མདོ་སྡེ་རྒྱན་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 126 · folio 29a
བཟུང་བའི་བཟོད་པ་ཡིས་ནི་འཇིག་རྟེན་མི་ཟད་གཞག །ཅེས་བྱ་བའི་རྐང་པ་བཞི་པ་འདིས་མི་ཟད་པ་བསྟན་ཏེ། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡང་བཤད་དོ། །ཚིག་གི་དོན་ཞིབ་ཏུ་བཤད་པ་ནི་སྔར་བཤད་པ་བཞིན་དུ་སྦྱར་བར་བྱའོ། །དེའི་དོན་ཀྱང་འཕགས་
པ་བློ་གྲོས་མི་ཟད་པའི་མདོ་ལས་དེས་བཟོད་པ་ཡོངས་སུ་དག་པ་གང་ཞེ་ན། གང་བྲག་ཅའི་སྒྲ་དང་མཚུངས་པར་ཤིན་ཏུ་རྟོགས་པའི་ཕྱིར་སྤྱོས་པ་ལས་མི་སྤྱོ་བ་དང་། ལུས་གཟུགས་བརྙན་དང་མཚུངས་པར་རྟོགས་པའི་ཕྱིར། བརྡེག་པ་ལས་སླར་མི་རྡེག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་
པ་དང་། གཞན་ཡང་དེ་ལ་ཤིན་ཏུ་བཟོད་པ་གང་ཞེ་ན། གང་སྟོང་པ་ཉིད་རྟོགས་པ་དེ་ལ་ལྟ་བར་གྱུར་པ་ལ་ཡང་བསལ་བ་མེད། སྟོང་པ་ཉིད་དུ་སྒྲོ་འདོགས་པ་ཡང་མེད་དེ། ལྟ་བར་གྱུར་པ་ཉིད་སྟོང་པའོ་ཞེས་གང་འདི་ལ་བཟོད་པ་འདི་ནི་ཤིན་ཏུ་བཟོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
སངས་རྒྱས་སྲས་རྣམས་གོ་ཆ་སྦྱོར་བའི་བརྩོན་འགྲུས་དཔེ་མེད་པ། །ཞེས་བྱ་བ་ལ། གོ་ཆའི་སྒྲས་ནི་གོ་ཆའི་བརྩོན་འགྲུས་བསྟན། སྦྱོར་བའི་སྒྲས་ཀྱང་སྦྱོར་བའི་བརྩོན་འགྲུས་བསྟན་ཏོ་ཞེས་བྱ་བ་ནི་བརྩོམ་པ་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོ་ཆའི་བརྩོན་འགྲུས་དཔེ་མེད་པ་བརྩམས་
པ་དང་། སྦྱོར་བའི་བརྩོན་འགྲུས་དཔེ་མེད་པ་བརྩམས་ཏེ། དཔེ་མེད་པའི་སྒྲས་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བརྩོན་འགྲུས་ལས་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཁྱད་ཞུགས་པར་སྟོན་ཏེ། འཇིག་རྟེན་པ་རྣམས་ཀྱི་བརྩོན་འགྲུས་ནི་ཉོན་མོངས་པའི་ཕྱོགས་དང་འདྲེས་
པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བརྩོན་འགྲུས་དཔེ་མེད་པ་བརྩམས་པ་དག་ཀྱང་གང་ཟག་ལ་བདག་མེད་པ་ཙམ་རྟོགས་པར་བྱ་བ་དང་། བདག་གི་དོན་ལ་ཞུགས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ནི་ཉོན་མོངས་པའི་ཕྱོགས་དང་མ་འདྲེས་པ་དང་། གང་ཟག་དང་
ཆོས་ལ་བདག་མེད་པ་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་དང་། བདག་དང་གཞན་གྱི་དོན་གྱི་ཕྱིར་ཞུགས་པ་མེད་པའི་ཕྱིར་ཞེས་བྱ་སྟེ། རྐང་པ་དང་པོ་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །གོ་ཆའི་བརྩོན་འགྲུས་དཔེ་མེད་པ་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་
Vol. 126 · folio 29b
སེམས་དཔའ་རྣམས་ཀྱི་གོ་ཆ་མི་ཟད་པ་གང་ཞེ་ན་གང་འདི་འཁོར་བ་ན་མི་སྐྱོ་བ་སྟེ། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོའོ། །བསྐལ་པ་འདི་སྙེད་ཅིག་ཏུ་མི་བགོའོ་ཞེས་བསྐལ་པ་བགྲང་བས་བྱང་ཆུབ་མི་ཚོལ་གྱི་བསམ་གྱིས་མི་ཁྱབ་པའི་གོ་ཆ་གྱོན་པར་བྱེད་དེ། གལ་ཏེ་ཉིན་ཞག་གཅིག་པ་
ཡང་འཁོར་བའི་སྔོན་གྱི་མཐའ་ཙམ་ལ་དེ་ལྟ་བུའི་ཉིན་ཞག་གིས་ཞག་བཅོ་ལྔ་ཞིང་ཟླ་བ་ཕྱེད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པའོ། །སྦྱོར་བའི་བརྩོན་འགྲུས་དཔེ་མེད་པ་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་གནོན་པ་མི་ཟད་པ་གང་ཞེ་ན།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་ཀྱང་འབོག་སྟེ་དེ་བཞིན་གཤེགས་པ་ལྟ་བར་མོས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་དང་གཞན་གྱི་ཉོན་མོངས་ཚོགས་འཇོམས་བྱང་ཆུབ་མཆོག་ཐོབ་པ། །ཞེས་བྱ་བ་ལ། འཕགས་པ་ཉན་ཐོས་
ལ་སོགས་པ་ནི་བདག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་འཇོམས་པར་བྱེད་ཅིང་། བདག་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཡང་འཇོམས་པར་བྱེད་ལ། གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་
ཡང་འཇོམས་པར་བྱེད་ཅིང་། བདག་ཉིད་ཀྱང་བྱང་ཆུབ་མཆོག་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་ལ། སེམས་ཅན་གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇོག་པར་བྱེད་དེ། དེ་ལྟར་བདག་གི་དོན་འབའ་ཞིག་ཏུ་མ་ཞུགས་ཀྱི་གཞན་གྱི་དོན་ལ་ཡང་ཞུགས་པས་རྐང་པ་གཉིས་
པ་འདིས་ནི་ཟང་ཟིང་མེད་པར་བསྟན་ཏེ། བདག་ལྟ་བུས་སྲེད་པས་ཡོངས་སུ་ཟིན་པ་དེ་དག་ནི་ཟང་ཟིང་དང་བཅས་པ་ཞེས་བྱའོ། །དེ་ལ་ཉོན་མོངས་ཚོགས་འཇོམས་ཞེས་བྱ་བས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན། བྱང་ཆུབ་མཆོག་ཐོབ་ཅེས་བྱ་བས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དེ་བསྟན་ཏེ། །བརྩོན་
འགྲུས་དེས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བའི་རྐང་པ་གསུམ་པས་དོན་ཆེ་བ་བསྟན་ཏོ། །ཤེས་པས་གཟུང་བའི་བརྩོན་འགྲུས་ཀྱིས་ནི་འཇིག་རྟེན་མི་ཟད་གཞག །ཅེས་བྱ་བའི་རྐང་པ་བཞི་པས་མི་ཟད་པ་བསྟན་ཏེ། ཤེས་པས་གཟུང་བའི་ཚིག་གིས་ནི་རྣམ་པར་མི་
Vol. 126 · folio 30a
རྟོག་པའི་ཡེ་ཤེས་དང་ལྡན་པ་བསྟན་ཏེ། འཇིག་རྟེན་མི་ཟད་གཞག་ཅེས་བྱ་བས་སྙིང་རྗེ་དང་ལྡན་པ་བསྟན་ཏེ། དེའི་དོན་ཀྱང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཀྱི་བརྩོན་འགྲུས་དེ་གང་ཞེ་ན། སེམས་ཀྱི་འགྲོ་བ་དང་སེམས་གནས་པ་སྟེ། དེ་ལ་སེམས་འགྲོ་བ་
གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ཀྱི་རྩོམ་པའོ། །དེ་ལ་སེམས་གནས་པ་གང་ཞེ་ན། གང་སེམས་ཀྱི་ཞི་བའོ། །དེ་ལ་སེམས་འགྲོ་བ་གང་ཞེ་ན། གང་སེམས་ཅན་ལ་སྙིང་རྗེ་བའོ། །སེམས་གནས་པ་གང་ཞེ་ན། གང་བདག་མེད་པ་ལ་བཟོད་པའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སངས་
རྒྱས་སྲས་རྣམས་ཏིང་འཛིན་མང་པོའི་བསམ་གཏན་ཀུན་དུ་བསྒྲུབས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་ལ་སོགས་པ་བསྒྲུབས་ཏེ། དེ་དག་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་དོན་ཏོ། །བསམ་
གཏན་དེ་དག་ཀྱང་ཅི་འདྲ་བ་ཞིག་ཅེ་ན། དེའང་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་ལ་སོགས་པ་དཔག་ཏུ་མེད་པ་དང་ལྡན་པའི་བསམ་གཏན་བསྒྲུབས་ཏེ། རྐང་པ་དང་པོ་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །དེ་བས་ན་མངོན་པའི་ཆོས་བསྡུས་པའི་བསྟན་བཅོས་ལས་ཀྱང་།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མིང་ཡང་མི་ཤེས་ཏེ། ཇི་ལྟར་བསམ་གཏན་དང་པོ་པ་དེ་བཞིན་དུ་བསམ་གཏན་གཉིས་པ་ལ་སོགས་པ་དང་གཟུགས་མེད་པ་རྣམས་
ཀྱིས་བསྡུས་པ་ཡང་དེ་དང་འདྲ་བར་བལྟའོ་ཞེས་བཤད་དོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་མི་ཟད་པ་ནི་རྣམ་པ་བཅུ་དྲུག་སྟེ། དེ་ནི་ཉན་ཐོས་དང་རང་སངས་
རྒྱས་ཐམས་ཅད་ལ་མེད་དོ་ཞེས་གསུངས་སོ། །ཡང་གསུངས་ཏེ། དེ་ལྟར་ཏིང་འཛིན་འདི་དག་མཐའ་ཡས་དཔག་མེད་དེ། །བསམ་གཏན་བྱེ་བ་ཕྲག་དག་བརྒྱ་ནི་ཕ་རོལ་སོང་། །ཞེས་བྱ་བ་གསུངས་སོ། །བསམ་གཏན་བདེ་བའི་མཆོག་སྤྱོད་སྙིང་རྗེས་སྐྱེ་བོར་ཐ་མར་གནས། །ཞེས་བྱ་བ་ལ།
Vol. 126 · folio 30b
གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་ན་ལུས་སིམ་པ་དང་། སེམས་བདེ་བའི་མཆོག་གི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་བདེ་བ་མཆོག་ཐོབ་ཀྱང་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་བདེ་བའི་མཆོག་ལ་མ་ཆགས་ཤིང་། གཟུགས་ཀྱི་ཁམས་སུ་མི་གནས་པར་སྙིང་རྗེའི་དབང་གིས་
ཁམས་གསུམ་དུ་སྐྱེ་བོ་མང་པོ་དང་ངན་སོང་གི་གནས་སུ་སེམས་ཅན་གྱི་དོན་དུ་སྐྱེ་བར་མཛད་དེ། རྐང་པ་གཉིས་པ་འདིས་ནི་བསམ་གཏན་གྱི་རོ་ལ་མ་ཆགས་པས་ཟང་ཟིང་མེད་པར་བསྟན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བདག་བདེ་བ་ལ་མ་ཆགས་པའི་ཕྱིར་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་རོ་མྱང་བའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སྙིང་རྗེ་ཆེན་པོ་ལ་དམིགས་པའོ། །འདོད་པའི་ཁམས་སུ་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་
ཏིང་ངེ་འཛིན་ཟློག་པའོ་ཞེས་གསུངས་སོ། །བསམ་གཏན་དེས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བ་ལ། བསམ་གཏན་གྱིས་མངོན་པར་ཤེས་པ་བསྒྲུབས་ནས་མངོན་པར་ཤེས་པས་སེམས་ཅན་བསྡུས་ཏེ། ཐེག་པ་གསུམ་གྱི་བྱང་ཆུབ་ལ་བཀོད་པས་ན། རྐང་པ་གསུམ་
པ་འདིས་དོན་ཆེ་བ་བསྟན་ཏོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་སེམས་ཅན་གྱི་བསམ་པ་སྔོན་དུ་འགྲོ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་པས་བཟུང་བའི་བསམ་གཏན་
གྱིས་ནི་འཇིག་རྟེན་མི་ཟད་གཞག །ཅེས་བྱ་བའི་རྐང་པ་བཞི་པས་མི་ཟད་པ་བསྟན་ཏེ། ཤེས་པས་བཟུང་ཞེས་བྱ་བས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པར་སྟོན་ཏེ། འཇིག་རྟེན་མི་ཟད་གཞག་ཅེས་བྱ་བའི་ཚིག་གིས་སྙིང་རྗེ་ཆེན་པོ་དང་ལྡན་པས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སྤྲུལ་
པའི་སྐུ་སེམས་ཅན་གྱི་དོན་བྱེད་པར་བསྟན་ཏོ། །འདི་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་བཤད་དེ། ཇི་ལྟ་ཞེ་ན། དེ་ལ་བསམ་གཏན་ཡོངས་སུ་སྦྱང་བ་གང་ཞེ་ན། གང་མངོན་པར་ཤེས་པ་དང་ཡེ་ཤེས་ཡོངས་སུ་རྫོགས་པའོ། །དེ་ལ་མངོན་པར་ཤེས་པ་ནི་གང་ཡེ་ཤེས་ནི་གང་
Vol. 126 · folio 31a
ཞེ་ན། གང་གིས་གཟུགས་སུ་སྣང་བ་ཐམས་ཅད་མཐོང་བ་འདི་ནི་མངོན་པར་ཤེས་པ་ཞེས་བྱའོ། །གང་གིས་གཟུགས་ཐམས་ཅད་ཀྱི་ཆོས་ཉིད་མི་ཟད་པར་ཤེས་ཀྱང་ཟད་པའི་ཆོས་མངོན་སུམ་དུ་མི་བྱེད་པ་འདིས་ནི་ཡེ་ཤེས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
སངས་རྒྱས་སྲས་རྣམས་དེ་ཉིད་ཤེས་བྱ་མ་ལུས་ཐམས་ཅད་ཤེས། །ཞེས་བྱ་བ་ལ། བདེན་པ་རྣམ་པ་གཉིས་ཏེ། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་དེ་ཉིད་ཅེས་བྱ་བས་དོན་དམ་པའི་བདེན་པ་སྟོན་ཏེ། དེའང་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་གང་ཟག་ལ་བདག་མེད་པ་
དང་། ཆོས་ལ་བདག་མེད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་དེ། དེའང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་ངོས་ལྟ་བུ་བཞིན་དུ་རྟོགས་སོ། །ཤེས་བྱའི་གནས་དེ་དང་དེ་དག་གི་ལྷ་དང་མི་དང་རིགས་ངན་དང་
གདོལ་པ་ལ་སོགས་པའི་མིང་སྐད་རྣམ་པ་སྣ་ཚོགས་པའི་ཐ་སྙད་རྣམས་རྣམ་པར་མི་རྟོག་པའི་རྗེས་ལ་རྒྱབ་ནས་ཐོབ་པས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཐ་སྙད་དེ་དག་ཐམས་ཅད་ཤེས་ཏེ། དེའང་སྒྱུ་མ་དང་སྨིག་རྒྱུ་དང་ཆུའི་ཟླ་བ་ལྟ་བུར་ཤེས་ནས་ཆོས་ཀྱི་མཚན་ཉིད་ལ་རྨོངས་པ་རྣམས་བསལ་བའི་
ཕྱིར། ཆོས་འདི་དག་ནི་ཟག་པ་ཅན་འདི་དག་ནི་ཟག་པ་མེད་པ་འདི་དག་ནི་འདུས་བྱས་འདི་དག་ནི་འདུས་མ་བྱས་ཞེས་འཇིག་རྟེན་ལ་ཐ་སྙད་དུ་གསུངས་ཏེ། དེ་ལྟར་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་ཐུགས་སུ་ཆུད་པས་ན་རྐང་པ་དང་པོ་འདིས་ནི་རྒྱ་ཆེ་བ་བསྟན་ཏོ། །འདིའི་དོན་
ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་དུ་འཇིག་རྟེན་གྱི་ཐ་སྙད་ཡི་གེ་དང་སྒྲ་དང་བརྡར་བསྟན་པའོ། །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གསུངས་པའོ། །མྱ་ངན་འདས་ལ་བློ་ཆགས་
མི་སྐྱེད་འཁོར་བར་ག་ལ་ཞིག །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཀ་ཡང་སྒྱུ་མའི་མཚན་ཉིད་དུ་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པའི་བདེ་བ་ཡང་སྒྱུ་མ་ལྟ་བུར་ཤེས་པའི་ཕྱིར། མྱ་ངན་ལས་འདས་པ་ལ་ཡང་ཆགས་པ་མི་སྐྱེད་ན།
Vol. 126 · folio 31b
སྒྱུ་མའི་མཚན་ཉིད་སྡུག་བསྔལ་གྱི་གནས་སུ་གྱུར་པའི་འཁོར་བའི་ཆོས་ལྟ་ག་ལ་ཞིག་ཆགས་པ་སྐྱེད་དེ། ཉན་ཐོས་ལྟར་མྱ་ངན་ལས་འདས་པ་ལ་ཆགས་པའི་སེམས་ཀྱང་མི་སྐྱེད་དེ། སོ་སོའི་སྐྱེ་བོ་ལྟར་འཁོར་བ་ལ་ཆགས་པའི་སེམས་ཀྱང་མི་སྐྱེད་དེ། གང་དུ་ཡང་མ་ཆགས་པས་ན།
རྐང་པ་གཉིས་པ་འདིས་ནི་ཟང་ཟིང་མེད་པ་བསྟན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཆོས་ཀྱི་དབྱིངས་དང་། འཁོར་བའི་ཁམས་དང་། མྱ་ངན་ལས་འདས་པའི་དབྱིངས་དེ་ནི་མཚུངས་སོ། །ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་དང་། ནམ་
མཁའི་ཁམས་དང་། ཆོས་ཐམས་ཅད་ཀྱི་ཁམས་ནི་མཚུངས་སོ། །ཅིའི་ཕྱིར་མཚུངས་ཤེ་ན། སྟོང་པ་ཉིད་དུ་མཚུངས་པས་ན་དེ་ནི་མཚུངས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་དེས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཅེས་བྱ་བའི་རྐང་པ་གསུམ་པས་
དོན་ཆེ་བ་བསྟན་ཏོ། །ཤེས་པས་བཟུང་བའི་ཤེས་རབ་ཀྱིས་ནི་འཇིག་རྟེན་མི་ཟད་གཞག །ཅེས་བྱ་བས་མི་ཟད་པ་བསྟན་ཏེ། ཤེས་པས་བཟུང་ཞེས་བྱ་བའི་ཚིག་གིས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟིན་པར་སྟོན། འཇིག་རྟེན་མི་ཟད་གཞག་ཅེས་བྱས་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་
པར་སྟོན་ཏེ། ཤེས་པས་ཟིན་པ་ནི་འཁོར་བར་མ་ལྟུང་བའི་ཕྱིར་སོ་སོའི་སྐྱེ་བོ་བཞིན་དུ་མི་ཟད་དོ། །སྙིང་རྗེ་ཆེན་པོས་ཟིན་པས་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་དབྱིངས་སུ་མི་ཟད་དེ། འདིའི་དོན་ཀྱང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། གཞན་ཡང་འདུས་བྱས་ལ་
མཁས་པ་རྣམས་ནི་གང་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བའི་ཕྱིར། བསྡུ་བའི་དངོས་པོ་བཞིར་སེམས་ཅན་སྡུད་པ་འདི་ནི་འདུས་བྱས་ལ་མཁས་པའོ། །གང་ལ་སེམས་ཅན་མེད་པ་དང་བདག་མེད་པས་མི་འཛིན་མི་ལེན་རེག་པར་མི་བྱེད་ཅིང་བསྡུ་བའི་
དངོས་པོ་ལ་མཁས་པ་དེ་ཡང་འདུས་མ་བྱས་ལ་མོས་པས་ཐམས་ཅད་མཁྱེན་པའི་ཕྱིར་བསྔོ་བ་འདི་ནི་འདུས་བྱས་ལ་མཁས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཡེ་ཤེས་ཀྱིས་སེམས་ཅན་ཡོངས་སུ་འཛིན་པ་ནི་སྙིང་རྗེས་སེམས་ཅན་མི་གཏོང་བའི་ཕྱིར་ཞེས་བྱ་བ་ལ། བྱང་ཆུབ་སེམས་
Vol. 126 · folio 32a
དཔའི་ཤེས་རབ་ཡེ་ཤེས་ཀྱིས་ཟིན་པས་མི་ཟད་པ་ཡང་ཡེ་ཤེས་དེ་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་མྱ་ངན་ལས་འདས་པ་ཕྱོགས་གཅིག་ཏུ་མི་ལྟུང་གི །སྤྲུལ་པའི་སྐུ་འཁོར་བའི་མཐའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཤེས་རབ་མི་ཟད་པར་རིག་པར་བྱའོ། །ཕ་རོལ་
ཏུ་ཕྱིན་པ་དྲུག་ལ་ཚིགས་སུ་བཅད་པ་དྲུག་གི་ཡོན་ཏན་བསྟན་པའི་དོན་ནི། རྒྱ་ཆེ་ཟང་ཟིང་མེད་པ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །སློང་བ་མཐོང་རྫོགས་དགའ་བ་དང་། །མི་དགའ་བ་དང་སེམས་རེ་དང་། །གཏོང་བ་སྙིང་རྗེ་ཅན་རྟག་པར། །ལྷག་པའི་ཚུལ་
གྱིས་ཟིལ་གྱིས་གནོན། །ཞེས་བྱ་བ་ལ། ཡང་འདི་མན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་རྣམ་པ་གཞན་དུ་འཆད་དེ། དེ་ལ་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་སྟོན་ཏོ། །དེ་ལ་སློང་བ་པོའི་གང་ཟག་རྣམས་གཏོང་བ་པོའི་གང་ཟག་མཐོང་ན་དགའ་བ་དང་། སློང་བ་པོའི་གང་
ཟག་ཀྱང་གཏོང་བ་པོ་ལས་བདག་གིས་ཡོ་བྱད་འདི་ལྟ་བུ་ཞིག་ཐོབ་པར་བྱའོ་ཞེས་བསམས་པ་ལས་གཏོང་བ་པོའི་གང་ཟག་ལས་ཅི་འདོད་པ་ཐོབ་སྟེ། བསམས་པ་ཡིད་བཞིན་དུ་རྫོགས་ན་དགའ་བ་དང་། སློང་བ་པོའི་གང་ཟག་དེ་གཏོང་བ་པོའི་གང་ཟག་མ་མཐོང་ན་མི་དགའ་བ་དང་། གང་
བསམས་པའི་བསམ་པ་མི་རྫོགས་ན་ཡང་མི་དགའ་བར་འགྱུར་རོ། །གཞན་ཡང་སློང་བ་པོ་དེ་གཏོང་བ་པོའི་གང་ཟག་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དང་། མཐོང་ནས་ཀྱང་བདག་གིས་གང་དང་གང་དུ་ཐོབ་པར་བྱ་བར་སེམས་པ་དེ་དང་དེ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སེམས་པ་ལས།
བསམ་པ་བཞིན་དུ་རེ་བ་རྫོགས་ན་དགའ། རེ་བ་མ་རྫོགས་ན་ནི་མི་དགའ་བ་སྐྱེའོ། །དེ་ལས་བཟློག་སྟེ་བྱང་ཆུབ་སེམས་དཔས་གཏོང་བ་པོས་སློང་བ་པོ་མཐོང་ན་དགའ་བ་སྐྱེ་ལ། སློང་བ་པོས་དངོས་པོ་གང་དང་གང་འདོད་པར་བསམས་པའི་དངོས་པོ་དང་དེ་དག་བཏང་སྟེ། སློང་བ་པོའི་བསམ་
པ་རྫོགས་ན་དགའ་བ་སྐྱེའོ། །དེ་བཞིན་དུ་གཏོང་བ་པོས་སློང་བ་པོ་མ་མཐོང་ན་མི་དགའ་ལ། དེའི་བསམ་པ་མ་རྫོགས་ན་མི་དགའ་བའོ། །གཞན་ཡང་གཏོང་བ་པོའི་བྱང་ཆུབ་སེམས་དཔའ་སློང་བ་པོ་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་རེ་བ་དང་། མཐོང་ནས་ཀྱང་དེའི་བསམ་པ་
