No title in the text — opening words: རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 130 · folio 1b

༄༅༅། །རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། བམ་པོ་དང་པོ། གསུང་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་དང་། འཕགས་པ་བྱམས་པ་ལ་

ཕྱག་འཚལ་ལོ། །ས་རྣམས་ནི་བཤད་ཟིན་ཏོ། །འདི་མན་ཆད་ནི་ས་དེ་དག་ཉིད་ཀྱི་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་བརྗོད་པར་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་དེ་ལ་བརྟེན་

ནས་ཐམས་ཅད་ཀྱི་དྲིས་པ་ལན་གདབ་པ་ལ་མཁས་པར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་དང་ཡིད་ཀྱི་སའི་རྣམ་པར་གཏན་ལ་དབབ་པ་ནི་ས་བོན་གྱི་གནས་ཀུན་གཞི་རྣམ་པར་ཤེས་པ་

ཞེས་གང་སྨོས་པའོ། །དེའི་ཡོད་པ་ཉིད་དང་རབ་ཏུ་དབྱེ་བ་ནི་མ་བསྟན་ཏེ། ཅིའི་ཕྱིར་མ་བསྟན་པ་དང་། ཇི་ལྟར་ན་དེ་ཡོད་པ་ཉིད་དང་། རབ་ཏུ་དབྱེ་བ་རིག་པར་བྱ་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་གསང་

སྟེ་བསྟན་ཅིང་། རྣམ་པར་གཞག་པ་ཡིན་པས་ན། དེའི་ཕྱིར་མ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །

Vol. 130 · folio 2a

བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཅེས་གསུངས་པ་ལྟ་བུའོ། །སྡོམ་ནི། ལེན་དང་དང་པོ་གསལ་བ་དང་། །ས་བོན་ལས་དང་ལུས་ཚོར་དང་། །སེམས་མེད་སྙོམས་པར་

འཇུག་པ་དང་། །དེ་བཞིན་འཆི་འཕོ་མི་རུང་འགྱུར། །ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་ནི། རྣམ་པ་བརྒྱད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་མེད་ན་གནས་ལེན་པ་མི་སྲིད་པ་དང་། དང་པོ་

འཇུག་པ་མི་སྲིད་པ་དང་། གསལ་བར་འཇུག་པ་མི་སྲིད་པ་དང་། ས་བོན་ཉིད་མི་སྲིད་པ་དང་། ལས་མི་སྲིད་པ་དང་། ལུས་ཀྱི་ཚོར་བ་མི་སྲིད་པ་དང་། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང་། རྣམ་པར་ཤེས་པའི་འཆི་འཕོ་མི་

སྲིད་པས་སོ། །ཅིའི་ཕྱིར་གནས་ལེན་པ་མི་རུང་ཞེ་ན། སྨྲས་པ། རྒྱུ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་སྔོན་གྱི་ལས་མངོན་པར་འདུས་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་

རྣམས་ནི་ད་ལྟར་བྱུང་བའི་རྐྱེན་གྱི་རྒྱུ་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ་རྣམ་པར་ཤེས་པ་རྣམས་ནི་དབང་པོ་དང་། ཡུལ་དང་། ཡིད་ལ་བྱེད་པའི་དབང་གིས་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་བསྟན་པ་ལྟ་བུ་སྟེ། དེ་ནི་རྒྱུ་དང་པོའོ། །གཞན་ཡང་

Vol. 130 · folio 2b

རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི། དགེ་བ་དང་མི་དགེ་བར་སྣང་སྟེ། དེ་ནི་རྒྱུ་གཉིས་པའོ། །གཞན་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ལ་ནི། ལུང་དུ་མ་བསྟན་པ་རྣམ་པར་སྨིན་པར་བསྡུས་པའི་རིགས་གང་ཡིན་པ་དེ་མི་དམིགས་ཏེ། དེ་ནི་རྒྱུ་གསུམ་པའོ། །གཞན་

ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་གནས་ངེས་པ་ལས་འབྱུང་སྟེ། དེ་ལ་རྣམ་པར་ཤེས་པ་གནས་གང་དང་གང་ནས་འབྱུང་བ་དེ་ཉིད་ཀྱིས་དེ་ཟིན་པར་འགྱུར་གྱི། ལྷག་མ་རྣམས་ཀྱིས་ཟིན་པར་མི་འགྱུར་བས་མི་རུང་ངོ་། །ཟིན་པར་ཡང་མི་རུང་སྟེ་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་

ཏེ། དེ་ནི་རྒྱུ་བཞི་པའོ། །གཞན་ཡང་ཡང་དང་ཡང་གནས་ལེན་པའི་སྐྱོན་དུ་ཐལ་བར་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ནི་ལན་འགའ་འབྱུང་ཞིང་ལན་འགའ་མི་འབྱུང་ལ། ལྷག་མ་རྣམས་ཀྱང་དེ་དང་འདྲ་སྟེ། དེ་ནི་རྒྱུ་ལྔ་པའོ། །དེ་ལྟར་ན་སྔོན་གྱི་ལས་དང་ད་ལྟར་བྱུང་བའི་

རྐྱེན་གྱི་རྒྱུ་ལས་བྱུང་བ་དང་། དགེ་བ་དང་མི་དགེ་བ་ཡིན་པ་དང་། རིགས་དེ་མི་དམིགས་པ་དང་། གནས་ངེས་པ་དང་། ཡང་དང་ཡང་ལེན་པའི་སྐྱོན་དུ་འགྱུར་བའི་ཕྱིར་མི་རུང་ངོ་། །ཅིའི་ཕྱིར་དང་པོ་འཇུག་ཅིང་འབྱུང་བ་མི་རུང་ཞེ་ན། གལ་ཏེ་ལ་ལ་འདི་སྐད་ཅེས་གལ་ཏེ་ཀུན་གཞི་རྣམ་

པར་ཤེས་པ་ཡོད་ན་དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ནི་ཉེས་པ་མེད་པ་ཁོ་ན་ལས་ཁྱོད་ཉིད་ཉེས་པར་འདུ་ཤེས་པར་ཟད་དེ་འདི་ལྟར་རྣམ་པར་ཤེས་པ་ནི་གཉིས་ཅིག་ཅར་འབྱུང་བ་ཁོ་ནར་འགྱུར་རོ། །དེ་ཅིའི་

ཕྱིར་ཞེ་ན། འདི་ལྟར་ལ་ལ་ཅིག་ཅར་ལྟ་བར་འདོད་པ་དང་ཅིག་ཅར་རྣམ་པར་ཤེས་པར་བྱ་བའི་བར་དུ་འདོད་པ་ལ། དང་པོ་རྣམ་པར་ཤེས་པ་གང་ཡང་རུང་བ་འཇུག་པར་འགྱུར་བ་མི་རུང་སྟེ། འདི་ལྟར་དེ་ལ་ཡིད་ལ་བྱེད་པ་དང་དབང་པོ་དང་། ཡུལ་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །ཅིའི་

ཕྱིར་རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན། ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་དང་། མཇུག་ཐོགས་སུ་འབྱུང་བ་གསལ་བར་མི་རུང་ཞེ་ན། འདི་ལྟར་གང་གི་ཚེ། འདས་པའི་དུས་ན་ཉམས་སུ་མྱོང་བའི་ཡུལ་རྗེས་སུ་དྲན་པ་དེའི་ཚེ།

Vol. 130 · folio 3a

ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཇུག་པ་གསལ་བ་མ་ཡིན་ལ། ད་ལྟར་བྱུང་བའི་ཡུལ་ལ་ནི་ཡིད་ཀྱི་འཇུག་པ་དེ་ལྟར་མི་གསལ་བ་མ་ཡིན་པས། དེའི་ཕྱིར་ཅིག་ཅར་འབྱུང་བའམ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བ་མ་ཡིན་པར་རིགས་སོ། །ཅིའི་ཕྱིར་རྣམ་པར་ཤེས་པའི་

ཚོགས་དྲུག་པོ་དག་གཅིག་གི་ས་བོན་ཉིད་གཅིག་ཡིན་པར་མི་སྲིད་ཅེ་ན། འདི་ལྟར་དགེ་བའི་མཇུག་ཐོགས་སུ་མི་དགེ་བ་དང་། མི་དགེ་བའི་མཇུག་ཐོགས་སུ་དགེ་བ་དང་། གཉི་གའི་མཇུག་ཐོགས་སུ་ལུང་དུ་མི་བསྟན་པ་དང་། ཁམས་ངན་པའི་མཇུག་ཐོགས་

སུ་ཁམས་བར་མ་དང་། ཁམས་བར་མའི་མཇུག་ཐོགས་སུ་ཁམས་བཟང་པོ་པ་དང་། དེ་བཞིན་དུ་ཁམས་བཟང་པོ་པའི་མཇུག་ཐོགས་སུ་ཁམས་ངན་པ་པའི་བར་དང་། ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཟག་པ་མེད་པ་དང་། ཟག་པ་མེད་པའི་མཇུག་ཐོགས་སུ་ཟག་པ་དང་བཅས་

པ་དང་། འཇིག་རྟེན་པའི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཇུག་ཐོགས་སུ་འཇིག་རྟེན་པའི་སེམས་འབྱུང་ལ་དེ་དག་ནི་ད་ལྟར་ས་བོན་ཉིད་དུ་མི་རུང་བའི་ཕྱིར་དང་། སེམས་ཀྱི་རྒྱུད་ཡུན་རིང་པོར་རྒྱུན་ཆད་ཀྱང་། ཡུན་རིང་པོས་འབྱུང་བར་འགྱུར་

བས་དེའི་ཕྱིར་ཡང་མི་རུང་ངོ་། །ཅིའི་ཕྱིར་རྣམ་པར་ཤེས་པ་ཅིག་ཅར་འབྱུང་བར་མེད་ན་ལས་མི་སྲིད་ཅེ་ན། འདི་ལྟར་ལས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང་། གནས་རྣམ་པར་རིག་པ་དང་། བདག་གོ་སྙམ་དུ་རྣམ་པར་རིག་པ་དང་། ཡུལ་རྣམ་པར་རིག་པའོ། །

དེ་ལྟར་རྣམ་པར་རིག་པ་དེ་དག་ཐམས་ཅད་ནི་སྐད་ཅིག་ལ་ཅིག་ཅར་འབྱུང་བར་སྣང་ལ། རྣམ་པར་ཤེས་པ་གཅིག་གི་སྐད་ཅིག་གཅིག་ལ་ནི་ལས་ཤིན་ཏུ་ཐ་དད་པ་དེ་ལྟ་བུ་དེ་དག་མི་རུང་བའི་ཕྱིར་རོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ལུས་ཀྱི་ཚོར་བ་མི་རུང་ཞེ་ན། འདི་ལྟར་ཚུལ་

བཞིན་ནམ་ཚུལ་བཞིན་མ་ཡིན་པ་སེམས་པར་བྱེད་པ་དང་། རྗེས་སུ་རྟོགས་པར་བྱེད་པའམ། སེམས་མཉམ་པར་གཞག་པའམ། སེམས་མཉམ་པར་མ་བཞག་པ་གཅིག་ཅིག་གི་ལུས་ལ་ཚོར་བ་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་གང་དག་འབྱུང་བ་དེ་དག་མི་འབྱུང་བའི་རིགས་ན་སྣང་སྟེ།

Vol. 130 · folio 3b

དེའི་ཕྱིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོད་དོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པའམ། འགོག་པ་ལ་སྙོམས་པར་ཞུགས་པའི་རྣམ་པར་ཤེས་པ་ལུས་དང་བྲལ་བ་

ཁོ་ནར་འགྱུར་ཞིང་མ་བྲལ་བར་མི་འགྱུར་བས། དེའི་ཕྱིར་ཤི་བ་ཁོ་ནར་འགྱུར་བ་ཞིག་ན་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེའི་རྣམ་པར་ཤེས་པ་ནི་ལུས་དང་བྲལ་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་འཆི་འཕོ་མི་རུང་ཞེ་ན། འདི་

ལྟར་འཆི་འཕོ་བའི་ཚེའི་རྣམ་པར་ཤེས་པས་ལུས་རོ་སྟོད་དམ། རོ་སྨད་དུ་དྲོད་ཡལ་བར་བྱེད་ཅིང་སྤོང་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་པས། དེའི་ཕྱིར་ལུས་ལེན་པར་བྱེད་པའི་ཀུན་གཞི་རྣམ་པར་ཤེས་པ་ཁོ་ན་དང་བྲལ་བས་ལུས་ཀྱི་དྲོད་ཡལ་བ་དང་། ལུས་ལ་

ཚོར་བ་མེད་པར་སྣང་བར་ཟད་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་མི་རུང་ངོ་། །སྡོམ་ནི། དམིགས་དང་མཚུངས་པར་ལྡན་པ་དང་། །གཅིག་གི་རྐྱེན་ཉིད་གཅིག་ཡིན་དང་། །ལྷན་ཅིག་དངོས་པོས་འཇུག་པ་དང་། །ཀུན་ནས་ཉོན་མོངས་ལྡོག་པ་ཡིན། །

མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པའི་འཇུག་པ་ནི་རྣམ་པ་བཞིས་རྣམ་པར་བཞག་ལ། ལྡོག་པ་ནི་རྣམ་པ་གཅིག་གིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དམིགས་པས་འཇུག་པ་རྣམ་པར་གཞག་པ་དང་། མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པ་དང་།

གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པ་དང་། ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་སྟེ། རྣམ་པ་བཞི་པོ་དེ་དག་གིས་ནི་འཇུག་པ་རྣམ་པར་གཞག་ལ། ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་གཞག་པས་ནི་ལྡོག་པ་རྣམ་པར་གཞག་པར་རིག་

པར་བྱའོ། །དེ་ལ་དམིགས་པས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་སྟེ། ནང་གི་ལེན་པ་རྣམ་པར་རིག་པ་དང་། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པས་སོ། །དེ་ལ་ནང་གི་ལེན་

Vol. 130 · folio 4a

པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་རྟེན་དང་དབང་པོའི་གཟུགས་སོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པ་ན་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་བཅད་པ་

རྣམ་པར་རིག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནང་གི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས། རྟག་ཏུ་རྒྱུན་མི་འཆད་པར་འཇིག་རྟེན་དང་སྣོད་ཀྱི་རྒྱུན་རྣམ་པར་རིག་པ་སྟེ། འདི་ལྟ་སྟེ། དཔེར་ན་མར་མེ་འབར་བ་ནི་སྙིང་པོ་དང་སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ།

ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་བཞིན་དུ་ནང་གི་ལེན་པའི་དམིགས་པ་དང་། ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན་གཞི་རྣམ་པར་ཤེས་པའི་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ། །དམིགས་པ་དེ་ནི་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་ཡོངས་སུ་གཅད་པར་དཀའ་བའི་ཕྱིར་ཕྲ་

བ་ཡིན་ནོ། །དམིགས་པ་དེ་ནི་རྟག་ཏུ་ཡོད་པ་ཡིན་ཏེ། ལན་འགའ་གཞན་དུ་འགྱུར་ལ། ལན་འགའ་གཞན་དུ་འགྱུར་བ་མ་ཡིན་ནོ། །འོན་ཀྱང་དང་པོ་པའི་ལེན་པའི་སྐད་ཅིག་ལ་བརྟེན་ནས། ཇི་སྲིད་འཚོའི་བར་དུ་རྣམ་པར་ཤེས་པར་རིག་པ་རོ་གཅིག་པས་འཇུག་པར་འགྱུར་

རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ནི་དམིགས་པ་ལ་སྐད་ཅིག་པ་ཡིན་པར་བལྟ་བར་བྱ་སྟེ། སྐད་ཅིག་པའི་རྒྱུན་གྱི་རྒྱུད་ཀྱིས་འཇུག་པ་ཡིན་གྱི། གཅིག་པ་ཉིད་ནི་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་འདོད་པའི་ཁམས་ན་ནི་རྒྱུ་ཆུང་ངུའི་དམིགས་པ་ཅན་དུ་བརྗོད་

པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་རྒྱུ་ཆེན་པོར་གྱུར་བའི་དམིགས་པ་ཅན་ནོ། །གཟུགས་མེད་པའི་ཁམས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་

དམིགས་པ་ཅན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་ཅན་དུ་བལྟ་བར་བྱའོ། །དེ་ལྟར་ན་དམིགས་པ་རྣམ་པ་གཉིས་རྣམ་པར་རིག་པ་དང་། ཕྲ་བ་རྣམ་པར་རིག་པ་དང་། འདྲ་བ་རྣམ་པར་རིག་པ་དང་། སྐད་ཅིག་པ་རྣམ་པར་

Vol. 130 · folio 4b

རིག་པ་དང་། རྒྱུ་ཆུང་ངུའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཆེན་པོར་གྱུར་པའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཚད་མེད་པའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཕྲ་བའི་དམིགས་པ་རྣམ་པར་རིག་པ་དང་། རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་རྣམ་པར་རིག་པས་

ཀྱང་ཀུན་གཞི་རྣམ་པར་ཤེས་པ་དམིགས་པས་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པས་ན་སེམས་དང་མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་

བ་ལྔ་པོ་ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས་དང་མཚུངས་པར་ལྡན་ནོ། །ཆོས་དེ་དག་ཀྱང་རྣམ་པར་སྨིན་པར་བསྡུས་པ་དང་། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བའི་ཕྱིར་ཕྲ་བ་དང་། གཏན་དུ་དམིགས་པ་

གཅིག་ལ་མཚུངས་པར་འཇུག་པ་ཡིན་ནོ། །སེམས་ལས་བྱུང་བ་དེ་དག་ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་གཅིག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱིས་དེ་

ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ནོ། །དེ་ལྟར་ན་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པར་རིགས་འདྲ་བ་དང་མཚུངས་པར་ལྡན་པ་དང་། འཇུག་པ་ཕྲ་བ་དང་མཚུངས་པར་ལྡན་པ་དང་།

དམིགས་པ་གཅིག་ལ་མཚུངས་པར་འཇུག་པ་དང་མཚུངས་པར་ལྡན་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་མཚུངས་པར་ལྡན་པ་དང་། ལུང་དུ་མ་བསྟན་པ་དང་མཚུངས་པར་ལྡན་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་

གཞག་པར་རིག་པར་བྱའོ། །དེ་ལ་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ་ས་བོན་གྱི་དངོས་པོ་དང་རྟེན་བྱེད་པས་སོ། །དེ་ལ་ས་བོན་གྱི་དངོས་

Vol. 130 · folio 5a

པོ་ནི་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་དང་ལྡན་པ་ཡིན་ནོ། །དེ་ལ་རྟེན་བྱེད་པ་ནི་ཀུན་གཞི་རྣམ་པར་ཤེས་པས་ཟིན་

པའི་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་ནས། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་འབྱུང་བར་འགྱུར་གྱི་མ་ཟིན་པ་དག་ལས་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་གནས་མིག་ལ་སོགས་པ་དང་འདྲ་བ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཀུན་གཞི་

རྣམ་པར་ཤེས་པ་ཡོད་ན། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་བར་འགྱུར་གྱི་མེད་ན་ནི་མ་ཡིན་ནོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་ཀུན་གཞི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལ་ས་བོན་ཡོངས་སུ་བརྟས་པར་བྱེད་པ་དང་། ཚེ་

ཕྱི་མ་ལ་དེ་མངོན་པར་འགྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པས་སོ། །དེ་ལ་ཚེ་འདི་ལ་ས་བོན་ཡོངས་སུ་བརྟས་པར་བྱེད་པ་ནི། ཇི་ལྟ་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་འབྱུང་

བར་འགྱུར་བ་དེ་ལྟ་དེ་ལྟར་རང་གི་རྟེན་ལ་རྟེན་དེ་དང་ལྷན་ཅིག་སྐྱེ་བ་དང་འགག་པས་བག་ཆགས་སྒོ་བར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕྱིར་ཞིང་ཕྱིར་ཞིང་དགེ་བ་ལ་སོགས་པའི་དངོས་པོས་ཤིན་ཏུ་བརྟས་པ་དང་། ཤིན་ཏུ་སྦྱངས་པ་དང་། ཤིན་ཏུ་

འོད་གསལ་བ་དག་ཏུ་འབྱུང་བར་འགྱུར་རོ། །དེའི་བག་ཆགས་ཀྱི་རིགས་གཞན་ནི་ཕྱི་མ་ལ་ཀུན་གཞི་རྣམ་པར་ཤེས་པ་དེ་དག་ཉིད་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་ཕྱིར་འཇུག་པར་འགྱུར་རོ། །དེ་ལྟར་ན་ས་བོན་གྱི་དངོས་པོ་དང་རྟེན་བྱེད་པ་དང་། ས་བོན་ཡོངས་སུ་བརྟས་པར་

བྱེད་པ་དང་། ས་བོན་ཡོངས་སུ་འཛིན་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ལྷན་ཅིག་གི་དངོས་པོས་འཇུག་པ་རྣམ་པར་གཞག་པ་གང་ཞེ་ན། ཀུན་གཞི་

Vol. 130 · folio 5b

རྣམ་པར་ཤེས་པ་ནི་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པ་གཅིག་ཁོ་ན་དང་ལྷན་ཅིག་ཏུ་འཇུག་སྟེ། འདི་ལྟ་སྟེ་ཡིད་དང་ངོ་། །འདི་ལྟར་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། རློམ་པའི་རྣམ་པ་ཅན་གྱི་ཡིད་གང་ཡིན་པ་དེ་ནི་སེམས་ཡོད་པ་དང་། སེམས་མེད་པའི་

གནས་སྐབས་དག་ན་ཡང་དུས་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། ད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ངའོ་སྙམ་པ་དང་། བདག་གོ་སྙམ་དུ་དམིགས་ཤིང་རློམ་པའི་རྣམ་པ་ཅན་ཡིན་ནོ། །རེས་འགའ་ནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་

དང་ལྷན་ཅིག་འབྱུང་ཞིང་འཇུག་གོ། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གང་ཡང་རུང་བ་གཅིག་དང་གསུམ་དང་ངོ་། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གཉིས་ལྷན་ཅིག་འབྱུང་བ་དང་བཞི་དང་ངོ་། །རེས་འགའ་ནི་རྣམ་པར་ཤེས་པའི་

ཚོགས་ལྔ་པོ་ལྷན་ཅིག་འབྱུང་བ་དང་བདུན་ཆར་གྱི་བར་དག་དང་། ལྷན་ཅིག་འབྱུང་ཞིང་འཇུག་གོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཡིད་ལ་བརྟེན་པ་ཞེས་བྱ་སྟེ། རྒྱུ་མཚན་གྱི་ཡིད་མ་འགགས་ན་རྣམ་པར་རིག་པའི་འཆིང་བ་མི་འགྲོལ་ལ། འགགས་ན་ནི་དེ་འགྲོལ་བའི་ཕྱིར་རོ། །

ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་གཞན་གྱི་ཡུལ་ལ་དམིགས་པ་དང་། རང་གི་ཡུལ་ལ་དམིགས་པ་ཡིན་ཏེ། དེ་ལ་གཞན་གྱི་ཡུལ་ལ་དམིགས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་ཡུལ་ལ་ཅིག་ཅར་རམ། ཅིག་ཅར་མ་ཡིན་པར་དམིགས་པ་གང་ཡིན་པའོ། །རང་གི་ཡུལ་ལ་

དམིགས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་པ་མེད་པར་ཆོས་ལ་དམིགས་ནས་འབྱུང་བ་གང་ཡིན་པའོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་རེས་འགའ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་དང་

འདྲེན་མར་འཇུག་སྟེ། འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས། ཚོར་བ་གང་དག་ཡིན་པ་དེ་དག་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ལ་མི་རྣམས་དང་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་ཁ་ཅིག་གི་ནང་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་སྡུག་བསྔལ་ཡང་

Vol. 130 · folio 6a

མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་དང་། འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་དེ་དག་གི་རྒྱུན་འདྲེན་མར་ལྷན་ཅིག་ཏུ་འབྱུང་ཞིང་འཇུག་གོ། །སེམས་ཅན་

དམྱལ་བ་དག་ན་ནི་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཟིལ་གྱིས་མནན་ཏེ། སྡུག་བསྔལ་གྱི་རྒྱུན་འབའ་ཞིག་མ་འདྲེས་པ་དེ་ཉིད་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ཡང་ཟིལ་གྱིས་མནན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་པར་བལྟའོ། །སེམས་ཅན་

དམྱལ་བ་དག་ན་སྡུག་བསྔལ་དང་ཅི་ལྟ་བ་དེ་བཞིན་དུ་བསམ་གཏན་གསུམ་གྱི་ས་པའི་ལྷ་རྣམས་ལ་ནི་བདེ་བར་དང་ངོ་། །བསམ་གཏན་བཞི་པ་ཡན་ཅད་སྲིད་པའི་རྩེ་མོའི་བར་དག་ལ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ངོ་། །ཀུན་གཞི་རྣམ་པར་ཤེས་པ་རེས་འགའ་ནི་འཇུག་པའི་

རྣམ་པར་ཤེས་པར་གཏོགས་པའི་སེམས་ལས་བྱུང་བའི་ཆོས་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་ཡང་ལྷན་ཅིག་འབྱུང་ཞིང་འཇུག་གོ། །གློ་བུར་གྱི་

