོགས་ནི་གཉིས་ཀྱི་མཐའ་བརྗོད་ཅེས་པ་དང་
སྟེ། གང་ཡང་རུང་བ་ཅིག་གི་མཐར་འཛིན་པའོ། །གཉི་གའི་ཚིག་ཅེས་པ་ནི་དེ་ལྟ་བུའི་མཐའ་གཉིས་ཀ་ཚོགས་པའོ། །མཐོང་བའི་ཆོས་ལ་བདེ་བའི་ཚིག་ནི། དེ་དག་འདི་དང་སླད་མར་ཡང་། །ཆགས་མེད་ཉེར་ལེན་མ་མཆིས་འགྱུར། །ཞེས་པ་དང་སྦྱར་རོ། །འགོག་པའི་སྙོམས་པར་
འཇུག་པ་ལ་སོགས་པ་ལ་ཡང་སྔ་མ་རྣམས་ཀྱིས་བཤད་དོ། །ཆུའི་ཚིག་ནི་ཁམས་དྲུག་འཛིན་པ་དང་ཞེས་པ་འམ་ཆུའི་ཟླ་བ་འདྲ་བ་ཞེས་པ་དང་ངོ་། །རྨོངས་པའི་ཚིག་ནི་གླང་པོ་རི་དགས་རྟ་བླུན་ཞེས་པ་དང་ངོ་། །ཡང་དག་པའི་ཚིག་ནི། ཅི་ཕྱིར་སེམས་ཙམ་ཡང་དག་ཉིད། །ཞེས་པ་ལ་སོགས་པ་
དང་ངོ་། །སྐྱོ་བའི་ཚིག་ནི་བཅིངས་པ་སུ་ལགས་ཞེས་པ་འམ། བསམ་གཏན་པའི་ཡུལ་དང་སྦྱར་བར་བྱའོ། །སྟུག་པོའི་ཚིག་ནི་ཤིང་གི་འཁྲི་ཤིང་ཞེས་པ་དང་ངོ་། །སྒྱུ་རྩལ་དང་རིག་པ་དང་བཟོའི་ཚིག་ནི་ཚིག་གསུམ་དུ་དབྱེ་བར་བྱའོ། །སེམས་ཀྱི་ཚིག་ནི་སེམས་དང་ཕ་རོལ་ཕྱིན་པ་ཞེས་པ་འམ།
ཡང་སེམས་དང་ས་རྣམ་བདུན་ཞེས་པ་དང་སྦྱར་རོ། །བློའི་ཚིག་ནི། བློ་དང་རིག་པ་བགྱི་དང་བྲལ། །ཞེས་པའི་དགག་བྱ་སྟོན་པའི་ཚིག་དང་ངོ་། །འཁོར་ལོའི་ཚིག་ནི་སྒྱུ་མའི་དཔེ་རྣམས་སྟོན་པའི་སྐབས་སུ་མགལ་མེའི་འཁོར་ལོ་དོན་གྱིས་བསྟན་པ་འམ། ཡང་ན་ཁོར་ཡུག་གི་རི་ཞེས་པ་
དང་སྦྱར་རོ། །ཉི་ཟླ་དང་སྐར་མའི་ཚིག་ཀྱང་རྣམ་པ་གཉིས་སུ་དབྱེ་བའོ། །བདེན་པའི་ཚིག་ནི། དེ་བཞིན་ཉིད་ནི་རྣམ་པ་དུ། །ཞེས་པ་དང་ངོ་། །ཡན་ལག་གི་ཚིག་ནི་བྱང་ཆུབ་ཡན་ལག་ཅེས་པ་དང་ངོ་། །སྒྱུ་རྩལ་རིག་པ་ནི་ཡུལ་ཅན་གྱི་ཤེས་པ་ཡིན་པས་སྔ་མ་དང་ཟློས་པ་མེད་དོ། །ནོར་བའི་
ཚིག་ནི་ཅིའི་སླད་དུ་ནོར་པ་ཞེས་པ་དང་ངོ་། །བསྲུང་བ་ནི་རྒྱལ་སྲིད་བསྲུང་བའོ། །རུས་ཀྱི་ཚིག་ནི་ཤཱཀྱའི་རིགས་ཞེས་པ་དང་ངོ་། །གཟུང་བའི་ཚིག་ནི་སྣང་ལ་ཇི་ལྟར་འཇུག་ཅེས་པ་དང་ངོ་། །གཡོ་བའི་ཚིག་ནི་འགྲོ་བ་དག་དང་ཞེས་པ་འམ་རྣམ་པར་ཤེས་པ་ཡུལ་ལ་གཡོ་བའོ། །འོག་མའི་ཚིག་
Vol. 122 · folio 75a
ནི་ཁམས་འོག་མ་སྟེ་འདོད་པའི་ཁམས་སོ། །རྒྱུ་དང་འབྲས་བུའི་ཚིག་ནི་རྣམ་པ་གཉིས་སུ་དབྱེ་བའོ། །བསྟན་པ་གཟུད་པ་ནི། །བཤད་པ་དག་ཀྱང་ཇི་ལྟར་འགྱུར། །ཞེས་པ་དང་ངོ་། །བྱིན་གྱི་རླབས་ནི་ཡེ་ཤེས་དང་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་ཞིང་ཐམས་ཅད་དུ་མཚན་དང་
གཟུགས་སྣ་ཚོགས་སྟོན་ཞེས་པ་དང་ངོ་། །ཡང་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཞེས་པ་དང་ཡང་སྦྱར་རོ། །དེ་ལྟར་ན་ཚིག་བརྒྱ་རྩ་བརྒྱད་པོ་འདི་རྣམས་ཀྱི་དོན་ནི་དངོས་སུ་སྔར་གྱི་དྲི་བ་བརྒྱ་རྩ་བརྒྱད་དང་སྦྱར་ཞིང་དེ་ཉིད་ཀྱིས་དེའི་རིགས་སུ་གྱུར་པ་གསུང་རབ་ལ་སོགས་པ་ནས་བསྟན་པའི་ཚིག་
ཐམས་ཅད་ཀྱང་ཤེས་པར་བྱ་སྟེ། ཚིག་ཙམ་ཉིད་ཡིན་གྱི་སྒྲུབ་པ་འམ་དགག་པའི་དོན་ནི་ཅུང་ཟད་ཀྱང་མེད་དོ་ཞེས་སྔར་བསྟན་པ་བཞིན་ནོ། །སྔོན་གྱི་སངས་རྒྱས་ཀྱིས་བརྗོད་ཅེས་པ་ནི་དེ་དག་གིས་གསུངས་ཤིང་། ད་ལྟར་ངས་ཀྱང་བསྟན་ཞེས་པའོ། །དེ་ལྟར་དགོངས་པ་ཅན་གྱི་ཚིག་གཞན་
གྱི་སྒོ་ནས་དྲིས་པའི་ལན་བསྡུས་ཏེ་བསྟན་ནས་དེ་ཉིད་ཤིན་ཏུ་རྒྱས་པར་འཆད་པ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པའོ། །དེ་ལས་དང་པོ་ཆོས་ཐམས་ཅད་བསྡུས་པའི་ལེའུ་ལ་ཡང་དོན་རྣམ་པ་ལྔའི་སྒོ་ནས་སྟོན་པ་ལས། །དང་པོ་ཤེས་པར་བྱ་བའི་རང་བཞིན་སྟོན་ཏེ། དེ་ཡང་དོན་རྣམ་པ་བཅུའི་སྒོ་ནས་
སྟོན་པ་ལས་དང་པོར་གཞན་གྱི་དབང་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པའི་ཚུལ་སྟོན་ཏོ། །དེ་ལས་དང་པོའི་དྲིས་ལན་གྱི་ཚུལ་གྱིས་མདོ་ཙམ་དུ་བསྟན་པ་ནི། དེ་ནས་ཡང་ཞེས་པ་ནས་མཚན་ཉིད་གནས་པའོ་ཞེས་པའི་བར་རོ། །དེ་ཡང་གཞན་གྱི་དབང་ནི་འདུས་བྱས་པ་
ཡིན་ལ། འདུས་བྱས་ཀྱི་མཚན་ཉིད་ཀྱང་སྐྱེ་བ་དང་གནས་པ་དང་འགག་པ་དང་རྣམ་པ་གསུམ་ཡིན་པར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་ལ། མཛོད་ཀྱི་བསྟན་བཅོས་ལས་རྣམ་པ་བཞིར་བཤད་པ་ནི་ཚུལ་ལུགས་གཞན་ཡིན་པས། དེ་དང་འགལ་བའི་ཉེས་པར་མི་འགྱུར་རོ། །དེ་ལ་རྒྱུ་ནི་
རང་རང་གི་རིགས་ཀྱི་རྒྱུ་དང་འབྲས་བུ་དུ་མར་འབྲེལ་བའོ། །མཚན་ཉིད་ནི་འདིར་རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་སྔར་བསྟན་པ་སྟེ། མདོར་བསྡུ་ན་རྟོགས་པའི་རང་བཞིན་ཉིད་ཡིན་ཏེ། དེ་ལྟར་མཚན་ཉིད་དངོས་སམ་མཚན་ཉིད་དང་ལྡན་པའི་དངོས་པོ་ལ་ཡང་མཚན་ཉིད་ཅེས་བྱའོ། །དེ་ཅིའི་
Vol. 122 · folio 75b
ཕྱིར་རྒྱུན་ཀྱང་མཚན་ཉིད་ཀྱིས་བསྡུས་མོད་ཀྱི་དེའི་ཁྱད་པར་གྱི་ལྡོག་པ་གཞན་ཡིན་པས་གཉིས་སུ་ཕྱེ་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ནི་དབྱེ་བ་ལ་སོགས་པའི་སྒོ་ནས་རྒྱས་པར་སྟོན་ཏ། །དེ་ལས་དང་པོའི་དབྱེ་བའི་ཚུལ་ནི་རྣམ་པར་ཤེས་པ་རགས་པ་འམ་གསལ་བར་འཇུག་པ་དང་།
དེའི་གནས་ཀྱི་དབང་དུ་བྱས་ཏེ་དབྱེ་ན་རྣམ་པ་གསུམ་སྟེ། འཇུག་པའི་མཚན་ཉིད་དང་ལས་ཀྱི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིད་དོ། །དེ་ལ་དང་པོ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་སོ་སོ་ལ་འཇུག་པའོ། །གཉིས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དེ་ཡང་ཉེ་བར་གནས་པ་ལས་བྱུང་
བ་དང་། ཚོལ་བ་པ་དང་ངེས་པའོ་ཞེས་ཆོས་མངོན་པ་ལས་བཤད་པ་ལས། འདིར་ནི་ཚོལ་བ་དང་ངེས་པ་གཉིས་ཡིན་ཏེ། དེས་ཀྱང་ལུས་ངག་ཏུ་སྣང་བའི་ལས་ཀུན་ནས་སློང་བར་བྱེད་པ་འམ། ཀུན་གཞི་ལ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་བག་ཆགས་འཇོག་པར་བྱེད་པ་འམ། དོན་འདི་ལྟར་
ཡིན་གྱི་གཞན་དུ་མ་ཡིན་ཞེས་གཏན་ལ་འབེབས་པའི་བྱ་བ་བྱེད་པས་ལས་ཀྱི་མཚན་ཉིད་ཅེས་བྱའོ། །ཡང་ལས་ཀྱི་མཚན་ཉིད་ནི་དེའི་ལས་སུ་གྱུར་པ་ཀུན་གཞི་ལ་ཡོད་པའི་བག་ཆགས་ཀྱང་ཡིན་ནོ། །གསུམ་པ་ནི་གཉིས་པོ་དེ་རྣམས་ཀྱི་གནས་ཀུན་གཞི་རྣམ་པར་ཤེས་པ་སྟེ་དེ་རྣམས་ཀྱི་
