No title in the text — opening words: རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 131 · folio 30b
དང་བཅས་པའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་ཉོན་མོངས་པའི་བག་ལ་ཉལ་དང་མི་ལྡན་པ་དང་། ཡོན་ཏན་དེ་དག་ལ་གཞན་གྱིས་རྟོགས་པར་གྱུར་ན་མི་རུང་ངོ་སྙམ་དུ་སེམས་ཤིན་ཏུ་ཀུན་ཏུ་འཛིན་པའི་སེམས་མི་མངའ་བའི་ཕྱིར་རོ། །ཇི་ལྟར་མི་གཡོ་བས་
ཤེ་ན། དེ་བཞིན་གཤེགས་པའི་ཡོན་ཏན་མི་ཟད་པ་རྣམས་ནི་མུ་སྟེགས་ཅན་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། བདུད་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། ཆོམ་རྐུན་པ་དག་གིས་མི་འཕྲོགས་པའི་ཕྱིར་དང་། ཉེ་དུ་རྣམས་ཀྱིས་མི་བསྐྱོད་པའི་ཕྱིར་དང་། རྒྱལ་པོ་རྣམས་
ཀྱིས་མི་བསྐྱོད་པའི་ཕྱིར་དང་། འབྱུང་བ་ཆེན་པོ་ས་དང་། ཆུ་དང་། མེ་དང་། རླུང་གིས་མི་བསྐྱོད་པའི་ཕྱིར་དང་། ཚེ་ཟད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་དེ་དག་མི་ཟད་པ་སྟེ། དེས་ན་དེ་དག་མི་གཡོ་བའོ། །ཇི་ལྟར་མི་མཉམ་པས་
ཤེ་ན། མཐུ་རྒྱ་ཆེན་པོ་ཕུལ་དུ་ཕྱིན་པ་སྣ་ཚོགས་དག་གིས་སེམས་ཅན་དག་པ་དང་མ་དག་པ་རྣམས་དང་མི་མཉམ་པའི་ཕྱིར་ཏེ། དེས་ན་དེ་དག་མི་མཉམ་པ་ཡིན་ནོ། །ཇི་ལྟར་སེམས་ཅན་གྱི་དོན་གྱི་ལས་ཅན་གྱིས་ཤེ་ན། ཁ་ན་མ་ཐོ་བ་མེད་པའི་བདེ་བ་རྒྱ་ཆེན་པོ་བརྙེས་པ་སྤངས་
ནས། གཞན་གྱི་དོན་ལ་སྦྱོར་བ་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཏེ། དེས་ན་དེ་དག་སེམས་ཅན་གྱི་དོན་གྱི་ལས་ཅན་ཡིན་ནོ། །ཇི་ལྟར་མཐུས་ཤེ་ན། སེམས་ཅན་གྱི་དོན་བྱ་བའི་སྨོན་ལམ་ཡང་དག་པར་གྲུབ་པའི་ཕྱིར་དང་། དེའི་ཐབས་ཤེས་པས་ཡོངས་སུ་བསྐོར་བའི་
ཕྱིར་དང་། དེ་དང་འབྲེལ་པ་ལ་ཡང་དག་པར་གཏོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ནི་སྐྱབས་ཀྱི་འོས་ཡིན་ལ། ལྷ་རྣམས་སྐྱབས་ཀྱི་འོས་མ་ཡིན་པ་ནི་རྒྱུ་ལྔས་རིག་པར་བྱ་བ་སྟེ། ལྔ་གང་ཞེ་ན། རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་
བུས་སོ། །དེ་ལ་ཇི་ལྟར་རྟགས་ལས་ཤེ་ན། ལྷ་རྣམས་ནི་བལྟར་མི་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་མེད་པ་དང་། དྲག་པོ་ཆ་བྱད་ཅན་ཡིན་པའི་ཕྱིར་འཇིགས་པ་དང་བཅས་པ་དང་། བག་མེད་པ་ལ་བརྟེན་པའི་ཕྱིར་སྲེད་པ་དང་བཅས་པ་དང་། གཞན་གྱི་དོན་ལ་མི་བལྟ་བའི་ཕྱིར་
Vol. 131 · folio 31a
སྙིང་རྗེ་མེད་པ་དང་། བྱས་པ་དང་མ་བྱས་པ་མི་ཤེས་པའི་ཕྱིར་དང་། དེ་ཁོ་ནའི་དོན་མ་རྟོགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཇི་ལྟར་རྟགས་ལས་སྐྱབས་ཀྱི་འོས་ཡིན་པར་རིག་པར་བྱ་ཞེ་ན། བལྟར་སྣང་བའི་ཕྱིར་ཀུན་ཏུ་ཐ་སྙད་བྱར་ཡོད་པ་དང་། རབ་ཏུ་
ཞི་བའི་ཆ་བྱད་མངའ་བའི་ཕྱིར་འཇིགས་པ་དང་བྲལ་བ་དང་། བག་ཡོད་པའི་ཕྱིར་སྲེད་པ་མི་མངའ་བ་དང་། གཞན་གྱི་དོན་ལ་གཟིགས་པའི་ཕྱིར་ཐུགས་རྗེ་དང་བཅས་པ་དང་། བྱས་པ་དང་མ་བྱས་པ་མཁྱེན་པའི་ཕྱིར་དང་དེ་ཁོ་ནའི་དོན་རྟོགས་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་
གཤེགས་པ་ནི་རྟགས་ལྔས་སྐྱབས་ཀྱི་འོས་ཁོ་ན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་གྱི་དོན་གྱི་ཕྱིར་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་ཞིང་བསྙེངས་པ་མི་མངའ་བའི་ཕྱིར་ཆོས་ཀྱི་ཚུལ་ཡང་དག་པར་རྗེས་སུ་
འཇུག་པར་མཛད་པ་དང་། ཕན་འདོགས་པ་དང་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་མཉམ་པར་ཕན་པའི་ཐུགས་མངའ་བ་དང་། ཕོ་བྲང་དང་བཙུན་མོ་དང་སྲས་དང་ཡོངས་སུ་གཟུང་བ་ལ་ཆགས་པ་ཡོངས་སུ་བཏང་བས་དབང་པོ་ཞི་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་
ཚོམ་ངེས་པར་འགྲེལ་པར་མཛད་པས་སོ། །ཇི་ལྟར་ངོ་བོ་ཉིད་ལས་ཤེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཟག་པ་ཐམས་ཅད་དང་བྲལ་བའི་ཕྱིར་བདག་ཉིད་ཀྱང་དུལ་བ་ཡིན་ལ་འདུལ་བར་མཛད་པ་ཡིན་པར་ཡང་འོས་ཀྱི། ལྷ་རྣམས་ནི་ཟག་པ་དང་ལྡན་པ་ཡིན་པས་གདུལ་བར་
བྱ་བ་ཡིན་ཏེ་འདུལ་བར་བྱེད་པའི་འོས་མ་ཡིན་ནོ། །ཇི་ལྟར་ལས་ལས་ཤེ་ན། དེ་བཞིན་གཤེགས་པ་རྣམས་ནི་བསམ་གཏན་ཡངས་ཤིང་རྒྱ་ཆེ་བ་ལ་གནས་པར་མཛད་པའི་ཕྲིན་ལས་ཅན་དང་། སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་ཅན་ཡིན་གྱི་ལྷ་རྣམས་ནི་འདོད་པའི་ལོངས་
སྤྱོད་ལ་གནས་པར་བྱེད་པའི་ལས་ཅན་དང་། སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ཡིན་པར་སྣང་ངོ་། །ཇི་ལྟར་ཆོས་ལས་ཤེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ནི་རང་གི་སྐྱེས་བུའི་བྱེད་པ་ལ་རག་ལས་པ་ཡིན་པའི་
Vol. 131 · folio 31b
ཕྱིར་སྐྱེས་བུའི་བྱེད་པ་མེད་ན་ལྷ་རྣམས་ལ་གུས་པ་དམ་པོས་ཞེན་པ་རྣམས་ཀྱིས་ཀྱང་འཐོབ་པར་མི་འགྱུར་ལ། སྐྱེས་བུའི་བྱེད་པ་དང་ལྡན་པ་དེ་ལ་གུས་པ་མེད་པ་རྣམས་ཀྱིས་ཀྱང་དེ་འཐོབ་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་རྒྱུ་དང་འབྲས་བུ་ལས་ཤེ་ན། འདི་ལ་ལྷ་ཉིད་ནི་ལྷ་ཉིད་དུ་
འགྱུར་བའི་ལས་ཀྱིས་སམ། དེ་ཉིད་ལ་མཆོད་པས་སམ། རྒྱུ་མེད་པས་འཐོབ་པར་འགྱུར་གྲང་ན། གལ་ཏེ་ལྷ་ཉིད་དུ་འགྱུར་བའི་ལས་ཀྱིས་ཡིན་ན་ནི་དེས་ན་རང་གི་ལས་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ། །གལ་ཏེ་རྒྱུ་མེད་པས་ཡིན་ན་ནི་དེས་ན་རྒྱུ་མེད་
པ་ཉིད་སྐྱབས་ཀྱི་འོས་ཡིན་གྱི། ལྷ་རྣམས་ནི་མ་ཡིན་ནོ། །གལ་ཏེ་ལྷ་མཆོད་པས་ཡིན་ན་ནི་དེས་ན་ལྷ་ཉིད་ཀྱི་རྒྱུ་མཆོད་པ་ཉིད་དམ་ལྷ་ཉིད་དམ་དེ་གཉི་ག་ཡིན་པར་འགྱུར་གྲང་ན། གལ་ཏེ་མཆོད་པ་ཉིད་ཡིན་ན་ནི་དེས་ན་མཆོད་པ་གང་ཡང་རུང་བས་ལྷ་ཉིད་དུ་འགྱུར་བས་ལྷ་ཉིད་དོན་མེད་
པར་འགྱུར་རོ། །གལ་ཏེ་ལྷ་ཉིད་ཀྱིས་ཡིན་ན་ནི་དེས་ན་ལྷ་མཆོད་པ་མེད་པར་ཡང་ལྷ་ཉིད་ཀྱིས་ལྷ་ཉིད་དུ་འགྱུར་བར་བྱེད་པའི་ཕྱིར། ལྷ་མཆོད་པ་དོན་མེད་པར་འགྱུར་རོ། །གལ་ཏེ་དེ་གཉི་གས་ཡིན་ན་ནི་དེས་ན་མཆོད་པས་ཕན་བཏགས་པའི་ལྷ་ཉིད་གང་སེམས་པར་བྱེད་པ་དེ་ནི་ཡང་
དག་པར་འགྲུབ་པར་འགྱུར་བའི་ཕྱིར། དེས་ན་ལྷ་དེས་བསམ་པ་རྣམ་པ་བདུན་ཡང་དག་པར་འགྲུབ་པར་འཁྲུལ་པ་ཁོ་ནར་འགྱུར་བས་དེ་ཡང་མི་འཐད་དེ། མཆོད་པའི་རྐྱེན་གྱིས་ཕན་བཏགས་པ་དང་། མོས་པའི་རྐྱེན་གྱིས་ཕན་བཏགས་པ་དང་། དེ་ལ་མ་མོས་པ་རྣམས་མོས་
པར་བྱེད་པ་དང་། ཁྱད་པར་དུ་འཕགས་པའི་ལྷ་ཉིད་ཁས་བླངས་པ་དང་། ལོངས་སྤྱོད་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡང་དག་པར་འགྲུབ་པ་དང་། ལྷ་མ་ཡིན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་འཇིག་པ་དང་། འཆི་འཕོ་ལ་བསམ་པ་ཡང་དག་པར་འགྲུབ་པར་འཁྲུལ་
པར་འགྱུར་རོ། །རྣམ་པར་དག་པ་ནི་བཞི་སྟེ། མིང་རྣམ་པར་དག་པ་དང་། ངག་རྣམ་པར་དག་པ་དང་། ངོ་བོ་ཉིད་རྣམ་པར་དག་པ་དང་། རྟགས་རྣམ་པར་དག་པའོ། །དེ་ལ་རྟགས་ནི་མཐུ་དང་། ཐེ་ཚོམ་གཅོད་པ་དང་། ལུང་སྟོན་པ་དང་། གདུལ་དཀའ་བ་འདུལ་བ་དང་།
Vol. 131 · folio 32a
ལྷ་དང་མི་རྣམས་མངོན་པར་འདུ་བྱ་བ་དང་། ངེས་པར་འབྱིན་པའི་གདམས་ངག་སྟོན་པ་དང་། མུ་སྟེགས་ཅན་ཕམ་པར་བྱེད་པའོ། །ཇི་ལྟར་གཟུགས་ལ་སོགས་པ་མིང་ཅན་གྱི་དངོས་པོ་ལ། གཟུགས་ལ་སོགས་པར་འདོགས་པ་བཏགས་པ་ལས་ཡོད་པ་
ཡིན་གྱི། རྫས་ལས་མ་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་མིང་ལ་གནས་པའི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་གཟུགས་ལ་སོགས་པའི་བདག་ཉིད་གང་གིས་ཡོད་པ་དེ་ནི་བདག་ཉིད་དེས་
རྫས་དང་དོན་དམ་པ་གཉི་གར་ཡང་མེད་དོ། །དེ་ལྟ་བས་ན་གཟུགས་ལ་སོགས་པའི་མིང་ཅན་གྱི་ཆོས་དེ་དག་གི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ལས་དེས་ཀུན་བརྟགས་པ་གང་ཡིན་པ་དེ་ནི་བཏགས་པ་ལས་ཡོད་པ་ཡིན་པར་རིག་པར་བྱའོ། །མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པ་རྣམ་
པར་བསྩལ་བའི་མིང་ཅན་གྱི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ལ་སོགས་པའི་མིང་ཅན་གྱི་དངོས་པོ་བརྗོད་དུ་མེད་པའི་བདག་ཉིད་གང་གིས་ཡོད་པ་དེ་ནི་རྫས་དང་དོན་དམ་པ་གཉི་གར་ཡང་དེ་བཞིན་དུ་ཡོད་པར་རིག་པར་བྱའོ། །དེ་ལ་དེ་རབ་ཏུ་གྲུབ་པར་བྱ་བའི་རིགས་པ་བརྗོད་པ་
པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སར་བསྟན་པ་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་མངོན་པར་བརྗོད་པ་ལ་ཡོངས་སུ་གོམས་པའི་མིང་ལ་བརྟེན་པའི་རྣམ་པར་ཤེས་པའི་དམིགས་པ་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་
མི་དམིགས། གཉི་ག་མེད་པར་ཡང་མི་དམིགས་ཏེ། མ་སྐྱེས་པ་དང་། མི་སྐྱེ་བ་དང་། སྐྱེ་བར་མི་འགྱུར་བ་དང་། མ་འགགས་པ། མི་འགག་པ། འགག་པར་མི་འགྱུར་བ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འདི་
ལྟར་འདི་ནི་བཏགས་པའི་ཡོད་པ་ཡིན་གྱི། དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །བརྗོད་དུ་མེད་པའི་བདག་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བྱིས་པས་བསྐྱེད་པའི་ལོག་པར་ཡོངས་སུ་རྟོགས་པ་ལ་བརྟེན་ནས་ནི་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་དང་། འགག་པ་
Vol. 131 · folio 32b
དང་། འགག་པར་འགྱུར་བ་ཡང་ཡིན་ཏེ། དེ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པས་ནི་ཀུན་ནས་ཉོན་མོངས་པ་རབ་ཏུ་ཕྱེ་བ་ཡིན་ལ། དེ་སྤངས་ཤིང་ཡོངས་སུ་ཤེས་པས་ནི་རྣམ་པར་བྱང་བ་རབ་ཏུ་ཕྱེ་བ་ཡིན་ནོ།། །།བམ་པོ་སུམ་ཅུ་དྲུག་པ། བྱང་ཆུབ་སེམས་དཔའི་
མང་དུ་ཐོས་པ་ཡང་དག་པར་འཛིན་པར་འགྱུར་བའི་ཆོས་ནི་བཞི་སྟེ། འདི་ལྟ་སྟེ། མང་དུ་ཐོས་པའི་གཞི་དང་། མང་དུ་ཐོས་པ་ཡང་དག་པར་འགྲུབ་པ་དང་། མང་དུ་ཐོས་པའི་འབྲས་བུ་དང་། མང་དུ་ཐོས་པ་རྣམ་པར་དག་པའོ། །དེ་དག་ཀྱང་བྱང་ཆུབ་ཀྱི་སྨོན་ལམ་དང་། སྐྱེས་བུ་
དམ་པ་ལ་བརྟེན་པ་དང་། སོ་སོར་རྟོག་པའི་སྟོབས་དང་། རབ་ཏུ་དབེན་པར་གནས་པ་དང་གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོད་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡོན་ཏན་དང་ལྡན་པ་ཉིད་དུ་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་གང་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་
རྣམས་ལ་ཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བ་གང་ཞེ་ན། སྨྲས་པ། སྡུག་བསྔལ་བར་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་གང་ཞེ་ན།
སྨྲས་པ། སྡུག་བསྔལ་གྱི་རྒྱུ་ལ་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་གང་ཞེ་ན། སྨྲས་པ། ཤེས་བྱ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རྟོགས་པ་ཡང་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
ཡེ་ཤེས་གང་ཞེ་ན། སྨྲས་པ། ཤེས་བྱ་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྟོགས་པ་གང་ཡིན་པའོ། །སེམས་པའི་སྐྱོན་ནི་གསུམ་སྟེ། སེམས་པ་ལྷུར་ལེན་པ་དང་། གནས་པ་མ་ཡིན་པ་ལ་སེམས་པ་དང་། ལོག་པར་སེམས་པའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་སྦྱིན་པ་དེ་ལ་
Vol. 131 · folio 33a
བརྟེན་ནས་སྦྱིན་པ་ཡོངས་སུ་དག་པ་རྣམ་པ་བདུན་དུ་རིག་པར་བྱ་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་
དང་། ཤེས་པ་ཡོངས་སུ་དག་པ་དང་། དྲི་མ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་བཅུ་བཅུར་རིག་པར་བྱའོ། །དེ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། མང་པོ་དང་སྣ་ཚོགས་པ་ཉིད་ཀྱིས་འདི་ལྟར་རྒྱ་ཆེན་པོ་
སྦྱིན་པར་བྱེད་པ་དང་། མི་མང་མི་ཉུང་བ་ཉིད་ཀྱིས་མཚུངས་པར་སྦྱིན་པར་བྱེད་པ་དང་། འདོད་པའི་དུས་ཉིད་ཀྱིས་དུས་སུ་སྦྱིན་པར་བྱེད་པ་དང་། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་གྱ་ནོམ་པ་སྦྱིན་པར་བྱེད་པ་དང་། མི་གཙང་བའི་དངོས་པོ་དང་མ་འདྲེས་པ་ཉིད་ཀྱིས་
གཙང་བ་སྦྱིན་པར་བྱེད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱིས་རུང་བ་སྦྱིན་པར་བྱེད་པ་དང་། སློང་མོ་པའི་བསམ་པ་ཉིད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་པ་དང་། འཕྲོད་པ་ཉིད་ཀྱིས་ཕན་པ་སྦྱིན་པར་བྱེད་པ་དང་། སློང་མོ་པ་ལ་ལྟོས་པ་ཉིད་ཅིག་ཅར་རམ་རིམ་གྱིས་སྦྱིན་པར་
བྱེད་པ་དང་། རྒྱུན་མི་འཆད་པ་ཉིད་ཀྱིས་རྟག་ཏུ་སྦྱིན་པར་བྱེད་པའོ། །དེ་ལ་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། བསྒྲུབ་པའི་བརྩོན་འགྲུས་ཀྱིས་ཐོབ་པའི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པ་དང་། རང་གི་ཞོ་ཤས་བསྒྲུབས་པ་དག་སྦྱིན་པར་བྱེད་པ་དང་། རྟུལ་ཞིང་