Vol. 126 · folio 32b
རྫོགས་པར་བྱས་ཀྱང་ཅི་མ་རུང་སྙམ་དུ་རེ་བ་ལས་རེ་བ་རྫོགས་ན་ནི་དགའ་བར་འགྱུར་ལ་རེ་བ་མ་རྫོགས་ན་ནི་མི་དགའ་བར་འགྱུར་ཏེ། དེ་ལ་སློང་བ་པོས་གཏོང་བ་པོ་མཐོང་ན་དགའ་བ་དང་། བསམ་པ་རྫོགས་ན་དགའ་བ་དང་། སེམས་ཀྱི་རེ་བ་རྫོགས་ན་དགའ་བ་དང་། གཏོང་བ་པོ་བྱང་ཆུབ་
སེམས་དཔའི་སློང་བ་པོ་མཐོང་ན་དགའ་བ་དང་། དེའི་བསམ་པ་རྫོགས་ན་དགའ་བ་དང་། སེམས་ཀྱི་རེ་བ་བཞིན་དུ་གྲུབ་ན་དགའ་བ་དང་། སློང་བ་པོ་བས་གཏོང་བ་པོ་དགའ་བ་ལྷག་པར་ཆེ་སྟེ། དེ་བས་ན་གཏོང་བ་པོ་སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་སློང་བ་པོ་རྣམས་ཀྱིས་དགའ་
བ་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་སློང་བ་པོས་གཏོང་བ་པོ་མ་མཐོང་ན་མི་དགའ་བ་དང་། བདག་གི་བསམ་པ་མ་རྫོགས་ན་མི་དགའ་བ་དང་། སེམས་ཀྱི་རེ་བ་མ་རྫོགས་ན་མི་དགའ་བས་བྱང་ཆུབ་སེམས་དཔའ་གཏོང་བ་པོ་མ་མཐོང་ན་མི་དགའ་བ་དང་། དེའི་བསམ་པ་མ་རྫོགས་ན་མི་དགའ་
བ་དང་། རེ་བ་མ་རྫོགས་ན་མི་དགའ་བ་སློང་བ་པོ་བས་གཏོང་བ་པོ་ཆེ་སྟེ། དེས་ཀྱང་གཏོང་བ་པོ་སྙིང་རྗེ་ཅན་རྣམས་མི་དགའ་བའི་ཁྱད་པར་གྱིས་སློང་བ་པོའི་མི་དགའ་བ་ཟིལ་གྱིས་གནོན་ཏེ། ཚིགས་སུ་བཅད་པ་གཅིག་པོ་འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །
སྙིང་རྗེས་ལུས་དང་ལོངས་སྤྱོད་ཆུང་མ་དག །ནམ་ཞིག་སེམས་ཅན་དག་ལ་གཏོང་བྱེད་ཅིང་། །ཅི་དགར་རྗེས་སུ་ཡི་རང་དེ་ལས་འབྲལ་བར་ཅིར་མི་སྲུང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་བསྟན་ཏེ། ཚུལ་ཁྲིམས་རྣམ་པར་དག་
པ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་རྣམས་གཞན་གྱི་དོན་དུ་བདག་གི་ལུས་དང་སྲོག་ཀྱང་ཡོངས་སུ་བཏང་ནས་ཅི་དགར་རྗེས་སུ་ཡི་རང་སྟེ། སེམས་མཆོག་ཏུ་དགའ་བ་སྐྱེ་ན་སེམས་ཅན་གཞན་གྱི་
སྲོག་གཅོད་པ་ལས་བྲལ་བ་ཅིར་མི་སྲུང་སྟེ། བདག་གི་དོན་དུ་སེམས་ཅན་གཞན་གྱི་སྲོག་གཅོད་པ་ལྟ་ག་ལ་ཞིག་བྱེད་ཅེས་བྱ་བའི་དོན་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་བདག་གི་ལོངས་སྤྱོད་ཐམས་ཅད་ཀྱང་ཡོངས་སུ་བཏང་ནས་ཅི་
Vol. 126 · folio 33a
དགར་རྗེས་སུ་ཡི་རང་བ་སྐྱེ་སྟེ། མཆོག་ཏུ་དགའ་བའི་སེམས་སྐྱེ་ན་སེམས་ཅན་གྱི་ལོངས་སྤྱོད་ལས་བྲལ་བར་ཅིར་མི་སྲུང་སྟེ། གཞན་གྱི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ག་ལ་འདོད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་རྣམས་མ་འོངས་པ་ན་
ཚངས་པར་སྤྱོད་པའི་ཕྱིར་བདག་གི་ཆུང་མ་ཡང་གཞན་ལ་ཅི་དགར་བཏང་ནས་རྗེས་སུ་ཡི་རང་སྟེ། མཆོག་ཏུ་དགའ་བའི་སེམས་སྐྱེ་ན་གཞན་གྱི་ཆུང་མ་ལ་མི་ཚངས་པར་སྤྱོད་པ་ལས་བྲལ་བར་ཅིར་མི་སྲུང་སྟེ། གཞན་གྱི་ཆུང་མ་ལ་མི་ཚངས་པར་སྤྱོད་པར་ག་ལ་བྱེད་ཅེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དེས་
ནི་ལུས་ཀྱི་ཉེས་པ་གསུམ་སྤངས་པའི་ཡོན་ཏན་བསྟན་ཏོ། །མི་ལྟ་སེམས་མཉམ་འཇིགས་པ་མེད། །སྙིང་རྗེའི་རྒྱུད་ཀྱིས་ཀུན་གཏོང་ན། །འཕགས་པ་གཞན་ལ་གནོད་པའི་ཕྱིར། །ལོག་པའི་ཚིག་ནི་ག་ལ་སྨྲ། །ཞེས་བྱ་བས། ཚིག་གི་ཉེས་པ་བཞི་ཡོད་པ་ལས་ཚིགས་སུ་བཅད་པ་འདིས་བརྫུན་དུ་
སྨྲ་བའི་ཉེས་པ་བསྟན་ཏོ། །བརྫུན་དུ་སྨྲ་བ་ནི་ལུས་དང་སྲོག་ལ་ལྟ་སྟེ། ལུས་ཕངས་པ་དང་སྲོག་ཕངས་ན་ལུས་དང་སྲོག་མི་གཏང་བའི་ཕྱིར་བརྫུན་དུ་སྨྲ་བ་བགྲང་ན་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོག་ལ་མི་ལྟ་སྟེ། དེ་གཉིས་ཀ་ལ་ཕངས་པར་མི་འཛིན་ན་འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་
སེམས་ཅན་གཞན་ལ་གནོད་པར་བྱ་བའི་ཕྱིར། ལོག་པའི་ཚིག་ག་ལ་སྨྲ་སྟེ། བརྫུན་མི་སྨྲའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བརྫུན་དུ་སྨྲ་བ་ནི་ཉེ་དུ་གཉེན་བཤེས་ལ་སོགས་པ་ཁ་ཅིག་ལ་བྱམས་པས་དེ་དག་ལ་ཕན་གདགས་པའི་ཕྱིར་བརྫུན་སྨྲ་བའམ། དགྲ་ལ་སོགས་པ་ཁ་ཅིག་ལ་
ཞེ་སྡང་སྟེ་དེ་དག་ལ་གནོད་པའི་ཕྱིར་བརྫུན་དུ་སྨྲ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པའི་ཚེ་ན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ཏེ། བདག་དང་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་པས། དེ་ལ་བྱམས་པར་བྱ་བ་དང་། ཞེ་སྡང་བར་བྱ་བ་སུ་ཞིག་ཡོད་ན།
འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་གང་ལ་ཕན་པའི་ཕྱིར་བརྫུན་སྨྲ་ལ་སུ་ལ་གནོད་པར་བྱ་བའི་ཕྱིར་བརྫུན་སྨྲ་སྟེ། དེ་བས་ན་ལོག་པའི་ཚིག་བརྫུན་མི་སྨྲའོ་ཞེས་བྱ་བའི་དོན་ཏོ། །བརྫུན་སྨྲ་བ་ནི་རྒྱལ་པོའམ་རྐུན་པོའི་འཇིགས་པའམ། བུ་སྨད་དམ་ནོར་འཕྲོག་པ་ལ་སོགས་པའི་འཇིགས་
Vol. 126 · folio 33b
པས་བརྫུན་སྨྲ་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་ཞུགས་ཕན་ཆད་འཇིགས་པ་ལྔ་དང་བྲལ་ཏེ། འཇིགས་པ་ལྔ་མེད་ན་འཕགས་པ་བྱང་ཆུབ་སེམས་དཔའ་གཞན་ལ་གནོད་པར་བྱ་བའི་ཕྱིར་ལོག་པའི་ཚིག་བརྫུན་ག་ལ་སྨྲ་སྟེ་མི་སྨྲ་བའོ་ཞེས་བྱ་བའི་དོན་ཏོ། །བརྫུན་སྨྲ་བ་ནི་
རྙེད་པའི་ཕྱིར་ཏེ། བཟའ་བ་དང་བགོ་བ་ལ་སོགས་པའི་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་བརྫུན་སྨྲ་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་ནི་བདག་ལ་ཡོད་པའི་ཕྱིར་ནང་གི་དངོས་པོ་ཀུན་ཡང་གཏོང་བར་བྱེད་པ་ཡིན་ན་ཅུང་ཟད་ཀྱི་ཕྱིར་རམ། གཞན་ལ་གནོད་པར་བྱ་བའི་ཕྱིར་བརྫུན་གྱི་ཚིག་
ག་ལ་སྨྲ་སྟེ་མི་སྨྲའོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་ཅན་ནི་བདག་ལ་ཕན་འདོད་པ། །གཞན་དག་སྡུག་བསྔལ་སྐྱེ་བར་ཤིན་ཏུ་འཇིགས། །སེམས་ཅན་གདུལ་ལ་རབ་ཏུ་བརྩོན་འགྱུར་ལ། །ངག་གི་ཉེས་གསུམ་ལས་ནི་ཤིན་དུ་རིང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ཕྲ་མ་དང་། ཚིག་རྩུབ་པོ་དང་།
ཚིག་འཁྱལ་པ་གསུམ་སྤངས་པའི་ཡོན་ཏན་སྟོན་ཏེ། ཕྲ་མ་སྨྲ་བ་ནི་འགའ་ཞིག་ལ་ཕན་གདགས་འགའ་ཞིག་ལ་གནོད་པ་བྱ་བའི་ཕྱིར་དབྱེན་གྱི་ཚིག་ཕྲ་མ་སྨྲ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་རྣམས་ནི་བདག་དང་སེམས་ཅན་མཉམ་པར་ཐུགས་སུ་ཆུད་པ་དང་། མཛའ་བ་དང་དགྲ་མཉམ་པར་
ཐུགས་སུ་ཆུད་པས་མཚུངས་པ་ཁོ་ནར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བཞེད་པ་ཡིན་ན། སེམས་ཅན་གཞན་ལ་གནོད་པར་བྱ་བའི་ཕྱིར། སེམས་ཅན་དབྱེ་བར་འགྱུར་བའི་ཕྲ་མའི་ཚིག་ག་ལ་སྨྲ་སྟེ་མི་སྨྲའོ། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་རྣམས་ནི་སེམས་ཅན་སྡུག་བསྔལ་བར་གྱུར་ན་
མ་ལེགས་སོ་སྙམ་དུ་ཐུགས་མི་དགྱེས་ཤིང་འཇིགས་པར་དགོངས་པ་ཡིན་ན་བདག་ཉིད་ཀྱིས་སེམས་ཅན་གྱི་སེམས་དང་། ལུས་ལ་གནོད་པར་འགྱུར་བའི་ཚིག་ག་ལ་ཞིག་སྨྲ་སྟེ་མི་སྨྲའོ། །བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་རྣམས་ནི་སེམས་ཅན་གྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་
མོངས་པ་གདུལ་བར་བྱ་བ་ལ་བརྩོན་པ་ཡིན་ན། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བདག་ཉིད་བདག་དང་གཞན་ཉོན་མོངས་པ་སྐྱེ་བར་འགྱུར་བའི་རྒྱུ། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་ཚིག་འཁྱལ་པ་ག་ལ་ཞིག་སྨྲ་སྟེ། དེ་བས་ན་ངག་གི་ཉེས་པ་གསུམ་ནི་བྱང་ཆུབ་སེམས་དཔའ་རྣམས་
Vol. 126 · folio 34a
ལ་ཤིན་ཏུ་ཐག་རིང་སྟེ་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་གཏོང་བའི་སྙིང་རྗེ་ཅན། །རྟེན་འབྱུང་ཆོས་ལ་ཤིན་ཏུ་མཁས། །ཡིད་ཀྱི་ཉོན་མོངས་རྣམ་པ་ཀུན། །དེས་ནི་དང་དུ་ག་ལ་ལེན། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདིས་ཡིད་ཀྱི་ཉེས་པ་གསུམ་སྤངས་པའི་ཡོན་ཏན་
བསྟན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ནི་འདོད་ཆགས་དང་བྲལ་བ་ཡིན་པས་ཕྱིའི་དངོས་པོ་བདག་ལ་ཡོད་པ་རྣམས་ཀྱང་ཡོངས་སུ་གཏོང་བ་དང་། ནང་གི་དངོས་པོ་མགོ་དང་རྐང་ལག་ལ་སོགས་པ་ཡང་ཡོངས་སུ་གཏོང་ན་ཡིད་ཀྱི་ཉོན་མོངས་པ་ཆགས་སེམས་ཀྱིས་སེམས་ཅན་ལ་གནོད་པའི་ནོར་དང་ཆུང་མ་ལ་
སོགས་པ་ལ་ཆགས་པའི་སེམས་དང་དུཿཁ་ལ་ལེན་ཏེ། ཆགས་སེམས་ཅུང་ཟད་ཀྱང་སྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཞེ་སྡང་དང་བྲལ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྙིང་རྗེ་དང་ལྡན་པ་ཡིན་ནོ། །ཡིད་ཀྱི་ཉོན་མོངས་པ་གནོད་སེམས་
ཀྱི་སེམས་ཅན་གཞན་དག་ལ་བརྡེག་པ་དང་གསད་པར་བྱའོ་སྙམ་དུ་སེམས་པའི་ཞེ་སྡང་གི་སེམས་དང་དུཿཁ་ལ་ལེན་ཏེ། དེ་ལྟ་བུའི་སེམས་སྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ནི་གཏི་མུག་དང་བྲལ་བས་ཕྱི་ནང་གི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་མཚན་ཉིད་ཡིན་
པར་རབ་ཏུ་མཁས་པ་ཡིན་ན། ཆོས་རྣམས་དབང་ཕྱུག་དང་བྱེད་པ་པོ་ལ་སོགས་པས་བྱས་སོ་ཞེས་ཡིད་ཀྱི་ཉོན་མོངས་པ་ལོག་པའི་ལྟ་བ་དང་དུཿཁ་ལ་ལེན་ཏེ། ལོག་པའི་ལྟ་བ་ཅུང་ཟད་ཀྱང་མི་མངའོ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ངན་པའི་གཉེན་པོ་ཆོས་ཀྱི་ཁྱད་པར་དང་ལྡན་པས་ཞེས་བྱ་བ་ལ་
སོགས་པ་ལ། ཚུལ་ཁྲིམས་ངན་པ་ནི་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་མི་དགེ་བ་གསུམ་དང་། བརྫུན་ལ་སོགས་པ་ངག་གི་ཉེས་པ་བཞི་དང་། ཆགས་སེམས་ལ་སོགས་པ་ཡིད་ཀྱི་ཉེས་པ་རྣམ་པ་གསུམ་རྣམས་ཏེ། དེ་དག་གི་གཉེན་པོ་ཆོས་ཀྱི་ཁྱད་པར་ནི་ཕྱི་ནང་གི་དངོས་པོ་ཀུན་གཏོང་བ་ནས་
རྟེན་འབྲེལ་གྱི་ཆོས་ལ་མཁས་པའི་བར་དུ་སྟེ། གཉེན་པོ་དེ་དག་དང་ལྡན་པས་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པ་བསྟན་ཏོ། །ནམ་ཞིག་སྙིང་རྗེ་ཅན་གནོད་དང་། །གཞན་ལ་ཕན་པའི་སྡུག་བསྔལ་ལ། །རྟག་ཕན་འདུ་ཤེས་དགའ་ཐོབ་ན། །དེ་ནི་ག་ལས་
Vol. 126 · folio 34b
ཅི་ཞིག་བཟོད། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདིས་བཟོད་པའི་ཡོན་ཏན་བསྟན་ཏེ། གདོད་བཟོད་པ་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་བརྡེག་པ་དང་འཚོག་པ་ལ་སོགས་པའི་གནོད་པ་བྱས་པ་ལ་མི་འཁྲུག་ཅིང་ཉམས་སུ་བླངས་ན་གདོད་བཟོད་པ་ཞེས་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་རྣམས་
ནི་སེམས་ཅན་གཞན་གྱིས་བརྡེག་པ་དང་གསད་པ་ལ་སོགས་པའི་གནོད་པ་བྱས་ན་སེམས་ཅན་འདིས་བདག་ལ་གནོད་པ་བྱས་པས་འདི་ནི་དགྲ་ཡིན་ནོ་སྙམ་པའི་འདུ་ཤེས་མི་འབྱུང་གི །གནོད་པ་བྱེད་པ་རྣམས་ལ་འདིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་རྫོགས་པར་འགྱུར་བའི་གྲོགས་བྱས་པས་ན་འདིས་ནི་
བདག་ལ་ཕན་བཏགས་སོ་ཞེས་དགྲ་ལ་ཕན་བཏགས་པའི་འདུ་ཤེས་འབྱུང་སྟེ། གང་ལ་ཡང་དགྲའི་འདུ་ཤེས་མི་འབྱུང་ན། བྱང་ཆུབ་སེམས་དཔའ་དེ་དགྲ་གང་ཞིག་ལ་བཟོད་པར་བྱས་པ་ཡོད་དེ། གང་ལས་ཀྱང་བཟོད་པར་བྱས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གནོད་པ་ལ་ཇི་མི་སྙམ་པའི་
བཟོད་པ་བསྟན་ཏོ། །གཞན་ཡང་བཟོད་པ་ཞེས་བྱ་བ་ནི་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་བླངས་ནས་གདོད་བཟོད་པ་ཞེས་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔའ་གཞན་ལ་ཕན་པ་དང་བདེ་བའི་དོན་དུ་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་བྱུང་བ་
རྣམས་ལ་སྡུག་བསྔལ་གྱི་འདུ་ཤེས་མི་འབྱུང་གི་སྡུག་བསྔལ་འདི་གཉིས་ཀྱིས་དགའ་བ་དང་བདེ་བར་ཤེས་ཏེ། དེས་སྡུག་བསྔལ་ཇི་ཞིག་ཉམས་སུ་བླངས་ནས་བྱང་ཆུབ་སེམས་དཔའ་དེ་ལ་བཟོད་པ་ལ་གནས་པ་ཞེས་བྱ་སྟེ། དེ་ལ་སྡུག་བསྔལ་གང་ཡང་མེད་པས་ན་བཟོད་པར་བྱས་པ་ཅུང་ཟད་ཀྱང་མེད་དོ་
ཞེས་བྱ་བའི་དོན་ཏོ། །གནོད་པར་བྱེད་པ་ལ་ཡང་བཟོད་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། བཟོད་པ་ཞེས་བྱ་བ་ལ་གནོད་པར་བྱེད་པ་ཉམས་སུ་བླངས་ན་བཟོད་པ་ཞེས་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་གྱིས་གནོད་པར་བྱས་པ་རྣམས་ལ། སེམས་ཅན་འདི་དག་གིས་ནི་
བཟོད་པའི་ཚོགས་རྫོགས་པར་འགྱུར་བའི་གྲོགས་བྱས་པས་བདག་ལ་ཕན་འདོགས་སོ་སྙམ་པའི་འདུ་ཤེས་འབྱུང་ན། དེས་དགྲ་གང་ཞིག་ལ་བཟོད་པར་བྱས་པ་ཡོད། གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་བླངས་ན་བཟོད་པ་ཞེས་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔའ་སེམས་ཅན་
Vol. 126 · folio 35a
གྱི་དོན་དུ་སྡུག་བསྔལ་བྱུང་བ་རྣམས་དེ་ལ་སྡུག་བསྔལ་བར་མི་འགྱུར་གྱི། དགའ་ཞིང་བདེ་བར་འགྱུར་ན་དེས་སྡུག་བསྔལ་གང་ཞིག་ལས་བཟོད་པར་བྱ་ཞེས་བྱ་བའི་དོན་ཏོ། །གཞན་ལ་གཞན་པའི་འདུ་ཤེས་བྲལ། །བདག་པས་ལྷག་པར་གཞན་རྟག་བྱམས། །དཀའ་སྤྱོད་སྙིང་
རྗེ་ལྡན་པ་ཡི། །བརྩོན་འགྲུས་མི་དཀའ་ཤིན་ཏུ་དཀའ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་གཞན་གྱི་དོན་གྱི་ཕྱིར་དཀའ་བ་སྤྱོད་པ་རྣམས་མི་དཀའ་བ་ཡིན། དཀའ་བ་ཡང་ཡིན་པའི་བརྩོན་འགྲུས་ཀྱི་ཡོན་ཏན་སྟོན་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་གཞན་གྱི་
དོན་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་བའི་དཀའ་བར་སྤྱོད་པ་རྣམས་མི་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་ལ་གཞན་པའི་འདུ་ཤེས་མེད་དེ་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པས་བདག་དང་གཞན་དུ་ཐ་དད་པར་འདུ་ཤེས་པ་མེད་དེ། དེ་བས་ན་གཞན་གྱི་དོན་དུ་དཀའ་བ་
སྤྱོད་པའི་བརྩོན་འགྲུས་དེ་མི་དཀའ་བ་ཡིན་ནོ། །གཞན་ལ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་པས་ལྷག་པར་སེམས་ཅན་གཞན་ལ་བྱམས་ཤིང་སྡུག་པ་དང་ཕངས་པར་བྱེད་དེ། དེ་བས་ན་གཞན་གྱི་དོན་དུ་དཀའ་བར་སྤྱོད་པའི་བརྩོན་འགྲུས་རྣམས་ཀྱིས་དཀའ་བ་ཡང་ཡིན་ནོ། །དེའི་དོན་
ཀྱང་སྒྲུབ་པ་བཤད་པའི་སྐབས་སུ། གཞན་དང་བདག་ཏུ་མཉམ་པའི་སེམས་རྙེད་པ། །ཡང་ན་བདག་པས་གཞན་མཆོག་སྡུག་བྱེད་པ། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །བདག་གི་དོན་གང་གཞན་གྱི་དོན་ཀྱང་གང་། །ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་དོན་ཕྱིར། །དེ་བཞིན་
བདག་ལ་སྡུག་བསྔལ་གདུང་བྱེད་ལྟར། །དེ་ལྟར་འཇིག་རྟེན་པ་དག་དགྲ་དག་ལ། །གདུང་བར་བྱ་ཕྱིར་སྙིང་བརྩེ་ཡོད་མ་ཡིན། །ཞེས་བཤད་དོ། །དེ་ལྟ་མོད་ཀྱི་ཤིན་ཏུ་དཀའ་བར་སྤྱོད་པ་ཡང་ཡིན་ཏེ། ཇི་ལྟ་ཞེ་ན། གཞན་ལ་གཞན་པའི་འདུ་ཤེས་མི་སྐྱེད་པར་གཞན་གང་ཡིན་པ་དེ་ཉིད་བདག་
ཡིན་ནོ་ཞེས་སེམས་པ་ཡང་དཀའ་བ་དང་། བདག་པས་ཀྱང་གཞན་ལ་བྱམས་པ་དང་སྡུག་པར་འདུ་ཤེས་འབྱུང་བ་རྙེད་དཀའ་བ་སྟེ། དེ་བས་ན་དཀའ་བར་སྤྱོད་པ་ཡང་ཡིན་ནོ། །བདེ་བ་ཆུང་དང་བདག་ཉིད་བདེ། །ཞན་ཉམས་ཞན་དང་མྱོས་ལྡན་པ། །བསམ་གཏན་རྣམ་པ་གསུམ་དུ་ཤེས། །
Vol. 126 · folio 35b
བྱང་ཆུབ་སེམས་དཔའི་བཟློག་པའོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་བསམ་གཏན་གྱི་ཡོན་ཏན་བསྟན་ཏེ། བསམ་གཏན་གསུམ་ནི་འཇིག་རྟེན་པའི་བསམ་གཏན་དང་། ཉན་ཐོས་ཀྱི་བསམ་གཏན་དང་། རང་སངས་རྒྱས་ཀྱི་བསམ་གཏན་ནོ། །དེ་ལ་འཇིག་རྟེན་པ་རྣམས་ཀྱི་བསམ་གཏན་ནི་བདེ་
བ་ཆུང་བ་སྟེ། ཟག་པ་ཅན་གྱི་བདེ་བ་ཙམ་ཡོད་པར་ཟད་ཀྱི་ཟག་པ་མེད་པའི་བདེ་བ་མེད་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་ནི་བདག་ཉིད་བདེ་བ་སྟེ། ཟག་པ་མེད་པའི་བསམ་གཏན་གྱིས་བདག་གི་རྒྱུད་ཙམ་སིམ་པར་བྱེད་པར་ཟད་ཀྱི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སིམ་
པར་མི་བྱེད་པའི་ཕྱིར་རོ། །འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་རྣམས་ཞེན་པ་ཅན་ཞེས་བྱ་སྟེ། འཇིག་ཚོགས་སུ་ལྟ་བ་ཡོད་པས་འཁོར་བར་ཞེན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་དང་མི་ལྡན་པས་མྱ་ངན་ལས་འདས་པ་འབའ་ཞིག་གི་
ཕྱོགས་སུ་ཞེན་པའི་ཕྱིར་རོ། །འཇིག་རྟེན་པའི་བསམ་གཏན་ནི་ཉམས་པ་ཞེས་བྱ་སྟེ། འཆི་འཕོས་ནས་མེད་པར་འགྱུར་བའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་ནི་ཟད་པ་ཞེས་བྱ་སྟེ། ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་མཐར་ཐུག་སྟེ་མེད་