རིགས་མཐུན་པའི་རྒྱུ་ཡིན་པས་རིགས་ཀྱི་མཚན་ཉིད་ཅེས་སོ། །གལ་ཏེ་དེ་ལྟར་ན་ཐེག་པ་ཆེན་པོའི་གསུང་རབ་ལས་རྣམ་པར་ཤེས་པ་བརྒྱད་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡང་སྲིད་ཚད་ཀྱི་དབང་དུ་བྱས་ནས་རྒྱས་པར་ཕྱེ་ན། དེ་རྣམས་ཀྱི་སྟེང་དུ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་བརྒྱད་
དུ་འགྱུར་བའོ། །རྣམ་པར་ཤེས་པ་རྣམས་ཀྱི་སོ་སོའི་རང་རང་གི་ངོ་བོ་ལ་སོགས་པ་ཅུང་ཟད་བརྗོད་པར་བྱ་སྟེ། རེ་ཞིག་སྒོ་ལྔའི་རྣམ་པར་ཤེས་པའི་རང་རང་གི་ངོ་བོ་ནི་ལུང་དུ་མ་བསྟན་པ་ཉིད་ཡིན་ལ། སོ་སོའི་མཚན་ཉིད་ལས་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ནི། བདག་པོའི་རྐྱེན་མིག་གི་
དབང་པོ་ལ་བརྟེན་ནས་གཟུགས་ཀྱི་རྣམ་པར་གསལ་བའོ། །དེ་ལྟ་ན་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་ལ་ཁྱབ་ཆེས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ནས་སེམས་ལས་རྫས་ཐ་དད་པ་མ་ཡིན་ཞིང་དེ་ཉིད་ཀྱི་ཁྱད་པར་དུ་གཏོགས་པའི་ཕྱིར་ཏེ། ཇི་ལྟར་བ་ལང་གི་མཚན་ཉིད་
Vol. 122 · folio 76a
ལྐོག་ཤལ་ལ་སོགས་པ་དང་ལྡན་པ་སེར་ཟལ་ལ་ཞུགས་པའི་ཁྱབ་ཆེས་པར་མི་འགྱུར་བ་བཞིན་ནོ། །སེམས་དང་སེམས་ལས་བྱུང་བ་རྫས་ཐ་དད་མེད་པའི་དོན་འདི་ཡང་འོག་ནས་བསྟན་པར་བྱའོ། །གལ་ཏེ་མིག་གི་དབང་པོ་ཉིད་གང་ཞེ་ན། འདིར་གཟུགས་ཅན་གྱི་དབང་པོ་
ཟར་མའི་མེ་ཏོག་ལྟ་བུ་ཞེས་པ་ལ་སོགས་པ་ནི་སྡེ་པ་རྣམས་ཀྱིས་བརྟགས་པ་ཡིན་གྱི་དོན་དུ་གྲུབ་པ་ནི་མེད་དོ། །འོན་ཀྱང་མིག་གི་དབང་པོ་ཞེས་བྱ་བར་གྲགས་ཤིང་སྣང་བ་འམ། དེ་ལ་བརྟེན་པའི་ནུས་པའི་ཁྱད་པར་སེམས་ཀྱི་ངོ་བོར་གྱུར་པའོ། །དེ་ཉིད་ཇི་ལྟར་གྲུབ་ཅེ་ན། མངོན་སུམ་ཉིད་གྱིས་གྲུབ་
པ་འམ། ཡང་ན་རྐྱེན་གསུམ་ཚང་ཡང་རེས་འགའ་མ་དམིགས་པའི་ཕྱིར་ཞེས་པའི་གཏན་ཚིགས་ལ་བརྟེན་ནས་རྐྱེན་གསུམ་ལས་མ་གཏོགས་པའི་མིག་གི་རྣམ་ཤེས་སྐྱེད་པའི་ནུས་པའི་ཁྱད་པར་འགའ་ཞིག་མིག་ཏུ་གྲགས་པའི་ཕྱོགས་འདི་ཉིད་ན་ཡོད་དོ་ཞེས་རྟགས་ལས་རྟོགས་པར་གྱུར་
པ་སྟེ། ཇི་ལྟར་ཚད་མ་རྣམ་འགྲེལ་ལས་བཤད་པ་བཞིན་ནོ། །དེ་ཉིད་བདག་པོའི་རྐྱེན་དུ་འགྱུར་བ་ནི་རྣམ་ཤེས་དོན་དུ་སྣང་བའི་ཕྱོགས་སུ་འཕྲོ་ཞིང་འཇུག་པ་ནི་རྐྱེན་གཞན་ཚང་བའི་གནས་སྐབས་ན་མིག་ཕྱེ་བཙུམས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་དེས་བསྐྱེད་དེ། ཇི་ལྟར་རིགས་པའི་བསྟན་བཅོས་
དག་ལས། དེ་མ་ཐག་པའི་རྐྱེན་གྱིས་ནི་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་སྐྱེད་ལ་དབང་པོས་ནི་ཡུལ་ལ་འཛིན་ནུས་སུ་སྐྱེད་ཅེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །འདིར་ཡུལ་ནི་ད་ལྟར་བའི་གཟུགས་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་སྐད་ཅིག་མ་ཡིན་ཞེས་
མངོན་པའི་བསྟན་བཅོས་ལས་བཤད་པ་ནི་ཉན་ཐོས་སྡེ་པ་རྣམས་ཀྱི་གྲུབ་མཐའ་དང་བསྟུན་པ་ཡིན་གྱི། དེ་ལྟ་བུའི་ཡུལ་གྲུབ་པ་ནི་མེད་དེ། འོན་ཀྱང་གཟུགས་ཀྱི་རྣམ་པར་སྣང་བ་སེམས་ཀྱི་ངོ་བོར་གྱུར་པ་ཉིད་མིག་གི་རྣམ་པར་ཤེས་པའི་ཡུལ་ཞེས་བྱའོ། །དེ་སྐད་དུ། རང་གི་ས་བོན་གང་ལས་
དེའི། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དག་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་པའོ། །གཞན་ཡང་སྔ་མ་ལྟར་ན་ཟླ་བ་གཉིས་སྣང་ལ་སོགས་པ་འཁྲུལ་པའི་ཤེས་པ་རྣམས་ཀྱི་ཡུལ་ནི་རང་གི་མཚན་ཉིད་མ་ཡིན་པས་མ་ཁྱབ་པ་ཉིད་དུ་ཡང་འགྱུར་རོ། །རྣ་
Vol. 122 · folio 76b
བའི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་དང་ཡུལ་ཡང་འདི་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ནི་དགེ་མི་དགེ་ལ་སོགས་པ་ཅི་རིགས་པར་འགྱུར་རོ། །མཚན་ཉིད་ནི་བདག་པོའི་རྐྱེན་ཡིད་ལ་བརྟེན་ནས་ཡུལ་གྱི་རྣམ་པར་སྣང་བའོ། །ཡིད་ཀྱང་
དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་པའམ། རང་གི་རིགས་ཀྱི་སྐད་ཅིག་མ་སྔ་མའོ། །འདིའི་ཡུལ་ནི་དུས་གསུམ་གྱིས་བསྡུས་པའི་ཆོས་འདུས་བྱས་དང་འདུས་མ་བྱས་པའི་སྤྱི་ཡིན་ལ། ཡང་ཉེ་བར་གནས་པ་ལས་བྱུང་བ་ནི་རང་གི་མཚན་ཉིད་ལ་དམིགས་པ་ཡིན་ནོ་ཞེས་ཀྱང་
འཆད་དེ། ཚད་མས་གྲུབ་པ་ནི་མེད་དོ། །གཞན་ཡང་ཡིད་གོམས་པའི་སྟོབས་ཀྱིས་རང་གི་མཚན་ཉིད་ཀྱི་དོན་གསལ་བར་སྣང་བ་ཡང་ཕྱིའི་དོན་གྱི་ཚུལ་ཁས་ལེན་པ་རྣམས་འདོད་མོད་ཀྱི། ཡང་དག་པར་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཏོ། །འདི་རྣམས་ཀྱི་ལས་དང་མཚུངས་པར་ལྡན་པ་ལ་སོགས་པ་ཆོས་མངོན་པའི་
བསྟན་བཅོས་ལས་བཤད་པ་ནི་མདོ་སྡེ་པ་ལ་སོགས་པའི་བསྟན་བཅོས་དང་བསྟུན་ནས་ཀུན་རྫོབ་ཀྱི་ཚུལ་རྣམ་པར་གཞག་པ་སྤྲོས་ཏེ་བསྟན་པ་ཡིན་ལ། འདིར་ནི་དོན་ལ་གཞོལ་བ་ངེས་པའི་དོན་ཉིད་བསྟན་པ་ཡིན་པས་མི་སྤྲོའོ། །ཡང་ཀུན་གཞི་ལ་རྣམ་པར་ཤེས་པའི་ངོ་བོ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ་མཚན་
ཉིད་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་སྟེ། ཇི་སྐད་དུ་སྟུག་པོ་བཀོད་པའི་རྒྱན་ལས། ཐམས་ཅད་ས་བོན་ཀུན་གཞི་ལ། །རྣམ་པར་ཤེས་པ་ཀུན་ཀྱང་གནས། །རྣམ་ཤེས་བདུན་པོ་ཀུན་གཞི་ལས། །རབ་ཏུ་འབྱུང་ངོ་ཕན་ཚུན་གནས། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ཡང་
རྣམ་པར་ཤེས་པ་བདུན་པོ་རྣམས་འགག་པ་ན་རང་གི་རིགས་མཐུན་ཕྱི་མ་སྐྱེད་ནུས་ཀྱི་བག་ཆགས་ཀུན་གཞི་ལ་བསྒོས་པའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་རྒྱུ་མཐུན་པའི་བག་ཆགས་ཞེས་ཀྱང་བྱ་ལ། རྣམ་ཤེས་སྣ་ཚོགས་སུ་སྣང་ཞིང་སྤྲོས་པའི་བག་ཆགས་ཞེས་ཀྱང་བྱའོ། །གཟུང་འཛིན་གཉིས་སུ་སྣང་བ་ལ་སོགས་
པའི་བག་ཆགས་དང་ལྡན་པས་འཛིན་པ་གཉིས་ཀྱི་བག་ཆགས་ཞེས་པ་ལ་སོགས་པ་རྣམ་གྲངས་དུ་མ་ལུང་ལས་བཤད་པའོ། །རྣམ་ཤེས་བདུན་པོ་རྣམས་ནི་ཕན་ཚུན་ནམ་རང་རང་གི་བག་ཆགས་བསྒོ་བའི་རྟེན་དུ་མི་འཐད་དེ། །རྒྱུན་མི་བརྟེན་པས་ས་བོན་ཆུད་ཟོས་པར་འགྱུར་བ་སྟེ། ཇི་ལྟར་རྒྱུན་མི་བརྟེན་
Vol. 122 · folio 77a
པའི་སྐྱེས་བུ་ལ་ནོར་བཅོལ་ན་ཆུད་ཟོས་པར་འགྱུར་བ་བཞིན་ནོ། །ཀུན་གཞི་ནི་རྒྱུན་དང་ལྡན་པས་དེ་ལྟ་བུའི་ཉེས་པ་ལས་གྲོལ་བའོ། །ཡང་ཀུན་གཞི་དེ་ཉིད་ལ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། རྣམ་པར་སྨིན་པ་ནི་རྒྱུ་ཟག་པ་དང་བཅས་པའི་དགེ་བ་དང་