དྲི་མ་ཆགས་ཆགས་སུ་བསྒྲུབས་པ་དག་སྦྱིན་པར་བྱེད་པ་དང་། ཆོས་རྣམས་ཀྱིས་ཆོས་བཞིན་དུ་ཐོབ་པ་དག་སྦྱིན་པར་བྱེད་པ་དང་། སྡིག་པ་ལས་ལོག་པ་དག་སྦྱིན་པར་བྱེད་པ་དང་། དབང་པོ་ཐུལ་བས་སྦྱིན་པར་བྱེད་པ་དང་། གུས་པར་བྱས་ཏེ་སྦྱིན་པར་བྱེད་པ་དང་། རབ་ཏུ་
བཏུད་དེ་སྦྱིན་པར་བྱེད་པ་དང་། རང་གི་ལག་ནས་སྦྱིན་པར་བྱེད་པ་དང་། དང་པོར་རང་རང་གི་ཚལ་ཟའི་འཁོར་རྣམས་ལ་ལེགས་པར་རི་མོར་བྱས་ལེགས་པར་མཆོད་པར་བྱས་ནས་དེའི་འོག་ཏུ་སློང་མོ་པ་གཞན་དག་ལ་སྦྱིན་པར་བྱེད་པའོ། །དེ་ལ་ལྟ་བ་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་
Vol. 131 · folio 33b
ལྟ་སྟེ། །བདག་ནི་སྦྱིན་པར་བྱེད་པའོ་བདག་གི་སྦྱིན་པའོ་སྙམ་དུ་རློམ་སེམས་མེད་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་དང་མི་སྒྲུན་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་ལས་ཆེ་བའམ། མཉམ་པའམ། ཆུང་ངོ་སྙམ་དུ་མི་སེམས་པར་སྦྱིན་པར་བྱེད་པ་དང་།
གཞན་དག་ལ་ལན་དུ་ཕན་འདོགས་པ་ལ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཕྱི་མ་ལ་སྲིད་པ་ཁྱད་པར་ཅན་ལོངས་སྤྱོད་ཁྱད་པར་ཅན་ལ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྦྱིན་པའི་འབྲས་བུ་མེད་དོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། འབྲས་བུ་ཚུལ་དང་མི་
མཐུན་པ་དང་འབྲས་བུ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། འཚེ་བ་དང་བཅས་པ་ནི་དགེ་བའོ་སྙམ་དུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། ངོ་མཚར་དང་བཀྲ་ཤིས་སུ་མི་ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པ་དང་། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ལ་མི་
ལྟ་བར་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་སེམས་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སྦྱིན་པ་ལ་རིན་པོ་ཆེའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་
ལྟ་སྟེ། མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་དག་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སེར་སྣའི་དྲི་མ་དང་། སོགས་འཇོག་གི་དྲི་མ་གཞན་ལ་མི་གཏོང་བས་སེར་སྣའི་དྲི་མ་དང་། བདག་ཉིད་ཡོངས་སུ་ལོངས་སྤྱོད་པར་མི་བྱེད་པ་ལས་སོགས་འཇོག་
གི་དྲི་མར་རིག་པར་བྱ་བའི་དྲི་མ་བསྩལ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། མངོན་པར་དགའ་བ་རྣམ་པ་བདུན་པོ་སློང་མོ་པ་མ་འོངས་པ་ནས་སེམས་མངོན་པར་དགའ་བ་དང་། སློང་མོ་འོངས་པ་ན་མཐོང་མ་ཐག་ཏུ་སེམས་རབ་ཏུ་དགའ་བ་དང་། སྦྱིན་པ་སྦྱིན་པར་
བྱེད་པ་ན་ཡིད་བདེ་བའི་སེམས་དང་། མཉམ་པར་གཞག་པའི་སེམས་དང་། ངོམས་མི་ཤེས་པའི་སེམས་དང་། རྣམ་པར་འཚེ་བའི་བསམ་པ་མེད་པའི་སེམས་དང་། བྱིན་ནས་འགྱོད་པ་མེད་པའི་སེམས་ཀྱིས། སེམས་མངོན་པར་དགའ་བས་སྦྱིན་པ་སྦྱིན་པར་བྱེད་པ་དང་། སློང་མོ་
Vol. 131 · folio 34a
པའི་དངན་དུས་ལ་བཟོད་པ་དང་སྐྱོ་བ་མེད་པའི་ཕྱིར་བཟོད་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། རྣམ་པར་འཚེ་བ་རྣམས་ལ་བྱམས་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཡོན་
ཏན་དང་ལྡན་པ་རྣམས་ལ་དགའ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། མཛའ་བཤེས་རྣམས་ལ་བཏང་སྙོམས་ཀྱི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་ངག་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། སྦྱིན་པའི་སྔ་རོལ་ནས་སྦྱིན་པའི་སྐབས་འབྱེད་པ་དང་། འོངས་པ་
ན་ཚུར་ཤོག་ལེགས་པར་འོངས་སོ་ཞེས་སྨྲ་བ་དང་། ཁྲོ་གཉེར་མེད་ཅིང་བཞིན་གྱི་མདོག་གསལ་ལ་འཛུམ་པ་སྔར་གཏོང་ཞིང་ཚིག་གི་ལམ་འཇམ་པོ་དག་གིས་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དགའ་བར་བྱེད་པ་དང་། སློང་མོ་པ་རྣམས་ཀྱི་མཇུག་ཐོགས་སུ་སྦྱིན་པར་
བྱའོ་སྙམ་དུ་སེམས་ཤིང་སྦྱིན་པར་བྱ་བའི་དངོས་པོས་ཀུན་ཏུ་དགའ་བར་བྱེད་པ་དང་། ད་ནི་ཁྱོད་ལ་སྦྱིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཚིག་ཀུན་ཏུ་རྗོད་པར་བྱེད་པ་དང་། དངན་དུས་བྱེད་པ་ན་ཁྲོ་བས་ཀུན་ནས་སློང་བའི་ཚིག་རྩུབ་པོ་རྗོད་པར་མི་བྱེད་པ་དང་། སློང་མོ་པ་ལ་མངོན་སུམ་དང་ལྐོག་ནས་
མི་སྨོད་མི་སྒྲོགས་པ་དང་། སྦྱིན་པར་བྱ་བའི་ཆོས་མི་འདོགས་ན་ཡང་ལེགས་པར་ཤད་ཀྱིས་སྦྱངས་ཏེ་གཏོང་བར་བྱེད་པ་དང་། སློང་མོ་པ་ལ་མངོན་སུམ་དུ་སྨོད་པར་མི་བྱེད། ཁྱད་དུ་གསོད་པར་མི་བྱེད། བསྟིང་བར་མི་བྱེད། ཅོ་འདྲི་བར་མི་བྱེད་པ་དང་། སྨ་འབེབས་པ་ཉེ་བར་སྒྲུབ་པར་
མི་བྱེད་པའོ། །དེ་ལ་ཤེས་པ་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། སྦྱིན་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སློང་མོ་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པར་བྱ་བའི་ཆོས་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པའི་སྦྱོར་བ་ལ་བརྟེན་
པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། ཐབས་ལ་མཁས་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། འདོད་པ་རྣམས་ཀྱི་ཉེས་དམིགས་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་།
Vol. 131 · folio 34b
དྲི་མ་བསལ་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང་དགེ་བའི་བཤེས་གཉེན་ཡོངས་སུ་གཟུང་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། ཕྱོགས་དྲུག་གིས་བཀབ་པ་ཉིད་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པའོ། །དེ་ལ་ཤེས་པ་
རྣམ་པར་དག་པ་དང་པོས་ནི་སྦྱིན་པའི་རྣམ་གྲངས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ལ། སྦྱིན་པའི་མཚན་ཉིད་དང་། ངེས་པའི་ཚིག་དང་། རབ་ཏུ་དབྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ལ་གཉིས་པས་ནི་སེམས་ཅན་དམན་པ་དང་། གྱ་ནོམ་པ་དང་། སྐྱོན་
དང་། ཡོན་ཏན་དང་ལྡན་པ་དང་། གནོད་པ་བྱེད་པ་དང་ཕན་འདོགས་པ་ཐམས་ཅད་ལ་སྦྱིན་གནས་ཀྱི་བློ་ཉེ་བར་འཇོག་པར་བྱེད་པ་དང་། སློང་མོ་པའི་འདོད་པ་ཉིད་ཀྱང་ཟུར་ཙམ་གྱིས་ཤེས་པ་དང་། སྦྱིན་པའི་སྔ་རོལ་ཉིད་ནས་སྦྱིན་པར་བྱ་བའི་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བསམ་པ་
ཐག་པ་ནས་ལེགས་པར་གཏོང་བར་བྱེད་པ་དང་། སློང་མོ་པ་རང་གིས་ཐུག་ཐུབ་དུ་བླངས་པ་ཐམས་ཅད་ལ་ཡང་རྗེས་སུ་གནང་བར་བྱེད་དོ། །དེ་ལ་གསུམ་པས་ནི་བཟོ་དང་ལས་ཀྱི་གནས་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མཁས་པས་མྱུར་བ་མྱུར་བར་ལོངས་སྤྱོད་རྣམས་ཡང་དག་པར་
བསྒྲུབས་ནས་སྦྱིན་པ་སྦྱིན་པར་བྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་གཟུང་བ་ལས་ཀྱང་འདི་ལྟ་སྟེ། ཚེ་སྔ་མའམ། ཚེ་འདི་ལ་མྱོང་བར་འགྱུར་བའམ། རྫུ་འཕྲུལ་མངོན་པར་འགྲུབ་པར་འགྱུར་བའམ། ཆོས་ཡང་དག་པར་བླང་བ་ལས་ཀྱང་སྦྱིན་པ་སྦྱིན་པར་བྱེད་དོ། །གཞན་དག་གིས་བསྒྲུབས་
པའི་ལོངས་སྤྱོད་རྣམས་ཀྱིས་ཀྱང་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། གཞན་དག་དེ་ཡང་དག་པར་འཛིན་དུ་བཅུག་ནས་དེ་དག་ལ་བྱ་བའི་གྲོགས་སུ་འགྲོའོ། །དེ་ལ་བཞི་པས་ནི་ཅི་ནས་ཀྱང་སློང་མོ་པ་ལ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། བདག་ཉིད་ཀྱང་ཀུན་ནས་ཉོན་མོངས་
པ་ཅན་མ་ཡིན་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པ་དང་། རབ་ཏུ་ཕྱེ་ཞིང་དོན་དུ་གཉེར་བ་རྣམས་དང་། ཕོངས་པ་རྣམས་དང་། སྟོན་པ་མེད་པ་རྣམས་དང་། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང་། ལེགས་པར་སྤྱད་པ་སྤྱོད་པ་རྣམས་དང་། རང་གི་ཚལ་ཟ་རྣམས་ལ་འདི་ལྟ་སྟེ། དབུལ་པོའམ།
Vol. 131 · folio 35a
ལོངས་སྤྱོད་འབྲིང་ངམ། ལོངས་སྤྱོད་ཆེ་བས་སྦྱིན་པར་བྱེད་པ་དང་། ཆོ་ག་ཅི་རིགས་པས་སྦྱིན་པར་བྱེད་ཅིང་། ཆོ་ག་མ་ཡིན་པས་མ་ཡིན་པ་དེ་ལྟར་སྦྱིན་པར་བྱ་བ་ཤེས་པར་བྱེད་དོ། །དེ་ལ་ལྔ་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པ་ཤེས་པར་བྱས་
ཤིང་སྦྱིན་པར་བྱེད་པ་དང་། སྦྱིན་པ་སྦྱིན་པ་ན་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་ཅིག་ཏུ་སྦྱིན་པ་སྦྱིན་པར་བྱེད་ཅིང་ཇི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེ་དག་བསོད་ནམས་ཆེན་པོ་བསྐྱེད་པར་འགྱུར་བ་དེ་ལྟར་བྱེད་པ་དང་། དབུལ་པོ་སྦྱིན་པར་བྱེད་འདོད་པ་དག་ལ་ལོངས་སྤྱོད་ཀྱི་བགོ་བཤའ་བྱེད་པ་དང་། དབུལ་པོ་མ་
ཡིན་པ་སེར་སྣ་ཅན་རྣམས་དང་། སེར་སྣ་མེད་པ་སྦྱིན་པ་བྱེད་འདོད་པ་རྣམས་ལ་ནི་རང་གི་ལོངས་སྤྱོད་ཀྱི་བགོ་བཤའ་མི་བྱེད་པར་དེ་ལ་གྲོགས་བྱེད་དུ་འགྲོ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བྱ་བ་བྱེད་འདོད་པ་གཞན་དག་ལ་སྦྱིན་པར་བྱའི་ཆོས་དག་བྱིན་ནས། ཇི་ནས་
ཀྱང་སྒོ་གཉི་ག་ནས་བསོད་ནམས་སྐྱེ་བར་འགྱུར་བ་དེ་ལྟར་གཞན་དག་ཀྱང་བྱེད་དུ་འཇུག་པར་བྱེད་དོ། །དེ་ལ་དྲུག་པས་ནི་བཤད་པས་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ་མཐུས་ཀྱང་སྦྱིན་པ་སྦྱིན་པར་བྱེད། ལན་མནོད་པ་ལས་ཀྱང་སྦྱིན་པ་སྦྱིན་པར་བྱེད། སྐྱེ་བ་དང་མཐུས་ཀྱང་སྦྱིན་པ་སྦྱིན་
པར་བྱེད་དོ། །དེ་ལ་བདུན་པས་ནི་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ལ་ཉེས་དམིགས་རྣམ་པ་གཉིས་ཀྱང་ཤེས་ཏེ། འདི་ལྟ་སྟེ། ཚེ་འདི་པ་དང་། ཚེ་ཕྱི་མ་པ་སྟེ། འདི་ལྟ་སྟེ། སྡུག་བསྔལ་གྱི་ཕུང་པོའི་
མདོ་ལས་བྱུང་བ་བཞིན་ནོ། །རྣམ་པ་ལྔ་ཡང་ཤེས་ཏེ། འདི་ལྟ་སྟེ། ཉེས་དམིགས་ལྔ་པའི་མདོ་ལས་བྱུང་བ་བཞིན་ནོ། །རྣམ་པ་དྲུག་ཀྱང་ཤེས་ཏེ། འདི་ལྟ་སྟེ། འཇིགས་པ་ཞེས་བྱ་བ་དེ་ནི་འདོད་པ་རྣམས་ཀྱི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་མདོ་ལས་བྱུང་
བ་བཞིན་ནོ། །རྣམ་པ་བདུན་ཡང་ཤེས་ཏེ། འདི་ལྟ་སྟེ། འདོད་པ་རྣམས་ནི་མི་རྟག་པ་དང་། གསོག་དང་། གསོབ་དང་། བརྫུན་པ་དང་། བསླུ་བའི་ཆོས་ཅན་དང་། སྒྱུ་མ་ལྟ་བུ་དང་། བྱིས་པ་འདྲིད་པའོ་ཞེས་གསུངས་པ་བཞིན་ནོ། །རྣམ་པ་བརྒྱད་ཀྱང་ཤེས་ཏེ། འདི་ལྟ་སྟེ།
Vol. 131 · folio 35b
རུས་པའི་ཀེང་རུས་ལྟ་བུའོ་ཞེས་བྱ་བ་ནས། རྒྱས་པར་ཤིང་ལྗོན་པའི་འབྲས་བུ་ལྟ་བུའོ་ཞེས་བྱ་བའི་བར་དུ་མདོ་ལས་ཇི་སྐད་གསུངས་པ་བཞིན་ནོ། །དེ་ལ་བརྒྱད་པས་ནི་ལས་ཀྱི་མཐའ་དྲི་མ་ཅན་རྣམ་པ་བཅུ་བཞི་དང་བྲལ་བ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་སྦྱིན་པ་སྦྱིན་པར་
བྱེད་དེ། དེ་དག་ཀྱང་འདི་ལྟ་སྟེ། གཙུག་ཕུད་ལེན་གྱི་མདོ་ལས་གསུངས་པ་བཞིན་ནོ། །དེ་ལ་དགུ་པས་ནི་སྡིག་པའི་གྲོགས་པོ་བཞི་ཡོངས་སུ་སྤངས་ཤིང་དགེ་བའི་བཤེས་གཉེན་བཞི་ཡོངས་སུ་བཟུང་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་དག་ཀྱང་འདི་ལྟ་སྟེ། གཙུག་ཕུད་ལེན་
གྱི་མདོ་དེ་ཉིད་ལས་གསུངས་པ་བཞིན་ནོ། །དེ་ལ་ཤེས་པ་རྣམ་པར་དག་པ་བཅུ་པས་ནི་ཕྱོགས་དྲུག་གིས་བཀག་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་དག་ཀྱང་འདི་ལྟ་སྟེ། གཙུག་ཕུད་ལེན་གྱི་མདོ་དེ་ཉིད་ལས་གསུངས་པ་བཞིན་ནོ། །དེ་ལ་དྲི་མ་རྣམ་པར་དག་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ།
ནང་ཡང་རུང་། ཕྱི་རོལ་ཡང་རུང་། རྒྱང་རིང་ཡང་རུང་། ཐག་ཉེ་ཡང་རུང་། ལུས་ངལ་ཡང་རུང་། ལུས་ངལ་བ་མེད་ཀྱང་རུང་། ལུས་ཉམ་ཆུང་ཡང་རུང་། ལུས་ཉམ་ཆུང་བ་མ་ཡིན་པ་ཡང་རུང་སྟེ། ལེ་ལོའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། ལོངས་སྤྱོད་རྣམས་ལ་ཆགས་པའི་དྲི་མ་
དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སློང་མོ་པ་རྣམས་ལ་ཞེ་སྡང་གི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། རྒྱུ་དང་འབྲས་བུ་ལ་གཏི་མུག་གི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། གགས་བཞི་པོ་དེ་དག་གིས་གགས་
ཀྱི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། དེ་ལ་གགས་བཞིའི་དྲི་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། མ་གོམས་པ་དང་། རྒུད་པ་དང་། ཆགས་པ་དང་། འབྲས་བུ་མ་མཐོང་བའོ། །འདི་ལྟ་སྟེ། དབུལ་པོས་རང་གི་ཚལ་ཟ་རྣམས་དང་། ལོངས་སྤྱོད་འབྲིང་པོས་དེ་དག་དང་
སྡུག་བསྔལ་བ་རྣམས་དང་། ལོངས་སྤྱོད་ཆེན་པོས་དེ་དག་དང་དེ་ལས་གཞན་པའི་སློང་མོ་པ་རྣམས་ལ་ཤིན་ཏུ་རྣམ་པར་ཕྱེ་ཞིང་མི་རིགས་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། དངོས་པོ་ཡོངས་སུ་རྫོགས་པ་དང་། བསམ་པ་ཡོངས་སུ་རྫོགས་པ་ལས་ཡོངས་སུ་
Vol. 131 · folio 36a
