ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 124 · folio 121b
དེ། ཇི་མི་སྙམ་པ་ནི་དང་དུ་ལེན་པ་ཡིན་པའི་ཕྱིར་རོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཤེས་པ་ཞེས་བྱ་བའི་སྒྲར་བཤད་དེ། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་བྱིས་པས་ཀུན་བརྟགས་པའི་ཆོས་རྣམས་ལ་གང་གི་ཚེ་ཤེས་པས་ཆོས་ངོ་བོ་ཉིད་མེད་པར་བཟོད་པ་དེ་ནི་ཆོས་
ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱ་སྟེ། མི་མཇེད་པ་དང་ཇི་མི་སྙམ་པ་དང་ཤེས་པ་ཞེས་བྱ་བ་འདི་ནི་བཟོད་པ་རྣམ་པ་གསུམ་ཆར་གྱི་ངོ་བོ་ཉིད་ཡིན་ནོ། །སྙིང་རྗེ་དང་ཆོས་ལ་བརྟེན་པ་ནི་རྒྱུའོ། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་བཟོད་པའི་རྒྱུ་ཡིན་ཏེ། སྙིང་རྗེ་དང་ལྡན་པ་ནི་བཟོད་པ་བྱེད་དོ། །
ཆོས་ལ་བརྟེན་པ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་ཐོས་པ་ཆུབ་པའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་རྒྱུ་ཅན་གྱི་བཟོད་པ་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་ཡིད་བསྡམས་པ་གཞན་དག་ལ་མི་བཟོད་པ་ནི་ཆ་མ་ཡིན་ནོ། །ཐོས་པ་ཆུབ་པའི་རྒྱུ་ཅན་
གྱི་བཟོད་པར་ཡང་བྱེད་དེ། ཐོས་པའི་སྟོབས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ཚིག་དང་དོན་གྱི་སྒོ་ནས་ཐོས་ནས་དེའི་སྟོབས་ཀྱིས་བཟོད་པར་བྱེད་དེ། དེ་བས་ན། སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ནི་རྒྱུ་ཡིན་ནོ། །བཟོད་པ་དང་། མི་མཇེད་
པ་དང་ཇི་མི་སྙམ་པ་དང་། ཤེས་པ་ཞེས་བྱ་བའི་དབང་དུ་བྱས་པའོ་ཞེས་བྱ་བ་ནི་དེ་ནི་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །དད་དང་འདུན་པ་བརྟེན་པ་དང་། །ཞེས་བྱ་བ་ནི་རྒྱུ་སྟེ། ཞེས་བྱ་བ་ནི་དད་པ་དང་འདུན་པ་ནི་བརྩོན་འགྲུས་ཀྱི་རྟེན་ཡིན་ཏེ། འདི་ལྟར་དད་པ་དང་དོན་དུ་གཉེར་
བ་བརྩོན་འགྲུས་རྩོམ་པར་བྱེད་དོ། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །ཞེས་བྱ་བ་ལྡན་པའོ་ཞེས་བྱ་བ་ནི་འདི་ལྟར་མ་ཆགས་པ་ལ་སོགས་པ་ནི་དགེ་བའི་རྩ་བ་ཡིན་ཏེ། གང་གི་ཚེ་དགེ་བའི་ཆོས་དག་ལ་ངེས་པར་བརྩོན་འགྲུས་དང་ལྡན་པར་གནས་པ་དེའི་ཚེ། མ་ཆགས་པ་ལ་
སོགས་པ་དང་ལྡན་པ་ཡིན་ནོ། །ལུས་ཀྱི་བརྩོན་འགྲུས་ནི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་སྟེ། དེ་ནི་དང་པོའི་སྒོ་བསྡམས་ཏེ་གནས་པ་ཉིད་ཀྱིས་ལྷག་པའི་ཚུལ་ཁྲིམས་ཞེས་བྱའོ། །ལྷག་པའི་སེམས་ནི་རྣམ་པ་དྲུག་པའོ། །ལྷག་པའི་ཤེས་རབ་ནི་རྣམ་པ་བདུན་པའོ། །
Vol. 124 · folio 122a
དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས། ལུས་དང་སེམས་ཀྱིས་ཞེས་སྟོན་ཏོ། །ལུས་ཀྱི་རྣམ་པ་ལྔ་དང་། སེམས་ཀྱི་རྣམ་པ་གཉིས་སོ། །དགའ་བ་དང་ལྡན་པ་ནི་བསམ་གཏན་གཉིས་ཀྱིའོ། །སིམ་པ་དང་ལྡན་པ་ནི་བསམ་གཏན་གསུམ་པའི་སྟེ། སེམས་ཀྱི་ཚོར་བ་ལ་
ནི་སིམ་པ་ཞེས་བྱའོ། །བཏང་སྙོམས་དང་ལྡན་པ་ནི་བསམ་གཏན་བཞི་པ་ལ་སོགས་པའིའོ། །ཤེས་བྱ་ཞེས་བྱ་བ་ནི་འཇིག་རྟེན་པའི་བྱ་བ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་བསལ་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་ཀྱི་ཤེས་བྱ་ལྟར་སྣང་བ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་དང་ལྡན་
པའི་ཕྱིར་ཡང་དག་པའི་ཤེས་བྱ་མ་ཡིན་ནོ། །བདེན་པ་བཞིས་བསྡུས་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལ་མཁས་པ་དང་། ཁྱད་པར་དུ་ན་ཐེག་པ་ཆེན་པོ་གང་ཡིན་པ་ནི་ཤེས་བྱ་ཡིན་ཏེ། རིག་པའི་གནས་ལྔ་ནི་དེ་དག་གི་ཁོངས་སུ་འདུས་པ་ཉིད་དོ། །ཀུན་ནས་ཉོན་
མོངས་ཤིན་ཏུ་གྲོལ། །ཞེས་བྱ་བ་ནི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པ་ནི་ཤིན་ཏུ་རྣམ་པར་གྲོལ་བའི་ཆེད་ཡིན་ཏེ། དེས་ཉོན་མོངས་པ་ལས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །
ཇི་ལྟར་ཤིན་ཏུ་རྣམ་པར་གྲོལ་ཞེ་ན། འཇིག་རྟེན་པ་ལ་སོགས་པའི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པས་ཞེས་བྱ་བས་དེ་སྟོན་པར་བྱེད་དོ། །བཤད་པས་ནི་ཆོས་ཡང་དག་པར་འཆད་པར་བྱེད་དོ། །ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ་ཞེས་བྱ་བ་ནི་ཤེས་རབ་ནི་ཆོས་རྣམས་ཀྱི་
མཆོག་སྟེ། ཤེས་རབ་ནི་གཙོ་བོ་ཡིན་ནོ། །སྦྱིན་པ་དང་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དག་ནི་མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱིན་པ་ནི་རྣམ་པ་གསུམ་ཆར་ཡང་མཉམ་པར་གཞག་པ་མ་ཡིན་ནོ། །ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་རྣམ་པར་
གཞག་པ་མ་ཡིན་ཏེ། འདི་ལྟར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་མཉམ་པར་གཞག་པ་ཡིན་པར་འདོད་དོ། །བསམ་གཏན་དང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་དག་ནི་མཉམ་པར་གཞག་པ་ཡིན་པའི་ཕྱིར་
Vol. 124 · folio 122b
རོ་ཞེས་བྱ་བ་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་སྨོས་པ་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་རབ་གསལ་བའི་ཕྱིར་ཏེ། དེ་དག་ནི་མཉམ་པར་གཞག་པ་མ་ཡིན་པས་དེ་དག་མཉམ་པར་མ་བཞག་པའི་ཕྱོགས་ཁོ་ནར་བརླན་ཏོ། །བཟོད་པ་དང་བརྩོན་འགྲུས་ནི་མཉམ་
པར་གཞག་པའི་གནས་སྐབས་ན་ཡང་ཡོད་ལ་མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་ཡོད་དོ། །དེའི་མི་མཐུན་པའི་ཕྱོགས་ཆགས་པའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པའི་ཕྱིར་ཞེས་བྱ་བ་ནི་ཇི་སྲིད་དུ་ཆགས་པའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པ་དེ་སྲིད་དུ་ཡོ་བྱད་རྣམས་
ལ་ཆགས་པར་འགྱུར། དེ་ཡང་དག་པར་བཅོམ་པས་ཆགས་པ་མེད་དེ། ཇི་སྐད་དུ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཉོན་མོངས་པའི་བག་ལ་ཉལ་ཡང་མ་སྤངས་པ་ཡིན་ལ། ཉོན་མོངས་པའི་གནས་ལྟ་བུའི་ཆོས་རྣམས་ཀྱང་སྣང་བར་འགྱུར་ན། དེ་ལྟ་ན་ཉོན་མོངས་པ་
སྐྱེ་བར་འགྱུར་རོ་ཞེས་བཤད་པ་ལྟ་བུའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཆལ་བའི་ཚུལ་ཁྲིམས་ལ་ཆགས་པ་ནི། སྲོག་གཅོད་པ་ལ་སོགས་པ་ལ་ཡང་ཆགས་པ་གང་ཡིན་པའོ། །ལ་ལ་ནི་འདོད་ཆགས་ཀྱི་སྒོ་ནས་ཆགས་ལ། ལ་ལ་ནི་ཞེ་སྡང་གི་སྒོ་ནས། ལ་ལ་ནི་
གཏི་མུག་གི་སྒོ་ནས་ཏེ། འདི་ལྟར་མི་དགེ་བའི་ལས་ཀྱི་ལམ་གྱི་བཅུ་ཆར་ཡང་རྣམ་པ་གསུམ་གསུམ་དུ་འདོད་པས་སྲོག་གཅོད་པ་ཡང་འདོད་ཆགས་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པ་ཡིན་ནོ། །ཚུལ་ཁྲིམས་ལ་བཤོལ་བ་ལ་ཆགས་པ་ནི་ཚུལ་
ཁྲིམས་ཡང་དག་པར་བླང་བ་ལ་མོད་ལ་མི་འཇུག་པའམ། གསད་པར་བྱ་བ་ལ་སོགས་པ་བྱ་བ་བཟུང་ནས་བཤོལ་ཏེ་གཏོང་བ་ཡིན་ནོ། །ཚུལ་ཁྲིམས་ལ་ལན་དུ་རེ་བ་ལ་ཆགས་པ་ནི་འདིས་བདག་ལ་ཕན་པ་བྱས་པའམ་བྱེད་པར་འགྱུར་རོ་ཞེས་ལན་ལ་ལྟ་བས་སྲོག་ཆགས་མི་གསོད་པ་དང་།
མ་བྱིན་པར་ལེན་པ་ལ་སོགས་པ་མི་སྤྱོད་པ་ཡིན་ནོ། །ཚུལ་ཁྲིམས་ལ་མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཡང་དག་པར་མ་བཅོམ་པ་གང་ཡིན་པའོ། །བཟོད་པའི་ཆགས་པ་ནི་ཞེ་སྡང་ལ་ཆགས་པ་གང་ཡིན་པ་སྟེ། རྟག་ཏུ་སེམས་
Vol. 124 · folio 123a
ཅན་རྣམས་ལ་སྡང་བ་ཡིན་ནོ། །བཟོད་པའི་བཤོལ་བ་ལ་ཆགས་པ་ནི། བཤོལ་ཞིང་བཟོད་པར་བྱེད་ཀྱི་མྱུར་དུ་མ་ཡིན་པ་དང་། བསྡིགས་ནས་བཟོད་པ་བྱེད་པ་གང་ཡིན་པའོ། །མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་ཞེ་སྡང་ཡང་དག་པར་མ་བཅོམ་པའི་
ཕྱིར་རོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོའོ། །དེ་ལ་ཆགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལ་ཆགས་པ་སྟེ། དེ་ལ་ཆགས་པ་ཡང་རྟག་ཏུ་ལེ་ལོ་ཅན་ལས་ངན་པའི་མཐའ་ལ་སྦྱོར་ཞིང་འདུག་པ་ཡིན་ནོ། །བཤོལ་བ་ལ་ཆགས་པ་ནི་དགེ་
བའི་ཆོས་རྣམས་ལ་མྱུར་དུ་མི་འཇུག་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་ལེ་ལོ་རབ་ཏུ་མི་སྤོང་བ་ཡིན་ནོ། །བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ནི་རྣམ་པར་གཡེང་བའོ། །རྣམ་པར་གཡེང་བ་ལ་ཆགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་
ལ་ཆགས་པ་སྟེ། ཇི་སྲིད་དུ་རྣམ་པར་གཡེངས་ཞིང་ཁ་ཕྱིར་བལྟས་པ་དེ་སྲིད་དུ་མཉམ་པར་གཞག་པ་མི་འཐོབ་པོ། །ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི་འཆལ་བའི་ཤེས་རབ་སྟེ། ཤེས་རབ་འཕེལ་བར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ལ་བརྩོན་
པར་མི་བྱེད་པ་གང་ཡིན་པ་འདི་ནི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ལ་ཆགས་པ་ཡིན་ནོ། །དེ་ལས་བཟློག་པ་ནི་མ་ཆགས་པ་སྟེ། ཇི་སྐད་དུ། གང་ཞིག་འདོན་དང་འབྲི་དང་སྤྱོད་པ་དང་། །གཞན་ལ་འདྲི་ཞིང་ཐོས་པ་འཛིན་བྱེད་པ། །དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས། །པདྨ་
བཞིན་དུ་རྣམ་པར་ཁ་ཕྱེའོ། །ཞེས་གསུངས་པ་ལྟ་བུའོ། །རབ་ཏུ་དབྱེ་བའི་འོག་ཏུ་ཡོན་ཏན་གྱི་སྐབས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ་སོ་ལ་ཡོན་ཏན་རྣམ་པ་བཞིའོ། །ཡོན་ཏན་རྣམ་པ་བཞི་ནི་རྒྱ་ཆེ་བ་ཉིད་དང་། ཟང་ཟིང་མེད་པ་ཉིད་དང་། དོན་ཆེན་པོ་ཉིད་
དང་། མི་ཟད་པ་ཉིད་དོ། །དེ་ལ་རྩ་བ་དང་པོས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེ་བ་ཉིད་བཤད་དོ། །ཇི་ལྟ་ཞེ་ན། སངས་རྒྱས་སྲས་རྣམས་སློང་དང་ཕྲད་ནས་རང་གི་སྲོག་ཀྱང་རྟག་ཏུ་གཏོང་། །ཞེས་བྱ་བས་དེ་སྟོན་ཏོ། །རང་གི་སྲོག་སྦྱིན་པར་ཡོངས་སུ་བསྒྲགས་པས་ཕྱི་རོལ་གྱི་
Vol. 124 · folio 123b
དངོས་པོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ་སློབ་དཔོན་མ་ཁོལ་གྱི་ཞལ་སྔ་ནས་ཀྱིས། ཉིད་ཀྱི་ཤ་ཡང་བཏང་གྱུར་ན། །དངོས་པོ་གཞན་ལྟ་སྨོས་ཅི་འཚལ། །ཞེས་བཤད་པ་ལྟ་བུའོ། །རང་གི་སྲོག་དེ་ཡང་རེས་འགའ་ཞིག་ཡོངས་སུ་གཏོང་བ་མ་ཡིན་གྱི། སློང་བ་པོ་
གང་གི་ཚེ་སྲོག་དོན་དུ་གཉེར་བ་དེ་ཁོ་ནའི་ཚེ། དཔྱད་པ་མེད་པར་སྦྱིན་པར་བྱེད་དོ། །རང་གི་སྲོག་སྦྱིན་པ་སྨོས་པས། ཡན་ལག་དང་ཉིང་ལག་སྦྱིན་པ་ནི་དཔྱད་དུ་ཡང་མེད་པ་ཉིད་དེ། འདིས་ནི་སྦྱིན་པའི་རྒྱ་ཆེ་བ་ཉིད་བཤད་དོ། །སྙིང་རྗེས་གཞན་ལས་ལན་ཀྱང་མི་རེ་འདོད་པའི་
འབྲས་བུ་དོན་མི་གཉེར། །ཞེས་བྱ་བ་འདིས་ནི་སྦྱིན་པའི་ཟང་ཟིང་མེད་པ་ཉིད་བསྟན་ཏེ། རྒྱུད་སྙིང་རྗེས་བརླན་པ་ནི་སློང་བ་པོ་རྣམས་ལ་རང་གི་སྲོག་ཀྱང་སྦྱིན་པར་བྱེད་ཅིང་དེ་དག་ལས་ལན་ཀྱང་མི་རེ་ལ། འབྲས་བུ་དབང་ཕྱུག་ལ་སོགས་པ་ཡང་དོན་དུ་མི་གཉེར་རོ། །སྦྱིན་པ་གང་ཞིག་ལན་ལ་
ལྟ་བའམ། འབྲས་བུ་ལ་ལྟ་བས་སྦྱིན་པར་བྱེད་པ་དེ་ནི་སྲིད་པས་བདག་གིར་བྱས་པ་ཡིན་ནོ། །དེས་བདག་གིར་བྱས་པའི་སྦྱིན་པ་ནི་འཁོར་བར་ལྟུང་བ་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་གོས་པ་དང་བཅས་པ་ཡིན་ནོ། །དེ་ལས་བཟློག་པ་ནི་ཁ་ན་མ་ཐོ་བ་མེད་པ་
སྟེ། རྩ་བ་གཉིས་པ་འདིས་ནི་སྙིང་རྗེས་ཡོངས་སུ་ཟིན་པའི་ཕྱིར་སྦྱིན་པའི་ཟང་ཟིང་མེད་པ་ཉིད་བཤད་དོ། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བ་འདིས་ནི་སྦྱིན་པའི་དོན་ཆེན་པོ་ཉིད་བསྟན་ཏེ། སྐྱེ་བོ་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་
བྱང་ཆུབ་གསུམ་ལ་བཀོད་པའི་ཕྱིར་རོ། །ཐེག་པ་གང་ཡང་རུང་བ་ཞིག་ཡོངས་སུ་བཏང་བའམ། སེམས་ཅན་གང་ཡང་རུང་བ་ཞིག་ཡོངས་སུ་བཏང་བས་ནི། དོན་ཆེན་པོ་ཉིད་དུ་མི་འགྱུར་བས་དེའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱང་སྨོས་ལ། ཐེག་པ་སུམ་ཆར་ཡང་སྨོས་སོ། །འཇིག་རྟེན་
དག་ན་མི་ཟད་བཞག །ཅེས་བྱ་བ་འདིས་ནི་སྦྱིན་པ་མི་ཟད་པ་ཉིད་ཡོངས་སུ་བསྟན་ཏོ། །ཇི་ལྟ་ཞེ་ན། རེ་ཞིག་ཇི་ལྟར་འཇིག་རྟེན་པ་དག་སྦྱིན་པ་སྦྱིན་པ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་དེ་ཁོ་ན་ལྟར་སྦྱིན་པར་བྱེད་ན་ནི་དབང་ཕྱུག་དང་། མཐོ་རིས་དང་། གཟུགས་བཟང་པོ་ལ་སོགས་པས་
Vol. 124 · folio 124a
ཀྱང་བདག་གིར་བྱས་པའི་ཕྱིར་འཁོར་བར་ལྟུང་བས་ཏེ། དེ་ནི་རྣམ་པར་སྨིན་པ་ཟད་པས་ཟད་པར་འགྱུར་རོ། །འོན་ཏེ་ཉན་ཐོས་ལྟ་བུར་འཁོར་བས་འཇིགས་ཤིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ལ་མྱ་ངན་ལས་འདས་པ་ལ་གཞོལ་བས་རང་གྲོལ་བར་བྱ་བའི་ཕྱིར་སྦྱིན་
པར་བྱེད་ན་དེ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཟད་པས་ཟད་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་གཉིས་ཀ་ཡོངས་སུ་སྤངས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་དང་།
མྱ་ངན་ལས་འདས་པ་ལ་མི་གནས་པའི་སྒོ་ནས། མི་ཟད་པ་ཉིད་དུ་བསྟན་ཏེ། ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །ཅེས་བྱ་བ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་སྟེ།
སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱོར་བ་ལ་སྡུག་བསྔལ་གང་དག་འབྱུང་བ་དེ་དག་ལ་ཇི་མི་སྙམ་པར་བྱེད་ཅིང་སྡུག་བསྔལ་དེ་རྩིས་ལ་མ་ཆགས་པར་བྱས་ནས་སེམས་ཅན་གྱི་དོན་བྱ་བ་དག་ལ་འཇུག་གོ། །དེ་བཞིན་མི་ཡི་གནོད་ཀུན་བཟོད་ཅེས་བྱ་བ་ནི་གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་སྟེ།
སེམས་ཅན་གང་དག་དབྱུག་པ་དང་། མཚོན་ཆ་དང་བོང་བ་ལ་སོགས་པས་སྣུན་པར་བྱེད་པ་དེ་དག་ཐམས་ཅད་ལ་བུ་གཅིག་པ་ལ་བྱམས་པ་ལྟ་བུས་བཟོད་དོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་འདིའི་ཁོངས་སུ་འདུས་པ་ཁོ་ནར་བལྟ་བར་བྱའོ། །རྒྱལ་བའི་སྲས་རྣམས་གོ་
ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །ཞེས་བྱ་བ་འདིས་ནི་གོ་ཆའི་བརྩོན་འགྲུས་སྟོན་ཏེ། འདི་ཉིད་ཀྱིས་བརྩོན་འགྲུས་ཀྱི་རྒྱ་ཆེ་བ་ཉིད་སྟོན་ཏོ། །དཔེ་མེད་པ་ཉིད་ཀྱིས་ནི་འཇིག་རྟེན་པ་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བརྩོན་འགྲུས་དག་ལས་བྱང་ཆུབ་སེམས་
དཔའི་བརྩོན་འགྲུས་ཁྱད་པར་དུ་བྱེད་དོ། །བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ཇི་ལྟར་ན་དཔེ་མེད་པ་ཡིན་ཞེ་ན། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་གོ་ཆ་མི་ཟད་པ་གང་ཞེ་ན། འཁོར་བ་ན་ཡོངས་སུ་མི་
Vol. 124 · folio 124b
སྐྱོ་བ་གང་ཡིན་པ་སྟེ། དེ་ནི་བསྐལ་པ་འདི་སྙེད་ཅིག་ཏུ་གོ་བགོའོ་ཞེས་བསྐལ་པ་བགྲང་བས་བྱང་ཆུབ་ཚོལ་བར་མི་བྱེད་ཀྱི། འོན་ཀྱང་བསམ་གྱིས་མི་ཁྱབ་པ་ཁོ་ནར་གོ་གྱོན་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། འདི་ནི་བརྩོན་འགྲུས་ཀྱི་རྒྱ་ཆེ་བ་ཉིད་བཤད་
དོ། །རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་འཐོབ་པར་བྱེད། །ཅེས་བྱ་བ་འདིས་ནི་ཟང་ཟིང་མེད་པ་ཉིད་ཀྱི་སྦྱོར་བའི་བརྩོན་འགྲུས་སྟོན་ཏོ། །ཇི་ལྟར་ཟང་ཟིང་མེད་པ་ཡིན་ཞེ་ན། རང་དང་གཞན་གྱི་ཉོན་མོངས་པ་ཡང་དག་པར་གཞོམ་པའི་ཕྱིར་དང་། བླ་ན་མེད་
པའི་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ནི་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་ཉོན་མོངས་པ་གཏན་དུ་ཡང་དག་པར་འཇོམས་པས་ཟང་ཟིང་མེད་པ་ཡིན་ནོ། །བརྩོན་འགྲུས་གང་ཞིག་བདག་གིས་དངོས་པོ་དང་། ལྟ་བ་སྲེད་པས་བདག་གིར་བྱས་པ་དེ་ནི་ཟང་ཟིང་དང་
བཅས་པ་ཡིན་ནོ། །འདི་ཇི་ལྟར་སྦྱོར་བའི་བརྩོན་འགྲུས་ཡིན་ཞེ་ན། ཇི་སྐད་དུ་འཕགས་པ་བློ་གོས་མི་ཟད་པའི་མདོ་ཁོ་ན་ལས་སྦྱོར་བའི་བརྩོན་འགྲུས་ཀྱི་དབང་དུ་མཛད་དེ། དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ཟད་པ་གང་ཞེ་ན། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་མེས་ཡོངས་སུ་གང་བ་ཡང་བརྒལ་ནས་དེ་བཞིན་གཤེགས་པ་ལ་བལྟ་བར་སྤྲོ་བ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ཡིན་ནོ། །དམ་པའི་ཆོས་མཉན་པའི་རྒྱུ་ཅན་གྱི་སྤྲོ་བ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ཅན་གྱི་སྤྲོ་བ་
ནི་བྱང་ཆུབ་སེམས་དཔའི་ཕ་རོལ་གནོན་པ་མི་ལྷོད་པ། མི་ཞན་པ། བརྟན་པ། མི་བཟློག་པ། དགེ་བའི་བསམ་པ་ཅན། སྙིང་རྗེ་ཆེན་པོ་ལ་བརྟེན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ཏེ། དེས་ན་ཕ་རོལ་གནོན་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །རྒྱལ་བའི་སྲས་རྣམས་ཏིང་འཛིན་
མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་མང་བ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསམ་གཏན་གྱི་རྒྱ་ཆེ་བ་ཉིད་སྟོན་ཏེ། ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
Vol. 124 · folio 125a
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་པ་ལ་སྙོམས་པར་ཞུགས་པ་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་ཤེས་པར་མི་འགྱུར་ཏེ། བསམ་གཏན་དང་པོས་བསྡུས་པ་ཇི་ལྟ་བར་བསམ་
གཏན་ལྷག་མ་དང་། གཟུགས་མེད་པས་བསྡུས་པ་རྣམས་ཀྱང་དེ་དང་འདྲའོ་ཞེས་བཤད་པ་ལྟ་བུའོ། །རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ཤེས། །ཞེས་བྱ་བ་འདིས་ནི་ཤེས་རབ་ཀྱི་རྒྱ་ཆེ་བ་ཉིད་བསྟན་ཏེ། དེ་ཉིད་ཅེས་བྱ་བ་ནི་བཟང་པོ་ཞེས་བྱ་བའི་
དོན་ཏོ། །གཞན་དག་ན་རེ་དེ་ཉིད་ཅེས་བྱ་བ་ནི་སྤྱིའི་མཚན་ཉིད་ཀྱིས་བསྡུས་པས་ཏེ། གཉིས་ལ་བདག་མེད་པ་ཡིན་ནོ་ཞེས་ཟེར་རོ། །རང་གི་བརྡ་ལ་སོགས་པའི་མཚན་ཉིད་ཀྱི་དབྱེ་བ་མཐའ་ཡས་པས་ཐ་དད་པའི་ཤེས་བྱ་གང་ཡིན་པ་དེ་ཡིན་ནོ་ཞེས་བྱ་བ་ནི་རི་ཁྲོད་པ་དང་ཀླ་ཀློ་ལ་སོགས་
པའི་ཡུལ་གང་དང་གང་དག་ན་རང་གི་བརྡའི་མཚན་ཉིད་ཀྱི་དབྱེ་བས་ཐ་དད་པའི་ཤེས་བྱ་དེ་སྒྱུ་མ་མཁན་ལ་སོགས་པ་སྒྱུ་མ་བྱས་པ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པ་ལྟར། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་རྣམས་ལ་ཀུན་ཏུ་
མ་རྨོངས་པས་འཇིག་རྟེན་པ་ལ་ཐ་སྙད་དུ་བྱ་བའི་ཕྱིར་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླའི་ཚུལ་དུ་ཐ་སྙད་འདོགས་ཤིང་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡང་ཤེས་སོ། །ཡེ་ཤེས་སེམས་ཅན་ཡོངས་སུ་བཟུང་བས་འཇིག་རྟེན་དག་ན་མི་ཟད་གཞག །
ཅེས་བྱ་བ་འདིས་ནི་ཡེ་ཤེས་མི་ཟད་པ་ཉིད་སྟོན་ཏེ། སྙིང་རྗེས་ཡོངས་སུ་བཟུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་མི་ཟད་པར་འགྱུར་རོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་མི་གཏོང་སྟེ། དེས་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་རོ། །རྣམ་པར་མི་
རྟོག་པའི་ཡེ་ཤེས་ཀྱིས་ནི་འཇིག་རྟེན་པ་དག་ལྟར་འཁོར་བ་ལ་གནས་པར་མི་འགྱུར་བས་དེ་ནི་མི་ཟད་པ་ཡིན་ནོ། །དེ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་ཡེ་ཤེས་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་
Vol. 124 · folio 125b
དཔའ་རྣམས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ནི་སྤྲུལ་པའི་སྐུས་སྟོན་པ་གང་ཡིན་པའོ། །སློང་བ་པོའི་སྦྱིན་པ་པོ་མཐོང་བས་དགའ་བ་གང་ཡིན་པ་དང་། མཐོང་ནས་རེ་བ་ཡོངས་སུ་རྫོགས་པས་དགའ་བ་གང་ཡིན་པ་དང་། སློང་བ་པོའི་སྦྱིན་པ་པོ་མ་མཐོང་བས་མི་
དགའ་བ་གང་ཡིན་པ་དང་། སློང་བ་པོའི་ཡིད་ལ་རེ་བ་ཡོངས་སུ་མ་རྫོགས་པས་ཡོངས་སུ་མི་དགའ་བ་གང་ཡིན་པ་དང་། སློང་བ་པོའི་སྨོན་པ་པོ་གང་ཡིན་པ་སྟེ། སྦྱིན་པ་པོ་མཐོང་བ་དང་། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་སྨོན་པ་གང་ཡིན་པ་དགའ་བ་དང་མི་དགའ་བ་དང་སྨོན་པ་
དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་བརྩེ་བ་དང་ལྡན་པས་སྙིང་རྗེ་ལྷག་པར་ལྡན་པའི་སྒོ་ནས་ཟིལ་གྱིས་མནན་ཏེ། བྱང་ཆུབ་སེམས་དཔའི་རྒྱུད་སྙིང་རྗེས་བརླན་པས་སློང་བ་པོ་མཐོང་བ་དང་། དེའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པས་སློང་བ་པོ་བས་ལྷག་པར་དགའ་བ་སྐྱེ་ལ། བྱང་ཆུབ་
སེམས་དཔའ་སློང་བ་པོ་མ་མཐོང་བ་དང་། དེའི་ཡིད་ལ་རེ་བ་ཡོངས་སུ་མ་རྫོགས་པས་ཀྱང་སློང་བ་པོ་བས་ལྷག་པར་མི་དགའ་བ་སྐྱེའོ། །བྱང་ཆུབ་སེམས་དཔའ་སློང་བ་པོ་མཐོང་བར་སྨོན་པ་དང་། དེའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་སྨོན་པ་ཡང་སློང་བ་པོ་བས་ལྷག་པར་སྐྱེ་བས་དེའི་ཕྱིར་ཟིལ་
གྱིས་གནོན་ཏོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གྱི་ཁྱད་པར་ཏེ། ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྡུས་པ་ཡིན་པས། དེ་ལ་བསམ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་
ཅན་རྣམས་ལ་སྲོག་དང་ལོངས་སྤྱོད་དང་ཆུང་མ་དག་གཏོང་ཞིང་ཤིན་ཏུ་དགའ་བར་བྱེད་པས་ཏེ། རབ་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཇི་ལྟར་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་སྤྱོད་པར་འགྱུར། བྱང་ཆུབ་སེམས་དཔའ་ནི་གནོད་པ་བྱེད་པ་ལ་
ཡང་ཕན་པའི་འདུ་ཤེས་འཐོབ་ལ། གཞན་ལ་ཕན་པར་བྱ་བ་ལ་བརྩོན་པ་ལ་རླུང་དང་ཉི་མ་དང་སྡིག་སྦྲུལ་ལ་སོགས་པ་ལས་སྡུག་བསྔལ་སྐྱེད་པ་གང་ཡིན་པ་དེ་ལ་ཡང་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བ་རྙེད་པར་འགྱུར་ཏེ། བཟོད་པའི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་
Vol. 124 · folio 126a
གནོད་པ་བྱེད་པ་གང་ཡིན་པ་ལ་ཡང་ཕན་པའི་འདུ་ཤེས་ཐོབ་ལ་གཞན་ལ་ཕན་པར་བརྩོན་པ་ལ་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ལ་ཡང་དགའ་བ་འཐོབ་ན་གང་ལ་དགྲ་ལ་སོགས་པ་ལ་ཡང་གནོད་པ་བྱེད་པའི་འདུ་ཤེས་མི་འབྱུང་ལ། གཞན་གྱི་དོན་ལ་བརྩོན་
པ་ལ་སྡུག་བསྔལ་ལ་ཡང་སྡུག་བསྔལ་གྱི་བློ་མི་འབྱུང་བ་དེས་གང་ལ་ཅི་ཞིག་བཟོད་པར་བྱ། འདི་དག་གིས་ནི་གོ་རིམས་བཞིན་དུ་གནོད་པ་བྱེད་པ་ལ་མི་མཇེད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དག་བཤད་དོ། །བདག་པས་ཆེས་ལྷག་གཞན་
ལ་རྟག་བྱམས་དང་། །ཞེས་བྱ་བ་ནི་ཇི་སྐད་དུ་སྒྲུབ་པའི་སྐབས་ནས། ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་མི་བཟད་གདུང་བ་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལ། །ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་
འཇུག་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །ཇི་ལྟར་མུན་ཁུང་ལག་ནོམ་དག་གིས་ཤེས་པ་ཡུལ་ཆུང་བ། །ཞེས་བྱ་བ་ནི་ལག་པ་ལ་སོགས་པས་མནམས་ནས་དེའི་རྗེས་ལ་དྲན་པས་འདི་ནི་བུམ་པའོ། །འདི་ནི་རས་ཡུག་གོ་ཞེས་བྱ་བར་ཤེས་པ་དེ་ནི་ཤེས་པ་ཡུལ་ཆུང་ངུ་ཅན་
ཡིན་ནོ། །མངོན་སུམ་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོ་དེ་མིག་གིས་མངོན་སུམ་དུ་མ་གྱུར་པའི་ཕྱིར་ཏེ། ལག་ནོམ་གྱིས་བཟུང་བའི་ཁ་དོག་ལ་སོགས་པ་ཡོངས་སུ་གཅད་པར་ནི་མི་ནུས་སོ། །ཤིན་ཏུ་དྲི་མ་མེད་པ་མ་ཡིན་པ་ལྟར་ཞེས་བྱ་བ་ནི། ཉན་ཐོས་རྣམས་ཀྱི་ཤེས་པ་དེ་ནི་བག་ཆགས་
དང་ལྡན་པའི་ཕྱིར་བག་ཆགས་དང་བཅས་པ་ཡིན་ནོ། །ཡང་ན་བྱིས་པས་ཀུན་བརྟགས་པའི་ཆོས་ལ་འཛིན་པ་མ་སྤངས་པའི་ཕྱིར་རོ། །མི་འཇིགས་པ་སྦྱིན་པ་ནི་ངན་སོང་དང་འཁོར་བས་འཇིགས་པ་དག་ལ་དེ་དག་གིས་མི་འཇིགས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་འཕགས་པའི་
ལམ་བསྐྱེད་པས་ངན་སོང་ལས་ཡོངས་སུ་སྐྱོབ་ལ། བདེན་པ་མཐོང་བ་ནི་འཇིགས་པ་ལྔ་ལས་ཡང་དག་པར་བཟླ་བས་སྐྱོབ་པོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ནི་དགྲ་བཅོམ་པ་ཉིད་ལ་འགོད་པས་འཁོར་བ་ལས་ཡོངས་སུ་སྐྱོབ་པོ། །རྒྱུ་མཚན་ནི་སྙིང་རྗེའོ་ཞེས་བྱ་བ་ནི། སྙིང་རྗེས་
Vol. 124 · folio 126b
ཡོངས་སུ་ཟིན་པའི་སྦྱིན་པ་ནི་སྦྱིན་པ་མཆོག་ཡིན་ཏེ། སྙིང་རྗེས་ཡོངས་སུ་ཟིན་པས་སྦྱིན་པ་གཞན་དག་ལས་ཁྱད་པར་དུ་འཕགས་སོ། །རྒྱུ་ནི་སྔོན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བག་ཆགས་སོ་ཞེས་བྱ་བ་ནི་ཚེ་རབས་གཞན་དག་ན་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་དང་
མཚུངས་པར་ལྡན་པའི་སེམས་པ་ཀུན་ཏུ་སྤྱད་པས་བག་ཆགས་གཞན་པ་གང་ཡིན་པའི་བག་ཆགས་དེའི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་དེ་ནི་རྒྱུ་སྟེ། དེས་ན་མཆོག་ཏུ་འདོད་དོ། །གོང་དུ་ནི་སྙིང་རྗེའི་རྒྱུ་མཚན་ཅན་གྱི་སྦྱིན་པ་གང་ཡིན་པ་དེ་ནི་རྒྱུ་མཚན་གྱི་སྒོ་
ནས་མཆོག་ཡིན་ནོ་ཞེས་བཤད་དོ། །ད་ནི་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བག་ཆགས་ལས་རྒྱུའི་སྒོ་ནས་མཆོག་ཡིན་ནོ་ཞེས་བཤད་ན། རྒྱུ་དང་རྒྱུ་མཚན་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། རྒྱུ་ནི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དཔེར་ན་མྱུ་གུའི་ས་བོན་ལྟ་བུའོ། །རྒྱུ་མཚན་ནི་ལྷན་
ཅིག་བྱེད་པའི་རྒྱུ་མཚན་ཏེ། དཔེར་ན་མྱུ་གུ་དེ་ཉིད་ཀྱི་བྱེད་རྒྱུ་ས་དང་ཆུ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་གྲངས་བཞིན་དུ་སྦྱིན་པ་ལ་སོགས་པའི་དགེ་བ་ལ་གོམས་པའི་བག་ཆགས་ནི་རྒྱུ་ལྟ་བུ་སྟེ། ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ནོ། །སྙིང་རྗེ་ནི་ཐུན་མོང་གི་རྒྱུ་སྟེ། ས་དང་ཆུ་ལ་སོགས་པ་ལྟ་བུའོ། །
ཞིང་ནི་རྣམ་པ་ལྔ་སྟེ། སློང་བ་དང་། སྡུག་བསྔལ་བ་དང་། རྟེན་མེད་པ་དང་། ཉེས་པར་སྤྱད་པ་སྤྱོད་པ་དང་། ཡོན་ཏན་དང་ལྡན་པའོ་ཞེས་བྱ་བ་གོང་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་སྦྱིན་པ་པོ་དང་། སྦྱིན་པར་བྱ་བ་དང་ལེན་པ་པོ་རྣམ་པར་མི་རྟོག་པའི་ཕྱིར་སྦྱིན་པ་ཁྱད་
པར་དུ་འཕགས་སོ་ཞེས་བཤད་མ་ཐག་མ་ཡིན་ནམ། ད་ནི་དོན་ལ་སོགས་པར་རྣམ་པར་རྟོག་པའི་ཕྱིར་ཇི་ལྟར་སྔ་ཕྱི་མི་འགལ་ཞེ་ན། འགལ་བ་མེད་དེ། འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པའི་གནས་སྐབས་ན་སོ་སོའི་སྐྱེ་བོའི་གནས་སྐབས་ཉམ་ང་བར་འགྱུར་བ་ཡིན་ནོ། །
རྣམ་པར་མི་རྟོག་པའི་གནས་སྐབས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་གནས་སྐབས་ཏེ། དེའི་ཚེ་ནི་འདི་གང་ཞིག་གང་སློང་བ་དེ་ལ་དེ་སྦྱིན་པར་བྱེད་དོ། །དོན་ལ་སོགས་པར་རྣམ་པར་རྟོག་པའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་དབུལ་བའི་གནས་སྐབས་
Vol. 124 · folio 127a
ཡིན་པས་སློང་བ་པོ་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་ནུས་པར་འགྱུར་བ་གང་ཡིན་པ་འདི་མི་སྲིད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ནི། དེ་ལ་སྦྱིན་པ་པོ་དང་སྦྱིན་པར་བྱ་བ་དང་ལེན་པ་པོར་མངོན་པར་ཞེན་པ་མི་འབྱུང་སྟེ། འདིར་ཡང་མངོན་པར་
ཞེན་པ་འགོག་པར་ཟད་པས་འགལ་བ་མེད་དོ། །མོས་པ་དང་ཡིད་ལ་བྱེད་པ་དང་ཏིང་ངེ་འཛིན་གྱི་སྒོ་ནས་སྦྱིན་པ་མཆོག་ཏུ་འདོད་དེ། མོས་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལ་བསམ་པ་ཐག་པའི་བར་དུ་དང་བས་མོས་པའོ། །ཡིད་ལ་
བྱེད་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། རོ་མྱང་བ་ཡིད་ལ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་ཡོན་ཏན་དུ་ལྟ་བའི་ཚུལ་གྱིས་རོ་མྱོང་བར་བྱེད་པ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་འཇིག་རྟེན་ཐམས་ཅད་ན་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་དང་། མངོན་
པར་དགའ་བ་ཡིད་ལ་བྱེད་པས་བདག་ཉིད་དང་སེམས་ཅན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་མ་འོངས་པ་རྣམས་ལ་མངོན་པར་དགའ་བ་ཡིན་ནོ། །ཏིང་ངེ་འཛིན་ལ་བརྟེན་པས་སྦྱིན་པ་མཆོག་ཡིན་ནོ། །ཏིང་ངེ་འཛིན་ནི་ནམ་མཁའ་མཛོད་ལ་སོགས་པས་ཏེ། ས་བརྒྱད་པ་ལ་སོགས་པ་ལ་བྱང་ཆུབ་
སེམས་དཔའི་ལམ་མངོན་པར་འདུ་བྱེད་པ་མེད་པའི་གནས་སྐབས་ན་ནམ་མཁའ་ཉིད་མཛོད་དུ་གྱུར་ཏེ། གང་དང་གང་ལ་ཅི་དང་ཅི་དགོས་པ་དེ་དང་དེ་ལ་ནམ་མཁའ་ཁོ་ན་ལས་ཐམས་ཅད་སྦྱིན་པར་བྱེད་ཅིང་ནམ་མཁའ་མཛོད་ལ་སོགས་པ་ཏིང་ངེ་འཛིན་གྱི་རྣམ་པ་དུ་མ་ཡང་སྟོན་ཏོ། །ཇི་སྐད་དུ་དེ་ཉིད་ལས་
དབང་འབྱོར་པ་བཤད་པ་ལྟ་བུའོ་ཞེས་བྱ་བ་གང་ནས་བཤད་ཅེ་ན། བསྒོམ་པ་རྣམ་པར་དབྱེ་བ་ལས་སོ། །ཇི་སྐད་དུ་བཤད་ཅེ་ན། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དབང་འབྱོར་པ་ཉིད་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ། སྐུ་ལ་དབང་འབྱོར་པ་ཉིད་དང་། སྤྱོད་པ་ལ་དབང་འབྱོར་པ་ཉིད་དང་། སྟོན་པ་
ལ་དབང་འབྱོར་པ་ཉིད་དོ་ཞེས་བཤད་དོ། །དེ་ལ་སྐུ་ལ་དབང་འབྱོར་པ་ཉིད་ནི། དེ་བཞིན་གཤེགས་པའི་སྐུ་གཉིས་པོ་ངོ་བོ་ཉིད་ཀྱི་དང་། ལོངས་སྤྱོད་རྫོགས་པའི་ཡིན་པར་བལྟ་སྟེ། སྐུ་འདི་གཉིས་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་ཚོགས་ཡིན་ནོ། །ཆོས་དཀར་པོའི་ཚོགས་ཉིད་ཡིན་དུ་
Vol. 124 · folio 127b
ཟིན་ཀྱང་། ཏིང་ངེ་འཛིན་སྨོས་པས་དབང་འབྱོར་པའི་ཕྱོགས་གཅིག་བཟུང་སྟེ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་གཟུང་ངོ་། །དེ་ལྟར་ན་ཏིང་ངེ་འཛིན་ལ་བརྟེན་པས་སྦྱིན་པ་མཆོག་ཡིན་པར་འདོད་དོ། །རྣམ་པ་ཇི་སྙེད་སྦྱིན་པ་ནི་སྦྱིན་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མོས་པ་དང་། ཡིད་ལ་
བྱེད་པ་དང་། ཏིང་ངེ་འཛིན་ལ་བརྟེན་པའི་རྣམ་པའི་དབྱེ་བས་རྣམ་པའི་བྱེ་བྲག་ཤེས་པར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་རྟེན་ནི་བྱང་ཆུབ་སེམས་དཔའོ། །གཞི་མཆོག་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྡོམ་པས་ཚུལ་ཁྲིམས་རྣམ་པ་གསུམ་པོ་སྡོམ་
པ་དང་། དགེ་བའི་ཆོས་སུ་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་བསྡུས་སོ། །བཟོད་པ་ནི་ངན་པ་སྟོབས་ཆུང་ངུས་གསོད་པ་དག་གོ་ཞེས་བྱ་བ་ནི་ལག་དབྱུག་དང་། ཐལ་ལྕག་ལ་སོགས་པ་བཟོད་པ་གང་ཡིན་པ་དེ་ནི་ངོ་མཚར་མི་ཆེའི། རྗེ་དཔོན་ཡིན་ལ་
གསོད་པ་ངན་པ་བྲན་དང་གདོལ་པ་ལ་སོགས་པའི་བཟོད་པ་གང་ཡིན་པ་འདི་ནི་རབ་ཏུ་ངོ་མཚར་ཆེའོ། །ངན་དུ་ཟིན་ཀྱང་གལ་ཏེ་སྟོབས་དང་ལྡན་པ་ཡིན་ན་སྟོབས་དང་ལྡན་པ་བཟོད་པ་གང་ཡིན་པ་དེ་ཡང་ཚར་གཅིག་ངོ་མཚར་མི་ཆེའོ། །གལ་ཏེ་ངན་པ་སྟོབས་ཀྱང་ཆུང་ན་ངོ་མཚར་ཆེ་སྟེ། དེའི་
བཟོད་པ་གང་ཡིན་པ་དེ་ནི་གཞི་མཆོག་ཏུ་གྱུར་པས་བཟོད་པ་ཁྱད་པར་དུ་འཕགས་སོ། །ཡང་ན་ངན་པ་ཡང་གཞན་ཁོ་ན་ཡིན་ལ། སྟོབས་ཆུང་ངུ་ཡང་གཞན་ཡིན་ཏེ། ངན་པ་ནི་བྲན་ལ་སོགས་པའོ། །དེ་ལས་གཞན་པ་རིགས་མཐུན་ཞིང་། དབང་ཕྱུག་ལ་སོགས་པ་དང་བྲལ་བར་
བྱ་བའི་མཐུ་མེད་པ་དེ་ནི་སྟོབས་ཆུང་བའོ། །ཤེས་རབ་ཀྱི་གཞི་མཆོག་ནི། དེ་བཞིན་ཉིད་དོ་ཞེས་བྱ་བ་ལ། དེ་བཞིན་ཉིད་ནི་གཉིས་ལ་བདག་མེད་པའོ། །དེ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཆོག་ཡིན་ཏེ། གཞི་ཞེས་བྱ་བའི་སྒྲ་ནི་དམིགས་པར་བཤད་དོ། །ཚུལ་
ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཞིང་ནི་ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་དེ་དག་གི་ཐེག་པའི་ཞིང་གིས་བསྡུས་པའི་ཚུལ་ཁྲིམས་ལ་སོགས་པ་གང་ཡིན་པ་དེ་ནི་མཆོག་མ་ཡིན་གྱི། ཐེག་པ་ཆེན་པོ་བསྟན་པས་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་
Vol. 124 · folio 128a
ཀྱི་གང་ཡིན་པ་དེ་ནི་ཐེག་པ་དམན་པའི་ཞིང་མཆོག་ཏུ་འདོད་དོ། །གནས་ནི་མོས་པ་ལ་སོགས་ཏེ། མོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་ལྡན་པའི་ཆོས་ལ་མོས་པའོ། །དེ་ལྟར་མོས་ན་མོས་པ་ལ་བརྟེན་པའི་ཚུལ་ཁྲིམས་ལ་སོགས་པ་མཆོག་
ཅེས་བྱའོ། །ཡིད་ལ་བྱེད་པ་ནི། རོ་མྱང་བ་དང་རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བའི་ཡིད་ལ་བྱེད་པའི་སྒོ་ནས་རོ་མྱང་བ་ཡིན་ལ་བྱེད་པ་ལ་སོགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་རོ་མྱོང་བར་བྱེད་པ་དང་རྗེས་སུ་ཡི་རང་བར་བྱེད་པ་དང་། མངོན་པར་དགའ་བར་
བྱེད་པ་ཡིན་ནོ། །ཏིང་ངེ་འཛིན་ལ་བརྟེན་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མཆོག་ཏུ་འདོད་དེ། ཚུལ་ཁྲིམས་ནི་དགེ་བའི་ཆོས་སྡུད་པ་གང་ཡིན་པ་དེའི་ཕྱོགས་གཅིག་བཟུང་ངོ་། །དེ་བཞིན་དུ་བཟོད་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། ཏིང་ངེ་འཛིན་འགྲུབ་པར་བྱ་བའི་ཕྱིར་
སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་ལ་སོགས་པའི་ཕྱི་དང་ནང་གི་སྡུག་བསྔལ་བཟོད་པ་དང་། ཏིང་ངེ་འཛིན་དང་ལྡན་པའི་ཆོས་བཤད་ན། ཆོས་ལ་ངེས་པར་རྟོག་པའི་བཟོད་པས་བཟོད་པ་གང་ཡིན་པའི་བཟོད་པ་དེ་ནི་ཏིང་ངེ་འཛིན་པས་མཆོག་ཡིན་པར་འདོད་དེ། འདི་ལྟར་བཟོད་པ་ལ་
བརྟེན་ནས་ཏིང་ངེ་འཛིན་དེ་དག་འགྲུབ་པས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཡོན་ཏན་གྱི་གནས་སྐབས་ཡིན་པས་ཡོན་ཏན་གྱི་སྐབས་ཉིད་ཀྱིས་སྦྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གི་ཡོན་ཏན་ལྷག་པར་བསྔགས་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །སེམས་