པར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་ལྡན་པས་ན་མྱོང་བ་དང་ལྡན་པ་ཞེས་བྱ་སྟེ། གང་ཟག་ལ་བདག་མེད་པར་མ་རྟོགས་པ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པའོ། །ཆོས་ལ་བདག་མེད་པར་
མ་རྟོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་སྟེ། འཇིག་རྟེན་པའི་བསམ་གཏན་ལ་ནི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ཀ་དང་ལྡན་པས་ན་མྱོས་པ་ཅན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་ལ། ཉོན་མོངས་པ་ཅན་གྱི་མ་རིག་
པ་མེད་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་པས་མྱོས་པ་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་དེ་ལས་བཟློག་སྟེ། ཐེག་པ་ཆེན་པོའི་བསམ་གཏན་དཔག་ཏུ་མེད་པ་དང་ལྡན་པས་བདེ་བ་མང་བ་དང་། ཉན་ཐོས་ལྟར་བདག་གི་དོན་དུ་ཞུགས་པ་མ་ཡིན་
Vol. 126 · folio 36a
གྱི། བདག་དང་གཞན་གྱི་དོན་དུ་ཞུགས་པས་བདག་དང་གཞན་ལ་བདེ་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་བ་ལ་མི་གནས་པ་དང་། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་ཞེན་པ་མེད་པ་དང་ཤི་འཕོས་ནས་མེད་པར་འགྱུར་བ་མ་ཡིན་གྱི།
ཚེ་རབས་ཐམས་ཅད་དུ་འབྱུང་བས་ཉམས་པར་མི་བྱེད་པ་དང་། ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་ཞུགས་ཀྱང་རྒྱུན་མི་ཟད་པར་འབྱུང་བས་མི་ཟད་པ་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་མེད་པས་རྨོངས་
པ་དང་མི་ལྡན་པའོ། །ཇི་ལྟར་མཚན་མོ་ལག་ཚོད་པ། །ཁེབས་སྒྲོན་དེ་བཞིན་ཤེས་པ་གསུམ། །སྙིང་རྗེ་ཅན་གྱི་ཤེས་པ་ནི། །ཉི་མའི་ཟེར་བཞིན་མཚུངས་པ་མེད། །ཅེས་བྱ་བས་ཤེས་རབ་ཀྱི་ཡོན་ཏན་བསྟན་ཏེ། དེ་ལ་འཇིག་རྟེན་པའི་ཤེས་རབ་དང་། ཉན་ཐོས་ཀྱི་ཤེས་རབ་དང་། རང་སངས་རྒྱས་
ཀྱི་ཤེས་རབ་གསུམ་ནི་མཚན་མོ་ལག་ཚོད་ཀྱིས་ནོམ་པ་དང་། ཁང་བུའམ། ཕུག་ཏུ་མར་མེ་བུས་པ་དང་འདྲ་བར་སྟོན་ཏེ། འདི་ལྟར་འགའ་ཞིག་མཚན་མོ་མུན་པ་སྟུག་པོའི་ནང་ན་ལག་པས་བསྣམས་པ་དང་། བུམ་པའམ་སྣམ་བུ་ལ་སོགས་པ་དངོས་པོ་འགའ་ཞིག་ལ་རེག་ནས་ལུས་ཀྱི་རྣམ་པར་ཤེས་པ་
སྐྱེའོ། །དེའི་རྗེས་ལ་སྔོན་བུམ་པ་མཐོང་བ་མ་བརྗེད་པའི་དྲན་པ་སྐྱེ་སྟེ། དེ་ནས་དྲན་པ་དེས་འདི་ལྟ་བུའི་བུམ་པ་ཞིག་ཅེའམ། སྣམ་བུ་ཞིག་ཡིན་ནོ་ཞེས་རྗེས་སུ་དཔོག་སྟེ། དེའི་ཚེ་དངོས་པོ་གང་ལ་རེག་པ་དེ་ཙམ་ཞིག་ཤེས་པས་ན་སྤྱོད་ཡུལ་ཆུང་བའོ། །བུམ་པ་ལ་སོགས་པ་མིག་གིས་མ་མཐོང་བས་
ན་མངོན་སུམ་མ་ཡིན་པའོ། །བུམ་པའི་ཁ་དོག་སྔོན་པོ་དང་དམར་པོ་ལ་སོགས་པ་མ་བཅད་པས་ན་མི་གསལ་བ་ཞེས་བྱ་སྟེ། ཁ་དོག་མ་བཅད་པ་ཡང་མུན་པས་བསྒྲིབས་པས་ན་མ་བཅད་དོ། །དེ་དང་འདྲ་བར་འཇིག་རྟེན་པའི་ཉན་པ་དང་སེམས་པ་དང་སྒོམ་པའི་ཤེས་རབ་ཀྱང་དེ་ལྟ་བུར་བལྟ་སྟེ།
ཉན་པའི་དུས་ན་གང་ཐོས་པའི་ཆོས་ཙམ་ལས་མི་ཤེས་པས་སྤྱོད་ཡུལ་ཆུང་བའོ། །སེམས་པའི་དུས་ན་ཡང་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་དོན་ལ་རྗེས་སུ་དཔོག་པ་ཙམ་དུ་ཟད་ཀྱི། མི་རྟག་པ་ལ་སོགས་པའི་དོན་མངོན་སུམ་དུ་མ་མཐོང་བས་ན་མངོན་སུམ་མ་ཡིན་པའོ། །སྒོམ་
Vol. 126 · folio 36b
པའི་དུས་ན་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་མུན་པ་ཆེན་པོས་བསྒྲིབས་བཞིན་དུ་བསྒོམ་པས་ན་མི་གསལ་བ་ཞེས་བྱའོ། །ཇི་ལྟར་ཕུག་གམ་ཁང་བུར་སྒྲོན་མ་བུས་ན་གང་དུ་བུས་པའི་གནས་ཉི་ཚེ་ཙམ་གྱི་མུན་པ་བསལ་ནས་དེ་ཉི་ཚེ་ཙམ་དུ་སྣང་བར་བྱེད་པ་དང་འདྲ་བར་ཉན་ཐོས་དང་རང་སངས་རྒྱས་རྣམས་
ཀྱི་ཤེས་རབ་ཀྱིས་ཀྱང་། བདག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་སྒྲིབ་པ་ཙམ་ཉི་ཚེ་ཙམ་བསལ་ནས་བདག་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཙམ་བདག་མེད་པར་ཡེ་ཤེས་ཀྱིས་ཤེས་ཤིང་སྣང་བར་བྱེད་པས་ན་ཁེབས་སྒྲོན་དང་འདྲའོ། །དཔེར་ན་ཉི་མ་ཤར་ན་འོད་ཟེར་དཔག་ཏུ་མེད་པ་དང་འཇིག་རྟེན་གྱི་ཁམས་ཀྱི་
མུན་པ་ཀུན་སེལ་བ་དང་། སྣང་བར་བྱ་བའི་གནས་ཐམས་ཅད་དུ་འོད་ཟེར་གྱིས་སྣང་བར་བྱེད་པ་དང་འདྲ་བར་བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཤེས་པ་དཔག་ཏུ་མེད་པ་དང་ལྡན་པ་དང་། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཀུན་སེལ་བ་དང་། ཀུན་རྫོབ་དང་དོན་དམ་པའི་ཆོས་ལ་སོགས་པ་ཇི་སྙེད་ཤེས་པར་བྱ་བ་
མ་ལུས་པར་ཤེས་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འབྱུང་བས་ན་ཉི་མ་ཤར་བ་དང་འདྲའོ། །གཞན་ཡང་འདི་མན་ཆད་ཚིགས་སུ་བཅད་པ་དྲུག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཕ་རོལ་ཏུ་སྦྱིན་པ་དང་། མཆོག་དང་། དམ་པ་དང་། ཡོན་ཏན་ཅན་ཡིན་པར་སྟོན་ཏེ། དེའི་ཕྱིར། གཞི་དང་དངོས་པོ་མཚན་མ་དང་། །
བསྔོ་དང་རྒྱུ་དང་ཡེ་ཤེས་དང་། །གཞི་དང་གནས་པ་བདག་གིས་ཀྱང་། །སྦྱིན་པ་མཆོག་ཏུ་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མཆོག་རྣམ་པ་བརྒྱད་དང་ལྡན་པས་ཕྱིན་པ་མཆོག་ཅེས་བྱའོ། །མཆོག་རྣམ་པ་བརྒྱད་ནི་གཞི་མཆོག་དང་། དངོས་པོ་མཆོག་དང་། མཚན་མ་
མཆོག་དང་། བསྔོ་བ་མཆོག་དང་། རྒྱུ་མཆོག་དང་། ཡེ་ཤེས་མཆོག་དང་། ཞིང་མཆོག་དང་། གནས་པ་མཆོག་གོ། །དེ་ལ་གཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ལ་གཞི་ནི་གཏོང་བ་པོ་ལ་བྱ་སྟེ། གཏོང་བ་པོ་དང་། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ལྟ་བུ་མ་
ཡིན་གྱི། བྱང་ཆུབ་སེམས་དཔའ་ལ་བཏང་བས་གཞི་མཆོག་གོ། །དངོས་པོ་ནི་ཟང་ཟིང་གི་སྦྱིན་པའི་ནང་ནས་ནང་གི་དངོས་པོ་མཆོག་གོ་ཞེས་བྱ་བ་ལ། སྦྱིན་པའི་དངོས་པོ་ཡང་རྣམ་པ་གསུམ་སྟེ། ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པ་དང་། ཆོས་སྦྱིན་པའོ། །ཟང་ཟིང་སྦྱིན་པ་ལ་ཡང་རྣམ་པ་
Vol. 126 · folio 37a
གཉིས་ཏེ། ནོར་དང་འབྲུ་ལ་སོགས་པ་ཕྱིའི་དངོས་པོ་གཏོང་བ་དང་། མགོ་དང་རྐང་ལག་ལ་སོགས་པ་ནང་གི་དངོས་པོ་གཏོང་བའོ། །དེ་ལ་ཡང་ནང་གི་དངོས་པོ་མགོ་དང་རྐང་ལག་ལ་སོགས་པ་གཏོང་བ་ནི་ཟང་ཟིང་གི་སྦྱིན་པའི་ནང་ནས་མཆོག་གོ། །ངན་སོང་དང་
འཁོར་བར་འཇིགས་པ་མེད་པའི་སྦྱིན་པ་དེ་འཇིགས་པ་མེད་པའོ་ཞེས་བྱ་བ་ལ། མི་འཇིགས་པ་སྦྱིན་པ་ལ་ཡང་རྣམ་པ་གཉིས་ཏེ། འཕྲལ་དུ་མི་འཇིགས་པ་སྦྱིན་པ་དང་། ཡུན་དུ་མི་འཇིགས་པ་སྦྱིན་པའོ། །འཕྲལ་དུ་མི་འཇིགས་པ་སྦྱིན་པ་ནི་རྒྱལ་པོ་དང་རྐུན་པོ་དང་མེ་དང་ཆུ་ལ་སོགས་པས་
འཇིགས་པའི་སྐྱབས་བྱེད་པའོ། །ཡུན་དུ་མི་འཇིགས་པ་སྦྱིན་པ་ནི་ངན་སོང་དུ་སྐྱེ་བའི་འཇིགས་པ་འཁོར་བར་སྐྱེ་བའི་འཇིགས་པ་སྟེ། དེ་གཉིས་སུ་མི་སྐྱེ་བར་སྐྱབས་བྱས་པས་ནི་ཡུན་དུ་མི་འཇིགས་པ་སྦྱིན་པ་སྟེ། ངན་སོང་དང་འཁོར་བར་སྐྱེ་བའི་འཇིགས་པ་མེད་པ་བྱིན་ན་མི་འཇིགས་པ་སྦྱིན་པའི་མཆོག་གོ། །
དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་འཕགས་པའི་བདེན་པ་མཐོང་བ་སྐྱེད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའམ། ས་དང་པོ་ལ་བཀོད་ན་ངན་སོང་གི་འཇིགས་པ་ལས་སྐྱབས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་བདེན་པ་མཐོང་བ་རྣམས་འཇིགས་པ་ལྔ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །རྒྱུན་
དུ་ཞུགས་པ་དང་། ས་དང་པོ་ལ་ཞུགས་པ་རྣམས་དགྲ་བཅོམ་པའི་འབྲས་བུ་ལ་གཞག་པའམ། སངས་རྒྱས་ལ་བཀོད་པ་ནི་འཁོར་བའི་འཇིགས་པ་ལས་སྐྱབས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཕན་ཆད་ཉོན་མོངས་པའི་དབང་གིས་མི་སྐྱེ་བའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་ཐེག་པ་ཆེན་པོའོ་
ཞེས་བྱ་བ་ལ། ཆོས་ཀྱི་སྦྱིན་པ་ལ་ཡང་འཇིག་རྟེན་གྱི་གཙུག་ལག་དང་སྨན་དཔྱད་དང་། བྱད་དང་གཏར་ཀ་སྦྱིན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་སྦྱིན་པ་ཡང་ཡོད་མོད་ཀྱི། ཐེག་པ་ཆེན་པོའི་ཆོས་བཤད་དེ་བྱིན་ན་ཆོས་སྦྱིན་པའི་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཚན་མ་སྙིང་
རྗེའོ་ཞེས་བྱ་བ་ལ། མཚན་མ་དང་རྒྱུ་དག་ཅེས་བྱ་བ་དོན་གཅིག་སྟེ། ཚེ་འདིར་སྦྱིན་པ་ཡོངས་སུ་གཏོང་བར་བྱེད་པའི་མཚན་མ་ནི་སྙིང་རྗེ་སྟེ། སེམས་ཅན་ཡོ་བྱད་ཀྱིས་ཕོངས་ཏེ་སྡུག་བསྔལ་བ་རྣམས་མཐོང་ནས་སྙིང་རྗེའི་དབང་གིས་གཏོང་བར་བྱེད་དེ། སྙིང་རྗེའི་རྒྱུས་གཏོང་བས་ན་
Vol. 126 · folio 37b
མཚན་མ་མཆོག་ཅེས་བྱའོ། །བསྔོ་བ་དེས་བྱང་ཆུབ་ཆེན་པོའི་འབྲས་བུར་འདོད་པའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་ཡོངས་སུ་བཏང་བ་ཡང་ལྷ་དང་མི་ལ་སོགས་པའི་ལོངས་སྤྱོད་འདོད་པའི་ཕྱིར་བསྔོ་བ་མ་ཡིན་ཞིང་། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྔོ་བར་བྱེད་
པ་མ་ཡིན་གྱི། བྱང་ཆུབ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བསྔོ་སྟེ་དེ་བས་ན་བསྔོ་བ་མཆོག་ཅེས་བྱའོ། །རྒྱུ་ནི་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པའི་བག་ཆགས་སོ་ཞེས་བྱ་བ་ལ། འདི་ལྟར་ཚེ་རབས་གཞན་དུ་འདོད་ལ་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་གྱིས་ཡང་
དག་པར་ཟིན་པའི་སེམས་པ་སྦྱིན་པ་ལ་སོགས་པ་ཡང་དག་པར་སྤྱད་པ་ལས་གོམས་པར་བྱས་ནས་ཀུན་གཞི་ལ་བག་ཆགས་བརླན་ཏེ། བག་ཆགས་ཀྱི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་བྱེད་པ་དེ་ནི་རྒྱུ་མཆོག་ཅེས་བྱའོ། །མཚན་མ་དང་རྒྱུ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་
ནས་རྣམ་པ་གཉིས་སུ་གཞག་ཅེ་ན། རྒྱུ་ནི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དཔེར་ན་མྱུ་གུ་ལ་ས་བོན་ལྟ་བུའོ། །མཚན་མ་ནི་གྲོགས་སུ་བྱེད་པའི་རྒྱུ་སྟེ། དཔེར་ན་མྱུ་གུ་དེ་ཉིད་བསྐྱེད་པར་བྱ་བ་ལ་ས་ཆུ་མེ་རླུང་བཞི་ལྟ་བུའོ། །དེ་བཞིན་སྦྱིན་པའི་སྐབས་སུ་ཡང་ཚེ་རབས་གཞན་དུ་སྦྱིན་པ་ལ་སོགས་པ་
དགེ་བ་ལ་གོམས་པའི་བག་ཆགས་ནི་ས་བོན་ལྟ་བུ་སྟེ། ཐུན་མོང་མ་ཡིན་པའི་རྒྱུར་གཞག་གོ། །ཚེ་འདིར་སེམས་ཅན་རྣམས་ལ་སྙིང་རྗེ་བ་ནི་གྲོགས་སུ་བྱེད་པའི་རྒྱུ་སྟེ། ས་ཆུ་མེ་རླུང་ལྟ་བུར་གཞག་གོ། །ཡེ་ཤེས་ནི་རྣམ་པར་མི་རྟོག་པ་སྟེ་ཞེས་བྱ་བ་ལ། ཡེ་ཤེས་མཆོག་ནི་རྣམ་པར་མི་
རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་ན་ཡེ་ཤེས་མཆོག་སྟེ། ཡེ་ཤེས་གང་གིས་གཏོང་བ་པོའི་བྱང་ཆུབ་སེམས་དཔའ་དང་། སྦྱིན་པའི་ནོར་དང་ལེན་པའི་གང་ཟག་གསུམ་ཡོད་པར་མི་རྟོག་པས་འཁོར་གསུམ་མི་དམིགས་པའི་ཚུལ་དུ་སྦྱིན་པ་བྱེད་པས་ན་ཡེ་ཤེས་མཆོག་གོ། །སློང་བ་དང་ཞེས་
བྱ་བ་ལ། སྦྱིན་པའི་ཞིང་ལྔ་སྟེ། བྲམ་ཟེ་དང་ཚོང་པ་ལ་སོགས་པ་ཅུང་ཟད་ཡོད་ཀྱང་སློང་བར་བྱེད་པ་ནི་སློང་བའི་ཞིང་ཞེས་བྱའོ། །ནད་པ་ལ་སོགས་པ་ནི་སྡུག་བསྔལ་བའི་ཞིང་ཞེས་བྱའོ། །བཟའ་བ་དང་བགོ་བ་ལ་སོགས་པས་ཕོངས་པ་རྣམས་ནི་མགོན་མེད་པའི་ཞིང་ཞེས་བྱའོ། །ཟང་ཟིང་གི་
Vol. 126 · folio 38a
ཕྱིར་སྲོག་གཅོད་པ་ལ་སོགས་པ་སྡིག་པ་བྱེད་པ་རྣམས་ནི་ལོག་པར་སྤྱོད་པའི་རང་བཞིན་གྱི་ཞིང་ཞེས་བྱའོ། །ཚུལ་ཁྲིམས་དང་ལྡན་པ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གང་ཟག་ནི་ཡོན་ཏན་དང་ལྡན་པའི་ཞིང་ཞེས་བྱའོ། །ཞིང་ནི་གཅིག་པས་གཅིག་དམ་
པ་སྟེ་ཞེས་བྱ་བ་ལ། ཉན་ཐོས་དང་། འཇིག་རྟེན་པའི་ཚུལ་གྱིས་ནི་སློང་བའི་ཞིང་པས་སྡུག་བསྔལ་གྱི་ཞིང་དམ་པ་ནས་ལོག་པར་སྤྱོད་པའི་ཞིང་པས་ཡོན་ཏན་དང་ལྡན་པའི་ཞིང་དམ་པར་གཞག་གོ། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ནི་སླར་བཟློག་པ་སྟེ། ཡོན་ཏན་དང་ལྡན་པའི་ཞིང་པས་
ལོག་པར་སྤྱོད་པའི་ཞིང་དམ་པ་ཡིན་པས་ན་སྡུག་བསྔལ་བའི་ཞིང་པས་ཀྱང་སློང་བའི་ཞིང་དམ་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་ཞིང་གོང་མ་བཞི་པོ་རྣམས་ལ་གཏོང་བར་བྱེད་དོ། །གལ་ཏེ་གོང་མ་བཞི་པོ་མེད་ན་ལྔ་པ་སྟེ་ཡོན་ཏན་གྱི་ཞིང་ལ་གཏོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
གང་དག་བསོད་ནམས་འཕེལ་ཞིང་ལོངས་སྤྱོད་འདོད་པ་དེ་དག་ནི་ཡོན་ཏན་ཅན་གྱི་ཞིང་ལ་གཏོང་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་བསོད་ནམས་འཕེལ་བ་དང་ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པ་གཏོང་བ་མ་ཡིན་གྱི། སེམས་ཅན་སྡུག་བསྔལ་བ་དང་བྲེལ་བ་དང་། ཕོངས་པ་རྣམས་ཀྱི་
སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་སྦྱིན་པ་གཏོང་བར་བྱེད་པས་སློང་བའི་ཞིང་དང་སྡུག་བསྔལ་གྱི་ཞིང་ལ་གཏོང་བར་བྱེད་ཀྱི་ཡོན་ཏན་གྱི་ཞིང་ལ་མི་གཏོང་ངོ་། །གནས་པ་ནི་གང་ལ་གནས་ནས་གཏོང་བ་རྣམས་ཏེ་ཞེས་བྱ་བ་ལས། གནས་པ་ནི་ཡིད་ལ་བྱེད་པ་གང་ལ་གནས་ནས་ཕྱི་ནང་གི་
དངོས་པོ་གཏོང་བར་བྱེད་པ་སྟེ། དེ་ཡང་མོས་པ་ལ་གནས་པ་དང་། ཡིད་ལ་བྱེད་པ་ལ་གནས་པ་དང་། ཏིང་ངེ་འཛིན་ལ་གནས་པ་སྟེ་གསུམ་མོ། །མོས་པ་ནི་ཇི་ལྟར་བསྒོམ་པ་རྣམ་པར་དབྱེ་བ་ལས་མོས་པ་ཡིད་ལ་བྱེད་པ་གསུམ་པའོ་ཞེས་བྱ་བ་ལ། མོས་པ་ལ་གནས་པ་ནི་གོང་དུ་བསྒོམ་
པ་རྣམ་པར་དབྱེ་བ་བཤད་པའི་རྗེས་སུ་མོས་པ་ཡིད་ལ་བྱེད་པ་གསུངས་པ་དེ་ལ་བྱ་སྟེ། དེའི་སྐབས་སུ་ཡང་ཇི་ལྟར་བཤད་ཅེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཐེག་པ་ཆེན་པོའི་མདོ་སྡེ་ལ། འདི་ནི་མ་ནོར་པར་བཤད་པ་
Vol. 126 · folio 38b
ལེགས་པར་གསུངས་པ་ཡིན་ནོ་ཞེས་དང་བ་དང་། དད་པ་སྟུག་པོས་མོས་ཤིང་དད་པར་བྱེད་པའོ། །ཡིད་ལ་བྱེད་པ་ནི་ཇི་ལྟར་དེ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ལ་བྱེད་པ་ལ་གནས་པ་ནི་ཇི་ལྟར་སྒོམ་པ་རྣམ་པར་དབྱེ་བ་བཤད་པའི་སྐབས་དེ་ཉིད་ལས་ཡིད་ལ་བྱེད་པ་རྣམ་པ་གསུམ་
བཤད་པ་སྟེ། དེ་ཡང་རོ་མྱང་བ་ཡིད་ལ་བྱེད་པ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པའོ། །དེ་ལ་སྔོན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཏང་བ་དྲན་ནས་བདག་གིས་སྔོན་སྦྱིན་པ་བཏང་བ་ནི་ལེགས་སོ་སྙམ་དུ་ཡོན་ཏན་གྱི་ཚུལ་དུ་ལྟ་བ་ནི་རོ་མྱང་བ་ཡིད་
ལ་བྱེད་པ་ཞེས་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་སེམས་ཅན་རྣམས་ཀྱིས་སྦྱིན་པ་བྱས་པ་ལ་སེམས་དགའ་བ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ། །མ་འོངས་པ་ན་གར་སྐྱེས་གར་སྐྱེས་ཀྱང་སྦྱིན་པ་བྱེད་པར་འགྱུར་བར་དགའ་བ་དང་། སེམས་ཅན་རྣམས་ཀྱང་མ་འོངས་པ་ནས་
གར་སྐྱེས་གར་སྐྱེས་ཀྱང་སྦྱིན་པ་བྱེད་པར་འགྱུར་བར་དགའ་བ་ནི་མངོན་པར་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ནི་ནམ་མཁའ་མཛོད་ལ་སོགས་པ་སྟེ། དེ་ལྟར་དེ་ཉིད་ལ་འབྱོར་པ་ཡོད་པར་གསུངས་པའོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་ལ་གནས་པ་ནི་ས་བརྒྱད་པ་ལ་སོགས་པ་
ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་འདུ་བྱེད་པ་མེད་པའི་ལམ་གྱིས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒྲུབས་ནས་དངོས་པོ་ཅི་དང་ཅི་འདོད་པ་དག་ནམ་མཁའ་ལས་བླངས་ཤིང་གཏོང་བར་བྱེད་པ་སྟེ། དེ་ཡང་སྒོམ་པ་རྣམ་པར་དབྱེ་བའི་སྐབས་སུ་འབྱོར་པ་རྣམ་པ་གསུམ་
བཤད་པ་སྟེ། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ཀྱང་འབྱོར་པ་རྣམ་པ་གསུམ་གྱི་ཕྱོགས་གཅིག་ཏུ་གཏོགས་སོ། །འབྱོར་པ་རྣམ་པ་གསུམ་ནི་སྐུ་ལ་དབང་བ་དང་། སྤྱོད་པ་ལ་དབང་བ་དང་། སྟོན་པ་ལ་དབང་བའོ། །དེ་ལ་སྐུ་ལ་དབང་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་།
རྫོགས་པར་ལོངས་སྤྱོད་པའི་སྐུ་སྟེ། སྐུ་དེ་གཉིས་ཀྱིས་སྦྱིན་པ་ཐོགས་པ་མེད་པར་མཛད་དོ། །སྤྱོད་པ་ལ་དབང་བ་ནི་སྤྲུལ་པའི་སྐུ་སྟེ། སྤྲུལ་པའི་སྐུ་གང་གིས་སེམས་ཅན་རྣམས་ལ་སྣ་ཚོགས་ཀྱི་ལུས་སུ་སྤྲུལ་ནས་སྦྱིན་པ་ལ་སོགས་པ་འཇུག་པར་བྱེད་པའོ། །སྟོན་པ་ལ་དབང་ཡོད་པ་ནི་
Vol. 126 · folio 39a
ཕ་རོལ་ཏུ་ཕྱིན་པ་དྲུག་ཐོགས་པ་མེད་པ་དང་ཆགས་པ་མེད་པ་དང་མ་ཆད་པའོ། །དེ་ཡང་གང་གིས་ཞེས་བྱ་བས་བསྟན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། མཆོག་རྣམ་པ་བརྒྱད་ཀྱང་གང་གིས་གཏོང་ཞེས་བྱ་བ་ལ་སོགས་པ་ལས་བརྩམས་ནས་བསྟན་པར་རིག་པར་བྱ་སྟེ་གང་གིས་
གཏོང་ཞེ་ན། གཞིས་གཏོང་ངོ་། །གང་གཏོང་ཞེ་ན། དངོས་པོ་གཏོང་ངོ་། །གང་གིས་གཏོང་ཞེ་ན། མཚན་མས་གཏོང་ངོ་། །གང་གི་ཕྱིར་གཏོང་ཞེ་ན། བསྔོ་བ་སྟེ་བྱང་ཆུབ་མཆོག་གི་ཕྱིར་གཏོང་ངོ་། །གང་ལས་གཏོང་ཞེ་ན། ཚེ་རབས་སྔ་མ་ལ་སྦྱིན་པ་ལ་གོམས་པའི་བག་ཆགས་ཀྱི་རྒྱུས་གཏོང་ངོ་། །