རྫོགས་ཤིང་ཉུང་བའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལ་དངོས་པོ་ཡོངས་སུ་རྫོགས་པ་ནི་རྣམ་པ་བདུན་ཏེ། ཡོ་བྱད་ཀྱི་དངོས་པོ་ཡང་སྦྱིན་པར་བྱེད་པ་དང་། ཡུལ་གྱི་དངོས་པོ་དང་། སེམས་ཅན་གྱི་དངོས་པོ་དང་། རྒྱན་གྱི་དངོས་པོ་དང་། གནས་ཀྱི་དངོས་པོ་དང་། དེའི་གནས་
པའི་དངོས་པོ་དང་། ནང་གི་དངོས་པོ་ཡང་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་བསམ་པ་ཡོངས་སུ་རྫོགས་པ་ནི་ནང་གི་ལུས་དང་ལོངས་སྤྱོད་དག་ལ་རང་བཞིན་གྱིས་ཆགས་པ་མེད་པའི་བསམ་པ་ཉིད་ཐོབ་པ་གང་ཡིན་པའོ། །འདི་ལྟ་སྟེ། ཡོངས་སུ་དག་པ་རྣམ་པ་བཅུ་པོ་འདི་ལྟ་སྟེ།
ཆགས་པ་མེད་པ་དང་། ནག་ནོག་མེད་པ་ལ་སོགས་པ་སའི་དངོས་གཞིར་བསྟན་པ་དག་གིས་ཡོངས་སུ་དག་ཅིང་། རྣམ་པར་མ་དག་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འདི་ལྟ་སྟེ། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་བརྟག་པ་དང་། བསམ་པ་ཡོངས་སུ་བརྟག་
པ་དང་། ཞིང་ཡོངས་སུ་བརྟགས་པ་ཡོངས་སུ་བརྟགས་ཤིང་འཆལ་བའི་ཤེས་རབ་ཀྱི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། དེ་ལ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་བརྟག་པ་ནི་སྩོགས་འཇོག་པས་ཡོངས་སུ་ལོངས་སྤྱོད་པ་ཆེས་ཁྱད་པར་དུ་འཕགས་པ་དང་། ཡོངས་
སུ་ལོངས་སྤྱོད་པ་པས་སྦྱིན་པ་ཆེས་ཁྱད་པར་དུ་འཕགས་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྩོགས་འཇོག་འབའ་ཞིག་ནི་བདག་ལ་ཡང་ཕན་པར་མི་འགྱུར། གཞན་ལ་ཕན་པར་ཡང་མི་འགྱུར། ཚེ་འདི་ལ་ཕན་པར་ཡང་མི་འགྱུར། ཚེ་ཕྱི་མ་ལ་ཕན་པར་ཡང་མི་
འགྱུར་བ་ཡིན་ལ། བྱང་ཆུབ་སེམས་དཔའི་ཡོངས་སུ་ལོངས་སྤྱོད་པ་ནི་བདག་ལ་ཕན་པ་དང་། ཚེ་འདི་ལ་ཕན་པར་འགྱུར་བ་ཡིན་ཡང་། གཞན་ལ་ཕན་པ་ཡང་མ་ཡིན། ཚེ་ཕྱི་མ་ལ་ཡང་ཕན་པ་ཡང་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའི་དགའ་བ་དང་། མཆོག་ཏུ་དགའ་
བ་རྒྱ་ཆེན་པོ་སྐྱེས་ཤིང་སྦྱིན་པར་བྱེད་པའི་སྦྱིན་པ་ནི་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་དང་། ཚེ་འདི་ལ་ཕན་པ་དང་། ཚེ་ཕྱི་མ་ལ་ཕན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ལ་བསམ་པ་ཡོངས་སུ་བརྟག་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། རྒྱུ་ལ་ཕྱིན་ཅི་མ་ལོག་པའི་བསམ་པ་
Vol. 131 · folio 36b
དང་། འབྲས་བུ་ལ་ཆགས་པ་མེད་པའི་བསམ་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བའི་བསམ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་བསམ་པས་སྦྱིན་པ་སྦྱིན་པར་བྱེད་པའོ། །དེ་ལ་ཞིང་ཡོངས་སུ་བརྟག་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། གང་
ལ་དོན་དུ་གཉེར་བ་ཉིད་དམིགས་པ་དང་། གང་ལ་དོན་དུ་གཉེར་བ་ཡང་ཡིན་ལ་ཕོངས་པ་ཡང་ཡིན་པ་དང་། ཕོངས་པ་ཡང་ཡིན་ལ་རྟོན་པ་མེད་པ་གང་ཡིན་པ་དང་། རྟོན་པ་མེད་པ་ཡང་ཡིན་ལ་ཉེས་པར་སྤྱོད་པ་ལས་ལྡོག་པར་ནུས་པ་ཉིད་ཀྱང་དམིགས་པ་དེ་ནི་ཞིང་ཡིན་ནོ། །
དེ་དག་མེད་ན་ཡང་གང་ལ་ལེགས་པར་སྤྱོད་པ་དང་། ཡོན་ཏན་ཁྱད་པར་དུ་འཕགས་པ་དམིགས་པ་དེ་ནི་ཞིང་ལྔ་པ་ཡིན་པར་རིག་པར་བྱའོ། །ཞིང་མ་ཡིན་པ་ནི་རྣམ་པ་བདུན་གྱིས་རིག་པར་བྱ་སྟེ། སློང་མོ་པ་གཏུམ་པ་དང་། ཕྱིར་རྒོལ་བ་ལ་སྐྱབས་སུ་སོང་བ་ཕྱིར་རྒོལ་བར་གྱུར་
ནས་སློང་བར་བྱེད་པ་དང་། དགེ་བའི་རྩ་བ་ཡང་དག་པར་འཛིན་དུ་གཞུག་པ་ན་དབང་དུ་མི་འགྱུར་བ་དང་། ཉོན་མོངས་པ་ཅན་གྱི་སེམས་སམ་ཀུན་ནས་ཉོན་མོངས་པའི་བསམ་པས་སློང་བར་བྱེད་པ་དང་། བདུད་དམ་བདུད་ཀྱིས་བརླམས་པར་གྱུར་ནས་ཐོ་འཚམས་པའི་ཕྱིར་སློང་བར་
བྱེད་པ་དང་། གནས་མ་ཡིན་པ་སློང་བར་བྱེད་དེ་ཕ་མའམ། གཞན་གང་ཡང་རུང་བ་སྦྱིན་པར་བྱ་བ་མ་ཡིན་པའི་དངོས་པོ་སློང་བར་བྱེད་པ་དང་། དོན་དུ་གཉེར་བ་མ་ཡིན་པ་སྟེ། དེ་ལྟར་རྣམ་པ་དེ་དག་གིས་ནི་ཞིང་མ་ཡིན་པ་ཡོངས་སུ་བརྟག་པ་ཡིན་པར་རིག་པར་བྱའོ། །ཐབས་མ་ཡིན་
པའི་ཉེས་པ་དང་བྲལ་ཞིང་ཐབས་ཀྱི་ཡོན་ཏན་དང་ལྡན་པའི་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ལ་ཐབས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སྦྱིན་པ་ལ་གོམས་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། དེ་ཁོ་ནའི་དོན་ཤེས་པ་དང་། བླ་ན་མེད་པའི་བྱང་ཆུབ་ལ་
མོས་པ་དང་། བཤད་པ་དང་། ནན་གྱིས་གནོན་པ་དང་། ཕན་བཏགས་པའི་ལན་དུ་ཕན་འདོགས་པར་སྦྱོར་བ་དང་། སྐྱེ་བ་དང་མཐུའོ། །འདུལ་བ་ནི་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་འདུལ་བ་ལ། དང་པོར་སྡོམ་པའི་ཚུལ་
Vol. 131 · folio 37a
ཁྲིམས་ཀྱི་འདུལ་བ་ཇི་ལྟར་བསྡུས་པ་དེ་ནི་འདུལ་བ་བསྡུས་པ་ཡིན་པར་བལྟ་བར་བྱའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་འདུལ་བ་བསྡུས་པ་གང་ཞེ་ན། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་མདོར་བསྡུ་ན་སེམས་དྲུག་ལ་སོ་
སོར་བརྟག་པར་བྱ་སྟེ། དྲུག་གང་ཞེ་ན། ཁྱད་དུ་གསོད་པའི་སེམས་དང་། ལེ་ལོ་དང་ལྡན་པའི་སེམས་དང་། བསྒྲིབས་པའི་སེམས་དང་། བརྩལ་བ་ལས་ཡོངས་སུ་སྐྱོ་བའི་སེམས་དང་། གནོད་པ་དང་ལྡན་པའི་སེམས་དང་། བར་ཆད་དང་ལྡན་པའི་སེམས་སོ། །དེ་ལ་བྱང་ཆུབ་
སེམས་དཔའི་དགེ་བའི་ཆོས་རྣམས་ལ་སྤོང་བར་སེམས་པ་ཉིད་དང་། མི་མོས་པའི་སེམས་ཉིད་དང་། བརྙས་པའི་སེམས་ཉིད་གང་ཡིན་པ་དེ་ནི་ཁྱད་དུ་གསོད་པའི་སེམས་ཞེས་བྱའོ། །ལེ་ལོ་དང་གླག་དལ་དང་བག་མེད་པས་ཀུན་ནས་དཀྲིས་པའི་སེམས་ནི་ལེ་ལོ་དང་ལྡན་པའི་སེམས་
ཞེས་བྱའོ། །འདོད་པ་ལ་འདུན་པ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་གང་ཡང་རུང་བས་ཀུན་ནས་དཀྲིས་པའི་སེམས་ནི་བསྒྲིབས་པའི་སེམས་ཞེས་བྱའོ། །བརྩོན་འགྲུས་བརྩམས་ཤིང་གནས་པའི་ལུས་ཀྱི་ངལ་བ་དང་སེམས་ཀྱིས་འཁྲུག་པས་ཟིལ་གྱིས་
གནོན་པའི་སེམས་ནི་བརྩལ་བས་ཡོངས་སུ་ངལ་བའི་སེམས་ཞེས་བྱའོ། །གནོད་པ་གང་ཡང་རུང་བས་ཟིལ་གྱིས་ནོན་པའི་སེམས་སྦྱོར་བར་བཟོད་པའི་མཐུ་མེད་པ་དེ་ནི་གནོད་པ་དང་ལྡན་པའི་སེམས་ཞེས་བྱའོ། །སྨྲ་བ་ལ་དགའ་བ་ལ་སོགས་པ་བར་ཆད་དང་ལྡན་པའི་སེམས་ནི་བར་ཆད་དང་
ལྡན་པའི་སེམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དྲུག་པོ་དེ་དག་ལ་འདི་ལྟར་སོ་སོར་བརྟག་པར་བྱ་སྟེ། ཅི་བདག་གི་སེམས་ལ་སེམས་དྲུག་པོ་དེ་དག་ལས་གང་ཡང་རུང་བ་རབ་ཏུ་སྤྱོད་པ་ཡོད་དམ། འོན་ཏེ་མེད་སྙམ་དུ་སོ་སོར་རྟོག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དང་པོ་གསུམ་པོ་དག་ནི་སྐྱེས་སོ་ཅོག་གཅིག་ཏུ་དང་དུ་མི་བླང་བར་བྱ་སྟེ། གལ་ཏེ་དང་དུ་ལེན་པར་བྱེད་ཅིང་སྤོང་བར་མི་བྱེད་ན། ཐམས་ཅད་དུ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །བརྩལ་བས་ཡོངས་སུ་སྐྱོ་བའི་སེམས་ནི་སྐྱེས་པ་ན། གལ་ཏེ་འདི་ལྟ་བུའི་སེམས་ཀྱིས་དགེ་
Vol. 131 · folio 37b
བའི་ཆོས་རྣམས་ལ་སྦྱོར་བ་གཏོང་བར་བྱེད་དེ། ཇི་ནས་ཀྱང་ལུས་དང་སེམས་ངལ་ཞིང་འཁྲུག་པར་བྱེད་པ་འདི་སོ་སོར་བསལ་ནས། ཡང་དགེ་བའི་ཆོས་རྣམས་ལ་སྦྱར་བར་བྱའོ་སྙམ་དུ་སེམས་ན་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །གལ་ཏེ་བདག་ལ་དགེ་བ་ལ་སྦྱོར་བ་གང་གིས་བདག་ཚེ་
འདི་ལ་སྡུག་བསྔལ་བར་འགྱུར་བ་འདི་ལྟ་བུས་ཇི་ཞིག་བྱ་སྙམ་དུ་སེམས་ཤིང་ཐམས་ཅད་ཀྱི་ཐམས་ཅད་དུ་གཏན་སྤོང་བར་བྱེད་ན་ནི་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་དང་ལྡན་པའི་སེམས་ནི་ཉེ་བར་གནས་པར་གྱུར་པ་ན། བྱང་ཆུབ་སེམས་དཔའི་དགེ་བའི་སྦྱོར་བ་ལ་འདོད་དགུར་
བྱར་མེད་པ་ཡིན་པས་དེ་དང་དུ་བླངས་ནས་ཡང་ཁ་ན་མ་ཐོ་བ་མེད་དོ། །བར་ཆད་དང་ལྡན་པའི་སེམས་ནི་ཉེ་བར་གནས་པར་གྱུར་པ་ན། གལ་ཏེ་འདོད་དགུར་བྱར་མེད་དམ་དོན་ཆེས་ཆེན་པོ་ཞིག་ཡང་དག་པར་རྗེས་སུ་མཐོང་ནས་དང་དུ་ལེན་པར་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དེ་ལ་
འདོད་དགུར་བྱར་ཡོད་དམ། དོན་མེད་པའམ། དོན་ཆེས་ཆུང་བ་ཞིག་ཡང་དག་པར་རྗེས་སུ་མཐོང་ནས་དང་དུ་ལེན་པར་བྱེད་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །སེམས་དྲུག་པོ་དེ་དག་ལས་སེམས་སྔ་མ་གསུམ་པོ་དག་གིས་བྱུང་བ་དང་དུ་བླངས་སོ་ཅོག་ནི་གཅིག་ཏུ་ཁ་ན་མ་ཐོ་བ་
དང་བཅས་པར་འགྱུར་རོ། །གནོད་པ་དང་ལྡན་པའི་སེམས་གཅིག་པུ་ནི་དང་དུ་བླངས་ཀྱང་གཅིག་ཏུ་ཁ་ན་མ་ཐོ་བ་མེད་དོ། །སེམས་ལྷག་མ་གཉིས་ཀྱི་བྱུང་བ་དང་དུ་བླངས་སོ་ཅོག་ནི་རྣམ་གྲངས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །སེམས་ཅན་གྱི་
དོན་བྱ་བའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་རྟོག་པའི་གནས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ། བདག་དང་། གཞན་དང་། ཟང་ཟིང་གིས་ཕོངས་པ་དང་། ཟང་ཟིང་གིས་འབྱོར་པ་དང་། ཆོས་ཀྱིས་ཕོངས་པ་དང་། ཆོས་ཀྱིས་འབྱོར་པ་ནི་གནས་
དྲུག་པ་ཡིན་ནོ། །དེ་ལ་ཟང་ཟིང་གིས་ཕོངས་པ་ཞེས་བྱ་བ་ནི། ཆོས་གོས་དང་བསོད་སྙོམས་ལ་སོགས་པ་མ་རྙེད་པ་རྣམས་མི་རྙེད་པ་དང་། རྙེད་ཅིང་འཇུག་པ་རྣམས་རྒྱུན་འཆད་པར་འགྱུར་བའོ། །ཟང་ཟིང་གིས་འབྱོར་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །ཆོས་ཀྱིས་ཕོངས་
Vol. 131 · folio 38a
པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་དང་དེ་བཞིན་གཤེགས་པས་གསུངས་པ་དོན་དམ་པའི་ཆོས་ཀྱི་ཚིག་སྔོན་མ་ཐོས་པ་མཉན་དུ་མེད་པ་དང་། སྔོན་མ་ཐོས་པ་ཇི་ལྟ་བ་བཞིན་དུ་སྔོན་མ་བསམས་པ་བསམ་དུ་མེད་པ་དང་། ཐོས་པའི་བར་ཆད་དང་། བསམ་པའི་བར་
ཆད་དང་། ཐོས་པ་དང་བསམས་པ་བརྗོད་པ་དང་། བསྒོམས་པ་ལས་བྱུང་བའི་དགེ་བ་མ་ཐོབ་པ་མི་ཐོབ་པ་དང་། ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའོ། །ཆོས་འབྱོར་པ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔས་བདག་ཉིད་ཀྱི་ཆོས་ཀྱིས་ཕོངས་
པས་གཞན་དག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་སྦྱོར་བར་མི་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །དོན་གྱི་སྐབས་འདིར་ཆོས་ཀྱིས་ཕོངས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པས་བསྡུས་པ་དང་། བསླབ་པ་ཉམས་
པ་དང་རྗེས་སུ་མཐུན་པས་བསྡུས་པ་དང་། ཐོབ་པའི་ཆོས་ཡོངས་སུ་ཉམས་པས་བསྡུས་པ་ཡིན་པར་རིག་པར་བྱའོ། །བདག་ཉིད་ཀྱི་ཟང་ཟིང་གིས་ཕོངས་པས་གཞན་དག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ནི་བརྩོན་པར་བྱ་སྟེ། ཟང་ཟིང་འབྱོར་པ་དེ་ཡང་གལ་ཏེ་ཆོས་ཀྱིས་ཕོངས་པ་
སྐྱེད་པར་མི་བྱེད་ནའོ། །གལ་ཏེ་ཆོས་ཀྱིས་ཕོངས་པ་སྐྱེད་པར་བྱེད་ན་ནི་བརྩོན་པར་མི་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །བདག་ཉིད་ཀྱི་ཟང་ཟིང་འབྱོར་པས་གཞན་དག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཡང་བརྩོན་
པར་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ། ཆོས་འབྱོར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །བདག་ཉིད་ཀྱི་ཆོས་འབྱོར་པས་གཞན་དག་གི་ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཡང་བརྩོན་པར་བྱའོ། །ཟང་ཟིང་འབྱོར་པར་བྱ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆོས་འབྱོར་པར་བྱ་
བའི་ཕྱིར་ཡང་དེ་བཞིན་ནོ། །དེ་ལྟར་སྦྱོར་བར་མི་བྱེད་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ལ། སྦྱོར་བར་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །དེ་ལྟར་ན་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླངས་པའི་འདུལ་བ་བསྡུས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་
Vol. 131 · folio 38b
དཔའ་དུས་རྟག་ཏུ་ཡིད་ལ་བྱ་ཞིང་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་གང་ཡིན་པ་དེ་ལས་གང་ཡང་རུང་བ་ཞིག་མ་ཚང་ན། བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་ཡིན་པར་བརྗོད་པར་བྱའམ། །བསྡམས་པ་མ་ཡིན་པར་བརྗོད་པར་བྱ་ཞེ་ན།
བསྡམས་པ་མ་ཡིན་པར་བརྗོད་པར་བྱའོ། །ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་། འབྱོར་པར་བྱེད་པ་ཡིན་ཏེ། དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་བསྡམས་ཤིང་བསྲུངས་པར་གྱུར་ལ། དེ་མ་
བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་བདག་ཀྱང་མ་བསྡམས་ཤིང་མ་བསྲུངས་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པ་ཡིན་པར་བརྗོད་པར་བྱའོ། །གང་གཞན་ལ་གྲགས་པར་བྱ་བའི་ཕྱིར་དང་། གཞན་
གྱི་ངོ་བྱ་བའི་ཕྱིར་དང་། གཞན་གྱིས་ཡང་དག་པར་ལེན་དུ་བཅུག་པ་ན། དེ་ལེན་པར་བྱེད་པར་ཟད་ཀྱི། རང་གི་དད་པས་བསམ་པ་ཐག་པ་ནས་རྗེས་སུ་བརྟགས་ཤིང་། སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། དགེ་བ་འདོད་པས་ལེན་པར་མི་བྱེད་པ་དེ་ཡང་བསྡམས་