ཅན་གཅིག་བདེ་བསྐལ་མང་དུ། །གནོད་པ་བྱེད་ཀྱང་དགའ་འགྱུར་ན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སྦྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གི་ཡོན་ཏན་ལྷག་པར་བརྗོད་དོ། །དེ་ཚེ་རྫས་ངན་ལྟ་ལ་སྨོས་ཀྱང་ཅི་ཞིག་དགོས། །ཞེས་བྱ་བ་ནི་ལུས་ལས་གཞན་
པའི་རྫས་ནི་ངན་པ་སྟེ། མཆོག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཏང་དགའ་ལོངས་སྤྱོད་ཅན་ཞེས་བྱ་བ་ནི་བཏང་བ་ཉིད་ལོངས་སྤྱོད་ཡིན་ལ། དགའ་བ་ཉིད་ལོངས་སྤྱོད་ཡིན་ཏེ། དེ་གང་ལ་ཡོད་པ་དེ་ནི་བཏང་དགའ་ལོངས་སྤྱོད་ཅན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཁོ་ན་ལ་ཡོན་ཏན་
Vol. 124 · folio 128b
འདི་དག་ཡོད་ཀྱི་མི་གཞན་ལ་ནི་མེད་དོ། །ཡང་ན་བཏང་བ་ལ་དགའ་བ་ནི་བཏང་དགའོ། །དགའ་བ་ཉིད་ལོངས་སྤྱོད་ཡིན་པས་ན་བཏང་དགའ་ལོངས་སྤྱོད་དོ། །གཙོ་བོ་ལ་སོགས་པའི་བྱེ་བྲག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྷག་པར་བསྔགས་སོ། །བརྩོན་
འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་ཐོབ། །ཅེས་བྱ་བ་ནི་འདོད་པའི་སྲིད་པར་གཏོགས་པའི་ལོངས་སྤྱོད་ནི་སྲིད་སྤྱོད་དོ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། །ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་དག་པ་སྟེ། འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པས་
བསྡུས་པ་ཡིན་ནོ། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་གནས་ནས་གྲོལ། །ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་གང་ཟག་ལ་བདག་མེད་པར་མཐོང་བས་སོ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་
འགྲུས་གང་ཡིན་པའོ། །གཞན་ཡང་ཉམས་དང་འཕེལ་བའི་བརྩོན་འགྲུས་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡང་དག་པར་སྤོང་བ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་རྣམས་བརྩོན་འགྲུས་ཀྱི་རྣམ་པས་དབྱེ་
བ་བསྟན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་བསམ་གཏན་གྱི་ངོ་བོ་ཉིད་ཡིན་པས་དེ་དག་ཏུ་བརྩོན་འགྲུས་མ་བསྟན་ཏོ། །ཉན་ཐོས་རྣམས་ཀྱི་ནི་བསམ་པ་དང་། བློ་ཞན་པ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་བསམ་པ་དང་བློ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ལོངས་སྤྱོད་ལ་ཆགས་
པ་ནི་དེ་ཀུན་ཏུ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལོངས་སྤྱོད་གཟུགས་ལ་སོགས་པའི་ཡུལ་བསྒྲུབ་པ་དག་ལ་ཆགས་པ་གང་ཡིན་པ་མི་སྤྱོད་པ་དང་མི་བརྟན་པ་བར་དུ་གཅོད་པ་དེའི་གཉེན་པོར། བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །ཅེས་བརྗོད་དེ་སྤྱད་པར་བྱ་བ་ནི་ལོངས་སྤྱོད་ཡིན་པའི་
ཕྱིར་རོ། །ཉོན་མོངས་པ་ནི་དེ་ཡོངས་སུ་སྤྱོད་པ་ལ་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལོངས་སྤྱོད་དག་སྤྱོད་པ་ལ་ལྷག་པར་ཆགས་ཤིང་སྲེད་པ་གང་ཡིན་པ་བར་དུ་གཅོད་པ་དེའི་གཉེན་པོར། བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །ཅེས་བྱ་སྟེ། བརྩོན་འགྲུས་དང་ལྡན་པ་དགེ་
Vol. 124 · folio 129a
བའི་ཆོས་ལ་བརྩོན་པ་ནི་ཉོན་མོངས་རྣམས་ཀྱིས་ཕམ་པར་མི་འགྱུར་རོ། །ཡོན་ཏན་གྱི་སྐབས་རྫོགས་སོ།། །།མི་འཇིགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་དང་བཟོད་པས་བསྡུས་ཏེ། དེ་ལྟར་འདི་གཉིས་ཀྱིས་མི་འཇིགས་པ་སྦྱིན་པར་བྱེད་དོ་ཞེས་བྱ་བ་
ནི་ཚུལ་ཁྲིམས་ཡང་དག་པར་ལེན་པ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པར་བྱེད་ཅིང་གཞན་གཤེ་བ་དང་བརྡེག་པ་ལ་སོགས་པས་རྣམ་པ་དུ་མར་འཚེ་བ་ཡང་ཐམས་ཅད་བཟོད་ཅིང་དང་དུ་ལེན་ཏེ། འདི་ལྟར་ཚུལ་ཁྲིམས་ཡང་དག་པར་བླངས་པས་ནི་གཤེས་ཀྱང་སླར་མི་གཤེ་བར་
བྱ། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ། བརྡེག་ཀྱང་སླར་མི་བརྡེག་པར་བྱ། མཚང་འབྲུ་ཡང་སླར་མཚང་འབྲུ་བར་མི་བྱའོ་སྙམ་དུ་དེ་ལྟར་སོ་སོར་བརྟགས་ནས་བཟོད་པ་ནི་གཞན་དག་ལ་མི་འཇིགས་པ་སྦྱིན་པར་བྱེད་པས། མི་འཇིགས་པ་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པ་བསྡུས་པར་
རིག་པར་བྱའོ། །ཆོས་སྦྱིན་པས་ནི་བསམ་གཏན་དང་ཤེས་རབ་དག་སྟེ། འདི་ལྟར་དེ་ཉིད་ཀྱིས་ཆོས་སྦྱིན་པར་བྱེད་དོ་ཞེས་བྱ་བ་ནི་བསམ་གཏན་གྱིས་རྫུ་འཕྲུལ་དང་ཀུན་བརྗོད་པ་ལ་སོགས་པས་ཀུན་མགུ་བར་བྱས་ཏེ། སྣོད་དུ་རུང་བར་བྱས་ནས་ཆོས་སྟོན་ཏོ། །གཉི་གས་ནི་བརྩོན་
འགྲུས་ཏེ། འདི་ལྟར་དེས་གཉི་ག་སྦྱིན་པར་བྱེད་དོ་ཞེས་བྱ་བ་ནི་མི་འཇིགས་པ་སྦྱིན་པའི་དུས་དང་ཆོས་སྦྱིན་པའི་དུས་ན་བརྩོན་འགྲུས་གདོན་མི་ཟ་བར་ཡོད་པས་སོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་བསྡུས་ཏེ་ཞེས་བྱ་བ་ནི་འདི་ལྟར་སྦྱིན་པ་དང་།
ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་དགེ་བའི་ཆོས་ཀྱི་ཕྱོགས་ཡིན་པས་དེ་བས་ན་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ཐམས་ཅད་བསྡུས་སོ། །དེ་བཞིན་དུ་གཞན་དག་ཀྱང་སྦྱར་བར་བྱའོ་ཞེས་བྱ་བ་ནི་
གནོད་པར་བྱེད་པ་ལ་མི་མཇེད་པའི་བཟོད་པས་ནི་མི་འཇིགས་པ་སྦྱིན་པ་དང་། ཚུལ་ཁྲིམས་དག་བསྡུས་ཏེ། འདི་ལྟར་དེ་གཉིས་ཀྱིས་ནི་གནོད་པར་བྱེད་པ་ལ་མི་མཇེད་པར་བྱེད་དོ། །ཆོས་ལ་ངེས་པར་རྟོགས་པའི་བཟོད་པས་ནི་བསམ་གཏན་དང་ཤེས་རབ་དག་བསྡུས་ཏེ། འདི་ལྟར་དེ་
Vol. 124 · folio 129b
གཉིས་ཀྱི་གོ་རིམས་བཞིན་དུ་སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཉི་གས་ནི་བརྩོན་འགྲུས་ཏེ། འདི་ལྟར་དེས་གཉི་ག་སྦྱིན་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་ཐམས་ཅད་བསྡུས་སོ། །མངོན་པར་བསྒྲུབ་པ་དང་བྱ་བ་སྒྲུབ་པའི་བསམ་
གཏན་གྱིས་ཀྱང་ཐམས་ཅད་བསྡུས་ཏེ། སྦྱིན་པ་ལ་སོགས་པའི་དུས་ན་ནམ་མཁའ་མཛོད་ལ་སོགས་པའི་མངོན་པར་བསྒྲུབ་པའི་ཕྱིར་རོ། །ཤེས་རབ་ཀྱིས་ཀྱང་ཐམས་ཅད་བསྡུས་ཏེ། འདི་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་སྦྱོར་བས་སོ། །སྦྱིན་
པའི་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་ཡིན་ནོ་ཞེས་བྱ་བ་ལ། སྦྱིན་པའི་སྦྱིན་པ་གང་ཞེ་ན། གཞན་དག་ལ་ནོར་དང་འབྲུ་ལ་སོགས་པའི་དངོས་པོ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་སྦྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་སྦྱིན་པ་ནི་གཞན་གྱི་རྒྱུད་དག་ལ་
སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་འགོད་པ་སྟེ། ཤེས་རབ་ཀྱི་སྦྱིན་པའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཡང་ན་དེ་དག་དང་ལྡན་པའི་ཆོས་སྟོན་པ་ཡིན་ནོ། །ཆོས་ཉིད་ཀྱིས་རྣམ་པར་ངེས་པ་ནི་སྦྱིན་པ་ལ་སོགས་པའི་དོན་གང་དག་ལ་མདོ་ལ་སོགས་པ་སྣང་བ་གང་དག་ཡིན་པ་
དང་། མདོ་ལ་སོགས་པའི་ཆོས་གང་དག་ལ་སྦྱིན་པ་ལ་སོགས་པ་སྣང་བ་གང་དག་ཡིན་པ་དེ་དག་ནི་ཕན་ཚུན་བསྡུས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་རྗོད་པ་དང་བརྗོད་པར་བྱ་བ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ནི་ཚུལ་ཁྲིམས་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ། ལོངས་སྤྱོད་
ལ་མི་ལྟ་ན་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ལོངས་སྤྱོད་ལ་མི་ལྟ་ན། ཚུལ་ཁྲིམས་ཀྱང་ཡང་དག་པར་ལེན་ལ། གཞན་དག་གིས་ཕྲོགས་ན་ཡང་དེ་ལ་མི་ལྟ་བས་བཟོད་དོ། །ལོངས་སྤྱོད་ལ་ཀུན་ཏུ་ཆགས་པའི་ལེ་ལོ་དགེ་བའི་ཆོས་རྣམས་ལ་མི་འཇུག་
པ་གང་ཡིན་པ་དེ་ཡང་མི་ལྟ་བ་ལ་མི་འཇུག་སྟེ། རྣམ་པར་གཡེང་བ་དང་འཆལ་བའི་ཤེས་རབ་ཀྱང་དེ་དང་འདྲའོ། །ཚུལ་ཁྲིམས་ཀྱང་སྦྱིན་པ་ལ་བརྩོན་པའི་རྒྱུ་མཚན་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་བའི་ཕྱིར་དང་། ཚུལ་ཁྲིམས་
Vol. 124 · folio 130a
ལ་གནས་ན་བཟོད་པ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི་གཞན་དག་ལས་ལུས་དང་ངག་ལས་བྱུང་བའི་མི་འདོད་པ་འོངས་པ་ཐམས་ཅད་བཟོད་དོ། །ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི་དགེ་བའི་ཆོས་རྣམས་ལ་སྤྲོ་བ་
འཕེལ་བར་འགྱུར་ཞིང་འགྱོད་པ་མེད་པའི་རིམ་གྱིས་སེམས་རྩེ་གཅིག་པ་ཉིད་དུ་ཡང་འགྱུར་ལ། དེ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་ཡོངས་སུ་ཤེས་སོ། །བཟོད་པ་དང་ལྡན་པ་ནི་སྦྱིན་པ་ལ་སོགས་པའི་དུས་ན་ཉེས་པར་སྨྲས་ཤིང་མི་སྙན་པར་གྱུར་པའི་ཚིག་གི་ལམ་དང་བརྡེགས་པ་ལ་སོགས་
པ་ཐམས་ཅད་བཟོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་མཉམ་པ་ཡིན་ཞིང་བརྩོན་འགྲུས་དང་ལྡན་པ་ཡིན་པ་སེམས་རྩེ་གཅིག་པ་ཉིད་ལས་ཡོངས་སུ་འཐོབ་པས་བཟོད་པ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱང་སྦྱར་བར་བྱའོ། །
ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་སོ།། །།ཕ་རོལ་ཏུ་ཕྱིན་པའི་སྐབས་ཀྱི་འོག་ཏུ་བསྡུ་བའི་དངོས་པོའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པས་རང་གི་དོན་ཏོ། །བསྡུ་བའི་དངོས་
པོ་རྣམས་ནི་གཞན་གྱི་དོན་ཏོ། །དེའི་ཕྱིར་བསྡུ་བའི་དངོས་པོའི་སྐབས་ཏེ། བསྡུ་བའི་དངོས་པོ་བཞིས་གཞན་གྱི་དོན་བྱེད་དོ། །སྦྱིན་མཚུངས་ཞེས་བྱ་བ་ནི། གྲངས་དང་དེའི་མཚན་ཉིད་གོ་རིམས་དང་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བསྟན་པ་ལྟ་བུ་ཡིན་ནོ། །དོན་སྤྱོད་པ་ནི་དེ་ཡང་དག་པར་ལེན་དུ་འཇུག་
པའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ལེན་དུ་འཇུག་པ་ནི་དོན་སྤྱོད་པ་ཞེས་བྱའོ། །དེ་ལ་བདག་ཉིད་རྗེས་སུ་འཇུག་པའོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་གང་ལ་གཞན་ཡང་དག་པར་ལེན་དུ་འཇུག་པ་དེ་ཉིད་ལ་བསྟན་པར་བྱ་བའི་ཕྱིར་བདག་ཉིད་ཀྱང་འཇུག་པ་ཡིན། དེ་ལྟར་ན་དེ་དག་སྦྱིན་པ་
ལ་སོགས་པ་ལ་བརྟན་པོར་འགྱུར་ཏེ། འདི་ལྟར་གང་ལ་བདག་ཅག་བཙུད་པ་དེ་ཉིད་ལ་བདག་ཉིད་ཀྱང་འཇུག་པ་དང་སྦྱར་ན་འདི་ནི་བདག་ཅག་ལ་སླུ་བར་བྱེད་པ་མ་ཡིན་གྱི། སྦྱིན་པ་ལ་སོགས་པ་འདི་ནི་གདོན་མི་ཟ་བར་བཟང་ངོ་སྙམ་དུ་སེམས་སོ། །དོན་མཐུན་པས་ནི་ཡུན་རིང་པོར་སྒྲུབ་པའི་
Vol. 124 · folio 130b
ཕྱིར། སྒྲུབ་པ་དེ་རྣམ་པར་སྦྱོང་བར་བྱེད་ཅིང་བྱ་བ་ཡང་དག་པར་ལེན་དུ་འཇུག་པ་པོ་ནི་ཇི་སྐད་སྨྲ་བ་དེ་བཞིན་བྱེད་པ་ཡིན་ནོ་ཞེས་བྱ་བར་རིག་ནས་ཡུན་རིང་པོར་གུས་པས་སྒྲུབ་པ་དེ་སྦྱོར་བར་བྱེད་དོ། །གང་ཡང་བཅོམ་ལྡན་འདས་ཀྱིས་གདུལ་བ་མདོར་བསྡུས་པ་ལ་དད་པ་ལ་ལྟོས་ནས། བསྡུ་བ་གཞན་
གཉིས་གསུངས་པའི་བསྡུ་བ་གཉིས་པོ་དེས་ཀྱང་བསྡུ་བ་བཞི་པོ་འདི་དག་བསྡུས་སོ། །དམིགས་པའི་ཆོས་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་སོ། །དམིགས་པའི་ཆོས་དེས་སྙན་པར་སྨྲ་བ་བསྡུས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཆོས་ལ་དམིགས་ནས་གཞན་དག་ལ་བྱེ་བྲག་ཏུ་ཤེས་པར་ཡང་
བྱེད། ཐེ་ཚོམ་གཅོད་པར་ཡང་བྱེད་དོ། །སྒྲུབ་པའི་ཆོས་ཀྱིས་ནི་དོན་སྤྱོད་པ་བསྡུས་ཏེ། སྒྲུབ་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་སྦྱོར་བ་ན་དོན་སྤྱོད་པ་ལ་རབ་ཏུ་བརྩོན་པ་ཡིན་ནོ། །དེ་རྣམ་པར་སྦྱོང་བའི་ཆོས་ཀྱིས་ནི་དོན་མཐུན་པ་བསྡུས་ཏེ། དོན་མཐུན་པས་སྒྲུབ་པ་དེ་རྣམ་པར་སྦྱོང་བར་བྱེད་དོ། །ཕལ་ཆེར་དོན་མེད་པ་ནི་
མོས་པས་སྤྱོད་པའི་ས་ལའོ་ཞེས་བྱ་བ་ནི་གདུལ་བ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་བ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་མི་ཤེས་པའི་ཕྱིར་དེ་ཁོ་ན་ཉིད་མ་མཐོང་བའི་ཕལ་ཆེར་དོན་མེད་པ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་རྣམ་པ་ཐམས་ཅད་དུ་དོན་མེད་པ་ནི་མ་ཡིན་ནོ། །དེ་ལྟར་རྟག་ཏུ་ལོངས་སྤྱོད་
མ་ཆགས་བློ། །ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ལོངས་སྤྱོད་དག་ལ་མ་ཆགས་པ་སྟོན་ཏོ། །ཞི་ཞེས་སྨོས་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ། །སྡོམ་ཞེས་སྨོས་པས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །འདི་ལྟར་
སྡོམ་པ་ཞེས་བྱ་བའི་སྐད་ཀྱི་བྱིངས་ནི་ཉེ་བར་ཞི་བའི་དོན་དུ་འདོན་ཏེ། བཟོད་པ་དང་ལྡན་པ་ནི་གཤེ་བ་དང་བརྡེག་པ་ཐམས་ཅད་བཟོད་དོ། །སྲིད་ཡུལ་མཚན་མ་རྣམ་པར་མི་རྟོག་པ། །ཞེས་བྱ་བ་ལ། སྲིད་པ་ཞེས་སྨོས་པས་ནི་ནང་གི་ཆོས་རྣམས་གཟུང་ངོ་། །ཡུལ་ཞེས་སྨོས་པས་ནི་ཕྱི་རོལ་གྱི་དངོས་པོ་རྣམས་
བཟུང་སྟེ། བྱང་ཆུབ་སེམས་དཔའ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་དོ། །དེ་ནི་སེམས་ཅན་ཚོགས་སྡུད་བྱེད་པ་ཡིན། །ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱིས་ཚོགས་སྡུད་པར་བྱེད་དོ། །བསྡུ་བའི་དངོས་པོའི་སྐབས་རྫོགས་སོ།། །།
Vol. 124 · folio 131a
འདི་མན་ཆད་ནི་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚད་མེད་པ་རྣམས་ཏེ། འདི་དག་གི་འབྲེལ་པ་གང་ཡིན་ཞེ་ན། རང་ལ་ཕན་པ་བསྒྲུབ་པའི་ཕྱིར་སྔར་ཕ་རོལ་ཏུ་ཕྱིན་པ་རྣམས་བསྟན་ཏོ། །གཞན་ལ་ཕན་
པར་བྱ་བ་བསྒྲུབ་པའི་ཕྱིར། བསྡུ་བའི་དངོས་པོ་རྣམས་བསྟན་ཏོ། །རང་ལ་ཕན་པ་ཕུན་སུམ་ཚོགས་པ་ལ་བདེ་བ་ལ་ལྷག་པར་ཞེན་པ་སྲིད་པས་དེའི་ཕྱིར་དེའི་འོག་ཏུ་བདེ་བ་ལ་ལྷག་པར་ཞེན་པའི་གཉེན་པོར་སངས་རྒྱས་ལ་མཆོད་པ་དང་། བཤེས་གཉེན་ལ་བརྟེན་པ་སྟེ།
སངས་རྒྱས་ལ་མཆོད་པའི་ཕྱིར། སྒྲུབ་པའི་དངོས་པོ་ཡོངས་སུ་གཏོང་བ་ལ་གོམས་པས་ལོངས་སྤྱོད་ཀྱི་བདེ་བ་ལ་ལྷག་པར་ཞེན་པར་མི་འགྱུར་ལ། ལུས་དང་སྲོག་ལ་མི་ལྟ་ཞིང་བཤེས་གཉེན་མགུ་བར་བྱ་བ་ལ་རབ་ཏུ་ཞུགས་པ་ཡང་བདག་ཉིད་བདེ་བ་ལ་ལོངས་སྤྱོད་པར་མི་འགྱུར་
བས་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་འདི་གཉི་ག་ལ་ཡང་བདེ་བ་ལ་ལྷག་པར་ཞེན་པའི་གཉེན་པོར་བཤད་དོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་གཞན་ལ་ཕན་པ་ལ་འཇུག་པར་རབ་ཏུ་སྦྱོར་བ་ལ་དེའི་ལོག་པར་བསྒྲུབས་པས་སྡུག་བསྔལ་ཡལ་བར་
འདོར་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་པ་ནི་ལོག་པར་སྒྲུབ་ཅིང་འདུལ་བ་ལ་མི་གནས་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཡལ་བར་འདོར་བར་འགྱུར་བ་དེའི་གཉེན་པོར་ཚད་མེད་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་བྱམས་པ་ལ་
སོགས་པས་ཡོངས་སུ་བསྒོམ་པས་ནི་གནས་སྐབས་གང་དུ་ཡང་སེམས་ཅན་རྣམས་ཡལ་བར་མི་འདོར་བས་དེའི་ཕྱིར་ཚད་མེད་པ་དག་བསྟན་ཏོ། །ཡོངས་སུ་བསྔོ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་ནི་མཆོད་པ་འདིས་རིང་པོར་མི་
ཐོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བཅོམ་ལྡན་འདས་ལ་མཆོད་པ་དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཡོངས་སུ་སྔོ་བར་བྱེད་པའོ། །རྒྱུ་ནི་སྔོན་གྱི་སྨོན་ལམ་མོ། །ཞེས་བྱ་བ་ནི་ཚེ་རབས་
Vol. 124 · folio 131b
གཞན་དག་ན་སྨོན་ལམ་བཏབ་པ་གང་ཡིན་པ་དེ་རྒྱུ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ། བདག་ལ་སངས་རྒྱས་འབྱུང་བ་དོན་ཡོད་པར་གྱུར་ཅིག་ཅེས་བྱ་བ་སྨོས་སོ། །ཞིང་ནི་སེམས་ཅན་ཚད་མེད་པ་རྣམས་ཏེ། དེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་
ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གིས་དེ་ལ་རབ་ཏུ་སྦྱར་བས་ཞེས་བྱ་བའི་ནི་སེམས་ཅན་དེ་དག་གིས་མཆོད་པ་དེ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་དག་གིས་རབ་ཏུ་སྦྱར་བས་སེམས་ཅན་ཞིང་ལྟ་བུ་དེ་དག་ལ་མཆོད་པ་ས་བོན་ལ་སོགས་པ་ལྟ་བུ་
མ་འོངས་པ་ན་སངས་རྒྱས་ལ་མཆོད་པའི་མེ་ཏོག་སྐྱེ་བར་བྱ་བའི་དོན་དུ་ཞེས་བྱ་བའི་ཕྱིར་བཏབ་པར་འགྱུར་རོ། །མོས་པ་ལ་སོགས་པ་ཞེས་བྱ་བ་ནི་མོས་པ་དང་། བསམ་པ་དང་། དབང་འབྱོར་པ་ཉིད་དོ། །དེ་ལ་མོས་པ་ནི་འདི་ལྟ་སྟེ་མཆོད་པ་དང་ལྡན་པའི་ཐེག་པ་ཆེན་
པོའི་ཆོས་ལ་མོས་པའོ། །བསམ་པ་ནི་བསམ་པ་དགུ་པོ་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བའི་བསམ་པ་དག་པ་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་དག་གོ། །