ཚོར་བ་རྣམས་དང་། གློ་བུར་གྱི་ཆོས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་དང་ཡང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་དེ་དག་དང་མཚུངས་པར་ལྡན་པ་ཡིན་པར་ནི་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་མི་མཚུངས་པ་ལ་འཇུག་པའི་ཕྱིར་ཏེ། འདི་ལྟ་

སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ནི་མིག་དང་ལྷན་ཅིག་འབྱུང་ཡང་དེ་ནི་དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་ཆོས་མཚུངས་པ་འགས་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །འདི་ལྟ་སྟེ། དཔེར་ན་སེམས་ལས་བྱུང་བའི་ཆོས་སེམས་ལས་བྱུང་བ་ཉིད་བྱེ་བྲག་མེད་པ་

རྣམས་མཚན་ཉིད་སྣ་ཚོགས་ཡིན་པའི་ཕྱིར་ལྷན་ཅིག་གི་དངོས་པོ་འཇུག་པ་ལ་འགལ་བ་མེད་པ་དེ་བཞིན་དུ། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ལྷན་ཅིག་གི་དངོས་པོས་འཇུག་པ་ལ་འགལ་བ་མེད་པར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་ཆུའི་

Vol. 130 · folio 6b

རྒྱུན་དང་ཆུ་རླབས་རྣམས་ལྷན་ཅིག་གི་དངོས་པོས་འཇུག་པར་འགལ་བ་མེད་པ་དང་། མེ་ལོང་གི་དཀྱིལ་འཁོར་གསལ་བ་དང་། གཟུགས་བརྙན་རྣམས་ལྷན་ཅིག་གི་དངོས་པོས་འཇུག་པར་འགལ་བ་མེད་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་འཇུག་པའི་རྣམ་པར་ཤེས་པ་

རྣམས་ལྷན་ཅིག་གི་དངོས་པོས་འཇུག་པར་འགལ་བ་མེད་པར་བལྟ་བར་བྱའོ། །འདི་ལྟ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པས་དངོས་པོ་གཅིག་ལ་རེས་འགའ་ནི་གཟུགས་ཀྱི་རྣམ་པ་རིགས་གཅིག་པ་སྣ་ཚོགས་མ་ཡིན་པ་འཛིན་པར་བྱེད། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་

ཅར་འཛིན་པར་བྱེད་དོ། །མིག་གི་རྣམ་པར་ཤེས་པས་གཟུགས་ལ་ཇི་ལྟ་བ་བཞིན་དུ། རྣ་བའི་རྣམ་པར་ཤེས་པས་སྒྲ་དག་དང་། སྣའི་རྣམ་པར་ཤེས་པས་དྲི་དག་དང་། ལྕེའི་རྣམ་པར་ཤེས་པས་རོ་དག་ལ་ཡང་དེ་བཞིན་པ་དང་། འདི་ལྟ་སྟེ། དཔེར་ན་ལུས་ཀྱི་རྣམ་པར་ཤེས་པའི་རེག་

བྱའི་དངོས་པོ་གཅིག་ལ་རེས་འགའ་ནི་རེག་བྱ་རིགས་གཅིག་པ་སྣ་ཚོགས་མ་ཡིན་པ་འཛིན་པར་བྱེད་ལ། རེས་འགའ་ནི་རྣམ་པ་སྣ་ཚོགས་དུ་མ་ཅིག་ཅར་འཛིན་པར་བྱེད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རྟོག་པས་ཀྱང་གཅིག་དང་སྣ་ཚོགས་དུ་མ་འཛིན་པ་ལ་འགལ་བ་མེད་པར་

རིག་པར་བྱའོ། །གང་སྔར་བསྟན་པའི་ཡིད་གང་ཡིན་པ་དེ་ནི་དུས་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་སྟེ། དེ་ནི་ཡང་དག་པར་མ་བཅོམ་གྱི་བར་དུ་དུས་རྟག་པ་ཁོ་ནར་ལྷན་ཅིག་སྐྱེས་པའི་རང་བཞིན་འདྲ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་བཞི་པོ་

འཇིག་ཚོགས་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པ་དང་། བདག་ལ་ཆགས་པའི་ཀུན་ནས་ཉོན་མོངས་པ་དང་། མ་རིག་པའི་ཀུན་ནས་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་པར་བལྟ་བར་བྱའོ། །ཀུན་ནས་ཉོན་

མོངས་པ་རྣམ་པ་བཞི་པོ་དེ་དག་ཀྱང་མཉམ་པར་ཞག་པ་དང་། མཉམ་པར་མ་བཞག་པའི་ས་ལ་དགེ་བ་ལ་སོགས་པ་དག་ལ་འགལ་བ་མེད་པར་འཇུག་པ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་

Vol. 130 · folio 7a

ཅིག་གི་དངོས་པོ་དང་། ཚོར་བ་དང་ལྷན་ཅིག་གི་དངོས་པོ་དང་། དགེ་བ་ལ་སོགས་པ་དང་ལྷན་ཅིག་གི་དངོས་པོས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལྷན་ཅིག་གི་དངོས་པོས་འཇུག་པར་རྣམ་པར་གཞག་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་ལྡོག་པ་

རྣམ་པར་གཞག་པ་གང་ཞེ་ན་ཀུན་གཞི་རྣམ་པར་ཤེས་པ་ནི། མདོར་ན་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །འདི་ལྟར་དེ་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡིན་ཏེ། དབང་པོ་རྟེན་དང་བཅས་པ་རྣམས་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་སྐྱེད་

པར་བྱེད་པ་ཡིན་པའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡང་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་ཐམས་ཅད་ནི་གཅིག་གི་དབང་གཅིག་ཡིན་པའི་ཕྱིར་སེམས་ཅན་ཕན་ཚུན་འཇུག་པའི་རྩ་བ་ཡང་ཡིན་ཏེ། འདི་

ལྟར་དེ་ལས་གཞན་པའི་སེམས་ཅན་གྱི་མཐོང་བ་ལ་སོགས་པས་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བར་མི་འགྱུར་བ་གང་ཡིན་པའི་སེམས་ཅན་དེ་དག་ནི་འགའ་ཡང་མེད་པའི་ཕྱིར་རོ། །རྣམ་གྲངས་དེས་ན་སེམས་ཅན་གྱི་ཁམས་གང་ཡིན་པ་དེ་ནི་

གཅིག་གི་དབང་གཅིག་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ད་ལྟར་གྱི་དུས་ན་སྡུག་བསྔལ་གྱི་བདེན་པའི་རང་བཞིན་དང་། མ་འོངས་པའི་དུས་ན་སྡུག་བསྔལ་གྱི་བདེན་པ་སྐྱེད་པར་བྱེད་པ་དང་། ད་ལྟར་གྱི་

དུས་ཉིད་ནི་ཀུན་འབྱུང་བའི་བདེན་པ་སྐྱེད་པར་བྱེད་པའང་ཡིན་ནོ། །དེ་ལྟར་ན་སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང་། སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པ་དང་། སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཡིན་པ་དང་། མ་འོངས་པའི་སྡུག་བསྔལ་གྱི་བདེན་པ་འགྲུབ་པར་

བྱེད་པ་དང་། ད་ལྟར་གྱི་ཀུན་འབྱུང་བའི་བདེན་པ་འགྲུབ་པར་བྱེད་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་བལྟ་བར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་

Vol. 130 · folio 7b

དགེ་བའི་རྩ་བ་རྣམས་ཀྱི་ས་བོན་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་བདེན་པའི་རྒྱུ་མ་ཡིན་ཏེ། ཐར་པ་ལ་སོགས་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ནི་འཇུག་པ་དང་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བྱུང་ན་དེ་ལས་གཞན་པ་འཇིག་རྟེན་པའི་

དགེ་བའི་རྩ་བ་རྣམས་ནི་ཆེས་འོད་གསལ་བར་འགྱུར་ཞིང་། དེས་ན་དེ་དག་རང་གི་ས་བོན་ཡོངས་སུ་བཟུང་བ་ལ་ཆེས་མཐུ་དང་ལྡན་པ་དང་ས་བོན་ཡོངས་སུ་བརྟས་པས་བསྒྲུབ་པ་ལ་ཆེས་སྟོབས་དང་ལྡན་པར་འགྱུར་རོ། །ས་བོན་དེ་ལས་དགེ་བའི་ཆོས་དེ་དག་ཀྱང་ཆེས་འོད་གསལ་

བར་འགྲུབ་པ་དང་། ཕྱི་མ་ལ་ཡང་རྣམ་པར་སྨིན་པ་ཆེས་སྡུག་པ་དང་། ཆེས་འདོད་པ་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་འདི་ལ་དགོངས་ནས་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་

གི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་གསུངས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཁམས་སྣ་ཚོགས་ཡོད་པའི་ཕྱིར་རོ། །མདོ་ཉིད་ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་ཁམས་

དུ་མ་ཡོད་པའི་ཕྱིར་རོ། །ཇི་ལྟར་དབང་པོའི་ཚོགས་ཀྱི་དཔེ་མཛད་པ་ལྟ་བུའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་རྩ་བ་ཀུན་གཞི་རྣམ་པར་ཤེས་པ་དེ་ནི་འདི་ལྟར་དགེ་བའི་ཆོས་བསྒོམས་པས་རྣམ་པར་ལྡོག་པར་རིག་པར་བྱའོ། །དགེ་བའི་ཆོས་བསྒོམ་པ་དེ་ཡང་སོ་སོའི་སྐྱེ་བོ་སེམས་

གནས་པར་བྱ་བའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ལ་དམིགས་པའི་ཡིད་ལ་བྱེད་པས་བརྩོན་པར་བྱེད་པ་ནི། དེའི་དང་པོར་བདེན་པ་མངོན་པར་རྟོགས་པ་ལ་འཇུག་པར་བྱ་བའི་ཕྱིར་བསྒོམ་སྟེ། བདེན་པ་མ་མཐོང་བ་བདེན་པ་རྣམས་ལ་མིག་མ་ཐོབ་པས་ནི་ཀུན་གཞི་རྣམ་པར་ཤེས་

པ་ས་བོན་ཐམས་ཅད་པ་ཡང་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེ་དེ་ལྟར་ཞུགས་ཤིང་ཉན་ཐོས་ཀྱི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་སམ། བྱང་ཆུབ་སེམས་དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་པ་ན། ཀུན་གཞི་

Vol. 130 · folio 8a

རྣམ་པར་ཤེས་པ་ཡང་རྟོགས་པར་བྱེད་དེ། དེར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ལ་ཡང་དག་པར་འདུས་པར་བལྟ་ཞིང་། དེ་ནང་གི་སོ་སོའི་བདག་ཉིད་ལ་ཕྱི་རོལ་གྱི་མཚན་མའི་འཆིང་བ་དང་། ནང་གི་གནས་ངན་ལེན་གྱི་འཆིང་བས་བདག་ཉིད་

བཅིངས་པ་རྟོགས་པར་བྱེད་དོ། །ཀུན་གཞི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྣམ་པར་སྤྲོས་པར་བསྡུས་པ་དེ་དག་ཐམས་ཅད་ཀྱི་ཁམས་པ་ཡིན་པའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ལ་གཅིག་ཏུ་སྡུད་པ་དང་། གཅིག་ཏུ་སྤུངས་པ་དང་། གཅིག་ཏུ་སོགས་པར་བྱེད་

དེ། གཅིག་ཏུ་བསགས་ནས་དེ་བཞིན་ཉིད་ལ་དམིགས་པའི་ཤེས་པས་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་པའི་རྒྱུས་གནས་འགྱུར་བར་བྱེད་དོ། །གནས་འགྱུར་མ་ཐག་ཏུ་ཀུན་གཞི་རྣམ་པར་ཤེས་པ་སྤངས་པར་བརྗོད་པར་བྱ་སྟེ། དེ་སྤངས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་

ཐམས་ཅད་ཀྱང་སྤངས་པར་བརྗོད་པར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དེའི་གནས་ནི། གཉེན་པོ་དང་། དགྲ་བོས་བསྒྱུར་བར་རིག་པར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ནི་མི་རྟག་པ་དང་། ལེན་པ་དང་བཅས་པ་ཡིན་ལ། གནས་གྱུར་པ་ནི་རྟག་པ་དང་ལེན་པ་མེད་པ་ཡིན་ཏེ།

དེ་བཞིན་ཉིད་ལ་དམིགས་པའི་ལམ་གྱིས་བསྒྱུར་བའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་གནས་ངན་ལེན་དང་ལྡན་པ་ཡིན་ལ་གནས་གྱུར་པ་ནི་གནས་ངན་ལེན་ཐམས་ཅད་དང་གཏན་བྲལ་བ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་དང་ལམ་

གྱི་འཇུག་པའི་རྒྱུ་མ་ཡིན་ལ། གནས་གྱུར་པ་ནི་ཉོན་མོངས་པ་རྣམས་ཀྱི་འཇུག་པའི་རྒྱུ་མ་ཡིན་པ་དང་། ལམ་དུ་འཇུག་པའི་རྒྱུ་ཡིན་ཏེ། གནས་པའི་རྒྱུ་ཉིད་ཡིན་པ་དང་། སྐྱེད་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་

ཆོས་རྣམས་ལ་དབང་མི་བྱེད་ལ། གནས་གྱུར་པ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ལ་དབང་བྱེད་པའོ། །ཀུན་གཞི་རྣམ་པར་ཤེས་པ་དེའི་སྤངས་པའི་མཚན་ཉིད་ནི་དེ་སྤངས་མ་ཐག་ཏུ་ལེན་པ་རྣམ་པ་གཉིས་སྤོང་བ་དང་། སྤྲུལ་པ་ལྟ་བུའི་ལུས་ཀུན་ཏུ་གནས་པ་

Vol. 130 · folio 8b

སྟེ། ཕྱི་མ་ལ་སྡུག་བསྔལ་ཡང་འབྱུང་བར་བྱེད་པའི་རྒྱུ་སྤངས་པའི་ཕྱིར། ཕྱི་མ་ལ་ཡང་འབྱུང་བར་བྱེད་པའི་ལེན་པ་སྤོང་བ་དང་། ཚེ་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་ཚེ་འདིའི་ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་སྤོང་བ་དང་། གནས་ངན་ལེན་

ཐམས་ཅད་དང་བྲལ་ཞིང་སྲོག་གི་རྐྱེན་དུ་གྱུར་པ་ཙམ་ཀུན་ཏུ་གནས་སོ། །དེ་ཡོད་ན་ལུས་ཀྱི་མཐའ་པ་དང་། སྲོག་གི་མཐར་པའི་ཚོར་བ་མྱོང་བར་བྱེད་དེ། དེའི་ཕྱིར་མདོ་སྡེ་ལས་ཀྱང་འདི་ན་དེའི་ཚོར་བ་ཐམས་ཅད་དེ་ཙམ་གྱིས་ན་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་རྒྱ་ཆེར་ཇི་སྐད་དུ་

གསུངས་པ་ལྟ་བུའོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་རྩ་བ་རྣམ་པར་གཞག་པ་དང་། འཇུག་པ་དང་། རྟོག་པ་དང་། བསྒོམ་པ་དང་། ཡིད་ལ་བྱེད་པ་རྣམ་པར་གཞག་པ་དང་། གནས་གྱུར་པ་རྣམ་པར་གཞག་པས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པ་

རྣམ་པར་ལྡོག་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལྟར་ན་འདི་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམ་པར་གཞག་པའི་ཚུལ་ཡང་དག་པ་ཡིན་ཏེ། དེ་ལྟར་ཁམས་གསུམ་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་ཇི་སྐད་བསྟན་པའི་ཚུལ་འདིས་ཀུན་ནས་

ཉོན་མོངས་པའི་ཚུལ་དང་། རྣམ་པར་བྱང་བའི་ཚུལ་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཚུལ་གཞན་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་གདུལ་བའི་རིམ་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟ་སྟེ་གདུལ་བ་བྱིས་པའི་ཤེས་རབ་ཅན་གྱི་དབང་དུ་

བྱས་ནས་ཐབས་སླ་བས་འཇུག་པར་བྱ་བའི་ཕྱིར་རོ། །གང་ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་པ་དེ་འཇུག་པའི་རྣམ་པར་ཤེས་པ་དང་ཡང་ལྡན་ལ། གང་འཇུག་པའི་རྣམ་པར་ཤེས་པ་དང་ལྡན་པ་དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་དང་ཡང་ལྡན་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ།

ཀུན་གཞི་རྣམ་པར་ཤེས་པ་དང་ལྡན་པ་ལ་འཇུག་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་གཉིད་ལོག་པ་སེམས་མེད་པ་དང་། བརྒྱལ་བར་གྱུར་པ་སེམས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་

Vol. 130 · folio 9a

པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེས་པའོ། །འཇུག་པའི་རྣམ་པར་ཤེས་པ་དང་ལྡན་ལ། ཀུན་གཞི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་ན་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་

པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའོ། །གཉི་ག་དང་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་དེ་ལས་གཞན་པ་དག་ནའོ། །གཉི་ག་དང་མི་ལྡན་པ་ནི་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་

གཤེགས་པ་འགོག་པ་ལ་སྙོམས་པར་ཞུགས་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ། །གང་གི་ཕྱིར་ནང་དང་ཕྱི་རོལ་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་སོ་སོར་ངེས་པ་ནི། སོ་སོ་རང་རང་གི་མཚན་ཉིད་ལ་རྣམ་པར་གནས་པ་ཡིན་ན། འོ་ན་ཅིའི་ཕྱིར་

ཁམས་བཅོ་བརྒྱད་པོ་དག་ལས་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནི་ངོ་བོ་ཉིད་ལས་རྣམ་པར་གཞག་ལ། དེ་ལས་གཞན་པའི་ཁམས་རྣམས་ནི་གནས་དང་། དམིགས་པ་དང་། གྲོགས་ལས་རྣམ་པར་གཞག་ཅེ་ན། རྣམ་པར་ཤེས་པའི་ཁམས་དྲུག་པོ་གང་ཡིན་པ་འདི་དག་

ནི་ཉིན་མོ་དང་མཚན་མོ་དེ་དང་དེ་དག་འདས་པ་དང་། སྐད་ཅིག་དེ་དང་དེ་དག་འདས་པ་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདས་ནས། རྒྱུ་དེ་དག་དང་རྐྱེན་དེ་དག་ལ་བརྟེན་ཏེ། མིག་ལ་སོགས་པ་གནས་རྣམས་དང་། གཟུགས་ལ་སོགས་པ་དམིགས་པ་རྣམས་དང་།

སེམས་ལས་བྱུང་བ་གྲོགས་རྣམས་ཀྱིས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་དག་འབྱུང་ཞིང་། གནས་གང་དང་གང་ནས་འབྱུང་བ་དེ་དང་དེའི་མིང་འཐོབ་བོ། །འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་གང་དང་གང་ཁོ་ན་ལ་བརྟེན་ཏེ་འབར་བ་དེ་དང་དེའི་གྲངས་སུ་འགྲོ་སྟེ། རྩྭ་དག་དང་ཤིང་

དག་དང་། ལྕི་བ་དག་དང་། ཕུབ་མ་དག་དང་། སྦུར་མ་དག་ལ་བརྟེན་ཏེ་འབར་བའི་མེ་ནི་རྩྭའི་མེ་ཞེས་བྱ་བ་ནས། རྒྱས་པར་སྦུར་མའི་མེ་ཞེས་བྱ་བའི་བར་གྱི་གྲངས་སུ་འགྲོ་བ་དེ་བཞིན་དུ་མིག་དང་གཟུགས་རྣམས་ལ་བརྟེན་ཏེ། རྣམ་པར་ཤེས་པ་འབྱུང་བ་ནི་མིག་གི་རྣམ་པར་

Vol. 130 · folio 9b

ཤེས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེ་བཞིན་དུ་རྒྱས་པར་ཡིད་དང་ཆོས་ཀྱི་བར་ལ་བརྟེན་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་གྱི་གྲངས་སུ་འགྲོ་བར་རིག་པར་བྱའོ། །དེ་ལས་གཞན་པ་མིག་ལ་སོགས་པའི་ཁམས་རྣམས་ནི་དང་པོ་ངོ་བོ་ཉིད་གང་ཁོ་ནས་

བྱུང་བར་གྱུར་པའི་ངོ་བོ་ཉིད་དེ་ཁོ་ན་དང་འདྲ་བར་འབྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་གཏན་དུ་རྗེས་སུ་འཇུག་པར་འགྱུར་རོ། །རྣམ་པར་ཤེས་པ་རིགས་གཅིག་པ་ནི་རྒྱུ་དེ་དག་དང་རྐྱེན་དེ་དག་ལ་བརྟེན་ཏེ། རྣམ་པ་ཐ་དད་པའི་ངོ་བོ་ཉིད་དུ་འབྱུང་བས་དེའི་ཕྱིར། རྣམ་

པར་ཤེས་པའི་ཁམས་རྣམས་ནི་ངོ་བོ་ཉིད་ཁོ་ན་ལས་རྣམ་པར་བཞག་ལ་དེ་ལས་གཞན་པའི་ཁམས་རྣམས་ནི་གནས་དང་དམིགས་པ་དང་གྲོགས་ལས་རྣམ་པར་གཞག་གོ། རྣམ་པར་ཤེས་པའི་ཚོགས་ཡོངས་སུ་ཤེས་པར་བྱ་བ་ལས་བརྩམས་ཏེ། དགེ་སློང་སེམས་རྣམ་

པར་དག་པར་བྱ་བ་ལ་ཞུགས་པས་རྣམ་པ་དུས་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན། མདོར་བསྡུ་ན་རྣམ་པ་གསུམ་གྱིས་ཏེ། ཀུན་ནས་ཉོན་མོངས་པ་ལས་ཀུན་ཏུ་དགའ་བ་དང་། ཀུན་ནས་ཉོན་མོངས་པ་ཅན་གྱི་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་རྣམ་པར་བཟློག་པའི་

ཐབས་ཀྱིས་སོ། །ཇི་ལྟར་ན་དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ། ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ལས་སེམས་ཡོངས་སུ་ཤེས་པར་བྱེད་ཅེ་ན། འདི་ན་དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་ནི་འདི་སྙམ་དུ་སེམས་ཏེ། བདག་གི་

སེམས་འདི་ནི་ཡུན་རིང་པོ་ནས་ཀུན་ནས་ཉོན་མོངས་པ་ལ་མངོན་པར་དགའ་བ་སྟེ། ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བས་ཡང་འདོད་ཆགས་དང་བཅས་པ་ཉིད་ལས་རྣམ་པར་བསླང་སྟེ། འདོད་ཆགས་དང་བྲལ་བ་ཉིད་ལ་ངེས་པར་སྦྱོར་བར་བྱེད་པ་ན། འདོད་

ཆགས་དང་བྲལ་བ་ཉིད་ལ་ངེས་པར་མི་གནས་ཤིང་མི་དགའ་བར་མྱུར་བ་མྱུར་བ་ཁོ་ནར་ཀུན་ཏུ་གྱུར་ཅིང་། འདོད་ཆགས་དང་བཅས་པ་ཁོ་ན་ལ་འཇུག་པར་བྱེད། རྣམ་པར་འགྲོ་བར་བྱེད། རྗེས་སུ་རྒྱུག་པར་བྱེད་དོ། །འདོད་ཆགས་དང་བཅས་པ་ཉིད་ཀྱི་ཇི་ལྟ་བ་

Vol. 130 · folio 10a

བཞིན་དུ་ཞེ་སྡང་དང་བཅས་པ་ཉིད་དང་། གཏི་མུག་དང་བཅས་པ་ཉིད་དང་། ཞུམ་པ་ཉིད་དང་། རྒོད་པ་ཉིད་དང་། ཉེ་བར་མ་ཞི་བ་ཉིད་དང་། རྣམ་པར་གཡེངས་པ་ཉིད་ཀྱི་བར་ཡང་དེ་དང་འདྲ་སྟེ། བག་མེད་པར་གནས་པ་ལས་རྣམ་པར་བསླང་ནས།

རྒྱས་པར་དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ་པའི་བར་ལ་ངེས་པར་སྦྱོར་བར་བྱེད་པ་ན། དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ་པ་ལ་ངེས་པར་མི་གནས་ཤིང་། མི་དགའ་བར་མྱུར་བ་མྱུར་བ་ཁོ་ནར་ཀུན་ཏུ་གྱུར་ཅིང་། བག་མེད་པ་ལ་ཀུན་ཏུ་དགའ་བའི་བར་ཁོ་ན་ལ་

འཇུག་པར་བྱེད། རྣམ་པར་འགྲོ་བར་བྱེད། རྗེས་སུ་རྒྱུག་པར་བྱེད་དོ་སྙམ་དུ་སེམས་ཏེ། དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་ནི་དེ་ལྟར་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ལས་སེམས་ཡོངས་སུ་ཤེས་པར་བྱེད་དོ། །དགེ་སློང་སེམས་རྣམ་པར་

དག་པར་བྱ་བ་ལ་ཞུགས་པས་དེ་ལྟར་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ལས་རང་གི་སེམས་ཡོངས་སུ་ཤེས་པར་བྱས་ནས། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་དེ་ཉིད་ཉེས་དམིགས་ལས་འདི་ལྟར་ཡོངས་སུ་ཤེས་པར་བྱེད་དོ། །བདག་གི་འདོད་ཆགས་