མི་དགེ་བ་ལས་བྱུང་ཞིང་། དེ་ཡང་རྒྱུ་དང་དུས་གཞན་གྱིས་ཆོད་པའི་འོག་ཏུ་བྱུང་བ་དང་། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང་། རང་གི་ངོ་བོ་ལུང་དུ་མ་བསྟན་པའོ་ཞེས་བསྟན་བཅོས་དག་ལས་བཤད་དོ། །གཞན་ཡང་དེ་ཉིད་ལ་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེས་ལུས་
འདི་གཟུང་ཞིང་བླངས་པའི་ཕྱིར་རོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལས་བཤད་པས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་མདོ་སྡེ་འདི་ཉིད་ལས་སྟོན་པར་འགྱུར་ཞིང་། མྱ་ངན་ལས་འདས་པ་ལ་སོགས་པའི་མདོ་སྡེ་གཞན་ལས་ཀྱང་གསུངས་ཏེ་སྐབས་སུ་བབ་པ་ན་བཤད་པར་བྱའོ། །འདིའི་
དམིགས་པའི་ཡུལ་ནི་འོག་ནས་སྟོན་པར་འགྱུར་རོ། །ལྡོག་པའི་དུས་ལ་རིགས་ཆད་པ་ཁས་ལེན་པ་རྣམས་ནི་དེ་འདྲ་བའི་གང་ཟག་ལ་ལྟོས་ཏེ་ལྡོག་པའི་དུས་མེད་དེ། ཕྱི་མའི་མཐར་ཐུག་པ་མེད་པའོ་ཞེས་འདོད་དོ། །མི་འཐད་པ་ཉིད་དུ་འོག་ནས་སྟོན་ཏོ། །དེས་ན་འདིར་ས་བོན་གྱི་ཆ་དང་རྣམ་པར་
སྨིན་པའི་ཆ་ལས་དང་པོ་ས་བོན་ལ་ཡང་གཉིས་ཏེ་ཟག་པ་དང་བཅས་པའི་ས་བོན་དང་། ཟག་པ་མེད་པའི་ས་བོན་ནོ། །དེ་ལ་ཟག་པ་དང་བཅས་པའི་ས་བོན་ཀྱང་གཉིས་ཡིན་པ་ལས། དང་པོ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་མཐོང་བའི་ལམ་སྐྱེས་པའི་དུས་ན་ལྡོག་ལ། བསྒོམ་པས་
སྤང་བར་བྱ་བ་ཡང་སྒོམ་པ་མཐར་ཐུག་པའི་དུས་ན་ལྡོག་པའོ། །ཟག་པ་མེད་པའི་ས་བོན་ནི་ལྡོག་པ་མི་འཐད་དེ། སངས་རྒྱས་པའི་གནས་སྐབས་ན་ཡང་ཟག་པ་མེད་པའི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུན་དང་ལྡན་པ་སྟེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་མི་གཡོས་ཏེ། །ཡེ་ཤེས་
གསུམ་ནི་དེ་ལ་བརྟེན། །ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་ས་བོན་དེ་རྣམས་ཀྱི་རྟེན་དུ་གྱུར་པ་ཀུན་གཞིའི་ངོ་བོར་གྱུར་པའི་རྟོགས་པའི་རང་བཞིན་ནི་རྒྱུན་མི་འཆད་པ་སྟེ། རྟོགས་པའི་བདག་ཉིད་ནི་དེ་འདྲ་བའི་རང་བཞིན་གྱི་འབྲས་བུ་ཕྱི་མ་ཕྱི་མ་རྣམས་སྐྱེད་པ་ལ། རྒྱུ་མ་ཚང་བ་མེད་པ་
Vol. 122 · folio 77b
ཉིད་དུ་ད་ལྟར་ཉམས་སུ་མྱོང་བས་གྲུབ་ལ། དེའི་ཕྱིར། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་པ་སྟེ་ལྡོག་པ་ཉིད་མི་འཐད་ཅེས་པའོ། །རྣམ་པར་སྨིན་པའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པའི་དུས་ན་ལྡོག་ཅེས་བཤད་པའོ། །གལ་ཏེ་དེ་ལྟ་ན་ལོངས་སྤྱོད་
རྫོགས་པའི་སྐུ་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པ་ནི་རྣམ་པར་སྨིན་པའི་སངས་རྒྱས་ཞེས་འོག་ནས་སྟོན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྔོན་དགེ་བ་གོམས་པའི་བག་ཆགས་ལས་བརྒྱུད་ནས་སྐྱེས་པས་རྣམ་པར་སྨིན་པ་ཞེས་བཏགས་སུ་ཟད་ཀྱི། རྣམ་པར་སྨིན་པ་དངོས་ནི་མ་ཡིན་ཏེ། ཟག་
པ་དང་བཅས་པའི་ལས་ཀྱིས་མ་བསྒྲུབས་པའི་ཕྱིར་རོ། །འདིའི་སྒྲུབ་པར་བྱེད་པའི་ཚད་མ་ཡང་འོག་ནས་སྟོན་པར་འགྱུར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། ངར་འཛིན་པ་ཕྲ་མོ་དང་ལྡན་པའི་དུས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འཆར་བའི་བགེགས་བྱེད་
པའི་ཕྱིར་རོ། །མཚན་ཉིད་ནི་ཀུན་གཞི་ལ་ང་ཡིར་འཛིན་པ་དང་བཅས་པ་སྟེ། ཇི་སྐད་དུ། ངར་སེམས་ཉིད་ནི་ཡིད་ཡིན་ནོ། །ཞེས་པ་དང་། ཡིད་ནི་བདག་ལ་བདག་ཅེས་ཏེ། ངར་འཛིན་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདིའི་དམིགས་པའི་ཡུལ་ནི་ཀུན་གཞི་རྣམ་པར་
ཤེས་པའོ། །དེ་ཡང་ས་བོན་གྱི་ཆ་ནི་དགེ་མི་དགེས་བསྡུས་པས་དེ་ལ་དམིགས་པར་མི་ནུས་ལ། འོན་ཀྱང་རྣམ་པར་སྨིན་པའི་ཆ་ལས་དམིགས་པ་ཡིན་ཞིང་། དེ་ཡང་རྣམ་པར་འཇོག་པའི་ཚུལ་གྱིས་དམིགས་པ་ནི་མ་ཡིན་གྱི་འཁྲུལ་པའི་གཞིར་གྱུར་པའི་སྒོ་ནས་དམིགས་པ་ཡིན་ནོ་ཞེས་འཆད་
པ་ནི་མི་འཐད་དེ། ཀུན་གཞི་ནི་ལུང་མ་བསྟན་གྱི་ས་བོན་ཀྱང་ཡིན་ཏེ། སྔར་བསྟན་པ་ལྟར། ཐམས་ཅད་ས་བོན་ཀུན་གཞི་ལ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་ས་བོན་ནི་དགེ་མི་དགེས་བསྡུས་པ་མ་ཡིན་ནོ། །དེ་ལྟར་ཡིན་ཡང་འཁྲུལ་པའི་གཞིར་གྱུར་པའི་སྒོ་ནས་
དམིགས་པའི་ཡུལ་ཡིན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་དོ། །འདིའི་ལྡོག་པའི་དུས་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་འདས་པའི་ལམ་ལ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །དགྲ་བཅོམ་ཉིད་ནི་དེ་ལྡོག་གོ། །ཞེས་གསུངས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་
Vol. 122 · folio 78a
མཐོང་བའི་ལམ་ལ་སོགས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་མེད་པ་ནི་རང་གི་ངོ་བོ་གྲོལ་བ་སྟེ། རེ་ཞིག་མངོན་དུ་རྒྱུ་བ་ལོག་པ་ཡིན་གྱི་ས་བོན་སྤངས་པའི་སྒོ་ནས་གཏན་དུ་ལོག་པ་གང་ཟག་གི་རྒྱུད་གྲོལ་བ་ནི་མ་ཡིན་ནོ། །དགྲ་བཅོམ་པའི་རྒྱུད་ལ་ལྡོག་
པ་ནི་ས་བོན་དང་བཅས་ཏེ་སྤངས་པ་གཏན་དུ་ལྡོག་པའོ་ཞེས་ཆོས་མངོན་པའི་བསྟན་བཅོས་ལས་བཤད་མོད་ཀྱི། འདི་ཡང་མི་འཐད་པ་ཉིད་དུ་འོག་ནས་སྟོན་པར་འགྱུར་རོ། །དེའི་ཕྱིར་ས་བོན་དང་བཅས་ཏེ་གཏན་དུ་ལྡོག་པ་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡན་ཆོད་དམ་ཡང་ན་
སངས་རྒྱས་པ་ཉིད་ཀྱི་གནས་སྐབས་སོ། །འདིའི་སྒྲུབ་པར་བྱེད་པ་ནི་ཡིད་ཆེས་པའི་ལུང་ལས་གཞན་དངོས་པོ་སྟོབས་ཀྱིས་ཞུགས་པའི་ཚད་མ་ནི་མ་མཐོང་ངོ་། །དེ་ལྟར་རྒྱས་པར་ཕྱེ་ན་བརྒྱད་དུ་གསུངས་པའི་རྣམ་པར་ཤེས་པ་ནི་གསལ་བར་རམ་རགས་པར་འཇུག་པའི་དབང་དུ་བྱས་ཏེ། མདོར་
བསྡུས་ནས་རྣམ་པར་ཕྱེ་ན་རྣམ་པ་གཉིས་ཏེ། སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྟོག་པའི་རྣམ་པར་ཤེས་པའོ། །དེ་ལྟར་དབྱེ་བའི་ཚུལ་བསྟན་ནས་སོ་སོའི་རང་བཞིན་དང་འཇུག་པའི་ཚུལ་ལ་སོགས་པ་སྟོན་པ་ནི་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའོ། །ཇི་ལྟར་མེ་ལོང་ལ་