དབང་འབྱོར་པ་ཉིད་ནི་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཏེ། འདི་ནི་སེམས་ལ་བརྟེན་པའི་མཆོད་པ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། འདིར་ཚིགས་སུ་བཅད་པ་སྦྱར་བའི་ངོར་སྨོན་ལམ་ཉིད་སྨོན་པར་བཤད་པ་དང་ཞེས་བྱ་བ་ནི་འདི་ལྟར་ཚིགས་སུ་
བཅད་པ་ནི་སྨོན་པ་ཞེས་སྦྱར་རོ། །སྨོན་ལམ་གང་ཡིན་པ་དེ་སེམས་བསྐྱེད་པ་ཡིན་ནོ་ཞེས་སེམས་བསྐྱེད་པའི་རྣམ་གྲངས་སུ་ཡང་སྟོན་ཏེ། འདི་ཡང་སེམས་ལ་བརྟེན་པའི་མཆོད་པ་ཁོ་ན་ཡིན་ལ། སེམས་ཅན་ལ་བརྩེ་བའི་མཆོད་པ་གང་ཡིན་པ་དེ་ཡང་སེམས་ལ་བརྟེན་པ་
ཁོ་ན་ཡིན་པར་བལྟའོ། །གཞི་ལ་གཏོད་དང་རྟོགས་པ་དང་། །ཞེས་བྱ་བ་ནི་གཞི་ལ་གཏོད་པ་དང་། གཞི་རྟོགས་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཡང་དག་པའི་ལྟ་བ་ཡིན་པར་སྟོན་ཏེ། དེ་བཞིན་ཉིད་ཀྱི་སྒོ་ནས་ནི་བྱང་ཆུབ་ཆེན་པོ་འཐོབ་པ་ཞེས་བྱ་བ་ནི་སངས་རྒྱས་
Vol. 124 · folio 132a
ཉིད་འཐོབ་པ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་མཆོད་པ་ལ་སོགས་པའི་རིམ་གྱིས་འཇུག་པ་རྣམས་སངས་རྒྱས་ཉིད་འཐོབ་པ་གང་ཡིན་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པའི་མཆོག་ཡིན་ནོ། །
རྒྱུ་དང་འབྲས་བུ་ཉིད་དང་ནི། ཞེས་བྱ་བ་ནས་བཟུང་སྟེ་ད་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་དང་ཕྱི་དང་། རགས་པ་དང་ཕྲ་བ་དང་། དམན་པ་དང་། གྱ་ནོམ་པའི་དབྱེ་བས་མཆོད་པ་ཤེས་པར་བྱ་སྟེ། རྙེད་པ་དང་བཀུར་སྟིའི་སྒོ་ནས་
མཆོད་པ་ལ་རྙེད་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་བསྟོད་པ་དང་ཕྱག་བྱ་བ་དང་། ཐལ་མོ་སྦྱར་བ་ལ་སོགས་པའོ། །ཡང་ང་རྒྱལ་དང་བཅས་པ་ནི་དམན་པའོ། །ང་རྒྱལ་མེད་པ་ནི་གྱ་ནོམ་པ་སྟེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ལས་དེ་རྣམ་གཉིས་ཞེས་
བཤད་པ་གང་ཡིན་པ་དེ་ཡང་ཞེས་བྱ་བའི་སྒྲས་རྣམ་པ་གཉིས་ཉིད་སྟོན་ཏོ། །སྒྲུབ་པ་དེའི་དམན་པ་ཉིད་ཆུང་ངུའི་དབྱེ་བ་དང་ང་རྒྱལ་གྱི་དབྱེ་བས་རྣམ་པ་གཉིས་སུ་སྟོན་ཏེ། སྒྲུབ་པ་ཆུང་ངུ་ཡང་དམན་པ་ཡིན་ལ། ང་རྒྱལ་དང་བཅས་པ་ཡང་དམན་པ་ཡིན་ནོ། །སྒྲུབ་པའི་
གྱ་ནོམ་པ་ཉིད་ཀྱང་རྣམ་པ་གཉིས་སུ་སྟོན་ཏེ། སྒྲུབ་པ་ཆེན་པོ་ཡང་གྱ་ནོམ་པ་ཡིན་ལ། ང་རྒྱལ་མེད་པ་ཡང་གྱ་ནོམ་པ་ཡིན་ནོ། །སྦྱོར་བ་ཞེས་བྱ་བ་ནི་དུས་གཞན་དང་། དེའི་དུས་སུ་སྦྱོར་བའི་བྱེ་བྲག་གིས་སོ། །འགྲོ་བ་རྣམས་བར་ཆད་པས་ནི་རིང་པོའོ་ཞེས་བྱ་བ་ནི་ཚེ་
རབས་གཞན་མང་པོ་ཞིག་འདས་ནས་བཅོམ་ལྡན་འདས་ལ་མཆོད་པ་ཐོབ་པར་འགྱུར་བ་གང་ཡིན་པའོ། །དེ་མ་ཐག་པའི་ཉེ་བའོ། །ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཀྱི་མཆོད་པ་གང་ཡིན་པ་སྟེ། དེ་ནི་ཐོབ་མ་ཐག་ཏུ་བཅོམ་ལྡན་འདས་ལ་མཆོད་པ་ལ་འཇུག་པ་གང་ཡིན་པའོ། །
དོན་ཐམས་ཅད་ནི་འདྲེས་པ་ཉེ་བར་འདྲེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདྲེས་པ་ཕུལ་དུ་བྱུང་བར་སྟོན་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་པའི་གནས་སྐབས་སུ་བདེ་བ་ལ་ལྷག་པར་ཞེན་པའི་གཉེན་པོ་ནི་བཤད་མ་ཐག་པ་ཁོ་ན་སྦྱར་བར་བྱའོ། །དུལ་བ་ནི་ཚུལ་ཁྲིམས་
Vol. 124 · folio 132b
དང་ལྡན་པའི་ཕྱིར་དབང་པོ་དུལ་བས་སོ་ཞེས་བྱ་བ་ནི་ཀུན་ཏུ་ཆགས་པར་གྱུར་པའི་དངོས་པོ་དག་ལ་མཚན་མར་འཛིན་པར་མི་བྱེད། མངོན་རྟགས་སུ་འཛིན་པར་མི་བྱེད་པར་མི་དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ། གནས་པ་ཡིན་ནོ། །ཞི་བའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར། སེམས་
ནང་དུ་ཞི་བར་གནས་པའོ། །ཞེས་བྱ་བ་ནི་གང་གི་ཚེ་སེམས་ཕྱི་རོལ་དུ་འཕྲོས་པ་ཞི་གནས་ཀྱི་སྟོབས་ཀྱིས་དམིགས་པ་གཅིག་ལ་འཇུག་པ་དེའི་ཚེ་ཞི་བ་ཞེས་བྱའོ། །ཉེ་བར་ཞི་བ་ནི་ཤེས་རབ་དང་ལྡན་པའི་ཕྱིར་ཉོན་མོངས་པས་ཉེ་བར་གནས་པ་ཉེ་བར་ཞི་བས་སོ་ཞེས་བྱ་བ་ནི་གང་གི་ཚེ་
འདིའི་སེམས་རྣམ་པ་འགའ་ཞིག་གིས་ཕྱི་རོལ་དུ་འཕྲོ་ཞིང་ཉོན་མོངས་པ་རྣམས་ཀྱིས་དམིགས་པ་ལས་རབ་ཏུ་བསྐྱོད་པ་དེའི་ཚེ་ཡང་ཤེས་རབ་ཀྱི་གཉེན་པོའི་སྟོབས་ཀྱིས་མྱུར་བ་མྱུར་བ་ཁོ་ནར་ཉེ་བར་ཞི་བར་བྱེད་པས་སོ། །བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང་། །ཞེས་བྱ་བ་ལ།
བཀུར་སྟི་ནི་ཡང་དག་པའི་ཡོན་ཏན་བསྒྲགས་པ་དང་ཕྱག་འཚལ་བ་དང་། ལྡང་བ་དང་ཐལ་མོ་སྦྱར་བ་ལ་སོགས་པའོ། །རྙེད་པ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་སྟེ། འདི་དག་གིས་དགེ་བའི་བཤེས་གཉེན་མཆོད་པར་བྱེད་དོ། །རིམ་གྲོ་ནི་བསྐུ་བ་དང་།
ཕྱི་བ་དང་། བཀྲུ་བ་ལ་སོགས་པའོ། །སྒྲུབ་པ་ནི་དགེ་བའི་བཤེས་གཉེན་གྱིས་ཇི་སྐད་གདམས་པ་དེ་ཁོ་ན་བཞིན་དུ་བསྒྲུབས་པས་སྒྲུབ་པར་བྱེད་པ་སྟེ། བསྒྲུབས་པས་དགེ་བའི་བཤེས་གཉེན་མཆོད་པར་འགྱུར་རོ། །དེ་བཞིན་བློ་ལྡན་ཆོས་ལ་ནི། །ཤེས་སམ་དུས་སུ་
འདུད་པས་བཤེས་གཉེན་བགྲོད། །ཅེས་བྱ་བ་ནི་ཀུན་ཤེས་པར་འདོད་པ་ཉིད་སྟོན་ཏེ། ཀུན་ཤེས་པར་འདོད་པའི་བསམ་པས་དགེ་བའི་བཤེས་གཉེན་བགྲོད་ཀྱི། རྣམ་པར་མཐོ་འཚམ་པའི་བསམ་པས་ཀྱང་མ་ཡིན་ལ། ཆོས་བརྐུ་བའི་ཕྱིར་ཡང་མ་ཡིན་ནོ། །དུས་སུ་ཞེས་བྱ་བ་ནི་
དུས་ཤེས་པ་ཉིད་སྟོན་ཏེ། དུས་སུ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོའི། ཟན་ཟ་བ་ལ་སོགས་པའི་དུས་སུ་ནི་མ་ཡིན་ནོ། །འདུད་པས་ཞེས་བྱ་བ་ནི་ང་རྒྱལ་བཅག་ཅིང་དམན་པའི་སེམས་ཀྱིས་ཉེ་བར་འགྲོ་བའོ། །དེ་ནི་བསྙེན་བཀུར་རྙེད་ལ་འདོད་པ་མེད། །བསྒྲུབ་པར་བྱ་ཕྱིར་དེ་
Vol. 124 · folio 133a
ཡོངས་སྔོ་བར་བྱེད། །ཅེས་བྱ་བ་ནི་བསྒྲུབ་པར་བྱ་བའི་དོན་དུ་དགེ་བའི་བཤེས་གཉེན་བརྟེན་གྱི། རྙེད་པ་དང་བཀུར་སྟིའི་དོན་དུ་ནི་མ་ཡིན་པ་སྟེ། བདག་དགེ་བའི་ཆོས་རྣམས་ལ་སྒྲུབ་པར་གྱུར་ཅིག །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་སོགས་པའི་
དོན་དུ་ནི། མ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཞིང་དག་པ་ཡང་སྦྱང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཞིང་དག་པ་སྦྱང་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཅི་འདྲ་བ་དེ་ལྟ་བུར་བདག་གིས་ཀྱང་ཡོངས་སུ་སྦྱང་བར་བྱའོ། །ཞེས་བྱ་བ་ཡིན་ནོ། །བློ་ལྡན་
རྒྱུ་དང་འབྲས་བུ་དང་། །ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དད་པས་ནི་ད་ལྟར་བྱུང་བའི་རྒྱུ་ཡིན་ནོ། །ད་ལྟར་བྱུང་བ་ནི་འབྲས་བུ་ཡིན་ནོ། །དེ་ཉིད་མ་འོངས་པའི་རྒྱུ་ཡིན་ཏེ། འདི་ནི་རྒྱུ་དང་འབྲས་བུར་རྣམ་པར་གཞག་པའོ། །ཆོས་ཀྱི་སྒོའི་རྗེས་སུ་འགྲོ་བས་བཤེས་
གཉེན་ལ་བརྟེན་ཅེས་བྱ་བ་ལ། ཆོས་ཀྱི་སྒོའི་རྗེས་སུ་འགྲོ་བ་ནི་ཆོས་ཀྱི་སྒོའི་རྒྱུན་གྱི་ཏིང་ངེ་འཛིན་ཏེ། གང་གི་ཚེ་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཏིང་ངེ་འཛིན་དེ་ཐོབ་ལ། ཆོས་ཀྱི་རྒྱུན་དེ་ཡང་དང་ཡང་དུ་སྒོམ་པར་བྱེད་ན། དེ་ལྟར་ན་དགེ་བའི་བཤེས་གཉེན་ལ་བསྙེན་
བཀུར་བྱས་པར་འགྱུར་རོ། །བློ་ལྡན་སྦྱོར་དང་འགྲོ་བ་དང་། མོས་པའི་སྒོ་ནས་རིང་བ་དང་ཉེ་བའི་དབྱེ་བ་སྟེ། སྔ་མ་བཞིན་དུ་སྦྱར་བར་བྱའོ། །ཞེས་བྱ་བ་ནི་འགྲོ་བ་རྣམ་པར་ཆད་པའི་ནི་རིང་བའོ། །དེ་མ་ཐག་པའི་ནི་ཉེ་བའོ། །དུས་གཞན་ན་སྦྱར་བར་བྱ་བའི་ནི་རིང་བའོ། །
དེའི་དུས་སུ་སྦྱར་བར་བྱ་བ་ནི་ཉེ་བའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་གང་ཞིག་རབ་ཏུ་སྦྱར་བར་སྨོན་ལམ་འདེབས་པ་དེ་ནི་རིང་བའོ། །གང་ཞིག་བྱ་བར་སྨོན་ལམ་འདེབས་པ་ནི་ཉེ་བའོ། །བཤེས་གཉེན་དམ་པ་ལ་བརྟེན་པའི་མཆོག་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྣམ་པ་ལྔས་
རང་གི་སེམས་ཀྱིས་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པ་མཆོག་ཏུ་རིག་པར་བྱའོ། །འདི་ལྟ་སྟེ་བསྟན་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་
Vol. 124 · folio 133b
བའི་བསམ་པ་དག་པ་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་རྣམས་དང་། དབང་འབྱོར་པ་ཉིད་དེ། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་
ཤེས་ཀྱི་ཐབས་ཡོངས་སུ་བཟུང་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། དོན་གཅིག་པ་ཉིད་ལ་འཇུག་པའི་སྒོ་ནས་ཏེ། དོན་ཐམས་ཅད་ནི་འདྲེས་པ་ཉེ་བར་འདྲེས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་སེམས་ཀྱི་རྣལ་འབྱོར་ཡིན་ནོ་ཞེས་བྱ་བ་ནི་བསམ་པ་དང་བསྒོམ་
པ་གང་ཡིན་པའོ། །ཚད་མེད་པ་རྣམ་པར་དབྱེ་བ་ནི་གཞན་གྱི་དོན་བྱ་བ་དག་ལ་མི་སྐྱོ་བའི་ཐབས་ཏེ། བྱང་ཆུབ་སེམས་དཔའ་ཚངས་པའི་གནས་དག་གིས་གནས་པ་ནི་གཞན་གྱི་དོན་བྱ་བ་དག་ལ་སྐྱོ་བར་མི་འགྱུར་རོ། །བཏང་སྙོམས་ནི་ཚོར་བ་དེ་དག་ལ་སེམས་ཅན་རྣམས་
ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་པའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་པའི་རྣམ་པ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྒྲུབ་པའི་རྣམ་པས་ཏེ། སེམས་ཅན་འདི་རྣམས་ཚོར་བ་འདི་དག་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་ཉེས་པ་འབྱུང་བར་མ་
གྱུར་ཅིག་སྙམ་པའོ། །དམིགས་པ་མེད་པ་ནི་དེ་བཞིན་ཉིད་ལ་འཇུག་པ་སྟེ། དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར། དམིགས་པ་མེད་པ་དང་འདྲ་བས་ན་དམིགས་པ་མེད་པའོ་ཞེས་བྱ་བ་ནི་ཀྱེ་མ་བདེ་བའོ། །སྡུག་བསྔལ་བའོ། །དགའ་བར་གྱུར་ཅིག་ཅེས་བྱ་བ་དང་། སེམས་ཅན་
རྣམས་སོ་ཞེས་བྱ་བར་རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་གནས་སྐབས་དེ་ན་སེམས་དང་སེམས་ལས་བྱུང་བའི་ཚོགས་ཀྱི་རྣམ་པ་དེའི་རྣམ་པ་སོ་སོར་ངེས་པའི་མཚན་ཉིད་མ་ཡིན་པས་དམིགས་པ་མེད་པ་ཞེས་བྱའི། དེ་དག་ལ་གནས་སྐབས་དེ་ན་དེ་བཞིན་ཉིད་ལ་དམིགས་པ་
མེད་པ་ནི་མ་ཡིན་པས། རྣམ་པར་ཤེས་པ་ལྔ་རྣམ་པར་མི་རྟོག་པ་ལྟ་བུར་རྣམ་པར་མི་རྟོག་པ་དག་ཅེས་བྱའོ། །ཁམས་རྒྱས་པས་དེ་དག་རྣམ་པར་དག་པ་ཞེས་བྱ་བ་ནི་ཆོས་དཀར་པོ་འཕེལ་བར་གྱུར་པས་སྡང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་བྱམས་པ་ལ་
Vol. 124 · folio 134a
སོགས་པའི་ས་བོན་རྒྱས་པ་ནི་ཁམས་རྒྱས་པ་ཞེས་བྱའོ། །ཁམས་རྒྱས་པས་བྱམས་པ་ལ་སོགས་པ་དེ་དག་ས་བརྒྱད་པ་ལ་སོགས་པ་ལ་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པར་འཇུག་སྟེ། དེའི་ཕྱིར་གནས་སྐབས་དེ་ན་དམིགས་པ་མེད་པ་ཞེས་བྱའོ། །ལས་
གཉིས་ཏེ་ལུས་དང་ངག་གི་ལས་བྱམས་པའི་རྒྱུ་མཐུན་པས་བསྡུས་པ་གང་ཡིན་པ་ཞེས་བྱ་བ་ནི་བྱམས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཞི་བ་གང་ཡིན་པ་དེ་ནི་བྱམས་པའི་རྒྱུ་མཐུན་པ་ཞེས་བྱ་སྟེ། ལུས་དང་ངག་གི་ལས་དེ་ཡང་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་
དམིགས་པ་མེད་པ་ཡིན་ནོ། །དེ་བས་ན་དེ་ལ་བྱམས་པ་ཉེ་བར་བརྟགས་ནས་བྱམས་པ་དམིགས་པ་མེད་པ་ཞེས་བྱའོ། །ཉོན་མོངས་པ་ཟད་པས་ཚད་མེད་པ་རྣམས་དམིགས་པ་མེད་པའོ། །ཇི་ལྟར་ཤེས་ཤེ་ན། འདི་ལྟར་ཉོན་མོངས་པ་ནི་དམིགས་པར་བཤད་དེ། ཡིད་ཀྱི་
མདུད་པ་རྣམས་སྤངས་པའི་ཕྱིར་དམིགས་པ་འཆད་དོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་མདོའི་དུམ་བུས་དེ་སྟོན་པར་བྱེད་དོ། །ཉོན་མོངས་པ་ནི་དམིགས་པར་བཤད་པས་ཉོན་མོངས་པ་སྤངས་པའི་ཕྱིར། བྱམས་པ་ལ་སོགས་པ་དམིགས་པ་མེད་པ་ཡིན་ནོ། །ཉོན་མོངས་པ་
འགགས་པ་ནི་མེད་པའི་ཕྱིར་དམིགས་པ་མེད་པ་སྟེ། འགགས་པ་དེ་ནུབ་པ་ཡིན་པའི་ཕྱིར་རོ། །གནས་པ་དང་ཁྱད་པར་དུ་འགྱུར་བའི་སྐལ་བ་ཅན་ཞེས་བྱ་བ་ནི་གནས་པའི་སྐལ་བ་ཅན་དང་ཁྱད་པར་དུ་འགྱུར་བའི་སྐལ་བ་ཅན་ནོ། །དེ་ལ་ཆུང་ངུ་ནི་རྣམ་པ་དྲུག་སྟེ། ཞེས་བྱ་བ་རྣམ་
པ་དྲུག་གང་ཞེ་ན། མཉམ་པར་མ་བཞག་པ་དང་། ཆུང་ངུ་དང་། འབྲིང་དང་། དམན་པའི་ས་པ་དང་། བསམ་པ་དམན་པ་དང་། ང་རྒྱལ་དང་བཅས་པ་རྣམས་སོ། །རྣམ་པ་དྲུག་པོ་འདི་དག་ནི་དམན་པ་སྟེ། ཆུང་ངུ་དག་ཡིན་ནོ། །གཞན་ཉིད་ལྷག་པའོ་ཞེས་བྱ་བ་གཞན་
ཇི་ལྟ་བུ་ཞེ་ན། མཉམ་པར་མ་བཞག་པ་ལས་བཟློག་པ་མཉམ་པར་གཞག་པ་རྣམས་ནི་མཉམ་པར་མ་བཞག་པ་དག་ལས་ལྷག་པའོ། །ཆེན་པོ་རྣམས་ནི་ཆུང་ངུ་དག་པས་ལྷག་པའོ། །མཆོག་གི་ས་པ་དག་ནི་དམན་པའི་ས་དག་པས་ལྷག་པ་སྟེ། མོས་པས་སྤྱོད་པའི་ས་ལ་ནི་
Vol. 124 · folio 134b
ཆུང་ངུ་དག་ཡིན་ནོ། །རབ་ཏུ་དགའ་བ་ལ་ནི་ཆེན་པོ་དག་ཡིན་ནོ། །དེ་ལ་ནི་ཆུང་ངུ་དག་ཡིན་ནོ། །དྲི་མ་མེད་པ་ལ་ནི་ཆེན་པོ་དག་ཡིན་ཏེ། དེ་བཞིན་དུ་ས་གོང་ནས་གོང་དུ་ས་འོག་མ་ལ་ལྟོས་ནས་ལྷག་པ་དག་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་དམན་པའོ། །སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལྷག་པའོ། །ང་རྒྱལ་དང་བཅས་པ་ནི་ས་བདུན་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་བྲལ་བ་དག་གོ། །དེ་ཡན་ཆད་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ལྷག་པ་ཡིན་ནོ། །ཚངས་པའི་གནས་པ་དག་གིས་གནས་པ་ནི་རྒྱུའོ་ཞེས་བྱ་བ་གང་
གི་རྒྱུ་ཡིན་ཞེ་ན། རྣམ་པར་སྨིན་པ་ལ་སོགས་པའི་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་བསམ་གཏན་གྱིས་གནས་པ་ནི་ཚངས་པའི་གནས་པ་བསྒོམས་པས་གཟུགས་ཀྱི་ཁམས་སུ་སྐྱེ་བའི་རིགས་པ་ལས་འདུལ་བའི་སྐྱེ་བོ་ལ་ལྟོས་ནས་འདོད་པའི་ཁམས་སུ་སྐྱེ་
སྟེ། འདི་ནི་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །ཚོགས་རྣམས་རྫོགས་པར་བྱེད་དོ་ཞེས་བྱ་བའི་བདག་པོའི་འབྲས་བུའོ་ཞེས་བྱ་བ་ནི་ཚངས་པའི་གནས་པའི་དབང་གིས་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་བདག་པོའི་འབྲས་བུའོ་ཞེས་བྱའོ། །སེམས་ཅན་དག་
ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །ཞེས་བྱ་བ་ནི་སྐྱེས་བུ་བྱེད་པ་ཡང་བརྩོན་འགྲུས་ཀྱི་ཁྱད་པར་ལས་འགྱུར་ལ། སེམས་ཅན་ཡོངས་སུ་སྨིན་པ་ཡང་བརྩོན་འགྲུས་ཀྱི་ཁྱད་པར་མེད་པར་མི་འབྱུང་བས་དེའི་ཕྱིར་སྐྱེས་བུ་བྱེད་པ་ལས་འབྱུང་བ་གང་ཡིན་པ་དེ་ནི་སྐྱེས་བུ་
བྱེད་པའི་འབྲས་བུ་ཞེས་བྱའོ། །རྐྱེན་མི་བཟད་པས་ཀྱང་མི་འགྱུར་རོ་ཞེས་བྱ་བ་ནི་རྟགས་སོ་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པའི་གནས་ལྟ་བུའི་ཡུལ་མི་བཟད་པ་མཐོང་བས་ཀྱང་འགྱུར་བ་མེད་དེ། རྟགས་འདིས་ནི་གཞན་དག་གིས་འདི་ནི་བྱམས་པ་ལ་སོགས་པ་ཐོབ་པ་ཡིན་ནོ་ཞེས་བྱ་བར་
ཤེས་སོ། །གནོད་སེམས་དང་འདོད་པའི་འདོད་ཆགས་དག་ནི་བཏང་སྙོམས་ཀྱི་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྟེ། འདོད་ཆགས་ཀྱིས་ནི་རྗེས་སུ་ཆགས་ལ་གནོད་སེམས་ཀྱིས་ནི་ཁོང་ཁྲོ་བར་བྱེད་དོ། །ཚུལ་ཁྲིམས་འཇོམས་པས་གཉི་ག་ལ་ཡང་གནོད་པར་
Vol. 124 · folio 135a
བྱེད་ཅེས་བྱ་བ་ནི་ཚུལ་ཁྲིམས་འཇོམས་པ་ནི་ཇི་ལྟ་བུ། དེ་བཅོམ་པས་ནི་ཇི་ལྟར་ན་གཉི་ག་ལ་གནོད་པར་བྱེད་ཅེ་ན། གཉེན་པོ་སྟོབས་ཆུང་བ་ནི་གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་པས་ཀུན་ཏུ་སྤྱོད་པས་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི་དགེ་བའི་ཆོས་ལྷག་
པར་སྤྱོད་པས་འཇོམས་སོ། །དེ་བཅོམ་པས་འདི་ཉིད་ལ་གསད་པ་དང་བཅིང་བ་དང་བརྡེག་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་དང་། ཕ་རོལ་ཏུ་ཡང་སེམས་ཅན་དམྱལ་བར་འགྲོ་བ་ལ་སོགས་པའི་གང་ཡིན་པ་དེ་ནི་བདག་ཉིད་ལ་གནོད་པ་ཡིན་ནོ། །རང་ཉམས་ཅན་ཚུལ་ཁྲིམས་
ཉམས་པས་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པ་གང་ཡིན་པ་དེ་ནི་གཞན་ལ་གནོད་པ་ཞེས་བྱ་སྟེ། དེ་ལྟར་ན་གཉིས་ཀ་གནོད་པར་བྱེད་པ་ཞེས་བྱའོ། །ཉམས་བཅས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉམས་པ་སྟེ། ཚུལ་ཁྲིམས་རལ་བ་ཞེས་བྱ་བའི་དོན་ཏོ། །འདི་ལ་བདག་ཉིད་སྨོད་ཅེས་
བྱ་བ་ནི་སེམས་ལ་བདག་ཏུ་ཉེ་བར་འདོགས་ཏེ། འཆལ་བའི་ཚུལ་ཁྲིམས་ལ་གནས་པ་ནི་སེམས་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཉིད་ལ་སྨོད་པར་བྱེད་དེ། དགེ་བའི་ལམ་འཇིགས་པ་མེད་པ་བོར་ནས་མི་དགེ་བའི་ལམ་འཇིགས་པ་དང་བཅས་པ་མཁས་པ་རྣམས་ཀྱིས་སྨད་པ་རྣམས་ལ་
བརྟེན་པ་གང་ཡིན་པ་དེ་ནི་ངན་ཏོ་ཞེས་དེ་ལྟར་སྨོད་པའི་ཕྱིར་རོ། །རྙེད་པས་དམན་ཞེས་བྱ་བ་ནི་འདི་ལ་གཞན་དག་སྨོད་པ་ཡིན་ཏེ། ཆོས་གོས་དང་བསོད་སྙོམས་ཀྱང་མི་རྙེད་ལ། མཐོང་ན་ཡང་འདི་སྐད་དུ་ཚེ་དང་ལྡན་པ་འདི་ནི་འདི་ལྟ་བུ་བྱེད་པ་འདི་ལྟ་བུར་སྤྱོད་པ་མི་གཙང་བ་སྟེ། གྲོང་གི་