དང་བཅས་པའི་སེམས་གང་ཡིན་པ་དེ་ནི་བདག་ལ་གནོད་པ་དང་། གཞན་དག་ལ་གནོད་པ་དང་། གཉི་ག་ལ་གནོད་པའི་ཕྱིར་འཇུག་པ་དང་། ཚེ་འདི་དང་ཚེ་ཕྱི་མ་དང་ཚེ་འདི་དང་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་པར་བྱེད་པ་དང་། དེ་དང་དེ་འབྱུང་བའི་སེམས་ལས་བྱུང་

བ་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེ་བའི་རྐྱེན་ཡང་ཡིན་ཏེ། འདོད་ཆགས་དང་བཅས་པ་ཇི་ལྟ་བ་བཞིན་དུ་བག་མེད་པ་ལ་མངོན་པར་དགའ་བའི་བར་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་ཡོངས་སུ་ཤེས་པར་བྱེད་ཅིང་། དེ་འདི་སྙམ་དུ་སེམས་ཏེ། འདོད་ཆགས་

དང་བཅས་པའི་སེམས་དང་། བག་མེད་པ་ལ་མངོན་པར་དགའ་བའི་བར་གྱི་སེམས་འདི་ནི་ཉེས་དམིགས་དང་བཅས་པའི་ཕྱིར། ཡམས་ཀྱི་ནད་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་། འགོ་བའི་ནད་དང་བཅས་པ་དང་། འཁྲུག་པ་དང་བཅས་པ་ཡིན་ནོ་སྙམ་

Vol. 130 · folio 10b

དུ་སེམས་སོ། །དེས་དེ་ལྟར་རང་གི་སེམས་ཀུན་ནས་ཉོན་མོངས་པ་ཅན་དེ་ཉེས་དམིགས་ལས་ཡོངས་སུ་ཤེས་པར་བྱས་ནས་ཀུན་ནས་ཉོན་མོངས་པ་རྣམ་པར་ལྡོག་པ་ལ་མཁས་པ་ལས་འདི་ལྟར་ཡོངས་སུ་ཤེས་པར་བྱེད་དེ། བདག་ནི་དེ་ལྟར་རང་གི་སེམས་ཀུན་ནས་ཉོན་

མོངས་པ་ཅན་ཉེས་དམིགས་དང་བཅས་པ་ཡམས་ཀྱི་ནད་དང་བཅས་པ། གནོད་པ་དང་བཅས་པ། འགོ་བའི་ནད་དང་བཅས་པ། འཁྲུག་པ་དང་བཅས་པ་འདི་ལྟ་བུ་འདིའི་དབང་དུ་འགྱུར་བར་མི་བྱའི། རང་གི་སེམས་ཉིད་ལ་དབང་བསྒྱུར་བར་བྱའོ་ཞེས་རང་གི་

སེམས་ལ་དབང་བསྒྱུར་བར་བྱ་བ་དང་། སེམས་ཀྱི་དབང་གིས་འགྱུར་བར་མི་བྱ་བར་རིག་ནས། སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཏེ། འདོད་ཆགས་དང་བཅས་པའི་སེམས་དེ་འདོད་ཆགས་དང་བཅས་པ་ཉིད་ལས་རྣམ་པར་བཟློག་ནས། འདོད་ཆགས་

དང་བྲལ་བ་ཉིད་ལ་འཇོག་པར་བྱེད། དགའ་བར་བྱེད་ཅིང་། དེ་ལ་དེའི་ཕན་ཡོན་ཉེ་བར་སྟོན་པར་ཡང་བྱེད་དོ། །དེ་བཞིན་དུ་བག་མེད་པར་གནས་པའི་བར་ལས་རྣམ་པར་བཟློག་ནས། དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ་པ་ལ་འཇོག་པར་བྱེད། དགའ་བར་བྱེད་

ཅིང་དེ་ལ་དེའི་ཕན་ཡོན་ཉེ་བར་སྟོན་པར་ཡང་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་མང་དུ་གནས་པ་དེ་ལ་དེའི་སེམས་སྔོན་ཀུན་ནས་ཉོན་མོངས་པ་ལ་ཀུན་ཏུ་དགའ་བ་ཡོངས་སུ་སྨད་པ་གང་ཡིན་པ་དེ། སོ་སོར་བརྟག་མི་དགོས་པར་དགེ་བའི་ཆོས་རྣམས་རྟག་ཏུ་བསྒོམ་པ་ལ་རང་ཉིད་

མངོན་པར་དགའ་བར་འགྱུར་བ་དེའི་དུས་ཀྱང་ཡོད་དེ། དེའི་སྐབས་ཀྱང་ཡོད་པར་འགྱུར་རོ། །གང་གི་ཕྱིར་དགེ་སློང་སེམས་རྣམ་པར་དག་པར་བྱ་བ་ལ་ཞུགས་པ་དེ་ལྟར་རང་གི་སེམས་ཀུན་ནས་ཉོན་མོངས་པ་ལ་ཀུན་དུ་དགའ་བ་ཉིད་ལ་བརྟེན་ཏེ། དཔེ་མེད་པར་འགྱུར་བ་ཉིད་ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པ་ནི། དེ་ལྟར་ཉེས་དམིགས་ལས་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ལ་ཡང་མཁས་པར་གྱུར་ལ། དེ་ལྟར་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་རྣམ་པར་ལྡོག་པ་ལ་ཡང་མཁས་པར་འགྱུར་རོ། །དེ་ལྟར་ན་དགེ་སློང་སེམས་

Vol. 130 · folio 11a

རྣམ་པར་དག་པར་བྱ་བ་ལ་ཞུགས་པ་ནི་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས་མྱུར་བ་ཁོ་ནར་སེམས་རྣམ་པར་དག་པ་བླ་ན་མེད་པ་རྗེས་སུ་འཐོབ་བོ། །སེམས་ལ་མཁས་པའི་རྣམ་གྲངས་དང་། སེམས་རྣམ་པར་ལྡོག་པ་ལ་མཁས་པའི་རྣམ་

གྲངས་གཞན་ཡང་ཡོད་དེ། སེམས་ལ་མཁས་པའི་རྣམ་གྲངས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལས་བརྩམས་ཏེ་རིག་པར་བྱའོ། །སེམས་རྣམ་པར་ལྡོག་པ་ལ་མཁས་པའི་རྣམ་གྲངས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལས་བརྩམས་ཏེ་རིག་པར་བྱའོ།། །།

བམ་པོ་གཉིས་པ། དགེ་བས་སེམས་ཡོངས་སུ་བསྒོས་པའི་ཕན་ཡོན་ནི་གཉིས་ཏེ། འབྲས་བུའི་དུས་ན་བདེ་བ་ལ་རེག་པ་ཉིད་དང་། རྒྱུའི་དུས་ན་དབང་བསྒྱུར་བ་ཉིད་དོ། །སེམས་རྙོག་པ་ཅན་དུ་འགྱུར་བའི་ཉེས་པ་ནི་གསུམ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་

བྱེད་པའི་ཉེས་པ་དང་། བག་ལ་ཉལ་གྱི་ཉེས་པ་དང་། ཀུན་ནས་དཀྲིས་པའི་ཉེས་པའོ། །བཅོམ་ལྡན་འདས་ཀྱིས་སེམས་ཁོ་ན་ལ་ལེགས་པར་རབ་ཏུ་ཚུལ་བཞིན་དུ་སོ་སོར་བརྟག་པར་བྱའོ་ཞེས་གང་གསུངས་པ་དང་། དྲན་པ་ཉེ་བར་གཞག་པ་དག་ལས་ལུས་

ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནས། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། སྨྲས་པ། དེར་ནི་སེམས་ཡོངས་སུ་བརྟག་པ་ཁོ་ན་དྲན་པ་ཉེ་བར་གཞག་པ་བཞིས་ཡོངས་སུ་

བསྟན་པ་ཡིན་ཏེ། སེམས་ཀྱི་ལེན་པ་ཡོངས་སུ་བརྟག་པ་དང་། སེམས་ཀྱི་མྱོང་བ་ཡོངས་སུ་བརྟག་པ་དང་། སེམས་ཀྱི་རྣམ་པར་རིག་པ་ཡོངས་སུ་བརྟག་པ་དང་། སེམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་བརྟག་པ་སྟེ། དེ་ལྟར་ན་

ལེན་པ་དང་མྱོང་བ་དང་། དམིགས་པ་རྣམ་པར་རིག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པ་བྱང་བ་དང་བཞིས་སེམས་ཁོ་ན་ཡོངས་སུ་བརྟག་པ་ཡིན་ནོ། །དགེ་བས་སེམས་ཡོངས་སུ་བསྒོས་པའི་ཕན་ཡོན་ནི་གཉིས་ཏེ་ཞེས་བྱ་བས་ནི་མདོ་ལས་ངས་ནི་འདི་ལྟ་སྟེ་སེམས་ནི་

Vol. 130 · folio 11b

མ་བསྒོམས་ན་མི་མཉེན་ཞིང་ལས་སུ་མི་རུང་བར་འགྱུར་ལ། བསྒོམས་ན་མཉེན་ཞིང་ལས་སུ་རུང་བར་འགྱུར་བ་དེ་ལྟ་བུའི་ཆོས་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པ་དེའི་དོན་བསྟན་པ་ཡིན་ནོ། །སེམས་རྙོག་པ་ཅན་དུ་འགྱུར་བའི་ཉེས་པ་ནི་

གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་མདོ་ལས་ལྷུང་བཟེད་དང་། མེ་ལོང་དང་། ཆུའི་རྫིང་གི་དཔེ་གསུངས་པ་དག་དང་ཅི་རིགས་པར་སྦྱར་རོ། །དགེ་སློང་གནས་པ་གསུམ་པོ། རྣམ་པར་ཐར་པ་ལ་གནས་པ་དང་། རྣམ་པར་ཐར་པའི་སྒོ་ལ་གནས་པ་དང་། རྣམ་པར་

ཐར་པའི་སྒོ་འདྲེན་པར་བྱེད་པའི་ཆོས་ལ་གནས་པ་ནི་སྒྲུབ་པ་རྣམ་པ་དྲུག་གིས་སྟོན་པའི་བསྟན་པ་བཞིན་བྱེད་པ་ཡིན་ཏེ། རྒྱུན་མི་འཆད་པར་བསྒྲུབ་པ་དང་། ལེགས་པར་བཟུང་ཞིང་བསམས་པ་ལ་བསྒྲུབ་པ་དང་། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་བསྒྲུབ་

པ་དང་། དེ་ལ་རོ་མྱོང་བར་མི་བྱེད་ཅིང་བདེན་པ་རབ་ཏུ་འབྱེད་པ་བསྒྲུབ་པ་དང་། དེ་ལ་མངོན་པའི་ང་རྒྱལ་མེད་པར་བསྒྲུབ་པ་དང་། དད་པས་བྱིན་པ་ལེགས་པར་ཡོངས་སུ་ལོངས་སྤྱོད་པའི་བསྒྲུབ་པས་སོ། །སྦྱིན་པ་ནི་གཉིས་ཏེ། ལེན་པ་པོའི་སྦྱིན་པ་དང་། སྦྱིན་པ་པོའི་

སྦྱིན་པའོ། །སྦྱིན་པའི་འབྲས་བུ་ནི་གཉིས་ཏེ། ལོངས་སྤྱོད་ཆེན་པོ་ཉིད་དང་། དེའི་རྒྱུ་མཐུན་པ་ལོངས་སྤྱོད་ལ་མོས་པའོ། །དགེ་སློང་གནས་པ་གསུམ་ལ་གནས་པ་ཞེས་བྱ་བ་ལ་འདིར་རྣམ་པར་ཐར་པ་ལ་གནས་པ་ཞེས་བྱ་བ་ནི་མདོ་ལས་འཆི་བ་མེད་པའི་དབྱིངས་བསྒྲུབས་

ཏེ་གནས་སོ་ཞེས་གསུངས་པའོ། །རྣམ་པར་ཐར་པའི་སྒོ་ལ་གནས་པ་ཞེས་བྱ་བ་ནི་མདོ་ལས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དབྱིངས་ལའོ་ཞེས་གསུངས་པའོ། །རྣམ་པར་ཐར་པའི་སྒོ་འདྲེན་པར་བྱེད་པའི་ཆོས་ལ་གནས་པ་ཞེས་བྱ་བ་ནི་མདོ་

ལས། སྐྱོ་བ་དང་ལྡན་པའི་ཡིད་ལ་བྱེད་པ་སྒོམ་པའོ་ཞེས་གསུངས་པའོ། །རྒྱུན་མི་འཆད་པར་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་བསྒྲུབ་པ་རྣམ་པ་དྲུག་གི་མདོ་ལས་བཏང་བ་མེད་པའི་བསམ་གཏན་པ། ལྷག་མཐོང་དང་ལྡན་པ། ཁྱིམ་གྱི་སྟོང་པ་རྒྱས་པར་བྱེད་པ།

Vol. 130 · folio 12a

བདག་གི་དོན་གྱི་རྣལ་འབྱོར་ལ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་ལ་མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ལོངས་སྤྱོད་པ་ཞེས་གསུངས་པའི་ཚིག་དེ་དག་གི་དོན་ཡོངས་སུ་བསྟན་ཏོ། །སྦྱིན་

པ་ནི་གཉིས་ཏེ། ལེན་པ་པོའི་སྦྱིན་པ་དང་། སྦྱིན་པ་པོའི་སྦྱིན་པའོ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན། མདོ་ལས་གལ་ཏེ་སེམས་ཅན་འདི་དག་གིས་ནི་སྦྱིན་པའི་འབྲས་བུ་དང་། སྦྱིན་པ་ཀུན་འགེད་པའི་རྣམ་པར་སྨིན་པའི་འབྲས་བུ་ཤེས་པར་གྱུར་ན་ནི། ད་

ལྟར་ཁམས་ཕྱི་མ་ཁམས་ཐ་མ་གང་ཡིན་པ་དེ་ལས་ཀྱང་མ་བྱིན་ཞིང་མ་བགོས་པར་ཟ་བར་མི་བྱེད་དོ་ཞེས་སྦྱིན་པ་དང་། སྦྱིན་པ་ཀུན་འགེད་པ་གཉིས་ཀྱི་འབྲས་བུ་ཡོད་པ་ཐ་དད་པར་གསུངས་པར་སྟོན་ཏོ། །འཐད་པས་བསྒྲུབ་པའི་རིགས་པ་ལས་བརྩམས་ཏེ། གང་

གིས་མ་འོངས་པའི་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་མེད་ཅིང་ཡོད་པ་མ་ཡིན་པ་ཁོ་ན་ལས་འབྱུང་ངོ་ཞེས་ཁོང་དུ་ཆུད་པར་བྱ་བ་འདི་ལ་རིགས་པ་བརྗོད་པ་གང་ཡིན། གལ་ཏེ་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་ཡོད་པ་ཁོ་ན་ལས་འབྱུང་བར་འགྱུར་ན་དེ་འཕོ་ཞིང་འབྱུང་སྟེ།

མ་འོངས་པའི་དུས་ཀྱི་ཡུལ་ནས་ད་ལྟར་གྱི་དུས་ཀྱི་ཡུལ་དུ་འཕོ་ཞིང་འབྱུང་བར་འགྱུར་རམ། འཆི་འཕོ་དང་འབྱུང་སྟེ། མ་འོངས་པའི་དུས་ནས་ཤི་འཕོས་ནས་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་རམ། བརྟེན་ནས་འབྱུང་སྟེ་མ་འོངས་པ་ན་དེ་ཁོ་ན་བཞིན་དུ་མི་འགྱུར་བར་

གནས་ལ་དེ་ལ་བརྟེན་ཏེ་གཞན་ཁོ་ན་ཞིག་ད་ལྟར་གྱི་དུས་སུ་འབྱུང་བར་འགྱུར་རམ། ལས་དང་བཅས་པར་འབྱུང་སྟེ་མ་འོངས་པའི་དུས་ན་ལས་མི་བྱེད་པར་གྱུར་པ་ལས། ད་ལྟར་གྱི་དུས་སུ་ལས་བྱེད་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་རྫོགས་པར་འབྱུང་

སྟེ། མ་འོངས་པའི་དུས་ན་མཚན་ཉིད་མ་རྫོགས་པར་གྱུར་པ་ལས་ད་ལྟར་གྱི་དུས་སུ་མཚན་ཉིད་རྫོགས་པ་ཞིག་འབྱུང་བར་འགྱུར་རམ། མཚན་ཉིད་མི་འདྲ་བར་འབྱུང་སྟེ། མ་འོངས་པའི་དུས་ན་མ་འོངས་པའི་དངོས་པོ་དང་། འབྲས་བུའི་དངོས་པོ་དེ་གཉིས་ཀྱི་

Vol. 130 · folio 12b

མཚན་ཉིད་མི་འདྲ་བར་གྱུར་ལ། ད་ལྟར་གྱི་དུས་སུ་ད་ལྟར་གྱི་དངོས་པོ་དང་འབྲས་བུའི་དངོས་པོ་དེ་གཉིས་ཀྱི་མཚན་ཉིད་འདྲ་བ་ཞིག་འབྱུང་བར་འགྱུར་གྲང་ན། ཡོད་པ་དེའི་འབྱུང་བ་ནི་རྣམ་པ་དྲུག་པོ་དེ་དག་ཐམས་ཅད་ཀྱིས་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཡུལ་ན་མི་

གནས་པ་དང་། ཕྱོགས་ན་མི་གནས་པ་ལ་ནི་ཡུལ་ནས་ཡུལ་གཞན་དུ་འཕོ་བ་མེད་པའི་ཕྱིར་དང་། མ་སྐྱེས་པ་དང་མ་བྱུང་བ་ལ་ནི་འཆི་འཕོ་ཡང་མེད་པའི་ཕྱིར་དང་། དེ་ལ་བརྟེན་ཏེ་འབྱུང་ན་དེ་གཞན་ཁོ་ན་ཞིག་བྱུང་བར་ཟད་ཀྱི་མ་འོངས་པ་མ་ཡིན་ལ། མ་འོངས་པ་

དེ་ཡང་མ་བྱུང་བའི་ཕྱིར་དང་། ཆོས་ཐམས་ཅད་དོན་དམ་པར་གཡོ་བ་མེད་པ་ཉིད་ཀྱི་ཕྱིར་མཚན་ཉིད་ལས་གཞན་པའི་ལས་མི་དམིགས་ཏེ། མཚན་ཉིད་ཙམ་འབའ་ཞིག་ལ་འདོགས་པ་ཁོ་ནར་ཟད་པ་དང་། གཞན་པ་ཉིད་ཡིན་ན་ཡང་མ་འོངས་པ་དང་། ད་ལྟར་བྱུང་

བ་གཉིས་མཚན་ཉིད་མཚུངས་པས་ཡོད་པར་འདྲ་བ་བཞིན་དུ། དེ་ལྟར་འབའ་ཞིག་ལས་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་བྱེད་རྒྱུ་ཡང་མི་དམིགས་པ་དང་། ལས་ཀྱང་མ་བྱུང་བ་ལས་འབྱུང་བར་འགྱུར་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་འདུ་བྱེད་

ཐམས་ཅད་ནི་མི་རྟག་པ་དང་། མི་བརྟན་པ་ཡིན་ནོ་ཞེས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་གང་ཡིན་པ་དེ་ལ་ཡང་འདུ་བྱེད་ཀྱི་ལས་ནི་མི་རྟག་པ་ཉིད་ཡིན་ལ། འདུ་བྱེད་རྣམས་ནི་དོན་ལས་རྟག་པ་ཉིད་ཡིན་ནོ་ཞེས་ཡོངས་སུ་བསྟན་པ་ཉིད་ཀྱིས་ཤིན་ཏུ་གནོད་

པ་བྱས་པར་འགྱུར་བའི་ཕྱིར་དང་། མཚན་ཉིད་གཅིག་པ་ཡིན་པར་འདྲ་བ་ལས། གལ་ཏེ་མཚན་ཉིད་ལ་ཆ་ཐ་དད་པ་ཡོད་པར་གྱུར་ན། ཅིའི་ཕྱིར་མཚན་ཉིད་ཆ་ཐ་དད་པར་འགྱུར་བ་དང་། མཚན་ཉིད་ཆ་ཐ་དད་པ་མ་བྱུང་བ་ལས་བྱུང་ན་ནི་མཚན་གཞི་ཆ་ཐ་དད་པ་ཡང་

ཅིའི་ཕྱིར་མ་བྱུང་བ་ལས་བྱུང་བར་མི་འགྱུར་བ་དང་། མ་འོངས་པའི་དངོས་པོ་ཡང་གཟུགས་ལ་སོགས་པའི་འདུ་བྱེད་ཀྱི་མཚན་ཉིད་ལས་གུད་ན་མི་དམིགས་པ་དང་། འབྲས་བུ་མ་འོངས་ཤིང་མེད་པ་ཡང་འབྲས་བུ་ད་ལྟར་བྱུང་བ་ཡིན་པའི་ཕྱིར་རོ། །འཐད་པས་

Vol. 130 · folio 13a

སྒྲུབ་པའི་རིགས་པ་ལས་བརྩམས་ཏེ། གང་གིས་མ་འོངས་པའི་ཆོས་འདུ་བྱེད་ཀྱི་མཚན་ཉིད་ཀྱིས་མེད་ཅིང་། ཡོད་པ་མ་ཡིན་པ་མ་བྱུང་བ་ལས་འབྱུང་བར་ཁོང་དུ་ཆུད་པར་བྱ་བ་འདི་ལ་རིགས་པ་བརྗོད་པ་ནི་དེ་ཡིན་ཏེ། མ་འོངས་པ་ནི་ཇི་ལྟ་

བ་དེ་བཞིན་དུ་འདས་པ་ཡང་མེད་པར་རིགས་པ་བརྗོད་པ་འདི་ཉིད་ཀྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལས་འདས་པའི་འདུ་བྱེད་རྣམས་གང་ཞེ་ན། རང་གི་བདག་ཉིད་ཀྱིས་དངོས་པོ་ལས་ཞིགས་ཤིང་རབ་ཏུ་ཉམས་པར་གྱུར་པའི་མཚན་ཉིད་གང་ཡིན་

པའོ། །ད་ལྟར་བྱུང་བའི་འདུ་བྱེད་རྣམས་གང་ཞེ་ན། རང་གི་བདག་ཉིད་ཀྱི་དངོས་པོ་ལས་མ་ཞིགས་ཤིང་མ་ཉམས་པར་སྐྱེ་བ་ཙམ་གྱི་དུས་ན་གནས་པའི་མཚན་ཉིད་གང་ཡིན་པའོ། །མ་འོངས་པའི་འདུ་བྱེད་རྣམས་གང་ཞེ་ན། རྒྱུ་ནི་ཡོད་ཅིང་མེད་པ་མ་ཡིན་ལ་རང་གི་

མཚན་ཉིད་མ་བྱུང་ཞིང་བདག་ཉིད་མ་ཐོབ་པ་གང་ཡིན་པའོ། །གལ་ཏེ་མ་འོངས་པའི་འདུ་བྱེད་རྣམས་ཡོད་པ་མ་ཡིན་པ་ལས་འབྱུང་བར་འགྱུར་ན། ནམ་མཁའི་མེ་ཏོག་དང་། མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ལ་སོགས་པ་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། འདི་ལྟར་དེ་དག་ལ་

ནི་འབྱུང་བའི་རྒྱུ་མེད་ཀྱི་འདུ་བྱེད་ཐམས་ཅད་ལ་ནི་འབྱུང་བའི་རྒྱུ་སོ་སོར་ངེས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་ཐམས་ཅད་ལ་འབྱུང་བའི་རྒྱུ་སོ་སོར་ངེས་པ་ཡོད་པ་ཁོ་ན་ཡིན་ན། ཅིའི་ཕྱིར་འདུ་བྱེད་ཐམས་ཅད་ཅིག་ཅར་མགོ་མཉམ་ཁོ་ནར་འབྱུང་བར་མི་འགྱུར་ཞེ་ན། འདུ་བྱེད་རྣམས་

ནི་རྒྱུ་ཡོད་ཀྱང་འབྱུང་བའི་རྐྱེན་ལ་ལྟོས་ན་འབྱུང་བར་འགྱུར་ཏེ། འདུ་བྱེད་གང་དང་གང་གི་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་པའི་འདུ་བྱེད་དེ་དང་དེའི་རྒྱུ་ནི་འདུ་བྱེད་དེ་དང་དེ་མངོན་པར་འགྲུབ་པར་བྱེད་དེ། དེའི་ཕྱིར་འདུ་བྱེད་རྣམས་ལ་རྒྱུ་ཡོད་དུ་ཟིན་ཀྱང་ཅིག་ཅར་མགོ་

མཉམ་དུ་འབྱུང་བར་མི་འགྱུར་རོ། །དེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ་ནི་གང་དང་། རྐྱེན་ནི་གང་ཞེ་ན་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་འབྱུང་བའི་རྐྱེན་ནི་བཞི་པོ་འདི་དག་ཡིན་པར་གསུངས་ཏེ་རྒྱུའི་རྐྱེན་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་དང་།