གཟུགས་བརྙན་སྣང་བ་ནི་ཕྱི་རོལ་རྫས་སུ་གྲུབ་པ་མེད་པ་བཞིན་དུ། གཟུགས་དང་སྒྲ་ལ་སོགས་པ་ཡང་ཕྱི་རོལ་རྫས་སུ་གྲུབ་པ་ནི་མེད་དེ། སེམས་ཉིད་ཀྱི་རྣམ་པའོ། །དེ་འདྲ་བ་ལ་འཛིན་པ་ནི་སྒོ་ལྔའི་རྣམ་པར་ཤེས་པ་སྟེ། སྣང་བའི་རྣམ་པར་ཤེས་པ་ཞེས་གཅིག་ཏུ་བསྟན་པའོ། །དངོས་པོ་
སོ་སོར་རྣམ་པར་རྟོག་པ་ནི་ཚོལ་བ་དང་ངེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དོན་འདི་ནི་འདི་ལྟར་ཡིན་གྱི་གཞན་དུ་མ་ཡིན་ཞེས་ངེས་པའམ། ཐེ་ཚོམ་གྱི་རྣམ་པ་ཅན་གྱི་བློའོ། །དེ་གཉིས་ཀྱང་རྟོགས་པའི་བདག་ཉིད་ཀྱི་སྤྱིའི་མཚན་ཉིད་ཐ་མི་དད་ཅིང་ཕན་ཚུན་གཅིག་གི་རྒྱུ་གཅིག་ཡིན་ཏེ།
དེའི་དོན་ཡང་སྒོ་ལྔའི་རྣམ་པར་ཤེས་པའི་རྒྱུན་གྱི་ཐོག་མ་ནི་ཡིད་ཀྱི་རྣམ་པར་ཤེས་པས་དེ་མ་ཐག་པའི་རྐྱེན་བྱས་ནས་སྐྱེ་བར་འགྱུར་ལ། ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དོན་གྱི་རྣམ་པར་སྣང་བ་ན་དེས་དེ་མ་ཐག་པའི་རྐྱེན་བྱས་ནས་དེའི་རྗེས་ཐོགས་སུ་ཅི་དོན་འདི་འདི་ལྟར་ཡིན་ནམ་གཞན་
Vol. 122 · folio 78b
དུ་ཡིན་ཞེས་ཚོལ་བ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའོ། །ཡང་རྣམ་པར་ཤེས་པ་སྔ་མའི་རྒྱུའི་རྐྱེན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་རིགས་མཐུན་པ་ལ་སོགས་པའི་བག་ཆགས་ཉན་ཐོས་ལ་སོགས་པའི་བསམ་པའི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་
པ་ཡིན་ལ། དེ་ཉིད་ཡོངས་སུ་སྨིན་ཅིང་སད་པའི་རྒྱུ་ལས་བྱུང་བ་སྟེ། དེས་རྒྱུའི་རྐྱེན་བྱས་པའི་ཚུལ་གྱིས་བསྐྱེད་པའོ། །བདག་པོའི་རྐྱེན་ནི་སྔར་བསྟན་པ་ལྟར་རོ། །དམིགས་པའི་རྐྱེན་སེམས་ལས་ཐ་དད་པ་ནི་ཁས་མི་ལེན་ཏེ། དོན་འདི་ཡང་སྔར་བསྟན་པ་བཞིན་ནོ། །རྣམ་པར་ཤེས་
པ་གཉིས་པའི་ད་མ་ཐག་པའི་རྐྱེན་ནི་སྔ་མ་ལྟར་སྣང་བའི་རྣམ་པར་ཤེས་པ་ཡང་ཡིན་ལ། ཡུལ་ལ་རྣམ་པར་རྟོག་པའི་རྒྱུ་སྟེ་རང་གི་རིགས་སྔ་མ་ལས་ཀྱང་བྱུང་བའོ། །གཞན་ཡང་རྒྱུའི་རྐྱེན་ནི་ཐོག་མ་མེད་པའི་ཞེས་པ་ལ་སོགས་པ་སྟེ། རིགས་མཐུན་པའི་རྒྱུ་ལ་ཐོག་མ་མེད་པ་སྤྲོས་པ་སྣ་
ཚོགས་ཀྱི་བག་ཆགས་ཀུན་གཞི་ལ་ཡོད་པའོ། །བདག་པོའི་རྐྱེན་ནི་སྔར་བསྟན་པའོ། །གལ་ཏེ་དེ་ལྟ་ན་བདག་པོའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་གཉིས་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དངོས་པོ་གཅིག་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་བསྐྱེད་པའི་ཆ་
ནས་ནི། །དེ་མ་ཐག་པའི་རྐྱེན་ཞེས་བྱ་ལ། ཡུལ་ལ་འཛིན་ནུས་སུ་བསྐྱེད་པའི་ཆ་ནས་བདག་པོའི་རྐྱེན་ཞེས་ཀྱང་བྱ་སྟེ། དངོས་པོ་ཐ་དད་པ་ནི་ཁས་མི་ལེན་པའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་སྔ་མ་དང་མཚུངས་སོ། །དེ་ལ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་རྣམས་ཀྱི་འགག་པའི་
ཚུལ་སྟོན་ཏེ། དབང་པོ་དྲུག་གི་རྣམ་པར་ཤེས་པ་ཐམས་ཅད་འགག་པར་འགྱུར་བའི་རྒྱུ་མཚན་ནི་ཀུན་གཞི་ལ་ཡོད་པའི་བག་ཆགས་རྒྱུའི་རྐྱེན་འགགས་པ་སྟེ། དེ་ཡང་བག་ཆགས་ནི་རྣམ་ཤེས་སྐྱེད་ནུས་པའི་ཁྱད་པར་འགའ་ཞིག་ཡིན་ལ། དེ་ཡང་ནུས་པ་ཅན་ཀུན་གཞི་ལས་ཐ་དད་པ་མ་ཡིན་
པས་འདིར་ཀུན་གཞི་དང་བག་ཆགས་གཞི་མཐུན་པའི་བསྡུ་བ་བྱས་པའོ། །གལ་ཏེ་འདིར་རྟོག་པས་དབེན་པ་སྣང་བའི་བག་ཆགས་ཀྱང་རྣམ་པར་ཤེས་པ་དེ་རྣམས་ཀྱི་རྒྱུའི་རྐྱེན་མ་ཡིན་ནམ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་ཅེས་དེ་ཉིད་འབའ་ཞིག་ཅི་སྟེ་བརྗོད་ཅེ་ན། བདེན་མོད་ཀྱི། རྟོགས་
Vol. 122 · folio 79a
པའི་བྱེད་པས་དབེན་པའི་སྣང་བ་ཙམ་གྱིས་ནི་རང་གི་རིགས་མཐུན་ཕྱི་མ་སྐྱེད་ནུས་པའི་བག་ཆགས་འཇོག་པར་མི་ནུས་ཞེས་འོག་ནས་སྟོན་པས་བག་ཆགས་འཇོག་པ་ལ་རྟོག་པའི་བྱེད་པ་འཇུག་པའི་ཕྱིར་དེ་སྐད་སྨྲས་པའོ། །དེ་ལ་མཚན་ཉིད་འགག་ཅེས་པ་ནི་ལས་ཀྱི་
མཚན་ཉིད་དེ། བག་ཆགས་སམ་དེ་དང་ཐ་མི་དད་པའི་ཀུན་གཞིའི་སྐད་ཅིག་མ་དང་། གཞན་ཡང་རྣམ་པར་ཤེས་པ་དེ་རྣམས་ཀྱི་རྒྱུན་ལ་ཡང་མཚན་ཉིད་ཀྱིས་ཁྱབ་པས་དེ་རྣམས་འགག་པ་ནི་མཚན་ཉིད་འགག་པའོ། །དེ་ལ་རྒྱུན་འགག་ཅེས་པའི་རྒྱུན་ནི་སྔར་བསྟན་པ་ལྟར་རང་རང་གི་
རིགས་ཀྱི་འབྲས་བུར་གྱུར་པའི་སྐད་ཅིག་མ་དུ་མ་གང་ལས་རྒྱུན་དུ་འབྱུང་བ་ཡིན་ཏེ། དེ་ལ་གང་ལས་ཞེས་བྱ་བ་ནི་གང་ལ་གནས་པ་ཀུན་གཞི་ལ་ཡོད་པའི་བག་ཆགས་རྒྱུའི་རྐྱེན་དང་། གང་ལ་དམིགས་པ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པ་གཟུགས་ལ་སོགས་པའི་རྣམ་པ་དམིགས་པ་ཉིད་དུ་སྔར་
བསྟན་པའོ། །གལ་ཏེ་འདིར་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་། དེའི་གནས་ཀུན་གཞི་རྣམ་པར་ཤེས་པ་གཅིག་གམ་ཐ་དད་ཅེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན་ཞེས་པའི་དོན་ནི་
འཇིམ་པའི་གང་བུ་འཇིམ་པའི་རྡུལ་ཕྲ་རབ་ཀྱི་བཀོད་པ་མ་ཡིན་པར་འགྱུར་བ་ལས། དེའི་བཀོད་པ་ཡིན་པའི་ཕྱིར་བཀོད་པ་དང་བཀོད་པ་ཅན་ཐ་དད་པར་འགལ་ཏེ། ཇི་ལྟར་ན་ངར་བའི་རིང་པོ་བཞིན་ནོ། །དེ་སྟེ་གཅིག་པ་ཡིན་ན་ཡང་དེ་དག་ཕྱོགས་ཐམས་ཅད་ནས་ཁྱད་པར་མེད་པའི་ཕྱིར། འཇིམ་
པའི་གོང་བུས་བྱ་བ་གང་བྱེད་པ་དེ་ཉིད་རྡུལ་ཕྲ་རབ་སོ་སོ་བས་ཀྱང་བྱེད་པར་འགྱུར་རོ། །དེ་བཞིན་དུ་གསེར་དང་གསེར་གྱི་སྡེ་བུ་ཡང་བདག་ཉིད་ཐམས་ཅད་ནས་གཅིག་པར་གྱུར་ན་ཉེས་པ་འདི་ཉིད་དུ་འགྱུར་བའོ། །རིགས་ཀྱི་མཚན་ཉིད་ཅེས་པ་ནི་དེ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྗེས་སུ་མཐུན་པའི་རྒྱུར་
གྱུར་པ་འམ། །ཡང་ན་དེ་ཉིད་ཀྱི་རྒྱུན་ལ་རིགས་ཞེས་བྱའོ། །དེ་དག་ཐ་དད་ན་དེའི་རྒྱུ་ལས་འབྱུང་བར་མི་འགྱུར་ཞེས་པའི་དོན་ནི་དེ་ཁོ་ན་ཉིད་དུ་བསམས་ན་ཐ་དད་དུས་མཉམ་པ་དང་མི་མཉམ་པ་གཉིས་ཀ་རྒྱུར་མི་འཐད་ཅེས་འོག་ནས་སྟོན་པར་འགྱུར་བའོ། །དེ་སྟེ་ཐ་དད་མ་ཡིན་ཞེས་པ་བདག་ཉིད་ཐམས་
Vol. 122 · folio 79b