ཚེར་མ་ཡིན་ནོ། །ཞེས་སྨྲའོ། །སྲུང་བས་སྨོད་པ་ནི་འདི་ཚུལ་ཁྲིམས་དང་ལྡན་པའི་ཚེ་བསྲུང་བ་བྱས་པའི་ལྷ་གང་དག་ཡིན་པ་དེ་དག་ཀྱང་སྨོད་ཅིང་སྲུང་བར་མི་བྱེད་དོ། །དེ་བཞིན་སྟོན་པས་སྨད་ཅེས་བྱ་བ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་བོང་བུ་ལྟར་ཀུན་ཏུ་སྤྱོད་ཅེས་བྱ་བ་ལ་སོགས་པས་
སྨོད་ཅིང་ཚུལ་ཁྲིམས་ཉམས་པས་འདོར་བ་མཛད་དོ། །རྩོད་བཅས་ཞེས་བྱ་བ་ནི་འདི་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གཞན་དག་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོད་དོ་ཞེས་བྱ་བའོ། །མི་སྙན་ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས་མཚམས་སུ་ཡང་འདིའི་སྒྲ་དང་ཚིགས་སུ་བཅད་པ་
Vol. 124 · folio 135b
མི་སྙན་པ་དག་འབྱུང་བའོ། །དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཞེས་བྱ་བ་ནི་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་འགྱུར་རོ་ཞེས་སྟོན་ཏོ། །ཐོབ་པ་ལས་ཉམས་པ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་ཐོབ་པ་ལས་ཡོངས་སུ་ཉམས་པ་གང་ཡིན་པ་སྟེ། འདི་ནི་ཚེ་ཁོ་ནའི་ཁ་ན་མ་ཐོ་བ་
ཡིན་ནོ། །མ་ཐོ་བ་ཉམས་པས་ཞེས་པ་འདིས་ནི་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་བར་སྟོན་ཏེ། འདི་ལྟར་ངོ་ཚ་བ་རྣམ་པར་དབྱེ་བ་ལས་སློབ་དཔོན་གྱིས་ཐོབ་པ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ནི་ཚེ་འདི་དང་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་དང་སྦྱོར་བར་འགྱུར་རོ། །ཡིད་ལ་སྡུག་བསྔལ་ཆེན་
པོ་འཐོབ། །ཅེས་བྱ་བ་ནི་དེ་ལས་སྐྱེས་པ་སེམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ལུས་ཀྱི་དང་སེམས་ཀྱི་ཚེ་འདི་དང་ཚེ་ཕྱི་མ་ལ་འཐོབ་པ་སྟེ། འདི་ནི་ཚད་མེད་པ་རྣམས་སྤྱིར་བསམ་པ་ཡིན་ནོ། །ད་ནི་ཁྱད་པར་ཏེ་ཚད་མེད་པ་རྣམས་ཀྱི་ནང་ན་སྙིང་རྗེ་མཆོག་ཡིན་པས་དེ་དམིགས་པ་
ལ་སོགས་པའི་དབྱེ་བས་ཕལ་ཆེར་བསམས་ཏེ། རབ་འབར་དགྲ་ཡི་དབང་དུ་སོང་། །ཞེས་བྱ་བ་ལ་སོགས་པའི་རབ་ཏུ་དབྱེ་བས་དེ་བརྩམ་པར་བྱའོ། །དགྲའི་དབང་དུ་སོང་བ་ནི་གང་གི་ཚེ་བདུད་ཀྱིས་དགེ་བ་ལ་བར་དུ་གཅོད་པར་བྱེད་པའོ། །བགྲོད་དཀའ་ལམ་ལ་ཀུན་དུ་ཞུགས། །ཞེས་
བྱ་བ་ལ་བགྲོད་དཀའ་བ་ནི་འཁོར་བ་སྟེ། དེར་འགྲོ་བའི་ལམ་ལ་ཀུན་ཏུ་ཞུགས་པ་ནི་བགྲོད་དཀའ་བའི་ལམ་ལ་ཀུན་ཏུ་ཞུགས་པ་ཞེས་བྱའོ། །དེ་དག་ཀྱང་གང་ཞེ་ན། དེ་དག་བསྟན་པའི་ཕྱིར། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཏེ། ཞེས་བྱ་བ་སྨོས་སོ། །ལམ་
རབ་ཏུ་སྟོར་བ་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ། ཐར་པའི་ལམ་ནོར་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་པ་ལས་མངོན་པའི་ང་རྒྱལ་ཅན་དུ་གྱུར་པའི་ཕྱིར་ཡུན་རིང་མོ་ཞིག་ཏུ་ཐོགས་ཏེ། དེ་དག་ནི་དེ་ཁོ་ན་ཉིད་མ་རྟོགས་པ་རྟོགས་པར་ང་རྒྱལ་
བྱེད་དོ། །དེ་ལྟར་ན་དེ་དག་ཇི་སྲིད་དུ་ང་རྒྱལ་ཀུན་ཏུ་སྤྱོད་པ་དེ་སྲིད་དུ་འཕགས་པ་རྣམས་ཀྱི་ལས་སྟོར་བར་འགྱུར་བས་ལམ་སྟོར་བ་ཞེས་བྱའོ། །བྱང་ཆུབ་མཆོག་གི་ས་བོན་ཉིད་ཀྱིས་ནི་བདག་པོའི་འབྲས་བུའོ་ཞེས་བྱ་བ་ནི་འདི་ལྟར་སྙིང་རྗེ་ནི་བྱང་ཆུབ་མཆོག་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་
Vol. 124 · folio 136a
ས་བོན་ཡིན་ནོ། །ཇི་ལྟར་ས་བོན་ཡིན་ཞེ་ན། འདི་ལྟར་དེའི་དབང་གིས་དེ་འཐོབ་པར་འགྱུར་རོ། །གོ་རིམས་བཞིན་དུ་གཞན་དག་བདག་ཉིད་ལ་བདེ་བ་སྐྱེད་པ་དང་། གདུང་བར་བྱེད་པ་ཉིད་ཀྱིས་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པས་ནི་
སེམས་ཅན་རྣམས་ཀྱི་བདེ་བ་མཐོ་རིས་དང་བྱང་གྲོལ་གྱི་ངོ་བོ་ཉིད་བསྐྱེད་ལ། བདེ་བ་སྐྱེད་པ་དེ་ལ་ཡང་ནང་དང་ཕྱིའི་དངོས་པོ་ཡོངས་སུ་གཏོང་བར་འགྱུར་རོ། །ཆོས་ལ་བརྟེན་པའི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་འབྲས་བུ་ལྔ་དང་ལྡན་པའི་སྙིང་རྗེའི་ཆོས་ལ་བརྟེན་པའི་ཞེས་བྱ་བའི་ཐ་
ཚིག་གོ། །བྱང་ཆུབ་སེམས་དཔའ་འཁོར་བར་གཏོགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་ནས་སྙིང་རྗེ་དང་ལྡན་པའི་ཕྱིར། ཡོངས་སུ་སྐྱོ་བར་ཡང་མི་འགྱུར་ལ། ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་སྟོན་ཏེ། སྙིང་རྗེའི་སྟོབས་ཀྱིས་
ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་རོ། །བློ་མཆོག་དང་ལྡན་པའི་ཕྱིར་ཉེས་པ་དག་གིས་གནོད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་འདིས་ནི་འཁོར་བ་ལ་མི་གནས་པ་ཉིད་སྟོན་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་པ་བཞིན་དུ་འཁོར་བ་ལ་གཞོལ་བར་མི་
འགྱུར་རོ། །དེ་ལྟར་ན་ཤེས་རབ་ཀྱི་སྟོབས་ཀྱིས་སོ་སོའི་སྐྱེ་བོ་བཞིན་དུ་འཁོར་བ་ལ་ཡང་མི་གནས་ལ། སྙིང་རྗེའི་སྟོབས་ཀྱིས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །འཇིག་རྟེན་སྡུག་བསྔལ་བདག་ཉིད་ལྟ་བ་ཡི། །ཞེས་བྱ་བ་ནི་
སྡུག་བསྔལ་གྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ཞེས་བྱ་བ་ལ། རང་བཞིན་གྱི་སྒྲས་ནི་བརྩེ་བའི་རིགས་བསྟན་ཏོ། །སོ་སོར་བརྟགས་པ་ཞེས་བྱ་བ་ནི་ཡོན་ཏན་དང་སྐྱོན་ཡོངས་སུ་རྟོག་པས་སོ། །དེ་སྔོན་གོམས་པར་བྱས་
དང་ལྡན་པ་དང་། །ཞེས་བྱ་བ་ནི་ཚེ་རབས་གཞན་ན་ཡོངས་སུ་བསྒོམ་པས་སོ། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པས་ཞི། །ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་ཏེ། དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་ན་སྙིང་རྗེ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །
Vol. 124 · folio 136b
མཉམ་པ་མ་ཡིན་པ་གང་ཡིན་པ་དེ་ནི་བརྩེ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བརྩེ་བ་ནི་སེམས་ཅན་སྡུག་བསྔལ་ཞིང་སྡུག་བསྔལ་གྱི་ཚོར་བས་ཉེན་པ་དག་ཁོ་ན་ལ་བརྩེ་བས་མཉམ་པ་མ་ཡིན་གྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་བརྩེ་བ་ནི་གང་ཅི་ཚོར་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བས་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ་མནར་མེད་པ་དག་ལ་ཇི་ལྟ་བར་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ལ་ཡང་དེ་དང་འདྲ་བར་བརྩེ་སྟེ། དེ་བས་ན་སེམས་ཅན་ཐམས་ཅད་ལ་མཉམ་པ་ཞེས་བྱའོ། །
ཇི་ལྟར་ཉན་ཐོས་རྣམས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཟད་པས་ཟད་པར་འགྱུར་བ་ལྟ་བུ་རྟག་ཏུ་མ་ཡིན་པ་དེ་ཡང་བརྩེ་བ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བརྩེ་བ་ནི་རྟག་ཏུ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཡང་ཟད་པར་
མི་འགྱུར་རོ། །དེ་བཞིན་དུ་ལྷག་པའི་བསམ་པ་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །འདོད་ཆགས་དང་བྲལ་བས་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་ཉན་
ཐོས་དེ་དག་ལས་ཀྱང་ཁྱད་པར་དུ་འཕགས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལ་ལམ་མངོན་པར་འདུ་བྱ་བ་མེད་པའི་ཕྱིར་རོ། །དེའི་རྩ་བ་ནི་སྙིང་རྗེའོ་ཞེས་བྱ་བ་ནི་སྙིང་རྗེའི་ཤིང་གི་ཞེས་བྱ་བའི་ཐ་ཚིག་སྟེ། ཤིང་ལ་ནི་རྩ་བ་མེད་ན་སྡོང་པོ་
མེད་དོ། །སྡོང་པོ་མེད་ན་ཡལ་ག་མེད་དོ། །ཡལ་ག་མེད་ན་ལོ་མ་མེད་དོ། །ལོ་མ་མེད་ན་མེ་ཏོག་མེད་དོ། །མེ་ཏོག་མེད་ན་འབྲས་བུ་མེད་དོ། །དེ་བཞིན་དུ་སྙིང་རྗེའི་ཤིང་ལ་རྩ་བ་སྙིང་རྗེ་མེད་ན་སྡོང་པོ་བཟོད་པ་མེད་དོ། །སྡོང་པོ་བཟོད་པ་མེད་ན་སེམས་ཅན་གྱི་དོན་སེམས་པ་ཡལ་
ག་ལྟ་བུ་མེད་དོ། །དེ་མེད་ན་སྐྱེ་བ་བཟང་པོ་ཡོངས་སུ་གཟུང་བའི་དོན་དུ་སྨོན་པ་ལོ་མ་ལྟ་བུ་མེད་དོ། །དེ་མེད་ན་སྐྱེ་བ་བཟང་པོ་མེ་ཏོག་ལྟ་བུ་མེད་དོ། །དེ་མེད་ན་སེམས་ཅན་ཡོངས་སུ་སྨིན་པ་འབྲས་བུ་ལྟ་བུ་མེད་དོ། །སྙིང་རྗེའི་ཤིང་འདི་ཇི་ལྟར་འཕེལ་བར་འགྱུར་བ་དེ་བསམ་པར་བྱ་སྟེ།
Vol. 124 · folio 137a
སྙིང་རྗེ་ནི་རྩ་བ་བཤད་དོ། །རྩ་བ་དེའི་ཆུ་ལྟ་བུ་ནི་བྱམས་པ་སྟེ། དེས་རྩ་བ་འཆུ་བར་བྱེད་དོ། །སྙིང་རྗེའི་སྡུག་བསྔལ་ལས་བདེ་བ་སྐྱེ་བ་གང་ཡིན་པའི་བདེ་བ་དེས་ནི་ཤིང་དེའི་སྡོང་པོ་བཟོད་པ་རྒྱས་པར་བྱེད་དོ། །སྔ་མ་དང་ཕྱི་མ་འགག་པ་དང་སྐྱེ་བའི་རིམ་གྱིས་སྨོན་
ལམ་གྱི་རྒྱུན་མ་བཅད་པས་སྨོན་ལམ་རྣམས་ལོ་མ་འདོར་བ་དང་ལེན་པ་དང་ཆོས་མཐུན་པར་རིག་པར་བྱའོ། །ཞེས་བྱ་བ་ནི་དཔེར་ན་ཤིང་ནི་ལོ་མ་རྙིང་པ་ཡོངས་སུ་འདོར་ཞིང་སར་པ་ཡོངས་སུ་ལེན་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྔོན་གྱི་སྨོན་ལམ་ཆུང་ངུ་ཡོངས་སུ་
བཏང་ནས་སྨོན་ལམ་ཆེན་པོ་མཆོག་འཛིན་པར་བྱེད་དེ། དེ་ལྟར་ན་གོང་ནས་གོང་དུ་བྱ་བས་སྨོན་ལམ་ཆུང་ངུ་རྣམས་ནི་ཡོངས་སུ་བཏང་ལ། ཆེན་པོ་མཆོག་རྣམས་ནི་འཛིན་པར་བྱེད་དོ། །དཔེར་ན་དུས་བཟང་པོ་ལས་སྐྱེས་པའི་ཤིང་དུས་དུས་སུ་བཅུས་པ་ལས་གདོན་མི་ཟ་བར་
མེ་ཏོག་ལ་སོགས་པ་འབྱུང་བ་དེ་བཞིན་དུ་ནང་གི་རྐྱེན་གྲུབ་སྟེ་རང་གི་རྒྱུད་ཡོངས་སུ་སྨིན་པ་ལས་མེ་ཏོག་ལ་སོགས་པ་ལྟ་བུའི་སྐྱེ་བ་ལ་སོགས་པ་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་དག་ལ་ཆགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་འཇིག་རྟེན་པའི་བདེ་བ་དང་རང་གི་སྲོག་
ལའོ། །འཇིག་རྟེན་པའི་སྙིང་རྗེས་གནས་པ་རྣམས་ཀྱི་ནི་ཁ་ན་མ་ཐོ་བ་མེད་ཀྱང་འཇིག་རྟེན་པ་ཡིན་ནོ། །ཞེས་བྱ་བ་ནི་གང་ཟག་པ་དང་བཅས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འདྲེན་པའི་ཐབས་གང་ཡིན་པ་ཞེས་བྱ་བ་ནི་སྙིང་རྗེས་བྱམས་པའི་རང་བཞིན་གྱི་ཐབས་སོ། །སེམས་ཅན་
རྣམས་ལ་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་རྒྱུ་མཚན་དུ་ཞེས་བྱ་བའི་ཐ་ཚིག་གོ། །བདག་དང་གཞན་མཉམ་པ་ཉིད་ཀྱིས་སྡུག་བསྔལ་ལ་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་མ་རེག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་ཇི་སྲིད་དུས་དང་པོ་
མ་ཐོབ་པ་དེ་སྲིད་དུ་བདག་དང་གཞན་མཉམ་པ་ཉིད་འཐོབ་པར་མི་འགྱུར་གྱི། ས་དང་པོ་ཐོབ་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་ཕྱིར་སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ལ་རེག་པར་འགྱུར་རོ། །
Vol. 124 · folio 137b
བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེས་བསྐྱེད་པའི་སྡུག་བསྔལ་ཉིད་འདི་ལྟར་འཇིག་རྟེན་པའི་བདེ་བ་གང་ཡིན་པ་ཐམས་ཅད་ཟིལ་གྱིས་གནོན་པ་དེ་ལྟ་བུའི་བདེ་བར་འགྱུར་ཞིང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཡེན་སྤྱོ་བ་
རྣམས་ཀྱིས་དེ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་ཞུགས་པ་རྣམས་ལ་ནི། སེམས་ཅན་དམྱལ་བ་བའི་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ཡང་སེམས་ཅན་ཡོངས་སུ་བསྐྱབ་པ་ལ་ལྟོས་ནས་དེ་དག་གི་བདེ་བ་ཆེན་པོ་ཡིན་ཏེ། འཇིག་རྟེན་པའི་བདེ་བ་གང་ཡིན་པ་དེ་དག་ཐམས་ཅད་ཟིལ་
གྱིས་གནོན་པ་ཞེས་བྱ་བ་ནི་སྙིང་རྗེས་བསྐྱེད་པའི་བདེ་བ་དེས་སོ། །དགྲ་བཅོམ་པ་དོན་བྱས་པ་རྣམས་ཀྱང་བདེ་བ་དེ་དང་མི་ལྡན་ན་ཞེས་བྱ་བ་ནི་སྙིང་རྗེས་སྡུག་བསྔལ་ལས་སྐྱེས་པའི་བདེ་བ་གང་ཡིན་པ་དེ་ནི་ཉན་ཐོས་རང་གི་དོན་ལྷུར་ལེན་པ་རྣམས་ལ་མེད་པས་དེ་དག་དེ་དང་མི་ལྡན་པ་
ཡིན་ནོ། །གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་སོ། །ཚིགས་སུ་བཅད་པ་འདིས་ལས་ནི་སྡུག་བསྔལ་གྱི་བདེ་བ་ཉམས་སུ་མྱོང་བ་སྐད་དུ་བཤད་ལ། འགྲེལ་པ་ལས་ནི་སྙིང་རྗེས་དྲངས་པའི་བདེ་བས་བདེ་བ་ཉམས་སུ་མྱོང་བར་བཤད་པ་ནི་འདི་
ལྟར་རུང་ངོ་། །དེ་ལྟ་མ་ཡིན་ན་ཇི་ལྟར་དོན་བྱས་པ་རྣམས་ཀྱང་དེ་དང་མི་ལྡན་ཞེས་བརྗོད་དེ། བདེ་བ་དེ་ལྟ་བུ་གང་ཡིན་པ་དེ་དང་ཉན་ཐོས་རྣམས་མི་ལྡན་གྱི་སྡུག་བསྔལ་དང་ནི་མ་ཡིན་ནོ། །འཇིག་རྟེན་གསུམ་གྱི་བདེ་བ་ཉེ་བར་སྤྱད་པ་རྣམས་ཀྱིས་བདེ་བ་བྱས་པ་གང་ཡིན་པ་དེས་ཀྱང་ཞེས་
བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི། བརྩེ་བས་སྦྱིན་པ་དང་ལྡན་པའི་བདེ་བ་གང་ཡིན་པ་དེས་ཀྱང་ཞེས་བྱ་བར་སྦྱར་རོ། །གསུམ་དང་དེ་དག་གི་འབྲས་བུ་འཕེལ་བའི་ཞེས་བྱ་བ་ནི་གསུམ་འཕེལ་བ་དང་། གསུམ་པོ་དེ་ལས་འབྲས་བུ་བདེ་བ་རྣམ་པ་གསུམ་པོ་དེ་འཕེལ་བའི་ཚིགས་
སུ་བཅད་པའོ། །དེའི་རྗེས་སུ་འཛིན་པར་བྱེད་པའི་མཐུས་བྱས་པའོ། །ཞེས་བྱ་བ་ནི་སེམས་ཅན་རྗེས་སུ་འཛིན་པར་བྱེད་པའི་མཐུས་བྱས་པ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་སྦྱིན་པ་ནི་ཡོ་བྱད་ཀྱིས་ཕོངས་པར་མི་འགྱུར་རོ། །ཡོ་བྱད་ཀྱིས་ཕོངས་པ་མེད་པའི་
Vol. 124 · folio 138a
ཕྱིར་སྦྱིན་པའི་དུས་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ཇི་ལྟར་འདོད་པ་བཞིན་སྦྱིན་པའི་མཐུ་ཐོགས་པ་མེད་པར་འགྱུར་ཏེ་འདི་ནི་འབྲས་བུ་གསུམ་པ་ཡིན་ནོ། །ངོ་བོ་ཉིད་རྒྱས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་སྦྱིན་པའི་སྙིང་རྗེ་རྒྱས་པར་འགྱུར་བ་འདི་ནི་ངོ་བོ་
ཉིད་རྒྱས་པ་ཡིན་ནོ། །འཕེལ་བ་ཞེས་བྱ་བ་ནི་བརྩེ་བས་སྦྱིན་པ་སྦྱིན་པའི་བྱང་ཆུབ་སེམས་དཔའ་ལ་བརྩེ་བའི་ཁྱད་པར་གྱིས་སྦྱིན་པ་ཆུང་ངུ་ཡང་འཕེལ་བར་འགྱུར་ཏེ། དེ་བས་ན་ལོངས་སྤྱོད་དག་གིས་སྙིང་རྗེ་འཕེལ་བར་བྱེད་དོ། །སྦྱིན་པ་ཡོངས་སུ་སྨིན་བྱ་ཞེས་བྱ་བ་ནི་གསུམ་པའི་
དོན་དུ་བདུན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་སྦྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་ཞེས་བཤད་དོ། །ཚོགས་ཀུན་དུ་འདྲེན་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །སྙིང་རྗེ་ཅན་ནི་རྟག་ཏུ་རང་སྦྱིན་ལ། །སྟོན་དང་འདྲ་སྟེ་ཞེས་བྱ་བ་ནི་སྦྱིན་པ་
ནི་ཕྱིའི་དངོས་པོ་ཡིན་པའི་ཕྱིར་དེ་ནི་སེམས་པ་མེད་པ་ཡིན་པས་དེ་ལ་བསྟན་དུ་ཅི་ཞིག་ཡོད། དེ་བས་ན་སྟོན་དང་འདྲ་ཞེས་བྱ་སྟེ། ཇི་ལྟར་སེམས་པ་དང་བཅས་པ་ལ་རྗེས་སུ་སྟོན་པ་དེ་བཞིན་དུ་དེ་ལ་རྗེས་སུ་སྟོན་པ་ཡིན་ནོ། །རང་བདེ་མི་འདོད་པ་ཞེས་བྱ་བ་ནི་བདག་ཉིད་བདེ་བར་མི་
འདོད་ཀྱི་རྣམ་པ་ཐམས་ཅད་དུ་སེམས་ཅན་རྣམས་ཁོ་ན་ལ་བདེ་བར་འདོད་པའོ། །ཡང་ན་ཐ་དད་མིན་བདེ་བདག་ལའང་མིན། །ཞེས་བྱ་བ་ནི་སེམས་ཅན་རྣམས་དང་ཐ་དད་པ་མ་ཡིན་པའི་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་རྣམས་ལ་བདེ་བ་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་
དཔའི་བདེ་བ་ཡིན་ཏེ། འདི་ནི་བདག་ཉིད་ཀྱི་བདེ་བ་སེམས་ཅན་རྣམས་ཀྱི་དང་ཐ་དད་པར་མི་འདོད་པས་ཐ་དད་པ་མ་ཡིན་པའི་བདེ་བའོ། །བདག་གིས་སྦྱིན་པ་དང་སྦྱིན་པའི་འབྲས་བུ་གང་ཡིན་པ་ཐམས་ཅད་སེམས་ཅན་རྣམས་ཁོ་ན་ལ་སྦྱིན་ན། ཇི་ལྟར་ན་བདག་གི་བདེ་བ་ཐ་དད་པ་ཡིན་
པར་སེམས། དེ་དག་བདེ་བ་ཉིད་བདག་གི་བདེ་བ་ཡིན་པས་ཞེས་བྱ་བ་ནི་དེ་དག་གི་བདེ་བ་ནི་དེ་དག་བདེ་བ་སྟེ། སེམས་ཅན་བདེ་བ་ཞེས་བྱ་བའི་དོན་ཏོ། །གང་ལ་དེ་དག་བདེ་བས་བདེ་བ་ཡོད་པ་དེ་ནི་དེ་དག་བདེ་བས་བདེ་བ་སྟེ། དེ་བས་ན་དེ་དག་བདེ་བའི་བདེ་བས་བདག་བདེའོ་ཞེས་བྱ་
Vol. 124 · folio 138b
བར་སྟོན་ཏོ། །བདག་ནི་ལོངས་སྤྱོད་དག་དེ་ལྟར་ཉེ་བར་གནས་པའི་བདེ་བ་གང་ཡིན་པ་དེ་མི་འདོད་ཅེས་བྱ་བ་ནི་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པ་ལ་ལོངས་སྤྱོད་ཤིན་ཏུ་མང་པོར་འགྱུར་བ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་གལ་ཏེ་བདག་ཅུང་ཟད་ཅིག་ཡོངས་སུ་གཏོང་
ཞིང་ཅུང་ཟད་ཅིག་བདག་གིར་བྱེད་ན་ནི། དེ་ལ་འདི་སྙམ་དུ་འདི་ནི་བདག་ཉིད་ཀྱང་སྦྱིན་པའི་འབྲས་བུ་དོན་དུ་གཉེར་ཞིང་ལོངས་སྤྱོད་འདོད་པས་སྦྱིན་པ་སྦྱིན་ནོ་ཞེས་བྱ་བར་དོགས་པར་ཡང་འགྱུར་ན། གང་གི་ཚེ་བདག་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་དེ་ཡང་བརྩེ་བས་ཏེ། ལན་
དང་རྣམ་པར་སྨིན་པ་ལ་མི་ལྟ་བར་ཞུགས་པ་དེ་ཉིད་ཀྱི་ཕྱིར་ཁྱོད་ཀྱིས་བདག་ལ་སྦྱིན་པའི་འབྲས་བུ་དོན་དུ་གཉེར་བ་མེད་པ་ཉིད་དུ་ཤེས་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་རྗེས་སུ་སྟོན་པར་བྱེད་དོ། །ཁྱོད་ཀྱི་ལན་ལ་ལྟ་དང་བྲལ་བས་ན། །འབྲས་བུ་ཤིན་ཏུ་གཞན་ལ་