Vol. 130 · folio 13b

དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ཏོ། །དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ནོ། །དེ་ལས་གཞན་པའི་རྐྱེན་གསུམ་པོ་དག་ནི་རྐྱེན་ཁོ་ན་ཡིན་ཏེ་རྒྱུ་ནི་མ་ཡིན་ནོ། །དེ་ལ་རྒྱུའི་རྐྱེན་གང་ཞེ་ན། དབང་པོ་གཟུགས་ཅན་རྟེན་དང་བཅས་པ་གང་ཡིན་པ་དང་།

རྣམ་པར་ཤེས་པ་གང་ཡིན་པ་འདི་གཉིས་ནི་མདོར་ན་ས་བོན་ཐམས་ཅད་པ་ཞེས་བྱའོ། །དབང་པོ་གཟུགས་ཅན་དང་ལྡན་པ་ནི། དབང་པོ་གཟུགས་ཅན་དེ་དག་དང་། དེ་ལས་གཞན་པའི་ཆོས་གཟུགས་ཅན་རྣམས་ཀྱི་ས་བོན་ཀྱང་ཡིན་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་

ཐམས་ཅད་ཁོ་ནའི་ས་བོན་ཀྱང་ཡིན་ནོ། །རྣམ་པར་ཤེས་པ་དང་ལྡན་པ་ནི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་པོ་དེའི་ས་བོན་ཡང་ཡིན་ལ། དེ་ལས་གཞན་པའི་ཆོས་གཟུགས་ཅན་མ་ཡིན་པ་རྣམས་དང་། དབང་པོ་གཟུགས་ཅན་རྣམས་ཀྱི་ས་བོན་ཡང་ཡིན་ནོ། །འབྱུང་བ་ཆེན་པོའི་

གཟུགས་མ་གཏོགས་པ། དེ་ལས་གཞན་པའི་ཆོས་གཟུགས་ཅན་རྣམས་ནི་རང་གི་ས་བོན་དང་ལྡན་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་རིག་པར་བྱའོ། །འབྱུང་བ་ཆེན་པོའི་གཟུགས་ནི་ས་བོན་གཉིས་དང་ལྡན་པ་ཡིན་ཏེ། འབྱུང་བ་ཆེན་པོའི་ས་བོན་དང་། རྒྱུར་བྱས་པའི་

གཟུགས་ཀྱི་ས་བོན་དང་ངོ་། །དེ་ལྟར་ན་ཇི་སྐད་ཡོངས་སུ་བསྒྲགས་པའི་ཆོས་རྣམས་ལ། དེ་ལྟར་ས་བོན་གྱི་རྒྱུ་དང་ལྡན་པ་ཅི་རིགས་པར་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ཞེས་བྱའོ། །གལ་ཏེ་དབང་པོ་གཟུགས་ཅན་རང་གི་འབྱུང་བ་ཆེན་པོ་དང་བཅས་པ་དག །

སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་ས་བོན་དང་ལྡན་པ་མ་ཡིན་དུ་ཟིན་ན། འདི་ན་འགོག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པའི་སེམས་ཅན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་

ཡང་འབྱུང་བར་མི་འགྱུར་བ་ཞིག་ན་འབྱུང་སྟེ། དེ་ལྟ་བས་ན་དབང་པོ་གཟུགས་ཅན་སེམས་དང་སེམས་ལས་བྱུང་བའི་ས་བོན་དང་ལྡན་པ་ལ་བརྟེན་ཏེ་འབྱུང་བར་རིག་པར་བྱའོ། །གལ་ཏེ་རྣམ་པར་ཤེས་པ་གཟུགས་ཀྱི་ས་བོན་དང་ལྡན་པ་མ་ཡིན་དུ་ཟིན་ན། སོ་སོའི་སྐྱེ་

Vol. 130 · folio 14a

བོ་གཟུགས་མེད་པ་རྣམས་སུ་སྐྱེས་པ་ཚེ་ཟད་ཅིང་ལས་ཟད་ནས་དེ་ནས་འཆི་འཕོ་ཞིང་ཡང་འོག་ཏུ་སྐྱེ་བའི་གཟུགས་ཀྱི་ས་བོན་མེད་པས་འབྱུང་བར་མི་འགྱུར་བ་ཞིག་ན་འབྱུང་སྟེ། དེ་ལྟ་བས་ན་གཟུགས་ཀྱི་ས་བོན་དང་ལྡན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ནས་

དེའི་གཟུགས་འབྱུང་བར་རིག་པར་བྱའོ། །སོ་སོའི་སྐྱེ་བོ་འཇིག་རྟེན་པའི་ལམ་གྱི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཤིང་སྐྱེས་པ་ནི་དེ་ལས་གཞན་པ་འདོད་པ་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་དེ་དག་གི་ས་བོན་གང་ཡིན་པ་དེ་ནི་ཉམས་པ་ཡིན་གྱི། ཡང་དག་པར་

བཅོམ་པ་ནི་མ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སོ་སོའི་སྐྱེ་བོ་དེ་ནི་ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་ནས་ཡང་འདོད་པ་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་རྣམས་མངོན་དུ་བྱེད་པ་དང་། བསམ་གཏན་དང་པོའི་སྙོམས་པར་འཇུག་པ་དེ་ནས་ཤི་འཕོས་ནས་

ཡང་འདོད་པའི་ཁམས་སུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ས་བོན་ཉམས་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཡོངས་སུ་སྤོང་བས་ཉམས་པ་དང་། སུན་འབྱིན་པས་ཉམས་པ་དང་། ཞི་གནས་ཀྱིས་ཉམས་པའོ། །དེ་ལ་ཡོངས་སུ་སྤོང་བས་ཉམས་པ་གང་

ཞེ་ན། འདི་ལྟར་འདི་ན་ལ་ལ་ཁྱིམ་གྱི་འདོད་པའི་ལོངས་སྤྱོད་ཀྱི་ཡོངས་སུ་སྤྱོད་པ་དག་སྤོང་བ་ཡང་དག་པར་བླང་བ་ལེན་པར་བྱེད་ཅིང་དེ་སྤོང་བ་ཡང་དག་པར་བླང་བ་དེ་ཀུན་དུ་སྟེན་པར་བྱེད། སྒོམ་པར་བྱེད། ལན་མང་དུ་བྱེད་དེ། དེ་ཀུན་དུ་བསྟེན་པའི་རྒྱུ་དང་། བསྒོམས་

པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུས་འདོད་པའི་ལོངས་སྤྱོད་ཀྱི་ཡོངས་སུ་སྤྱོད་པ་ལ་སེམས་མི་འཇུག་མི་དགའ་ཀུན་དུ་མི་གནས་མོས་པར་མི་བྱེད་ཅིང་དེའི་དབང་དང་། དེ་ལ་དམིགས་པའི་ཉོན་མོངས་པ་སྐྱེད་པར་ཡང་མི་བྱེད་དེ། དེ་ནི་ཡོངས་སུ་སྤོང་བས་ཉམས་པ་ཞེས་

བྱའོ། །སུན་འབྱིན་པས་ཉམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་ཉེས་དམིགས་ཀྱི་འདུ་ཤེས་སམ། མི་སྡུག་པའི་འདུ་ཤེས་སམ། རྣམ་པར་བསྔོས་པ་ལ་སོགས་པའི་འདུ་ཤེས་སམ། ཚུལ་བཞིན་ཡིད་ལ་བྱེད་པ་གང་ཡང་རུང་བས་འདོད་པ་དེ་དག་ལ། དེ་

Vol. 130 · folio 14b

འདོད་ཆགས་དང་བྲལ་བ་མ་ཡིན་དུ་ཟིན་ཀྱང་ཇི་ལྟ་ཇི་ལྟར་མི་མཐུན་པ་ཡིན་པའི་རྒྱུས་འདོད་པ་རྣམས་ལ་སེམས་མི་འཇུག་པ་ནས། རྒྱས་པར་མོས་པར་མི་བྱེད་པའི་བར་དུ་དེ་ལྟ་དེ་ལྟར་སུན་འབྱིན་པ་ཡིན་ཏེ། དེ་ནི་སུན་འབྱིན་པས་ཉམས་པ་ཞེས་བྱའོ། །ཞི་གནས་ཀྱིས་

ཉམས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བའམ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པར་བྱེད་ཅིང་། ཞི་གནས་ཀྱིས་ཉེ་བར་བསྟན་པའི་སེམས་ཀྱི་རྒྱུ་དང་ལྡན་པ་དེའི་སེམས་འདོད་པ་དག་གམ།

གཟུགས་དག་ལ་མི་འཇུག་པ་ནས། རྒྱས་པར་མོས་པར་མི་བྱེད་པའི་བར་དེ་ནི་ཞི་གནས་ཀྱིས་ཉམས་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་དང་། ཁམས་གསུམ་པའི་འདོད་ཆགས་དང་བྲལ་

བའི་བར་ཐོབ་པ་ནི་དེ་ལྟར་དེས་ཁམས་གསུམ་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་དེ་དག་ཐམས་ཅད་ཀྱི་ས་བོན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་བཅོམ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཕགས་པ་ཉན་ཐོས་དེ་ནི་ཚེ་འདི་ཉིད་ལ་འདོད་ཆགས་དང་བྲལ་བ་དེ་ལས་

ཡོངས་སུ་ཉམས་ཤིང་། ས་འོག་མ་ཕའི་ཀུན་ནས་ཉོན་མོངས་པ་མངོན་དུ་བྱེད་མི་སྲིད་པ་དང་། ས་གོང་མ་དག་ཏུ་སྐྱེས་པ་དེ་ནས་ཤི་འཕོས་ནས་ཡང་ས་འོག་མ་རྣམས་སུ་སྐྱེ་བ་ཡང་མི་སྲིད་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། འབྲུ་ནས་ལ་སོགས་པའི་ས་བོན་ནམ་

མཁའ་འམ། ས་གཞི་སྐམ་པོར་གཞག་པ་རྣམས་ནི་མི་སྐྱེ་ཡང་ས་བོན་ཉིད་མེད་པ་ནི་མ་ཡིན་ནོ། །དེ་དག་ཉིད་མེས་ཀུན་དུ་གདུངས་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ས་བོན་ཉིད་མེད་པ་བཞིན་དུ་ས་བོན་རྣམས་ཀྱི་ཉམས་པ་དང་ཡང་དག་པར་བཅོམ་པ་འདིའི་ཚུལ་ཡང་དེ་བཞིན་དུ་རིག་པར་

བྱའོ། །འཕགས་པ་ཉན་ཐོས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་འདས་པ་དེའི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་ས་བོན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ས་བོན་ཡང་དག་པར་བཅོམ་པའི་ཕྱིར་ཉམས་

Vol. 130 · folio 15a

པ་ཡིན་པས་དེས་ན་ཕྱི་མ་ལ་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་པ་དང་། རང་ཉིད་སྐྱེ་བར་ཡང་མི་ནུས་ཏེ། དེ་ལྟར་ན་འདི་ལྟ་སྟེ། གྲོགས་ཡང་དག་པར་བཅོམ་པས་ཉམས་པ་འདི་ནི་ཉམས་པ་གཞན་བཞི་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་

ཟག་འཆིང་བ་མཐའ་དག་དང་ལྡན་པའི་བདེ་བ་དང་ལྡན་པའམ། སྡུག་བསྔལ་བ་དང་ལྡན་པའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་སེམས་གང་དག་འབྱུང་བ་དེ་དག་ཐམས་ཅད་ནི་བདེ་བའི་ས་བོན་དང་ལྡན་པ་དང་། སྡུག་བསྔལ་བའི་ས་བོན་དང་ལྡན་

པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དེ་ཡང་མ་ཡིན་པའི་ས་བོན་དང་ལྡན་པ་ཡིན་ནོ། །དེའི་དགེ་བའམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པའི་སེམས་གང་དག་འབྱུང་བ་དེ་དག་ཐམས་ཅད་ཀྱང་དགེ་བའི་ས་བོན་དང་ལྡན་པ་དང་། ཉོན་མོངས་པ་

ཅན་གྱི་ས་བོན་དང་ལྡན་པ་དང་། ལུང་དུ་མ་བསྟན་པའི་ས་བོན་དང་ལྡན་པ་ཡིན་ནོ། །གང་ཟག་སློབ་པ་འཆིང་བ་མ་ཚང་བ་དང་ལྡན་པའི་འཇིག་རྟེན་པའི་དགེ་བའམ། ཉོན་མོངས་པ་ཅན་ནམ། ལུང་དུ་མ་བསྟན་པའི་སེམས་གང་དག་འབྱུང་བ་དེ་དག་ཐམས་ཅད་

ནི་དེའི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གང་དག་མ་སྤངས་པ་དེའི་ས་བོན་དང་ལྡན་པ་ཡིན་ཏེ། དེ་ལས་གཞན་པ་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པར་འབྱུང་ངོ་། །གང་ཟག་མི་སློབ་པ་ཉོན་མོངས་པ་ཐམས་ཅད་སྤངས་པའི་འཇིག་རྟེན་པའམ། འཇིག་རྟེན་

ལས་འདས་པའི་དགེ་བའམ། ལུང་དུ་མ་བསྟན་པའི་སེམས་གང་འབྱུང་བ་དེ་ནི་དེ་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་མི་ལྡན་པས་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པར་འབྱུང་སྟེ། ས་བོན་རྣམ་པར་གཞག་པའི་

ཚུལ་འདི་ནི་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་མ་བཞག་པ་ལ་རིག་པར་བྱའོ། །རྣམ་པར་གཞག་པ་ལ་ནི་མདོར་བསྡུ་ན་དེ་ལ་ཆོས་ཐམས་ཅད་ཀྱི་ས་བོན་ཡོད་པར་རིག་པར་བྱ་སྟེ། ས་བོན་དེ་དག་ནི་མ་སྤངས་པ་དང་། སྤང་བར་བྱ་བ་མ་ཡིན་པའི་ཆོས་དེ་དག་དང་ཅི་རིགས་

Vol. 130 · folio 15b

སུ་ལྡན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དགེ་སློང་དག་དགྲ་བཅོམ་པ་ཡང་ཚེ་འདི་ལ་ལྷག་པའི་སེམས་ལས་བྱུང་བ་བདེ་བར་གནས་པ་བཞི་པོ་དེ་དག་ལས་གང་ཡང་རུང་བ་ལས་ཡོངས་སུ་ཉམས་པར་ང་སྨྲའོ་ཞེས་གང་གསུངས་པ་དེ་ལ། གལ་

ཏེ་དེའི་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་དག་ཡང་དག་པར་བཅོམ་ན་ནི། ཇི་ལྟར་དེ་ལ་ས་འོག་མ་པའི་ཉོན་མོངས་པ་འབྱུང་བར་འགྱུར། གལ་ཏེ་མི་འབྱུང་ན་ནི་ཇི་ལྟར་དེ་ཡོངས་སུ་ཉམས་པར་འགྱུར་ཞེ་ན། ཡོངས་སུ་ཉམས་པ་ནི་གཉིས་པོ་འདི་དག་

ཡིན་ཏེ། སྤོང་བའི་ཡོངས་སུ་ཉམས་པ་དང་། གནས་པའི་ཡོངས་སུ་ཉམས་པའོ། །དེ་ལ་སྤོང་བའི་ཡོངས་སུ་ཉམས་པས་ནི་སོ་སོའི་སྐྱེ་བོ་ཁོ་ན་ཡོངས་སུ་ཉམས་པར་འགྱུར་རོ། །གནས་པའི་ཡོངས་སུ་ཉམས་པས་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ་ཡང་ཡོངས་སུ་

ཉམས་པར་འགྱུར་རོ། །དེ་ལ་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤངས་པ་ཡང་མངོན་དུ་བྱེད་པ་ནི་སྤོང་བའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་ཏེ། གནས་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་ཡང་དེ་ཡིན་ནོ། །འཇིག་

རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་སྤངས་ནས། དེ་ལས་གཞན་པའི་འཕྲལ་གྱི་བྱ་བ་དག་ལ་རབ་ཏུ་ཆགས་པའི་བློ་ཅན་ཡིད་ལ་མི་བྱེད་པའི་རྒྱུས་དེའི་མཇུག་ཐོགས་སུ་ཚེ་འདི་ལ་བདེ་བར་གནས་པ་ལ་སྔོན་གྱི་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་མངོན་དུ་བྱེད་མི་

ནུས་ལ། ས་འོག་མ་པའི་ཉོན་མོངས་པ་ནི་མངོན་དུ་མི་བྱེད་པ་གང་ཡིན་པ་དེ་ནི་དེ་ལྟ་ན་གནས་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་ཡིན་གྱི་སྤོང་བའི་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ། །གལ་ཏེ་དགྲ་བཅོམ་པ་ཉོན་མོངས་པ་ཐམས་ཅད་སྤངས་པའི་

ཉོན་མོངས་པ་ཅན་གྱི་ཆོས་དེ་དག་ཐམས་ཅད་ཀྱི་ས་བོན་ཡང་དག་པར་མ་བཅོམ་ན་ནི། ཇི་ལྟར་ན་དེ་དགྲ་བཅོམ་པ་སེམས་ཤིན་དུ་རྣམ་པར་གྲོལ་བ་དང་ཟག་པ་ཟད་པར་འགྱུར། གལ་ཏེ་ཡང་དག་པར་བཅོམ་ན་ནི་དེའི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་

Vol. 130 · folio 16a

མེད་པ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཙམ་ཡང་འབྱུང་བར་མི་འགྱུར་ན། ཉོན་མོངས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་སྤངས་པ་ལ་ནི་ཡོངས་སུ་ཉམས་པ་མེད་པར་ཁོང་དུ་ཆུད་པར་

བྱའོ། །དེ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་འབྱུང་བ་དེ་དག་ནི། དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེ་ལ་རྣམ་

པར་ཤེས་པ་དྲུག་པོ་གང་དག་ཡིན་པ་དེ་དག་ནི་རྣམ་པར་ཤེས་པ་དྲུག་པོ་དེ་དག་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་དག་ནི་ཡིད་ལ་ཡིད་ཅེས་བྱ་བ་དང་། ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་དང་། ཡིད་ཀྱི་ཁམས་ཞེས་བྱ་བར་ཡང་གདགས་སོ། །དེ་ལ་དམིགས་པའི་

རྐྱེན་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་པའི་རྐྱེན་ཡིན་ནོ། །ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཡིན་ནོ། །དེ་ལ་བདག་པོའི་

རྐྱེན་གང་ཞེ་ན། མིག་ལ་སོགས་པའི་སྐྱེ་མཆེད་ལྷན་ཅིག་བྱུང་བ་རྣམས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བདག་པོའི་རྐྱེན་ཡིན་ནོ། །རྣམ་པར་ཤེས་པ་རྣམས་དམིགས་པ་ལ་གཏོད་པར་བྱེད་པའི་ཡིད་ལ་བྱེད་པ་ཡང་ཡིན་ནོ། །སེམས་དང་སེམས་ལས་བྱུང་

བའི་ཆོས་ལྷན་ཅིག་བྱུང་བ་རྣམས་ཀྱང་གཅིག་གི་བདག་པོའི་རྐྱེན་གཅིག་ཡིན་པས་བདག་པོའི་རྐྱེན་ཡིན་ནོ། །དགེ་བ་དང་མི་དགེ་བའི་ལས་སྔོན་དུ་བྱས་པ་རྣམས་ཀྱང་ཕྱིས་འབྲས་བུ་འདོད་པ་དང་མི་འདོད་པ་གང་རྣམ་པར་སྨིན་པར་འགྱུར་བའི་བདག་པོའི་རྐྱེན་ཡིན་ནོ། །

ཞིང་དང་ལུད་དང་ཆུ་ལ་སོགས་པ་ནི་ལོ་ཐོག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ། །བཟོ་ཤེས་པ་དང་བཟོའི་ལས་དེ་དང་དེ་དག་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་དེ་དང་དེ་དག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ། །དེ་ལ་རྒྱུའི་རྐྱེན་གང་ཡིན་

Vol. 130 · folio 16b

པ་དེ་ནི་སྐྱེད་པའི་རྒྱུ་ཉིད་ཡིན་ནོ། །དེ་ལས་གཞན་པའི་རྐྱེན་གསུམ་པོ་དག་ནི་སྐྱེ་བའི་ཐབས་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་འདུ་བྱེད་གང་དང་གང་གི་སྐྱེ་བའི་ཐབས་ཉེ་བར་གནས་པར་གྱུར་པའི་འདུ་བྱེད་ཀྱི་ས་བོན་དེ་དང་དེ་ནི་འདུ་བྱེད་དེ་དང་དེ་མངོན་པར་འགྲུབ་

པར་བྱེད་དེ། དེའི་ཕྱིར་འདུ་བྱེད་ཐམས་ཅད་ནི་ཅིག་ཅར་མགོ་མཉམ་དུ་འབྱུང་བར་མི་འགྱུར་རོ། །རྐྱེན་བཞི་པོ་དེ་དག་ཉིད་ལ་བརྟེན་ནས། རྒྱུ་བཅུ་པོ་དག་ནི་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་བཤད་པ་བཞིན་ནོ། །

བཅོམ་ལྡན་འདས་ཀྱིས་ཡིད་ནི་འདས་པའི་འདུ་བྱེད་རྣམས་ལས་ཀྱང་བརྟེན་ཏེ་འབྱུང་ལ། ཡིད་ནི་མ་འོངས་པའི་འདུ་བྱེད་རྣམས་ལས་ཀྱང་བརྟེན་ཏེ་འབྱུང་ངོ་ཞེས་གང་གསུངས་པ་དེ་ལ། གལ་ཏེ་འདས་པའི་འདུ་བྱེད་རྣམས་ཀྱང་མེད་ལ་མ་འོངས་པ་རྣམས་ཀྱང་མེད་ན་གང་གི་ཕྱིར་

བཅོམ་ལྡན་འདས་ཀྱིས་ཡིད་འབྱུང་ངོ་ཞེས་གསུངས་པའི་ཡིད་ཀྱི་དམིགས་པ་གང་ཡིན། གལ་ཏེ་ཡིད་དངོས་པོ་མེད་པ་ཁོ་ན་ཞིག་ལ་དམིགས་ན་ནི་དེ་ལ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་གང་ཡིན་པ་འདི་ལྟ་སྟེ། རྣམ་པར་ཤེས་

པ་ནི་གཉིས་ལ་བརྟེན་ཏེ་འབྱུང་ངོ་། །གཉིས་གང་ཞེ་ན། མིག་དང་གཟུགས་ནས་རྒྱས་པར་ཡིད་དང་ཆོས་ཀྱི་བར་ལས་སོ་ཞེས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་དེ་ལ་ཇི་ལྟར་ཤིན་ཏུ་གནོད་པར་བྱས་པར་མི་འགྱུར་ཞེ་ན། ཡིད་ནི་རྣམ་

པར་ཤེས་པའི་ཚོགས་ལྔ་པོ་དག་གི་སྤྱོད་ཡུལ་མ་ཡིན་པའི་དོན་གང་ཡིན་པ་འཛིན་པར་བྱེད་དེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་གདགས་པར་མཛད་ནས། ཡིད་དང་ཆོས་རྣམས་ལ་བརྟེན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་སོ། །བཅོམ་ལྡན་འདས་

ཀྱིས་དགོངས་པ་དེ་ཡང་རྒྱུ་གང་གིས་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པ་ལ་དམིགས་པ་ཡང་ཡོད། མ་འོངས་པའི་རྣམ་པར་ཤེས་པ་ལ་དམིགས་པ་ཡང་ཡོད་མོད་ཀྱི། རྣམ་པར་ཤེས་པ་ནི་ཆོས་ཀྱི་སྐྱེ་མཆེད་

Vol. 130 · folio 17a

དུ་གཏོགས་པ་མ་ཡིན་ནོ། །གཞན་ཡང་ཡོད་པ་ཡང་ཡོད་པའི་དོན་གྱིས་རྣམ་པར་གནས་ཤིང་ཡོད་པའི་དོན་འཛིན་པར་བྱེད་ལ། མེད་པ་ཡང་མེད་པའི་དོན་གྱིས་རྣམ་པར་གནས་ཤིང་མེད་པའི་དོན་འཛིན་པར་བྱེད་པས། དེ་ལ་ཡིད་ཀྱི་རྣམ་པར་ཤེས་

པས་ནི་ཡོད་པ་ཡང་དོན་གང་གིས་རྣམ་པར་གནས་པའི་དོན་དེ་ཉིད་ཀྱིས་རྣམ་པར་ཤེས་པར་བྱ་ལ། མེད་པ་ཡང་དོན་གང་གིས་རྣམ་པར་གནས་པའི་དོན་དེ་ཉིད་ཀྱིས་རྣམ་པར་ཤེས་པར་བྱའོ། །གལ་ཏེ་དེ་གཉི་ག་གཉི་གའི་དོན་གྱི་རྣམ་པར་ཤེས་པར་མི་བྱེད་ན་ནི་ཡིད་དོན་

ཐམས་ཅད་ལ་དམིགས་པ་དང་། དོན་ཐམས་ཅད་འཛིན་པ་ཡིན་པར་མི་འགྱུར་རོ། །གང་དེ་སྐད་ཅེས་ཟེར་ན། དེས་ནི་གྲུབ་པའི་མཐའ་ལ་ཡང་ཤིན་དུ་གནོད་པ་བྱས་པར་འགྱུར་ཏེ། ཇི་ལྟར་ན་ཡོད་པ་ཉིད་མེད་པའོ་ཞེས་བརྗོད་དུ་ནི་ཚུལ་མ་ཡིན་ནོ། །དེ་ལྟ་བས་ན་ཇི་ལྟར་