ཅད་ནས་གཅིག་པ་ཉིད་ཡིན་ན་ཞེས་པ་ལ་སོགས་པ་སྟེ་ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །རྣམ་པར་ཤེས་པ་རྣམས་ཀྱི་རང་གི་རིགས་ཀྱི་མཚན་ཉིད་ནི་དེ་རྣམས་ཀྱི་རིགས་མཐུན་པའི་རྒྱུར་གྱུར་པ། ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་དང་ཐ་མི་དད་པ་ཟག་པ་མེད་པའི་ཆོས་ཀྱི་ས་བོན་ནི་སྔར་
བསྟན་པ་ལྟར་རྒྱུན་འགག་པར་མི་འགྱུར་ལ་ལས་ཀྱི་མཚན་ཉིད་དེ་འཇུག་པའི་རྣམ་པར་ཤེས་པས་བསྒོས་པའི་བག་ཆགས་ཟག་པ་དང་བཅས་པའི་ས་བོན་ནི་ཅི་རིགས་པར་འགགས་པའོ། །གལ་ཏེ་དེ་ལྟ་ན་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་བཤད་པ་
དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ཟག་པ་དང་བཅས་པའི་ས་བོན་དང་། རྣམ་པར་སྨིན་པའི་ཆ་གློ་བུར་གྱི་དྲི་མ་རྣམས་གནས་གྱུར་པ་ཡིན་གྱི། དེའི་རང་བཞིན་ལ་སོགས་པ་ནི་སྔ་མ་ལྟར་རྒྱུར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་ཆོམ་རྐུན་གྱུར་པར་གྲགས་པའི་སྐྱེས་བུ་སྔར་གྱི་ཉེས་པར་སྤྱོད་པ་དང་། ཁྱིམ་
པའི་རྟགས་སྤངས་པ་ན་སྐྱེས་བུ་དེ་ཉིད་གཞན་དུ་འགྱུར་ཞེས་བརྗོད་ཀྱི་དེའི་རང་བཞིན་འགགས་པ་མ་ཡིན་པ་བཞིན་ནོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་རིགས་ཀྱི་མཚན་ཉིད་དམ་རྒྱུན་ནི་འགལ་རྐྱེན་དང་མཐུན་པའི་རྐྱེན་རྣམས་ཀྱི་ནུས་པའི་བྱེ་བྲག་གིས་སྐད་ཅིག་གཉིས་དང་གསུམ་ནས་
ལོ་དང་བསྐལ་པ་ལ་སོགས་པའི་བར་དུ་ཅི་རིགས་པར་འགག་པར་འགྱུར་ལ། ཡང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་མཚན་ཉིད་དང་ལྡན་པའི་སྐད་ཅིག་གི་དངོས་པོ་ནི་རང་ཉིད་སྐྱེ་བའི་དུས་ལས་སྐད་ཅིག་གཉིས་ཕན་ཆད་མི་གནས་ཏེ་འགག་པར་འགྱུར་བའོ། །འགག་པའི་ཚུལ་བསྟན་པ་འདི་ཉིད་
ཀྱིས་རྣམ་པར་ཤེས་པ་རྣམས་ཀྱི་གནས་པ་དང་སྐྱེ་བའི་ཚུལ་ཡང་ཤེས་པར་བྱ་སྟེ། དེ་ལ་རྐྱེན་རྣམས་ཀྱི་ནུས་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་འགའ་ཞིག་ནི་སྐད་ཅིག་གཅིག་པའི་ངོ་བོར་སྐྱེ་ལ། འགའ་ཞིག་ནི་སྐད་ཅིག་མ་གཉིས་དང་གསུམ་ལ་སོགས་པའི་རྒྱུན་དང་ལྡན་པར་སྐྱེ་བའོ། །
འདིར་ཐམས་ཅད་དུ་རྐྱེན་བཞིའི་བྱེ་བྲག་ཐ་དད་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་ཚད་མས་གྲུབ་པ་མེད་པས་ཁས་བླང་བར་མི་བྱའོ། །དེ་ལྟར་ན་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུན་(ན་‚ནི་)སྐད་ཅིག་ལས་ཐ་དད་པར་རྫས་སུ་གྲུབ་པ་མེད་པས་སྐད་ཅིག་གི་མཐར་ཐུག་ལ། སྐད་ཅིག་ཀྱང་ཐོག་མ་དང་དབུས་ལ་
Vol. 122 · folio 80a
སོགས་པའི་བྱེ་བྲག་གིས་ཐ་དད་པ་སྟེ་སྔར་བསྟན་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དབང་གི་རང་བཞིན་འདུས་བྱས་པའི་དངོས་པོ་ནི་དོན་དམ་པར་སྟོང་པ་ཉིད་ཅེས་བྱའོ། །གཞན་ཡང་འཇུག་པའི་རྣམ་པར་ཤེས་པ་དང་། རྟེན་ཀུན་གཞི་རྣམ་པར་ཤེས་པ་གཅིག་དང་ཐ་
དད་ལས་གྲོལ་བ་ཉིད་ཀྱི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པ་སྟེ། སྐབས་ཀྱི་དོན་འདི་རྣམས་ཀྱང་། སྔར་གྱི་རྐྱེན་གྱིས་སྐྱེ་བ་ཇི་ལྟ་བུ། །འབྲས་བུ་ཅི་ལགས་རྒྱུ་ནི་ཅི་ལགས་གང་། །ཞེས་རྒོལ་བའི་ལན་དུ་སྦྱར་ཏེ། ཀུན་རྫོབ་དང་དོན་དམ་པའི་ཚུལ་ཇི་ལྟར་བསྟན་པ་བཞིན་ནོ། །ཡང་འདིར་གལ་ཏེ་ཀུན་
གཞིའི་རྒྱུན་འགགས་པ་ན་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཐམས་ཅད་རྒྱ་མཚོ་དང་རླབས་བཞིན་དུ་འགག་པར་འགྱུར་ཏེ། དེ་ལྟ་ན་ཆད་པར་སྨྲ་བའི་མུ་སྟེགས་རྒྱང་འཕེན་པ་དག་སེམས་ཅན་གྱི་ལུས་ནི་ཆང་དང་། ཆང་གི་ནུས་པ་ལྟར་སེམས་ལས་ཐ་དད་པ་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་མངོན་པར་
གསལ་བའི་སེམས་པ་ཅན་ཞེས་བྱ་བ་ལ། དེ་ཡང་འཆི་བའི་དུས་བྱས་པ་ན་མངོན་པར་མི་གསལ་བའི་སེམས་པ་ཅན་འབྱུང་བ་བཞིའི་བག་ལ་ཞ་བར་འགྱུར་ཏེ། དེ་ལས་གཞན་འཇིག་རྟེན་སྔ་ཕྱིས་བསྡུས་པའི་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ལས་དང་འབྲས་བུའི་འབྲེལ་བ་
ནི་མེད་དོ་ཞེས་སྨྲ་བ་དང་ཁྱད་པར་མེད་པར་འགྱུར་ཞེས་པའོ། །འདིར་ཡུལ་ལ་འཛིན་པ་ནི་མངོན་པར་གསལ་བའི་སེམས་པའོ། །རྒྱུན་ཆད་པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེས་བསྡུས་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་ཞེས་པའོ། །ཐོག་མ་མེད་པའི་དུས་ཀྱི་རྒྱུན་ནི་
འཁོར་བ་སྟེ། གཉེན་པོ་གོམས་པ་མེད་པར་རྒྱུན་ཆད་པར་འགྱུར་ཞེས་པའོ། །དེ་ལ་ཐོག་མ་མེད་པ་ནི་གཞན་གྱི་ལུགས་རྗེས་སུ་བརྗོད་པ་ཡིན་གྱི་དེ་དག་གི་ལུགས་ཀྱིས་ནི་འཁོར་བ་ལ་ཐོག་མ་མེད་པར་མི་འདོད་དོ། །གལ་ཏེ་དེ་ལས་གཞན་པའི་མུ་སྟེགས་པ་རྣམས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་ལ་
སོགས་པའི་ཚུལ་ཇི་ལྟར་འདོད་ཅེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་དང་སྣང་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། སྔར་བསྟན་པའི་རྐྱེན་རྣམས་ལས་ཤེས་པའོ། །དེ་དག་གི་རྒྱུ་ནི་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་མིག་གི་བློ་ལ་སོགས་པ་རྣམ་པར་འགྱུར་
Vol. 122 · folio 80b
བ་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་དང་། ནང་གི་སྐྱེས་བུ་རིག་པའི་བདག་ཉིད་དུ་གྱུར་པ་ཡུལ་འཛིན་ཅིང་ལོངས་སྤྱོད་པའི་བྱེད་པ་པོར་འདོད་པ་དང་། ཡང་རིག་བྱེད་ཀྱི་མཐའ་པ་དག་སྣ་ཚོགས་པ་ཐམས་ཅད་སྐྱེས་བུའི་རྣམ་པར་རིག་པ་ཙམ་ཉིད་ཀྱི་རྣམ་པར་འཕྲུལ་པ་སྟེ། དེ་ཉིད་ཀྱི་རྒྱུ་ལས་བྱུང་བར་
འདོད་པ་དང་། གཞན་ཡང་རིག་པ་ཅན་དང་བྱེ་བྲག་པ་རྣམས་དབང་ཕྱུག་གི་བྱིན་གྱི་རླབས་ཀྱིས་བདག་དང་ཡིད་ཀུན་དུ་སྦྱོར་བ་ལས་ཤེས་པ་སྐྱེ་བར་འདོད་པ་དང་། འགའ་ཞིག་གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བ་རྣམས་ཁྱད་པར་དུ་འཕགས་པའི་བློ་དབང་ཕྱུག་སྔོན་དུ་སོང་བར་འདོད་པ་དང་།
དངོས་པོ་ཐམས་ཅད་དུས་ཀྱི་དབང་གིས་འབྱུང་བར་འདོད་པ་དང་། རིགས་མཐུན་པས་རྡུལ་ཕན་ཚུན་སྦྱོར་བ་ལས་རགས་པ་ཡན་ལག་ཅན་གྱི་རྫས་རྩོམ་པར་འདོད་ཅིང་། དེ་ལས་ཡོན་ཏན་ལ་སོགས་པ་སྐྱེ་བ་འདོད་པ་སྟེ། རྒྱུ་དང་འབྲས་བུའི་ཚུལ་འདི་དག་ནི་ཡང་དག་པའི་ཀུན་རྫོབ་ཉིད་དུ་ཡང་