གཏོང་བ་ཡིན། །ཞེས་བྱ་བ་ནི་ཁྱོད་ནི་ཐམས་ཅད་དུ་ལན་ལ་ལྟ་བས་འབྲས་བུ་འབྱིན་ཏེ། བདག་ནི་ཁྱོད་ཀྱི་ལན་ལ་ལྟ་བ་དང་བྲལ་བས་འབྲས་བུ་གཞན་ལ་གཏོང་ངོ་ཞེས་དེ་སྐད་དུ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་རྗེས་སུ་སྟོན་ཏོ། །ཚོལ་བ་མེད་པ་ཞེས་བྱ་བ་ནི་གཞན་གྱིས་
མ་བཙལ་བ་སྟེ། དོན་དུ་མ་གཉེར་བ་གཞན་གྱི་ཚུལ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་ཤེས་པ་སྦྱིན་པ་སྦྱིན་པར་བྱེད་དོ། །དགའ་བ་ནི་སོ་སོར་བརྟགས་པ་མེད་པར་རབ་ཏུ་དགའ་བས་སྦྱིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་སེར་སྣའི་སེམས་ཚར་བཅད་ནས་སྦྱིན་པ་
མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པའི་སྒོ་ནས་དགའ་བ་ནི་སྦྱིན་པས་དགའ་བའོ། །འདི་ལྟར་སྙིང་རྗེས་ཕ་རོལ་ཏུ་ཕྱིན་པ་རྣམས་མངོན་པར་བསྒྲུབ་པར་འགྱུར་བ་དེ་ལྟ་ཚིགས་སུ་བཅད་པའོ། །སྙིང་རྗེས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་འགྱུར་ཞེ་ན། དེའི་
མི་མཐུན་པའི་ཕྱོགས་རྣམ་པར་སུན་འབྱིན་པའི་ཕྱིར་དེ་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་རྣམ་པར་སུན་འབྱིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་དེའི་མི་མཐུན་པའི་ཕྱོགས་རྣམ་པར་སུན་ཕྱུང་བས་སྙིང་རྗེ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་བྱེད་པར་
Vol. 124 · folio 139a
འགྱུར་ཏེ། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྙིང་རྗེ་ཞེས་བྱའོ། །སྙིང་རྗེའི་རྐྱེན་བསྟན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་མདོ་ལས། རྐྱེན་ཉིད་བཞིར་གསུངས་ཏེ། དམིགས་པ་དང་། བདག་པོ་དང་། མཚུངས་པ་དེ་མ་ཐག་པ་དང་།
རྒྱུའི་རྐྱེན་ཉིད་དོ། །སྙིང་རྗེའི་དམིགས་པ་ལ་སོགས་པའི་རྐྱེན་ཇི་ལྟ་བུ་ཡིན་ཞེ་ན། དེ་བསམ་པར་བྱ་སྟེ། ཚོར་བ་རྣམ་པ་གསུམ་ཅར་ཡང་དམིགས་པའི་རྐྱེན་ཡིན་ཏེ། བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་དམིགས་པ་ཡིན་ནོ། །སྡུག་བསྔལ་ནི་སྡུག་བསྔལ་
གྱི་ངོ་བོ་ཉིད་ཀྱིས་སོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་དམིགས་པ་ཡིན་ནོ། །འདི་ནི་བདེ་བ་དང་སྡུག་བསྔལ་དག་གི་རྒྱུ་ཡིན་ཏེ། ཡང་དེ་དག་འདྲེན་པའི་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་སྡུག་བསྔལ་ཡང་མ་
ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་མཚན་ཉིད་ནི་འདི་ཡིན་ཏེ། དེ་གཉི་གའི་གནས་ངན་ལེན་ཡོངས་སུ་འཛིན་པས་གཉིས་ལས་རྣམ་པར་མ་གྲོལ་བ་དང་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པའི་ཕྱིར་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཚོར་བར་བཤད་
དོ། །དེ་བས་ན་བདེ་བ་དང་སྡུག་བསྔལ་བ་ཉིད་ཀྱི་གནས་ངན་ལེན་པ་དང་རྗེས་སུ་འབྲེལ་པའི་ཕྱིར། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དམིགས་པ་ཉིད་དུ་བསྟན་ཏོ། །རྒྱུའི་རྐྱེན་ནི་སྙིང་རྗེའི་བག་ཆགས་གང་ཡིན་པ་སྟེ། སྙིང་རྗེ་ཀུན་ཏུ་སྤྱད་པས་རྣམ་
པར་སྨིན་པའི་རྣམ་པར་ཤེས་པ་ལ་བག་ཆགས་གཞག་པ་དེ་ནི་རྒྱུའི་རྐྱེན་ཏོ། །དགེ་བའི་བཤེས་གཉེན་གྱི་དབང་གིས་སྙིང་རྗེ་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ནི་བདག་པོའི་རྐྱེན་ཏོ། །སེམས་དང་སེམས་ལས་བྱུང་བའི་ཚོགས་སྔར་བྱུང་བ་ནི་སྙིང་རྗེ་སྐྱེ་བར་འགྱུར་བའི་མཚུངས་པ་དེ་མ་
ཐག་པའི་རྐྱེན་ཏོ། །དེའི་བསམ་པའི་ཕྱིར་ཞེས་བྱ་བ་དེ་སེམས་པའི་ཕྱིར་ཡིན་པར་ཤེས་པར་བྱའོ། །མི་དམིགས་པའི་ཕྱིར་ནི་བདག་དང་གཞན་དང་སྙིང་རྗེར་མི་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་གནས་སྐབས་ནའོ། །རང་གི་སེམས་ཀྱིས་བྱམས་པ་
Vol. 124 · folio 139b
ལ་སོགས་བསྒོམ་པ་མཆོག །ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་ལ་ཁྱིམ་དང་གྲོང་དང་གྲོང་ཁྱེར་ལ་སོགས་པའི་དབྱེ་བས་ཉི་ཚེ་བའི་ཡོ་བྱད་ཀྱི་རྫས་ཀྱིས་བྱམས་པར་བྱེད་པ་གང་ཡིན་པ་དེ་ནི་མཆོག་མ་ཡིན་གྱི། རང་གི་སེམས་ཀྱིས་བྱམས་པ་ལ་སོགས་པ་སྒོམ་པ་གང་ཡིན་པ་དེ་ནི་
འདིར་མཆོག་དང་གཙོ་བོ་ཡིན་ནོ། །རང་གི་སེམས་ཀྱིས་ཇི་ལྟ་བུ་ཞེ་ན། དེ་སྟོན་ཏེ་ཆོས་ལ་མོས་པའི་སྒོ་ནས་ནི་མདོ་ལ་སོགས་པ་ལས་ཚད་མེད་པའི་དབང་དུ་བྱས་པའི་ཆོས་གང་ཡིན་པ་ཐོས་ནས་ཆོས་དེ་ལ་ཤིན་ཏུ་སྙིང་ནས་མོས་ཤིང་སེམས་ཅན་ཐམས་ཅད་ལ་དམིགས་ནས་བྱམས་
པ་ལ་སྙོམས་པར་འཇུག་པ་ཡིན་ནོ། །བསམ་པའི་སྒོ་ནས་ནི་རོ་མྱང་བ་ལ་སོགས་པའི་བསམ་པ་དགུས་སོ། །དབང་འབྱོར་པ་ཉིད་ཀྱིས་ནི་སེམས་ཅན་ཚད་མེད་པ་ལ་བྱམས་པའིའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐབས་ཡོངས་སུ་གཟུང་བ་དང་། བྱང་ཆུབ་སེམས་
དཔའ་ཐམས་ཅད་དང་དོན་བྱེད་པའི་ཁྱད་པར་གྱི་སྒོ་ནས་ནི་དོན་ཐམས་ཅད་འདྲེས་ཤིང་ཉེ་བར་འདྲེས་པའི་ཕྱིར་རོ། །རྫས་ཆེན་པོས་ཞེས་བྱ་བ་ནི་མུ་ཏིག་དང་། བཻ་ཌཱུརྱ་དང་། ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་རྙེད་པའི་གྱ་ནོམ་པ་དག་གིས་སོ། །བཀུར་སྟི་ཆེན་པོས་
ཤིན་ཏུ་མཆོད་པ་དང་ལྡན་པ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་དོན་དུ་མཆོད་པའི་ཕྱིར་རོ། །རྒྱུན་ཅེས་བྱ་བ་ནི་རྟག་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། རྟག་ཏུ་བཅོམ་ལྡན་འདས་ལ་མཆོད་པ་ལ་སོགས་པ་ལ་འཇུག་པ་ཡིན་པས་ཚིགས་སུ་བཅད་པ་ཕྱེད་པོ་འདིས་ནི་མཆོད་པ་བསྟན་
ཏོ། །ཡོན་ཏན་མང་ལྡན་ཕན་བྱེད་བཤེས་ལ་རྟག་བརྟེན་པ། །ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་བཤད་དོ། །འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར། །ཞེས་བྱ་བ་ནི་རྗེས་སུ་བརྩེ་བར་བྱེད་པ་ཉིད་ཀྱིས་ཚད་མེད་པ་རྣམས་སྟོན་ཏོ། །དེ་བས་ན་ཚིགས་
སུ་བཅད་པ་འདིས་ཇི་སྐད་བཤད་པའི་མཆོད་པ་དང་། བརྟེན་པ་དང་ཚད་མེད་པ་རྣམས་ཀྱི་གོ་རིམས་དང་ཡོན་ཏན་མདོར་བསྡུས་ནས་བསྟན་ཏོ་ཞེས་བྱ་བ་ལ། གོ་རིམས་ནི་བཤད་མ་ཐག་པའི་ཚུལ་གྱིས་བསྟན་ཏོ། །ཡོན་ཏན་ནི་རྫས་དང་བཀུར་སྟི་ཆེན་པོས་ཞེས་བྱ་བ་ལ་
Vol. 124 · folio 140a
སོགས་པས་བསྟན་ཏོ། །ཡོན་ཏན་མང་པོ་དང་ལྡན་པ་ནི་དེ་ལས་གཞན་པ་དག་དང་ངོ་ཞེས་བྱ་བ་ནི། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་
སྐྱོ་བ་སྤངས་ལ་བརྟེན། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྟེ། སྙིང་རྗེའི་སྐབས་ཡིན་པའི་ཕྱིར་དེ་ལས་གཞན་པ་ཞེས་བྱ་བ་སྨོས་སོ། །མཆོད་པ་དང་བརྟེན་པ་དང་ཚད་མེད་པའི་སྐབས་རྫོགས་སོ།། །།ཚད་མེད་པའི་འོག་ཏུ་ངོ་ཚ་བའི་སྐབས་ཏེ། །
འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་ལྟར་རང་དང་གཞན་ལ་ཕན་པ་ལ་ཞུགས་པ་དེ་བསྒྲུབ་པའི་དོན་དུ་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་པར་བྱེད་པས། དེའི་འོག་ཏུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་རྣམ་པ་
འདི་ནི་ངོ་བོ་ཉིད་དང་། ཁྱད་པར་གྱི་སྒོ་ནས་བསླབ་པའི་ལམ་གྱི་རྣམ་པ་ཐམས་ཅད་ཡིན་པས་ངོ་ཚ་བའི་སྐབས་ནས་བཟུང་སྟེ། གང་ཟག་ལ་བདག་མེད་པའི་སྐབས་ཀྱི་བར་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྐབས་ཡིན་པར་རིག་པར་བྱའོ། །ངོ་ཚ་མི་མཐུན་ཕྱོགས་
སྤངས་དང་། །ཞེས་བྱ་བ་ནི་ངོ་ཚ་བའི་ངོ་བོ་ཉིད་ཀྱིས་བསྟན་པ་སྟེ། མི་མཐུན་པའི་ཕྱོགས་ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་སྤངས་པའི་ཕྱིར་ངོ་ཚ་བ་མི་མཐུན་པའི་ཕྱོགས་མེད་པར་འགྱུར་བས་ངོ་ཚ་བའི་ངོ་བོ་ཉིད་དུ་བཤད་དོ། །གྲོགས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །
ཡུལ་ཁ་ན་མ་ཐོ་བ་མེད་ཅིང་དམན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པས་ཏེ། ཟག་པ་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་ཡིན་པའི་ཕྱིར་དམན་པའོ། །བསྟེན་རྣམས་ཕ་རོལ་ཕྱིན་པ་དྲུག །བསྟེན་པ་ལས་ནི་ལེ་ལོ་ལས་ངོ་ཚ་བར་འགྱུར་
རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་གི་ཚེ་བསྟེན་པར་འོས་པ་ཕ་རོལ་ཏུ་ཕྱིན་པ་ནམས་ལེ་ལོ་བྱེད་ཅིང་སྟེན་པར་མི་བྱེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རབ་ཏུ་མི་སྦྱོར་ན་དེས་ན་ངོ་ཚ་བར་འགྱུར་རོ། །འདི་ནི་སྦྱོར་བ་དང་མི་སྦྱོར་བས་ངོ་ཚ་བ་ཡིན་ནོ་ཞེས་བྱ་བ་ནི་སྦྱར་བ་མ་ཡིན་པ་ལ་སྦྱོར་བ་
Vol. 124 · folio 140b
གང་ཡིན་པའོ། །སྦྱར་བ་མ་ཡིན་པ་ལ་སྦྱོར་བ་གང་ཞེ་ན། གང་གི་ཚེ་ལེ་ལོས་ཉོན་མོངས་པ་དང་མཐུན་པའི་ཆོས་རྣམས་ལ་སྦྱོར་བའོ། །འདི་ནི་ངོ་ཚ་བ་ཆུང་ངུ་དང་ཆེན་པོ་སྟེ། སྔར་བཤད་པའི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་མཉམ་པར་མ་བཞག་
པའི་ས་པའི་ངོ་ཚ་བ་དང་། མཉམ་པར་མ་བཞག་པའི་ས་པ་ཡང་ཆུང་ངུ་དང་འབྲིང་དང་དམན་པ་དང་ཉན་ཐོས་ཀྱི་ཐེག་པ་མཚུངས་པར་ལྡན་པའི་ངོ་ཚ་བ་གང་ཡིན་པ་དང་ས་བདུན་པོ་དག་ལ་ང་རྒྱལ་དང་བཅས་པ་སྟེ། ངོ་ཚ་བ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་ནི་དམན་པའོ། །
ས་ལས་ངོ་ཚ་བ་ལྟོས་ན་ནི་དམན་པ་ཡང་ཡིན་ལ། ལྷག་པ་ཡང་ཡིན་ནོ། །དེ་ལས་བཟློག་པ་ནི་ལྷག་པ་སྟེ། མཉམ་པར་གཞག་པའི་ས་པ་གང་ཡིན་པ་དང་མཉམ་པར་མ་བཞག་པའི་ས་པ་ལས་ཀྱང་ཆུང་ངུ་དང་། འབྲིང་མ་གཏོགས་པ་ངོ་ཚ་བ་ཆེན་པོ་དང་། ས་བརྒྱད་
པ་ལ་སོགས་པའི་ངོ་ཚ་བ་ནི་ལྷག་པ་ཡིན་པར་རིག་པར་བྱའོ། །བློ་ལྡན་ངོ་ཚ་མེད་པ་ནི། །ཚུལ་བཞིན་མིན་པས་ཉོན་མོངས་དག །དང་དུ་ལེན་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་སྤྱོད་པས་བདག་ཉིད་ལ་གནོད་པར་བྱེད་པ་ཡིན་ནོ། །ཁོང་ཁྲོ་བས་ནི་
གཞན་ལ་གནོད་པར་བྱེད་དོ། །ཡལ་བར་འདོར་བ་དང་ང་རྒྱལ་དག་གིས་ནི་གཉི་ག་ལ་གནོད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཡལ་བར་འདོར་བ་དང་། ང་རྒྱལ་གྱི་མཇུག་ཐོགས་སུ། སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས། །ཞེས་བཤད་དེ། ཡལ་བར་
འདོར་བས་ནི་སེམས་ཅན་གྱི་དོན་ལ་བག་མེད་པར་འགྱུར་ལ། ང་རྒྱལ་གྱིས་ནི་སེམས་ཅན་གདོལ་པ་ཡན་ཆད་ཀྱི་དྲུང་དུ་སོང་ནས་དགེ་བའི་ཆོས་ལ་སྦྱོར་བར་མི་བྱེད་དོ། །དེ་ལྟར་ན་སེམས་ཅན་ལ་གནོད་པ་ཡིན་ནོ། །བདག་ཉིད་ལ་ཡང་འདི་ལྟར་ཡལ་བར་འདོར་བས་དགེ་བའི་
ཆོས་ལ་འཇུག་པ་ཡལ་བར་འདོར་ཞིང་མི་དགེ་བའི་ཆོས་ལ་འཇུག་པ་དང་དུ་ལེན་ཏོ། །ང་རྒྱལ་གྱིས་ཀྱང་ཁེངས་པ་ཉིད་ཀྱིས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་ཞིང་བསྙེན་བཀུར་བྱ་བ་དང་ཆོས་མཉན་པ་ལ་སོགས་པ་ལ་མི་འཇུག་གོ། །དེ་བས་ན་མི་དགེ་བའི་བཤེས་གཉེན་དང་
Vol. 124 · folio 141a
ཕྲད་པས་ན་འདིའི་ཚུལ་ཁྲིམས་ལ་གནོད་པར་འགྱུར་རོ། །ང་རྒྱལ་གྱིས་ཉམས་པ་ནི་གང་ཅུང་ཟད་ཤེས་པ་ཡང་གཞན་དག་ལ་མི་སྟོན་ཞིང་སོང་ཞིང་སོང་ནས་སེམས་ཅན་གྱི་དོན་བྱ་བ་དག་ལ་ཡང་མི་འཇུག་སྟེ། དེ་ལྟར་ན་བདག་ཉིད་དང་གཞན་ལ་གནོད་པ་ཡིན་
ནོ། །འགྱོད་པས་བདག་ཉིད་ལ་གནོད་པར་བྱེད་ཅེས་བྱ་སྟེ། འདི་ལྟར་བཤད་མ་ཐག་པའི་ཁོང་ཁྲོ་བ་ལ་སོགས་པ་ཀུན་ཏུ་སྤྱོད་པས་འགྱོད་པ་དང་བཅས་པར་འགྱུར་རོ། །དེ་བས་ན་འགྱོད་པར་བྱེད་པས་ནི་བདག་ཉིད་ལ་སྨོད་དོ། །བཀུར་སྟིས་དམན་པའི་ཕྱིར་གཞན་དག་སྨོད་དོ། །
དད་ལྡན་མི་མིན་ཚོགས་དང་ནི། །ཞེས་བྱ་བ་ནི་ལྟའོ། །སྟོན་པས་བཏང་སྙོམས་སུ་མཛད་པའི་ཕྱིར་སྟོན་པས་བོང་བུ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་སྨོད་དེ། བཅོམ་ལྡན་འདས་ཀྱིས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་སྣོད་མ་ཡིན་ནོ་ཞེས་བྱ་བར་མཁྱེན་ནས་བཏང་སྙོམས་
སུ་མཛད་དོ། །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ཆོས་ཉིད་ཀྱིས་རྣམ་པར་སྨོད་པའི་ཕྱིར་ཞེས་བྱ་བའི་ནི་ཆོས་མཐུན་པའི་རྣམ་པར་སྨད་པའི་ཕྱིར་རོ། །ཕྱོགས་དང་ཕྱོགས་མཚམས་སུ་ཡང་འདི་མི་སྙན་པ་འབྱུང་བའི་ཕྱིར། འཇིག་རྟེན་ལས་མི་སྙན་པ་འཐོབ་པོ་
ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་སྐྱེས་པའི་སེམས་ལ་འབྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་ལ། སྡུག་བསྔལ་ནི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའོ། །ཡིད་མི་བདེ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་
པའོ། །ངོ་ཚ་བས་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་འདིས་ནི་བདག་པོའི་འབྲས་བུའོ་ཞེས་བྱ་བ་ནི་ངོ་ཚ་བ་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། དེའི་དབང་གིས་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །འདིས་ནི་ངོ་ཚ་མེད་པ་ནི་དེ་ལས་གཞན་པའི་གོས་གྱོན་
ཡང་ཉེས་པས་དྲི་མ་ཅན་ཡིན་པའི་ཕྱིར་རོ། །ངོ་ཚ་བ་ནི་གོས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བ་ནི། བྱིས་པས་གོས་ཀྱིས་གཡོགས་པ་ནི་ལུས་ལ་སའི་རྡུལ་ལ་སོགས་པ་དྲི་མ་མི་འབྱུང་མོད་ཀྱི། འོན་ཀྱང་ནང་གི་འདོད་ཆགས་ལ་སོགས་པའི་དྲི་མ་དང་ལྡན་པས་གོས་
Vol. 124 · folio 141b
དང་བཅས་ཀྱང་དྲི་མ་ཅན་ཡིན་པའི་ཕྱིར་དྲི་མ་དང་བཅས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པའི་གོས་ཀྱིས་གཡོགས་པ་ནི་གོས་མེད་ཀྱང་ནང་གི་འདོད་ཆགས་ལ་སོགས་པའི་དྲི་མ་མེད་པའི་ཕྱིར་རོ། །དེ་ཁོ་ནའི་ལུས་དྲི་མ་དང་བྲལ་བ་ཡིན་པས། དེ་ཁོ་ན་
གོས་དང་བཅས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ། །ཞེས་བྱ་བ་བཤད་དོ། །ནམ་མཁའ་དང་རྒྱན་དང་འདྲ་བ་ཉིད་དུ་སྟོན་ཏོ་ཞེས་བྱ་བ་ནི། ནམ་མཁའ་དང་འདྲ་བ་ཉིད་
དང་རྒྱན་དང་འདྲ་བ་ཉིད་དོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་དྲི་མ་མེད་པ་ལ་སྤྲིན་དང་ཁུག་རྣ་ལ་སོགས་པས་མི་གོས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ངོ་ཚ་དང་ལྡན་པ་ཡང་འཇིག་རྟེན་གྱི་ཆོས་རྙེད་པ་དང་མི་རྙེད་པ་ལ་སོགས་པས་མི་གོས་
སོ། །ཇི་ལྟར་རྒྱན་དང་ཆོས་མཐུན་པ་ཡིན་ཞེ་ན། ཇི་ལྟར་ཕལ་པ་འགའ་ཞིག་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་མི་དག་གི་ནང་དུ་སོང་ན་མཛེས་པ་ལྟར་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པའི་རྒྱན་གྱིས་བརྒྱན་པ་ཡང་དེ་བཞིན་དུ་མཛེས་སོ། །བསྐྱབ་པར་བྱ་བའི་སེམས་ཅན་ཡལ་
བར་བོར་ནས་ངོ་ཚ་བའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་མ་ལྟ་བུར་བྱམས་པ་དང་ལྡན་པས་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར། བདག་གིས་ཡལ་བར་བོར་ནས་སེམས་ཅན་འགའ་ཞིག་ལོག་པར་ལྟུང་བར་སོང་ན་མི་རུང་ངོ་ཞེས་སེམས་ཅན་
གྱི་དོན་དུ་རྟག་ཏུ་བག་ཚ་བ་ཁོ་ནར་གནས་པས་སོ། །རྟ་དང་གླང་པོ་ཆེའི་ཚོགས་ལ་སོགས་པ་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་རྒྱལ་པོ་གླང་པོ་ཆེ་དང་། རྟ་དང་ཤིང་རྟ་ལ་སོགས་པས་ཕྱིར་རྒོལ་བ་དག་ལས་བསྲུངས་པ་དེ་བཞིན་དུ་ངོ་ཚ་བ་ཡང་སེམས་ཅན་འཁོར་བ་པ་རྣམས་ཀྱི་
ཉེས་པ་ཐམས་ཅད་ལས་ཀུན་ཏུ་སྲུང་བར་བྱེད་པ་ཡིན་ནོ། །གོས་ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ནི་ངོ་ཚ་བས་གནས་པ་ན། ཉོན་མོངས་པའི་གཉེན་པོ་ཉིད་ཅེས་བྱ་བ་ནི། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགབ་པ་མེད་ཀྱང་ཉེས་པའི་དྲི་མ་
Vol. 124 · folio 142a
བྲལ། །ཞེས་གང་བཤད་པ་ཡིན་ཏེ། གནས་པ་ནི་སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་བྱེད་པའི་ནང་དུ་ཡང་དག་པར་འཇོག་པའི་གནས་སྐབས་ཡིན་ཏེ། འཆག་པ་དང་། ཉལ་བ་དང་། འགྲེང་བ་དག་ན་ཡང་དེ་དང་འདྲའོ། །རྒྱུ་བ་ན་འཇིག་
རྟེན་གྱི་ཆོས་ཀྱི་གཉེན་པོ་ཉིད་ཅེས་བྱ་བ་ནི། རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། །ཞེས་གང་བཤད་པ་ཡིན་ཏེ། རྒྱུ་བ་ནི་བསོད་སྙོམས་བྱེད་པའི་གནས་སྐབས་སོ། །ཆོས་མཐུན་པ་དང་། གནས་པ་དང་མཐུན་
པ་ཉིད་ཅེས་བྱ་བ་ནི། །རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་མཐུན་པ་ཉིད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་ཚ་བས། གདུལ་བ་རྣམས་ལ་མ་
བཞིན་བྱམས་པ་ཉིད། །ཅེས་བྱ་བ་འདི་སྟོན་ཏོ། །ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བ་དང་མཐུན་པ་ཉིད་ནི། ངོ་ཚ་བ་ནི་ཉེས་པ་ཐམས་ཅད་ལས། འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན། །ཞེས་བྱ་བ་འདིས་བསྟན་ཏོ། །ངོ་ཚ་ཤེས་པ་བསྒོམ་པ་ནི་སྔ་མ་བཞིན་དུ་རིག་པར་