འདས་པ་དང་། མ་འོངས་པ་དེ་དངོས་པོ་མེད་པ་དེ་བཞིན་དུ་དེ་ལ་དམིགས་པའི་ཡིད་ཀྱང་མེད་ལ། དམིགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་འདི་ལ་གང་གིས་མེད་པ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དོ་ཞེས་ཁོང་དུ་ཆུད་པར་བྱ་བའི་

རིགས་པ་བརྗོད་པ་ཡངས་ཤིང་རྒྱ་ཆེ་བ་ཡང་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་། ལེགས་པར་བརྗོད་པ་ཇི་སྐད་དུ་ནང་ངམ་ཕྱི་རོལ་ལམ། ལམ་གཉི་ག་ལ་མ་གཏོགས་པ་ན་བདག་མེད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ལ།

བདག་མེད་པ་ཉིད་དེ་ནི་འདུས་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་འདུས་མ་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་མོད་ཀྱི། སྤྱིའི་མཚན་ཉིད་ཡོངས་སུ་རྟོག་པ་རྣམས་ལ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་ན་འདི་ནི་རིགས་པ་བརྗོད་

པ་དང་པོ་ཡིན་ནོ། །ཡང་གཟུགས་དང་དྲི་དང་རོ་དང་རེག་བྱ་དེ་ལྟ་དེ་ལྟར་བྱུང་བ་རྣམས་དང་། ཡོངས་སུ་གྱུར་པ་རྣམས་དང་། ཀུན་ཏུ་ཞུགས་པ་རྣམས་ལ་ཟས་དང་སྐོམ་དང་བཞོན་པ་དང་གོས་དང་། རྒྱན་དང་ཁང་ཁྱིམ་དང་དམག་དང་ནགས་ཚལ་

Vol. 130 · folio 17b

ལ་སོགས་པ་འདོགས་པར་བྱེད་པའི་ཟས་དང་སྐོམ་ལ་སོགས་པ་དེ་དག་གཟུགས་ལ་སོགས་པ་ལས་གུད་ན་ཅུང་ཟད་ཀྱང་མེད་དེ། དེའི་མེད་པ་ཉིད་གང་ཡིན་པ་དེ་ཡང་འདུས་བྱས་ཀྱིས་བསྡུས་པ་ཡང་མ་ཡིན། འདུས་མ་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་

མོད་ཀྱི་རང་གི་མཚན་ཉིད་ཡོངས་སུ་རྟོག་པ་རྣམས་ལ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་ན་འདི་ནི་རིགས་པ་བརྗོད་པ་གཉིས་པ་ཡིན་ནོ། །ཡང་ན་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཇི་སྐད་དུ་སྦྱིན་པ་

མེད་དོ། །འདོད་པ་མེད་དོ། །མཆོད་སྦྱིན་མེད་དོ་ཞེས་རྒྱ་ཆེར་སྔར་བསྟན་པ་ལྟ་བུ་གང་ཡིན་པ་དེ་ལ། གལ་ཏེ་འདོད་པ་དང་མཆོད་སྦྱིན་ལ་སོགས་པ་མེད་པའི་མེད་པ་ཉིད་གང་ཡིན་པ་དེ་ཡང་དག་པར་ཡོད་པ་ཉིད་ཡིན་ན་ནི་དེས་ན་སྐྱེས་བུ་གང་ཟག་དེ་ལྟ་བུར་

ལྟ་བ་དེ་ཡང་ལོག་པར་ལྟ་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་ཡང་དག་པར་ལྟ་བ་དང་། ཡང་དག་པར་སྨྲ་བར་འགྱུར་རོ། །ཅི་སྟེ་མེད་ན་ནི་ལོག་པར་ལྟ་བ་རྣམས་ཀྱི་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ཡང་འབྱུང་བར་མི་འགྱུར་བ་ཞིག་ན་འབྱུང་སྟེ། དེ་ལྟར་ན་དེ་

ནི་རིགས་པ་བརྗོད་པ་གསུམ་པ་ཡིན་ནོ། །ཡང་འདུ་བྱེད་ཐམས་ཅད་ལ་རྟག་པ་ཉིད་དམ་བརྟན་པ་ཉིད་དམ་ཐེར་ཟུག་པ་ཉིད་མེད་དེ་འདུ་བྱེད་ཐམས་ཅད་ལ་རྟག་པ་ཉིད་དམ་བརྟན་པ་ཉིད་དམ་ཐེར་ཟུག་ཉིད་དེའི་མེད་པ་ཉིད་དེ་གང་ཡིན་པ་དེ་ཡང་འདུས་བྱས་ཀྱིས་བསྡུས་པ་ཡང་མ་ཡིན།

འདུས་མ་བྱས་ཀྱིས་བསྡུས་པ་ཡང་མ་ཡིན་མོད་ཀྱི། སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པ་རྣམས་ལ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བ་ཡང་མ་ཡིན་ཏེ། གལ་ཏེ་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་ན་

ནི། དེས་ན་འདུ་བྱེད་ཐམས་ཅད་ལ་རྟག་པ་ཉིད་དམ། བརྟན་པ་ཉིད་དམ། ཐེར་ཟུག་ཉིད་མེད་པ་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་བ་རྣམས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་མི་སྐྱེ་སྟེ། རྣམ་པར་

Vol. 130 · folio 18a

གྲོལ་བ་མེད་ན་ནི་ལེན་པ་མེད་པར་ཡོངས་སུ་འདའ་བར་ཡང་མི་འགྱུར་བས། དེ་ལྟ་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་རྣམས་ནི་གཏན་དུ་རྗེས་སུ་འབྲེལ་པར་འགྱུར་བ་ཞིག་ན་མི་འགྱུར་ཏེ། དེ་ལྟར་ན། འདི་ནི་རིགས་པ་བརྗོད་པ་བཞི་པ་

ཡིན་ནོ། །ཡང་འདུ་བྱེད་མ་འོངས་པ་རྣམས་ཀྱི་འབྱུང་བ་ཉིད་ཀྱང་རེ་ཞིག་མེད་ན་འཇིག་པ་ཡོད་པར་ལྟ་ག་ལ་འགྱུར། ཡང་འཕགས་པ་ཉན་ཐོས་རྣམས་འདུ་བྱེད་མ་འོངས་པ་རྣམས་ལ་འབྱུང་བ་དང་། འཇིག་པར་རྗེས་སུ་ལྟ་ཞིང་མི་གནས་པ་ཡང་མ་ཡིན་ཏེ། དེ་ལྟར་

ན་འདི་ནི་རིགས་པ་བརྗོད་པ་ལྔ་པ་ཡིན་ནོ། །དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་ལ་དམིགས་པ་ནི་ཡོད་པ་ཁོ་ནར་ཁོང་དུ་ཆུད་པར་བྱ་སྟེ། རྣམ་པར་ཤེས་པ་མེད་པ་ལ་དམིགས་པ་རབ་ཏུ་འགྲུབ་པའི་རིགས་པ་བརྗོད་པ་ནི་དེ་ལྟ་བུ་དང་མཐུན་པ་གཞན་ཡང་ཡོད་པར་རིག་པར་

བྱའོ། །བཅོམ་ལྡན་འདས་ཀྱིས་ལས་འདས་པ་ནི་ཡོད་དེ་གལ་ཏེ་ལས་འདས་པ་མེད་དུ་ཟིན་ན་འདི་ན་ལ་ལས་གནོད་པ་དང་བཅས་པ་དང་། གནོད་པ་མེད་པའི་ཚོར་བ་མྱོང་བར་མི་འགྱུར་རོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། འདས་པའི་ཚེ་རབས་རྣམས་སུ་

ལས་དགེ་བ་དང་མི་དགེ་བ་བསྐྱེད་ཅིང་འགགས་པས་ཕྱི་མ་ལ་འབྲས་བུ་འདོད་པ་དང་མི་འདོད་པ་མངོན་པར་འགྲུབ་པར་དེའི་ས་བོན་གྱིས་འདུ་བྱེད་ཀྱི་རྒྱུན་ཕྱི་མ་ཕྱི་མ་ཡོངས་སུ་བཟུང་ཞིང་ཡོངས་སུ་བསྒོས་པ་ལས་དགོངས་ནས། བཅོམ་ལྡན་འདས་ཀྱིས་ལས་འདས་པ་ཡོད་དོ།

ཞེས་ཡོངས་སུ་བསྟན་ཏེ། དེ་ལྟར་མི་མཐུན་པ་རྒྱུར་སྨྲ་བ་གང་དག་དབང་ཕྱུག་དང་། བརྒྱ་བྱིན་དང་ཚངས་པ་དང་རང་བཞིན་དང་སྐྱེས་བུ་གཞན་ལ་སོགས་པ་ལས། སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་འབྱུང་བར་ལྟ་ཞིང་ཡོངས་སུ་སྟོན་པ་དག་གི་ལུགས་

དགག་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུ་མེད་པར་སྨྲ་བ་གང་དག་སེམས་ཅན་རྣམས་ཀྱི་དགེ་བ་དང་། མི་དགེ་བ་འབྱུང་བ་རྒྱུ་མེད་པར་ལྟ་ཞིང་ཡོངས་སུ་སྟོན་པ་གང་དག་ཡིན་པ་དེ་དག་གི་ལུགས་དགག་པའི་དོན་གྱི་དབང་གཉིས་གཟིགས་པས་ཡོངས་སུ་བསྟན་

Vol. 130 · folio 18b

ཏོ། །བཅོམ་ལྡན་འདས་ཀྱིས་འདུ་བྱེད་འདས་པ་རྣམས་ནི་ཡོད་དེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་དེ་དག་ལ་མི་ལྟ་བར་གནས་སོ། །འདུ་བྱེད་མ་འོངས་པ་རྣམས་ཀྱང་ཡོད་དེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་དེ་དག་ལ་མངོན་པར་མི་དགའ་བར་

གནས་སོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། འདུ་བྱེད་འདས་པ་རྣམས་ནི་འབྲས་བུ་བསྐྱེད་པ་ལས་ཡོད་ལ། འདུ་བྱེད་མ་འོངས་པ་རྣམས་ནི་རྒྱུ་ཡོངས་སུ་འཛིན་པ་ལས་ཡོད་དོ། །འདི་ལྟར་ད་ལྟར་གྱི་འདུ་བྱེད་རྣམས་ནི་མཚན་ཉིད་གསུམ་གྱིས་རབ་ཏུ་ཕྱེ་

བ་ཡིན་ཏེ། འདས་པ་རྣམས་ཀྱི་འབྲས་བུའི་དངོས་པོ་དང་། མ་འོངས་པ་རྣམས་ཀྱི་རྒྱུའི་དངོས་པོ་དང་། རང་གི་མཚན་ཉིད་ཀྱི་རྒྱུན་མི་འཆད་པས་སོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་དེ་ཡང་གལ་ཏེ་འདས་པ་དང་མ་འོངས་པ་དེ་འདུ་བྱེད་ཀྱི་མཚན་ཉིད་དང་ལྡན་པ་ཁོ་ནར་འགྱུར་ན་

འདས་པ་དང་མ་འོངས་པའི་དངོས་པོ་དེ་མེད་དོ་ཞེས་མི་བསྟན་པ་ཞིག་ན། ཡོངས་སུ་བསྟན་པས་ན་ཆོས་འདས་པ་དང་མ་འོངས་པ་རྣམས་ལ་རྫས་སུ་མངོན་པར་ཞེན་པ་སྤང་བར་བྱ་བ་དང་། ཇི་ལྟར་འདས་པ་དང་མ་འོངས་པ་མེད་པ་དེ་བཞིན་དུ་ད་ལྟར་བྱུང་བ་ཡང་མེད་དོ་ཞེས་མངོན་པར་

ཞེན་པ་རྣམས་ཀྱི་མངོན་པར་ཞེན་པ་དེ་སྤང་བར་བྱ་བའི་དོན་གྱི་དབང་དེ་གཉིས་གཟིགས་པས་ཡོངས་སུ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཁམས་འདས་པ་ཡང་ཡོད་དེ། ཁམས་མ་འོངས་པ་ཡང་ཡོད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། ས་བོན་གྱི་

རྒྱུན་བྱུང་བ་འབྲས་བུ་བསྐྱེད་ཟིན་པ་ནི་ཁམས་འདས་པ་ཞེས་བྱའོ། །ས་བོན་གྱི་རྒྱུན་འབྱུང་བ་འབྲས་བུ་མ་སྐྱེས་པ་ནི་ཁམས་མ་འོངས་པ་ཞེས་བྱའོ། །ད་ལྟར་གྱི་ས་བོན་གྱི་རྒྱུན་འབྲས་བུ་མ་བསྐྱེད་པ་ཉིད་ནི་ཁམས་ད་ལྟར་བྱུང་བ་ཞེས་བྱའོ། །འདི་ལ་དགོངས་པ་ནི་དེ་ཡིན་པར་

རིག་པར་བྱ་སྟེ། དགེ་སློང་ས་བོན་གྱི་རྒྱུན་ལ་མཁས་པ་ནི་ཆོས་ཚད་མེད་པ་བདག་ཉིད་སྣ་ཚོགས་ཅན་དེ་དང་དེ་དག་གི་ཁམས་ལ་མཁས་པ་ཞེས་བྱའོ། །ཅིའི་ཕྱིར་གཟུགས་ལ་སོགས་པ་འདུ་བྱེད་རྣམས་ལས་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དག་

Vol. 130 · folio 19a

རྫས་གཞན་དུ་ཡོད་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། རེ་ཞིག་འདུ་བྱེད་མ་འོངས་པ་ཉིད་ཀྱི་ཡོད་པ་ཉིད་བཀག་པས་སྐྱེ་བའི་རྫས་སུ་ཡོད་པ་ཉིད་ཀྱང་བཀག་པ་ཁོ་ནར་རིག་པར་བྱ་སྟེ། འདི་ལྟར་མ་འོངས་པའི་སྐྱེ་བ་ནི་མེད་པ་ཡིན་པས་ཇི་ལྟར་གཞན་སྐྱེད་

པར་འགྱུར་ལ། ད་ལྟར་གྱི་སྐྱེ་བས་ནི་ད་ལྟར་གྱི་འདུ་བྱེད་སྐྱེད་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་སྐྱེ་བ་ཞེས་བྱ་བ་དེའི་རྣམ་གྲངས་ནི་མཚན་ཉིད་ལས་འདི་ལྟ་སྟེ། འདུ་བྱེད་རྣམས་ཀྱི་མངོན་པར་འགྲུབ་པ་དང་། སྐྱེ་བ་དང་འབྱུང་བ་ཉིད་ཅེས་བྱ་བ་དེ་དག་ཡིན་ན། རྣམ་

གྲངས་དེ་དག་ལས་མ་གཏོགས་པ་མཚན་ཉིད་བསྟན་པ་གཞན་པ་ནི་མི་དམིགས་སོ། །ཇི་ལྟར་འདུ་བྱེད་ད་ལྟར་བྱུང་བ་རྣམས་ཉིད་ནི་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ནི་མཁས་པ་མཛངས་པས་བརྗོད་པར་རིགས་པའི་ཚུལ་མ་ཡིན་ནོ། །གང་འདི་སྐད་ཅེས་འདི་ལྟར་འདུ་བྱེད་

རྣམས་ཀྱི་སྐྱེ་བ་སྐྱེའོ་ཞེས་ཟེར་བ་དེས་ནི་དོན་གྱིས་ན། ཇི་ལྟར་འདུ་བྱེད་ད་ལྟར་བྱུང་བ་རྣམས་ཉིད་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཡོངས་སུ་བསྟན་པར་ཟད་དོ། །གཞན་ཡང་རང་གི་ས་བོན་གྱི་རྒྱུ་སོ་སོར་ངེས་པ་དང་ལྡན་པའི་ཆོས་ཐམས་ཅད་ལ། སྐྱེད་པར་བྱེད་པའི་སྐྱེ་བ་གཞན་

བརྟགས་པས་ཀྱང་ཅི་ཞིག་བྱ། གཞན་ཡང་སྐྱེ་བ་འདུ་བྱེད་རྣམས་ཀྱི་མངོན་པར་འགྲུབ་པ་ཙམ་ཞིག་གམ། འོན་ཏེ་མངོན་པར་འགྲུབ་པའི་རྒྱུར་འགྱུར་བ་ཞིག་ཡིན། རེ་ཞིག་གལ་ཏེ་མངོན་པར་འགྲུབ་པ་ཙམ་ཞིག་ཡིན་ན་ནི། སྐྱེ་བ་འདུ་བྱེད་རྣམས་མངོན་པར་འགྲུབ་པར་

བྱེད་པ་ཡིན་ཏེ། སྐྱེ་བ་ཡོད་ན་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱར་མི་རུང་ངོ་། །གལ་ཏེ་སྐྱེ་བ་འདུ་བྱེད་རྣམས་ཀྱི་མངོན་པར་འགྲུབ་པའི་རྒྱུ་ཡིན་ན་ནི། དེས་ན་འདུ་བྱེད་གཅིག་ལ་མངོན་པར་འགྲུབ་པར་བྱེད་པ་དང་། མངོན་པར་འགྲུབ་པའི་སྐྱེ་བ་གཉིས་འབྱུང་བར་འགྱུར་

ཏེ་མི་རུང་ངོ་། །སྐྱེ་བ་ཇི་ལྟ་བ་བཞིན་དུ་རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དག་ཀྱང་ཚུལ་དེ་ཉིད་ཀྱིས་ཅི་རིགས་པར་རིག་པར་བྱ་སྟེ། དེ་ལྟ་བས་ན་སྐྱེ་བ་ལ་སོགས་པ་ཡང་འདུ་བྱེད་རྣམས་ལ་བརྟགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་རྒྱུ་ཡོད་ན་རང་གི་

Vol. 130 · folio 19b

མཚན་ཉིད་སྔོན་མ་བྱུང་བ་འགྲུབ་པ་ནི་འདུ་བྱེད་རྣམས་ཀྱི་སྐྱེ་བ་ཞེས་བྱའོ། །སྔ་མ་ལས་ཕྱི་མ་གཞན་ཉིད་དུ་གཞན་དུ་འགྱུར་བ་ཉིད་ནི་འདུ་བྱེད་རྣམས་ཀྱི་རྒ་བ་ཞེས་བྱའོ། །སྐྱེ་བའི་དུས་ཙམ་ལ་གནས་པ་ནི་འདུ་བྱེད་རྣམས་ཀྱི་གནས་པ་ཞེས་བྱ་སྟེ། དེ་ལྟ་བས་ན་སྐྱེ་བའི་

སྐད་ཅིག་གི་འོག་ཏུ་འཇིག་པའི་སྐད་ཅིག་ནི་འདུ་བྱེད་རྣམས་ཀྱི་འཇིག་པ་ཞེས་བྱའོ། །གལ་ཏེ་འདུས་བྱས་ལ་འདུས་བྱས་ཀྱི་མཚན་ཉིད་བཞི་པོ་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། འཇིག་པ་འདི་དག་དམིགས་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་། འཇིག་

པ་དང་གནས་པ་ལས་གཞན་དུ་འགྱུར་བ་ཉིད་དང་གསུམ་ཁོ་ན་གསུངས་ཤེ་ན། འདུ་བྱེད་རྣམས་ནི་དུས་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་མ་འོངས་པའི་དུས་ན་མ་བྱུང་བ་ལས་འབྱུང་བར་འགྱུར་བས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ལ་བརྟེན་

ཏེ་འབྱུང་བ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་སོ། །བྱུང་བ་རྣམས་འདས་པའི་དུས་སུ་ཞིགས་པར་གྱུར་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ལ་བརྟེན་ཏེ་ཞིགས་པ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་སོ། །གནས་པ་

གང་ཡིན་པ་དང་། གཞན་དུ་འགྱུར་བ་ཉིད་གང་ཡིན་པའི་མཚན་ཉིད་གཉིས་ནི་ད་ལྟར་གྱི་དུས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟར་གནས་པ་ཡང་ད་ལྟར་གྱི་དུས་ཉིད་ན་དམིགས་པ་ཡིན་ལ། སྔ་མ་ལས་ཀྱང་ཕྱི་མ་གཞན་ཉིད་དུ་གྱུར་པ་ཉིད་ཀྱང་ད་ལྟར་གྱི་དུས་ཉིད་ན་དམིགས་

པ་ཡིན་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ད་ལྟར་བྱུང་བའི་དུས་ལ་བརྟེན་ཏེ། གནས་པ་དང་། གཞན་དུ་འགྱུར་བ་ཉིད་གཅིག་ཏུ་བསྡུས་ནས་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་སོ། །གང་གི་ཚེ་འཕགས་པ་ཉན་ཐོས་ཀྱིས་འདུས་བྱས་ཀྱི་མཚན་ཉིད་

གསུམ་དང་ལྡན་པར་ཡོངས་སུ་བརྟག་པར་བྱས་པའི་ཚེ། ཅིའི་ཕྱིར་འཕགས་པ་ཉན་ཐོས་ཕུང་པོ་རྣམས་ལ་འབྱུང་བ་དང་འཇིག་པ་ཁོ་ནར་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་ལ་གནས་པ་དང་གཞན་དུ་འགྱུར་བ་ཉིད་རྗེས་སུ་ལྟ་ཞིང་གནས་སོ་ཞེས་མ་གསུངས་ཤེ་ན། གང་

Vol. 130 · folio 20a

གི་ཕྱིར་འབྱུང་བ་གང་ཡིན་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ཉིད་གང་ཡིན་པའི་མཚན་ཉིད་དེ་གཉི་ག་ཡང་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་པས། །དེའི་ཕྱིར་མཚན་ཉིད་གཉིས་ཆ་གཅིག་ཏུ་མཛད་དེ་འབྱུང་བའི་ཕྱོགས་སུ་རྣམ་པར་བཞག་

ནས་འབྱུང་བར་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་སོ། །མཚན་ཉིད་གཅིག་ནི་ཆ་གཉིས་པར་རྣམ་པར་གཞག་ནས་འཇིག་པར་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་སོ། །གཞན་ཡང་དེ་ནི་མཚན་ཉིད་གང་གིས་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་

དང་རྣམ་པར་གྲོལ་བར་འགྱུར་བའི་མཚན་ཉིད་དེ་ཉིད་ལ་ཡིད་ལ་བྱེད་པས་འདུ་བྱེད་རྣམས་ལ་མི་རྟག་པ་ཉིད་དུ་ལྟ་ན་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བར་འགྱུར་བས་དེའི་ཕྱིར་མི་རྟག་པ་ཉིད་ཁོ་ན་ཡིད་ལ་བྱེད་དོ། །མི་རྟག་པ་ཉིད་ཀྱང་མ་བྱུང་བ་ལས་འབྱུང་བས་

རབ་ཏུ་ཕྱེ་བ་དང་། བྱུང་ནས་ཀྱང་མེད་པར་འགྱུར་བས་རབ་ཏུ་ཕྱེ་བ་ཡིན་ཏེ་མ་བྱུང་བ་ལས་འབྱུང་བ་ནི་འབྱུང་བ་ཡིན་ལ། བྱུང་ནས་མེད་པར་འགྱུར་བ་ནི་འཇིག་པ་ཡིན་ནོ།། །།བམ་པོ་གསུམ་པ། སྐྱེ་བའི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་པར་བྱ་སྟེ།

འདི་ལྟ་སྟེ་སྐད་ཅིག་གི་སྐྱེ་བ་དང་། ཉིང་མཚམས་སྦྱོར་བའི་སྐྱེ་བ་དང་། མངོན་པར་འགྲུབ་པའི་སྐྱེ་བ་དང་། སེམས་རྣམ་པ་ཐ་དད་པའི་སྐྱེ་བ་དང་། མི་འདོད་པའི་སྐྱེ་བ་དང་། འདོད་པའི་སྐྱེ་བ་དང་། ངན་པའི་སྐྱེ་བ་དང་། བར་མའི་སྐྱེ་བ་དང་། བཟང་པོའི་སྐྱེ་བ་དང་། བླ་ན་

ཡོད་པའི་སྐྱེ་བ་དང་། བླ་ན་མེད་པའི་སྐྱེ་བའོ། །དེ་ལ་འདུ་བྱེད་རྣམས་ཀྱི་སྐད་ཅིག་སྐད་ཅིག་པར་སྐྱེ་བ་ནི་སྐད་ཅིག་གི་སྐྱེ་བ་ཞེས་བྱའོ། །ཀུན་དུ་སྦྱོར་བ་མཐའ་དག་ཡོད་པའམ། ཀུན་དུ་སྦྱོར་བ་མ་ཚང་ཡང་རུང་། སེམས་ཅན་གྱི་རིས་དེ་དང་། དེ་ནས་ཤི་འཕོས་ནས་སེམས་ཅན་རྣམས་ཀྱི་

རིས་དེ་དང་དེར་ཕུང་པོ་མངོན་པར་འགྲུབ་པ་ནི་ཉིང་མཚམས་སྦྱོར་བའི་སྐྱེ་བ་ཞེས་བྱའོ། །ཐོར་བུ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་དག་ནས་རྒས་པའི་གནས་སྐབས་ཀྱི་བར་དུ་འགྱུར་བ་ནི་མངོན་པར་འགྲུབ་པའི་སྐྱེ་བ་ཞེས་བྱའོ། །དམིགས་པ་དེ་དང་དེས་ཉིན་མཚན་དེ་དང་དེ་