པ་མ་ཡིན་པར་བརྗོད་པར་བྱ་སྟེ། དེ་ནི་དེས་དགེ་བ་ཡོངས་སུ་རྫོགས་པ་དང་སྦྱོར་བར་ཡང་མི་འགྱུར་ལ། དེའི་འབྲས་བུའི་ཕན་ཡོན་ཡང་འཐོབ་པར་མི་འགྱུར་རོ། །དེ་ལས་བཟློག་པས་ནི་སྡོམ་པས་བསྡམས་པ་དང་། དགེ་བ་ཡོངས་སུ་རྫོགས་པ་དང་སྦྱོར་བར་འགྱུར་བ་དང་། དེའི་འབྲས་བུ་ཕན་ཡོན་ཡང་འཐོབ་པར་འགྱུར་
བར་རིག་པར་བྱའོ། །སྡོམ་པ་དེ་མ་བཏང་ན་ནི་ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པར་རིག་པར་བྱའོ། །གལ་ཏེ་བཏང་ན་ནི་མ་ཡིན་ནོ། །དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བར་ངེས་པའི་སེམས་སྐྱེད་པར་བྱེད་པ་དང་།
མི་བརྡ་ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་རྗོད་པར་བྱེད་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དེ་དག་ལས་ཐམས་ཅད་དམ། རེ་རེའི་ཉེས་པ་འབྱིན་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་ཐམས་ཅད་དམ་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་པ་འབྱིན་པར་
Vol. 131 · folio 39a
བྱེད་ན་བྱང་ཆུབ་སེམས་དཔའ་སྡོམ་པ་བཏང་བར་བརྗོད་པར་བྱའོ། །གལ་ཏེ་ཕྱིར་བླང་བའི་སེམས་ཡོངས་སུ་དག་པ་ཐོབ་པར་གྱུར་ན་ཡང་ཕྱིར་བླང་བར་ཡང་བྱའོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཆོས་གོས་གསུམ་མ་གཏོགས་པ་ཡོ་བྱད་ལྷག་པ། སངས་
རྒྱས་ཀྱིས་རྗེས་སུ་གནང་བ་ལུས་ཀྱི་ལོངས་སྤྱོད་དང་བདེ་བ་ལ་རེག་པར་གནས་པའི་རྗེས་སུ་མཐུན་པར་གྱུར་པ་དག །གལ་ཏེ་སློང་མོ་པ་འདོད་པ་རྣམས་ལ་སོ་སོར་བརྟགས་ཏེ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དགེ་བའི་ཕྱོགས་ལ་ལྟོས་པའི་ཕྱིར་ཡིན་གྱི། འདོད་པའི་ཁོངས་སུ་
གཏོགས་པ་མ་ཡིན་པས་སྦྱིན་པར་མི་བྱེད་ན་ཡང་ཁ་ན་མ་ཐོ་བ་མེད་པ་ཁོ་ན་ཡིན་ནོ། །གལ་ཏེ་ཆོས་ཀྱི་གླེགས་བམ་བྲིས་ཟིན་པ་སློང་མོ་པ་བྱིས་པའི་ཤེས་རབ་ཅན་རྣམས་ལ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །དེ་དག་ལ་སྦྱིན་པའི་ཕྱིར་གཞན་དག་ལ་སློང་བར་བྱེད་ན་ཡང་
ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གལ་ཏེ་བདག་གིས་འདི་ཆོས་ཟབ་མོ་རྣམས་འཛིན་དུ་གཞུག་པ་དང་མོས་པར་བྱ་ནུས་སོ་སྙམ་པ་དེ་ལྟ་བུ་ཁོ་ནའི་སེམས་ཀྱིས་སྦྱིན་པར་བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དམ་པའི་ཆོས་ལྟར་བཅོས་པའི་གླེགས་བམ་མམ་མུ་སྟེགས་ཅན་གྱི་བསྟན་
བཅོས་ཀྱི་གླེགས་བམ་ལ་དད་པའི་སེམས་ཅན་རྣམས་ལ་དེ་ཡི་གེར་འདྲིར་བཅུག་ནས་སམ། བྲིས་ཟིན་པ་ལག་ན་བདོག་པ་སྦྱིན་པར་བྱེད་དམ། གཞན་ལས་བསླངས་ཏེ་སྦྱིན་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །བྱང་ཆུབ་སེམས་དཔས་གླེགས་བམ་བྲིས་ཟིན་པ་ལག་ན་བདོག་པ་
དེ་ཡང་ཕྱིས་ཏེ། སངས་རྒྱས་ཀྱི་གསུང་རབ་ཡི་གེར་འདྲིར་གཞུག་པ་འམ། བདག་ཉིད་ཀྱིས་ཀྱང་སྙིང་པོ་མེད་པ་ཁོ་ནར་ཡོངས་སུ་ཤེས་པར་བྱ་ཞིང་། གཞན་དག་ལ་ཡང་ལེགས་པ་ཁོ་ནར་བསྒྲག་པར་བྱའོ། །གལ་ཏེ་གླེགས་བམ་མ་བྲིས་པ་སློང་བ་ཞིག་འོངས་ན་བྱང་ཆུབ་སེམས་དཔའ་དེ་ལ་
འདིས་ཁྱོད་ལ་ཇི་ཞིག་བྱ་ཞེས་ཡོངས་སུ་དྲི་བར་བྱ་སྟེ། གལ་ཏེ་བཙོངས་ལ་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་གལ་ཏེ་གླེགས་བམ་དེ་ཆོས་ཀྱི་དོན་དུ་སྟ་གོན་བྱས་པ་ཞིག་ཡིན་ན་ནི། དེ་ལ་སྦྱིན་པར་མི་བྱ་བར། རིན་བདོག་ན་རིན་སྦྱིན་པར་བྱའོ། །གལ་ཏེ་རིན་
Vol. 131 · folio 39b
མི་བདོག་ན་གཉི་ག་མ་བྱིན་ན་ཡང་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་ཆོས་ཀྱི་དོན་དུ་སྟ་གོན་བྱས་པ་མ་ཡིན་ན་ནི་ཇི་ནས་ཀྱང་བདེ་བར་ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཕྱིར། གླེགས་བམ་དེ་ཉིད་སྦྱིན་པར་བྱའོ། །དེ་བཞིན་དུ་གལ་ཏེ་གཞུང་ཤིན་ཏུ་ངན་པ་འདྲི་བར་འདོད་པའི་ཕྱིར་སློང་བ་ལ་མ་
བྱིན་ན་ཡང་ཁ་ན་མ་ཐོ་བ་མེད་དོ། །གཞུང་ཤིན་ཏུ་ངན་པ་འདྲི་བར་འདོད་པ་ལ་ཇི་ལྟ་བ་བཞིན་དུ་གཞུང་འབྲིང་འདྲི་བར་འདོད་པ་ལ་ཡང་དེ་བཞིན་ནོ། །གཞུང་ཁྱད་པར་དུ་འཕགས་པ་འདྲི་བར་འདོད་པའི་ཕྱིར་སློང་བ་ལ་མ་བྱིན་ན་ནི་ཁ་ན་མ་ཐོ་བ་དང་བཅས་པར་རིག་པར་བྱའོ། །འདི་ནི་བྱང་ཆུབ་
སེམས་དཔའ་ཕན་འདོགས་པའི་སེམས་ཅན་རྣམས་ལ་ཕན་འདོགས་པའི་མཚན་མའི་རྗེས་སུ་འབྲང་ཞིང་ཟང་ཟིང་དང་བཅས་པའི་སེམས་དང་ཕྱོགས་ཡོངས་སུ་གཟུང་བའི་ཚུལ་གྱིས་མཛའ་བཤེས་ཀྱི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་བྱེད་པའི་
སེམས་ཅན་རྣམས་ལ་གནོད་པ་བྱེད་པའི་མཚན་མའི་རྗེས་སུ་འབྲང་ཞིང་རྙོག་པའི་སེམས་དང་། དགྲ་བོར་ཡོངས་སུ་གཟུང་བའི་སེམས་ཀྱིས་དགྲ་བོའི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གནོད་པ་བྱེད་པ་ཡང་མ་ཡིན་ཕན་པ་བྱེད་པ་ཡང་མ་ཡིན་པའི་སེམས་
ཅན་རྣམས་ལ་ཐ་མལ་པའི་བསམ་པ་དང་། བཏང་སྙོམས་ཀྱི་བསམ་པ་སྐྱེད་པར་བྱེད་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །གལ་ཏེ་རབ་ཏུ་འབྱུང་བའི་ཕྱིར་གསོལ་བ་འདེབས་པ་ཞིག་འོངས་ན། དུས་ཀྱི་སྐྱོན་དང་དུས་ཐ་མའི་སྐྱོན་གྱི་རྗེས་སུ་འབྲང་ཞིང་རབ་ཏུ་འབྱིན་པར་མི་
བྱེད་ན་ནི་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་སྙིང་བརྩེ་བའི་སེམས་ཉེ་བར་གཞག་སྟེ་རབ་ཏུ་འབྱིན་པར་བྱེད་ན་ཡང་ཁ་ན་མ་ཐོ་བ་མེད་དོ། །རབ་ཏུ་འབྱིན་པ་ཇི་ལྟ་བ་བཞིན་དུ་བསྙེན་པར་རྫོགས་པར་བྱེད་པ་དང་། གནས་སྦྱིན་པར་བྱེད་པ་དང་། འཁོར་སྡུད་པར་བྱེད་པ་ཡང་དེ་བཞིན་དུ་
རིག་པར་བྱ་སྟེ། རྣམ་པ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་གསུམ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་ལ་སོགས་པ་རྒྱ་ཆེར་བསྟན་པ་རྣམས་ཀྱི་མདོར་བསྡུ་བ་བསྟན་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་མདོར་བསྡུ་ན་ཡོན་ཏན་
Vol. 131 · folio 40a
ལྔ་དང་ལྡན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དང་། ཡོངས་སུ་བསྔོ་བ་ཉིད་ཀྱིས་སོ། །སྦྱིན་པ་
ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་ཆགས་པ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པའི་གགས་སུ་གྱུར་པའི་ཆོས་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་པ་གང་ཡིན་པའོ། །དེ་ལ་མི་ལྟ་བ་ཉིད་ནི་ཟང་ཟིང་དང་དེའི་འབྲས་བུ་ལ་སེམས་འབྲེལ་པ་མེད་
པ་གང་ཡིན་པའོ། །དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་ཐམས་ཅད་རྣམ་པར་སྤངས་པ་ཉིད་གང་ཡིན་པའོ། །དེ་ལ་རྣམ་པར་རྟོག་པ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མི་ལྟ་བ་གང་ཡིན་པའོ། །དེ་ལ་ཡོངས་
སུ་བསྔོ་བ་ཉིད་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་སྨོན་ལམ་འདེབས་པ་གང་ཡིན་པའོ། །དེ་ལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རྣམ་པ་ལྔས་ཡོངས་སུ་ཟིན་པ་དེ་དག་ནི་བྱང་ཆུབ་སེམས་
དཔའི་སྦྱིན་པ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་བར་ཞེས་ཀྱང་བྱའོ། །ཐམས་ཅད་ཀྱི་སྦྱིན་པ་ཞེས་ཀྱང་བྱ། ཤེས་རབ་ཐམས་ཅད་ཀྱི་བར་ཞེས་ཀྱང་བྱའོ། །དཀའ་བ་སྦྱིན་པ་ཞེས་ཀྱང་བྱ། དཀའ་བའི་ཤེས་རབ་ཀྱི་བར་ཞེས་ཀྱང་བྱ་སྟེ། རྒྱས་པར་སའི་དངོས་གཞིར་བསྟན་པའི་སྡོམ་
གྱི་ཚིགས་སུ་བཅད་པ་ཐམས་ཅད་རྗེས་སུ་རྟོགས་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉེ་བའི་ཉོན་མོངས་པ་ནང་དང་ཕྱི་རོལ་ལ་བརྟེན་པ་རྣམ་པ་བཅུ་ཡོད་དེ། དེ་དག་གི་གཉེན་པོར་བྱང་ཆུབ་སེམས་དཔའི་སར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རྣམ་པ་བཅུ་བསྟན་པ་རྣམས་གཅིག་ལས་
འཕྲོས་པའི་གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལ་ཕྱི་རོལ་ལ་བརྟེན་པའི་ཉེ་བའི་ཉོན་མོངས་པ་ནི་རྣམ་པ་ལྔ་སྟེ། ཡོངས་སུ་ཉོན་མོངས་པ་དང་། སྤོངས་པ་དང་། བྱམས་པས་ཞེན་པ་མེད་པ་དང་། ཡིད་ལ་བསམ་པ་ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་མ་སྨིན་པའོ། །ནང་ལ་བརྟེན་
Vol. 131 · folio 40b
པའི་ཉེ་བའི་ཉོན་མོངས་པ་ཡང་རྣམ་པ་ལྔ་སྟེ། ངེས་པར་འབྱིན་པ་མ་ཡིན་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་ཅན་ཉིད་དང་། སྟོབས་དང་མི་ལྡན་པ་ཉིད་དང་། ཕྱོགས་སུ་ལྷུང་བ་དང་བཅས་པ་ཉིད་དང་། ཟད་པའི་ཆོས་ཅན་ཉིད་དོ། །ཚུལ་ཁྲིམས་ཀྱི་ལེའུར་ཚུལ་ཁྲིམས་རྣམ་པར་དག་པ་
རྣམ་པ་བཅུ་བསྟན་པ་ལ། རྣམ་པ་གཅིག་གིས་ནི་བསམ་པ་རྣམ་པར་དག་པ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་སྦྱོར་བ་རྣམ་པར་དག་པ་བསྟན་པར་རིག་པར་བྱའོ། །དེ་ལ་སྦྱོར་བ་ནི་རྣམ་པ་ལྔ་སྟེ། རྒྱུན་མི་འཆད་པའི་སྦྱོར་བ་དང་། ཡོངས་སུ་སྦྱོང་བའི་སྦྱོར་བ་དང་། ཡོངས་སུ་བསྔོ་
བའི་སྦྱོར་བ་དང་། གྲོགས་ཀྱི་སྦྱོར་བ་དང་། བསྲུང་བའི་སྦྱོར་བའོ། །དེ་ཡང་རྣམ་པ་གཉིས་པ་དང་། གསུམ་པ་གཉིས་ཀྱིས་ནི་སྦྱོར་བ་དང་པོ་བསྟན་ཏོ། །བཞི་པས་ནི་གཉིས་པའོ། །ལྔ་པས་ནི་གསུམ་པའོ། །དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་རྣམས་ཀྱིས་
ནི་བཞི་པའོ། །བཅུ་པས་ནི་སྦྱོར་བ་ལྔ་པ་བསྟན་པར་རིག་པར་བྱའོ། །བཟོད་པ་རྣམ་པར་དག་པའི་རྣམ་པ་བཅུ་ལ་རྣམ་པར་དག་པ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སོ་སོར་རྟོག་པའི་སྟོབས་ཀྱིས་རྣམ་པར་དག་པ་ནི་དགུས་བསྟན་ཏོ། །བསྒོམས་པའི་སྟོབས་ཀྱིས་རྣམ་པར་དག་པ་ནི་བཅུ་
པས་བསྟན་ཏོ། །སོ་སོར་རྟོག་པའི་སྟོབས་ཀྱིས་རྣམ་པར་དག་པ་དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་སྐྱེ་བ་ཡོངས་སུ་སྤོང་བས་རྣམ་པར་དག་པ་དང་། དེ་ཀུན་དུ་མི་སྤྱོད་པས་རྣམ་པར་དག་པ་དང་། ཁ་ན་མ་ཐོ་བ་མེད་པ་སྐྱེ་བས་རྣམ་པར་དག་པ་དང་། དེའི་རྒྱུ་ཡོངས་སུ་མི་
སྤོང་བས་རྣམ་པར་དག་པ་སྟེ། རྣམ་པ་གཅིག་དང་། གཉིས་དང་། གསུམ་དང་། གོ་རིམས་བཞིན་ནོ། །མི་བཟོད་པའི་རྒྱུ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་ཚ་བ་མེད་པ་དང་། ཁྲེལ་མེད་པ་དང་། སྙིང་རྗེ་མེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡང་
རྣམ་པ་བཅུས་རྣམ་པར་དག་པར་རིག་པར་བྱ་སྟེ། རྣམ་པར་སྦྱོར་བས་རྣམ་པར་དག་པ་དང་། ཡོངས་སུ་འདྲིས་པས་རྣམ་པར་དག་པ་དང་། རྩོམ་པས་རྣམ་པར་དག་པ་དང་། ཐབས་ཀྱིས་རྣམ་པར་དག་པ་དང་། དུས་འབྲས་བུ་ཡོད་པར་གནས་པས་རྣམ་པར་དག་པ་དང་། ཚེགས་མེད་པར་
Vol. 131 · folio 41a
གནས་པས་རྣམ་པར་དག་པ་དང་། ངེས་པར་འབྱུང་བས་རྣམ་པར་དག་པ་དང་། གྲོགས་ཀྱིས་ཡོངས་སུ་ཟིན་པས་རྣམ་པར་དག་པ་དང་། མངོན་པར་ཤེས་པ་མྱུར་བ་ཉིད་ཀྱིས་རྣམ་པར་དག་པ་དང་། མི་ཟད་པ་ཉིད་ཀྱིས་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་ཡང་རྣམ་པར་དག་པ་རྣམ་པ་བཅུས་རྣམ་པར་དག་པ་ཡིན་ཏེ། དག་པ་དེ་ཉིད་ཀྱིས་རྣམ་པར་དག་པ་དང་། ཟག་པ་མེད་པས་རྣམ་པར་དག་པ་དང་། དངོས་གཞིའི་ཐབས་ཀྱིས་རྣམ་པར་དག་པ་དང་། དངོས་གཞི་ཐོབ་པས་རྣམ་པར་དག་པ་དང་། དབང་གི་ཐབས་ཀྱིས་
རྣམ་པར་དག་པ་དང་། གནས་པ་ལ་དབང་བས་རྣམ་པར་དག་པ་དང་། མངོན་པར་ཤེས་པ་བསྒྲུབ་པ་ལ་དབང་བས་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་དབང་བས་རྣམ་པར་དག་པ་དང་། མུ་སྟེགས་ཅན་ཚར་གཅད་པ་ལ་དབང་བས་རྣམ་པར་དག་པ་དང་།
འབྲལ་བ་བླ་ན་མེད་པས་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་རྣམ་པ་ལྔ་སྟེ། མཚན་ཉིད་རྟོགས་པས་རྣམ་པར་དག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་རྣམ་པར་དག་པ་དང་། ལུང་འབོགས་པ་རྟོགས་པས་རྣམ་པར་དག་པ་དང་།
སྐྱེས་བུའི་བྱེད་པ་རྟོགས་པས་རྣམ་པར་དག་པ་དང་། འཐོབ་པ་རྟོགས་པས་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། སྨྲས་པ། མཚན་མའི་ལུས་ལ་དེ་བཞིན་ཉིད་ཀྱི་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ལུས་ལ་ཇི་ལྟ་བ་དེ་བཞིན་དུ།
ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ་ཞེས་རྒྱས་པར་བྱ་བ་དེ་དག་གང་ཞེ་ན། སྨྲས་པ། དེ་དེ་ལྟར་དེ་བཞིན་ཉིད་ཀྱི་དམིགས་པ་ལ་ཉེ་
བར་གནས་པའི་སེམས་ལ་མཚན་མ་དང་། གནས་ངན་ལེན་མི་སྣང་བར་གྱུར་པ་ཐམས་ཅད་དང་། ནང་དུ་ཡང་དག་པར་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ་ཞེས་རྒྱས་པར་བྱའོ། །མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་སྐྱེས་པ་སྣང་བར་གྱུར་པ་རྣམས་དང་།
Vol. 131 · folio 41b
ནང་དུ་ཡང་དག་པར་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་དང་། དེའི་གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ་ཞེས་རྒྱས་པར་བྱ་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་དང་པོར་དྲན་པ་ཉེ་བར་གཞག་
པ་དག་ལ་ནི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་རིག་པར་བྱའོ། །དེའི་འོག་ཏུ་དམིགས་པ་དེ་ཉིད་ལ་སེམས་གནས་པར་བྱ་བའི་ཕྱིར་ཡང་དག་པའི་སྤོང་བ་རྣམས་ཀྱིས་རྩོལ་བར་རིག་པར་བྱའོ། །དེའི་འོག་ཏུ་ཏིང་ངེ་འཛིན་ཐོབ་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྫུ་