མི་འཐད་པར་འོག་ནས་བསྟན་པར་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་གྱི་རྐྱེན་གྱིས་སྐྱེ་བའི་ཁྱད་པར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ཀྱིས་བསྡུས་པ། སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཚུལ་མདོར་བསྡུས་ཏེ་བསྟན་པ་འམ། ཡང་། སེམས་ཅན་
དངོས་པོའི་རྣམ་གྲངས་དང་། མངོན་པར་བརྗོད་པ་སུ་ཡིས་བསྐྱེད། །ཅེས་པའི་ལན་བསྡུས་ཏེ་བསྟན་པའོ། །དེ་ལས་འདུ་བའི་དངོས་པོའི་རང་བཞིན་ནི་རྒྱུ་ཀུན་འབྱུང་གི་བདེན་པ་སྟེ། ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུ་རྐྱེན་ཕན་ཚུན་འདུ་ཞིང་སྦྱོར་བའི་དངོས་པོའོ། །དངོས་པོའི་རང་བཞིན་
གྱི་དངོས་པོ་ནི་དེ་ལས་ད་ལྟར་གྱི་མིང་དང་གཟུགས་ལ་སོགས་པའི་ཕུང་པོ་མངོན་པར་འགྲུབ་པ་སྡུག་བསྔལ་གྱི་བདེན་པར་རྟོགས་པའོ། །མཚན་ཉིད་ཀྱི་དངོས་པོ་ནི་ད་ལྟར་གྱི་ཕུང་པོས་བསྡུས་པའི་ཚོར་བ་འམ་ཚོར་བའི་རྒྱུ་ལ་མངོན་པར་ཆགས་པའི་སྲེད་པ་དང་། ལེན་པ་དང་། དེ་དག་གིས་མ་
འོངས་པའི་ཕུང་པོ་འགྲུབ་པར་བྱེད་པའི་འདུ་བྱེད་ཀྱི་ས་བོན་མཐུ་དང་ལྡན་པར་བྱས་པ་སྟེ། སྲིད་པ་ཞེས་གྲགས་པའོ། །དེ་རྣམས་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གཉི་གའི་ཆར་གཏོགས་པ་སྟེ། སྔོན་གྱི་ལས་དང་ཉོན་མོངས་པའི་འབྲས་བུར་གྱུར་པ་དང་། མ་འོངས་པའི་ཟག་པ་དང་བཅས་པའི་
Vol. 122 · folio 81a
ཕུང་པོ་འགྲུབ་པར་བྱེད་པའི་རྒྱུར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཡིན་པས་མཚན་ཉིད་ཀྱི་དངོས་པོ་ཞེས་བྱའོ། །འབྱུང་བ་ཆེན་པོའི་རང་བཞིན་གྱི་དངོས་པོ་ནི་དེ་དག་གིས་བསྡུས་པ་ཕྱི་དང་ནང་གི་འབྱུང་བ་སྟེ། སེམས་ཅན་གྱི་སྐྱེ་
བའི་གནས་ཀྱིས་བསྡུས་པའོ། །དེ་ཡང་སེམས་ཀྱི་སྣང་བ་ལས་མ་གཏོགས་པ་བེམས་པོའི་ངོ་བོ་ནི་གྲུབ་པ་མེད་ཅེས་བསྟན་ཏོ། །རྒྱུའི་དངོས་པོ་ནི་འདུ་བྱེད་ཀྱི་ས་བོན་དང་ལྡན་པ་ཀུན་གཞི་རྣམ་པར་ཤེས་པ་སྟེ། མ་རྟོགས་ན་འཁོར་བའི་ཉེ་བར་ལེན་པའི་རྒྱུར་འགྱུར་བའོ། །རྐྱེན་གྱི་དངོས་
པོ་ནི་མ་རིག་པ་དང་འདུ་བྱེད་དང་སྲེད་པ་ལ་སོགས་པ་སྟེ། སྔར་གྱི་འདུ་བའི་དོན་ཉིད་ཀྱང་གསལ་བར་བསྟན་པ་སྟེ། འོན་ཀྱང་ད་ལྟར་གྱི་གནས་སྐབས་ལས་མ་འོངས་པའི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུ་དང་རྐྱེན་ལ་སྦྱོར་བས་ཟློས་པའི་ཉེས་པར་འགྱུར་བ་ནི་མ་ཡིན་ནོ། །འགྲུབ་པའི་དངོས་
པོ་ནི་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་སྐྱེ་བ་དང་རྒ་ཤིས་བསྡུས་པ་དང་། མ་འོངས་པའི་ཕུང་པོ་འགྲུབ་པ་སྟེ། དེ་ལྟར་ན་སྲེད་པའི་ཡན་ལག་རྣམས་ཀྱང་ཚེ་གསུམ་གྱིས་བསྡུས་པ་སྟེ། ཞིབ་ཏུ་ནི་འོག་ནས་བསྟན་པར་བྱའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་དེ་
རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དོན་དམ་པའི་བདེན་པ་སྟོན་ཏེ། སྔར་གྱི་དེ་བཞིན་ཉིད་ནི་རྣམ་པ་དུ་ཞེས་པའི་ལན་དུ་སྦྱར་བར་བྱའོ། །དེ་ལ་སེམས་ཀྱི་སྤྱོད་ཡུལ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་སྤྲོས་པ་གཅོད་བྱེད་ཀྱི་རྗེས་སུ་དཔག་པའི་
ཚད་མའི་ཡུལ་ལོ། །དེ་ཡང་སླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཞེས་པ་དང་། དེས་གཏན་ལ་ཕབ་པའི་དོན་དམ་པ་སྟེ་ཞེས་གསུངས་པའོ། །ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བའི་ཤེས་རབ་དྲོད་དང་རྩེ་མོའི་གནས་སྐབས་ཀྱིས་བསྡུས་པ་ཅུང་
ཟད་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དེ། དེ་སྐད་དུ་ཡང་ཡེ་ཤེས་ཀྱི་ཚོགས་ནི་དྲོད་དང་རྩེ་མོའི་གནས་སྐབས་ཡན་ཆད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བཤད་པས་སོ། །ལྟ་བ་གཉིས་ཀྱི་སྤྱོད་ཡུལ་ནི་གང་ཟག་དང་ཆོས་ཀྱི་
Vol. 122 · folio 81b
བདག་ཏུ་ལྟ་བ་དང་བཅས་པ་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ཀྱི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དེ། དེ་སྐད་དུ་ཡང་། གང་ཟག་དང་ཆོས་ཀྱི་བདག་ལ་ཀུན་དུ་རྨོངས་པས་ས་དང་པོ་ལ་སྒྲིབ་པོ་ཞེས་སྔར་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལས་ཀྱང་བཟོད་པ་དང་འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་གོ་རིམས་བཞིན་དུ། གང་ཟག་རྫས་ལ་བརྟེན་པ་དང་། སྐྱེས་བུ་བཏགས་པ་ལ་བརྟེན་པའི་འཛིན་པའི་རྟོག་པ་གཉིས་དང་ལྡན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་ནི་དེ་
འདྲ་བའི་རྣམ་རྟོག་རགས་པ་སྤངས་པ་མཐོང་ལམ་ཡན་ཆོད་ཀྱི་ཡེ་ཤེས་དང་། དེའི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དེ་སྐད་དུ་ཡང་། སྔར་གྱི་ལྟ་བ་གཉིས་ལ་སོགས་པ་མཐོང་བ་དང་། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཉིད་དུ་གསུངས་པ་དང་
དེ་འདྲ་བའི་རྨོངས་པའི་སྒྲིབ་པ་སྤངས་པས་ས་དང་པོ་ཐོབ་པ་ཉིད་དུ་གསུངས་པས་སོ། །སྣང་བ་མེད་པའི་སྤྱོད་ཡུལ་ནི་མདོ་སྡེ་འདི་ཉིད་ལས། །སྣང་བ་མེད་པ་བརྒྱད་པ་སྟེ། །ཞེས་གསུངས་པས་ཁྱད་པར་དུ་ས་བརྒྱད་པ་ཡན་ཆད་ཀྱི་ཡེ་ཤེས་དང་དེའི་ཡུལ་ལོ། །སྲས་ཀྱི་ས་ལས་འདའ་བའི་
སྤྱོད་ཡུལ་ནི་སངས་རྒྱས་ཀྱི་ས་ལ་འཇུག་པ་དཔའ་བར་འགྲོ་བ་འམ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཡེ་ཤེས་དང་དེའི་ཡུལ་ལོ། །དེ་བཞིན་གཤེགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཆོས་ཀྱི་སྐུའི་ཡེ་ཤེས་མཉམ་པར་གཞག་པ་
དང་རྗེས་ཀྱི་གནས་སྐབས་དང་དེའི་ཡུལ་དུ་འགྱུར་བའོ། །འདིར་ཐམས་ཅད་དུ་ཡང་ཡུལ་དང་ཡུལ་ཅན་ཐ་དད་པ་ནི་མིན་ཏེ། འོན་ཀྱང་སོ་སོ་རང་རིག་པའི་ཚུལ་དུ་རང་རང་གི་ཆོས་ཉིད་ལ་སྒྲོ་འདོགས་གཅོད་པའོ། །གལ་ཏེ་དེ་ལྟ་ན་ཐོག་མར་བསྟན་པ་རྗེས་སུ་དཔག་པའི་ཚད་མ་རྟོག་མེད་དུ་