Vol. 130 · folio 20b

དག་འདས་པ་དང་། སྐད་ཅིག་དང་ཐང་ཅིག་ཡུད་ཙམ་དེ་དང་དེ་དག་འདས་པས་སེམས་བདེ་བ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་བ་དང་མཚུངས་པར་ལྡན་པའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་མ་ཡིན་པ་དང་མཚུངས་པར་ལྡན་པའམ། འདོད་ཆགས་དང་

བཅས་པའམ། འདོད་ཆགས་དང་བྲལ་བ་ནས་རྒྱས་པར་ཤིན་ཏུ་རྣམ་པར་གྲོལ་བའམ། རྣམ་པར་མ་གྲོལ་བའི་བར་གྱི་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་སྐྱེ་བ་ནི་སེམས་རྣམ་པ་ཐ་དད་པའི་སྐྱེ་བ་ཞེས་བྱའོ། །ངན་འགྲོ་སེམས་ཅན་དམྱལ་བ་རྣམས་དང་དུད་འགྲོ་དང་ཡི་དྭགས་

རྣམས་སུ་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ནི་མི་འདོད་པའི་སྐྱེ་བ་ཞེས་བྱའོ། །བདེ་འགྲོ་ལྷ་དང་མི་རྣམས་སུ་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་འདོད་པའི་སྐྱེ་བ་ཞེས་བྱའོ། །འདོད་པའི་ཁམས་ངན་པར་མངོན་པར་འགྲུབ་པ་ནི་ངན་པའི་སྐྱེ་བ་ཞེས་བྱའོ། །གཟུགས་ཀྱི་ཁམས་བར་

མར་མངོན་པར་འགྲུབ་པ་ནི་བར་མའི་སྐྱེ་བ་ཞེས་བྱའོ། །གཟུགས་མེད་པའི་ཁམས་བཟང་པོར་མངོན་པར་འགྲུབ་པ་ནི་བཟང་པོའི་སྐྱེ་བ་ཞེས་བྱའོ། །གཞན་ཡང་མངལ་དུ་འཇུག་པ་དང་པོ་ནི་ངན་པའི་སྐྱེ་བ་ཞེས་བྱའོ། །མངལ་དུ་འཇུག་པ་བར་མ་གཉིས་ནི་བར་མའི་སྐྱེ་བ་ཞེས་བྱའོ། །

མངལ་དུ་འཇུག་པ་ཐ་མ་ནི་བཟང་པོའི་སྐྱེ་བ་ཞེས་བྱའོ། །རྣམ་གྲངས་གཞན་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་གྱི་འབྲས་བུའི་ཆོས་རྣམས་ཀྱི་མངོན་པར་འགྲུབ་པ་ནི་ངན་པའི་སྐྱེ་བ་ཞེས་བྱའོ། །དགེ་བ་དང་དགེ་བའི་འབྲས་བུ་ཅན་གྱི་ཆོས་རྣམས་ཀྱི་མངོན་པར་འགྲུབ་

པ་ནི་བཟང་པོའི་སྐྱེ་བ་ཞེས་བྱའོ། །དགེ་བ་དང་མི་དགེ་བའི་འབྲས་བུ་ཅན་གྱི་ཆོས་ལུང་དུ་མ་བསྟན་པ་རྣམས་མ་གཏོགས་པ་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་མངོན་པར་འགྲུབ་པ་ནི་བར་མའི་སྐྱེ་བ་ཞེས་བྱའོ། །ཁམས་སུ་གཏོགས་པ་རྣམས་ཀྱི་སྐྱེ་བ་ལས་བརྩམས་ཏེ། ཅི་ཡང་

མེད་པའི་སྐྱེ་མཆེད་ཀྱི་བར་དུ་མངོན་པར་འགྲུབ་པ་ནི་བླ་ན་ཡོད་པའི་སྐྱེ་བ་ཞེས་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་མངོན་པར་འགྲུབ་པ་ནི་བླ་ན་མེད་པའི་སྐྱེ་བ་ཞེས་བྱའོ། །སྐད་ཅིག་མའི་རྒྱུད་མཚམས་སྦྱོར་བར་གཏོགས་པ་རྣམས་ཀྱི་སྐྱེ་བ་ལས་བརྩམས་ཏེ།

Vol. 130 · folio 21a

དགྲ་བཅོམ་པའི་འཆི་བ་ཐ་མའི་ཆར་གཏོགས་པའི་ཕུང་པོ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་འདུ་བྱེད་གང་ཅི་ཡང་རུང་བར་མངོན་པར་འགྲུབ་པ་དེ་དག་ཐམས་ཅད་ནི་བླ་ན་ཡོད་པའི་སྐྱེ་བ་ཞེས་བྱའོ། །རྒ་བའི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་

རིག་པར་བྱ་སྟེ། འདི་ལྟ་སྟེ་ལུས་རྒ་བ་དང་། སེམས་རྒ་བ་དང་། ཚེ་རྒ་བ་དང་། འགྱུར་བ་རྒ་བ་དང་། ལུས་འགྱུར་བ་རྒ་བའོ། །དེ་ལ་སྤྱི་ཅེར་དུ་གྱུར་པ་དང་། མགོ་སྐྱ་བ་ལ་སོགས་པ་རྒྱས་པར་ཇི་སྐད་མདོ་ལས་གསུངས་པ་ལྟ་བུ་དག་གིས་ལུས་ཡོངས་སུ་གྱུར་པ་ནི་ལུས་རྒ་

བ་ཞེས་བྱའོ། །བདེ་བའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་ཡོངས་སུ་གྱུར་ནས་སྡུག་བསྔལ་བ་དང་མཚུངས་པར་ལྡན་པར་འགྱུར་བ་དང་། དགེ་བའི་སེམས་ཡོངས་སུ་གྱུར་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། འདོད་པའི་དོན་རྣམས་ལ་རེ་བ་དང་ལྡན་པའི་སེམས་

ཡོངས་སུ་གྱུར་པ་ནི་རེ་བ་འབྲས་བུ་མེད་པར་གྱུར་པ་དེ་ནི་སེམས་རྒ་བ་ཞེས་བྱའོ། །ཉིན་མཚན་དེ་དང་དེ་དག་འདས་པ་དང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དེ་དང་དེ་དག་འདས་པས་ཚེ་འགྲིབས་པའི་རིམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་ཟད་པར་གྱུར་པ་ནི་ཚེ་རྒ་བ་ཞེས་

བྱའོ། །དབང་ཕྱུག་གི་བདག་པོ་ཕུན་སུམ་ཚོགས་པ་ཐམས་ཅད་ཉམས་པ་དང་། ནད་མེད་པ་དང་། ཁ་དོག་དང་། སྟོབས་དང་། བརྟས་པ་ལ་སོགས་པ་རྣམ་པར་གྱུར་པ་ནི་འགྱུར་བ་རྒ་བ་ཞེས་བྱའོ། །བདེ་འགྲོར་སྐྱེས་ཤིང་ལེགས་པར་འབྱོར་པའི་ལུས་དག་ལས་ཤི་འཕོས་

ནས་ངན་འགྲོ་ངན་པའི་རིས་རྣམས་སུ་ལུས་མངོན་པར་འགྲུབ་པ་ནི་ལུས་འགྱུར་བ་རྒ་བ་ཞེས་བྱའོ། །གང་ལ་བརྟེན་ནས་རྒ་བའི་རྣམ་པ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་བའི་རྒ་བ་གཅིག་པ་ཡང་ཡོད་དེ་འདུ་བྱེད་རྣམས་ཀྱི་སྐད་ཅིག་སྐད་ཅིག་ལ་གཞན་ཉིད་དུ་འགྱུར་

བའི་རྒ་བ་གང་ཡིན་པའོ། །གནས་པའི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ་སྐད་ཅིག་གནས་པ་དང་། རྒྱུན་གནས་པ་དང་། རྐྱེན་དང་འབྲེལ་པས་གནས་པ་དང་། རྣམ་པར་མི་གཡེང་བར་གནས་པ་དང་། ལུགས་གནས་པའོ། །

Vol. 130 · folio 21b

དེ་ལ་འདུ་བྱེད་འབྱུང་བ་སྐྱེ་བའི་དུས་ཙམ་ལ་གནས་པ་ནི་སྐད་ཅིག་གནས་པ་ཞེས་བྱའོ། །དེ་དང་དེར་མངོན་པར་འགྲུབ་པའི་ལུས་དེ་དང་དེ་དག་ཟས་དེ་དང་དེ་ལ་བརྟེན་ནས་ཚེ་ཇི་སྲིད་པར་གནས་པ་དང་། ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་རྣམས་བསྐལ་པ་ཆེན་པོའི་མཐར་ཐུག་པར་

གནས་པ་ནི་རྒྱུན་གནས་པ་ཞེས་བྱའོ། །བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་རང་རང་གི་རྐྱེན་ཉེ་བར་གནས་ན་རེ་ཞིག་གནས་པ་ནི་རྐྱེན་དང་།

འབྲེལ་བས་གནས་པ་ཞེས་བྱའོ། །སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ནི་རྣམ་པར་མི་གཡེང་བར་གནས་པ་ཞེས་བྱའོ། །ཡུལ་གཞན་དུ་གྲོང་དང་གྲོང་རྡལ་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་དང་། རྒྱལ་པོ་བཞུགས་

ས་དང་། བསྐོས་པ་འདུ་བའི་ས་དང་། བཟོ་སྦྱངས་ཀྱི་གནས་རྣམས་དང་། ལག་རུབ་བྱེད་པ་དག་དང་། འཁོར་རྣམས་ལ་སྤྱོད་ཚུལ་རྙིང་པ་དང་བཅས་པའི་རྗེས་སུ་འཇུག་པ་ནི་ལུགས་གནས་པ་ཞེས་བྱའོ། །མི་རྟག་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡང་རྣམ་པ་དུ་མ་ཡོད་པར་རིག་

པར་བྱ་སྟེ། འདི་ལྟ་སྟེ། འཇིག་པའི་མི་རྟག་པ་ཉིད་དང་། སྐྱེ་བའི་མི་རྟག་པ་ཉིད་དང་། འགྱུར་བའི་མི་རྟག་པ་ཉིད་དང་། འབྲལ་བའི་མི་རྟག་པ་ཉིད་དང་། འབྱུང་བར་འགྱུར་བའི་མི་རྟག་པ་ཉིད་དང་། བྱུང་ཟིན་པའི་མི་རྟག་པ་ཉིད་དོ། །དེ་ལ་འདུ་བྱེད་སྐྱེས་པ་རྣམས་

འཇིག་པ་ནི་འཇིག་པའི་མི་རྟག་པ་ཉིད་ཅེས་བྱའོ། །འདུ་བྱེད་རྣམས་མ་བྱུང་བ་ལས་འབྱུང་བ་ནི་སྐྱེ་བའི་མི་རྟག་པ་ཉིད་ཅེས་བྱའོ། །འདུ་བྱེད་འདོད་པ་ད་ལྟར་གྱི་དུས་སུ་མི་འདྲ་བ་འབྱུང་བ་མངོན་དུ་གྱུར་པ་ཐམས་ཅད་ནི་འདུ་བྱེད་རྣམས་ཀྱི་འགྱུར་བའི་མི་རྟག་པ་ཉིད་ཅེས་བྱའོ། །

ཡོ་བྱད་སྡུག་པ་མ་གྱུར་པ་རྣམས་དང་བྲལ་ཞིང་དེ་ལ་དབང་ཉམས་པ་ནི་འབྲལ་བའི་མི་རྟག་པ་ཉིད་ཅེས་བྱའོ། །མི་རྟག་པ་ཉིད་རྣམ་པ་བཞི་པོ་དེ་དག་ཉིད་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་མི་རྟག་པ་ཉིད་ཅེས་བྱའོ། །ད་ལྟར་གྱི་དུས་ན་མངོན་དུ་འགྱུར་བ་ནི་བྱུང་ཟིན་པའི་

Vol. 130 · folio 22a

མི་རྟག་པ་ཉིད་ཅེས་བྱའོ། །དེ་ལ་འདོད་པ་ལས་ལོངས་སྤྱོད་པ་བག་མེད་པར་གྱུར་པ་རྣམས་ནི་འགྱུར་བའི་མི་རྟག་པ་ཉིད་དང་འབྲལ་བའི་མི་རྟག་པ་ཉིད་དང་ཕྲད་དེ། ཡིད་ལ་བྱེད་པ་ན་རྒྱས་པར་མྱ་ངན་བྱེད་སྒྱིད་ལུག་པར་བྱེད་ཀྱང་འདུ་བྱེད་རྣམས་ལ་སྐྱོ་

བར་ནི་མི་འགྱུར་རོ། །གཞན་མུ་སྟེགས་ཅན་དག་ནི་མི་རྟག་པ་ཉིད་དེ་དག་ཉིད་ཤས་ཆེར་ཡིད་ལ་བྱེད་པ་ན་སྐྱོ་ཞིང་འདོད་པ་ལས་དབེན་པ་ཙམ་ལ་བརྟེན་ཀྱང་འདུ་བྱེད་རྣམས་ཀྱི་ཕྱོགས་འགའ་ལས་སྐྱོ་བར་འགྱུར་གྱི་གཏན་དུ་ནི་མ་ཡིན་ནོ། །འཕགས་པ་ཉན་ཐོས་ནི་མི་

རྟག་པ་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་ཡིད་ལ་བྱེད་ཅིང་འདུ་བྱེད་རྣམས་ལས་གཏན་སྐྱོ་བ་དང་རྣམ་པར་གྲོལ་བའི་བར་དུ་ཡང་འགྱུར་རོ། །འཐོབ་པ་དང་རྙེད་པ་དང་ལྡན་པ་གང་ཞེ་ན། མདོར་བསྡུ་ན་འབྱུང་བའི་རྐྱེན་གྱིས་ཡོངས་སུ་ཟིན་ཅིང་ས་བོན་ཡོངས་སུ་

བརྟས་པ་ནི་འཐོབ་པ་ཞེས་བྱ་སྟེ། རྣམ་གྲངས་དེས་ན་འཐོབ་པ་ཡང་བཏགས་པའི་ཡོད་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་འཐོབ་པ་རྫས་སུ་ཡོད་པར་གྱུར་ན། དེ་འདུ་བྱེད་རྣམས་ཀྱི་འབྱུང་བའི་རྒྱུའམ། ཡང་ན་ཆོས་དང་མི་འབྲལ་བར་འགྱུར་བའི་རྒྱུར་འགྱུར་གྲང་ན།

གལ་ཏེ་འདུ་བྱེད་རྣམས་འབྱུང་བའི་རྒྱུར་གྱུར་ན་ནི། དེས་ན་ཇི་སྲིད་དུ་ཆོས་དེ་ཐོབ་པར་མ་གྱུར་པའི་སྔ་རོལ་ན་དེའི་འབྱུང་བའི་རྒྱུ་ཐོབ་པ་ཡང་མེད་པས་ནམ་ཡང་འབྱུང་བར་མི་འགྱུར་ཏེ། དེ་ལྟ་ན་དེ་གཏན་མི་འཐོབ་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཆོས་དང་མི་འབྲལ་བའི་

རྒྱུར་འགྱུར་ན་ནི་དེས་ན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་དེ་དག་ཐམས་ཅད་ཀྱིས་ཐོབ་པ་མགོ་མཉམ་དུ་ཡོད་པའི། མི་མཐུན་པ་དེ་དག་ཀྱང་མགོ་མཉམ་དུ་ཀུན་འབྱུང་བར་འགྱུར་ཏེ། དེ་ལྟ་བས་ན་གཉི་ག་ཡང་མི་རུང་ངོ་། །ཆོས་རྣམས་ཀྱི་འབྱུང་བའི་རྒྱུ་ནི་

སོ་སོར་ངེས་པའི་རྐྱེན་གྱིས་རང་གི་ས་བོན་ཡོངས་སུ་ཟིན་པའོ། །འབྲལ་བའི་རྒྱུ་ནི་རྐྱེན་གཞན་མངོན་དུ་གྱུར་པས་རྐྱེན་གཞན་དང་འབྲལ་བའོ། །དེ་ལ་རྐྱེན་བསྒྲུབ་པ་ལ་དབང་བ་ནི་འཐོབ་པ་ཞེས་གདགས་ཏེ། དབང་དེ་ལ་བརྟེན་ནས་སྐྱེས་བུ་གང་ཟག་དེ་ཆོས་སྐྱེས་ནས་

Vol. 130 · folio 22b

འགགས་པ་གང་དང་གང་མངོན་སུམ་དུ་བྱ་བར་འདོད་པ་དེ་བསྐྱེད་པའི་ཕྱིར་མྱུར་བ་མྱུར་བ་ཁོ་ནར་རྐྱེན་སྒྲུབ་པར་བྱེད་དེ། དེ་ལྟ་བས་ན་དེ་ཡང་འཐོབ་པ་ཞེས་བྱའོ། །འཐོབ་པ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱའོ། །ས་བོན་དང་ལྡན་པ་དང་། དབང་དང་ལྡན་

པ་དང་། ཀུན་དུ་འབྱུང་བ་དང་ལྡན་པའོ། །དེ་ལ་རེ་ཞིག་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་། སྐྱེས་ནས་ཐོབ་པའི་དགེ་བའི་ཆོས་མ་བཙལ་བར་ཀུན་ཏུ་འབྱུང་བ་གང་དག་ཡིན་པ་དེ་དག་ནི་ས་བོན་རེ་ཞིག་ཞི་གནས་ཀྱི་ཉམས་པས་ཀྱང་ཉམས་པར་མ་བྱས་ལ།

འཕགས་པའི་ལམ་གྱིས་ཀྱང་ཡང་དག་པར་མ་བཅོམ་པ་དང་། དགེ་བ་རྣམས་ཀྱི་ཡང་འདི་ལྟ་སྟེ། དཔེར་ན་དགེ་བའི་རྩ་བ་ཀུན་དུ་བཅད་པ་རྣམས་ཀྱི་ལྷར་ལོག་པར་ལྟ་བས་ཉམས་པར་མ་བྱས་པ་གང་ཡིན་པ་དེ་ནི་ས་བོན་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟར་ཇི་སྲིད་དུ་

དེའི་ས་བོན་དེ་ཉམས་པར་མ་བྱས་ཤིང་ཡང་དག་པར་མ་བཅོམ་པ་དེ་སྲིད་དུ་དེ་ཉོན་མོངས་པ་ཅན་ལ་སོགས་པའི་ཆོས་ཀུན་དུ་འབྱུང་བའམ། ཀུན་དུ་འབྱུང་བ་མ་ཡིན་པ་དེ་དག་དང་ལྡན་པ་ཞེས་བྱ་བའི་ཕྱིར་རོ། །དགེ་བའི་ཆོས་མངོན་པར་འདུ་བྱ་བས་བསྐྱེད་པ་རྣམས་དང་ལུང་དུ་

མ་བསྟན་པ་དེ་དག་ཁ་ཅིག་གི་འབྱུང་བའི་རྐྱེན་གྱིས་རྒྱུ་ས་བོན་ཡོངས་སུ་བརྟས་པ་ཡོངས་སུ་ཟིན་པ་ནི་དབང་དང་ལྡན་པ་ཞེས་བྱའོ། །ད་ལྟར་གྱི་ཆོས་རྣམས་མངོན་སུམ་གྱི་དངོས་པོས་རང་གི་མཚན་ཉིད་ཀྱིས་འགྲུབ་པ་ནི་ཀུན་དུ་འབྱུང་བ་དང་ལྡན་པ་ཞེས་བྱའོ། །དེ་ལ་སྲོག་

གི་དབང་པོ་གང་ཞེ་ན་སྔོན་གྱི་ལས་ཀྱིས་དེ་དང་དེར་ལུས་མངོན་པར་གྲུབ་པ་གནས་པའི་དུས་ངེས་པ་འཕངས་པ་ནི་ཚེ་དང་སྲོག་དང་སྲོག་གི་དབང་པོ་ཞེས་བྱའོ། །དེ་ཡང་རབ་ཏུ་དབྱེ་ན་ངེས་པ་དང་། མ་ངེས་པ་དང་། རྗེས་སུ་འཇུག་པ་དང་། རྗེས་སུ་འཇུག་པ་མ་ཡིན་པ་དང་།

ཡུན་ཐུང་བ་དང་། ཡུན་རིང་བ་དང་། མཐར་ཐུག་པ་དང་། མཐར་ཐུག་པ་མ་ཡིན་པ་དང་། རང་གིས་དབང་བསྒྱུར་བ་དང་། རང་གིས་དབང་བསྒྱུར་བ་མ་ཡིན་པ་སྟེ། དེ་ལ་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་མ་གཏོགས་པ་དེ་ལས་གཞན་པའི་སྐྱེ་བའི་གནས་ན་ནི་ཚེ་ངེས་

Vol. 130 · folio 23a

པ་ཡིན་ནོ། །འདི་ན་ནི་ལན་འགའ་ནི་ཡུན་རིང་སྟེ་དཔག་ཏུ་མེད་དོ། །ལན་འགའ་ནི་ཡུན་ཐུང་ངོ་། །བྱང་གི་སྒྲ་མི་སྙན་དག་ན་ནི་ཇི་ལྟར་ཚེ་སོ་སོར་ངེས་པ་བཞིན་དུ་གཏན་དུ་རྗེས་སུ་འཇུག་སྟེ། བར་མ་དོར་འཆི་བའི་དུས་བྱེད་པ་མེད་པས་རྗེས་སུ་འཇུག་

པ་ཡིན་ནོ། །དེ་ལས་གཞན་པ་ཐམས་ཅད་ན་ནི་རྗེས་སུ་འཇུག་པ་མ་ཡིན་ནོ། །འཛམ་བུའི་གླིང་ན་མི་ཚེ་ལོ་བཅུ་པ་རྣམས་ཀྱི་ཚེ་ནི་ཡུན་ཐུང་བ་ཡིན་ནོ། །དུད་འགྲོ་ཁ་ཅིག་གི་ཡང་དེ་དང་འདྲ་སྟེ། འདི་ལྟར་དུད་འགྲོ་ཁ་ཅིག་གི་ཚེ་ནི་ཉིན་ཞག་གཅིག་ཏུ་སྣང་ལ། ཁ་ཅིག་

གི་ཚེ་ནི་ཉིན་ཞག་གཉིས་དང་། གསུམ་དང་བཅུའི་བར་དུ་སྣང་བའི་ཕྱིར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲི་ཐུབ་པས་ཡུན་རིང་པོ་ཡིན་ནོ། །དགྲ་བཅོམ་པ་རྣམས་དང་། སློབ་པ་གང་དག་ཚེ་

འདི་ལ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་རྣམས་དང་། སོ་སོའི་སྐྱེ་བོའི་སྲིད་པ་ཐམས་གང་དག་ཡིན་པ་དག་གི་ཚེ་ནི་མཐར་ཐུག་པ་ཡིན་ནོ། །དེ་ལས་གཞན་པ་དག་གི་མཐར་ཐུག་པ་མ་ཡིན་པར་རིག་པར་བྱའོ། །དགྲ་བཅོམ་པ་དང་དེ་བཞིན་གཤེགས་པ་དང་བྱང་

ཆུབ་སེམས་དཔའ་གང་དག་ཚེའི་འདུ་བྱེད་གཏོང་བ་དང་། སྤེལ་བར་སྤྱོད་པ་དག་ནི་སྲོག་གི་དབང་པོ་ལ་རང་གིས་དབང་བསྒྱུར་བ་ཡིན་ནོ། །དེ་ལས་གཞན་པ་དག་ནི་རང་གིས་དབང་བསྒྱུར་བ་མ་ཡིན་པར་རིག་པར་བྱའོ། །དེ་ལ་རིགས་མཐུན་པ་གང་ཞེ་ན། མདོར་བསྡུ་ན་

སྐྱེ་བའི་གནས་དེ་དང་དེར་སེམས་ཅན་ཁམས་མཚུངས་པ་དང་འགྲོ་བ་མཚུངས་པ་དང་། སྐྱེ་གནས་མཚུངས་པ་རྣམས་ཀྱི་རིགས་དང་ན་ཚོད་དང་། རང་བཞིན་དང་བོང་ཚོད་མཚུངས་པ་ལ་སོགས་པ་ཡན་ལག་དེ་དང་དེས་འདྲ་བ་གང་ཡིན་པ་དེ་ནི་རིས་མཐུན་པ་སྟེ། སེམས་ཅན་

མཐུན་པ་ཞེས་ཀྱང་བྱའོ། །དེ་ལ་སེམས་ཅན་གང་དག་ཁམས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། ཁམས་གཅིག་ཏུ་སྐྱེས་པ་གང་དག་ཡིན་པ་རྣམས་སོ། །འགྲོ་བ་རིས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། འགྲོ་བ་གཅིག་ཏུ་སྐྱེས་པ་གང་དག་ཡིན་པ་

Vol. 130 · folio 23b

རྣམས་སོ། །སྐྱེ་གནས་མཐུན་པ་ཉིད་ཀྱིས་མཚུངས་པ་ཡང་ཡོད་དེ། སྐྱེ་གནས་གཅིག་ཏུ་མངོན་པར་འགྲུབ་པ་གང་དག་ཡིན་པ་རྣམས་སོ། །རིགས་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། རིགས་གཅིག་ཁོ་ན་ལ་བརྟེན་པ་གང་དག་ཡིན་པ་རྣམས་སོ། །