འཕྲུལ་གྱི་རྐང་པ་ལ་སྦྱོར་བར་རིག་པར་བྱའོ། །དེའི་འོག་ཏུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་དབང་པོ་རྣམས་དང་། སྟོབས་རྣམས་ཀྱིས་ལམ་ཡང་དག་པར་རྩོམ་པར་རིག་པར་བྱ་སྟེ། དེ་ལ་དབང་པོ་རྣམས་ཀྱིས་
ནི་སྦྱོར་བའི་ལམ་ཆུང་ངུ་ཡང་དག་པར་རྩོམ་པར་རིག་པར་བྱེད་དོ། །སྟོབས་རྣམས་ཀྱིས་ནི་ཆེན་པོའོ། །དེའི་འོག་ཏུ་སྦྱོར་བ་ཡང་དག་པར་བརྩམས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡང་དག་པའི་མཐའ་རྟོགས་པར་བྱེད་པར་རིག་པར་བྱའོ། །དེའི་འོག་ཏུ་ཡང་དག་པའི་མཐའ་
རྟོགས་པས་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་ལམ་གྱི་ཡན་ལག་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྗེས་སུ་འཐོབ་པར་རིག་པར་བྱའོ། །མཚན་མ་དང་གནས་ངན་ལེན་གྱི་འཆིང་བ་ནི་རྣམ་པ་བཅུ་བཞིར་རིག་པར་བྱ་སྟེ།
དབང་པོའི་འཆིང་བ་དང་། ཡུལ་གྱི་འཆིང་བ་དང་། སེམས་ཅན་གཅིག་ལ་གཅིག་ཆགས་པའི་འཆིང་བ་དང་། གནས་ཀྱི་འཆིང་བ་དང་། ཤེས་པ་མི་ཤེས་པའི་འཆིང་བ་དང་། ཤེས་བྱ་མི་ཤེས་པའི་འཆིང་བ་དང་། ཡང་འབྱུང་བ་ལ་སྲེད་པའི་འཆིང་བ་དང་། འཇིག་པ་ལ་
སྲེད་པའི་འཆིང་བ་དང་། རྒྱུ་མི་མཐུན་པ་དང་། རྒྱུ་མེད་པ་ལ་མངོན་པར་ཞེན་པའི་འཆིང་བ་དང་། ཐོབ་པར་མངོན་པའི་ང་རྒྱལ་གྱི་འཆིང་བ་དང་། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་འཆིང་བ་དང་། གང་ཟག་གི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་འཆིང་བ་དང་། གང་
Vol. 131 · folio 42a
ཟག་ཡོངས་སུ་ཤེས་པར་མངོན་པའི་ང་རྒྱལ་གྱི་འཆིང་བ་དང་། ཆོས་ཡོངས་སུ་ཤེས་པར་མངོན་པའི་ང་རྒྱལ་གྱི་འཆིང་བའོ། །དེ་ལ་གནས་ནི་འདི་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་སྟེ། དེ་ལ་བརྟེན་ནས་དབང་པོ་རྣམས་འབྱུང་བར་འགྱུར་བའི་ཕྱིར་རོ། །
སྟོང་པ་ཉིད་ལ་བརྟེན་ནས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་མདོར་བསྡུ་ན་འདུ་ཤེས་ཀྱི་འཆིང་བ་རྣམ་པ་དྲུག་ལས་སེམས་རྣམ་པར་གྲོལ་བར་བྱ་སྟེ། འདུ་ཤེས་ཀྱི་འཆིང་བ་རྣམ་པ་དྲུག་གང་ཞེ་ན། ལུས་དང་ཆོས་རྣམས་ཀྱི་བར་ལ་ནང་དུ་འདུ་ཤེས་པ་
གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འཆིང་བ་དང་པོའོ། །དེ་དག་ཉིད་ལ་ཕྱི་རོལ་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་གཉིས་པའོ། །དེ་དག་ཉིད་ལ་ནང་དང་ཕྱི་རོལ་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་གསུམ་པའོ། །ཕྱོགས་བཅུའི་སེམས་ཅན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དེ་དག་རྣམ་པར་ཐར་བར་
བྱ་བའི་ཕྱིར་སྨོན་ལམ་བཏབ་ནས་དྲན་པ་ཉེ་བར་གཞག་པ་དག་སྒོམ་པར་བྱེད་པ་དེ་ལ་འདུ་ཤེས་པ་གང་ཡིན་པ་དེ་ནི་བཞི་པའོ། །གང་གི་ལུས་ལ་སོགས་པ་ལ་རྗེས་སུ་ལྟ་ཞིང་གནས་པ་དེ་ལ་འདུ་ཤེས་པ་གང་ཡིན་པ་དེ་ནི་ལྔ་པའོ། །ལུས་ལ་སོགས་པ་དེ་དག་ཉིད་ལ་རྣམ་པར་ལྟ་ཞིང་གནས་པ་དེ་ལ་
འདུ་ཤེས་པ་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་འཆིང་བ་དྲུག་པ་ཡིན་ནོ། །དེ་ལ་ལྟ་བའི་གོང་ནས་གོང་དུ་འདུ་ཤེས་ཀྱི་འཆིང་བ་རྣམ་པ་བཅུ་གཅིག་ཡོད་པར་རིག་པར་བྱ་སྟེ། གོང་ནས་གོང་དུ་འདུ་ཤེས་ཀྱི་འཆིང་བ་རྣམ་པ་བཅུ་གཅིག་གང་ཞེ་ན། ལུས་ལ་སོགས་པ་ལ་ལུས་ལ་སོགས་པར་
རྗེས་སུ་ལྟ་ཞིང་གནས་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདེན་པ་ལ་དོན་གྱི་མཆོག་ཏུ་འདུ་ཤེས་པ་གང་ཡིན་པ་དེ་ནི་དང་པོའོ། །ཀུན་ནས་ཉོན་མོངས་པའི་དོན་གྱི་མཆོག་དེ་ཉིད་ལ་བྱས་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་གཉིས་པའོ། །རྣམ་པར་བྱང་བ་པའི་དོན་གྱི་མཆོག་
དེ་ཉིད་ལ་མ་བྱས་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་གསུམ་པའོ། །མ་བྱས་པའི་དོན་གྱི་མཆོག་དེ་ཉིད་ལ་རྟག་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་བཞི་པའོ། །ཀུན་ནས་ཉོན་མོངས་པ་བྱས་པ་ལ་རྒྱུན་དུ་འཇུག་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་ལྔ་པའོ། །རྟག་པ་ཉིད་ལ་འགྱུར་བ་མེད་པར་
Vol. 131 · folio 42b
འདུ་ཤེས་པ་གང་ཡིན་པ་དེ་ནི་དྲུག་པའོ། །རྒྱུན་དུ་འཇུག་པ་དེ་ཉིད་ལ་སྡུག་བསྔལ་དང་འགྱུར་བ་དང་བཅས་པས་སྡུག་བསྔལ་གྱི་རང་བཞིན་ཅན་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་བདུན་པའོ། །དེ་ཉིད་ལ་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བ་ཉིད་ཀྱིས་རང་གི་མཚན་
ཉིད་ཀྱིས་འགྱུར་བ་དང་བཅས་པ་ཉིད་ཀྱིས་དེའི་རང་གི་མཚན་ཉིད་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་བརྒྱད་པའོ། །འགྱུར་བ་མེད་པ་དང་འགྱུར་བ་དང་བཅས་པའི་དོན་གྱི་མཆོག་དེ་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་འདུས་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་དགུ་
པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ཐམས་ཅད་ལས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་མེད་པར་འདུ་ཤེས་པ་གང་ཡིན་པ་དེ་ནི་བཅུ་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དེ་དག་ཉིད་ལ་ངོ་བོ་ཉིད་མེད་པའི་རང་གི་
མཚན་ཉིད་དུ་འདུ་ཤེས་པ་གང་ཡིན་པ་དེ་ནི་བཅུ་གཅིག་པ་སྟེ། དེ་ལྟར་གོང་ནས་གོང་དུ་འདུ་ཤེས་ཀྱི་འཆིང་བའི་རྣམ་པ་དེ་དག་ཤེས་ཤིང་མཐོང་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་བརྟེན་ནས་དྲན་པ་ཉེ་བར་གཞག་པ་དག་སྒོམ་པར་བྱེད་ཅིང་སེམས་ཀྱང་རྣམ་པར་གྲོལ་
བར་བྱེད་དེ། འདུ་ཤེས་ཀྱི་འཆིང་བ་དེ་ལས་རྣམ་པར་གྲོལ་ན། འདུ་ཤེས་ཀྱི་འཆིང་བ་ཐམས་ཅད་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །ཐེག་པ་ཆེན་པོ་པ་ལ་ལ་རང་གི་ཉེ་བར་བཟུང་ནས་འདི་སྐད་ཅེས་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ། དོན་དམ་པར་ནི་ཐམས་ཅད་མེད་དོ་ཞེས་ཟེར་
རོ། །དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དོན་དམ་པ་ནི་གང་ཡིན། ཀུན་རྫོབ་ནི་གང་ཡིན་ཞེས་བརྗོད་པར་བྱའོ། །དེ་སྐད་ཅེས་དྲིས་པ་ན། གལ་ཏེ་དེ་འདི་སྐད་ཅེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ལ། ངོ་བོ་ཉིད་མེད་པའི་ཆོས་དེ་དག་ལ་ངོ་བོ་ཉིད་དུ་དམིགས་པ་
གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཡོད་པ་མ་ཡིན་པ་དག་ལ་ཀུན་རྫོབ་ཏུ་བྱེད་པ་དང་། འདོགས་པ་དང་། མངོན་པར་བརྗོད་པ་དང་། ཐ་སྙད་དུ་བྱེད་པའི་ཕྱིར་རོ་ཞེས་ལན་འདེབས་པར་གྱུར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཅི་ངོ་བོ་ཉིད་དུ་དམིགས་
Vol. 131 · folio 43a
པ་དེ་མངོན་པར་བརྗོད་པ་དང་ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་པར་འདོད་དམ། འོན་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་པར་འདོད། གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་ནི་དེས་ན་མངོན་པར་བརྗོད་པ་དང་། ཀུན་རྫོབ་
ཀྱི་རྒྱུ་ལས་བྱུང་བ་ཡིན་པས་ཡོད་པ་མ་ཡིན་པ་ཞེས་བྱར་མི་རུང་ངོ་། །གལ་ཏེ་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཙམ་ཞིག་ཡིན་ན་ནི་དེས་ན་གཞི་མེད་པར་མངོན་པར་བརྗོད་པ་དང་། ཀུན་རྫོབ་ཅེས་བྱར་མི་རུང་ངོ་། །དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཅིའི་ཕྱིར་ན་གང་དམིགས་པ་དེ་མེད་པ་ཡིན་ཞེས་
ཀྱང་བརྗོད་པར་བྱའོ། །དེ་སྐད་དྲིས་པ་ན། གལ་ཏེ་དེ་འདི་སྐད་ཅེས་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་ལན་འདེབས་པར་གྱུར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཕྱིན་ཅི་ལོག་དེ་ཡོད་པར་འདོད་དམ་འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་དེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་
ཉིད་མེད་པ་ཉིད་ནི་དོན་དམ་པའོ་ཞེས་བྱར་མི་རུང་ངོ་། །གལ་ཏེ་མེད་ན་ནི་དེས་ན་ཕྱིན་ཅི་ལོག་གི་དངོས་པོ་ཡིན་པའི་ཕྱིར་གང་དམིགས་པ་དེ་ངོ་བོ་ཉིད་མེད་དོ་ཞེས་བྱར་མི་རུང་ངོ་། །ཐེག་པ་ཆེན་པོའི་མདོ་སྡེ་དོན་རབ་ཏུ་དབྱེ་བའི་རྒྱུ་བསྟན་པ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། སྟོན་པ་ལ་གུས་པ་བསྐྱེད་པ་
ཉིད་ཀྱི་ཕྱིར་བཤད་པ་ནི་དང་པོའོ། །འཁོར་ཡང་དག་པར་བསྡུ་བ་ཉིད་ཀྱི་ཕྱིར་བཤད་པ་ནི་གཉིས་པའོ། །ཆོས་ལ་རིམ་གྲོ་ཆེར་བསྐྱེད་པ་ཉིད་ཀྱི་ཕྱིར་བཤད་པ་ནི་གསུམ་པའོ། །དངོས་པོ་ཉེ་བར་དགོད་པ་ཉིད་ཀྱི་ཕྱིར་བཤད་པ་ནི་བཞི་པའོ། །དེ་ཁོ་ནའི་དོན་མང་དུ་བསྟན་པ་ཉིད་ཀྱི་ཕྱིར་
བཤད་པ་ནི་ལྔ་པའོ། །རང་གི་མཚན་ཉིད་ཡོངས་སུ་བརྟགས་པ་དང་། སྤྱིའི་མཚན་ཉིད་ཡོངས་སུ་བརྟགས་པ་ལས་བརྩམས་ནས། སྐྱེ་མཆེད་བཅུ་གཉིས་པོ་དག་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་ལམ་རྣམ་པ་བཅུ་ཡོད་པར་རིག་པར་བྱ་སྟེ། དེ་
ལ་རྣམ་པ་དྲུག་གིས་ནི་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་རང་གི་མཚན་ཉིད་ཡོངས་སུ་བརྟགས་པ་ཡིན་ལ། རྣམ་པ་བཞིས་ནི་སྤྱིའི་མཚན་ཉིད་ཡོངས་སུ་བརྟགས་པ་ཡིན་པར་རིག་པར་བྱ་སྟེ། མིག་ལ་སོགས་པའི་མིང་དང་བརྡ་རྣམ་པར་གཞག་པའི་མཚན་ཉིད་ལ་སྒྲ་ཙམ་གྱི་མཚན་ཉིད་དུ་ཡོངས་སུ་
Vol. 131 · folio 43b
ཤེས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་ལམ་དང་པོའོ། །གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་ལོག་པར་ཡོངས་སུ་རྟོགས་པས་སྐྱེ་བ་སྣ་ཚོགས་ཡོངས་སུ་འཛིན་པའི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་གཉིས་པའོ། །
གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་རྒྱུ་ལ་བརྟེན་ཏེ་འཇུག་པའི་མཚན་ཉིད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་གསུམ་པའོ། །གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་སྐད་ཅིག་ལ་འཇིག་ཅིང་འཇུག་པའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བཞི་པའོ། །གཞན་
ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་རྣམ་པར་དག་པར་འཇུག་པའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ལྔ་པའོ། །དེ་ལ་ལས་རྣམ་པ་གཉིས་ལ་བརྟེན་ནས་རྣམ་པར་དག་པ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མངོན་པར་གྲུབ་པའི་རྣམ་པར་དག་པ་དང་། ཉེ་བར་ཞི་བའི་རྣམ་པར་དག་
པའོ། །གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་མངོན་པར་བརྗོད་པའི་གཞིའི་གནས་ཀྱི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་དྲུག་པ་སྟེ། རྣམ་པ་དྲུག་པོ་དེ་དག་གིས་ནི་རང་གི་མཚན་ཉིད་ཡོངས་སུ་ཤེས་པར་རིག་པར་བྱའོ། །སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ལ་སྤྱིའི་
མཚན་ཉིད་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བདུན་པའོ། །གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ལ་སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་གྱི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་བརྒྱད་པའོ། །གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་
ཉིད་ལ་སྤྱིའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྤྱོད་ཡུལ་གྱི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་དགུ་པའོ། །གཞན་ཡང་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཉིད་ལ་སྤྱིའི་མཚན་ཉིད་རྣམ་པར་དག་པའི་རྒྱུའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་ཐོབ་པར་བྱ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་ལམ་བཅུ་པ་ཡིན་ཏེ། རྣམ་པ་བཞི་པོ་དེ་དག་གིས་ནི་སྤྱིའི་མཚན་ཉིད་ཡོངས་སུ་བརྟགས་པར་རིག་པར་བྱའོ། །གནས་པ་དང་ས་རྣམས་ཀྱི་གོང་ནས་གོང་མའི་ཁྱད་པར་ནི་ཁྱད་པར་རྣམ་པ་བརྒྱད་ཀྱིས་རིག་པར་བྱ་སྟེ། བསམ་
Vol. 131 · folio 44a
པའི་ཁྱད་པར་དང་། སེམས་རྣམ་པར་དག་པའི་ཁྱད་པར་དང་། སྙིང་རྗེའི་ཁྱད་པར་དང་། ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་དང་། སེམས་ཅན་ཡོངས་སུ་སྨིན་པའི་ཁྱད་པར་དང་། སངས་རྒྱས་སྣང་བར་འགྱུར་བ་དང་། མཆོད་པ་དང་བསྙེན་བཀུར་བྱེད་པའི་ཁྱད་པར་དང་།
སྐྱེ་བའི་ཁྱད་པར་དང་། མཐུའི་ཁྱད་པར་གྱིས་སོ།། །།བམ་པོ་སུམ་ཅུ་བདུན་པ། དོན་དམ་པ་ནི་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ་བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་དང་། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་