གང་གིས་གཟུང་ཞེ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཟུང་ངོ་། །གང་དུ་གཏོང་ཞེ་ན། ཞིང་རྣམ་པ་ལྔ་ལ་གཏོང་ངོ་། །རྣམ་པ་ཇི་སྙེད་ཀྱིས་གཏོང་ཞེ་ན། མོས་པ་ལ་སོགས་པ་རྣམ་པ་གསུམ་ལ་གནས་ནས་གཏོང་ངོ་། །དེ་ལ་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམ་པ་བཞི་
དང་མཚན་མ་ལ་སོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་དང་མཐུན་པས་ཚུལ་དེ་བཞིན་དུ་བཤད་དོ། །དངོས་པོ་དང་ཞིང་གཉིས་ནི་མི་མཐུན་ཏེ་དེའི་བྱེ་བྲག་ཅི་ཡོད་པ་བཤད་དོ། །དེ་ལ་ཚུལ་ཁྲིམས་ཀྱི་དངོས་པོ་ནི་སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་།
དགེ་བར་སྤྱོད་པའི་ཚུལ་ཁྲིམས་སོ། །བཟོད་པའི་དངོས་པོ་ནི་གནོད་པ་ཉམས་སུ་ལེན་པའི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །བརྩོན་འགྲུས་ཀྱི་དངོས་པོ་ནི་གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་ལ་སོགས་པའོ། །
བསམ་གཏན་གྱི་དངོས་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང་། མངོན་པར་ཤེས་པ་ཡང་དག་པར་སྒྲུབ་པར་བྱེད་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །ཤེས་རབ་ཀྱི་དངོས་པོ་ནི་ཀུན་རྫོབ་ཀྱི་བདེན་པ་ཤེས་པའི་ཤེས་རབ་དང་། དོན་དམ་
པའི་བདེན་པ་ཤེས་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་སྒྲུབ་པར་ཤེས་པའི་ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ཐམས་ཅད་ཀྱི་ཞིང་ནི་ཐེག་པ་ཆེན་པོའི་ཆོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ལ་དམིགས་ཤིང་སེམས་ཅན་རྣམས་དེར་བཀོད་ན་ནི་ཞིང་མཆོག་ལ་བཀོད་པ་ཞེས་མི་བྱའི། ཐེག་པ་
Vol. 126 · folio 39b
ཆེན་པོའི་ཆོས་ལ་དམིགས་ཤིང་ཐེག་པ་ཆེན་པོའི་ཆོས་ལ་སེམས་ཅན་བཀོད་ན་ཞིང་མཆོག་ཅེས་བྱའོ། །ཚུལ་ཁྲིམས་ཀྱི་ནང་ན་མཆོག་ནི་བྱང་ཆུབ་སེམས་དཔའི་སྡོམ་པའོ་ཞེས་བྱ་བ་ལ། སྦྱིན་པའི་དངོས་པོ་ལ་མཆོག་དང་མཆོག་མ་ཡིན་པར་ཕྱེ་བ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱི་
དངོས་པོ་ལ་མཆོག་དང་མཆོག་མ་ཡིན་པར་དབྱེ་བ་སྟོན་ཏེ། འཇིག་རྟེན་པའི་དགེ་བ་བཅུའི་ཚུལ་ཁྲིམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་པས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། དགེ་བ་སྡུད་པའི་ཚུལ་
ཁྲིམས་ནི་ཚུལ་ཁྲིམས་ཀྱི་ནང་ན་མཆོག་ཅེས་བྱའོ་ཞེས་བྱ་བའི་དོན་ཏོ། །བཟོད་པ་ཡི་ནི་ངན་པ་དང་། །ཉམ་ཆུང་བ་དང་སྲོག་གཅོད་པའོ། །ཞེས་བྱ་བ་ལ། བཟོད་པའི་དངོས་པོའི་མཆོག་ནི་རྒྱལ་པོ་དང་བློན་པོ་ལ་སོགས་པའི་མཐུ་ཆེ་བའི་མཆོག་དང་དབང་ཆེ་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ་
ནི་ངོ་མཚར་དུ་བྱ་བ་མ་ཡིན་གྱི། སྤྲང་པོ་དང་གདོལ་བུ་ལ་སོགས་པ་མཐུ་ཆུང་ཞིང་དབང་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པ་མཆོག་ཡིན་པ་དང་། ཐལ་མོ་དང་ཁུ་ཚུར་གྱིས་རྡེག་པ་ཙམ་བཟོད་པ་ནི་ངོ་མཚར་དུ་བྱ་བ་མ་ཡིན་གྱི། གང་གིས་སྲོག་ལ་གནོད་པར་འགྱུར་བའི་གནོད་པ་བྱས་
ཀྱང་བཟོད་པ་ནི་བཟོད་པའི་ནང་ན་མཆོག་གོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་དེའི་མི་མཐུན་པའི་ཕྱོགས་སྤངས་པའོ་ཞེས་བྱ་བ་ལ། བརྩོན་འགྲུས་ལ་ཡང་དགེ་བ་བསྡུ་བ་ཙམ་སྒྲུབ་པའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བ་ཙམ་སྒྲུབ་པ་ནི་མཆོག་མ་ཡིན་གྱི། བྱང་ཆུབ་
སེམས་དཔའི་སྤྱོད་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ཅིང་། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤོང་བར་བྱེད་པ་ནི་བརྩོན་འགྲུས་ཀྱི་མཆོག་ཡིན་ནོ། །བསམ་གཏན་གྱི་ནི་བྱང་ཆུབ་སེམས་དཔའ་ཏེ། འཛིན་ཏོ་ཞེས་བྱ་བ་ལ། ཉན་ཐོས་དང་འཇིག་རྟེན་
པའི་བསམ་གཏན་ནི་མཆོག་མ་ཡིན་ཏེ། དཔའ་བར་འགྲོ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་མཆོག་གོ། །ཤེས་རབ་ཀྱི་ནི་ཡང་དག་པ་ཉིད་ཅེས་བྱ་བ་ལ། ཤེས་རབ་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་ཀུན་རྫོབ་ཀྱི་ཆོས་ཤེས་པ་མཆོག་མ་ཡིན་གྱི། གང་ཟག་དང་ཆོས་ལ་
Vol. 126 · folio 40a
བདག་མེད་པའི་ཤེས་པ་ནི་ཤེས་རབ་ཀྱི་མཆོག་གོ། །སྦྱིན་པས་སེམས་ཅན་གཅིག་བདེ་ཕྱིར། །བསྐལ་པ་མང་པོར་གནོད་བྱེད་ཀྱང་། །བྱང་ཆུབ་སེམས་དཔའ་དགར་འགྱུར་ན། །དེ་ལས་བཟློག་པ་ཅི་ཞིག་སྨོས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བདུན་ཞིག་གིས་
སྦྱིན་པའི་ཡོན་ཏན་བསྟན་ཏེ། བྱང་ཆུབ་སེམས་དཔའ་བདག་ལ་བདོག་པའི་ལོངས་སྤྱོད་ཐམས་ཅད་བཏང་ནས་སེམས་ཅན་གཅིག་ཅིག་བདེ་བར་འགྱུར་ལ། དེ་བཏང་བའི་འོག་ཏུ་བདག་ཉིད་ནི་བསྐལ་བ་བརྒྱ་སྟོང་གྲངས་མེད་པར་བྲེལ་བ་དང་ཕོངས་པའི་སྡུག་བསྔལ་གྱིས་གནོད་པར་གྱུར་ཀྱང་
སེམས་ཅན་གཅིག་བདེ་བར་མཐོང་ནས་ཐུགས་དགྱེས་པ་སྐྱེ་ན་དེ་ལས་བཟློག་པ་ལྟ་ཅི་ཞིག་སྨོས་ཏེ། ཆོས་གཏང་བའི་སྦྱིན་པས་སེམས་ཅན་མཐའ་ཡས་པ་ཡང་བདེ་བ་དང་ཕན་པར་འགྱུར་ལ། བདག་ཉིད་ཀྱང་མཐར་ཡུན་དུ་ཕན་པ་དང་བདེ་བར་འགྱུར་བ་བཏང་ནས་དགྱེས་པར་འགྱུར་བ་དང་། བྱང་
ཆུབ་སེམས་དཔའི་ལོངས་སྤྱོད་ཐམས་ཅད་བཏང་ནས་སེམས་ཅན་དཔག་ཏུ་མེད་པ་ཡང་བདེ་བར་འགྱུར་ལ། བདག་ཀྱང་བསྐལ་པ་མང་པོར་བདེ་བར་འགྱུར་བ་སེམས་ཅན་གཞན་ལ་བཏང་ནས་བྱང་ཆུབ་སེམས་དཔའ་དགྱེས་པ་སྐྱེ་བ་ལྟ་ཅི་ཞིག་སྨོས་ཏེ། དགྱེས་པ་ཆེར་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེའི་
ཁྱད་པར་གྱི་ཕྱིར་རོ་ཞེས་བྱ་བ་ནི་དགོངས་པ་དེ་ལྟ་བུ་སྐྱེ་བ་དང་། སྦྱིན་པ་དེ་ལྟ་བུ་གཏོང་བ་ཡང་སྙིང་རྗེའི་རྒྱུས་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །གང་གི་དོན་དུ་ལུས་ཅན་ནོར་འདོད་པ། །སེམས་ཅན་རྣམས་ལ་དེ་ཉིད་བློ་ཅན་གཏོང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཚིགས་སུ་བཅད་
པ་སྔ་མ་རྐང་པ་ཕྱེད་ཀྱི་དོན་ཕྱི་མ་ཚིགས་སུ་བཅད་པ་ཕྱེད་ཀྱིས་བསྟན་ཏོ། །ལུས་ཅན་ནི་སེམས་ཅན་ལ་བྱ་སྟེ། སེམས་ཅན་རྣམས་གང་གི་དོན་དང་། གང་གི་ཆེད་དང་། གང་ལ་ཕངས་པ་དང་། གང་གཅེས་པར་བྱ་བའི་དོན་དུ་ནོར་དང་ལོངས་སྤྱོད་བཙལ་བའི་གཅེས་པའི་དངོས་པོ་དེ་ཉིད་བློ་ཅན་བྱང་ཆུབ་
སེམས་དཔའ་རྣམས་ལུས་ཅན་ཏེ། སེམས་ཅན་རྣམས་ལ་གཏོང་ཞིང་སྦྱིན་པར་བྱེད་དོ། །དོན་དེ་ཉིད་བསྟན་པའི་ཕྱིར། སྐྱེ་བོ་ལུས་ཀྱི་ཕྱིར་ནི་ནོར་འདོད་པ། །བློ་ཅན་གྱིས་ནི་དེ་ཉིད་རྣམ་བརྒྱར་གཏོང་། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ནི་ལུས་དང་སྲོག་གི་དོན་དང་ཆེད་དུ་ནོར་ཚོལ་ཞིང་ནོར་སོགས་
Vol. 126 · folio 40b
པར་བྱེད་ན། བྱང་ཆུབ་སེམས་དཔའ་བློ་ཅན་གྱིས་ནི་ལུས་དང་སྲོག་གི་དོན་དུ་ནོར་བཙལ་བའི་ལུས་དང་སྲོག་དེ་ཉིད་སློང་བ་པོ་རྣམས་ལ་ལན་བརྒྱ་སྟོང་དུ་མར་གཏོང་ཞིང་སྦྱིན་པར་བྱེད་དོ། །གང་ཚེ་ལུས་ཉིད་གཏོང་བྱེད་ཀྱང་། །ཡིད་ཀྱི་སྡུག་བསྔལ་མི་འབྱུང་ན། །ནོར་ངན་ཅི་སྨོས་དེ་ཡི་འཇིག་རྟེན་འདས། །
དེ་དེས་དགའ་རྙེད་དེ་ནི་དེ་ཡི་མཆོག། །ཅེས་བྱ་བའི་ཚིགས་སུ་བཅད་པ་འདིས་བྱང་ཆུབ་སེམས་དཔའི་སྦྱིན་པ་འཇིག་རྟེན་ལས་འདས་པ་ཡིན་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་ཡིན་པར་སྟོན་ཏོ། །འདི་ལྟར་འཇིག་རྟེན་པ་རྣམས་ནི་ཕྱིའི་དངོས་པོ་བཏང་ནས་ཀྱང་སྡུག་བསྔལ་བ་དང་ཡིད་མི་བདེ་
བ་སྐྱེ་ལ། བྱང་ཆུབ་སེམས་དཔའ་ནི་སློང་བ་པོ་རྣམས་ལ་ཕོངས་པ་མེད་པར་ལུས་དེ་ཉིད་ལན་བརྒྱ་སྟོང་དུ་མར་བཏང་ཡང་སེམས་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་འབྱུང་ན། ནང་གི་དངོས་པོ་ལ་ལྟོས་ན་ཐ་ཤལ་དུ་གྱུར་པའི་ནོར་དང་། ལོངས་སྤྱོད་བཏང་ནས་ཡིད་མི་བདེ་བ་མི་འབྱུང་བ་ལྟ་ཅི་ཞིག་
སྨོས་ཏེ། དེ་ལྟར་ནང་གི་དངོས་པོ་བཏང་ནས་ཀྱང་ཡིད་མི་བདེ་བ་མི་འབྱུང་བས་ན་བྱང་ཆུབ་སེམས་དཔའི་སྦྱིན་པ་དེ་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཡིད་མི་བདེ་བ་མི་འབྱུང་བར་ཡང་མ་ཟད་ཀྱི་ནང་གི་དངོས་པོ་བཏང་ན་སེམས་ཅན་རྣམས་ལ་ཕན་འདོགས་པར་མཐོང་སྟེ་དགའ་བ་སྐྱེ་བར་འགྱུར་རོ། །
གང་དགའ་བའི་སེམས་སྐྱེས་པ་དེ་ནི་འཇིག་རྟེན་ལས་འདས་པའི་མཆོག་ཅེས་བྱའོ། །བློ་ཅན་འདི་ལ་སྦྱིན་པ་ཀུན་ཡོད་པས། །སློང་བ་དགའ་བས་ཇི་ལྟར་དགའ་འགྱུར་བ། །བྱིན་བླངས་འདོད་པ་ཆོག་པར་འདོད་པ་ནི། །དེ་ལྟར་སློང་བར་བྱེད་པའང་དགར་མི་འགྱུར། །ཞེས་བྱ་བ་ལ། བྱང་ཆུབ་
སེམས་དཔའ་བློ་ཅན་གྱིས་སློང་བ་པོ་རྣམས་ལ་ལུས་དང་སྲོག་མན་ཆད་ལ་ལོངས་སྤྱོད་ཡན་ཆད་ཅི་འདོད་པ་ཀུན་བཏང་སྟེ། འགྲོ་བ་སློང་བ་རྣམས་ལོངས་སྤྱོད་ཐོབ་པས་སློང་བ་པོ་དགའ་བར་གྱུར་པ་མཐོང་ནས། ཇི་ལྟར་བྱང་ཆུབ་སེམས་དཔའ་ཐུགས་ལ་དགྱེས་པའི་བྱེ་བྲག་སྐྱེ་བ་ལྟར། གཏོང་བ་པོ་བྱང་
ཆུབ་སེམས་དཔའ་སློང་བ་པོ་ལ་ནོར་བྱིན་ནས་བྱིན་པ་དེ་སློང་བ་པོས་བླངས་ཏེ། སློང་བ་པོ་གང་འདོད་པའི་ནོར་ཡང་རྙེད། ཇི་སྙེད་འདོད་པར་བྱ་བ་ཐམས་ཅད་ཆོག་པར་ཡང་ཐོབ་སྟེ། བསམ་པ་རྫོགས་ནས་དགའ་བའི་བྱེ་བྲག་སྐྱེས་ནས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའི་དགྱེས་པའི་བྱེ་བྲག་ཙམ་གྱིས་
Vol. 126 · folio 41a
དགའ་བ་སློང་བ་པོ་རྣམས་ལ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །བློ་ཅན་ཀུན་ཡོད་བྱིན་པས་ནོར་མེད་ཀྱང་། །ཇི་ལྟར་བདག་ཉིད་ཡོད་པར་ལྡན་ལྟ་བ། །སློང་བར་བྱེད་པ་ལོངས་སྤྱོད་ཀུན་རྫོགས་པའང་། །དེ་ལྟར་བདག་ཉིད་ཡོད་པར་ལྡན་ལྟ་མིན། །ཞེས་བྱ་བ་ལ། བློ་ཅན་བྱང་
ཆུབ་སེམས་དཔའ་རྣམས་སློང་བ་པོ་རྣམས་ལ་ཕྱི་དང་ནང་གི་དངོས་པོ་ཀུན་བཏང་སྟེ་བྱིན་ནས་ཕྱི་དང་ནང་དུ་བྱང་ཆུབ་སེམས་དཔའ་ལ་ནོར་དང་ལོངས་སྤྱོད་ཅུང་ཟད་ཀྱང་མེད་པར་གྱུར་ཀྱང་ཐུགས་རྗེ་ཆེན་པོས་ཡོངས་སུ་ཟིན་པར་གྱུར་པ་དང་། བསམ་པ་རླབས་པོ་ཆེ་དང་ལྡན་པས་ད་དུང་ལོངས་སྤྱོད་དང་
ལྡན་ནོ་སྙམ་དུ་དགོངས་པ་ལྟར། སློང་བ་པོ་རྣམས་བྱང་ཆུབ་སེམས་དཔའི་སྦྱིན་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྫོགས་པར་བྱས་ཀྱང་བྱང་ཆུབ་སེམས་དཔའི་དགོངས་པ་ལྟར། སློང་བ་པོ་ནོར་དང་ལྡན་པ་རྣམས་བདག་ཅག་ལ་ནོར་ཡོད་ཅིང་ལོངས་སྤྱོད་དང་ལྡན་ནོ་སྙམ་དུ་དགོངས་པ་ལྟར། བསམ་
པ་དེ་ཙམ་གྱི་རླབས་པོ་ཆེ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བློ་ཅན་ཚུལ་བཞིན་འདི་ལ་སྦྱིན་དམ་པས། །སློང་བ་ཚིམ་བྱས་འདི་ལ་ཕན་ཆེན་འདུ་ཤེས་བརྩི། །ཇི་ལྟར་ཤིན་ཏུ་རྒྱ་ཆེན་དག་ནི་རྙེད་ནས་སུ། །སློང་བ་བཏང་བས་རྙེད་རྒྱུས་ཕན་པ་ཡིན། །ཞེས་བྱ་བ་ལ། རྣམ་པ་གཞན་དུ་ཡང་
བྱང་ཆུབ་སེམས་དཔའ་བློ་ཅན་གྱིས་སྦྱིན་པ་བཏང་བ་ཡང་ཚུལ་བཞིན་དུ་གུས་པ་དང་། བརྙས་པ་མེད་པའི་ཚུལ་གྱིས་སློང་བ་པོ་རྣམས་ལ་སྦྱིན་པ་དམ་པ་མགོ་དང་རྐང་ལག་ལ་སོགས་པ་བཏང་ནས་སློང་བ་པོ་རྣམས་ཀྱི་བསམ་པ་རྫོགས་ཤིང་ཚིམ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སློང་བ་པོ་འདི་རྣམས་
ཀྱིས་བྱང་ཆུབ་ཀྱི་ཚོགས་རྫོགས་པའི་གྲོགས་བྱས་པའི་ཕྱིར་འདི་དག་གིས་བདག་ལ་ཕན་བཏགས་སོ་སྙམ་དུ་བརྩི་ཞིང་དྲིན་དུ་གཟོ་བ་ལྟར་སློང་བ་པོ་རྣམས་བྱང་ཆུབ་སེམས་དཔའི་སྦྱིན་པ་ཤིན་ཏུ་རྒྱ་ཆེན་པོ་དག་ནོར་དང་ལོངས་སྤྱོད་དག་རྙེད་ནས་བསམ་པ་རྫོགས་པར་གྱུར་ཀྱང་། དེའི་རྒྱུ་ལས་བྱང་
ཆུབ་སེམས་དཔའི་དགོངས་པ་ལྟ་བུར་ཕན་བཏགས་པ་དང་། དྲིན་དུ་གཟོ་བའི་བསམ་པ་དེ་ཙམ་མི་སྐྱེའོ། །སྙིང་རྗེའི་ཁྱད་པར་གྱི་ཕྱིར་རོ་ཞེས་བྱ་བ་ནི། དགོངས་པ་དེ་ལྟ་བུ་སྐྱེ་བ་དང་། སྦྱིན་པ་དེ་ལྟ་བུ་གཏང་བ་ཡང་སྙིང་རྗེའི་རྒྱུས་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལམ་ལ་ལོངས་སྤྱོད་
Vol. 126 · folio 41b
ཤིང་འབྲས་མཆོག་ལྡན་པས། །བདག་ཉིད་ཐེ་ཚོམ་མེད་པ་ལུས་ཅན་ཐ་མལ་པ། །གང་ནོར་ཤིན་ཏུ་རྒྱ་ཆེན་པོ་ཡང་བླངས་སྤྱོད་དེ། །ཞེས་བྱ་བ་ལ། དཔེར་ན་ཁྲི་ལམ་ཆེན་པོ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ཀུན་གྱིས་ལོངས་སྤྱོད་དུ་སྤྱད་པར་བྱ་བའི་འབྲས་བུའི་ཤིང་། འབྲས་བུ་དང་ཁ་
དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པའི་མཆོག་དང་ལྡན་པ་ལ་ཡང་འགྲོན་པོ་ཕན་ཚུན་འགྲོ་བ་རྣམས་ཐེ་ཚོམ་མེད་པ་དང་ཐ་མལ་པ་སྟེ། འཇིགས་པ་དང་བག་ཚ་བ་མེད་པར་བླངས་ཤིང་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་རིན་པོ་ཆེ་ལ་སོགས་པ་ནོར་རྒྱ་ཆེན་པོ་
དང་ལྡན་པའི་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་དང་ནོར་ལ་ཡང་སེམས་ཅན་རྣམས་བདག་གི་ནོར་ལ་སྤྱོད་པ་བཞིན་དུ། ཐེ་ཚོམ་དང་འཇིགས་ཤིང་བག་ཚ་བ་མེད་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལག་བརྐྱང་དག་ལ་ལོངས་སྤྱོད་ལས་གཞན་མ་ཡིན་ཞེས་བྱ་བ་ལ། དུས་
ཁ་ཅིག་ཏུ་གཏོང་། དུས་ཁ་ཅིག་ཏུ་མི་གཏོང་། སེམས་ཅན་ཁ་ཅིག་ལ་གཏོང་ཁ་ཅིག་ལ་མི་གཏོང་། རྫས་ཁ་ཅིག་གཏོང་ཁ་ཅིག་མི་གཏོང་བ་མ་ཡིན་གྱི། དུས་ཐམས་ཅད་དུ་གཏོང་། ཀུན་ལ་གཏོང་། དངོས་པོ་ཀུན་གཏོང་བ་ནི་ལག་བརྐྱང་བ་ཞེས་བྱའོ། །དེ་ལྟར་ལག་བརྐྱང་ཞིང་
གཏོང་བ་ཉིད་བྱང་ཆུབ་སེམས་དཔའ་དགའ་བའི་ལོངས་སྤྱོད་ཡིན་ཏེ། གོང་མ་ལྟ་བུའི་སྦྱིན་པ་དེ་ཡང་བྱང་ཆུབ་སེམས་དཔའི་ལག་བརྐྱང་བའི་དགའ་བའི་ལོངས་སྤྱོད་ལ་གནས་པ་རྣམས་ལས་འབྱུང་གི །སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་གཞན་རྣམས་
ལ་ནི་དེ་ལྟ་བུ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །གཙོ་དང་དེའི་རྒྱུ་ལས་ཀྱི་བྱེ་བྲག་དང་། །རྣམ་པའི་བྱེ་བྲག་གནས་ཀྱི་བྱེ་བྲག་དང་། །བར་ཆད་རྣམ་བཞིའི་གཉེན་པོའི་བྱེ་བྲག་གིས། །བརྩོན་འགྲུས་སུ་ནི་ཤེས་པར་བྱ་ཞེས་བསྟན། །ཞེས་བྱ་བ་ལ། དེ་ལ་བྱེ་བྲག་རྣམ་པ་དྲུག་གིས་བྱང་ཆུབ་
སེམས་དཔའི་བརྩོན་འགྲུས་ཀྱི་མཚན་ཉིད་དང་ཡོན་ཏན་བསྟན་ཏེ། ཚིགས་སུ་བཅད་པ་འདིས་ནི་མདོ་ཙམ་དུ་བསྟན། ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་དེ་ཉིད་ཀྱི་དོན་ཞིབ་ཏུ་འཆད་དོ། །རྣམ་པ་དྲུག་གི་བྱེ་བྲག་ནི་གཙོ་བོའི་བྱེ་བྲག་དང་། དེའི་རྒྱུའི་བྱེ་བྲག་དང་། ལས་ཀྱི་
Vol. 126 · folio 42a
བྱེ་བྲག་དང་། རྣམ་པའི་བྱེ་བྲག་དང་། གནས་ཀྱི་བྱེ་བྲག་དང་། བར་ཆད་རྣམ་པ་བཞིའི་གཉེན་པོའི་བྱེ་བྲག་སྟེ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་བྱེ་བྲག་ནི་དེ་ལྟ་བུ་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །དེ་ལ་གཙོ་བོའི་བྱེ་བྲག་ནི་ཆོས་
ཐམས་ཅད་ཀྱི་གཙོ་བོ་དང་། མཆོག་ནི་བརྩོན་འགྲུས་ཡིན་པར་བཤད་དོ། །ཇི་ལྟར་བརྩོན་འགྲུས་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞེ་ན། དེའི་ཚིགས་སུ་བཅད་པ་དེའི་རྒྱུའི་བྱེ་བྲག་བསྟན་ཏེ། གང་གི་ཕྱིར་དགེ་བའི་ཆོས་ཐམས་ཅད་ཐོབ་ཅིང་སྐྱེ་བའི་རྒྱུ་ནི་བརྩོན་འགྲུས་ཡིན་ཏེ། དེ་བས་ན་
བརྩོན་འགྲུས་དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པར་བཤད་དོ། །ལས་ཀྱི་བྱེ་བྲག་ནི་བརྩོན་འགྲུས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་བྱེད་དོ། །རྣམ་པའི་བྱེ་བྲག་ནི་བརྩོན་འགྲུས་ཀྱི་ནི་རྣམ་པ་འཕེལ་བ་དང་འབྲི་བའི་བརྩོན་
འགྲུས་ལ་སོགས་པ་བརྩོན་འགྲུས་ཀྱི་རྣམ་གྲངས་རྣམ་པ་མང་དུ་ཕྱེ་སྟེ་བཤད་པའོ། །གནས་ཀྱི་བྱེ་བྲག་ནི་ཉན་ཐོས་ཀྱི་བརྩོན་འགྲུས་ནི་ཉན་ཐོས་པ་རྣམས་ཀྱི་ལུས་ལ་གནས། རང་སངས་རྒྱས་ཀྱི་བརྩོན་འགྲུས་ནི་རང་སངས་རྒྱས་ཀྱི་ལུས་ལ་གནས། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་
ནི་བྱང་ཆུབ་སེམས་དཔའི་ལུས་ལ་གནས་སོ། །བར་ཆད་རྣམ་པ་བཞིའི་གཉེན་པོའི་བྱེ་བྲག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བར་དུ་གཅོད་པའི་ཆོས་བཞི་སྟེ། ལོངས་སྤྱོད་ལ་ཆགས་པ་དང་། ཉོན་མོངས་པ་ལ་ཆགས་པ་དང་། བརྩོན་འགྲུས་ལས་སྐྱོ་བ་དང་ཅུང་ཟད་ཙམ་གྱིས་དགའ་བར་འཛིན་པ་སྟེ། དེའི་གཉེན་པོ་ཡང་
བརྩོན་འགྲུས་ཡིན་པར་བཤད་དོ། །དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །ཅེས་བྱ་བ་ལ། སྦྱིན་པ་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་ཀྱི་ནང་ན་བརྩོན་འགྲུས་མཆོག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་བསམ་གཏན་གྱིས་ཉོན་མོངས་པ་འཇིལ་བར་བྱེད།