གང་དག་ཁ་དོག་དང་། ཆུ་ཞེང་དང་། སྒྲ་བརྗོད་པ་དང་། འཚོ་བ་མཐུན་པ་ཉིད་ཀྱིས་མཐུན་པ་དག་ཀྱང་ཡོད་དོ། །སེམས་ཅན་གང་དག་ཡོན་ཏན་དང་སྐྱོན་མཐུན་པ་ཉིད་ཀྱིས་མཐུན་པ་ཡང་ཡོད་དེ། འདི་ལྟ་སྟེ་སྲོག་གཅོད་པ་རྣམས་སྲོག་གཅོད་པ་དག་དང་མཐུན་པ་ནས་རྒྱས་

པར་ལོག་པར་ལྟ་བ་རྣམས་ལོག་པར་ལྟ་བ་དག་དང་མཐུན་པའི་བར་དང་། སྲོག་གཅོད་པ་སྤངས་པ་རྣམས་སྲོག་གཅོད་པ་སྤངས་པ་དག་དང་མཐུན་པ་ནས། རྒྱས་པར་ཡང་དག་པར་ལྟ་བ་རྣམས་ཡང་དག་པར་ལྟ་བ་དག་དང་མཐུན་པའི་བར་དང་། རྒྱུན་དུ་ཞུགས་པ་ནས་དགྲ་

བཅོམ་པ་དང་རང་སངས་རྒྱས་ཀྱི་བར་དག་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་དག་དང་མཐུན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའ་དག་དང་མཐུན་པ་དང་། དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པ་དག་དང་མཐུན་པའོ། །དེ་ལ་སོ་སོའི་སྐྱེ་

བོ་ཉིད་གང་ཞེ་ན། ཁམས་གསུམ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བའི་ཆོས་ཀྱི་ས་བོན་རྣམས་ཡང་དག་པར་མ་བཅོམ་པ་ཙམ་གང་ཡིན་པ་དེ་ནི་སོ་སོའི་སྐྱེ་བོ་ཉིད་ཅེས་བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་

རིགས་ཀྱིས་བསྡུས་པ་དང་། ཉན་ཐོས་ཀྱི་རིགས་ཀྱིས་བསྡུས་པ་དང་། རང་སངས་རྒྱས་ཀྱི་རིགས་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་རིགས་དང་ལྡན་པའོ། །དེ་ལ་ཚོགས་པ་གང་ཞེ་ན། ཆོས་དེ་དང་དེ་དག་སྐྱེད་པའི་ཕྱིར་གང་དག་རྒྱུར་གྱུར་པ་དང་། གང་དག་རྐྱེན་དུ་གྱུར་པ་

དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཚོགས་པ་ཞེས་བྱ་སྟེ། དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུ་ཞེས་ཀྱང་བྱའོ། །དེ་ཡང་རབ་ཏུ་དབྱེ་བ་ན། ཚོར་བ་རྣམས་མྱོང་བའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་སྐྱེ་མཆེད་དྲུག་གི་རྐྱེན་དང་། གཟུགས་ལ་སོགས་པའི་རྐྱེན་དང་།

Vol. 130 · folio 24a

ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་གྱིས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བའོ། །ཡང་སྲིད་པ་མངོན་པར་འགྲུབ་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་

རྐྱེན་གྱིས་ལེན་པ་ནས་རྒྱས་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དག་གོ། །སྐྱེ་མཆེད་དྲུག་གནས་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཟས་བཞི་དང་སྲོག་གི་དབང་པོའོ། །བཟོའི་གནས་རྣམས་འགྲུབ་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ། བཟོ་ཤེས་པ་དང་།

དེ་དང་ལྡན་པའི་ལས་ཀྱི་ཡོ་བྱད་དང་སྐྱེས་བུའི་རྩལ་ལོ། །རྣམ་པར་དག་པའི་ཚོགས་པ་ཡང་ཡོད་དེ། འདི་ལྟ་སྟེ། བདག་དང་གཞན་གྱི་འབྱོར་བ་ལ་སོགས་པ་ཁོམ་པ་བཅུ་གཉིས་འདུས་པའོ། །བརྡར་བཏགས་པའི་ཚོགས་པ་གཞན་པ་ཡང་ཡོད་དེ། འདི་ལྟ་སྟེ།

སེམས་ཅན་རྣམས་ཀྱི་བློ་གཅིག་པའི་དབང་དུ་བྱས་ནས་མི་མཐུན་པ་མེད་པ་དང་། མི་འཐབ་པ་དང་། མི་རྩོད་པ་དང་། མི་འཕྲོད་པ་མེད་པ་པའོ། །དེ་ལ་མིང་གི་ཚོགས་རྣམས་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་དུ་འདོགས་པ་དང་། རང་གི་མཚན་ཉིད་དུ་འདོགས་པ་ལས་བརྩམས་

ཏེ། རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཡོངས་སུ་བརྟག་པ་ཉེ་བར་བཟུང་ནས་མིང་ཙམ་དུ་རྣམ་པར་འཇོག་པ་གང་ཡིན་པ་དེ་དག་ནི་མིང་གི་ཚོགས་རྣམས་ཞེས་བྱའོ། །ཚིག་གི་ཚོགས་རྣམས་གང་ཞེ་ན། རང་གི་མཚན་ཉིད་དུ་བཏགས་པའི་ཆོས་དེ་དག་ཉིད་ཀྱིས་བྱེ་བྲག་ཏུ་འདོགས་

པ་ལས་བརྩམས་ཏེ། ཡོན་ཏན་དང་སྐྱོན་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྤྲོས་པ་རྣམ་པར་འཇོག་པ་ནི་ཚིག་གི་ཚོགས་རྣམས་ཞེས་བྱའོ། །ཡི་གེའི་ཚོགས་རྣམས་གང་ཞེ་ན། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་བརྟེན་གྱི་དངོས་པོར་ཡི་གེའི་འབྲུའི་

ཚོགས་རྣམས་ནི་ཡི་གེའི་ཚོགས་རྣམས་ཞེས་བྱ་སྟེ། ཤེས་བྱ་བརྗོད་པར་བྱ་བའི་དངོས་པོ་ལ། ཐམས་ཅད་ལས་བསྡུས་པ་ནི་ཡི་གེའོ། །འབྲིང་ནི་མིང་ངོ་། །རྒྱས་པ་ནི་ཚིག་གོ། །ཡི་གེ་ཙམ་ལ་བརྟེན་ནས་ནི་སྒྲ་ཙམ་སོ་སོར་རིག་པར་འགྱུར་གྱི་དོན་ནི་འགའ་ཡང་སོ་སོར་རིག་པར་མི་འགྱུར་རོ། །

Vol. 130 · folio 24b

མིང་ལ་བརྟེན་པས་ནི་ཆོས་དེ་དང་དེ་དག་གི་ངོ་བོ་ཉིད་སོ་སོར་རིག་པ་དང་སྒྲ་ཡང་སོ་སོར་རིག་པར་འགྱུར་གྱི། ཆོས་མང་པོ་རབ་ཏུ་རྣམ་པར་འབྱེད་པ་སོ་སོར་རིག་པར་ནི་མི་འགྱུར་རོ། །ཚིག་གི་ཚོགས་ལ་བརྟེན་པས་ནི་ཐམས་ཅད་སོ་སོར་རིག་པར་བྱའོ། །མིང་གི་ཚོགས་དང་། ཚིག་

གི་ཚོགས་དང་། ཡི་གེའི་ཚོགས་དེ་དག་ཀྱང་རིག་པའི་གནས་ལྔ་པོ་ནང་གི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། གསོ་བའི་རིག་པ་དང་། འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་དག་ལས་བརྩམས་ཏེ་ཡོངས་སུ་བརྟགས་པ་ཡིན་པར་

རིག་པར་བྱའོ། །དེ་ལ་འཇུག་པ་གང་ཞེ་ན། འདུ་བྱེད་རྣམས་ཀྱི་རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་པ་ནི་འཇུག་པ་ཞེས་བྱའོ། །འཇུག་པ་དེ་ཡང་ས་བོན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་ས་བོན་དང་བཅས་པའི་ཆོས་མངོན་དུ་མ་གྱུར་པ་རྣམས་ཀྱིའོ། །དབང་གི་སྟོབས་ཀྱིས་

འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ། ས་བོན་ཉམས་པར་བྱས་པ་ཀུན་དུ་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ། །ས་བོན་དང་འབྲས་བུའི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་ས་བོན་དང་བཅས་པ་དང་ས་བོན་ཉམས་པར་མ་བྱས་པ་ཀུན་དུ་སྤྱོད་པ་དང་ལྡན་པ་རྣམས་ཀྱིའོ། །མིང་

གི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་པོ་རྣམས་ཀྱིའོ། །གཟུགས་ཀྱི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་ཅན་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཀྱིའོ། །

འདོད་པའི་ཁམས་ཀྱི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདོད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ཀྱིའོ། །གཟུགས་ཀྱི་ཁམས་ཀྱི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་གཟུགས་ན་ཡོད་པའི་འདུ་བྱེད་རྣམས་ཀྱིའོ། །གཟུགས་མེད་པའི་ཁམས་ཀྱི་རྒྱུན་གྱི་འཇུག་པ་

ཡང་ཡོད་དེ། འདི་ལྟ་སྟེ་གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ཀྱིའོ། །བདེ་བའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་བདེ་བའི་ཚོར་བ་རྟེན་དང་བཅས་པ་རྣམས་ཀྱིའོ། །སྡུག་བསྔལ་བ་དང་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་རྒྱུན་གྱི་འཇུག་པ་

Vol. 130 · folio 25a

ཡང་དེ་དང་འདྲ་བར་རིག་པར་བྱའོ། །དགེ་བའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་དགེ་བ་རྣམས་ཀྱིའོ། །མི་དགེ་བའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་མི་དགེ་བ་རྣམས་ཀྱིའོ། །ལུང་དུ་མ་བསྟན་པའི་རྒྱུན་གྱི་

འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་ལུང་དུ་མ་བསྟན་པ་རྣམས་ཀྱིའོ། །མཐུན་པའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བའིའོ། །མི་མཐུན་པའི་རྒྱུན་གྱི་འཇུག་པ་ཡང་ཡོད་དེ། འདི་ལྟ་སྟེ། རྟེན་ཅིང་

འབྲེལ་པར་འབྱུང་བ་ལུགས་སུ་མི་འབྱུང་བའིའོ། །དེ་ལ་སོ་སོར་ངེས་པ་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཐོག་མ་མེད་པ་དང་ལྡན་པའི་དུས་ནས་བཟུང་སྟེ། ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་སྣ་ཚོགས་མ་འདྲེས་པ་ཉིད་ཀྱི་

ཆོས་ཉིད་སོ་སོར་ངེས་པའོ། །དེ་ལ་འཇུག་པ་དང་ལྡོག་པ་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བའིའོ། །ཆོས་ཐམས་ཅད་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ། སྐྱེ་མཆེད་

བཅུ་གཉིས་པོ་རྣམས་ཀྱི་དེ་ལས་གང་ན་ཡང་མེད་དེ་ལས་ལྷག་པ་ཡང་མེད་པའོ། །ཚོར་བ་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་ཚོར་བ་གསུམ་པོ་དག་གི་དེ་དག་ལས་གོང་ན་ཡང་མེད་ལ་དེ་ལས་ལྷག་པ་ཡང་མེད་པའོ། །གནས་པ་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་

ལུས་ཐམས་ཅད་ཚེ་ཇི་སྲིད་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམས་བསྐལ་པ་ཆེན་པོར་གནས་པའོ། །བོང་ཚོད་སོ་སོར་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ་སེམས་ཅན་སྐྱེ་བའི་གནས་གཟུགས་ཅན་དེ་དང་དེ་དག་ཏུ་སྐྱེས་པ་རྣམས་ཀྱི་ལུས་ཀྱི་བོང་ཚོད་དང་། ཕྱི་རོལ་གྱི་གླིང་བཞི་

བ་རྣམས་ཀྱི་ཚད་སོ་སོར་ངེས་པའོ། །དེ་ལ་སྦྱོར་བ་གང་ཞེ་ན། ཆོས་དེ་དང་དེ་དག་གི་ཀུན་དུ་ཐ་སྙད་གདགས་པ་དང་། རྣམ་པར་གཞག་པ་དང་། སོ་སོར་རྟོགས་པར་བྱ་བའི་ཐབས་གང་ཡིན་པ་དེ་ནི་སྦྱོར་བ་ཞེས་བྱའོ། །རབ་ཏུ་དབྱེ་ན་རིགས་པ་བཞི་པོ་འདི་ལྟ་སྟེ། ལྟོས་

Vol. 130 · folio 25b

པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་དག་ནི་སྦྱོར་བ་ཞེས་བྱ་སྟེ། རིགས་པ་དེ་དག་གི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་མགྱོགས་པ་

གང་ཞེ་ན། འདུ་བྱེད་རྣམས་ཀྱི་འབྱུང་བ་དང་། འཇིག་པའི་ཚུལ་གྱིས་མྱུར་དུ་འགྲོ་ཞིང་རྒྱུ་བ་ཉིད་ནི་མགྱོགས་པ་ཞེས་བྱའོ། །དེ་ལ་འདུ་བྱེད་རྣམས་ཀྱི་འཇུག་པའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་འདུ་བྱེད་རྣམས་ཀྱི་མྱུར་དུ་སྐྱེ་བ་དང་འགག་པའོ། །སེམས་ཅན་

ས་ལ་གནས་པ་རྣམས་ཀྱི་རྟུལ་བའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པའིའོ། །སེམས་ཅན་བར་སྣང་ལ་གནས་པ་རྣམས་ཀྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་བྱ་རྣམས་དང་། བར་སྣང་ལ་གནས་པའི་ལྷ་དང་གནོད་སྦྱིན་ལ་སོགས་

པའིའོ། །སྒྲ་སྐད་ཀྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་སྒྲ་འབྱུང་བའིའོ། །ཆུའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་ཆུ་ཀླུང་གི་རྒྱུན་ལ་སོགས་པའི་འབབ་པ་ཉིད་དོ། །མེའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་བསྲེག་བྱའི་མེའི་འགྲོ་བ་ཉིད་དོ། །རླུང་གི་

མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་རླུང་གི་ཚོགས་ཆེན་པོའི་རྒྱུན་གྱིའོ། །ཤུགས་ཀྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་མདའ་དང་། འཁོར་ལོ་ལ་སོགས་པ་འཕངས་པའིའོ། །ཤེས་པའི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་རྣལ་འབྱོར་པའི་ཤེས་

རབ་མྱུར་བ་ཉིད་ཀྱིས་ཤེས་བྱ་རབ་ཏུ་འབྱེད་པ་ཉིད་ཀྱིའོ། །རྫུ་འཕྲུལ་གྱི་མགྱོགས་པ་ཡང་ཡོད་དེ། འདི་ལྟ་སྟེ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྫུ་འཕྲུལ་གྱིས་འགྲོ་བའི་ལུས་འགྲོ་བ་དང་། ཡིད་མགྱོགས་པའོ། །དེ་ལ་གོ་རིམས་གང་ཞེ་ན། འདུ་བྱེད་ཀྱི་རྒྱུད་སོ་སོ་བདག་

ལ་རེ་རེ་ནས་གོ་རིམས་སྔ་ཕྱིས་འཇུག་པ་གང་ཡིན་པ་དེ་ནི་གོ་རིམས་ཞེས་བྱའོ། །དེ་ལ་འཇུག་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། རྒྱས་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུའོ། །ལྡོག་པའི་

Vol. 130 · folio 26a

གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་ནས་རྒྱས་པར་སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་དུའོ། །ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ཀྱི་རྒྱུ་བ་དང་། གནས་པའི་གོ་རིམས་ཀྱང་ཡོད་དེ། འདི་

ལྟ་སྟེ། ནང་པར་སྔར་ལྡང་བ་དང་ལུས་ཀྱི་བྱི་དོར་བྱ་བ་དང་། གོས་བགོ་བ་དང་། ལས་ཀྱི་མཐའ་དག་ལ་འཇུག་པ་དང་། བརྩལ་བ་དང་། ཁྲུས་བྱ་བ་དང་། བྱུག་པ་བྱ་བ་དང་། མེ་ཏོག་ཕྲེང་བ་བཅིང་བ་དང་། ཟས་དང་སྐོམ་བསྟེན་པ་དང་། ཉལ་བ་ནི་ཁྱིམ་པ་རྣམས་ཀྱི་རྒྱུ་

བ་དང་གནས་པའི་གོ་རིམས་ཡིན་ནོ། །ཤམ་ཐབས་བགོ་བ་དང་། བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འཇུག་པ་དང་། མཐར་ཆགས་སུ་རྒྱུ་བ་དང་། བསོད་སྙོམས་བླངས་ནས་ཕྱིར་འབྱུང་བ་དང་། འདུག་སྟེ་ཟས་ཀྱི་བྱ་བ་བྱ་བ་དང་། ལག་པ་བསྙལ་ཞིང་ལྷུང་བཟེད་བཀྲུ་བ་དང་།

ནང་དུ་ཡང་དག་འཇོག་ལ་འདུག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དང་ཚུལ་བཞིན་བསམ་པར་བྱ་བ་དང་། ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་རྣམ་པར་སྦྱང་བ་དང་། མཚན་མོའི་གུང་ཐུན་ལ་ཉལ་བ་ལ་བསྟེན་པ་དང་། ཐུན་

ཐ་མ་ལ་མྱུར་བ་མྱུར་བ་ཁོ་ནར་ལྡང་བ་དང་། ཤམ་ཐབས་བགོ་བ་དང་། ལུས་ཀྱི་བྱི་དོར་བྱ་བ་དང་། དེ་བཞིན་དུ་དགེ་འདུན་ལ་རྒན་རིམས་ཀྱིས་འདུད་པའི་ལས་བྱ་བ་དང་། གནས་སུ་གནས་པ་དང་། ཚུལ་བཞིན་ནོད་པ་དང་། མལ་ཆ་དང་སྟན་དང་། གནས་དང་རྙེད་པ་

ནོད་པ་དང་། ཡོངས་སུ་བྲིམ་པ་འདི་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པ་རྣམས་ཀྱི་རྒྱུ་བ་དང་གནས་པའི་གོ་རིམས་ཡིན་ནོ། །མངོན་པར་འགྲུབ་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་བརྒྱད་པོ་དག་རིམ་གྱིས་འབྱུང་

བའོ། །མངོན་པར་རྟོགས་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་བཞི་པོ་དག་རིམ་གྱིས་མངོན་པར་རྟོགས་པའོ། །སྙོམས་པར་འཇུག་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་

Vol. 130 · folio 26b

པ་དགུ་པོ་དག་ལ་རིམ་གྱིས་སྙོམས་པར་འཇུག་གོ། །བསླབ་པའི་གོ་རིམས་ཀྱང་ཡོད་དེ། འདི་ལྟ་སྟེ་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་པའི་གོ་རིམས་ཀྱིས་ལྷག་པའི་སེམས་སྐྱེ་བ་དང་ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བའོ། །དེ་ལ་དུས་གང་ཞེ་ན།

ཉི་མ་འཆར་བ་དང་ནུབ་པའི་དབང་དུ་བྱས་ཏེ་དུས་ཡོངས་སུ་ཆད་པ་དང་། ཉེ་བར་མཚོན་པ་རྣམ་པར་གཞག་པ་དང་། འདུ་བྱེད་རྣམས་ཀྱི་འབྱུང་བ་དང་འཇིག་པའི་དབང་དུ་བྱས་ཏེ། དུས་ཡོངས་སུ་ཆད་པ་དང་ཉེ་བར་མཚོན་པའི་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། དུས་ཚིགས་དང་།

ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་མོ་དང་། མཚན་མོ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་དང་། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་དུས་ཞེས་བྱའོ། །དེ་ལ་རྣམ་གྲངས་གང་ཞེ་ན། རྫས་ཐ་དད་པ་དང་བགྲང་པའི་ཚད་ཡོངས་སུ་ཆད་པ་

དང་། ཉེ་བར་མཚོན་པ་རྣམ་པར་གཞག་པ་ནི་གྲངས་ཞེས་བྱའོ། །དེ་ཡང་གྲངས་གཅིག་དང་། གྲངས་གཉིས་དང་། དེ་ཕན་ཆད་ཀྱི་གྲངས་མང་པོ་དང་། མཐར་ཐུག་པའི་གྲངས་གྲངས་མེད་པ་སྟེ། དེ་ཕན་ཆད་བགྲང་བ་ཐམས་ཅད་ཀྱི་གྲངས་སུ་འཇུག་པར་མི་འགྱུར་བས། དེའི་ཕྱིར་

མཐར་ཐུག་པའི་གྲངས་ཞེས་བྱའོ། །དེ་ལ་ས་བོན་གང་ཞེ་ན། ས་བོན་ནི་འདུ་བྱེད་རྣམས་ལས་ལོགས་ཤིག་ན་རྫས་གཞན་མེད་དེ། འདུ་བྱེད་དེ་ལྟར་གྱུར་པ་དང་། དེ་ལྟར་བྱུང་བ་དང་། དེ་ལྟར་གནས་པ་དེ་དག་ཉིད་ལ་ས་བོན་ཞེས་བྱ་བར་ཟད་དེ། འབྲས་བུ་ཞེས་ཀྱང་བྱའོ། །

འདི་ལ་འབྲས་བུ་དང་ས་བོན་འདྲེས་པར་ཡང་མི་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་འདས་པ་དང་མ་འོངས་པ་རྣམས་ལས་བརྩམས་པ་དེ་ནི་འབྲས་བུ་ཞེས་བྱ་ལ། འདུ་བྱེད་མ་འོངས་པ་རྣམས་ལས་བརྩམས་པ་དེ་ནི་ས་བོན་ཁོ་ན་ཞེས་བྱ་སྟེ། དེ་ལྟར་ན་ས་བོན་གང་ལས་བརྩམས་

པ་འབྲས་བུ་ནི་དེ་ལས་བརྩམས་པ་མ་ཡིན་ལ། འབྲས་བུ་གང་ལས་བརྩམས་པ་ས་བོན་ཡང་དེ་ལས་བརྩམས་པ་དེ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ས་བོན་དང་འབྲས་བུ་འདྲེས་པར་མི་བལྟའོ། །འདི་ལྟ་སྟེ་དཔེར་ན་འབྲས་དང་ནས་ལ་སོགས་པའི་དངོས་པོ་རྣམས་ཀྱི་མྱུ་གུ་དང་། སྡོང་བུ་

Vol. 130 · folio 27a

དང་། འདབ་མ་ལ་སོགས་པ་ས་བོན་དེ་དག་ནི་དེ་དག་ལ་ངེས་པར་བརྟགས་ཤིང་། ངེས་པར་བརྟགས་ནས་ཀྱང་དེ་དག་ལས་ལོགས་ཤིག་ན་གནས་གཞན་མི་དམིགས་ཏེ། འབྲས་དང་ནས་ལ་སོགས་པའི་དངོས་པོ་དེ་ལྟར་གྱུར་པ་དང་། དེ་ལྟར་བྱུང་བ་དང་

དེ་ལྟར་གནས་པ་གང་དག་ཡིན་པ་དེ་དག་ལ་བརྟེན་ནས་དེ་དག་འབྱུང་བར་འགྱུར་བ་ཁོ་ན་བཞིན་དུ། དེ་ལ་ཡང་ཚུལ་དེ་བཞིན་དུ་རིག་པར་བྱའོ། །ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ས་བོན་ཉམས་པར་བྱས་པ་ནི་བཤད་ཟིན་ན། དགེ་བའི་ཆོས་ཀྱི་ས་བོན་ཉམས་པར་བྱེད་པ་གང་ཞེ་ན།

དགེ་བ་དང་མི་མཐུན་པ་ཉོན་མོངས་པ་ཅན་གྱི་ཆོས་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པས་སྟོན་པ་ནི་ཉམས་པར་བྱེད་པ་དང་པོ་ཡིན་ནོ། །ལོག་པར་ལྟ་བ་མཆོག་ཏུ་འཛིན་པ་དང་ལོག་པར་ལྟ་བ་མང་དུ་བྱེད་པ་ནི་ཉམས་པར་བྱེད་པ་གཉིས་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་གཞན་མུ་

སྟེགས་ཅན་དག་གི་ལྟ་བུའོ། །ལོག་པར་ལྟ་བས་སྐུར་པ་འདེབས་པ་མང་དུ་བྱེད་པ་ནི་ཉམས་པར་བྱེད་པ་གསུམ་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་དགེ་བའི་རྩ་བ་ཡང་དག་པར་བཅད་པ་རྣམས་ཀྱི་ལྟ་བུའོ། །ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ས་བོན་ཡང་དག་པར་བཅོམ་པ་ནི་ཉམས་པར་

བྱེད་པ་ཉེས་པ་བརྗོད་པ་བཞི་པ་ཡིན་ཏེ་སྔ་མ་བཞིན་ནོ། །ས་བོན་དེ་དག་ཐམས་ཅད་ཀྱང་གཅིག་ཏུ་བསྡུས་ན་རྣམ་པ་དགུ་ཡོད་པར་རིག་པར་བྱའོ། །འབྲས་བུ་བསྐྱེད་པ་དང་། འབྲས་བུ་མ་བསྐྱེད་པ་དང་། འབྲས་བུ་ཉེ་བར་གནས་པ་དང་། འབྲས་བུ་ཉེ་བར་མི་གནས་པ་དང་། ཆུང་ངུ་