འགྱུར་རོ་ཞེ་ན། རང་གི་རང་བཞིན་དུ་གྱུར་པའི་སྣང་བ་ལ་ཕྱིན་ཅི་ལོག་གི་སྒྲོ་འདོགས་གཅོད་པའི་ཆ་ནས་རྟོག་པ་མེད་ཅིང་མ་འཁྲུལ་པ་ཉིད་དུ་འགྱུར་བ་ནི་འདོད་པ་ཉིད་ཡིན་ནོ། །འོན་ཀྱང་རང་གི་སྣང་བ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་ཅིང་སྤྱིའི་རྣམ་པ་སྒྲོ་བཏགས་ལ་འཛིན་པའི་ཆ་ནས་རྟོག་པ་དང་
Vol. 122 · folio 82a
བཅས་ཤིང་འཁྲུལ་བ་ཉིད་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མི་འདྲ་བར་བསྟན་པའོ། །དེ་ཡང་ཇི་ལྟར་ཐ་མལ་པ་རྣམས་ཀྱི་རྣམ་པར་རྟོག་པ་རང་གི་རང་བཞིན་ལ་ལྟོས་ཏེ་རང་རིག་པ་མངོན་སུམ་གྱི་ཚད་མ་ཡིན་ཀྱང་སྒྲ་དོན་སྤྱིའི་རྣམ་པ་ཐ་དད་པ་ལྟ་བུར་སྣང་ཞིང་ཞེན་པ་
པས་དེ་ཉིད་རྟོག་པའི་བདག་ཉིད་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་དེ་འདྲ་བའི་གང་ཟག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པའོ་ཞེས་མི་བརྗོད་པ་བཞིན་ནོ། །དེ་སྐད་དུ་ཡང་། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པར་འདོད། །རང་གི་ངོ་བོའི་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །
ཞེས་ཚད་མ་རྣམ་འགྲེལ་ལས་བསྟན་པ་དང་རྗེས་སུ་མཐུན་པར་འདིར་ཡང་རྐང་པ་གཉིས་ཀྱི་རྗེས་སུ། སྤྲོས་བྲལ་ཆོས་ཉིད་སྒྲ་དོན་མིན། །དེ་ཕྱིར་དེ་ལ་རྟོག་མེད་འགྱུར། །ཞེས་ཅི་སྟེ་མི་བརྗོད། །དེ་ལྟ་ན་ཡང་ཐ་མལ་པའི་མངོན་སུམ་དེ་ལྟ་བུ་དང་རྗེས་སུ་དཔག་པར་གྲགས་པ་ནི་ཕྱིན་ཅི་ལོག་གི་
བདག་ཉིད་ཡིན་པས། ཡང་དག་པའི་ཡེ་ཤེས་མིན་ཡང་སྤྲོས་པ་གཅོད་པར་བྱེད་པའི་རྗེས་སུ་དཔག་པ་ནི་ཇི་སྙེད་པའི་སྤྲོས་པ་གཅོད་པའི་ཆ་ནས་ཡང་དག་པའི་ཚད་མ་ཡིན་ཞིང་། དེས་སྤྲོས་པ་བཀག་པའི་དོན་ཡང་དོན་དམ་པ་དང་མཐུན་པའི་དོན་དམ་ཞེས་བྱའོ། །དེ་རྣམས་ཀྱིས་ཀྱང་ལམ་དང་
འགོག་པའི་བདེན་པ་བསྡུས་ཏེ། དེ་ལྟར་ན་དངོས་པོའི་རང་བཞིན་དང་། དོན་དམ་པའི་བདེན་པའི་རྣམ་གྲངས་བསྟན་པས་ནི་ཤེས་བྱ་བདེན་པ་བཞི་བསྟན་ཅིང་། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུས་ལ། དེ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པའི་རྣམ་པ་
ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་དུས་གསུམ་གྱི་སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་དེ་རྣམས་རྟོགས་པའི་ཕན་ཡོན་སྟོན་པ་ནི། འདི་དག་ནི་ཞེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱི་དངོས་པོའི་རང་བཞིན་ཞེས་པ་ལ་
སོགས་པ་ནི་དེ་རྣམས་ཀྱི་རྟོགས་པའི་དངོས་པོའི་རང་བཞིན་ཞེས་པ་ལ་སོགས་པའོ། །དེ་དང་ལྡན་ཞེས་པ་ཡང་རྟོགས་བྱ་ཉིད་དུ་ལྡན་པའོ། །འཇིག་རྟེན་ནི་བྱིས་པའི་སྐྱེ་བོ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་འཕགས་པ་ཉན་ཐོས་དང་རང་རྒྱལ་བའོ། །འཇིག་རྟེན་ལས་འདས་པ་
Vol. 122 · folio 82b
མཆོག་ནི་ཡང་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སོ། །དེ་རྣམས་ཀྱིས་བསྡུས་པའི་ཆོས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་སྔ་མ་ལྟར་བདེན་པ་གཉིས་ཀྱིས་བསྡུས་པ་རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པ་སྟེ། དེ་ལ་སྤྱིའི་མཚན་ཉིད་ནི་འདུས་
བྱས་ཐམས་ཅད་ནི་སྐྱེ་བ་དང་གནས་པ་དང་མི་རྟག་ཅེས་པ་འམ། རང་རང་གི་མཚན་ཉིད་དེ། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་། །ཞེས་པ་ལ་སོགས་པའོ། །ཤེས་རབ་ཀྱི་སྤྱན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །རྣམ་པར་འགོད་པ་ནི་རིགས་དང་སྐལ་བ་ཇི་ལྟ་
བ་བཞིན་དུ་བླང་བྱ་དང་དོར་བྱ་ལ་སོགས་པའི་བྱེ་བྲག་མ་འདྲེས་པར་སྟོན་པའོ། །ཚུལ་ཇི་ལྟར་འགོད་ཅེ་ན། མུ་སྟེགས་བྱེད་ཀྱི་ཞེས་པ་ལ་སོགས་པའོ། །དེ་ལ་ཐོག་མར་དབང་པོ་དམན་པ་རྣམས་ལ་སྟོན་པ་ནི། མུ་སྟེགས་བྱེད་ཀྱི་སྨྲ་བ་དང་ལྟ་བ་ངན་པ་སྟེ། གྲུབ་པའི་མཐའ་ཡིས་བློ་མ་
བསྒྱུར་བའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་ཐུན་མོང་དུ་མི་འགྱུར་བ་སྟེ། དེ་དག་དང་མ་འདྲེས་ཤིང་དེ་དག་གི་གཉེན་པོ་ཉིད་དུ་འགྱུར་བའི་ཆོས་སྟོན་པའོ། །ཇི་ལྟར་ན་དེ་རྣམས་དང་ཐུན་མོང་མ་ཡིན་པར་འགྱུར་ཞེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་ཤེས་
པ་རྣམས་ཀྱི་རང་བཞིན་དུ་གྱུར་པའི་ཡུལ་ལ་ཐ་དད་པ་བདེན་པར་རྣམ་པར་རྟོག་པའི་ལྟ་བ་ཁོང་དུ་མ་ཆུད་པ་སྟེ། དེའི་ཡུལ་ཡང་སེམས་ལས་ཐ་དད་མེད་པར་མ་ཤེས་ཤིང་། ཐ་དད་དུ་རྟོགས་པ་ཕྱིན་ཅི་ལོག་པ་ཉིད་དུ་ཁོང་དུ་མ་ཆུད་ཅེས་པའོ། །བདག་གི་སེམས་སྣང་བ་ཙམ་ཞེས་པ་ནི་དེ་ལྟར་
སྣང་བ་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ནོ་ཞེས་ཡོངས་གཅོད་ཀྱི་ཆ་ལ་མི་འཇུག་པ་སྟེ་བློས་མ་རྟོགས་པའོ། །དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མུ་སྟེགས་པའི་སེམས་ཙམ་སྨྲ་བ་ཁ་ཅིག་བདག་རིག་པ་གཉིས་མེད་ཀྱི་ངོ་བོ་ནི་དངོས་པོར་ཡོད་ལ། དེ་ལས་གཞན་པ་ཐམས་ཅད་ནི་དངོས་
པོར་མེད་ཅེས་པ་དང་། དེ་ལ་སོགས་པ་ཕྱི་རོལ་པ་དང་ཐ་མལ་པ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མི་ལྟོས་པར་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དོན་དམ་པར་ལྟ་བའི་ལྟ་བ་གཉིས་སུ་ལྟུང་བར་འགྱུར་ཏེ། དེའི་ཕྱིར་དེ་རྣམས་ནི་སྲིད་པའི་ཡན་ལག་བཅུ་གཉིས་ལས་མི་ལྡོག་
Vol. 122 · folio 83a
ཅིང་། གཞན་ཡང་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་གྱི་རྩ་བ་ལས་ཀྱང་མི་ལྡོག་སྟེ། དེས་ན་དེ་དག་རྣམ་པར་བཟློག་པའི་ཕྱིར་དེ་རྣམས་ཀྱི་ལྟ་བ་དང་མ་འདྲེས་པར་རང་གི་སེམས་སྣང་བའི་ཡུལ་སྒྱུ་མ་སྟེ། སྔར་བསྟན་པ་ལྟར་རྣམ་པར་རིག་པ་
ཙམ་གྱི་དབུ་མའི་ཚུལ་རྗེས་སུ་མཐོང་བར་འགྱུར་བའི་ཐབས་གང་ཟག་གི་བདག་གིས་སྟོང་པ་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་བཤད་པར་བྱའོ་ཞེས་པའོ། །དེ་ལྟར་བསྟན་པས་རིམ་གྱིས་དབང་པོ་ཅུང་ཟད་དག་ཅིང་སྟོང་པ་ཉིད་བཤད་པའི་སྐལ་བ་དང་ལྡན་པ་