ཤེས་རབ་ཀྱིས་ཉོན་མོངས་པ་རྩ་བ་ནས་འཇོམས་པར་བྱེད་པས། དེ་དག་དགེ་བའི་ཆོས་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ན་ཇི་ལྟར་བརྩོན་འགྲུས་དགེ་བའི་མཆོག་ཏུ་བཤད་ཅེ་ན། དེའི་ཕྱིར། གང་ཕྱིར་དེ་ལ་བརྟེན་ནས་དེ་འཐོབ་འགྱུར། །ཞེས་བྱ་བ་སྨོས་ཏེ། འདི་བརྩོན་འགྲུས་
Vol. 126 · folio 42b
མཆོག་ཡིན་པའི་གཏན་ཚིགས་སུ་བཤད་པའོ། །གང་གི་ཕྱིར་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ནི་བརྩོན་འགྲུས་ལ་བརྟེན་ནས་སྐྱེ་སྟེ་དེ་བས་ན་བརྩོན་འགྲུས་མཆོག་ཡིན་ནོ། །བརྩོན་འགྲུས་ཀྱིས་ནི་མྱུར་དུ་དེ་མཆོག་སྤྱོད། །འཇིག་རྟེན་འདས་དང་འཇིག་རྟེན་རྟོགས་པ་འགྲུབ། །
ཅེས་བྱ་བས་ལས་ཀྱི་བྱེ་བྲག་བཤད་དེ། བརྩོན་འགྲུས་ཀྱིས་ཚེ་འདི་ལ་བདེ་བ་ཐོབ་པར་བྱེད་པ་དང་ཚེ་རབས་གཞན་དུ་བདེ་བ་ཐོབ་པར་བྱེད་དོ། །ཚེ་འདི་ལ་བདེ་བ་ཐོབ་པར་བྱེད་པ་ནི་གང་གི་ཕྱིར་བརྩོན་འགྲུས་དང་ལྡན་ན་སྡིག་པ་མི་དགེ་བའི་ཆོས་དང་མ་འདྲེས་པའི་བདེ་བ་རྙེད་ཅིང་དེ་བཞིན་དུ་གཉིད་
ལས་སད་པ་དང་། དེ་བཞིན་དུ་གཉིད་ཀྱིས་ལོག་པའི་བདེ་བ་མཆོག་མྱོང་བར་འགྱུར། ཚེ་རབས་གཞན་གྱི་བདེ་བ་ནི་འཇིག་རྟེན་གྱི་བདེ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བའོ། །དེ་ལ་འཇིག་རྟེན་གྱི་བདེ་བ་ནི་རྣམ་པ་གསུམ་སྟེ། འདོད་པའི་ཁམས་ཀྱི་བདེ་བ་དང་། གཟུགས་ཀྱི་
ཁམས་ཀྱི་བདེ་བ་དང་། གཟུགས་མེད་པའི་ཁམས་ཀྱི་བདེ་བའོ། །འཇིག་རྟེན་ལས་འདས་པའི་བདེ་བ་ཡང་རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་དག་ཀྱང་བརྩོན་འགྲུས་
ལ་གནས་པས་འཐོབ་བོ། །བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། །ཅེས་བྱ་བ་ལ། སྲིད་པའི་སྒྲས་ནི་ཁམས་གསུམ་ལ་བྱ་སྟེ། འདོད་པའི་ཁམས་ཀྱི་ལྷ་དང་མིའི་ལོངས་སྤྱོད་ཀྱི་བདེ་བ་ཡང་བརྩོན་འགྲུས་ལ་གནས་པས་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱིས་ནི་དག་
པར་རབ་འགྱུར་ལྡན། །ཞེས་བྱ་བ་ལ། རབ་འགྱུར་ཞེས་བྱ་བ་ནི་མི་བརྟན་ཞིང་འགྱུར་བ་ལ་བྱ་སྟེ། འདོད་པའི་ཁམས་ཀྱི་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་སྤངས་པའི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དག་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དག་པ་ཡང་
བརྩོན་འགྲུས་ལ་བརྟེན་ནས་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །ཞེས་བྱ་བ་ལ། འཇིག་ཚོགས་སུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་མཚན་ཉིད་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་
Vol. 126 · folio 43a
ཡང་བརྩོན་འགྲུས་ལ་བརྟེན་ནས་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་རྟོགས་སོ། །ཞེས་བྱ་བ་ལ། སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའི་མཚན་ཉིད་བླ་ན་མེད་པའི་བྱང་ཆུབ་ཀྱང་བརྩོན་འགྲུས་ལ་བརྟེན་
ནས་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རབ་ཏུ་ངེས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བསམ་གཏན་དང་། སྙོམས་པར་འཇུག་པ་རྣམས་ནི་ཤི་འཕོས་ནས་མེད་པར་འགྱུར་བས་བརྟན་པ་དང་ངེས་པ་མ་ཡིན་པའི་ཕྱིར་འགྱུར་བ་ཞེས་བྱའོ། །
བརྩོན་འགྲུས་འབྲི་དང་འཕེལ་ཞེས་བྱ་བ་ལ་སོགས་པས་བརྩོན་འགྲུས་ཀྱི་རྣམ་པའི་བྱེ་བྲག་སྟོན་ཏེ། བརྩོན་འགྲུས་ཀྱི་རྣམ་པ་ནི་ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་བརྩོན་འགྲུས་དང་། དབང་པོ་ལྔ་དང་ལྡན་པའི་བརྩོན་འགྲུས་དང་། སྟོབས་ལྔ་དང་ལྡན་པའི་བརྩོན་འགྲུས་དང་།
བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པའི་བརྩོན་འགྲུས་དང་། ལམ་གྱི་ཡན་ལག་བརྒྱད་དང་ལྡན་པའི་བརྩོན་འགྲུས་ལ་སོགས་པའོ། །དེ་ལ་ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་བརྩོན་འགྲུས་ནི་འབྲི་བ་དང་འཕེལ་བའི་བརྩོན་འགྲུས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་
དེས་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པར་བྱེད། སྐྱེས་པ་རྣམས་ནི་སྤོང་བར་བྱེད་པས་འབྲི་བ་ཞེས་བྱའོ། །དགེ་བའི་ཆོས་མ་སྐྱེས་པ་ནི་སྐྱེད་པར་བྱེད་ལ། སྐྱེས་པ་ནི་རྒྱ་ཆེར་བྱེད་པས་ན་འཕེལ་བ་ཞེས་བྱའོ། །ཐར་པའི་དབང་དང་ཞེས་བྱ་བ་ལ། དབང་པོ་ལྔ་དང་ལྡན་
པའི་བརྩོན་འགྲུས་ནི་ཐར་པ་ལ་དབང་བྱེད་པའི་བརྩོན་འགྲུས་ཞེས་བྱ་སྟེ། དེས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་དགེ་བའི་རྩ་བ་ལ་དབང་བྱེད་པའི་ཕྱིར་རོ། །མི་མཐུན་ཕྱོགས་སྤངས་གཞན་ཞེས་བྱ་བ་ལ། སྟོབས་ལྔ་དང་ལྡན་པའི་བརྩོན་འགྲུས་ནི་མི་མཐུན་པའི་ཕྱོགས་སྤོང་བའི་
བརྩོན་འགྲུས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་དེས་མ་དད་པ་དང་ལེ་ལོ་དང་དྲན་པ་ཉམས་པ་དང་སེམས་གཡེང་བ་དང་འཆལ་པའི་ཤེས་རབ་རྣམས་ཟིལ་གྱིས་གནོན་ཅིང་སྤོང་བར་བྱེད་པའི་ཕྱིར་རོ། །དེ་ཉིད་འཇུག་པ་དང་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་
Vol. 126 · folio 43b
བརྩོན་འགྲུས་ལ་ནི་དེ་ཉིད་ལ་འཇུག་པའི་བརྩོན་འགྲུས་ཞེས་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ས་དང་པོ་ཐོབ་སྟེ་མཐོང་བའི་ལམ་སྐྱེས་པ་དང་། མཐོང་བའི་ལམ་གྱི་ཚེ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསྒོམ་པར་གཞག་གོ། །བརྗེས་པ་དང་ཞེས་བྱ་བ་ལ། འཕགས་པའི་ལམ་གྱི་ཡན་ལག་
བརྒྱད་དང་ལྡན་པའི་བརྩོན་འགྲུས་ལ་ནི་བརྗེས་པའི་བརྩོན་འགྲུས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་ཡང་དག་སྟོབས། བདག་ཉིད་རྗེས་སུ་འཇུག་པར་བཤད། །ཅེས་བྱ་བ་འདིས་བསྡུ་བའི་དངོས་པོ་བཞིའི་མཚན་ཉིད་འཆད་དེ། བསྡུ་བའི་དངོས་པོ་བཞི་ལས། སྦྱིན་པས་བསྡུ་བའི་དངོས་པོ་ནི་
ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐབས་སུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟར་བཤད་པ་དང་དོན་མཚུངས་ཤིང་འདྲ་སྟེ། དེ་བས་ན་འདིར་མི་བཤད་དོ། །ཕྱི་ནས་སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཚུངས་པ་གསུམ་གྱི་མཚན་ཉིད་བཤད་པར་བྱ་སྟེ། སྦྱིན་པ་ནས་ཤེས་
རབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་དང་སྤྱིའི་མཚན་ཉིད་གཞན་ལ་གཏན་ཚིགས་སུ་འཆད་དེ་སྙན་པར་སྨྲ་བའི་མཚན་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སེམས་ཅན་བསྟབས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ཏུ་བཅུག་པ་ནི་དོན་སྤྱོད་པའི་མཚན་ཉིད་དོ། །
ཕ་རོལ་ཏུ་ཕྱིན་པ་གང་ལ་སེམས་ཅན་བཀོད་ཅིང་སྒྲུབ་ཏུ་བཅུག་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལ་བདག་ཉིད་རྗེས་སུ་འཇུག་ཅིང་བདག་ཉིད་ཀྱང་དེ་སྒྲུབ་པར་བྱེད་པ་ནི་དོན་མཚུངས་པའི་མཚན་ཉིད་དེ། བསྡུ་བའི་དངོས་པོ་བཞིའི་མཚན་ཉིད་ནི་དེ་ལྟར་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་
པས་བསྡུས་པའི་ཕྱིར་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་བཤད་པའི་སྐབས་ཡིན་པས་ཕ་རོལ་ཏུ་ཕྱིན་པར་གཏོགས་པའི་ཆོས་གཞན་ལ་བསྟན་པ་ནི་སྙན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྡུ་བའི་དངོས་པོ་བཞི་རྣམས་ཅིའི་ཕྱིར་བཞིར་བཤད་ཅེ་ན་ཞེས་བྱ་བ་ལ། བསྡུ་བའི་
དངོས་པོའི་མཚན་ཉིད་བཤད་ནས་བསྡུ་བའི་དངོས་པོ་བཞིར་གྲངས་ངེས་པར་ཅིའི་ཕྱིར་བཤད་པའི་གྲངས་ལ་སྤྱོད་དེ། བསྡུ་བའི་དངོས་པོ་ལྔ་ལ་སོགས་པ་མང་དུ་ཡང་མ་བཤད། གསུམ་ལ་སོགས་པ་ཉུང་དུ་ཡང་མ་བཤད་མ་བསྟན་པར་ཅིའི་ཕྱིར་གྲངས་རྣམ་པ་བཞི་ཁོ་ནར་གཞག་
Vol. 126 · folio 44a
ཅེས་བྱ་བའི་དོན་ཏོ། །དེ་དག་ཕ་རོལ་རྣམས་ཀྱི་ཐབས། །ཕན་པར་བྱེད་དང་འཛིན་པ་དང་། །རབ་ཏུ་འཇུག་དང་དེ་ལྟར་རྗེས་སུ་འཇུག །བསྡུ་བའི་དངོས་པོར་ཤེས་པར་བྱ། །ཞེས་བྱ་བ་ལ། འདི་ལྟར་བསྡུ་བའི་དངོས་པོ་རྣམས་ནི་སེམས་ཅན་བསྟན་པ་ལ་མ་ཞུགས་པ་
རྣམས་བསྟན་པ་ལ་གཟུད་པ་དང་། བསྟན་པ་ལ་ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། སྨིན་པར་བྱས་པ་རྣམས་གྲོལ་བར་བྱ་བའི་ཐབས་ཡིན་ཏེ། དེ་ལ་ཐབས་ཀྱང་རྣམ་པ་བཞིའོ། །གང་ཞེ་ན། ཕན་པར་བྱེད་པའི་ཐབས་དང་། འཛིན་པར་བྱེད་པའི་ཐབས་དང་། རབ་ཏུ་འཇུག་པར་
བྱེད་པའི་ཐབས་དང་། རྗེས་སུ་འཇུག་པའི་ཐབས་ཏེ། དེ་ལྟར་ཐབས་བཞི་ཡོད་པས་ན་བསྡུ་བའི་དངོས་པོ་ཡང་བཞི་ཁོ་ནར་ཟད་དེ་མི་མང་མི་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕན་པར་བྱེད་པའི་ཐབས་ནི་སྦྱིན་པ་སྟེ། བཟའ་བ་དང་བགོ་བ་ལ་སོགས་པ་སྦྱིན་པས་སེམས་ཅན་གྱི་བཀྲེས་པ་དང་གྲང་
བ་ལ་སོགས་པ་མེད་པར་བྱ་བའི་ཕྱིར་སེམས་ཅན་གྱི་ལུས་ལ་ཕན་བཏགས་སོ། །འཛིན་པར་བྱེད་པའི་ཐབས་ནི་སྙན་པར་སྨྲ་བ་སྟེ། འཛིན་པར་བྱེད་ཅེས་བྱ་བ་དང་། ཁོང་དུ་ཆུད་པར་བྱེད་ཅེས་བྱ་བ་དོན་གཅིག་གོ། འདི་ལྟར་སྙན་པར་སྨྲ་བས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རང་དང་སྤྱིའི་མཚན་
ཉིད་བཤད་པས་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མི་ཤེས་པ་དང་། ལོག་པར་ཤེས་པ་དང་། ཐེ་ཚོམ་དུ་གྱུར་པ་རྣམས་བསྡུས་ནས་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མ་ནོར་བར་བྱེད་པས་ན་འཛིན་པར་བྱེད་པའི་ཐབས་སོ། །རབ་ཏུ་འཇུག་པའི་ཐབས་ནི་དོན་སྤྱོད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་མི་
ཤེས་པ་དང་། ཐེ་ཚོམ་དུ་གྱུར་པ་རྣམས་ཀྱི་མི་ཤེས་པ་དང་ཐེ་ཚོམ་བསལ་ནས་ཕ་རོལ་ཏུ་ཕྱིན་པའི་དོན་ཁོང་དུ་ཆུད་པ་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་སྤྱོད་པ་ལ་འཇོག་ཅིང་། ཕ་རོལ་ཏུ་ཕྱིན་པ་སྤྱོད་དུ་བཅུག་པས་ན་རབ་ཏུ་འཇུག་པར་བྱེད་པའི་ཐབས་སོ། །རྗེས་སུ་འཇུག་པར་བྱེད་པའི་
ཐབས་ནི་དོན་མཚུངས་པ་སྟེ། དགེ་བའི་རྩ་བ་གང་ལ་སེམས་བཀོད་པའི་དགེ་བ་དེ་ལས་མ་ཉམས་ཤིང་རྒྱུན་དུ་སྤྱོད་དུ་གཞུག་པའི་ཕྱིར། བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་སྒྲུབ་པར་བྱེད་དེ་འདི་ལྟར་བདག་ཉིད་ཀྱིས་བསྒྲུབས་ནས་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་སྤྱོད་དུ་བཅུག་པ་རྣམས་
Vol. 126 · folio 44b
འདི་སྙམ་དུ་སེམས་ཏེ། ཕ་རོལ་ཏུ་ཕྱིན་པ་དགེ་བ་གང་ལ་བདག་ཅག་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་དེ་ལ་སྒྲུབ་པས་ན་བྱ་བ་འདིས་ནི་དམ་པ་ཡིན་ནོ་ཞེས་སེམས་ཅན་དག་ནན་ཏན་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པར་བྱེད་དོ། །ཡང་དག་པར་བསྟན་པ་ལ་ཇི་ལྟར་
སྨྲ་བ་དེ་བཞིན་བྱེད་པར་ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ནི་དམ་པ་དང་གཙོ་བོ་ཡིན་པས་སྒྲུབ་པའི་རིགས་སོ་ཞེས་སྨྲས་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སེམས་ཅན་བཀོད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའི་ཚིག་ཏུ་
ཇི་སྐད་སྨྲ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་དེ་ལ་སྒྲུབ་པར་ཤེས་ནས་སེམས་ཅན་རྣམས་ཀྱང་ནན་ཏན་གྱིས་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་དེ། དེ་བས་ན་སེམས་ཅན་སྒྲུབ་ཏུ་གཞུག་པའི་ཕྱིར་བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ནི་རྗེས་སུ་འཇུག་པའི་ཐབས་ཞེས་བྱའོ། །
ཐོག་མ་ཁོ་ནར་སྣོད་དུ་གྱུར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྡུ་བའི་དངོས་པོ་བཞིའི་ལས་འཆད་དེ། དེ་ལ་དང་པོ་ཁོ་ནར་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པའི་སྣོད་དུ་བྱེད་པ་ནི་སྦྱིན་པ་སྟེ། བྱང་ཆུབ་སེམས་དཔའ་སྦྱིན་པས་སེམས་ཅན་ལ་ཕན་བཏགས་ན་
བྱང་ཆུབ་སེམས་དཔའ་ཇི་ལྟར་དགེ་བ་བྱེད་དུ་བཅུག་པ་དེ་བཞིན་དུ་སེམས་ཅན་དགེ་བ་བྱེད་པས་ནི་སྦྱིན་པའི་ལས་ནི་སེམས་ཅན་སྣོད་དུ་གྱུར་པར་བྱེད་པའོ། །གཉིས་པས་སུ་ནི་མོས་པར་བྱེད། །ཅེས་བྱ་བ་ལ། གཉིས་པ་ནི་སྙན་པར་སྨྲ་བ་སྟེ། སྙན་པར་སྨྲ་བས་ནི་ཕ་རོལ་ཏུ་ཕྱིན་པ་དང་ཡང་
དག་པར་ལྡན་པའི་ཆོས་རྣམས་ལ་མོས་པར་བྱེད་དོ། །ཇི་ལྟ་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མི་ཤེས་པ་དང་། ལོག་པར་ཤེས་པ་དང་། ཐེ་ཚོམ་དུ་གྱུར་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མ་ནོར་བར་བཤད་པས། མི་ཤེས་པ་དང་། ལོག་པར་ཤེས་པ་དང་། ཐེ་ཚོམ་
བསལ་ན་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ལ་མོས་ཤིང་དད་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གསུམ་པས་ཡང་དག་སྒྲུབ་པར་བྱེད། །ཅེས་བྱ་བ་ལ། གསུམ་པ་ནི་དོན་སྤྱོད་པ་སྟེ། དོན་སྤྱོད་པས་ནི་ཡང་དག་པར་སྒྲུབ་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་པ་ལ་སེམས་
Vol. 126 · folio 45a
ཅན་འཇོག་པར་བྱེད་པའི་ཕྱིར་རོ། །བཞི་པས་རྣམ་པར་སྤྱོད་པར་བྱེད། །ཅེས་བྱ་བ་ལ། བཞི་པས་ནི་དོན་མཚུངས་པ་སྟེ། དེས་ནི་རྣམ་པར་སྤྱོད་པར་བྱེད་དེ། ཇི་ལྟ་ཞེ་ན། སེམས་ཅན་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལ་བརྟན་པོར་བྱ་བའི་ཕྱིར་ཡུན་རིང་པོར་བདག་ཉིད་ཕ་
རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་དེ། སེམས་ཅན་གྱི་དོན་དུ་ཡུན་རིང་པོར་བདག་གིས་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ནས་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དྲི་མ་མེད་ཅིང་དག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྡུ་བ་རྣམ་པ་བཞི་དག་ནི། །བསྡུ་བ་རྣམ་པ་གཉིས་སུ་འདུས། །ཟང་ཟིང་དང་ནི་ཆོས་ཀྱིས་ཀྱང་། །
དམིགས་པའི་ཆོས་ལ་སོགས་པས་སོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བསྡུ་བའི་དངོས་པོ་བཞི་རྣམས་དོན་གཉིས་སུ་སྡུད་པར་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་མདོ་ཁ་ཅིག་ལས་བསྡུ་བའི་དངོས་པོ་བཞི་ཞེས་བཤད། ཁ་ཅིག་ལས་བསྡུ་བའི་དངོས་པོ་གཉིས་ཞེས་བཤད་དེ།
བསྡུ་བའི་དངོས་པོ་བཞིར་གསུངས་པ་དེ་ཡང་བསྡུ་བའི་དངོས་པོ་རྣམ་པ་གཉིས་སུ་འདུས་ཏེ། བསྡུ་བའི་དངོས་པོ་གཉིས་ནི་ཟང་ཟིང་གིས་བསྡུ་བ་དང་། ཆོས་ཀྱིས་བསྡུ་བའོ། །དེ་ལ་སྦྱིན་པས་བསྡུ་བའི་དངོས་པོ་ནི་ཟང་ཟིང་གིས་བསྡུ་བའི་ནང་དུ་འདུས་སོ། །སྙན་པར་སྨྲ་བ་དང་། དོན་སྤྱོད་
པ་དང་། དོན་མཚུངས་པ་གསུམ་ནི་ཆོས་ཀྱིས་བསྡུ་བའི་ནང་དུ་འདུས་སོ། །གསུམ་ཇི་ལྟར་ཆོས་ཀྱིས་བསྡུ་བའི་ནང་དུ་བསྡུས་ཤེ་ན། ཇི་ལྟར་ཆོས་རྣམ་པ་གསུམ་སྟེ། དམིགས་པའི་ཆོས་དང་། སྒྲུབ་པའི་ཆོས་དང་། དེ་རྣམ་པར་དག་པའི་ཆོས་སོ། །དེ་ལ་དམིགས་པའི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་
ལྡན་པའི་མདོ་སྡེ་ལ་སོགས་པ་ལ་བྱ་སྟེ། དམིགས་པའི་ཆོས་ཀྱི་ནང་དུ་སྙན་པར་སྨྲ་བ་འདུས་ཏེ། ཇི་ལྟ་ཞེ་ན། སྙན་པར་སྨྲ་བས་ཕ་རོལ་ཏུ་ཕྱིན་པའི་ཆོས་འཆད་པར་བྱེད་པའི་ཕྱིར་རོ། །སྒྲུབ་པའི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ཅིང་སྦྱོང་བར་བྱེད་པ་སྟེ། དེའི་ནང་དུ་ནི་དོན་སྤྱོད་པ་འདུས་སོ། །
ཇི་ལྟ་ཞེ་ན། དོན་སྤྱོད་པས་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་སྒྲུབ་ཏུ་བཅུག་པའི་ཕྱིར་རོ། །རྣམ་པར་དག་པའི་ཆོས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་བྲལ་བ་སྟེ། དེའི་ནང་དུ་ནི་དོན་མཚུངས་པ་འདུས་སོ། །རྣམ་དབྱེ་ཐ་མ་དང་ནི་བར་མ་མཆོག །
Vol. 126 · folio 45b
ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྡུ་བའི་དངོས་པོ་བཞིའི་རབ་ཏུ་དབྱེ་བ་འཆད་དེ། དེ་ལ་ཉན་ཐོས་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་ནི་ཐ་མ་ཞེས་བྱ་སྟེ། གཞན་གྱི་དོན་མི་བྱེད་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་བསྡུ་བའི་དངོས་པོ་བཞི་ནི་བར་མ་ཞེས་བྱ་སྟེ། དད་པ་ལ་
སོགས་པའི་དབང་པོ་བར་མ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་ནི། མཆོག་ཅེས་བྱ་སྟེ། བདག་དང་གཞན་གྱི་དོན་དུ་ཞུགས་པའི་ཕྱིར་རོ། །ཡང་ན་བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོ་བཞིས་བསྡུས་ནས་ཉན་ཐོས་ཀྱི་ཐེག་པ་ལ་བཀོད་