དང་། འབྲིང་དང་། ཆེན་པོ་དང་། ཉམས་པ་དང་། ཉམས་པར་མ་བྱས་པའོ། །དེ་ལ་འབྲས་བུ་སྐྱེད་པ་གང་ཡིན་པ་དེ་ནི་འབྲས་བུ་ཉེ་བར་གནས་པ་ཡིན་ནོ། །འབྲས་བུ་ཉེ་བར་གནས་པ་གང་ཡིན་པ་དེ་ནི་འབྲས་བུ་བསྐྱེད་པ་ཡིན་ནོ། །འབྲས་བུ་མ་བསྐྱེད་པ་གང་ཡིན་པ་དེ་ནི་

འབྲས་བུ་ཉེ་བར་མི་གནས་པ་ཡིན་ནོ། །འབྲས་བུ་ཉེ་བར་མི་གནས་པ་གང་ཡིན་པ་དེ་ནི་འབྲས་བུ་མ་བསྐྱེད་པ་ཡིན་ནོ། །རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་ཆུང་ངུ་ཡིན་ནོ། །དགེ་བ་དང་མི་དགེ་བའི་ཆོས་སྒོམ་པ་མཐར་མ་ཕྱིན་པས་ཤས་ཆེར་གྱུར་པ་གང་ཡིན་པ་དེ་ནི་འབྲིང་ཡིན་

Vol. 130 · folio 27b

ནོ། །མཐར་ཕྱིན་པས་ཤས་ཆེར་གྱུར་པ་གང་ཡིན་པ་དེ་ནི་ཆེན་པོ་ཡིན་ནོ། །ཉམས་པ་དང་། ཉམས་པར་མ་བྱས་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ས་བོན་མདོར་བསྡུས་པའི་རྣམ་པར་གཞག་པ་ཡང་བརྗོད་པར་བྱ་སྟེ། ས་བོན་མདོར་བསྡུས་པའི་རྣམ་པར་གཞག་པ་གང་ཞེ་ན།

ཆོས་ཐམས་ཅད་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པ་གང་ཡིན་པ་སྟེ། བག་ཆགས་དེ་ཡང་རྫས་སུ་ཡོད་པ་དང་། ཀུན་རྫོབ་ཏུ་ཡོད་པའོ། །དེ་ལ་ཀུན་རྫོབ་ཏུ་ཡོད་པ་ནི་ཆོས་དེ་དག་ལ་གཞན་དང་གཞན་མ་ཡིན་པའི་

མཚན་ཉིད་དུ་བརྗོད་པར་མི་བྱ་བ་སྟེ། འདི་ལྟ་སྟེ་དཔེར་ན་དེ་བཞིན་ཉིད་ཡིན་ནོ། །དེ་ཡང་ཀུན་དུ་འགྲོ་བའི་གནས་ངན་ལེན་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་བག་ཆགས་དེས་ས་བོན་ཐམས་ཅད་བསྡུས་པ། དེ་ཡང་ཀུན་དུ་འགྲོ་བའི་གནས་ངན་ལེན་ཞེས་བྱ་བར་གྱུར་ན། དེ་ལྟར་

ན་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སྐྱེ་བའི་ས་བོན་གང་ཡིན། དེ་དག་སྐྱེ་བའི་ས་བོན་གྱི་དངོས་པོ་གནས་ངན་ལེན་གྱི་རང་བཞིན་ཅན་ཡིན་པར་ནི་མི་རུང་ངོ་ཞེ་ན། སྨྲས་པ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་གྱི་ས་བོན་དང་ལྡན་པར་སྐྱེ་བའི་

བག་ཆགས་བསགས་པའི་ས་བོན་དང་ལྡན་པ་ནི་མ་ཡིན་ནོ། །གལ་ཏེ་བག་ཆགས་བསགས་པའི་ས་བོན་དང་ལྡན་པར་སྐྱེ་བ་མ་ཡིན་ན། དེ་ལྟ་ན་ནི་ཅིའི་ཕྱིར་གང་ཟག་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་གྱི་རིགས་གསུམ་རྣམ་པར་གཞག་པ་དང་། གང་ཟག་ཡོངས་སུ་མྱ་

ངན་ལས་མི་འདའ་བའི་ཆོས་ཅན་གྱི་རིགས་རྣམ་པར་གཞག་པ་མཛད་དེ། འདི་ལྟར་ཐམས་ཅད་ལ་ཡང་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་ཡོད་པའི་ཕྱིར་རོ་ཞེ་ན་སྨྲས་པ། སྒྲིབ་པ་དང་། སྒྲིབ་པ་མེད་པའི་བྱེ་བྲག་གི་ཕྱིར་ཏེ། གང་དག་ལ་དེ་བཞིན་ཉིད་ལ་དམིགས་པའི་རྐྱེན་རྟོགས་པར་

བྱ་བ་ལ་གཏན་དུ་སྒྲིབ་པའི་ས་བོན་ཡོད་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་རིགས་དང་ལྡན་པར་རྣམ་པར་གཞག་ལ། གང་དག་དེ་ལྟ་མ་ཡིན་པ་དེ་དག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་གྱི་རིགས་དང་ལྡན་པར་རྣམ་པར་གཞག་གོ། །གང་དག་

Vol. 130 · folio 28a

ལ་དེ་ཤེས་བྱའི་སྒྲིབ་པའི་ས་བོན་གཏན་དུ་བ་ལུས་ལ་ཞེན་པ་ཡོད་ལ། ཉོན་མོངས་པའི་སྒྲིབ་པའི་ས་བོན་ནི་མེད་པ་དེ་དག་ལས་ཁ་ཅིག་ནི་ཉན་ཐོས་ཀྱི་རིགས་ཅན་ཡིན་ལ། ཁ་ཅིག་ནི་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པར་རྣམ་པར་གཞག་གོ། །གང་དག་ལ་

དེ་ལྟ་མ་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པའི་རིགས་ཅན་ཡིན་པར་རྣམ་པར་གཞག་སྟེ། དེའི་ཕྱིར་ཉེས་པ་མེད་དོ། །འཇིག་རྟེན་ལས་འདས་པའི་ཆོས་སྐྱེས་པ་རྣམས་ཀྱི་རྗེས་སུ་འཇུག་པ་ནི་གནས་གྱུར་པའི་སྟོབས་བསྐྱེད་པ་ལས་རིག་པར་བྱ་སྟེ། དེ་ཡང་ཀུན་གཞི་

རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་དང་། ཀུན་གཞི་མ་ཡིན་པ་དང་། ཟག་པ་མེད་པའི་དབྱིངས་དང་། སྤྲོས་པ་མེད་པ་ཞེས་བྱའོ།། །།བམ་པོ་བཞི་པ། དེ་ལ་རྣམ་པར་རིག་བྱེད་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཅན་དང་། དགེ་

བ་དང་། ལུང་དུ་མ་བསྟན་པའོ། །དེ་ལ་ལུས་དང་། ངག་དང་ཡིད་ཀྱི་ལས་ཀྱི་ལམ་མི་དགེ་བ་བཅུ་པོ་མ་སྤངས་པ་ཀུན་ཏུ་སྤྱོད་པའི་དབང་དུ་བྱས་ཏེ། ལུས་ཀྱི་ལས་དང་། ངག་གི་ལས་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་ཅན་གྱི་རྣམ་པར་རིག་བྱེད་ཅེས་བྱའོ། །དེ་

དག་ཉིད་ཡོངས་སུ་སྤོང་བ་ཡང་དག་པར་ལེན་པར་བྱེད་པའི་ལུས་ཀྱི་ལས་དང་ངག་གི་ལས་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི་དགེ་བའི་རྣམ་པར་རིག་བྱེད་ཅེས་བྱའོ། །སྤྱོད་ལམ་ལས་བྱུང་བའམ། བཟོའི་གནས་ལས་བྱུང་བ་དེ་ཁ་ཅིག་གི་ལུས་ཀྱི་ལས་དང་ངག་གི་ལས་

རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ཅེས་བྱའོ། །གཞན་ལ་རྣམ་པར་རིག་པར་མི་བྱེད་ཅིང་རང་སེམས་སྐྱེད་པར་བྱེད་ལ། ནང་གི་ཡིད་ཀྱི་རྣམ་པར་རྟོག་པས་དགེ་བ་དང་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་ཆོས་ཀུན་དུ་

སྤྱོད་པ་ལས་བརྩམས་ཏེ། ཚིག་ཀྱང་མི་སྨྲ་བ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་རིག་བྱེད་ཅེས་བྱའོ། །དེ་ལ་ལུས་ཡུལ་ནས་ཡུལ་གཞན་དུ་འབྱུང་བ་ཙམ་དང་། དེ་ཉིད་ན་འགྱུར་བ་འབྱུང་བ་ཙམ་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ། །ངག་ཙམ་ནི་ངག་གི་རྣམ་པར་རིག་བྱེད་དོ། །

Vol. 130 · folio 28b

དེ་བཞིན་དུ་སེམས་མངོན་པར་འདུ་བྱེད་པ་སྐྱེས་པའི་སེམས་པ་ཙམ་ནི་ཡིད་ཀྱི་རྣམ་པར་རིག་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཐམས་ཅད་ནི་སྐད་ཅིག་པ་ཡིན་པའི་ཕྱིར་ཡུལ་ནས་ཡུལ་གཞན་དུ་འཕོ་བར་མི་རིགས་པས། འདུ་བྱེད་འབྱུང་བ་ཙམ་མ་གཏོགས་པར་བྱ་བ་གཞན་ནི་

མིག་དང་རྣ་བ་དང་། ཡིད་ཀྱིས་ཀྱང་མི་དམིགས་པའི་ཕྱིར་ཏེ། དེ་ལྟ་བས་ན་རྣམ་པར་རིག་བྱེད་ཀྱང་བརྟགས་པའི་ཡོད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྡོམ་པ་མ་ཡིན་པའི་རིགས་སུ་སྐྱེས་ཟིན་པ་གང་ལ་ལ་འཚོ་བ་འདིས་འཚོ་བར་བྱའོ་ཞེས་རང་གི་སེམས་མངོན་པར་འདུ་

བྱེད་ཅིང་། དེ་འཚོ་བ་དེ་ལ་འདོད་པ་བཟོད་པར་བྱེད་པ་ནི་དེའི་ཚེ་ན་མ་བསྡམས་པ་ཡིན་པར་བརྗོད་པར་བྱའོ། །སྡོམ་པ་མ་ཡིན་པར་གཏོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རབ་ཏུ་དམ་པོས་བཅོམ་པས་སེམས་བསྡུས་པའི་ཕྱིར་ཇི་སྲིད་དུ། སྲོག་གཅོད་པ་ལས་བྱུང་བའམ་

དེ་ལས་གཞན་པའི་མི་དགེ་བའི་ལས་ཀྱི་ལམ་ལས་བྱུང་བ་སྤྱོད་པ་དེ་སྲིད་དུ་ཡང་མི་དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །གང་ལས་དང་གང་དང་ཇི་ཙམ་དུ་སྤྱོད་པར་བྱེད་པ་ནི་དེས་ན་དེ་ཙམ་དུ་ཤས་ཆེར་མི་དགེ་བ་དང་ལྡན་པ་ཡིན་ནོ། །སྡོམ་པ་མ་ཡིན་པའི་རིགས་སུ་སྐྱེས་པ་

ཇི་ལྟ་བ་བཞིན་དུ་གང་སུ་ཡང་རུང་བ་གང་དང་གང་ནས་འོངས་ཀྱང་རུང་སྟེ། སེམས་སྐྱེད་པར་བྱེད་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །དེ་ནི་ཇི་སྲིད་དུ་སྡོམ་པ་མ་ཡིན་པའི་སེམས་པ་སྤོང་བར་མི་བྱེད་པ་དེ་སྲིད་དུ་མ་བསྡམས་པར་བརྗོད་པར་བྱ་སྟེ། དེ་ནི་ཉིན་གཅིག་

བཞིན་དུ་སེམས་པ་དེ་མང་དུ་སོགས་པ་དང་། ལས་དེ་ཀུན་དུ་སྤྱོད་པས་བསོད་ནམས་མ་ཡིན་པ་མངོན་པར་འཕེལ་བར་རིག་པར་བྱའོ། །དེའི་ལོག་པར་སྨོན་པའི་སེམས་པ་མ་དད་པ་དང་། ལེ་ལོ་དང་བརྗོད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་པ་དང་

ལྡན་པ་ལས་དེ་ཡང་དག་པར་ལེན་པར་བྱེད་པ། ལས་དེ་ཀུན་ནས་སློང་བར་བྱེད་པ་དེ་ཡང་ཇི་སྲིད་དུ་གཏོང་བའི་རྒྱུ་དག་གིས་སྤོང་བར་མི་བྱ་སྟེ། ཡོངས་སུ་གཏོང་བར་མི་བྱེད་ཀྱི་བར་དུ་དེ་ཕྱིན་ཆད་ཀྱང་ས་བོན་དང་ཀུན་དུ་སྤྱོད་པ་ལས་རྒྱུད་དུ་གཏོགས་པས་འབྱུང་བ་ནི་སྡོམ་པ་མ་

Vol. 130 · folio 29a

ཡིན་པ་ཞེས་བྱའོ། །དེ་ལ་སྡིག་པའི་ལས་དེའི་འབྲས་བུ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ལ་ཡིད་མི་ཆེས་ཤིང་། མོས་པར་མི་བྱེད་ལ་རྗེས་སུ་མི་འཇུག་པ་གང་ཡིན་པ་དེ་ནི་དེའི་མ་དད་པ་ཡིན་ནོ། །དེ་ལ་མངོན་པར་དགའ་ཞིང་ཅི་འདོད་པ་བཞིན་དུ་འཇུག་པ་དེ་

འདུལ་བ་ལ་མི་སྤྲོ་བ་གང་ཡིན་པ་དེ་ནི་དེའི་ལེ་ལོ་ཡིན་ནོ། །ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་ཉེས་པ་དང་ལྡན་པ་ལ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་མི་བརྗོད་པ་གང་ཡིན་པ་དེ་ནི་དེའི་བརྗེད་ངས་པ་ཡིན་ནོ། །སེམས་ཀྱི་རྒྱུད་རྣམ་པར་འཁྲུགས་

པ་དང་། ཉོན་མོངས་པ་ཅན་དང་། མི་བརྟན་པར་འཇུག་པ་གང་ཡིན་པ་དེ་ནི་དེའི་རྣམ་པར་གཡེང་བ་ཡིན་ནོ། །སྐྱོན་ལ་ཡོན་ཏན་དུ་ལྟ་བའི་སེམས་ཀྱི་རྒྱུད་ཕྱིན་ཅི་ལོག་ཏུ་འཇུག་པ་གང་ཡིན་པ་དེ་ནི་དེའི་ཤེས་རབ་འཆལ་པ་ཡིན་ནོ། །ཚུལ་ཁྲིམས་སྡིག་པ་ཅན་གྱི་དབང་དུ་བྱས་

ཏེ། མ་དད་པ་ལ་སོགས་པ་མི་དགེ་བ་དེ་དག་དང་ལྡན་པའི་སེམས་པ་མི་དགེ་བ་འབྱུང་བ་ནི་དེའི་ཚུལ་ཁྲིམས་འཆལ་པ་ཞེས་བྱའོ། །དེ་ལས་བཟློག་པ་ནི་སྡོམ་པའི་རྗེས་སུ་འཇུག་པ་ཡིན་པར་ཅི་རིགས་པར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། སྡོམ་པ་ཡང་དག་

པར་བླང་བར་འོས་པ་གང་ལ་སྡོམ་པ་ཡང་དག་པར་ལེན་པ་དེ་ལ། དེ་དག་ལས་ལ་ལ་ནི་གཞན་ལས་སམ་རང་ཡང་ལེན་པར་བྱེད་དོ། །དེ་དག་ལས་ལ་ལ་ནི་རང་ཁོ་ན་ལས་ལེན་པར་བྱེད་དེ་དགེ་སློང་གི་སྡོམ་པ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་གི་སྡོམ་པ་

ནི་ཐམས་ཅད་ཀྱིས་ཡང་དག་པར་བླང་བར་འོས་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་གལ་ཏེ་དགེ་སློང་གི་སྡོམ་པ་གཞན་ལས་ངེས་པར་བླང་བ་མ་ཡིན་པར་གྱུར་ན། དེ་ལ་གང་དག་རབ་ཏུ་འབྱུང་བར་འོས་པ་དང་། གང་དག་རབ་ཏུ་འབྱུང་བར་འོས་པ་མ་ཡིན་པ་རང་ལ་རག་ལུས་པའི་རབ་

ཏུ་འབྱུང་བས་རབ་ཏུ་བྱུང་བ་དེ་དག་ཐམས་ཅད་ཀྱིས་བསྟན་པ་བརྟན་པར་མི་འགྱུར་ཞིང་། ལེགས་པར་གསུངས་པའི་ཆོས་འདུལ་བ་ཉིད་ཀྱང་མེད་པར་འགྱུར་བས། དེའི་ཕྱིར་དགེ་སློང་གི་སྡོམ་པ་ནི་རང་ལ་རག་ལུས་པ་ཁོ་ན་མ་ཡིན་ནོ། །གལ་ཏེ་དགེ་སློང་གི་སྡོམ་པ་མ་

Vol. 130 · folio 29b

གཏོགས་པའི་སྡོམ་པ་རང་གིས་ཡང་དག་པར་བླང་བ་ཡོད་ན། ཅིའི་ཕྱིར་གཞན་ལས་ཡང་དག་པར་ལེན་པར་བྱེད་ཅེ་ན། གཉིས་པ་འདི་དག་ནི་ཚུལ་ཁྲིམས་འཆལ་བ་སྤོང་བ་ཡང་དག་པར་བླངས་བ་རྗེས་སུ་བསྲུང་པའི་ཡན་ལག་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །དེ་ལ་ཁ་

ན་མ་ཐོ་བ་ཀུན་དུ་སྤྱོད་པ་ན་གཞན་ལ་བརྟེན་པ་དང་། བདག་ཉིད་ལ་བརྟེན་ཏེ། འཛེམ་པ་ཉེ་བར་གནས་པར་འགྱུར་བས། དེ་ལྟར་ན་ཚུལ་ཁྲིམས་འཆལ་པ་སྤོང་བ་ཡང་དག་པར་བླང་བ་རྗེས་སུ་སྲུང་བའི་ཡན་ལག་ཡོངས་སུ་རྫོགས་པས་ཡང་དག་པར་བླང་བ་བྱས་པར་འགྱུར་བས།

དེའི་ཕྱིར་གཞན་ལས་ཡང་དག་པར་ལེན་པར་བྱེད་དོ། །གང་ལ་ངོ་ཚ་ཤེས་པ་ཉེ་བར་གནས་པ་དེ་ལ་ནི་ཁྲེལ་ཡོད་པ་ཡང་ཉེ་བར་གནས་ལ། གང་ལ་ཁྲེལ་ཡོད་པ་ཉེ་བར་གནས་པ་དེ་ལ་ནི་ངོ་ཚ་ཤེས་པ་དེ་ཡང་གདོན་མི་ཟ་བར་ཉེ་བར་གནས་པ་མ་ཡིན་ཏེ། དེ་ལྟ་བས་ན་འདིར་ངོ་ཚ་

ཤེས་པའི་ཆོས་འབའ་ཞིག་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །རང་གིས་ཡང་དག་པར་བླངས་ཤིང་དེ་ཁོ་ན་བཞིན་དུ་སྲུང་བར་བྱེད་པ་གང་ཡིན་པ་དེ་ལ་ཡང་བསོད་ནམས་མཚུངས་ཤིང་ཁྱད་པར་མེད་པ་སྐྱེ་བར་རིག་པར་བྱའོ། །དེ་ལ་སེམས་བསྐྱེད་ནས་དྲུང་དུ་འགྲོ་ཞིང་གསོལ་བ་

འདེབས་ལ་གུས་པས་སྨྲ་བ་ལ་སོགས་པའི་ལས་ལ་བརྩོན་ཞིང་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་མདུན་དུ་འདུག་པ་དང་། ཚིག་གིས་མངོན་པར་འདུས་བྱས་པའི་དོན་དེ་ཉིད་རྗོད་པར་བྱེད་པ་དེ་ནི་དེའི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་ཅེས་བྱའོ། །ཡིད་

ཀྱི་རྣམ་པར་རིག་བྱེད་ནི་དེ་གཉིས་ཀའི་སྔོན་དུ་འགྲོ་བ་ཡིན་ནོ། །རང་གིས་ཡང་དག་པར་ལེན་པ་ལ་ནི་ཡིད་ཀྱི་རྣམ་པར་རིག་བྱེད་འབའ་ཞིག་ཁོ་ན་འབྱུང་ངོ་། །དེ་ལ་སྡོམ་པ་མ་ཡིན་པ་ལས་བཟློག་པ་སྤོང་པའི་སེམས་པ་སྤོང་བ་དེ་དབང་བྱེད་པའི་དབང་པོ་ལྔ་དང་ལྡན་པ་གང་ཡིན་པ་དེ་ནི་སྡོམ་

པ་ཞེས་བྱའོ། །སྡོམ་པ་ཡང་དག་པར་བླང་བ་དེ་ཡང་རྣམ་པ་བརྒྱར་གཏོགས་པར་རིག་པར་བྱ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བ་ལ་བརྟེན་ཏེ། སྲོག་གཅོད་པའི་ཕྱོགས་གཅིག་སྤོང་བ་ནས་ལོག་པར་ལྟ་བའི་བར་གྱི་ཕྱོགས་གཅིག་སྤོང་བ་འདི་དག་ནི་རྣམ་པ་བཅུའོ། །

Vol. 130 · folio 30a

སྲོག་གཅོད་པ་ཕལ་ཆེར་སྤོང་བ་ནས་ལོག་པར་ལྟ་བའི་བར་ཕལ་ཆེར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །སྲོག་གཅོད་པ་ཐམས་ཅད་སྤོང་བ་ལས་ལོག་པར་ལྟ་བའི་བར་ཐམས་ཅད་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །དུས་ཡུན་ཐུང་ངུ་ཉིན་མཚན་

ནམ་ཟླ་བ་ཕྱེད་དམ། ཟླ་བའམ་ལོར་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །དུས་ཡུན་རིང་པོ་ལོ་ཕན་ཆད་ནས་ཇི་སྲིད་འཚོའི་བར་དུ་ནི་མ་ཡིན་པར་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་

བཅུའོ། །ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །བདག་ཉིད་སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །གཞན་དག་དེ་དག་ཉིད་ཡང་དག་པར་ལེན་

དུ་འཇུག་པ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །དེ་དག་གི་བསྔགས་པ་རྣམ་གྲངས་དུ་མར་རྗོད་པར་བྱེད་པ་འདི་དག་ཀྱང་གཞན་རྣམ་པ་བཅུའོ། །སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བའི་བར་སྤོང་བ་མཐོང་ན་ཡིད་བདེ་བར་འཛིན་ཅིང་དགའ་བ་དང་ཡིད་བདེ་བ་སྐྱེ་བ་འདི་དག་ཀྱང་

གཞན་རྣམ་པ་བཅུའོ། །བཅུ་པ་རྣམ་པ་བཅུ་པོ་དེ་དག་གཅིག་ཏུ་བསྡུས་ནས་རྣམ་པ་བརྒྱར་འགྱུར་ཏེ། བསོད་ནམས་སྐྱེ་བ་ཡང་དེ་ཙམ་ཁོ་ནར་རིག་པར་བྱའོ། །སྡོམ་པ་དེ་ཡང་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ་ཀུན་ནས་སློང་བའི་སྡོམ་པ་དང་། ཡོངས་སུ་འཛིན་པའི་སྡོམ་པ་དང་།

ཀུན་དུ་བསྲུང་པའི་སྡོམ་པ་དང་། ཕྱིར་ལེན་པའི་སྡོམ་པ་དང་། སྡོམ་པ་ཆུང་ངུ་དང་། སྡོམ་པ་འབྲིང་དང་། སྡོམ་པ་ཆེན་པོ་དང་། ཡོངས་སུ་དག་པའི་སྡོམ་པའོ། །དེ་ལ་ཡང་དག་པར་ལེན་པའི་སྔ་རོལ་ཁོ་ནར་སྤོང་བ་ཡང་དག་པར་བླང་ངོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་གང་

ཡིན་པ་དེ་ནི་དེའི་ཀུན་ནས་སློང་པའི་སྡོམ་པ་ཡིན་ནོ། །གང་གི་ཚེ་སྤོང་བ་ཡང་དག་པར་ལེན་ཅིང་ཡོངས་སུ་འཛིན་པར་བྱེད་པ་དེ་ནི་དེའི་ཡོངས་སུ་འཛིན་པའི་སྡོམ་པ་ཡིན་ནོ། །དེ་དེ་ཕྱིན་ཆད་སྤོང་བའི་སེམས་པ་དབང་པོ་ལྔས་ཡོངས་སུ་ཟིན་པའི་དབང་དུ་བྱས་ཏེ། རྟག་ཏུ་དེའི་ས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words