བྱའོ། །ཞེས་བྱ་བ་ཇི་ལྟར་སྔ་མ་བཞིན་ཞེ་ན། ཇི་ལྟར་དྲི་དང་ཕྲེང་བ་དང་བྱུག་པ་ལ་སོགས་པས་མཆོད་པ་གཙོ་བོ་མ་ཡིན་གྱི། རང་གི་སེམས་ཀྱིས་མཆོད་པ་གཙོ་བོ་ཡིན་པ་དེ་བཞིན་དུ། གཞན་ལ་ལྟོས་ནས་ངོ་ཚ་བ་བྱེད་པའི་ངོ་ཚ་བ་ནི་ཆུང་ལ་རང་གི་སེམས་ཀྱིས་ངོ་ཚ་བ་ནི་གཙོ་བོ་ཡིན་ནོ། །རང་
གི་སེམས་ཀྱིས་ངོ་ཚ་བ་དེ་ཡང་རྣམ་པ་ལྔས་མཆོག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། ངོ་ཚ་ཤེས་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱོང་བར་བྱེད་པ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བའི་བསམ་པ་
དག་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་རྣམས་དང་། དབང་འབྱོར་པ་སྟེ། ས་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ངོ་ཚ་བ་གང་ཡིན་པ་དང་། རྣམ་པར་མི་རྟོག་པའི་སྟེ་རྣམ་པར་མི་
Vol. 124 · folio 142b
རྟོག་པའི་ཡེ་ཤེས་ཀྱི་ཐབས་ཡོངས་སུ་གཟུང་བ་དང་གཅིག་པ་ཉིད་དེ། དོན་ཐམས་ཅད་འདྲེས་པ་ཉེ་བར་འདྲེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དོན་གཅིག་པ་ཉིད་ལ་འཇུག་པས་སོ། །ངོ་ཚ་བའི་སྐབས་རྫོགས་སོ།། །།ངོ་ཚ་བའི་འོག་ཏུ་བསྟན་པ་རྣམ་
པར་དབྱེ་བ་སྟེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་གཙོ་བོར་གྱུར་པ་ནི་ངོ་ཚ་བ་ཡིན་པས་སྔར་བསྟན་ཏོ། །དེ་ལྟར་ཁྲེལ་དང་ལྡན་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་བསྒོམ་པ་ལ་རབ་ཏུ་སྦྱོར་བ་ནི་ལེ་ལོ་དང་། རྣམ་པར་
གཡེང་བ་དང་། འཆལ་བའི་ཤེས་རབ་བསལ་ནས་བརྟན་པ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་གསུམ་པོ་བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སྙིང་སྟོབས་དང་སྲན་ཐུབ་པ་དང་། བརྟན་པ་ཞེས་བྱ་བའོ། །ཆོས་དེ་དག་ཀྱང་
ཁྲེལ་དང་ལྡན་པ་ལ་འགྲུབ་པས་དེའི་ཕྱིར་ངོ་ཚ་ཤེས་པའི་འོག་ཏུ་བརྟན་པ་རྣམ་པར་དབྱེ་བ་ཡིན་ནོ། །བརྩོན་འགྲུས་ལ་སོགས་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་། ཤེས་རབ་ཅེས་བྱ་བ་འདི་ནི་བརྟན་པའི་མཚན་ཉིད་དེ། བརྩོན་འགྲུས་ལ་
སོགས་པའི་ཆོས་གསུམ་པོ་འདི་ལ་སྙིང་སྟོབས་དང་སྲན་ཐུབ་པ་དང་བརྟན་པ་ཞེས་མིང་དུ་གདགས་སོ། །ལྷག་མ་ནི་སྒྲུབ་པའོ་ཞེས་བྱ་བ་ནི། གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། །འཇིགས་པ་མེད་པར་རབ་ཏུ་འཇུག །ཅེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཆོས་
གསུམ་པོ་འདི་དག་གིས་འཇིག་པ་མེད་པར་འགྱུར་བ་དེའི་ཕྱིར་བརྟན་པ་ཞེས་བྱ་བའི་མིང་འཐོབ་པོ་ཞེས་བྱ་བ་ནི་དེ་ལྟར་སྒྲུབ་པར་བྱེད་དོ། །དེ་ལ་མི་སྤྲོ་བའི་ཕྱིར་ཞེས་བྱ་བ་ནི་ཞུམ་པའི་སེམས་ཀྱིས་བྱ་བ་དག་ལ་མི་སྤྲོ་བ་གང་ཡིན་པའོ། །ཡང་ན་ནི་རྨོངས་པས་ཏེ། དེའི་ཐབས་མི་
ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་ཏུ་རྨོངས་པའི་སེམས་ཀྱིས་བྱ་བ་སྒྲུབ་པའི་ཤེས་པ་གང་ཡིན་པའོ། །སོ་སོར་བརྟགས་པ་མེད་པར་བྱེད་པའོ་ཞེས་བྱ་བ་ནི་བརྩོན་འགྲུས་ལ་སོགས་པ་རབ་ཀྱི་མཐར་ཕྱིན་ཅིང་རང་གི་ངང་གིས་འཇུག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་
Vol. 124 · folio 143a
ཞེས་བྱ་བ་ནི་རིགས་སོ། །སྨོན་ལམ་ཞེས་བྱ་བ་ནི་སེམས་བསྐྱེད་པའོ། །ལྟ་བ་མེད་པ་ཉིད་ནི་རང་གི་དོན་ཏོ། །སེམས་ཅན་ལོག་པར་སྒྲུབ་པ་ཉིད་ནི་གཞན་གྱི་དོན་ཏོ། །ཟབ་མོ་ཐོས་པ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏོ། །རྒྱ་ཆེ་བ་ཐོས་པ་ཉིད་ནི་མཐུའོ། །གདུལ་
བར་བྱ་བ་གདུལ་དཀའ་བ་ཉིད་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །སྐུ་བསམ་གྱིས་མི་ཁྱབ་པ་ནི་བྱང་ཆུབ་མཆོག་གི་སྒོ་ནས་ཏེ། འདི་ནི་བརྟན་པའི་རབ་ཏུ་དབྱེ་བ་ཡིན་ནོ། །ཡང་བྱ་དཀའ་བ་ལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་ཀྱང་བརྟན་པ་རབ་ཏུ་དབྱེ་བའོ། །
ཇི་ལྟར་ཕྱེ་མ་ལེབ་དག་གིས་རི་རབ་བསྐྱོད་པར་མི་ནུས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་གྲོགས་པོ་ངན་པ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་གཡོས་པར་མི་ནུས་སོ། །གྲོགས་པོ་ངན་པ་བྱང་ཆུབ་སེམས་དཔའ་ལ་ཕྱེ་མ་ལེབ་ལྟར་ཡང་བར་སྣང་ངོ་། །
ཇི་ལྟར་ནམ་མཁའ་ལྡིང་ལ་སོགས་པ་བྱ་གཞན་ཐམས་ཅད་ཀྱི་འདབ་ལྕག་གིས་རི་རབ་བསྐྱོད་པར་མི་ནུས་པ་དེ་བཞིན་དུ་ཕྱི་དང་ནང་སྡུག་བསྔལ་འབབ་པ་དག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་གཡོས་པར་མི་ནུས་སོ། །ཇི་ལྟར་རྒྱ་མཚོ་དག་གིས་རི་རབ་བསྐྱོད་
པར་མི་ནུས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཟབ་ཅིང་རྒྱ་ཆེར་བར་ཐོས་ནས་དེ་ལས་མི་གཡོའོ། །དེ་ཉིད་ཀྱི་ཕྱིར་དཔེ་གསུམ་པོ་འདིས་ནི་བྱང་ཆུབ་སེམས་དཔའི་བརྟན་པའི་མི་འགྱུར་བ་ཉིད་བཤད་དོ་ཞེས་སྨོས་སོ།། །།བརྟན་པའི་འོག་
ཏུ་མི་སྐྱོ་བའི་སྐབས་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་བརྟན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ལ་སྐྱོ་བར་མི་འགྱུར་བས་མི་སྐྱོ་བ་བརྗོད་དོ། །དེ་དག་གིས་སྐྱོ་བ་སྐྱེས་ན་ངོ་ཚ་ཞིང་མི་སྐྱོ་བར་ཡང་བྱེད་དོ་ཞེས་བྱ་བ་ནི་ཁྲེལ་ཡོད་པ་དང་ངོ་ཚ་ལ་བརྟེན་པས་ནི་སྐྱོ་བ་མི་སྐྱེད་དོ། །
བྱང་ཆུབ་ཆེན་པོ་ལ་འདུན་པ་དྲག་པོ་ནི་ངོ་བོ་ཉིད་དོ་ཞེས་བྱ་བ་ཇི་ལྟར་ངོ་བོ་ཉིད་ཡིན་ཞེ་ན། འདུན་པ་ལོག་ན་སྐྱོ་བར་འགྱུར་བས་སོ་ཞེས་བྱ་བས་དེ་སྟོན་ཏེ། འདིར་ནི་བརྩོན་འགྲུས་དང་ལྡན་པའི་འདུན་པ་གཟུང་ངོ་། །མི་སྐྱོ་བ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་
Vol. 124 · folio 143b
བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་འབྱུང་ངོ་། །འདུན་པ་ཡང་མི་སྐྱོ་བའི་རྒྱུ་ཡིན་པས་རྒྱུ་ལས་འབྲས་བུ་བཏགས་ནས་རྒྱུ་ངོ་བོ་ཉིད་དུ་བསྟན་ཏོ། །མི་སྐྱོ་བའི་འོག་ཏུ་བསྟན་བཅོས་ཤེས་པ་ཉིད་དེ། མི་སྐྱོ་བ་དང་ལྡན་པ་ནི་བསྟན་བཅོས་མཉན་པའི་ཕྱིར་རབ་ཏུ་
སྦྱོར་རོ། །བསྟན་བཅོས་ཤེས་པ་ཉིད་ཀྱི་གཞི་ནི་རིག་པའི་གནས་ལྔ་སྟེ་ཞེས་བྱ་བ་ལ། གཞི་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆེད་དུ་བྱ་བ་ནི་རང་དང་གཞན་གྱི་དོན་བྱའོ་ཞེས་བྱ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་དོན་དང་གཞན་གྱི་
དོན་གྱི་ཆེད་དུ་རིག་པའི་གནས་དག་ལ་རབ་ཏུ་སྦྱོར་རོ། །གཉིས་པ་ལ་དེའི་སྐྱོན་ཡོངས་སུ་ཤེས་ཤིང་ཞེས་བྱ་བ་ནི་བརྩད་པའི་སྐྱོན་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡིད་ཆེས་པར་བྱེད་པ་ཞེས་བྱ་བ་འདི་ནི་བསྟན་བཅོས་ཤེས་པ་ཡིན་ནོ། །ཞེས་བྱ་བར་གཞན་དག་
ཡིད་ཆེས་པར་བྱེད་པའོ། །ཡང་ན་བསྟན་བཅོས་ཤེས་པར་སྔར་ཚིག་གི་མཚམས་བཅད་ནས། དེའི་འོག་ཏུ་ཚིག་བསྡུ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པས་གཞན་དག་ལ་དོན་གཏན་ལ་འབེབས་པས་ཡིད་ཆེས་པ་སྐྱེད་པར་བྱེད་དོ། །དེས་ན་ཡིད་ཆེས་པར་འགྱུར་ན་བྱང་
ཆུབ་སེམས་དཔའི་དབང་དུ་འགྲོ་བར་འགྱུར་རོ། །ཐོས་ནས་གོ་རིམས་བཞིན་དུ་ཞེས་བྱ་བ་ནི་སྤྱིར་ཐོས་པའོ། །འཛིན་པས་ནི་འཛིན་པར་འགྱུར་རོ། །ཁ་ཏོན་བྱེད་པས་ནི་གཞུང་ལ་ཞུགས་པའི་སྒོ་ནས་ཚིག་གིས་བྱང་བར་འགྱུར་རོ། །ཡིད་ཀྱིས་ལེགས་པར་བརྟགས་པ་ཞེས་བྱ་བ་ནི་
རབ་ཏུ་དད་པའི་ཡིད་ཀྱིས་དོན་ཕྱིན་ཅི་མ་ལོག་པར་སེམས་པའི་སྒོ་ནས་སོ། །ཇི་ལྟར་དོན་ཕྱིན་ཅི་མ་ལོག་པར་སེམས་པའི་སྒོ་ནས་ཡིན་ཞེ་ན། ཅི་རིགས་པར་དེ་དག་གི་སྐྱོན་དང་ཡོན་ཏན་ཁོང་དུ་ཆུད་པའི་སྒོ་ནས་སོ། །ཇི་ལྟར་མཐོང་བས་ལེགས་པར་རྟོགས་པ་དག་ཡིན་ནོ་ཞེ་ན། བཤད་
པ། ལེགས་པར་བཤད་པ་དང་། ཉེས་པར་བཤད་པ་དམིགས་པའི་ཕྱིར་ཏེ། གསུང་རབ་ཀྱི་ལུགས་ཀྱིས་ལེགས་པར་བཤད་པ་དག་ཡིན་ནོ། །འདི་ལས་ཕྱི་རོལ་པ་རྣམས་ཀྱི་ནི་ཉེས་པར་བཤད་པ་དག་ཡིན་ནོ། །ཡང་ན་ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་རིག་
Vol. 124 · folio 144a
པའི་གནས་ལྔ་པོ་འདི་དག་ཡང་དག་པར་རབ་ཏུ་སྟོན་པས་ལེགས་པར་བཤད་པ་ཡིན་ནོ། །བཟློག་པ་ནི་ཉེས་པར་བཤད་པ་ཡིན་ནོ། །ཡང་ན་དོན་བཟང་པོ་སེམས་ཉིད་ཀྱིས་ཡོན་ཏན་དུ་མཐོང་བ་ཡིན་ནོ། །བཟློག་པ་ནི་སྐྱོན་དུ་མཐོང་བ་ཡིན་ནོ། །ཚིག་འབྲུ་
བཟང་པོ་རྟོགས་པའི་ཕྱིར་ལེགས་པར་བཤད་པ་ཡིན་ནོ། །ཚིག་འབྲུ་ཕྱིན་ཅི་ལོག་ཏུ་གཟུང་བའི་ཕྱིར་ཉེས་པར་བཤད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྒོ་དག་ནས་དེའི་བྱ་བ་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་ཏེ། རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་
འཕྲུལ་ལ་སོགས་པས་སྣོད་དུ་བྱས་ནས། སྐལ་བ་ཇི་ལྟ་བ་བཞིན་དུ་རིག་པའི་གནས་སྟོན་པའི་ཕྱིར་རོ། །དམ་པའི་ཆོས་འཛིན་པར་བྱེད་པ་ཡང་ཡིན་ཏེ། གཟུངས་དག་གིས་དེ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུངས་དག་གིས་ཐེག་པ་ཆེན་པོ་ལ་སོགས་པའི་རིག་པའི་
གནས་རྣམས་བདེ་བླག་དུ་འཛིན་པ་ཡིན་ནོ། །བསྟན་བཅོས་ཤེས་པ་ཉིད་ཀྱི་འོག་ཏུ་འཇིག་རྟེན་ཤེས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་བསྟན་བཅོས་དག་ཁོང་དུ་ཆུད་ནས་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་འགྱུར་རོ། །བསྟན་བཅོས་ཤེས་པ་ནི་འཇིག་རྟེན་
ཤེས་པར་འགྱུར་ལ། འཇིག་རྟེན་ཤེས་པ་ཡང་གང་ལ་གང་ཞིག་ཇི་ལྟར་བསྟན་པར་བྱ་བ་དེ་ཤེས་པའི་ཕྱིར། དེ་ལ་དེ་ཁོ་ན་བཞིན་དུ་སྟོན་ཏོ། །དེའི་ཕྱིར་བསྟན་བཅོས་ཤེས་པ་ཉིད་ཀྱི་འོག་ཏུ། འཇིག་རྟེན་ཤེས་པ་ཉིད་དེ། བསྟན་བཅོས་ཤེས་པ་ཉིད་དེ་ནི་འཇིག་རྟེན་ཤེས་པས་
གསལ་བར་བྱེད་དོ། །གང་འབྱུང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །གང་དག་གིས་འབྱུང་བ་ནི་ཀུན་འབྱུང་བའི་བདེན་པའོ། །ནུབ་པ་གང་ཡིན་པ་ཞེས་བྱ་བ་ནི། འགོག་པའི་བདེན་པ་སྟེ། ཉོན་མོངས་པ་རྣམས་ནུབ་པ་ནི་འགོག་པའི་བདེན་པ་ཡིན་ནོ། །གང་གིས་ནུབ་པར་
འགྱུར་བ་ཞེས་བྱ་བ་ནི་ལམ་གྱི་བདེན་པས་སོ།། །།འཇིག་རྟེན་ཤེས་པ་ཉིད་ཀྱི་འོག་ཏུ་སྟོན་པ་རྣམས་ཏེ། དེ་ལྟར་འཇིག་རྟེན་ཤེས་པ་དང་བསྟན་བཅོས་ཤེས་པ་ནི་འཇིག་རྟེན་གྱི་སྟོན་པར་འགྱུར་རོ། །གཙུག་ལག་བསྟན་པའི་ཆོས་དང་ནི། །ཞེས་བྱ་བ་ནི་དྲང་སྲོང་གིས་བཤད་པའི་
Vol. 124 · folio 144b
ཆོས་ནི་སྟོན་པ་ཡིན་ནོ། །དྲང་སྲོང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། གཞན་དག་ནི་མ་ཡིན་ནོ། །དེ་དག་གིས་བཤད་ཅིང་བསྟན་པའི་ཆོས་ནི་སྟོན་པ་ཡིན་གྱི། གང་ཟག་ཕྱིན་ཅི་ལོག་པས་བཤད་པ་མ་ཡིན་ནོ། །དེའི་དོན་དགོངས་པ་ཅན་དང་ནི། །ཞེས་
བྱ་བ་ནི་གཙུག་ལག་གི་ཆོས་དག་གི་དགོངས་པ་ཅན་ནི་སྟོན་པ་ཡིན་གྱི། །ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ཚིག་འབྲུ་ནི་མ་ཡིན་ནོ། །གསུམ་པ་ལ་ནི་ལོག་པར་བསམས་པའི་དོན་ཕྱིན་ཅི་ལོག་ཏུ་དྲངས་པའོ་ཞེས་བྱ་བ་ནི་ཇི་སྐད་དུ་ཁ་ཅིག་གང་ཟག་གཅིག་
འབྱུང་བ་ན་འབྱུང་ངོ་ཞེས་བྱ་བའི་ཚིག་འདིས་ན། གང་ཟག་ཡོད་དོ་ཞེས་ཟེར་ཞིང་མངོན་པར་ཞེན་པ་ལྟ་བུའོ། །དོན་དེ་ལྟ་བུ་ནི་བརྟེན་པར་མི་བྱ་སྟེ། འདི་ལྟར་བསྟན་པ་དེ་ལྟ་བུ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་རྣམ་པར་ཕྱེ་སྟེ། མིག་དང་གཟུགས་རྣམས་ལ་
བརྟེན་ནས་མིག་གི་རྣམས་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས། དེའི་འོག་ཏུ་འདི་ལ་སེམས་ཅན་དང་། མི་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་ཞེས་མིང་དུ་འདོགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ལྟ་བུ་ངེས་པའི་དོན་ལ་བརྟེན་
པར་བྱའོ། །བརྗོད་པ་དང་བཅས་པའི་ཤེས་པ་ཞེས་བྱ་བ་ནི་བརྗོད་པ་དང་བཅས་པའི་ཤེས་པ་གཟུང་བ་དང་འཛིན་པ་དང་ལྡན་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་ཅན། ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཅན། ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་སྟོན་པ་ཡིན་ནོ། །གསུམ་
པ་ནི་གཞན་ལས་དེའི་དོན་གྱི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་པ་ལས་སོ་ཞེས་བྱ་བ་ནི་སྟོན་པ་ཚད་མར་གྱུར་པའམ། དེས་ཚད་མར་མཛད་པ་ཉན་ཐོས་ལ་སོགས་པས་ངེས་པར་བྱས་ཤིང་རྣམ་པར་ཕྱེ་བ་གང་ཡིན་པ་དེ་ལས་ཉམས་པར་མི་འགྱུར་བ་ཡིན་ནོ། །སྟོན་པའི་འོག་ཏུ་སོ་སོ་ཡང་དག་པར་
རིག་པ་རྣམས་ཏེ། དེ་ལྟར་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་དང་ལྡན་པ་སྟོན་པར་འགྱུར་བ་ནི་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དེ། དེ་བས་ན་སྟོན་པའི་འོག་ཏུ་སོ་སོ་ཡང་
Vol. 124 · folio 145a
དག་པར་རིག་པ་རྣམས་སོ། །རྣམ་གྲངས་ཤེས་པ་དེ་དོན་རེ་རེའི་མིང་གི་རྣམ་གྲངས་ཇི་སྙེད་པ་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན། མ་རིག་པ་དང་མུན་ནག་དང་ཀུན་ཏུ་རྨོངས་པ་དང་མུན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །མཚན་ཉིད་ཤེས་པ་
ཞེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་ཤེས་པ་གང་ཡིན་པའོ། །གསུམ་པ་ནི་ཚིག་ཤེས་པ་སྟེ། ཡུལ་མི་སོ་སོའི་སྐད་གང་དག་ཡིན་པ་དེ་དག་ལ་ཐོགས་པ་མེད་པར་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །བཞི་པ་ནི་ཡེ་ཤེས་ཞེས་བྱ་བ་ནི་བདག་
ཉིད་ཀྱི་སྤོབས་པ་ཞེས་བྱ་བ་གང་ཡིན་པའི་ཡེ་ཤེས་ཤེས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ནི་གང་གིས་ན་ཆོས་སྟོན་འདིའི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ལ་སོགས་པའི་ཆོས་
རབ་ཏུ་རྣམ་པར་དབྱེ་བ་ལ་སྤོབས་པ་ཟད་མི་ཤེས་པ་དེ་ལྟ་བུའི་སྤོབས་པ་ལ་དབང་བ་ཉིད་འཐོབ་པོ། །དེ་ལ་ཆོས་དང་དོན་དག་སྟོན་པ་ནི་ཆོས་སྟོན་པ་དང་། བཤད་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཚེ་ཆོས་བསྟན་ནས་ཚིག་དང་དོན་གྱི་སྒོ་ནས་འཆད་པར་བྱེད་པ་ཡིན་ནོ། །
འདིས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངེས་པའི་ཚིག་བསྟན་ནོ་ཞེས་བྱ་བ་ནི་སོ་སོ་རང་གིས་ཞེས་བྱ་བའི་སྒྲས་ནི་སོ་སོ་ཞེས་བྱ་བ་བསྡུས་སོ། །མཉམ་པ་ཉིད་དེ་ཁོ་ན་ཉིད་རིག་ནས་ཞེས་བྱ་བ་ནི་ཡང་དག་པར་ཞེས་བྱ་བ་བསྡུས་སོ། །རྣམ་གྲངས་ལ་སོགས་པ་རབ་ཏུ་ཤེས་
པ་ཞེས་བྱ་བ་ནི་རིག་པ་ཞེས་བྱ་བ་བསྡུས་ཏེ། འདི་ནི་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བའི་ངེས་པའི་ཚིག་ཡིན་ནོ།། །།སོ་སོ་ཡང་དག་པར་རིག་པའི་འོག་ཏུ་ཚོགས་ཀྱི་སྐབས་ཏེ། དེ་ལྟར་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་
རྫོགས་པར་འགྱུར་བས་ཚོགས་ཀྱི་སྐབས་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུར་རོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུར་ཏེ། སེམས་ཅན་གྱི་དོན་དུ་ཆེད་དུ་བསམས་བཞིན་དུ་སྲིད་པར་
Vol. 124 · folio 145b
སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་འཁོར་བའི་ཉེས་པ་དག་གིས་མི་གོས་ཤིང་ལས་དང་ཉོན་མོངས་པའི་དབང་དུ་འགྲོ་བར་མི་འགྱུར་རོ། །བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་སྟོབས་ཀྱིས་ནི་གཉི་ག་བྱེད་དོ་ཞེས་བྱ་བ་ནི། གནོད་པ་བྱེད་པ་དང་དུ་ལེན་པ་དང་། སྡུག་
བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དག་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་སོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་དང་། སེམས་ཅན་ལ་ཕན་པ་
བྱེད་པ་གང་དག་ཡིན་པ་དེ་དག་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་སོ། །ཏིང་ངེ་འཛིན་གང་ཞིག་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་ཏེ། བརྩོན་འགྲུས་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ལ་སོགས་པ་ལྔ་ཅར་ཡང་ཡེ་ཤེས་ཀྱི་ཚོགས་ཡིན་པར་འདོད་དེ། སྦྱིན་པ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཚོགས་ཀྱི་ངེས་པའི་ཚིག་ལ་རྒྱུན་ཏུ་ཞེས་བྱ་བ་ནི། སམ་ཞེས་བྱ་བ་འདི་བསྡུས་སོ། །བསྒོམ་པ་
ཐོས་ནས་ཞེས་བྱ་བ་ནི། བྷཱ་ཞེས་བྱ་བ་འདིས་བསྡུས་ཏེ། དེ་ལྟ་བུའི་ཚོགས་ཀྱི་ངེས་པའི་ཚིག་ཡིན་ནོ། །ས་དྲུག་པོ་དག་གི་ནི་མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པའི་དོན་དུ་ཡིན་པས། མཚན་མ་མེད་པར་བྱ་ཞིང་ས་བདུན་པ་ལ་འཇུག་པའི་ཕྱིར་ཡིན་ཏེ། དེ་མཚན་
མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །གཉེན་པོས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པའི་ཆོས་ལ་བདག་མེད་པར་འཇུག་པའི་སྒོ་ནས་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་རྣམས་ཀྱི་ཡང་གཉེན་པོ་
ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་འདི་སྐད་དུ་བཤད་པ་ཡིན་ནོ། །ཉན་ཐོས་རྣམས་ཀྱི་གཙང་བ་ལ་སོགས་པར་ཕྱིན་ཅི་ལོག་པའི་གཉེན་པོར་གྱུར་པ་མི་གཙང་བ་ལ་སོགས་པའི་རྣམ་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ཏེ།
Vol. 124 · folio 146a
འདི་ལྟར་ལུས་ལ་སོགས་པ་ནི་བྱིས་པས་ཀུན་བརྟགས་པའི་བདག་ཉིད་དུ་མེད་དོ། །དེ་མེད་པའི་ཕྱིར། མི་རྟག་པ་ལ་སོགས་པའི་རྣམ་པ་ཡང་གཟུང་བ་དང་། འཛིན་པའི་དངོས་པོར་མ་གྲུབ་པ་སྟེ། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པའི་ཡང་གཉེན་པོ་
ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་དག་ནི། ཉན་ཐོས་རྣམས་དང་ཐུན་མོང་མ་ཡིན་ཞེས་བྱའོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ལུས་ཀྱི་ནི་གནས་ངན་ལེན་རབ་ཏུ་སྟོན་ཏེ། དེ་ལ་རབ་
ཏུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ། །གནས་ངན་ལེན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། དེས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པས། སྡུག་བསྔལ་
དུ་གཟིགས་སོ། །སྲེད་པའི་རྒྱུ་ནི་ཚོར་བ་སྟེ། དེ་ཡོངས་སུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ། །བདག་ཏུ་མངོན་པར་ཞེན་པའི་གཞི་ནི་སེམས་ཏེ། དེ་ལ་ཡོངས་སུ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆད་པར་དོགས་པའི་
འཇིགས་པ་མེད་པའི་ཕྱིར་རོ། །ཆོས་ལ་ཡོངས་སུ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་རྨོངས་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །ཞེས་བྱ་
བ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་སྦྱར་བར་བྱའོ་སྙམ་པ་ཡིན་ནོ། །ཡིད་ལ་བྱེད་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་
ལུས་ལ་སོགས་པ་ལ་གཟུང་བ་དང་འཛིན་པ་ཉིད་དུ་དམིགས་པ་དེ་ལྟར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡིད་ལ་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། ཆོས་ལ་བདག་མེད་པར་ཡིད་ལ་བྱེད་དོ། །ཐོབ་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་བྲལ་
Vol. 124 · folio 146b
བར་བྱ་བའི་ཕྱིར་ཡང་མ་ཡིན་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་ནི་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ལུས་ལ་སོགས་པ་དག་ནི་མི་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་པའོ། །མཐུན་པས་ཇི་ལྟ་བུ་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་མཐུན་པས། དེའི་མི་མཐུན་
པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམ་པས་ལུས་འདི་ནི་མི་རྟག་པ་ལ་སོགས་པ་ཡིན་ནོ་སྙམ་ནས་ནང་དང་ཕྱིའི་དངོས་པོ་ལ་ལྷག་པར་མ་ཞེན་པས་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་
ངོ་། །དེ་བཞིན་དུ་སྲོག་གི་ཕྱིར་ཡང་སྲོག་གཅོད་པ་ལ་སོགས་པ་ལ་མི་འཇུག་གོ། །གཤེ་བ་དང་སྤྱོ་བ་དང་དབྱུག་པ་དང་མཚོན་གྱིས་བསྣུན་པ་ལ་སོགས་པ་ཐམས་ཅད་ཀྱང་བཟོད་དོ། །ལེ་ལོ་སྤངས་པས་སེམས་ཅན་དེ་དང་དེ་དག་གི་གྲོགས་ཀྱི་ངོ་བོར་ཡང་འགྲོའོ། །ལུས་ལ་
སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་རྣམ་པར་གཡེང་བ་དང་འཆལ་བའི་ཤེས་རབ་ཀྱང་རབ་ཏུ་སྤོང་སྟེ། དེ་ལྟར་ན་དེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཡིན་ནོ། །དེ་དག་ལ་དེ་བསྟན་པའི་ཕྱིར་
དེ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ནི། དེ་བསྟན་པའི་ཕྱིར་མདོ་སྡེ་ལ་སོགས་པ་ལས་འཇིག་རྟེན་པ་དང་། ཉན་ཐོས་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་པ་གང་ཡིན་པ་དེ་ལ་མཁས་པར་བྱེད་དོ། །དེ་ཁོ་ན་
བཞིན་དུ་ཡང་དག་པ་མ་ཡིན་པའི་ངོ་བོར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ལ་སྒྱུ་མ་བྱས་པའི་གླང་པོ་ཆེ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལྟར་ལུས་ཀྱང་དེ་དང་འདྲའོ། །སེམས་ནི་ནམ་མཁའ་བཞིན་དུ་རང་བཞིན་གྱིས་འོད་གསལ་བ་ཡོངས་སུ་ཤེས་པས་སོ་ཞེས་བྱ་བ་ལ་སེམས་
ཞེས་བྱ་བའི་སྒྲས་ནི་སེམས་ཀྱི་ཆོས་ཉིད་བཟུང་སྟེ། དེ་ནི་ནམ་མཁའ་བཞིན་དུ་གཅིག་ཏུ་འོད་གསལ་བས་སོ། །ཆོས་རྣམས་ནི་གློ་བུར་ཉིད་དུ་ཡོངས་སུ་ཤེས་པས་སོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པས་བསྡུས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གང་དག་ཡིན་
Vol. 124 · folio 147a
པ་དེ་དག་ནི་ཀུན་བརྟགས་པ་སྟེ། དཔེར་ན་ནམ་མཁའ་ལ་གློ་བུར་གྱི་རྡུལ་དང་དུ་བ་དང་སྤྲིན་དང་ཁུག་རྣ་ལྟ་བུ་ཡིན་ནོ། །འདྲེས་པ་ཉེ་བར་འདྲེས་པ་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་སོགས་པ་ལའོ། །ས་བཅུ་པ་དང་སངས་རྒྱས་ཀྱི་ས་ལ་ནི་མ་
ལུས་པར་ཡང་དག་པར་འགྲུབ་པ་ཉིད་ཀྱིས་ཡང་དག་པར་འགྲུབ་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པའི་འོག་ཏུ་ཡང་དག་པར་སྤོང་བ་བསྒོམ་པ་སྟེ། དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཇི་སྙེད་བཤད་པ་དེ་དག་གི་མི་མཐུན་པའི་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་ཡང་དག་
པར་སྤོང་བ་བསྒོམ་མོ་ཞེས་བྱ་བ་ནི་རྟེན་ལ་སོགས་པས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བཤད་པ་ལ་ཐེག་པ་ཆེན་པོ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་བསྒོམ་པ་བཤད་པ་ཤེས་རབ་དེ་གསུམ་ཆར་གྱི་མི་མཐུན་པའི་ཕྱོགས་མི་མཉན་པ་ལ་
སོགས་པ་གང་ཡིན་པ་དེའི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་སྟེ། དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལྷག་མ་རྣམས་ཀྱི་གཉེན་པོར་ཡང་དག་པ་སྤོང་བ་བསྒོམ་པ་ཡང་སྦྱར་བར་བྱའོ། །འཁོར་བའི་ཕུན་སུམ་ཚོགས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པར་ཡོངས་སུ་ལོངས་
སྤྱད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་སྤོང་བ་བསྒོམས་པས་འཁོར་བའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པར་ཡོངས་སུ་སྤྱོད་དོ། །འདུན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཞེས་བྱ་བའི་རྣལ་འབྱོར་བསྒོམ་ཞིང་འབད་དོ་ཞེས་
བྱ་བ་ནི་ཡང་དག་པར་སྤོང་བ་བསྒོམ་པ་ཡང་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ལ། འབད་པ་དང་བརྩོན་འགྲུས་རྩོམ་པ་ཞེས་བྱ་བ་ལ་སོགས་པ་ཡང་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་འབད་དོ་ཞེས་བྱ་ཞེ་ན། དེ་བསྟན་པར་བྱ་སྟེ། རེ་ཞིག་དང་པོ་ཁོ་ནར་རྣལ་འབྱོར་པ་
བྱེད་འདོད་པ་ཉིད་དུ་འགྱུར་རོ། །དེ་ལ་བརྟེན་ནས་འདི་ཉོན་མོངས་པ་དག་དང་ལྷན་ཅིག་འགྱེད་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་བསྒོམ་པ་ལ་རབ་ཏུ་བརྩོན་པ་འབད་པར་བྱེད་དོ། །འབད་པར་བྱེད་པ་དེ་ལ་ཉོན་མོངས་པའི་དགྲ་རྣམས་བར་ཆད་བྱེད་དེ། ཞི་
Vol. 124 · folio 147b
གནས་ཀྱི་མི་མཐུན་པའི་ཕྱོགས་ནི་ཞུམ་པའོ། །ལྷག་མཐོང་གི་ནི་རྒོད་པའོ། །དེ་དག་བསལ་བའི་ཕྱིར་རྣལ་འབྱོར་པ་འདི་བརྩོན་འགྲུས་རྩོམ་པས་འབད་པས་བརྩོན་འགྲུས་ཀྱི་གནས་སྐབས་ཆེས་ཁྱད་པར་དུ་འཕགས་སོ། །བརྩོན་འགྲུས་བསྒོམ་པ་དེས་སེམས་དེ་ཞུམ་པ་ཡང་
རབ་ཏུ་འཛིན་ལ་རྒོད་པ་ཡང་ཡང་དག་པར་རབ་ཏུ་འཇོག་སྟེ། དེ་ཉིད་ཀྱི་ཕྱིར་ཞུམ་པ་དང་རྒོད་པ་དག་གི་གཉེན་པོར་བརྩོན་འགྲུས་རྩོམ་མོ་ཞེས་བཤད་དོ། །གང་གི་ཚེ་སེམས་དེ་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་མཉམ་པ་ཐོབ་པར་གྱུར་པ་དེའི་ཚེ་ནི་བཏང་སྙོམས་སུ་
འཇོག་སྟེ་རབ་ཏུ་འཛིན་པར་ཡང་མི་བྱེད། རབ་ཏུ་འཇོག་པར་ཡང་མི་བྱེད་དོ། །ཡང་དག་པར་སྤོང་བའི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ཐམས་ཅད་ལ་གཉེན་པོ་ཞེས་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་བསྒོམ་པ། །ཞེས་བཤད་
མ་ཐག་པ་གང་ཡིན་པའོ། །དད་ཅིང་དོན་དུ་གཉེར་ན་འབད་པའི་ཕྱིར་རོ་ཞེས་བྱ་བ་ནི་དད་ན་བྱེད་འདོད་པ་ཉིད་དུ་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་དད་པ་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་འབྱུང་ངོ་། །བྱེད་འདོད་ན་བརྩོན་འགྲུས་རྩོམ་སྟེ། དེ་ཉིད་ཀྱི་ཕྱིར་འདུན་པ་ཡང་བརྩོན་
འགྲུས་ཀྱི་རྟེན་བྱེད་པའི་ལས་ཅན་དུ་བསྟན་ཏོ། །གཅིག་གིས་ནི་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དྲན་པས་སོ། །གཉིས་པས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་བཞིན་གྱིས་སོ། །ཤེས་བཞིན་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཏེ་
གང་གི་ཚེ་སེམས་དེ་དམིགས་པ་ལས་གུད་དུ་འཕྲོ་བ་དེའི་ཚེ་ཤེས་བཞིན་གྱིས་མྱུར་བ་ཁོ་ནར་བདག་གི་སེམས་རྣམ་པར་གཡེངས་སོ་ཞེས་བྱ་བར་ཡོངས་སུ་གཅོད་དོ། །སེམས་དང་བཏང་སྙོམས་ནི་གཉེན་པོའི་ཐབས་ཞེས་བྱ་བ་ནི་ཤེས་བཞིན་གྱིས་ནི་སེམས་དེ་རྣམ་པར་གཡེང་
བས་སོ་ཞེས་བྱ་བ་དེ་ཙམ་ཞིག་ཤེས་པ་འབའ་ཞིག་ཏུ་ཟད་དོ། །སེམས་པ་ནི་སེམས་ཀྱི་བྱེད་པ་ཡིན་ཏེ། དེས་སེམས་དེ་དགེ་བ་ལ་གཏོད་པར་བྱེད་དོ། །གང་གི་ཕྱིར་སེམས་པས་ཞུམ་པ་ནི་རབ་ཏུ་འཛིན་ལ་རྒོད་པ་ནི་རབ་ཏུ་འཇོག་པ་དེའི་ཕྱིར་སེམས་ལ་གཉེན་པོ་ཞེས་བྱའོ། །
Vol. 124 · folio 148a
བཏང་སྙོམས་ནི་ཤེས་རབ་ཀྱི་ཁྱད་པར་ཏེ་དེས་ཉེ་བའི་ཉོན་མོངས་པ་རྣམས་རབ་ཏུ་སྤོང་བས་དེའི་ཕྱིར་བཏང་སྙོམས་ལ་གཉེན་པོ་ཞེས་བྱའོ། །ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་བྱང་ཆུབ་སེམས་དཔའ་གང་གིས་ན་སྟོང་གསུམ་ལ་སོགས་པའི་
འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་གཟུགས་ཀྱི་དབྱེ་བ་ཤིན་ཏུ་ཕྲ་བ་ཡང་མཐོང་བ་དེ་ལྟ་བུའི་རྣམ་པར་སྨིན་པ་ལ་བྱུང་བའི་མིག་མངོན་པར་འགྲུབ་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་འབྱུང་བ་ལྟ་བུ་ཡིན་ནོ། །ལྷའི་སྤྱན་ནི་བསམ་གཏན་གྱིས་མངོན་པར་
འདུས་བྱས་པ་སྟེ། ཤའི་སྤྱན་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཤེས་རབ་ཀྱི་སྤྱན་འཕགས་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་བཞིན་ཉིད་སྤྱོད་ཡུལ་པ་ཡིན་ནོ། །ཆོས་ཀྱི་སྤྱན་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་དུ་ཐོགས་
པ་མེད་པ་ཡིན་ནོ། །གནས་པས་རྣམ་པར་བརྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་རྣམ་པར་བརྩེ་བ་སྟེ། ཏིང་ངེ་འཛིན་ནི་གནས་པའི་སྒྲར་བརྗོད་དོ། །ཏིང་ངེ་འཛིན་གྱི་དབང་པོའི་དམིགས་པ་ནི་ཞི་གནས་ཡིན་ནོ་ཞེས་བྱ་བ་ནི་གང་ལ་བརྟེན་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་
ཅད་ཕུན་སུམ་ཚོགས་པར་འགྱུར་བ་ཞི་གནས་ཁྱད་པར་ཅན་བཟུང་སྟེ། ཏིང་ངེ་འཛིན་ནི་འཇིག་རྟེན་པའི་སེམས་རྩེ་གཅིག་པ་ཙམ་ཐོབ་པའོ། །ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་ངོ་། །ཞེས་བྱ་བ་ནི་འདིར་ཡང་མཉམ་པར་མ་བཞག་པའི་གནས་སྐབས་སམ། འཇིག་
རྟེན་པའི་མཉམ་པར་གཞག་པའི་གནས་སྐབས་ཀྱི་ཤེས་རབ་ཀྱི་དབང་པོ་ཡིན་པར་གཞག་གོ། །ལྷག་མཐོང་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་བས་ན་ཤེས་རབ་ཀྱི་དབང་པོ་དེའི་དམིགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ནོ། །དེ་དག་གི་དོན་གྱི་སྐབས་ཁོ་ནས་དད་པ་
ལ་སོགས་པ་འདི་དག་དབང་བྱེད་པའི་དོན་གྱིས་དབང་པོ་རྣམས་ཞེས་བྱའོ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དམིགས་པ་བྱང་ཆུབ་ལ་སོགས་པའི་དོན་གང་དག་ཡིན་པ་དེ་དག་ལ་དེ་རྣམས་དབང་བྱེད་དོ། །ས་ལ་ཞུགས་པའི་གནས་སྐབས་ནི་གོ་རིམས་བཞིན་དུ་ཆོས་ལ་བདག་མེད་པ་དང་
Vol. 124 · folio 148b
བདག་དང་གཞན་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་སོ། །གང་ཟག་ལ་བདག་མེད་པས་ནི་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་
རྟོགས་སོ། །ཡང་ན་བྱང་ཆུབ་སེམས་དཔས་ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་སེམས་ཅན་ཐམས་ཅད་བདག་ཏུ་མཉམ་པ་ཉིད་འཐོབ་སྟེ། ས་དང་པོ་ཐོབ་པའི་དུས་ན་བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་པས་ཇི་ལྟར་བདག་གིས་
བདག་ཉིད་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བྱའོ། །ཞེས་སེམས་ཅན་ཐམས་ཅད་དང་ཁྱད་པར་མེད་པ་ཉིད་འཐོབ་པས་བདག་དང་གཞན་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་རྟོགས་སོ་ཞེས་བྱའོ། །ཤེས་བྱ་མ་
རྒྱལ་རྒྱལ་བྱའི་ཕྱིར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་མོས་པས་སྤྱོད་པའི་ས་ལ་གནས་པ་ནི་ས་དང་པོ་མ་རྒྱལ་བ་ཡིན་ཏེ། དེ་རྒྱལ་བར་བྱ་བའི་ཕྱིར་དྲན་པ་ཀུན་ཏུ་སྤྱོད་དེ། མ་རྟོགས་པ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་བྱ་མ་རྒྱལ་བ་རྒྱལ་བ་ཡིན་ནོ། །འདི་ཡི་རྣམ་
འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་ཟག་དང་ཆོས་སུ་འཛིན་པའི་རྣམ་པར་རྟོག་པ་རྣམས་འཇོམས་པར་བྱེད་པ་ཡིན་ནོ། །དེའི་རྗེས་ལ་ཐོབ་པའི་གནས་པས་གཞན་དག་
འབུལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་མ་རྟོགས་པ་གང་ཡིན་པ་དེ་འབུལ་བ་ཡིན་ནོ། །གཞན་འདོར་བའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་གང་ཡིན་པ་དེ་འདོར་བ་ཡིན་ནོ། །རྣམ་པར་མི་རྟོག་པའི་གནས་པས་དེ་ལ་རྩོལ་བ་མེད་པར་གནས་པར་བྱེད་པའི་
ཕྱིར་ཏེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བཏང་སྙོམས་ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པ་དེས་རྒྱལ་བ་གང་ཡིན་པ་དེ་ལ་གནས་པར་བྱེད་དོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ་ཞེས་བྱ་བ་ལ། གང་
Vol. 124 · folio 149a
གིས་ཀུན་ནས་ཉོན་མོངས་པ་མེད་པ་ནི་ཤིན་ཏུ་སྦྱངས་པས་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་མེད་པར་བྱེད་པ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་རྣམ་པར་གཡེང་བ་དང་བྲལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་གང་
ཡིན་པ་ཞེས་བྱ་བ་ནི་བཏང་སྙོམས་སོ། །རྟོག་པ་དེ་ཉིད་ཀྱི་རྣམ་པར་གཞག་པ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་རྟོག་པའོ་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པས་ནི་བདག་གི་རྣམ་པ་འདིས་ཁོ་ན་ཉིད་འདི་ལྟ་བུ་ཞིག་རྟོགས་སོ་ཞེས་དེ་ཁོ་ན་ཉིད་རྟོགས་པ་གང་ཡིན་པ་སྟེ། རྣམ་པར་འཇོག་པར་
བྱེད་ཅིང་དེ་ཁོ་ན་བཞིན་དུ་གཞུང་དུ་ཡང་བྱེད་ལ་གཞན་དུ་ག་ལ་ཡང་སྟོན་ཏོ། །དེ་རྣམ་པར་གཞག་པ་མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཇུག་པ་ཡང་དེ་ཉིད་ཡིན་ཏེ། དེས་དེའི་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྟོགས་པ་
རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཞེས་བྱ་བའི་དོན་ཏོ། །འཇུག་པ་ཡང་དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་བདག་ཇི་ལྟར་ཞུགས་
པ་ལྟར་རོ། །དེས་དེའི་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་ཡང་དག་པར་རྟོག་པ་དེས་དེའི་དོན་ཏེ་གསུང་རབ་ཀྱི་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། གསུང་རབ་ལ་མངོན་སུམ་པའི་བློ་དང་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་ནོ། །ལས་
གསུམ་རྣམ་པར་དག་པ་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་སྟེ་ཞེས་བྱ་བ་ནི་ངག་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པའོ། །གཉི་ག་རྣམ་པར་དག་པ་ནི་དེ་ཉིད་གཉི་ག་རྣམ་པར་དག་པ་ཡིན་ཏེ། འཚོ་བ་རྣམ་པར་དག་པའོ། །འདི་ནི་ལས་གསུམ་རྣམ་
པར་དག་པ་ཡིན་ཏེ། ངག་གི་ཁ་གསག་དང་གཅམ་བུ་ལ་སོགས་པའམ། ལུས་ཀྱི་སྤྱོད་ལམ་བཅོས་མ་ལ་སོགས་པས་ལོག་པར་འཚོ་བར་བྱེད་ན་རྣལ་འབྱོར་པ་འདི་ལ་ནི་མཐོང་བའི་ལམ་ཐོབ་པའི་ཕྱིར་དེ་གཉི་ག་ཡང་མེད་ལ། ངག་གི་ལས་ཁ་གསག་དང་གཅམ་བུ་ལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words