པའི་བསྡུ་བའི་དངོས་པོ་བཞི་ནི་ཐ་མ་ཞེས་བྱའོ། །བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་ཏེ། རང་སངས་རྒྱས་ཀྱི་ཐེག་པ་ལ་བཀོད་ན་བསྡུ་བའི་དངོས་པོ་བཞི་པོ་དེ་དག་བར་མ་ཞེས་བྱའོ། །བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་ཏེ། ཐེག་པ་ཆེན་པོ་ལ་བཀོད་ན་བསྡུ་བའི་
དངོས་པོ་དེ་དག་མཆོག་ཅེས་བྱའོ། །བསྡུ་བ་ཕལ་ཆེར་སྟོངས་མི་སྟོངས། །རྣམ་ཀུན་མི་སྟོངས་ཤེས་པར་བྱ། །ཞེས་བྱ་བ་ལ། མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་ཤིང་སྨིན་པར་བྱེད་པ་ནི་ཕལ་ཆེར་སྨིན་
པར་མི་འགྱུར་ལ། ཆུང་ཤས་ཤིག་སྨིན་པར་འགྱུར་བས་ཕལ་ཆེར་སྟོངས་པ་ཞེས་བྱ་བ་སྟེ། ཆོས་ཀྱི་དེ་ཁོ་ན་མ་མཐོང་བ་དང་སེམས་ཅན་གྱི་བསམ་པ་མི་ཤེས་པས་ན་ཕལ་ཆེར་དོན་མེད་པར་འགྱུར་རོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་བྱང་ཆུབ་སེམས་དཔས་བསྡུས་པའི་དངོས་པོ་
བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་ཕལ་ཆེར་སྨིན་པར་འགྱུར་གྱི། ཅུང་ཟད་ཙམ་སྨིན་པར་མི་འགྱུར་བས་ན་ཕལ་ཆེར་མི་སྟོངས་པ་ཞེས་བྱ་སྟེ། ཕལ་ཆེར་དོན་ཡོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ས་བརྒྱད་དང་། དགུ་དང་། བཅུ་པའི་བྱང་ཆུབ་སེམས་དཔའ་དག་གིས་བསྡུ་
པའི་དངོས་པོ་བཞིས་སེམས་ཅན་བསྡུ་ཞིང་སྨིན་པར་བྱས་པ་རྣམས་ཇི་ལྟར་སྨིན་པར་བྱས་པ་དེ་བཞིན་དུ་ཐམས་ཅད་སྨིན་པར་འགྱུར་ཏེ། གཅིག་ཀྱང་ཆུད་མི་ཟ་བས་རྣམ་པ་ཀུན་དུ་མི་སྟོངས་པ་ཡིན་པར་ཤེས་པར་བྱའོ། །འཁོར་སྡུད་པ་ལ་ཞུགས་པ་རྣམས། །ཚུལ་འདི་ཉིད་ལ་གནས་པས་ན། །
Vol. 126 · folio 46a
ཐམས་ཅད་དོན་ནི་འགྲུབ་པའི་ཕྱིར། །ཀུན་དུ་ཐབས་སུ་འདི་བསྔགས་སོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བསྡུ་བའི་དངོས་པོ་བཞི་སེམས་ཅན་སྨིན་པར་བྱེད་པའི་ཐབས་སུ་གྱུར་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་འཁོར་རྣམ་པ་བཞི་བསྡུ་ཞིང་སྨིན་པར་བྱེད་པ་རྣམས་
ཀྱང་བསྡུ་བའི་དངོས་པོའི་ཚུལ་འདི་ཉིད་ལ་གནས་ཤིང་ཐབས་འདི་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། སེམས་ཅན་སྨིན་པར་བྱ་བའི་ཐབས་འདི་ལས་མ་གཏོགས་པར་གཞན་མེད་དོ། །ཅིའི་ཕྱིར་ཞེ་ན། བསྡུ་བའི་དངོས་པོ་བཞིས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་བྱེད་
པའི་ཕྱིར་ཏེ། དེ་བས་ན་སེམས་ཅན་གྱི་དོན་གྲུབ་པར་བྱེད་པའི་ཐབས་སླ་བ་ནི་བསྡུ་བའི་དངོས་པོ་བཞི་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་ཤིང་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདི་ཉིད་ཀྱིས་དོན་གསལ་བར་བཤད་པའི་ཕྱིར། བསྡུས་པ་དག་དང་སྡུད་
འགྱུར་དང་། །ད་ལྟར་སྡུད་པར་བྱེད་པ་དང་། །ཐམས་ཅད་དེ་བཞིན་དེ་བས་ན། །སེམས་ཅན་སྨིན་ཕྱིར་དེ་ལམ་མོ། །ཞེས་སྨོས་ཏེ། འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་བསྡུས་པ་ཡང་བསྡུ་བའི་དངོས་པོ་བཞི་པོ་འདི་ཉིད་ལ་གནས་ནས་
བསྡུས་ཤིང་སྨིན་པར་བྱས་པ་དང་། མ་འོངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་བསྡུ་ཞིང་སྨིན་པར་བྱ་བ་ཡང་། བསྡུ་བའི་དངོས་པོ་འདི་ཉིད་ལ་གནས་ནས་བསྡུས་ཤིང་སྨིན་པར་བྱེད་པར་འགྱུར་བ་དང་། ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱིས་སེམས་ཅན་སྡུད་ཅིང་སྨིན་པར་བྱེད་པ་ཡང་། བསྡུ་བའི་དངོས་པོ་བཞི་པོ་འདི་ཉིད་ལ་གནས་ནས་སེམས་ཅན་བསྡུས་ཤིང་སྨིན་པར་བྱེད་དེ། དེ་བས་ན་བསྡུ་བའི་དངོས་པོ་བཞི་པོ་འདི་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལམ་གཅིག་པུ་ཐེག་པ་གཅིག་པུ་སྟེ།
འདི་ལས་སེམས་ཅན་བསྒྲལ་བར་བྱ་བའི་ལམ་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའི་ཕྱིར་དེ་ལྟར་ལོངས་སྤྱོད་ལ་རྟག་ཏུ་མི་ཆགས་སོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་སྨོས་སོ། །
Vol. 126 · folio 46b
དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་དེ་ལྟར་ན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་ན་ལོངས་སྤྱོད་ལ་རྟག་ཏུ་མི་ཆགས་པའི་བློ་དང་ལྡན་པ་ཞེས་བྱ་སྟེ། ལོངས་སྤྱོད་གང་ལ་ཡང་ཆགས་པའི་སེམས་མི་སྐྱེ་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་ལྡན་པས་ན་ཞི་བ་ཞེས་བྱ་སྟེ། འདོད་ཆགས་ལ་སོགས་པའི་རྒྱུ་ལས་བྱུང་བའི་སྲོག་གཅོད་པ་ལ་སོགས་པའི་ལམ་ཞི་བར་མི་བྱེད་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་སྡོམ་པ་ཞེས་བྱ་སྟེ། ཞེ་སྡང་གིས་སེམས་མི་འཁྲུགས་པར་བསྡམས་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས། བརྩོན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབ་པ་མཐར་ཕྱིན་པ་བྱེད་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་གནས་ཉིད་ཅེས་བྱ་སྟེ། སེམས་ཕྱི་རོལ་དུ་མི་གཡེང་ཞིང་སེམས་རྩེ་གཅིག་ཏུ་གནས་པ་ཐོབ་པའི་
ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་སྲིད་པའི་ཡུལ་ལ་མཚན་མར་རྣམ་པར་མི་རྟོག་ཅེས་བྱ་སྟེ། །སྲིད་པ་ནི་ནང་གི་དངོས་པོ་ཕུང་པོ་ལྔའོ། །ཡུལ་ནི་ཕྱིའི་དངོས་པོ་གཟུགས་ལ་སོགས་པའོ། །མཚན་མ་ནི་ཕྱི་ནང་གཉི་གའི་དངོས་པོའོ། །བདག་གི་རྒྱུད་ལས་མ་གཏོགས་པའི་སེམས་
ཅན་གཞན་ཏེ་དེ་དག་ལ་ཡོད་པར་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ལས་བདག་ཡོངས་སུ་སྨིན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གཞན་ཡང་ཡོངས་སུ་སྨིན་པར་བྱེད། དེ་བས་ན་དེས་ནི་སེམས་ཅན་ཚོགས་རྣམས་བསྡུས་
པ་ཡིན། །ཞེས་སྨོས་ཏེ། །ཕ་རོལ་ཏུ་ཕྱིན་པ་དང་། དེ་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་སོ།། །།སངས་རྒྱས་ལ་མཆོད་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་
ཏེ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོའི་རྗེས་ལ་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚད་མེད་པ་བཞི་ལ་འཇུག་པ་འཆད་དེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོའི་རྗེས་ལ་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་
Vol. 126 · folio 47a
གཉེན་ལ་བརྟེན་པ་དང་། ཚད་མེད་པ་ལ་འཇུག་པའི་སྐབས་འཆད་པར་འབྲེལ་པ་ཅི་ཡོད་ཅེ་ན། སྔར་བདག་ལ་ཕན་པ་བསྒྲུབ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་བསྒྲུབས་པས་ནི་བདག་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སེམས་
ཅན་གཞན་ལ་ཕན་པར་བྱ་བའི་ཕྱིར་ནི། བསྡུ་བའི་དངོས་པོ་བཤད་དེ་བསྡུ་བའི་དངོས་པོས་ནི་སེམས་ཅན་ལ་ཕན་འདོགས་པར་འགྱུར་རོ། །དེ་ལ་བདག་ལ་ཕན་པ་ཕུན་སུམ་ཚོགས་ཤིང་བདག་གི་འབྱོར་པ་ལ་ཆགས་པར་གྱུར་ན་ཚོགས་ཀྱི་བར་དུ་གཅོད་དེ། དེ་བས་ན་བདག་ལ་ཆགས་པ་བསལ་
བར་བྱ་བའི་གཉེན་པོར་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའོ། །སངས་རྒྱས་ལ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཕྱིའི་དངོས་པོ་གཏོང་བ་ལ་གོམས་ན་ལོངས་སྤྱོད་ལ་ཆགས་པའི་བསམ་པ་མི་སྐྱེ་བར་འགྱུར་རོ། །ལུས་དང་སྲོག་ལ་ཡང་མི་ཕངས་པར་
དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་བདག་གི་ལུས་དང་སྲོག་ལ་ཡོད་པའི་བདེ་བའི་ལོངས་སྤྱོད་ལ་ཆགས་པར་མི་འགྱུར་ཏེ། དེ་བས་ན་ཆགས་པ་རྣམ་པ་གཉིས་སྤང་བར་བྱ་བའི་ཕྱིར་སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་
པར་བྱའོ། །བསྡུ་བའི་དངོས་པོ་བཞིས་གཞན་གྱི་དོན་དུ་ཞུགས་པ་ན་ཡང་སེམས་ཅན་གྱི་ལོག་པར་སྤྱོད་པ་དང་། འཁོར་བའི་སྡུག་བསྔལ་དག་བྱུང་ན་བྱང་ཆུབ་སེམས་དཔའ་ཚད་མེད་པ་བཞི་དང་མི་ལྡན་པ་དང་སེམས་ཅན་རྣམས་ལ་བཏང་སྙོམས་སུ་འདོར་ཞིང་སེམས་ཅན་འདུལ་བར་མི་བྱེད་དེ།
དེ་བས་ན་དེའི་གཉེན་པོར་ཚད་མེད་པ་རྣམས་བཤད་དེ། ཚད་མེད་པ་བཞིས་ཡོངས་སུ་ཟིན་ཅིང་ཚད་མེད་པ་བཞི་ལ་གོམས་པར་བྱས་ན་གནས་སྐབས་ཐམས་ཅད་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་མི་གཏོང་སྟེ། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་བཤད་པའི་རྗེས་ལ།
སངས་རྒྱས་ལ་མཆོད་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚད་མེད་པ་བཤད་པའི་སྐབས་བཤད་པའི་ཕྱིར་འབྲེལ་ཏོ། །དེ་ལ་སངས་རྒྱས་ལ་མཆོད་པ་ཕྱེ་ན་དུ་ཡོད་པའི་མཆོད་པའི་རབ་ཏུ་དབྱེ་བ་ཚིགས་སུ་བཅད་པ་བདུན་ཞིག་གིས་ཇེ་སྟོན་ཏོ། །མངོན་སུམ་ལྐོག་ནས་མཆོད་
Vol. 126 · folio 47b
པ་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིའི་བསྡུས་པའི་དོན་ནི། མཆོད་པ་བཞི་དང་དངོས་པོ་དང་། །མཚན་མ་དང་ནི་བསྔོ་བ་དང་། །རྒྱུ་དང་ཡེ་ཤེས་ཞིང་དང་ནི། །གནས་པས་ཀྱང་ནི་བསྟན་པའོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ལྔ་པས་བསྟན་ཏོ། །དེ་ལ་སངས་རྒྱས་ལ་
མཆོད་པ་རྣམ་པ་གཉིས་ཏེ། མངོན་སུམ་ནས་མཆོད་པ་དང་། ལྐོག་ནས་མཆོད་པའོ། །མངོན་སུམ་དང་ལྐོག་ནི་སངས་རྒྱས་རྣམས་ནི་མཆོད་པའི་གཞིའོ། །དེ་ལ་དུས་བཟང་པོའི་ཚེ་ན་ནི་སེམས་ཅན་བསོད་ནམས་ཅན་དག་གིས་མངོན་པར་སངས་རྒྱས་པའི་སངས་རྒྱས་ཉིད་ལ་མཆོད་པར་བྱེད་དེ།
དེ་ནི་མངོན་སུམ་གྱི་མཆོད་པ་ཞེས་བྱའོ། །དུས་ངན་པའི་ཚེ་ན་ནི་དེ་བཞིན་གཤེགས་པ་མངོན་སུམ་དུ་མི་བཞུགས་པས་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་རི་མོ་དང་མཆོད་རྟེན་ལ་སོགས་པ་ལ་མཆོད་པ་བྱེད་དེ། དེ་ལ་ནི་ལྐོག་ནས་མཆོད་པ་ཞེས་བྱའོ། །སངས་རྒྱས་རྣམས་ལ་གོས་ལ་སོགས། །
ཞེས་བྱ་བས་དངོས་པོ་བསྟན་ཏེ། སངས་རྒྱས་ལ་མཆོད་པ་ཡང་ཆོས་གོས་དང་ལྷུང་བཟེད་དང་གདུགས་དང་རྒྱལ་མཚན་ལ་སོགས་པས་མཆོད་དེ་སོགས་པའི་ནང་དུ་ནི་ཉན་པ་དང་སེམས་པ་ལ་སོགས་པ་བྱེད་པ་ཡང་བསྡུའོ། །ཤིན་ཏུ་དད་པའི་སེམས་ཀྱིས་ཏེ། །ཞེས་བྱ་བས་མཚན་མ་བསྟན་ཏེ།
དེ་ལྟར་དེ་མཆོད་པ་དེ་དེ་ཡང་རྒྱུ་གང་གིས་མཆོད་ཅེ་ན། དེ་བཞིན་གཤེགས་པ་ནི་ཉེས་པ་ཐམས་ཅད་སྤངས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་པས་བསོད་ནམས་ཀྱི་ཞིང་ཡིན་ནོ་སྙམ་དུ་དད་ཅིང་མོས་པའི་ཤུགས་ཀྱིས་མཆོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚོགས་གཉིས་རྫོགས་པར་བྱ་
བའི་ཕྱིར་ཞེས་བྱ་བས་བསྔོ་བའི་མཚན་མ་བསྟན་ཏེ། སངས་རྒྱས་ལ་མཆོད་པ་བྱེད་པ་དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་བསྔོས་ནས་མཆོད་དེ། དེ་ཡང་ཇི་ལྟར་བསྔོ་ཞེ་ན། བདག་གིས་མཆོད་པ་བྱས་པ་དེས་མྱུར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
རྫོགས་པར་གྱུར་ཅིག་ཅེས་བསྔོའོ། །སངས་རྒྱས་སྐྱེ་བས་མི་སྟོངས་པ། །སྨོན་ལམ་དང་ནི་ལྡན་པ་སྟེ། །ཞེས་བྱ་བས་རྒྱུ་བསྟན་ཏེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་དང་། མཆོད་པ་བྱེད་པ་རྣམས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་བསྔོ་བ་
Vol. 126 · folio 48a
ཡང་ཚེ་རབས་སྔ་མ་དག་ནི་གར་སྐྱེས་ཀྱང་སངས་རྒྱས་སྐྱེ་བས་མི་སྟོངས་པར་སྐྱེ་བར་སྨོན་ལམ་བཏབ་པའི་རྒྱུ་ལས་མཆོད་པ་བྱེད་པ་དང་བསྔོ་བ་འབྱུང་སྟེ། སྨོན་ལམ་ཡང་སངས་རྒྱས་སྐྱེ་བ་དང་བསྐལ་པར་མ་གྱུར་ཅིག་པ་དང་། དེར་ཡང་སངས་རྒྱས་རྣམས་ལ་མཆོད་པ་
བྱེད་པར་གྱུར་ཅིག་པ་དང་། མཆོད་པ་བྱས་པ་རྣམས་ཀྱང་འབྲས་བུ་མེད་པ་དང་དོན་མེད་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའོ། །དམིགས་པ་མེད་པ་གསུམ་དག་ནི། །སངས་རྒྱས་མཆོད་པར་རྫོགས་པའོ་ཞེས་བྱ་བས་ཡེ་ཤེས་གང་གིས་ཟིན་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་སངས་རྒྱས་མཆོད་པ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་མཆོད་པར་བྱ་བའི་སངས་རྒྱས་དང་། མཆོད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང་། མཆོད་པའི་ཡོ་བྱད་ཆོས་གོས་ལ་སོགས་པ་ཡོད་པར་མི་དམིགས་པས་མཆོད་དེ། དམིགས་སུ་མེད་པའི་ཚུལ་གྱིས་མཆོད་པ་
ནི་སངས་རྒྱས་ལ་མཆོད་པ་རྫོགས་པ་ཞེས་བྱའོ། །ཚད་མེད་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གཞན་ཞེས་བྱ་བས་ཞིང་བསྟན་ཏེ། གཞན་ཡང་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོད་པ་ལ་འཇུག་སྟེ། ཇི་ལྟར་ཡོངས་སུ་སྨིན་པར་བྱ་ཞེ་ན། སེམས་
ཅན་ཞིང་དང་འདྲ་བའི་སེམས་ཀྱི་རྒྱུད་ལ་དེ་བཞིན་གཤེགས་པ་ལ་ཇི་ལྟར་མཆོད་པར་བྱ་བའི་ཆོས་བཤད་ནས། མ་འོངས་པ་ན་མཆོད་པ་བྱེད་པར་འགྱུར་བའི་ས་བོན་བསྐྲུངས་པ་དང་། མཆོད་པའི་ལས་དག་བྱེད་དུ་བཙུད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །དངོས་པོ་དག་དང
སེམས་པ་གཞན། །ཞེས་བྱ་བས་གནས་བསྟན་ཏེ། དེ་ལ་མཆོད་པར་བྱ་བའི་གནས་ནི་རྣམ་པ་གཉིས་ཏེ། དངོས་པོ་ལ་གནས་པ་དང་། སེམས་ལ་གནས་པའོ། །དེ་ལ་དངོས་པོ་ལ་གནས་པ་ནི་ནོར་རྫས་ལ་བརྟེན་ནས་ཆོས་གོས་ལ་སོགས་པས་མཆོད་པར་བྱེད་པའོ། །སེམས་པ་ལ་གནས་
པ་ནི་སེམས་ཀྱི་ཁྱད་པར་གྱིས་མཆོད་པ་སྟེ། དེ་ཡང་གང་དག་ཡིན་པ་བསྟན་པའི་ཕྱིར། །མོས་པ་དག་དང་རྟེན་གྱིས་སོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་པ་ལ་གནས་པ་ཡང་མོས་པ་དང་རྟེན་དང་། སྙིང་བརྩེ་བ་དང་། བཟོད་པ་དང་། གཞན་ཡང་དག་པར་སྤྱོད་པ་དང་།
Vol. 126 · folio 48b
དངོས་པོ་ལ་སྤྱོད་པ་དང་། རྟོགས་པ་དང་། རྣམ་པར་ཐར་པ་དང་། ཡང་དག་པའོ། །དེ་དག་གི་མཚན་ཉིད་ནི་འགྲེལ་བའི་སྐབས་སུ་བཤད་པར་བྱའོ། །བདག་སངས་རྒྱས་སྐྱེ་བ་འབྲས་བུ་ཡོད་པར་གྱུར་ཅིག་ཅེས་སྔོན་སྨོན་པའོ་ཞེས་བྱ་བ་ལ། རྒྱུ་ནི་ཚེ་རབས་སྔ་མར་སྨོན་ལམ་བཏབ་སྟེ། ཇི་ལྟར་སྨོན་
ལམ་བཏབ་ཅེ་ན། འཇིག་རྟེན་དུ་སངས་རྒྱས་བཅོམ་ལྡན་འདས་བྱུང་བར་གྱུར་པ་ན་བདག་དང་བསྐལ་པར་མ་གྱུར་ཅིག་པ་དང་། སངས་རྒྱས་རྣམས་དང་ཕྲད་ནས་ཀྱང་སངས་རྒྱས་ལ་མཆོད་པ་བྱེད་པར་གྱུར་ཅིག་པ་དང་། མཆོད་པ་བྱས་པ་རྣམས་ཀྱང་འབྲས་བུ་ཡོད་པ་དང་། དོན་ཡོད་པར་གྱུར་
ཅིག་ཅེས་སྨོན་ལམ་བཏབ་པའོ། །ཞིང་ཚད་མེད་པའི་སེམས་ཅན་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པའི་ས་བོན་འདེབས་པའི་ཞིང་ནི་སེམས་ཅན་ཚད་མེད་པ་རྣམས་ཏེ། སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་བཤད་པ་ནས་སེམས་ཅན་གྱི་སེམས་ཀྱི་ཞིང་ལ་མཆོད་
པ་ཇི་ལྟར་བྱ་བའི་ཆོས་བཤད་ནས་མཆོད་པའི་ས་བོན་བསྐྲུངས་པ་དང་། སེམས་ཅན་རྣམས་ཀྱང་མཆོད་པའི་ལས་བྱེད་དུ་འཛུད་པའོ། །སེམས་ལ་གནས་ནས་རོ་མྱང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སེམས་ལ་གནས་པ་ནི་རོ་མྱང་བ་ལ་སོགས་པ་ནས་ཡང་དག་པ་ཉིད་ཀྱི་བར་དག་ལ་
གནས་པའོ། །དེ་ལ་སྔོན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པ་དེ་ཉིད་ལ་ཡོན་ཏན་དུ་མཐོང་ཞིང་དེས་དགའ་བ་སྐྱེས་པ་ནི་རོ་མྱང་བ་ཞེས་བྱའོ། །ཕྱོགས་བཅུ་ན་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱས་པ་ལ་སེམས་དགའ་བ་ནི་རྗེས་སུ་ཡི་རང་བ་ཞེས་བྱའོ། །
བདག་དང་སེམས་ཅན་རྣམས་མ་འོངས་པ་ན་ཡང་སངས་རྒྱས་ལ་མཆོད་པ་བྱེད་པར་འགྱུར་བར་དགའ་ཞིང་དེ་ལྟར་སྨོན་པ་ནི་མངོན་པར་དགའ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །ཇི་ལྟར་གསུངས་པའི་མོས་པ་ལ་སོགས་པ་སྟེ་ཞེས་བྱ་བ་ལ། གཞན་ཡང་མོས་པ་དང་། བསམ་པ་དང་། འབྱོར་པ་རྙེད་པ་
དག་ཀྱང་སེམས་པ་ལ་གནས་ནས་མཆོད་པ་ཞེས་བྱའོ། །དེ་ལ་མོས་པ་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟར་བྱ་བའི་ཆོས་དང་དོན་འཆད་པའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་མོས་ཤིང་དད་པ་སྟེ་དེས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ནོ། །བསམ་པ་ཡང་རྣམ་པ་དགུ་སྟེ། རོ་མྱང་བ་
Vol. 126 · folio 49a
དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་དང་། ཆོག་མི་ཤེས་པ་དང་རྒྱ་ཆེ་བ་དང་། དགའ་བ་དང་། ཕན་འདོགས་པ་དང་། ཉོན་མོངས་པ་མེད་པ་དང་། དགེ་བའི་བསམ་པ་སྟེ། དེ་དག་གི་མཚན་ཉིད་ནི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བཤད་པ་བཞིན་དུ་སྦྱར་
རོ། །འབྱོར་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སོ་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚེ་རབས་གར་སྐྱེས་ཀྱང་བདག་དང་གཞན་ལ་ཕན་པ་བསྒྲུབ་པ་དང་། དེ་