དང་། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །དེ་ལ་བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་ནི། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་
བ་བཞིན་བལྟ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་འདྲིས། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་ལ་དྲི་བ་དྲིས་པ། ཀྱེ་རྒྱལ་བའི་སྲས་ཆོས་ཐམས་ཅད་གཉིས་སུ་མེད་པ། ཆོས་ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་ན། ཆོས་ཐམས་ཅད་ནི་
གང་། ཇི་ལྟར་ན་གཉིས་སུ་མེད་པ་ཡིན། རིགས་ཀྱི་བུ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཅེས་བྱ་བ་ནི་གཉིས་ཇི་ཙམ་པ་སྟེ། འདུས་བྱས་དང་། འདུས་མ་བྱས་སོ། །དེ་ལ་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །འདུས་མ་བྱས་ཀྱང་འདུས་
མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འདུས་བྱས་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱང་མ་ཡིན། འདུས་བྱས་ཀྱང་མ་ཡིན། རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་
ནི་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་ཏུ་རྟོག་པ་ལས་བྱུང་བ། ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་
Vol. 131 · folio 44b
མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་ནོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང་། འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར། །དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །བརྗོད་
པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཡིན། འཕགས་པ་རྣམས་ཀྱིས་འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་
པར་བྱང་ཆུབ་པར་བྱ་བའི་ཕྱིར་འདུས་བྱས་ཞེས་མིང་དུ་བཏགས་སོ། །རིགས་ཀྱི་བུ་འདུས་མ་བྱས་ཞེས་བྱ་བ་དེ་ཡང་སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་
ཀུན་ཏུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་མ་བྱས་པ་ཡིན་ནོ། །རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ཡང་ཐ་སྙད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། འདུས་བྱས་དང་འདུས་མ་བྱས་སུ་རྟོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་
འགྱུར། དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཡེ་ཤེས་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ།
བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ཞེས་མིང་དུ་བཏགས་སོ། །ཀྱེ་རྒྱལ་བའི་སྲས་ཇི་ལྟར་ན་འཕགས་པ་རྣམས་ཀྱི་དངོས་པོ་དེ་འཕགས་པའི་ཡེ་ཤེས་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་
ཤིང་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་ཡིན། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་པ་མཁས་པ་ཞིག་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། རྩྭ་དག་གམ། ལོ་མ་དག་གམ།
Vol. 131 · folio 45a
ཤིང་དག་གམ། གསེག་མ་དག་གམ། གྱོ་དུམ་དག་གཅིག་ཏུ་བསྡུས་ནས་སྒྱུ་མའི་ལས་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་
དང་། མན་ཤེལ་དང་། བྱུ་རུའི་ཚོགས་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་དག་རྣམ་པར་བསྟན་ན། དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་བའི་རང་བཞིན་ཅན། རྩྭ་དང་། ལོ་མ་དང་།
ཤིང་དང་། གསེག་མ་དང་། གྱོ་དུམ་དེ་དག་མི་ཤེས་པ་དེ་དག་ནི་དེ་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ། །རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་
དང་། དུང་དང་། མན་ཤེལ་དང་། བྱུ་རུའི་ཚོགས་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་དེ་དག་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་། མངོན་པར་
ཞེན་ནས། འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་ཡང་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་
དང་ལྡན་པའི་རང་བཞིན་ཅན། རྩྭ་དང་། ལོ་མ་དང་། ཤིང་དང་། གསེག་མ་དང་། གྱོ་དུམ་དེ་དག་ནི་མཐོང་ངམ་ཐོས་ནས་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་དོ། །རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་།
ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུའི་ཚོགས་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་སྣང་བ་གང་ཡིན་པ་འདི་ནི་མེད་ཀྱི། གང་ལ་གླང་པོ་ཆེའི་ཚོགས་ཀྱི་འདུ་ཤེས་དང་། གླང་པོ་ཆེའི་ཚོགས་ཀྱི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་
Vol. 131 · folio 45b
བ་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་ཀྱི་བར་གྱི་འདུ་ཤེས་དང་། དེ་དག་གི་རྣམ་གྲངས་ཀྱི་འདུ་ཤེས་འབྱུང་བའི་སྒྱུ་མ་བྱས་པ་འདི་ནི་ཡོད་དོ། །མིག་སླུ་བར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་
དེ་དག་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་ནོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ། །
དེ་བཞིན་དུ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན། སོ་སོའི་སྐྱེ་བོར་གྱུར་པ། ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་མ་ཐོབ་པ་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་པར་མི་ཤེས་པ་དེ་དག་ནི་འདུས་བྱས་དང་འདུས་མ་བྱས་དེ་དག་མཐོང་ངམ་ཐོས་ནས་
འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་དེ་དག་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་
འདོགས་པར་ཡང་བྱེད་དོ། །དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་དགོས་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་བྱིས་པའི་རང་བཞིན་ཅན་མ་ཡིན་པ། བདེན་པ་མཐོང་བ། ཤེས་རབ་འཕགས་པ་འཇིག་རྟེན་ལས་འདས་པ་ཐོབ་པ། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ཆོས་
ཉིད་མངོན་པར་ཤེས་པ་དེ་དག་ནི་འདུས་བྱས་དང་འདུས་མ་བྱས་དེ་དག་མཐོང་ངམ་ཐོས་ན་འདི་སྙམ་དུ་སེམས་ཏེ། འདུས་བྱས་དང་འདུས་མ་བྱས་སྣང་བ་གང་ཡིན་པ་དེ་ནི་མེད་ཀྱི། གང་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་འདུ་ཤེས་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་གྲངས་
ཀྱི་འདུ་ཤེས་འབྱུང་བ། རྣམ་པར་རྟོག་པ་ལས་བྱུང་བ་འདུ་བྱེད་ཀྱི་མཚན་མ་སྒྱུ་མ་ལྟ་བུ་འདི་ནི་ཡོད་དོ། །བློ་རྣམ་པར་རྨོངས་པར་བྱེད་པ་འདི་ནི་ཡོད་དོ་སྙམ་དུ་སེམས་ཤིང་། དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ། དེ་ལ་ནན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་
Vol. 131 · folio 46a
པ་འདི་ནི་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་མི་འདོགས་ཀྱི། འདི་ལྟར་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པར་བྱེད་དེ། དེ་ནི་དེ་དག་གིས་ཕྱིས་ཉེ་བར་བརྟག་པར་བྱ་མི་དགོས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་འཕགས་
པ་རྣམས་ཀྱི་དངོས་པོ་དེ་འཕགས་པའི་ཡེ་ཤེས་དང་འཕགས་པའི་མཐོང་བས་རྗེས་སུ་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་། བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཞེས་མིང་དུ་བཏགས་པ་
ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང་། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་
ལ་དགའ་ཞིང་གཉིས་ལ་གནས། །མ་རྟོགས་པའམ་ལོག་པར་རྟོག་པ་དག །ལུག་དང་བ་ལང་དག་ཏུ་ཡང་སྐྱེ་ཞིང་། །དེ་དག་ཤེས་པའི་སྨྲ་བ་དེ་བོར་ནས། །ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར། །ཞེས་གསུངས་སོ། །དེ་ལ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་
པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་གསུངས་པ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་གྱི་དུས་རྣམས་ཀྱི་ཤིན་ཏུ་སྔ་བ་ཞིག་ན། འདི་ནས་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་བདུན་ཅུ་རྩ་བདུན་གྱི་བྱེ་མ་སྙེད་འདས་པ་ན། དེ་བཞིན་གཤེགས་པ་གྲགས་པ་རྒྱ་ཆེན་གྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་གྲགས་པ་ཅན་ཞེས་བགྱི་བ་དེར་བདག་མཆིས་པའི་ཚེ། དེ་ན་བདག་གིས་མུ་སྟེགས་ཅན་རང་རང་གི་སྟོན་པ་ལ་སོགས་པ་འབུམ་ཕྲག་
བདུན་ཅུ་རྩ་བདུན་འདི་ལྟ་སྟེ། ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་བསམས་པ་ལས་བརྩམས་ནས། ས་ཕྱོགས་ཞིག་ན་མཆིས་ཤིང་འདུས་ནས། དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་སེམས་པར་བགྱིད། འཇལ་པར་བགྱིད། ཉེ་བར་རྟོག་པར་བགྱིད། ཡོངས་སུ་
Vol. 131 · folio 46b
ཚོལ་བར་བགྱིད་ཀྱང་མ་རྟོགས་ནས། བློ་གྲོས་ཐ་དད་པ། ཡིད་གཉིས་ཅན། བློ་གྲོས་ངན་པ། རྩོད་པ་དང་། འགྱེད་པར་གྱུར་པ་དག །གཅིག་ལ་གཅིག་ཁ་སྟོབས་ཀྱིས་གནོད་པ་བགྱིས། ཞེར་འདེབས་པ་བགྱིས། གབ་གབ་ཀྱིས་གནོན་པ་བགྱིས། ཚར་གཅད་པར་
བགྱིད་དེ། སོ་སོར་མཆིས་པ་དག་ཅིག་མཐོང་ནས། བཅོམ་ལྡན་འདས་བདག་འདི་སྙམ་བགྱིད་དེ། ཀྱེ་མ་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་ཞིང་། དེ་དག་བྱུང་བས་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་འདི་ལྟ་བུ་རྟོག་པ་དང་
མངོན་སུམ་དུ་བགྱི་བ་མཆིས་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ་སྙམ་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་འཕགས་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་
ནི་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་
འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པ་ཡིན་པར་ངས་བཤད་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག་པར་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་
པ་དེ་ན་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་མཚན་མ་མེད་པའི་སྤྱོད་ཡུལ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་མཚན་མའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་
དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་བརྗོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་
Vol. 131 · folio 47a
ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་
དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་གཞན་ཡང་དོན་དམ་པ་ནི་རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་ངས་བཤད་ལ། རྟོག་གེ་ནི་
རྩོད་པའི་སྤྱོད་ཡུལ་ཡིན་ཏེ། ཆོས་འཕགས་དེའི་ཕྱིར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །ཆོས་འཕགས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གང་ཟག་ཇི་སྲིད་འཚོའི་བར་
དུ་ཚ་བ་དང་ཁ་བའི་རོ་བསྟེན་བསྟེན་པས་ནི་སྦྲང་རྩིའི་རོའམ། ཤ་ཁ་རའི་རོ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཡུན་རིང་པོ་ནས་འདོད་པའི་འདོད་ཆགས་ལ་མོས་པ་དང་འདོད་པའི་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུངས་པས་ནི་ནང་གི་རབ་ཏུ་དབེན་
པའི་བདེ་བ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་མཚན་མ་ཐམས་ཅད་དང་བྲལ་བ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཡུན་རིང་པོ་ནས་ཀུན་ཏུ་སྨྲ་བ་ལ་མོས་པ་ཀུན་ཏུ་སྨྲ་བ་ལ་མངོན་པར་དགའ་བས་ནི་ནང་གི་མི་སྨྲ་བ་འཕགས་པའི་
བདེན་པ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཡུན་རིང་པོ་ནས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ལ་མོས་པ། ཐ་སྙད་ལ་མངོན་པར་དགའ་བས་ནི་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་
ཚོགས་ལ་འགོག་པའི་མྱ་ངན་ལས་འདས་པ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཆོས་འཕགས་འདི་ལྟ་སྟེ། དཔེར་ན་ཡུན་རིང་པོ་ནས་བདག་གིར་ཡོངས་སུ་འཛིན་པ་ཉིད་ཀྱིས་རྩོད་པ་ལ་བརྩོན་པ། རྩོད་པ་ལ་མངོན་པར་དགའ་བས་ནི་བྱང་གི་
Vol. 131 · folio 47b
སྒྲ་མི་སྙན་པ་དག་གིས་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང་། རྩོད་པ་མེད་པ་ཉིད་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །ཆོས་འཕགས་དེ་བཞིན་དུ་རྟོག་གེ་པ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་