རྣམས་ལ་སྟོང་པ་ཉིད་ཟབ་མོ་དངོས་སུ་སྟོན་པ་སྟེ། དེའི་དབང་དུ་བྱས་ནས་ལྟ་བ་ངན་པ་ནི། འཕགས་པ་ཉན་ཐོས་དང་རང་རྒྱལ་བ་གཟུང་འཛིན་དངོས་པོར་འདོད་པ་དང་། གཉིས་སུ་མེད་པའི་རང་རིག་དོན་དམ་པའི་དངོས་པོར་སྨྲ་བ་རྣམས་ཀྱང་སྟེ། འཆིང་བའི་རྒྱུ་ཉིད་དུ་ཁྱད་པར་མེད་
ཅིང་ཡུལ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནི་རྣམ་པར་དབེན་པ་ཉིད། །ཅེས་གསུངས་སོ། །ཡང་དེ་ལྟར་སྟོང་པ་ཉིད་བསྟན་པས་སྟོང་པ་ཉིད་
ཀྱི་མཚན་མར་འཛིན་ཅིང་། ལས་དང་འབྲས་བུའི་འབྲེལ་པ་ལ་སོགས་པ་ལ་སྐུར་པ་ཉིད་དུ་ལ་ལ་དག་འགྱུར་བས་དེ་རྣམ་པར་བཟློག་པའི་དོན་དུ་རྣམ་པར་རིག་པ་ཙམ་གྱི་དབུ་མ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཟབ་མོ་མདོ་སྡེ་འདི་ཉིད་དམ། འདིའི་རིགས་ཅན་རྣམས་ཀྱིས་བཤད་
པར་བྱའོ་ཞེས་སྟོན་ཏེ། དེའི་དབང་དུ་བྱས་ནས་ལྟ་བ་ངན་པ་ནི་སྟོང་པ་ཉིད་ཀྱི་མཚན་མར་འཛིན་པ་སྟེ། ཇི་སྐད་དུ། རྣམ་པར་དབེན་དོན་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །མི་གང་བསོད་ནམས་མི་བྱེད་པ། སྐྱེས་བུ་ཐ་ཤལ་དེ་དག་བརླག །ཅེས་གསུངས་པ་དང་། གཞན་
ཡང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་ཞེས་པ་ལ་སོགས་པ་སྔར་བསྟན་ཏོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཞེས་པ་ལ་སོགས་པ་དང་། རྣམ་པར་རྟོག་པ་སྲིད་པ་གསུམ་གྱི་སྡུག་བསྔལ་ཞེས་པ་ཡང་གནས་སྐབས་གཉིས་པོ་ལ་ཡང་ཇི་ལྟར་རིགས་པ་བཞིན་དུ་སྦྱར་བར་བྱའོ། །བཤད་
Vol. 122 · folio 83b
པར་བྱའོ་ཞེས་པ་ནི་སངས་རྒྱས་གཞན་དག་གིས་བཤད་པ་ལྟར་ད་ལྟ་ངས་ཀྱང་བཤད་པར་བྱ་ཞེས་པའོ། །བློ་གྲོས་ཆེན་པོ་དགེ་སྦྱོང་ངམ་ཞེས་པ་ལ་སོགས་པས་གཞན་དང་ཐུན་མོང་མ་ཡིན་པ་ཉིད་རྒྱས་པར་སྟོན་ཏེ། དེ་ལ་དགེ་སྦྱོང་ནི། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་
པར་སྤྱད། །ཅེས་པའི་དགེ་སྦྱོང་གི་ཚུལ་ལམ་ཕྱི་རོལ་པའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱང་ངོ་། །དེ་དག་གི་ལྟར་ན་དངོས་པོ་རྣམས་ཀྱི་རྟེན་འབྲེལ་དོན་དམ་པའི་དངོས་པོ་ཉིད་དུ་འདོད་དེ། དེ་ལ་འགའ་ཞིག་ནི་འབྲས་བུ་རྒྱུའི་དུས་སམ་དེའི་སྔོན་རོལ་ན་མེད་པ་ཞིག་རྒྱུའི་བྱེད་པའི་འོག་
རོལ་དུ་སྐྱེ་བར་འདོད་ལ། གྲངས་ཅན་པ་རྣམས་ལས་མངོན་པར་གསལ་བར་སྨྲ་བ་རྣམས་འབྲས་བུ་རྒྱུའི་གནས་སྐབས་ན་ཡང་ཡོད་མོད་ཀྱི་འོན་ཀྱང་མངོན་པར་མི་གསལ་བ་ཡིན་ལ། དེའི་རྒྱུའི་བྱེད་པ་ལས་མངོན་པར་གསལ་བར་འགྱུར་ཞིང་། འབྲས་བུ་ལ་ཡང་རྒྱུ་ཉིད་རྗེས་སུ་
འཇུག་སྟེ། དེ་ལྟར་རྒྱུ་དང་འབྲས་བུ་ཕན་ཚུན་བདག་ཉིད་དུ་གྱུར་པ་སྐྱེ་བར་འདོད་དོ། །འདི་དག་ནི་མི་འཐད་དེ། རེ་ཞིག་འབྲས་བུ་མེད་པ་སྐྱེ། །ཞེས་པ་ནི་འགལ་བ་ཉིད་དུ་འགྱུར་ཏེ། སྐྱེ་བ་དངོས་པོའི་ཆོས་ཉིད་ཡིན་པས་མེད་པ་ཡོད་ཅེས་པར་འགྱུར་ན། དེ་ནི་འབྲས་བུའི་རང་བཞིན་
གཅིག་ལ་ཅིའི་ཕྱིར་མི་འགལ་ཞེས་པའོ། །གལ་ཏེ་ཡོད་པ་དང་མེད་པ་ནི་གཅིག་ལ་ཅིག་ཅར་འགལ་བར་འགྱུར་གྱི། རིམ་གྱིས་ནི་མི་འགལ་ཏེ། དེའི་ཕྱིར་འབྲས་བུ་འགའ་ཞིག་སྔར་རྒྱུའི་དུས་ལ་སོགས་པར་ནི་མེད་ལ། ཕྱིས་ཡོད་པར་མི་འགལ་ལོ་ཞེ་ན། མི་འཐད་དེ། དངོས་པོ་ཡོད་པ་ནི་
མེད་པའི་སྤྱི་དང་འགལ་བས་སྔར་མེད་ཅེས་པའི་ཁྱད་པར་དང་ཡང་འགལ་བར་འགྱུར་ལ། དེ་བཞིན་དུ་དངོས་པོ་མེད་པ་ཡང་ཡོད་པའི་སྤྱི་དང་འགལ་བས་ཕྱིས་ཡོད་ཅེས་པའི་ཁྱད་པར་དང་ཡང་འགལ་བར་འགྱུར་རོ། །གལ་ཏེ་དེ་ལྟར་ཡོད་པ་དང་མེད་པའི་སྤྱི་དང་ཁྱད་པར་འགལ་བར་འགྱུར་
བ་དེ་ལྟ་ན་ཡང་། སྔར་མེད་ཅེས་མེད་པའི་ཁྱད་པར་དང་། ཕྱིས་ཡོད་ཅེས་ཡོད་པའི་ཁྱད་པར་ནི་འགལ་བ་མེད་དེ། ཇི་ལྟར་བུམ་པ་ལྟ་བུའི་རྫས་ཀྱི་དངོས་པོ་ཁང་བཟངས་ཀྱི་ཕྱི་རོལ་ན་ནི་མེད་ལ་ནང་ན་ནི་ཡོད་དོ་ཞེས་ཡོད་པ་དང་། མེད་པའི་ཁྱད་པར་མི་འགལ་བ་བཞིན་ནོ། །གཞན་དུ་ན་བདེ་
Vol. 122 · folio 84a
བ་ལ་སོགས་པ་ད་ལྟར་ཉམས་སུ་མྱོང་བ་འདི་ཉིད་སྔར་གྱི་དུས་ན་ཡོད་དམ་མེད་ཅེས་དབུ་མ་པ་རྣམས་ལ་དྲིས་ཤིང་བརྩད་པ་ན། སྔར་ནས་ཡོད་ཅེས་ནི་བརྗོད་པར་མི་ནུས་ལ། དེའི་ཕྱིར་ད་ལྟར་ཡོད་པ་འདི་ཉིད་སྔར་མེད་ཅེས་སྟོན་པས་ཡོད་པ་དང་མེད་པ་དུས་སྔ་ཕྱི་ལ་ལྟོས་ཏེ་མི་
འགལ་བ་ཉིད་དུ་ཅི་སྟེ་མི་འགྱུར་ཞེ་ན། མ་ཡིན་ཏེ། སྔར་མེད་ཅེས་དགག་པའི་དོན་ནི་རྣམ་པ་གཉིས་སུ་འགྱུར་ཏེ། ཡོད་པ་བཀག་པ་ཙམ་གྱི་མེད་དགག་རི་བོང་གི་རྭ་ལྟ་བུ་དང་། མ་ཡིན་པར་དགག་པའོ། །དེ་ལ་རི་བོང་གི་རྭ་ལྟ་བུའི་མེད་པར་དགག་པ་ནི་ཡོད་པའི་སྤྱི་དང་འགལ་བས་ད་ལྟར་ཡོད་
ཅེས་པའི་ཁྱད་པར་དང་ཡང་འགལ་ལ། ཁྱད་པར་དེ་ཡང་མེད་པའི་སྤྱི་དང་འགལ་བས་སྔར་མེད་ཅེས་པའི་མེད་དགག་གི་ཁྱད་པར་དང་འགལ་བར་ཅི་སྟེ་མི་འགྱུར། ཡང་མ་ཡིན་པར་དགག་པ་ཡང་གཉིས་སུ་འགྱུར་ཏེ། སྔར་མེད་ཅེས་སྔར་གྱི་དུས་བསྡུས་པ་དང་། ད་ལྟར་ཡོད་པ་འདི་
ཉིད་སྔར་གྱི་མེད་པ་ཡིན་ཞེས་ད་ལྟར་བའི་ཆོས་སུ་བསྐོར་བའོ། །དེ་ལ་སྔ་མ་ལྟར་ན་སྔ་ཕྱི་དུས་འགལ་བར་དུས་དེ་དག་གིས་བསྡུས་པའི་ཡོད་པ་དང་མེད་པ་ཡང་འགལ་བར་འགྱུར་ཏེ། ཡོད་མེད་རང་བཞིན་འགལ་བ་ལ་དུས་འགལ་བ་བསྣན་པས་ནི་འགལ་བ་སྔ་མ་སྤོང་བར་མི་འགྱུར་
ཞིང་ཆེས་ཤིན་ཏུ་འགལ་བ་ཉིད་དུ་ཇི་ལྟར་མི་འགྱུར་བ་སོམས་ཤིག། གཞན་ཡང་གཉིས་པ་ལྟར་ན་ད་ལྟར་ཡོད་པ་འདི་ཉིད་སྔར་མེད་པའོ་ཞེས་སྔར་མེད་པ་ད་ལྟར་ཡོད་པའི་ཆོས་སུ་བསྡུས་པ་ནི་མི་འགལ་མོད་ཀྱི། དེ་ནི་མེད་པའི་མིང་གིས་བརྗོད་ཀྱང་ཡོད་པ་ཉིད་ཡིན་པས་དེ་འདྲ་བ་
རྒྱུ་ལས་སྐྱེ་བར་འདོད་པ་ནི་འབྲས་བུ་ཡོད་པ་སྐྱེ་བའི་ཕྱོགས་ལ་བརྟེན་པར་འགྱུར་རོ། །ཡུལ་གྱི་དཔེ་ཡང་ཕྱོགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་མ་གྲུབ་པ་ཉིད་དེ། ཇི་ལྟར་ཕྱི་རོལ་ན་མེད་པ་ཉིད་ནང་ན་ཡོད་པའི་བདག་ཉིད་དོ་ཞེས་ཡོད་པའི་ཆོས་སུ་བསྐོར་བ་ནི་མེད་པའི་མིང་གིས་བརྗོད་
ཀྱང་དོན་བྱེད་ནུས་པའི་ཕྱིར་དངོས་པོ་ཉིད་ཡིན་ལ། གཞན་ཡང་ཡོད་པ་དང་མེད་པ་ཕྱི་དང་ནང་གི་ཡུལ་གྱི་ཆོས་སུ་བསྡུས་པ་ནི་ཡུལ་འགལ་བ་ཉིད་ཀྱི་ཕྱིར། སྔ་མ་ལྟར་ཡོད་མེད་རང་བཞིན་འགལ་བ་ལ། ཡུལ་འགལ་བ་བསྣན་པས་ཕྱིར་ཞིང་ཤིན་ཏུ་འགལ་བར་འགྱུར་རོ། །ཡང་ཕྱི་རོལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words