བཞིན་གཤེགས་པ་ལ་མཆོད་པ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལ་བརྟེན་པ་ཞེས་བྱ་སྟེ། དེས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པར་འགྱུར་རོ། །སྨོན་ལམ་ཅིའི་ཕྱིར་མིང་དུ་བརྟེན་པ་ཞེས་བཏགས་ཤེ་ན། དེའི་ཕྱིར། སྨོན་པ་ནི་ཚིགས་སུ་བཅད་པ་སྦྱར་བའི་ཕྱིར། འདིར་
རྟེན་དུ་གསུངས་སོ་ཞེས་སྨོས་སོ། །སྨོན་པ་ལ་སྨོན་པ་ཉིད་མ་བཅུག་པར་བརྟེན་པའི་ཚིག་བཅུག་པ་ནི། ཚིགས་བཅད་རྐང་པ་སྦྱར་བ་ལ་མི་བདེ་བས་ནི་སྨོན་ལམ་གྱི་ཚིག་བརྟེན་པར་བཏགས་ནས་ཚིགས་སུ་བཅད་པའི་ནང་དུ་བརྟེན་པའི་ཚིག་བཅུག་གོ། །སེམས་ཅན་རྣམས་ལ་སྙིང་
བརྩེ་བ་དང་ཞེས་བྱ་བ་ལ། སེམས་ཅན་སྡུག་བསྔལ་བ་མཐོང་ན་སྙིང་རྗེ་སྐྱེ་ཞིང་དེ་དག་གི་སྡུག་བསྔལ་བསལ་བར་འདོད་པ་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། སྙིང་བརྩེ་བའི་སེམས་དེས་ཀྱང་སངས་རྒྱས་རྣམས་ལ་མཆོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་སེམས་ཅན་ཡོངས་སུ་སྨིན་པར་
བྱེད་པའི་ཕྱིར་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་ལེན་པ་ལ་ནི་དཀའ་བར་སྤྱོད་པའི་སྡུག་བསྔལ་ཉམས་སུ་ལེན་པ་ཞེས་བྱ་སྟེ། དེས་ཀྱང་སངས་རྒྱས་ལ་མཆོད་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་
ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྤྱོད་པ་ཞེས་བྱ་སྟེ། དེས་ཀྱང་སངས་རྒྱས་ལ་མཆོད་པར་འགྱུར་རོ། །ཚུལ་བཞིན་དུ་ཆོས་ཡིད་ལ་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་
Vol. 126 · folio 49b
ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་དངོས་པོར་སྤྱོད་པ་ཞེས་བྱ་སྟེ། དངོས་པོ་སྤྱོད་པ་ལ་ཅིའི་ཕྱིར་ཚུལ་བཞིན་ཞེས་བྱ་ཞེ་ན། དེས་ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱས་པས་ན། དངོས་པོ་སྤྱོད་པ་ལ་ཚུལ་བཞིན་ཡིད་
ལ་བྱེད་པ་ཞེས་བྱའོ། །མཐོང་བའི་ལམ་ལ་ཡང་དག་པའི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ། ས་དང་པོ་ཐོབ་ནས་མཐོང་བའི་ལམ་སྐྱེས་པ་ན་བདག་མེད་པ་གཉིས་ཁོང་དུ་ཆུད་པའི་ཡང་དག་པའི་ལྟ་བ་སྐྱེས་པ་ལ་དངོས་པོ་ཆུད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཡང་དག་པའི་ལྟ་བ་དེ་ལ་དངོས་པོ་ཆུད་པ་
ཞེས་བྱ་ཞེ་ན། ཡང་དག་པའི་ལྟ་བ་དེས་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའི་དོན་ཕྱིན་ཅི་མ་ལོག་པར་ཆུད་པའི་ཕྱིར་ཏེ། དེ་ལྟར་ཡང་དག་པའི་ལྟ་བ་སྐྱེས་པ་དེས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་རོ། །ཉན་ཐོས་རྣམས་ཀྱི་ཉོན་མོངས་པའི་ལས་རྣམ་པར་གྲོལ་
བས་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་རྣམས་ཀྱིས་ཤེས་བྱའི་སྒྲིབ་པ་མ་སྤངས་ཉོན་མོངས་པའི་སྒྲིབ་པ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པ་ལ་རྣམ་པར་ཐར་པ་ཞེས་བྱ་སྟེ། དེས་ཀྱང་ཉན་ཐོས་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ཡང་དག་པ་ཉིད་ཀྱིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་རིམ་གྱིས་བསྒྲུབས་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པའི་རིམ་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་ཡང་དག་པ་ཉིད་ཅེས་བྱ་སྟེ། བྱང་ཆུབ་ཆེན་པོ་ཐོབ་
པ་དེས་ཀྱང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པའི་རབ་ཏུ་དབྱེ་བ་རྣམ་པ་གཅིག་བཤད་ཟིན་ཏོ། །ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་དང་། ནང་དང་ཕྱི་དང་། རགས་པ་དང་། ཕྲ་བ་དང་། བཟང་
པོ་དང་། ངན་པ་དང་། ཉེ་བ་དང་། རིང་བའི་དབྱེ་བའམ། དེ་བཞིན་གཤེགས་པ་ལ་མཆོད་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་དེ་བཞིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འདས་པའི་དུས་ན་མཆོད་པ་བྱས་པ་ནི་རྒྱུ། ད་ལྟར་གྱི་དུས་ན་མཆོད་
Vol. 126 · folio 50a
པ་བྱས་པ་ནི་འབྲས་བུ་སྟེ། སྔོན་མཆོད་པ་བྱས་པའི་ས་བོན་ཡོད་པས་ད་ལྟར་གྱི་དུས་ན་མཆོད་པ་བྱེད་པ་ནི་རྒྱུ། མ་འོངས་པའི་དུས་ན་མཆོད་པ་བྱེད་པ་ནི་འབྲས་བུ་སྟེ། ད་ལྟར་གྱི་དུས་ན་མཆོད་པ་བྱས་པའི་རྒྱུས་མ་འོངས་པ་ན་མཆོད་པ་བྱེད་པར་འགྱུར་ཏེ། དེ་ལྟར་ན་རྒྱུ་དང་
འབྲས་བུའི་ཚུལ་གྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་མཆོད་པ་རྣམ་པར་གཞག་གོ། །བདག་ཉིད་བྱེད་དང་གཞན་གྱིས་ཀྱང་། །ཞེས་བྱ་བ་ལ། བདག་ཉིད་ཀྱི་ལུས་དང་ཡན་ལག་འབུལ་བ་དང་། ཉན་པ་དང་སེམས་པ་ལ་སོགས་པ་བྱེད་པ་ནི་བདག་ཉིད་ཀྱི་ཞེས་བྱ་སྟེ། དེ་ནི་ནང་
གི་མཆོད་པའོ། །མཛའ་བོ་དང་ཉེ་དུ་གཉེན་བཤེས་ལ་སོགས་པ་གཞན་དག་མཆོད་པ་བྱེད་དུ་བཅུག་པ་དང་། ཆོས་གོས་ལ་སོགས་པ་འབུལ་བ་ནི་གཞན་གྱི་ཞེས་བྱ་སྟེ། དེ་ནི་ཕྱིའི་མཆོད་པའོ། །རྙེད་པ་དང་ནི་བཀུར་སྟིས་ཀྱང་། །བསྒྲུབ་པ་དེ་ཡང་རྣམ་པ་གཉིས། །མཆོད་པ་ཆུང་ངུ་ཆེན་
པོ་སྟེ། །ཞེས་བྱ་བ་ལ། གཞན་ཡང་མཆོད་པ་རྣམ་པ་གཉིས་ཏེ། མཆོད་པ་ཆུང་ངུ་དང་ཆེན་པོའོ། །དེ་ལ་རྙེད་པ་ནི་ཆོས་གོས་དང་མལ་ཆ་ལ་སོགས་པ་འབུལ་བའོ། །བཀུར་སྟི་ནི་ཕྱག་བྱ་བ་དང་། ཐལ་མོ་སྦྱོར་བ་དང་། བསྡུ་བ་དང་། བསྟོད་པ་བྱེད་པ་ལ་སོགས་པ་སྟེ་དེ་ནི་མཆོད་པ་ཆུང་ངུ་
ཞེས་བྱའོ། །སྒྲུབ་པ་ནི་དམ་པའི་ཆོས་ཉན་པ་དང་། སེམས་པ་དང་། བསྒོམ་པ་ལ་སོགས་པ་བྱེད་པ་སྟེ། དེ་ནི་མཆོད་པ་ཆེན་པོ་ཞེས་བྱའོ། །ཡང་ན་རྙེད་པ་དང་བཀུར་སྟིས་མཆོད་པ་ནི་ཆེན་པོ་ཞེས་བྱའོ། །སྒྲུབ་པས་མཆོད་པ་ནི་ཕྲ་མོ་ཞེས་བྱའོ། །ངར་བཅས་ང་མེད་པ་ཞེས་བྱ་བ་ལ། འདིས་ནི་
ཐ་མ་དང་མཆོག་གི་མཆོད་པ་སྟོན་ཏེ། མཆོད་པ་བྱེད་པ་བདག་ཉིད་དང་། །མཆོད་པར་བྱ་བའི་སངས་རྒྱས་དང་། །མཆོད་པ་ཆོས་གོས་ལ་སོགས་པ་གསུམ་ཆར་ཡོད་པར་དམིགས་པ་ནི་ངར་བཅས་པ་ཞེས་བྱ་སྟེ་དེ་ནི་ཐ་མའོ། །ཅིའི་ཕྱིར་ཐ་མ་ཞེ་ན། དངོས་པོར་དམིགས་ཤིང་རྟོག་པ་དང་བཅས་
པའི་ཕྱིར་ཐ་མའོ། །མཆོད་པར་བྱེད་པ་བདག་ཉིད་དང་། །མཆོད་པར་བྱ་བའི་སངས་རྒྱས་དང་། །མཆོད་པའི་རྫས་གསུམ་ཡོད་པར་མི་རྟོག་པས་མཆོད་པ་ནི་ང་མེད་པ་ཞེས་བྱ་སྟེ་དེ་ནི་མཆོག་གོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །སྦྱོར་བ་དང་ནི་ཞེས་བྱ་
Vol. 126 · folio 50b
བ་ལ། སྦྱོར་བས་མཆོད་པ་ཡང་རྣམ་པ་གཉིས་ཏེ། དུས་གཞན་དུ་མཆོད་པར་སྦྱོར་བ་དང་། དེའི་ཚེ་མཆོད་པར་སྦྱོར་བའོ། །དེ་ལ་དུས་གཞན་དུ་མཆོད་པར་སྦྱོར་བ་ནི་ལོ་དང་ཟླ་བ་དག་གིས་བཅད་ནས་ཕྱིས་མཆོད་པར་སྦྱོར་ཏེ་དེ་ནི་ཐག་རིང་ཞེས་བྱའོ། །དེའི་ཚེ་མཆོད་པར་སྦྱོར་བ་ནི་གང་
གི་ཚེ་ན་མཆོད་པར་བསམས་པ་དེ་ཉིད་ཀྱི་ཚེ་ན་མཆོད་པར་བྱེད་པ་སྟེ་དེ་ནི་ཉེ་བའོ། །འགྲོ་དེ་བཞིན་ཞེས་བྱ་བ་ལ། །འགྲོ་བས་མཆོད་པ་ཡང་དེ་གཉིས་ཏེ། །འགྲོ་བ་ཆད་ནས་མཆོད་པ་དང་། དེ་མ་ཐག་ཏུ་མཆོད་པའོ། །དེ་ལ་འགྲོ་བ་ཆད་ནས་མཆོད་པ་ནི། །ཚེ་རབས་གཉིས་སམ་གསུམ་
མམ་བརྒྱའམ་སྟོང་དག་གིས་བར་དུ་མ་མཆོད་ནས་དེས་ཕྱིས་མཆོད་པ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལ་བྱང་ཆུབ་སེམས་དཔའ་གཅིག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་གྱིས་སྨིན་པར་བྱས་པ་ཡིན་པས་བྱ་བ་ཐམས་ཅད་
འདྲེས་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་གཅིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ནས་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་མཆོད་པ་བྱས་པ་ཡིན་ཏེ། དེ་བས་ན་ཉེ་བར་འདྲེས་པ་ཞེས་བྱའོ། །བསྟེན་པ་རྣམ་པར་དབྱེ་བའི་ཚིགས་སུ་
བཅད་པ་རྣམ་པ་བདུན་ཏེ་ཞེས་བྱ་བ་ལ། ཕྱིའི་དངོས་པོ་ལ་ཆགས་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བ་བསྟན་ནས། ད་ནི་བདག་གི་ལུས་ལ་ཆགས་པ་སྤང་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པ་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་པ་ཡང་རྣམ་པ་དུས་
བསྟན་པ་ཕྱེ་སྟེ་ཚིགས་སུ་བཅད་པ་བདུན་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་ལྔས་ནི་ཞེས་བྱ་བ་ལ། དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་བདུན་གྱིས་བསྟན་ཏོ་ཞེས་གླེངས་པ་ལས་ཚིགས་སུ་བཅད་པ་ཕྱེད་
དང་ལྔས་ནི་བརྟེན་པའི་གཞི་ལ་སོགས་པ་དོན་རྣམ་པ་བརྒྱད་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་འགྲུས་ལུང་དང་ལྡན། །དེ་ཉིད་རབ་ཏུ་རྟོགས་པའི་ཚིག་དང་ལྡན། །སྙིང་རྗེ་ཡོད་དང་སྐྱོ་བ་རྣམ་པར་སྤངས། །ཞེས་བྱ་བའི་
Vol. 126 · folio 51a
ཚིགས་སུ་བཅད་པ་འདིས་ཡོན་ཏན་ཇི་ལྟ་བུ་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་གཞི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་སྟོན་ཏོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པས་ཆགས་པར་འགྱུར་བའི་དངོས་པོ་རྣམས་མཚན་མར་མི་འཛིན་ཅིང་
དཔེ་བྱད་དུ་མི་འཛིན་པས། མིག་ལ་སོགས་པའི་དབང་པོ་དྲུག་ཡུལ་ལ་མི་འཇུག་པར་སྦས་པ་དང་ལྡན་པས་དུལ་བ་ཞེས་བྱའོ། །ཏིང་ངེ་འཛིན་དང་ལྡན་པས་ན་གང་གི་ཚེ་སེམས་ཕྱི་རོལ་དུ་གཡེངས་བར་གྱུར་པ་ན་ཡང་ཞི་གནས་བསྒོམས་པས་སེམས་མི་འཕྲོ་བས་ནང་དུ་སྡུད་པར་བྱེད་དེ། དེ་བས་
ན་ཞི་བ་ཞེས་བྱ་བ་སྟེ། འདིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པ་སྟོན་ཏོ། །གང་གི་ཚེ་ཉན་པ་དང་སེམས་པ་ལ་སོགས་པའི་ཚེ་དགེ་བ་ལ་ཞུགས་པ་ན། རྣམ་པ་འགའ་ཞིག་གིས་སེམས་ཕྱི་རོལ་དུ་གཡེངས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཞིག་སྐྱེས་པར་གྱུར་ན་
ཤེས་རབ་ཀྱིས་མྱུར་བར་ཤེས་པར་བྱས་ནས་དེའི་གཉེན་པོ་མི་གཙང་བ་དང་བྱམས་པ་ལ་སོགས་པ་བསྒོམས་ནས་ཞི་བར་བྱེད་པས་ན་ཉེ་བར་ཞི་བ་ཞེས་བྱ་སྟེ། འདིས་ནི་ལྷག་པའི་ཤེས་རབ་དང་ལྡན་པར་སྟོན་ཏོ། །དགེ་བའི་བཤེས་གཉེན་དེ་ཡང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་
མང་དུ་ཐོས་པ་ལ་སོགས་པ་བདག་དང་མཉམ་པའམ། བདག་པས་ཆུང་བ་མ་ཡིན་གྱི། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་། ཐོས་པ་ལ་སོགས་པ་བདག་པས་འཕགས་པ་ལ་བརྟེན་ཏེ། དེ་བས་ན་ཡོན་ཏན་ལྷག་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་དེ་ཡང་སློབ་མའི་དོན་
དང་། གཞན་གྱི་དོན་བྱ་བ་ལ་བཏང་སྙོམས་སུ་འདོར་ཞིང་གཡེང་བར་བྱེད་པ་མ་ཡིན་གྱི། གཅིག་ཏུ་གཞན་གྱི་དོན་བྱ་བ་ལ་སེམས་སྤྲོ་ཞིང་འབད་པ་ལ་བརྟེན་ཏེ། དེ་བས་ན་བརྩོན་འགྲུས་དང་ལྡན་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་དེ་ཡང་ཐོས་པ་ཆུང་བ་མ་ཡིན་གྱི་བཤད་པར་བྱ་
བའི་གསུང་རབ་ཀྱི་ཆོས་མང་དུ་ཐོས་པ་དང་ལྡན་པ་ལ་བརྟེན་པར་བྱ་སྟེ། དེ་བས་ན་ལུང་དང་ལྡན་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་དེ་འཕགས་པའི་བདེན་པ་བཞིའི་རྣམ་པར་ཐར་པའི་སྒོ་གསུམ་མམ། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཆོས་འགའ་རྟོགས་པ་ཡོད་
Vol. 126 · folio 51b
པས་ན་དེ་ཉིད་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེ་ལྟ་བུ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ལ་བརྟེན་པར་བྱ་བའི་དགེ་བའི་བཤེས་གཉེན་དེ་ཚིག་འབྲེལ་ཅིང་སྨྲ་མཁས་ལ་ཚིག་འཇེབས་པ་སྨྲ་བ་ལ་བརྟེན་པར་བྱ་སྟེ། དེ་བས་ན་ཚིག་དང་ལྡན་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་དེ་
སློབ་མ་ལ་ཆོས་སྟོན་པ་ཡང་རྙེད་པ་དང་བཀུར་སྟིའི་ཕྱིར་སྟོན་པ་མ་ཡིན་གྱི། གང་ལ་ཆོས་བསྟན་པར་བྱ་བའི་སློབ་མ་རྣམས་ཀྱི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་ཆོས་སྟོན་ཏེ། དེ་བས་ན་སྙིང་རྗེ་ཡོད་པ་ཞེས་བྱའོ། །ཆོས་སྟོན་པ་ན་མ་གུས་པ་དང་བརྙས་པའི་ཚུལ་དུ་སྟོན་པ་དང་། རེས་འགའ་སྟོན་
རེས་འགའ་མི་སྟོན་པ་མ་ཡིན་གྱི། གུས་པར་བྱས་ནས་རྟག་ཏུ་རྒྱུན་མི་འཆད་པར་སྟོན་པར་བྱེད་དེ། དེ་བས་ན་སྐྱོ་བ་རྣམ་པར་སྤངས་པ་ཞེས་བྱའོ། །བཀུར་སྟི་རྙེད་དང་རིམ་གྲོ་བྱེད་པ་དང་། །སྒྲུབ་པར་བྱེད་པས་བཤེས་གཉེན་བསྟེན་པར་བྱ། །ཞེས་བྱ་བས། བསྟེན་པའི་དངོས་པོ་བསྟན་ཏོ། །དགེ་
བའི་བཤེས་གཉེན་ལ་བརྟེན་ན་དངོས་པོ་གང་གིས་བསྟེན་ཞེ་ན། བཀུར་སྟིའི་དངོས་པོ་དང་། རིམ་གྲོ་བྱེད་པའི་དངོས་པོ་དང་། སྒྲུབ་པར་བྱེད་པའི་དངོས་པོས་བསྟེན་ཏོ། །དེ་ལ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བསྒྲགས་པ་དང་། བསྡུ་བ་དང་། བསྐྱལ་བ་དང་། ཕྱག་འཚལ་བ་དང་།
ཐལ་མོ་སྦྱོར་བ་ལ་སོགས་པ་བྱེད་པ་ནི་བཀུར་སྟིའི་དངོས་པོ་ཞེས་བྱའོ། །ཆོས་གོས་དང་བསོད་སྙོམས་ལ་སོགས་པ་འབུལ་བ་ནི་རྙེད་པའི་དངོས་པོ་ཞེས་བྱའོ། །མཉེ་བ་དང་བཀྲུ་བ་ལ་སོགས་པ་ལས་སུ་བྱ་བ་ཐམས་ཅད་བྱེད་པ་ནི་རིམ་གྲོ་བྱེད་པའི་དངོས་པོ་ཞེས་བྱའོ། །འདི་དག་གིས་ནི་ཕྱིའི་དངོས་པོས་
བསྟེན་པ་བསྟན་ཏོ་དགེ་བའི་བཤེས་གཉེན་གྱིས་ཇི་ལྟར་བསྟན་ཅིང་བསྒོ་བ་དང་། ཇི་ལྟར་བཤད་པ་བཞིན་དུ་ཉམས་སུ་ལེན་ཅིང་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པ་བྱེད་པ་ནི་སྒྲུབ་པར་བྱེད་པའི་དངོས་པོ་ཞེས་བྱ་སྟེ། འདིས་ནི་ནང་གི་དངོས་པོས་བསྟེན་པ་བསྟན་ཏོ། །བློ་ཅན་ཆོས་ལ་
དེ་བཞིན་ཤེས་བསམ་དང་། །བཤེས་གཉེན་དྲུང་དུ་དུས་སུ་འདུད་པར་འགྲོ། །ཞེས་བྱ་བ་འདིས། དགེ་བའི་བཤེས་གཉེན་ལ་བརྟེན་པའི་མཚན་མ་བསྟན་ཏེ། མཚན་མ་ཡང་རྣམ་པ་གསུམ་མོ། །དེ་ལ་བློ་ཅན་ནི་དགེ་བའི་བཤེས་གཉེན་ལ་རྟེན་པར་བྱེད་པའི་གང་ཟག་གོ། །ཆོས་
Vol. 126 · folio 52a
ལ་དེ་བཞིན་ཤེས་བསམ་དང་། །ཞེས་བྱ་བ་ནི་མཚན་མ་གཅིག་སྟེ། ཆོས་དང་ཆོས་སྨྲ་བའི་གང་ཟག་ལ་བརྙས་པའི་བསམ་པའམ་ཆོས་རྐུ་བའི་བསམ་པའམ། ཀླན་ཀ་བཙལ་བའི་བསམ་པས་དགེ་བའི་བཤེས་གཉེན་བཙལ་བར་མི་བྱའི། བདག་ཉིད་ཀྱིས་ཆོས་
ཀྱི་དོན་རྟོགས་ཤིང་ཤེས་པར་བྱ་བའི་བསམ་པས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དུས་དུས་སུ་འགྲོ་བ་ནི་མཚན་མ་གཉིས་པ་སྟེ། དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་ན་ཡང་བསམ་གཏན་བྱེད་པ་དང་། ཟས་ཟ་བ་ལ་སོགས་པ་སྐབས་སུ་མ་བབ་པའི་ཚེ་འགྲོ་བར་མི་བྱའི། སྐབས་སུ་བབ་པར་
བྱས་ནས་འགྲོ་བར་བྱེད་དེ། སྐབས་སུ་བབ་པའི་ཚེ་བསྟེན་ཅིང་འགྲོ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདུད་པས་འགྲོ་བའི་མཚན་མ་གསུམ་སྟེ། དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་བ་ཡང་ལུས་དང་སེམས་དུལ་བར་བྱས་ཤིང་གུས་པ་དང་བཅས་པའི་སེམས་ཀྱིས་འགྲོ་བར་བྱའི། ལུས་
དང་སེམས་མ་དུལ་བ་དང་། མ་གུས་པ་དང་། ང་རྒྱལ་གྱི་སྤྱོད་ལམ་གྱིས་ནི་འགྲོ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བཀུར་སྟི་རྙེད་ལ་འདོད་པ་མེད། །བསྒྲུབ་པར་བྱ་ཕྱིར་དེ་ནི་སྔོ་བར་བྱེད། །ཅེས་བྱ་བ་འདིས་བསྔོ་བ་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་པ་དེ་ཡང་ཁེ་དང་བཀུར་
སྟི་དང་རྙེད་པ་འདོད་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་ཞིང་སྔོ་བར་བྱེད་པ་མ་ཡིན་གྱི། སྒྲུབ་པར་བྱེད་པའི་ཕྱིར་སྔོ་བར་བྱེད་དོ། །ཇི་ལྟར་བསྔོ་ཞེ་ན། བདག་གིས་དགེ་བའི་བཤེས་གཉེན་ལ་བརྟེན་པ་འདིས་རྙེད་པ་དང་བཀུར་སྟི་ཐོབ་པར་གྱུར་ཅིག་ཅེས་ནི་མི་བསྔོའོ། །བདག་གིས་
དགེ་བའི་བཤེས་གཉེན་ལ་བརྟེན་པས་ནམ་ཞིག་ན་བདག་ཐོས་པ་དང་། སེམས་པ་དང་། བསྒོམ་པའི་ཤེས་རབ་གསུམ་གྱི་སྒོ་ནས་འཕགས་པའི་ལམ་སྒྲུབ་ཅིང་ཆོས་ཉིད་ཀྱི་དོན་རྟོགས་པར་གྱུར་ཅིག་ཅེས་སྔོ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་བསྟན་ནས་སྒྲུབ་པར་བྱེད་པས་ན། །བློ་ཅན་དེ་བས་དེའི་
སེམས་མགུ་བར་བྱེད། །ཅེས་བྱ་བས་རྒྱུ་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་བའི་རྒྱུ་གང་ཞེ་ན། གང་གིས་དགེ་བའི་བཤེས་གཉེན་དེའི་སེམས་མགུ་བ་དང་དགའ་བར་བྱེད་པ་དེ་ནི་རྒྱུའོ། །ཇི་ལྟར་དགེ་བའི་བཤེས་གཉེན་གྱི་སེམས་མགུ་བར་བྱ་ཞེ་ན། དགེ་བའི་བཤེས་
Vol. 126 · folio 52b
གཉེན་གྱིས་ཇི་ལྟ་ཇི་ལྟར་བསྟན་ཅིང་བསྒོ་བ་དང་། བཤད་ཅིང་གདམས་པ་དེ་ལྟ་དེ་ལྟར་ཉམས་སུ་ལེན་ཅིང་སྒྲུབ་པར་བྱེད་པས་དགེ་བའི་བཤེས་གཉེན་གྱི་སེམས་མགུ་བར་འགྱུར་ཏེ། དེ་ལྟར་དགེ་བའི་བཤེས་གཉེན་གྱི་སེམས་མགུ་ན། བདག་ལ་འདོམས་པ་དང་སྟོན་པར་བྱེད་པས་ན་དགེ་