མཚན་ཉིད་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་
ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའོ། །དེ་ལ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། །བཅོམ་ལྡན་འདས་
ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་དོན་དམ་པ་ནི་ཕྲ་བ་ཟབ་པ་ཐ་དད་པ་དང་ཐ་དད་པ་ཉིད་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་རྟོགས་པར་དཀའ་བ་
ཡིན་ནོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་འདི་ན་བདག་གི་ས་ཕྱོགས་ཤིག་ན། བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་བཞུགས་པ་རབ་ཏུ་མང་པོ་དག་ཅིག་འདི་ལྟ་སྟེ། འདུ་
བྱེད་རྣམས་དང་། དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་བསམས་པ་ལས་བརྩམས་ཏེ། ཕན་ཚུན་ནས་མཆིས་ཤིང་མཆིས་ནས་འདུས་ཏེ་མཆིས་ནས། དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་
ལགས་སོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་དང་ཐ་དད་པ་མ་ལགས་པ་མ་ལགས་ཀྱི། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ལགས་སོ་ཞེས་མཆི། ཐེ་ཚོམ་དུ་གྱུར་པའི་བློ་གྲོས་ཅན་ཡིད་གཉིས་སུ་
Vol. 131 · folio 48a
གྱུར་པ་ཁ་ཅིག་ནི་འདི་སྐད་དུ། གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ལགས་སོ་ཞེས་མཆི་བ་དང་། གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆི་བའི་བྱང་ཆུབ་
སེམས་དཔའ་དེ་དག་ལ་གང་ནི་མད་པར་མཆི་བ་ལགས། གང་ནི་ཤོ་བེ་མཆི་བ་ལགས། གང་ནི་ཚུལ་བཞིན་དུ་ཞུགས་པ་ལགས། གང་ནི་ཚུལ་བཞིན་མ་ལགས་པར་ཞུགས་པ་ལགས་ཞེས་མཆི་བ་དག་ཅིག་མཐོང་ལགས་སོ། །བཅོམ་ལྡན་འདས་མཐོང་ནས་ཀྱང་བདག་འདི་
སྙམ་བགྱིད་དེ། རིགས་ཀྱི་བུ་འདི་དག་ཐམས་ཅད་ནི་འདི་ལྟར་དོན་དམ་པ་འདུ་བྱེད་རྣམས་དང་ཐ་དད་པ་དང་ཐ་དད་པ་མ་ལགས་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཕྲ་བ་མ་འཚལ་བ། བྱིས་པ་རྨོངས་པ་མི་གསལ་བ། མི་མཁས་པ། ཚུལ་བཞིན་མ་ལགས་པར་ཞུགས་
པ་ཤ་སྟག་ལགས་སོ་སྙམ་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཤིན་ཏུ་རྣམ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་དེ་དག་ཐམས་ཅད་ནི་འདི་ལྟར་དོན་
དམ་པ་འདུ་བྱེད་རྣམས་དང་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཕྲ་བ་མི་ཤེས་པ། བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཚུལ་བཞིན་མ་ཡིན་པར་ཞུགས་པ་ཤ་སྟག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་འདུ་བྱེད་
རྣམས་ལ་དེ་ལྟར་སོ་སོར་རྟོག་པ་དག་ནི་དོན་དམ་པ་རྟོག་པའམ། དོན་དམ་པ་མངོན་སུམ་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་
བདེན་པ་མཐོང་བ་ཡིན་པར་ཡང་འགྱུར། སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་བཞིན་དུ་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་ཡང་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་
Vol. 131 · folio 48b
ལས་དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི་དེས་ན་བདེན་པ་མཐོང་བ་རྣམས་ཀྱང་། འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་འགྱུར། འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་བདེན་པ་མཐོང་བ་ཡང་མཚན་མའི་འཆིང་བ་ལས་རྣམ་པར་གྲོལ་བར་ཡང་མི་འགྱུར། མཚན་མའི་འཆིང་བ་ལས་རྣམ་
པར་མ་གྲོལ་ན་གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་རྣམ་པར་མ་གྲོལ་བར་འགྱུར། འཆིང་བ་དེ་གཉིས་ལས་མ་གྲོལ་ན་བདེན་པ་མཐོང་བས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར་སོ་སོའི་སྐྱེ་བོ་བདེན་པ་མཐོང་བ་མ་ཡིན། སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་བཞིན་དུ་གྲུབ་པ་དང་། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་བ་དེའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱར་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་
ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར་བདེན་པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་དང་བྲལ་བ་མ་ཡིན་གྱི། བྲལ་བ་
ཁོ་ན་ཡིན་པ་དང་། བདེན་པ་མཐོང་བ་མཚན་མའི་འཆིང་བ་ལས་རྣམ་པར་མ་གྲོལ་བ་མ་ཡིན་གྱི། རྣམ་པར་གྲོལ་བ་ཡིན་པ་དང་། བདེན་པ་མཐོང་བ་གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་མ་གྲོལ་བ་མ་ཡིན་གྱི། རྣམ་པར་གྲོལ་བ་ཡིན་པ་དང་། འཆིང་བ་དེ་གཉི་ག་ལས་
རྣམ་པར་གྲོལ་ན་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་བ་དེའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་བྱར་
Vol. 131 · folio 49a
མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་
ཏུ་རྣམ་དག་གཞན་ཡང་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། དེས་ན་ཇི་ལྟར་འདུ་བྱེད་ཀྱི་མཚན་ཉིད་ཀྱང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་དེ་བཞིན་དུ་དོན་དམ་པའི་མཚན་ཉིད་ཀྱང་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པར་
འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ཡང་དེས་ན་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་ནི་སྤྱིའི་མཚན་ཉིད་དུ་གྱུར་པ་མ་ཡིན་པར་འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་གང་
གི་ཕྱིར་དོན་དམ་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་མ་ཡིན་པ་དང་། འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ལ་དོན་དམ་པའི་མཚན་ཉིད་སྤྱིའི་མཚན་ཉིད་དུ་གྱུར་པ་དེའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་བྱར་ཡང་མི་རུང་ལ།
དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་བྱར་ཡང་མི་རུང་སྟེ། དེ་ལ་གང་དག་དེ་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་ཟེར་བ་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་
ཞུགས་པ་ནི་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་གཞན་ཡང་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། དེས་ན་ཇི་ལྟར་དོན་དམ་པའི་མཚན་ཉིད་ཐམས་ཅད་ལ་བྱེ་བྲག་མེད་པ་དེ་བཞིན་དུ། འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་བྱེ་
བྲག་མེད་པར་འགྱུར་བ་དང་། རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་དང་། ཇི་ལྟར་བྱེ་བྲག་ཕྱེད་པ་དང་། ཇི་ལྟར་རྣམ་པར་ཤེས་པ་ལས་གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བར་ཡང་མི་འགྱུར་རོ། །གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་
Vol. 131 · folio 49b
པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི་དེས་ན་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་
གྲུབ་པར་འགྱུར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་གང་གི་ཕྱིར་འདུ་བྱེད་ཀྱི་མཚན་ཉིད་རྣམས་ནི་བྱེ་བྲག་ཡོད་པ་ཡིན་ཏེ། བྱེ་བྲག་མེད་པ་མ་ཡིན་པ་དང་། རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལས་གོང་དུ་དོན་དམ་པ་
ཡོངས་སུ་ཚོལ་བར་བྱེད་པ་དང་། དོན་དམ་པ་ནི་འདུ་བྱེད་རྣམས་ཀྱི་བདག་མེད་པས་རབ་ཏུ་ཕྱེ་བ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པ་མེད་པ་དེའི་ཕྱིར། འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་
མཚན་ཉིད་ཐ་དད་པའམ། ཐ་དད་པ་མ་ཡིན་པ་ཞེས་བྱར་མི་རུང་ངོ་། །དེ་ལ་གང་དག་འདི་སྐད་ཅེས་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པའམ། ཐ་དད་པ་ཞེས་ཟེར་བ་དེ་དག་ནི་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཚུལ་བཞིན་མ་ཡིན་པར་
ཞུགས་པ་ཡིན་གྱི། ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ། དཔེར་ན་དུང་གི་དཀར་པོ་ཉིད་ནི་དུང་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །དུང་གི་དཀར་པོ་ཉིད་ཇི་ལྟ་བ་
བཞིན་དུ། གསེར་གྱི་སེར་པོ་ཉིད་ཀྱང་དེ་བཞིན་ནོ། །པི་ཝང་གི་སྒྲའི་སྙན་པ་ཉིད་ཀྱང་པི་ཝང་གི་སྒྲ་ཉིད་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ། །ཨ་ཀ་རུ་ནག་པོའི་དྲི་ཞིམ་པོ་ཉིད་ཀྱང་ཨ་ཀ་རུ་ནག་པོ་དང་མཚན་ཉིད་ཐ་དད་པ་
མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །ན་ལེ་ཤམ་གྱི་ཚ་བ་ཉིད་ཀྱང་ན་ལེ་ཤམ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །ན་ལེ་ཤམ་གྱི་ཚ་བ་ཉིད་ཇི་ལྟ་བ་བཞིན་དུ་ཨ་རུ་རའི་བསྐ་བ་ཉིད་ཀྱང་དེ་བཞིན་
Vol. 131 · folio 50a
ནོ། །འདི་ལྟ་སྟེ། དཔེར་ན་ཤིང་བལ་གྱི་འདའ་བའི་འཇམ་པ་ཉིད་ཀྱང་ཤིང་བལ་གྱི་འདའ་བ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་མར་ལ་མར་གྱི་སྙིང་ཁུ་ཡང་མར་དང་མཚན་ཉིད་ཐ་
དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ཉིད་དང་། ཟག་པ་དང་བཅས་པ་ཐམས་ཅད་ལ་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་ཉིད་ཀྱང་དེ་དག་དང་
མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་ནོ། །བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ། དཔེར་ན་འདོད་ཆགས་ཀྱི་མ་ཞི་བའི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་འདོད་ཆགས་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ།
མཚན་ཉིད་ཐ་དད་དུ་གདགས་པར་སླ་བ་མ་ཡིན་པ་དང་། འདོད་ཆགས་ཀྱི་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་ཡང་དེ་བཞིན་དུ་རིག་པར་བྱའོ། །བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཀྱང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་
ཉིད་ཐ་དད་དུ་གདགས་པར་མི་བཟོད་དོ། །བློ་གྲོས་ཤིན་ཏུ་རྣམ་དག་ངས་ནི་དེ་ལྟར་དོན་དམ་པ། ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་
མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདུ་བྱེད་ཁམས་དང་དོན་
དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །སྐྱེ་བ་པོ་ཡིས་ལྷག་མཐོང་དང་། །ཞི་གནས་གོམས་པར་བྱས་ནས་ནི། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་
Vol. 131 · folio 50b
ལས་རྣམ་གྲོལ་འགྱུར། །ཞེས་གསུངས་སོ། །དེ་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་
ཁམས་ན། གང་དག་མངོན་པའི་ང་རྒྱལ་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་། ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ནི་ཇི་ཙམ་ཞིག་ཡོད་པར་ཤེས། ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན། གང་དག་མངོན་པའི་ང་རྒྱལ་མེད་པར་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ཇི་ཙམ་ཞིག་
ཡོད་པར་ཤེས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་མ་མཆིས་པར་ཤེས་པ་བརྡ་སྤྲོད་པར་བགྱིད་པའི་སེམས་ཅན་ནི་ཉུང་ཤས་ཅིག་མཆིས་པར་འཚལ་བ་ལགས་ཀྱི། བཅོམ་ལྡན་འདས་བདག་གིས་སེམས་
ཅན་གྱི་ཁམས་ན། གང་དག་མངོན་པའི་ང་རྒྱལ་ཅན། མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ནི་ཚད་མ་མཆིས། གྲངས་མ་མཆིས། བརྗོད་དུ་མ་མཆིས་པ་སྙེད་ཅིག་མཆིས་པར་འཚལ་ལགས་ཏེ། བཅོམ་ལྡན་འདས་བདག་
དུས་གཅིག་ཅིག་ན། དགོན་པ་ནགས་ཁྲོད་ཆེན་པོ་ཞིག་ན་མཆིས་པའི་ཚེ། དེ་ན་བདག་གི་ཉེ་འཁོར་ན་དགེ་སློང་རབ་ཏུ་མང་པོ་དག་ཅིག་ཀྱང་དགོན་པ་ནགས་ཁྲོད་ཆེན་པོ་ན་བརྟེན་ཅིང་གནས་ལགས་ཏེ། བདག་གིས་སྔ་དྲོའི་དུས་ཀྱི་ཚེ། དགེ་སློང་དེ་དག་ཕན་ཚུན་ནས་མཆིས་ཤིང་
མཇལ་ནས་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་དེ། དེ་ན་ཁ་ཅིག་ནི་ཕུང་པོ་དམིགས་པ་དང་། ཕུང་པོའི་མཚན་མ་དམིགས་པ་དང་། ཕུང་པོའི་སྐྱེ་བ་དམིགས་པ་དང་། ཕུང་པོའི་འཇིག་པ་དམིགས་པ་དང་། ཕུང་པོ་
འགོག་པ་དམིགས་པ་དང་། ཕུང་པོ་འགོག་པ་མངོན་དུ་བགྱི་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ཕུང་པོའི་དམིགས་པ་ཇི་ལྟ་བ་དེ་བཞིན་དུ། ཁ་ཅིག་ནི་སྐྱེ་མཆེད་དམིགས་པས། ཁ་ཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་
Vol. 131 · folio 51a
བགྱིད། ཁ་ཅིག་ནི་ཟས་དམིགས་པ་དང་། ཟས་ཀྱི་མཚན་མ་དམིགས་པ་དང་། ཟས་ཀྱི་སྐྱེ་བ་དམིགས་པ་དང་། ཟས་ཀྱི་འཇིག་པ་དམིགས་པ་དང་། ཟས་འགོག་པ་དམིགས་པ་དང་། ཟས་འགོག་པ་མངོན་དུ་བགྱི་བ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད།