བའི་བཤེས་གཉེན་གྱི་སེམས་མགུ་བ་ནི་བསྟེན་པའི་རྒྱུའོ། །ཐེག་པ་གསུམ་ལ་མཁས་པར་བློ་ཆུང་ནས། །ནང་གི་ཐེག་པ་བསྒྲུབ་ཕྱིར་འབད་པར་བྱེད། །ཅེས་བྱ་བ་ལ། བློ་ལྡན་ཤེས་རབ་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་མཚན་ཉིད་ཁོང་དུ་ཆུད་ནས་ཐེག་པ་གསུམ་
ལ་མཁས་པ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཡེ་ཤེས་སོ། །དེ་ལྟར་ཐེག་པ་གསུམ་ལ་མཁས་པར་བྱས་ནས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་མི་སྒྲུབ་ཀྱི། བདག་དང་སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོའི་དོན་རྟོགས་པར་བྱ་བའི་ཕྱིར་ཐེག་པ་
ཆེན་པོ་ཉིད་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་དཔག་མེད་སྨིན་པར་བྱ་ཕྱིར་དང་། །ཞིང་དག་པར་ཡང་སྦྱང་བར་བྱ་བའི་ཕྱིར། །ཞེས་བྱ་བས། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཞིང་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཞིང་རྣམ་པ་གཉིས་སོ། །གང་ཞེ་ན།
སེམས་ཅན་གྱི་ཞིང་དང་། སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ། །དེ་ལ་སེམས་ཅན་གྱི་ཞིང་ནི་ཡོངས་སུ་སྨིན་པར་བྱས་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་དགེ་བ་ཚད་མེད་པ་སྤྱོད་དུ་བཅུག་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ། །སྣོད་ཀྱི་འཇིག་
རྟེན་གྱི་ཞིང་ནི་ཡོངས་སུ་དག་ཅིང་སྦྱང་བར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ། །སངས་རྒྱས་ཀྱི་ཞིང་གསེར་དང་བཻ་ཌཱུརྱ་ལ་སོགས་པའི་ས་གཞི་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་རྒྱན་ཕུན་སུམ་ཚོགས་པ་རྫོགས་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་
ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་བགོ་སྐལ་ཡོན་ཏན་ལྡན་པ་དེ། །བཤེས་གཉེན་དེ་ལ་ཟང་ཟིང་མེད་པས་བསྟེན། །ཞེས་བྱ་བས་བསྟེན་པའི་གནས་བསྟན་ཏེ། དགེ་བའི་བཤེས་གཉེན་ལ་བརྟེན་ན་གང་ལ་གནས་ཏེ་བསྟེན་ཞེ་ན། འདི་ལྟར་ཕ་མའི་ནོར་ལྟ་བུ་དང་། ཕུ་ནུ་དང་སྤྱི་ནོར་ལྟ་བུ་
Vol. 126 · folio 53a
ཇི་དགར་སྤྱོད་དུ་དབང་བ་ལ་བགོ་སྐལ་ཞེས་བྱ་སྟེ། འདིའི་སྐབས་སུ་བགོ་སྐལ་གྱི་དོན་ནི་ལྷུར་ལེན་པ་ལ་བྱ་སྟེ། ཆོས་ལྷུར་ལེན་ཅིང་ཆོས་བདག་གིར་བྱེད་པའི་ཡོན་ཏན་དང་ལྡན་པ་ལ་གནས་ནས་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའི། ཟང་ཟིང་ལྷུར་ལེན་ཅིང་ཟང་ཟིང་
བདག་གིར་བྱེད་པ་ལ་གནས་ནས་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་ཚིགས་བཅད་ཕྱེད་དང་གསུམ་གྱིས་བསྟེན་པའི་རྣམ་པར་དབྱེ་བར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་བདུན་གྱིས་དགེ་བའི་བཤེས་གཉེན་ལ་བརྟེན་པའི་རབ་
ཏུ་དབྱེ་བ་བཤད་དོ་ཞེས་གླེངས་པ་ལ། ཚིགས་བཅད་ཕྱེད་དང་ལྔས་གནས་དང་དངོས་པོ་ལ་སོགས་པའི་དོན་བརྒྱད་དང་སྦྱར་ནས་དགེ་བའི་བཤེས་གཉེན་ལ་བརྟེན་པའི་རབ་ཏུ་དབྱེ་བ་བསྟན་ཏེ། ད་ཚིགས་བཅད་གསུམ་གྱིས་འདས་པ་དང་མ་འོངས་པ་ལ་སོགས་པའི་རབ་ཏུ་དབྱེ་བའི་སྒོ་ནས་དགེ་བའི་
བཤེས་གཉེན་ལ་བརྟེན་པའི་འབྲས་བུའོ། །ད་ལྟར་གྱི་དུས་ལ་རབ་ཏུ་དབྱེ་བ་ཚུལ་དེ་འདྲ་བ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་ཕྱེ་སྟེ་སྔ་མ་བཞིན་ནོ་ཞེས་བྱ་བ་ལ། འདི་ལྟར་ཚེ་རབས་སྔ་མར་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྒྱུ་ཡིན་ལ། ད་ལྟར་གྱི་
དུས་ན་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་འབྲས་བུའོ། །ད་ལྟར་གྱི་དུས་ན་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྒྱུ་ཡིན་ལ། མ་འོངས་པའི་དུས་ན་དགེ་བའི་བཤེས་གཉེན་ལ་བརྟེན་པར་འགྱུར་བ་ནི་འབྲས་བུ་སྟེ། དེ་ལྟར་རྒྱུ་དང་འབྲས་བུའི་ཚུལ་གྱིས་ན་དགེ་བའི་བཤེས་གཉེན་ལ་
བརྟེན་པ་ཡང་འདས་པ་དང་ད་ལྟར་དང་། མ་འོངས་པ་དང་རྣམ་པ་གསུམ་གཞག་སྟེ། སྔ་མ་བཞིན་ནོ་ཞེས་བྱ་བའི་དོན་ནི་དེ་ལྟ་བུའོ། །ཆོས་ཀྱི་སྒོ་ནི་རྗེས་རྟོགས་པས། །བློ་ཅན་ཕྱི་རོལ་གྱིས་ཀྱང་བཤེས་གཉེན་བསྟེན། །ཞེས་བྱ་བ་ལ། ཕྱིའི་བསྟེན་པ་དང་། ནང་གི་བསྟེན་པ་བསྟན་ཏེ། དགེ་
བའི་བཤེས་གཉེན་ལ་བརྟེན་པའི་སྒོ་ནས་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་རྟོགས་ཏེ་ཇི་ལྟར་རྟོགས་པའི་ཏིང་ངེ་འཛིན་དེ་ཉིད་ལ་ཡང་ནས་ཡང་དུ་གོམས་པར་བྱས་པས་ཀྱང་དགེ་བའི་བཤེས་གཉེན་ལ་བརྟེན་པར་འགྱུར་ཏེ་འདི་ནི་ནང་གི་བསྟེན་པའོ། །ཆོས་གོས་དང་བསོད་སྙོམས་ལ་སོགས་པ་འབུལ་བ་ནི་
Vol. 126 · folio 53b
ཕྱི་རོལ་གྱི་བསྟེན་པ་སྟེ། དེས་ཕྱིའི་བསྟེན་པ་བསྟན་ཏོ། །ཆོས་ལ་ཉན་པ་སེམས་ཀྱི་རྣལ་འབྱོར་ནི། །ཞེས་བྱ་བས། དགེ་བའི་བཤེས་གཉེན་ལ་རྩིང་བས་བརྟེན་པ་དང་ཕྲ་བས་བརྟེན་པ་བསྟན་ཏེ། དེ་ལ་དགེ་བའི་བཤེས་གཉེན་ལ་ཉན་པའི་སྒོ་ནས་བསྟེན་པ་ནི་རྩིང་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན།
གཞན་གྱི་སྒྲ་ཙམ་ལ་བརྟེན་ནས་སེམས་ཕྱི་རོལ་དུ་རྒྱུག་པའི་ཕྱིར་རོ། །སེམས་པ་དང་སྒོམ་པའི་སྒོ་ནས་བསྟེན་པ་ནི་ཕྲ་བ་ཞེས་བྱ་སྟེ། སེམས་ནང་དུ་ལྟ་བའི་ཕྱིར་རོ། །དེ་ཉིད་སེམས་ཀྱི་རྣལ་འབྱོར་རོ། །ཞེས་བྱ་བ་ལ། སེམས་པ་དང་སྒོམ་པའི་སྒོ་ནས་བསྟེན་པ་ཉིད་སེམས་ཀྱི་རྣལ་འབྱོར་གྱིས་བསྟེན་པ་ཞེས་
བྱའོ། །ངར་བཅས་པ་དང་ང་མེད་ཡིད་ལྡན་ནི། །ཐ་མ་དང་ནི་མཆོག་གི་རྣམ་པའོ། །ཞེས་བྱ་བ་འདིས་དགེ་བའི་བཤེས་གཉེན་ལ་ཐ་མས་བསྟེན་པ་དང་། མཆོག་གིས་བསྟེན་པ་སྟེ། དགེ་བའི་བཤེས་གཉེན་དང་། བདག་དང་ཆོས་གོས་ལ་སོགས་པ་བསྟེན་པར་བྱ་བའི་དངོས་པོ་ཡོད་པར་མཐོང་ནས་
དགེ་བའི་བཤེས་གཉེན་འདི་ལ་དངོས་པོ་འདི་དག་གིས་བསྟེན་ཏོ་ཞེས་ལྟ་བ་ནི་དར་བཅས་པའི་ཡིད་དང་ལྡན་པ་སྟེ་ཐ་མའོ། །དགེ་བའི་བཤེས་གཉེན་དང་བདག་དང་བསྟེན་པར་བྱ་བའི་དངོས་པོ་གསུམ་ཆར་མ་མཐོང་བས་དགེ་བའི་བཤེས་གཉེན་འདི་ལ་དངོས་པོ་འདིས་བདག་གིས་བརྟེན་ཏོ་ཞེས་མི་ལྟ་
བ་ནི་ང་མེད་པའི་ཡིད་དང་ལྡན་པ་སྟེ་མཆོག་གོ། །འགྲོ་བར་སྦྱོར་དང་སྨོན་ལམ་དག་གིས་ཀྱང་། །བློ་ལྡན་དགེ་བའི་བཤེས་གཉེན་བསྟེན་པའོ། །ཞེས་བྱ་བ་ལ། ཐག་ཉེ་བར་བསྟེན་པ་དང་། ཐག་རིང་བར་བསྟེན་པ་སྟོན་ཏོ། །ཚེ་རབས་དུ་མས་མཆོད་ནས་འགྲོ་བ་མང་པོ་ཞིག་གི་ལུས་བླངས་ཏེ་
བསྟེན་པ་ནི་ཐག་རིང་བའོ། །ཚེ་དེ་ཉིད་ཀྱི་འགྲོ་བས་བསྟེན་པ་ནི་ཐག་ཉེ་བའོ། །ཚེ་དེ་ཉིད་དམ་ཚེ་རབས་ཕྱི་མ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བརྟེན་པར་སྦྱོར་བ་ནི་ཐག་ཉེ་བའོ། །ཚེ་དེ་ཉིད་ལ་ཡང་ལོ་དང་ཟླ་བ་དུ་མས་ཆོད་ནས་བསྟེན་པར་སྦྱོར་བའམ། ཚེ་ཕྱི་མར་ཡང་ཚེ་རབས་དུ་མས་ཆོད་ནས་བསྟེན་
པར་སྦྱོར་བ་ནི་ཐག་རིང་བའོ། །ཚེ་རབས་ཕྱི་མར་དགེ་བའི་བཤེས་གཉེན་ལ་བརྟེན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་སྟེན་པར་བྱེད་པ་ནི་ཐག་རིང་བའོ། །ཚེ་འདི་ཉིད་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་ཚེ་འདི་ཉིད་ལ་སྟེན་པར་བྱེད་པ་ནི་ཐག་ཉེ་བའོ། །
Vol. 126 · folio 54a
བསྟེན་པའི་མཆོག་གང་ཞེ་ན། ཚིགས་སུ་བཅད་པ་བདུན་པ་སྟེ་ཞེས་བྱ་བ་ལ། བསྟེན་པའི་རབ་ཏུ་དབྱེ་བ་བསྟན་ནས་བསྟེན་པ་གང་གིས་བསྟེན་ན་དགེ་བའི་བཤེས་གཉེན་ལ་བརྟེན་པ་མཆོག །བསྟེན་པ་དམ་པ། བསྟེན་པ་བླ་ན་མེད་པ་གང་ཡིན་པ་དེ་ཚིགས་སུ་བཅད་པ་
བདུན་པས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དམ་པའི་བཤེས་གཉེན་བསྟེན་པ་ནི། །རང་གི་སེམས་ཀྱིས་མཆོག་ཡིན་ཏེ། །ཆོས་ལ་མོས་པར་གྱུར་པ་དང་། །བསམ་པ་དང་ནི་འབྱོར་པའོ། །ཞེས་བྱ་བ་ལ་དགེ་བའི་བཤེས་གཉེན་དམ་པ་ལ་བརྟེན་པའི་མཆོག་ནི་དད་པ་དང་དགེ་བའི་སེམས་ཀྱིས་བསྟེན་
ན་བསྟེན་པའི་མཆོག །བསྟེན་པ་བླ་ན་མེད་པ་ཡིན་ཏེ། དེ་ཡང་གང་ཞེ་ན། ཆོས་ལ་མོས་པ་དང་། བསམ་པ་དང་། འབྱོར་པའོ། །དེ་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པ་འཆད་པའི་ཐེག་པ་ཆེན་པོའོ། །ཆོས་ལ་དད་པ་ནི་ཆོས་ལ་མོས་པ་ཞེས་བྱ་སྟེ། དེ་ཡང་བསྟེན་པ་བླ་ན་མེད་པའོ། །བསམ་
པ་ནི་བསམ་པ་རྣམ་པ་དང་། རོ་མྱང་བའི་བསམ་པ་ནས་དགེ་བའི་བསམ་པའི་བར་དུ་སྟེ། བསམ་པ་དེ་ལྟ་བུ་དང་ལྡན་པ་ནི་བསྟེན་པའི་མཆོག་བསྟེན་པ་བླ་ན་མེད་པ་ཡིན་ནོ། །འབྱོར་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་བསྒྲུབས་ནས་ནམ་མཁའི་ཁམས་ཐམས་ཅད་ཡོ་བྱད་ཀྱིས་
བཀང་སྟེ་དགེ་བའི་བཤེས་གཉེན་ལ་འབུལ་བར་བྱེད་དེ། དེ་ཡང་བསྟེན་པའི་མཆོག་གོ། །འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་དམིགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ཡང་བསྟེན་པའི་མཆོག་གོ། །ས་བརྒྱད་པ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བྱ་བ་
གཅིག་ཏུ་གྱུར་པ་ཡང་བསྟེན་པའི་མཆོག་སྟེ། སྔ་མ་བཞིན་ཞེས་བྱ་བའི་དོན་ནི་དེ་ལྟ་བུའོ། །ཚད་མེད་པ་ལ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་གཉིས་སོ་ཞེས་བྱ་བ་ལ་བསྡུ་བའི་དངོས་པོས་སེམས་ཅན་སྨིན་པར་བྱེད་པ་ལ་ཞུགས་ཀྱང་ཚད་མེད་པའི་སེམས་དང་མི་ལྡན་ན་སེམས་ཅན་ལོག་
པར་སྤྱོད་པ་རྣམས་ཀྱིས་སྐྱོ་བར་གྱུར་ནས་སེམས་ཅན་གཏོང་བར་བྱེད་དེ། དེ་བས་ན་དེའི་གཉེན་པོར་ཚད་མེད་པ་ལ་གནས་པ་བཤད་དོ། །ཚད་མེད་པའི་བསམ་པ་དང་ལྡན་ན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སེམས་པས་སེམས་ཅན་ཡོངས་སུ་མི་གཏོང་བར་བྱེད་དེ། དེ་བས་ན་
Vol. 126 · folio 54b
ཚད་མེད་པ་རྣམ་པར་དབྱེ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བསྟེན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་ཐམས་ཅད་སྨིན་པར་བྱེད། །ཅེས་བྱ་བའི་ཚིགས་བཅད་འདིས་
ཚད་མེད་པ་བཞིའི་མཚན་ཉིད་བསྟན་ཏེ། དེ་ཡང་མཚན་ཉིད་རྣམ་པ་བཞིར་རིག་པར་བྱའོ། །གང་ཞེ་ན། མི་མཐུན་པའི་ཕྱོགས་སྤངས་པ་དང་། གཉེན་པོའི་ཁྱད་པར་དང་ལྡན་པ་དང་། འཇུག་པའི་ཁྱད་པར་དང་ལྡན་པ་དང་། ལས་ཀྱི་ཁྱད་པར་དང་ལྡན་པའོ། །དེ་ལ་བསྟེན་པའི་
ཚངས་པ་མི་མཐུན་པ་སྤངས་ཞེས་བྱ་བས་མི་མཐུན་པའི་ཕྱོགས་སྤངས་པ་བསྟེན་ཏེ། བསྟེན་པ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཚད་མེད་པ་བཞི་དང་ལྡན་པས་སེམས་ཅན་གྱིས་གནོད་པ་བྱས་ཀྱང་སེམས་ཅན་མི་གཏོང་བའི་ཕྱིར་རོ། །ཚངས་པ་ནི་ཚངས་པའི་གནས་ཚད་མེད་པ་བཞི་སྟེ།
བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །ཚད་མེད་པ་བཞིའི་མི་མཐུན་པའི་ཕྱོགས་ནི་གནོད་སེམས་དང་། འཚེ་བ་དང་། མི་དགའ་བ་མང་བ་དང་། ཆགས་པ་དང་། ཁོང་ཁྲོ་བས་སེམས་ཉོན་མོངས་པར་གྱུར་པ་སྟེ། མི་མཐུན་པའི་ཕྱོགས་དེ་དག་ཚད་མེད་པ་བཞི་
བསྒོམས་པའམ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་མེད་པར་བྱས་པའི་ཕྱིར་སྤངས་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པས་ཞེས་བྱ་བས། གཉེན་པོའི་ཁྱད་པར་དང་ལྡན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་། སེམས་ཅན་དང་ཚད་མེད་པ་བཞི་ལ་
ཡོད་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་ཕྱིར་རོ། །དམིགས་པ་རྣམ་པ་གསུམ་ལ་འཇུག །ཅེས་བྱ་བས་འཇུག་པའི་ཁྱད་པར་དང་ལྡན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཚད་མེད་པ་བཞི་ནི་རྣམ་པ་གསུམ་དུ་འཇུག་སྟེ། སེམས་ཅན་ལ་དམིགས་པར་འཇུག་པ་དང་། ཆོས་ལ་
དམིགས་པར་འཇུག་པ་དང་། དམིགས་པ་མེད་པར་འཇུག་པའོ། །དེ་ལ་རྣལ་འབྱོར་སྤྱོད་པའི་ས་ལས་ནི། སོ་སོའི་སྐྱེ་བོ་དང་། མུ་སྟེགས་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པ་སྟེ། བདག་དང་སེམས་ཅན་ཡོད་པར་དམིགས་ནས་བྱམས་པ་འབྱུང་བའི་ཕྱིར་རོ། །ཉན་
Vol. 126 · folio 55a
ཐོས་དང་རང་སངས་རྒྱས་ཀྱི་བྱམས་པ་ནི། ཆོས་ལ་དམིགས་པའི་བྱམས་པ་ཞེས་བྱ་སྟེ། དངོས་པོ་འདི་དག་གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཆོས་ཙམ་དུ་ཟད་ཀྱི། བདག་གམ་སེམས་ཅན་ཞེས་བྱ་བ་མེད་ལ། ཕུང་པོ་ལྔ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་
ལ་སོགས་པའི་རང་བཞིན་ནོ་ཞེས་དམིགས་ནས་བྱམས་པ་འབྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ས་ལ་ཞུགས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱམས་པ་ནི། དམིགས་པ་མེད་པའི་བྱམས་པ་ཞེས་བྱ་སྟེ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་སེམས་ཅན་དུ་མི་
དམིགས་པ་དང་། ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས་ཕུང་པོ་ལྔའི་ཆོས་ཙམ་དུ་ཡང་དམིགས་པ་མེད་པར་སེམས་ཅན་ལ་ཕན་འདོགས་པ་དཔག་ཏུ་མེད་པར་མཛད་པའི་ཕྱིར་རོ། །དེ་ལ་སེམས་ཅན་ལ་དམིགས་པ་ཚད་མེད་པ་བཞི་ནི་སོ་སོའི་སྐྱེ་བོ་དང་། མུ་སྟེགས་དང་། ཉན་ཐོས་དང་།
རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཐུན་མོང་ངོ་། །ཆོས་ལ་དམིགས་པའི་བྱམས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཐུན་མོང་ངོ་། །མི་དམིགས་པའི་བྱམས་པ་ནི། གང་དང་ཡང་ཐུན་མོང་མ་
ཡིན་པའོ་ཞེས་བཤད་དོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བྱམས་པ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ། །དེ་ལ་
ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པའོ་ཞེས་གསུངས་ཏེ། དེའི་དོན་ཀྱང་སེམས་ཅན་གྱི་དངོས་པོ་ཡོད་པར་ལྟ་ཞིང་གང་ཟག་དང་ཆོས་ལ་བདག་མེད་པར་མ་རྟོགས་པའི་ཕྱིར་རོ། །སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་བྱམས་པ་ནི་ཆོས་ལ་དམིགས་པའོ་ཞེས་གསུངས་ཏེ། ས་དང་པོ་ཡན་ཆད་ནས་ས་བདུན་པ་མན་ཆད་ནི་སྤྱོད་པ་ལ་ཞུགས་པ་ཞེས་བྱ་སྟེ། དེ་དག་གི་ཚེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པས་ན་ཆོས་ལ་དམིགས་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་
Vol. 126 · folio 55b
ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་དམིགས་པ་མེད་པ་ཞེས་གསུངས་ཏེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པས་རྩོལ་བ་དང་འབད་པ་མེད་པར་བྱམས་པ་འབྱུང་བའི་ཕྱིར་རོ། །སེམས་ཅན་དང་ཆོས་ལ་དམིགས་པ་ཡང་། སེམས་ཅན་གྱི་རིས་དང་ཆོས་གང་ལ་རབ་ཏུ་འཇུག་པ་དང་
ཞེས་བྱ་བ་ལ། གོང་དུ་བྱང་ཆུབ་སེམས་དཔའི་ཚད་མེད་པ་བཞི་ནི་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་ཞེས་བཤད་ན། ཚད་མེད་པ་བཞིས་སེམས་ཅན་ལ་དམིགས་ན་སེམས་ཅན་གྱི་རིས་གང་དག་ལ་དམིགས་པ་དང་། ཆོས་ལ་དམིགས་པ་ཡང་ཆོས་གང་ལ་དམིགས་ཤེ་ན་ཞེས་
བྱ་བའི་དོན་ཏོ། །མི་དམིགས་པ་ཡང་མི་དམིགས་པ་གང་ཞེ་ན་ཞེས་བྱ་བ་ལ། མི་དམིགས་པའི་བྱམས་པ་ལ་སོགས་པ་བཤད་ན། ཅི་ཞིག་ལ་དམིགས་ཤེ་ན་ཞེས་བྱ་བའི་དོན་ཏོ། །བདེ་འདོད་ཅེས་བྱ་བ་ལ། བྱམས་པས་ནི་བདེ་བ་འདོད་པའི་སེམས་ཅན་ལ་དམིགས་ཏེ། ཅིའི་ཕྱིར་ཞེ་ན། བྱམས་
པ་ནི་སེམས་ཅན་ལ་བདེ་བར་སྦྱོར་བའི་རྣམ་པ་ཡིན་པས་སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་དམིགས་སོ། །སྡུག་བསྔལ་གྱིས་གཟིར་དང་ཞེས་བྱ་བ་ལ། སྙིང་རྗེ་ནི་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་རྣམས་ལ་དམིགས་ཏེ། ཅིའི་ཕྱིར་ཞེ་ན། སྙིང་རྗེ་ནི་སྡུག་བསྔལ་
དང་བྲལ་བར་འདོད་པའི་རྣམ་པ་ཡིན་པས་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་དམིགས་པའི་ཕྱིར་རོ། །བདེ་ལྡན་ཞེས་བྱ་བ་ལ། དགའ་བས་ནི་བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ཏེ། ཅིའི་ཕྱིར་ཞེ་ན། དགའ་བ་ནི་བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་
པ་ཡིན་པས། བདེ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱང་བདེ་བ་དང་བྲལ་བར་མ་གྱུར་ཅིག་ཅེས་དམིགས་སོ། །ཉོན་མོངས་པ་ཞེས་བྱ་བ་ལ། བཏང་སྙོམས་ཀྱིས་ནི་ཚོར་བ་བདེ་བ་དང་ཕྲད་པ་དང་། མཛའ་བ་ལ་སོགས་པ་དང་ཕྲད་ནས་འདོད་ཆགས་སྐྱེ་བ་དང་། ཚོར་བ་སྡུག་བསྔལ་བ་
དང་དགྲ་ལ་སོགས་པ་དང་ཕྲད་ནས་ཞེ་སྡང་བར་འགྱུར་བས་ཉོན་མོངས་པར་འགྱུར་བའི་སེམས་ཅན་རྣམས་ལ་དམིགས་ཏེ། ཅིའི་ཕྱིར་ཞེ་ན། བཏང་སྙོམས་ནི་ཚོར་བ་དེ་རྣམས་ལ་སེམས་ཉོན་མོངས་པ་མེད་པའི་སྦྱོར་བའི་རྣམ་པ་ཡིན་ཏེ། དེ་བས་ན་ཚོར་བ་བདེ་བ་དང་། མཛའ་བ་ལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words