ཁ་ཅིག་ནི་བདེན་པ་དམིགས་པ་དང་། བདེན་པའི་མཚན་མ་དམིགས་པ་དང་། བདེན་པ་ཡོངས་སུ་ཤེས་པ་དམིགས་པ་དང་། བདེན་པ་སྤང་བ་དམིགས་པ་དང་། བདེན་པ་མངོན་དུ་བགྱིད་པ་དམིགས་པ་དང་། བདེན་པ་བསྒོམ་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་
ནི་ཁམས་དམིགས་པ་དང་། ཁམས་ཀྱི་མཚན་མ་དམིགས་པ་དང་། ཁམས་སྣ་ཚོགས་པ་ཉིད་དམིགས་པ་དང་། ཁམས་དུ་མ་པ་དམིགས་པ་དང་། ཁམས་འགོག་པ་དམིགས་པ་དང་། ཁམས་འགོག་པ་མངོན་དུ་བགྱིད་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་དྲན་
པ་ཉེ་བར་གཞག་པ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པའི་མཚན་མ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པའི་བསྒོམ་པ་དམིགས་པ་དང་། དྲན་པ་ཉེ་བར་གཞག་པ་མ་སྐྱེས་པ་སྐྱེ་བ་དམིགས་པ་དང་།
དྲན་པ་ཉེ་བར་གཞག་པ་སྐྱེས་པ་གནས་པ་དང་། མ་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་བགྱིད། ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཇི་ལྟ་བ་དེ་བཞིན་དུ། ཁ་ཅིག་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་
རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ཁ་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མ་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མི་མཐུན་
པའི་ཕྱོགས་ཀྱི་གཉེན་པོ་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་སྐྱེས་པ་སྐྱེ་བ་དམིགས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེས་པ་གནས་པ་དང་། མ་བསྐྱུད་པ་དང་། སླར་ཞིང་
Vol. 131 · folio 51b
འབྱུང་བ་དང་། འཕེལ་ཞིང་རྒྱས་པ་དམིགས་པས་ཤེས་པ་བརྡ་སྤྲོད་པར་རིག་པ་དག་མཐོང་ལགས་སོ། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། ཚེ་དང་ལྡན་པ་འདི་དག་ནི་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་ཅིང་། འདི་ལྟར་
དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་མ་འཚལ་བས་ཚེ་དང་ལྡན་པ་འདི་དག་ཐམས་ཅད་ནི་མངོན་པའི་ང་རྒྱལ་ཅན། མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་། ཤེས་པ་བརྡ་སྤྲོད་པར་བགྱིད་པ་ཤ་སྟག་ལགས་སོ་སྙམ་བགྱིད་ལགས་སོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་
ཀྱིས་གང་གི་སླད་དུ་འདི་སྐད་ཅེས། དོན་དམ་པ་ནི་ཕྲ་བ། ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ་ཞེས་བཀའ་སྩལ་པ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་ཏེ། བཅོམ་
ལྡན་འདས་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ལ་ཞུགས་པ་དང་། དགེ་སློང་དུ་གྱུར་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་ལྟར་རྟོགས་པར་དཀའ་བ་ལགས་ན། འདི་ལས་སླད་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་
ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ།
མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་
པ་ཡིན་པར་ཡོངས་སུ་བསྟན་ཅིང་རབ་འབྱོར་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་རྣམས་དང་། བདེན་པ་རྣམས་དང་། ཁམས་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་།
Vol. 131 · folio 52a
དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི། ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །ཕུང་པོ་རྣམས་ལ་
རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ། སྐྱེ་མཆེད་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་
པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ། །རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཕུང་པོ་གཅིག་གི་དེ་བཞིན་ཉིད་དོན་དམ་
པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས། ཡང་དེ་ལས་གཞན་པའི་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། ཟས་རྣམས་དང་། བདེན་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་
སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་མི་བྱེད་ཀྱི། དེ་བཞིན་
ཉིད་ཀྱི་རྗེས་སུ་འབྲང་བ་གཉིས་སུ་མེད་པའི་ཤེས་པ་ལ་བརྟེན་པ་དེ་ཉིད་ཀྱིས། དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ངེས་པར་འཛིན་པ་དང་། མངོན་པར་རྟོགས་པ་ཁོ་ནར་བྱེད་དེ། རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་
ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཟས་དང་། བདེན་པ་དང་། ཁམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་
Vol. 131 · folio 52b
རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་འདི་དག་ཕན་ཚུན་མཚན་ཉིད་ཐ་དད་པ་དང་། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ། གལ་ཏེ་ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་
མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི་དེས་ན་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་ཞིང་མཚན་ཉིད་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ། །རྒྱུ་ལས་བྱུང་བ་ཉིད་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ། །འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཡིན་པར་མི་
འགྱུར་རོ། །དོན་དམ་པ་མ་ཡིན་ན་ནི་དོན་དམ་པ་གཞན་ཞིག་ཡོངས་སུ་བཙལ་དགོས་པར་འགྱུར་རོ། །རབ་འབྱོར་གང་གི་ཕྱིར་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་རྒྱུ་ལས་བྱུང་བ་མ་ཡིན་པ་དང་། འདུས་བྱས་མ་ཡིན་པ་དང་། དོན་དམ་པ་མ་ཡིན་པ་དང་། དོན་དམ་པ་དེའི་དོན་
དམ་པ་གཞན་ཡོངས་སུ་བཙལ་བར་བྱ་མི་དགོས་ཀྱི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་གནས་པར་བྱ་བའི་ཕྱིར། ཆོས་རྣམས་ཀྱི་ཆོས་ཉིད་དབྱིངས་དེ་ནི་རྣམ་པར་གནས་པ་ཁོ་ན་ཡིན་པ་དེའི་
ཕྱིར། རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་ཀྱི་རྣམ་པ་སྣ་ཚོགས་དུ་མ་མཚན་ཉིད་ཐ་དད་པ་ལ། མཚན་མ་མེད་པ་རྣམ་
པར་རྟོག་པ་མེད་པ་འགྱུར་བ་མེད་པ་སྟེ། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་
བཅད་པ་འདི་བཀའ་སྩལ་ཏོ། །དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །དེ་ལ་གང་དག་ཐ་དད་ཀུན་རྟོག་པ། །དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན། །ཞེས་གསུངས་པའོ།། །།བམ་པོ་སུམ་ཅུ་བརྒྱད་པ། དེ་ལ་སེམས་
Vol. 131 · folio 53a
ཀྱི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་
པའི་གསང་བ་ལ་མཁས་པ། བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ལགས། དེ་བཞིན་
གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་ཡང་དག་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །བློ་གྲོས་ཡངས་པ་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་
སེམས་པ་ནི་ལེགས་སོ། །ལེགས་སོ། །བློ་གྲོས་ཡངས་པ་དེའི་ཕྱིར་ཉོན་ཅིག་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཁྱོད་ལ་བཤད་པར་བྱའོ། །བློ་གྲོས་ཡངས་པ་ཁྱོད་འགྲོ་བ་དྲུག་གི་འཁོར་བ་འདི་ན་སེམས་ཅན་གང་དང་གང་དག་སེམས་
ཅན་གྱི་རིགས་གང་དང་གང་དུ་ཡང་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སམ། ཡང་ན་མངལ་ནས་སྐྱེ་བའམ། ཡང་ན་དྲོད་གཤེར་ལས་སྐྱེ་བའམ། ཡང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ལུས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་དེར་དང་པོར་འདི་ལྟར་ལེན་པ་རྣམ་པ་གཉིས་པོ་གནས་དང་
བཅས་པའི་དབང་པོ་གཟུགས་ཅན་ལེན་པ་དང་། མཚན་མ་དང་། མིང་དང་། རྣམ་པར་རྟོག་པ་ལ་ཐ་སྙད་འདོགས་པའི་སྤྲོས་པའི་བག་ཆགས་ལེན་པ་ལ་བརྟེན་ནས། ས་བོན་ཐམས་ཅད་པའི་སེམས་རྣམ་པར་སྨིན་ཅིང་འཇུག་ལ། རྒྱས་ཤིང་འཕེལ་བ་དང་། ཡངས་པར་འགྱུར་རོ། །
Vol. 131 · folio 53b
དེ་ལ་གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ། །བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེས་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ། །ཀུན་གཞི་
རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང་། རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱིས་ཀྱང་
ཀུན་ཏུ་བསགས་པ་དང་། ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ། །བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་
ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་། །དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་
པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་། །བློ་གྲོས་ཡངས་པ་དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་རྣ་བ་དང་། སྣ་དང་། ལྕེ་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་དང་། རེག་བྱ་རྣམས་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། ལུས་ཀྱི་རྣམ་པར་ཤེས་པ་དེ་དང་
ལྷན་ཅིག་རྗེས་སུ་འཇུག་པ། དུས་མཚུངས་པ། སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་ངོ་། །གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་ཅིག་འབྱུང་ན་ནི། མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་
པར་ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་གཉིས་སམ། གསུམ་མམ་བཞི་ལན་ཅིག་གམ། ལྔ་ཆར་ལན་ཅིག་འབྱུང་ན་ཡང་། དེར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དང་སྤྱོད་ཡུལ་མཚུངས་པ། རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་
Vol. 131 · folio 54a
ཤེས་པ་ཡང་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་། །བློ་གྲོས་ཡངས་པ་འདི་ལྟ་སྟེ་དཔེར་ན་ཆུ་ཀླུང་ཆེན་པོ་འབབ་པ་ལ། གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། རླབས་ཀྱང་གཅིག་ཁོ་ན་འབྱུང་ངོ་། །གལ་ཏེ་རླབས་གཉིས་སམ། གལ་ཏེ་རབ་ཏུ་
མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། རླབས་ཀྱང་གཉིས་སམ་རབ་ཏུ་མང་པོ་དག་འབྱུང་ཞིང་། ཆུའི་ཀླུང་དེ་རང་གི་རྒྱུན་གྱིས་རྒྱུན་འཆད་པར་ཡང་མི་འགྱུར་ལ། ཡོངས་སུ་ཟད་པར་ཡང་མི་འགྱུར་རོ། །མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་ཡང་། གལ་ཏེ་
གཟུགས་བརྙན་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་གཅིག་ཁོ་ན་འབྱུང་ངོ་། །གལ་ཏེ་གཟུགས་བརྙན་གཉིས་སམ། གལ་ཏེ་གཟུགས་བརྙན་རབ་ཏུ་མང་པོ་དག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན། གཟུགས་བརྙན་ཡང་གཉིས་སམ་རབ་ཏུ་
མང་པོ་དག་འབྱུང་ཞིང་། མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་དངོས་པོར་ཡོངས་སུ་འགྱུར་བ་ཡང་མ་ཡིན་ན། ཡོངས་སུ་སྦྱོར་བར་ཡང་མི་མངོན་ནོ། །བློ་གྲོས་ཡངས་པ་དེ་བཞིན་དུ་ཆུ་ཀླུང་ལྟ་བུ་དང་། མེ་ལོང་ལྟ་བུའི་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས།
གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་མིག་གི་རྣམ་པར་ཤེས་པ་གཅིག་ཁོ་ན་ལན་ཅིག་འབྱུང་ངོ་། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཆར་གྱི་བར་དག་ལན་ཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རྣམ་པར་ཤེས་པའི་ཚོགས་
ལྔ་ཆར་ལན་ཅིག་འབྱུང་ངོ་། །བློ་གྲོས་ཡངས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ལུགས་ཤེས་པ་ལ་བརྟེན་ཅིང་། ཆོས་ཀྱི་ལུགས་ཤེས་པ་ལ་གནས་ནས། སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ཡང་། དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་
སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན། དེ་ཙམ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོགས་སོ། །བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ལེན་པ་མི་མཐོང་། །ལེན་པའི་རྣམ་པར་ཤེས་པ་ཡང་མི་མཐོང་ལ།
Vol. 131 · folio 54b
དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་པ་དང་། ཀུན་གཞི་ཡང་མི་མཐོང་། ཀུན་གཞིའི་རྣམ་པར་ཤེས་པ་ཡང་མི་མཐོང་། བསྩགས་པ་ཡང་མི་མཐོང་། སེམས་ཀྱང་མི་མཐོང་། མིག་ཀྱང་མི་མཐོང་། གཟུགས་ཀྱང་མི་མཐོང་། མིག་གི་རྣམ་པར་ཤེས་པ་ཡང་མི་མཐོང་། རྣ་
བ་ཡང་མི་མཐོང་། སྒྲ་ཡང་མི་མཐོང་། རྣ་བའི་རྣམ་པར་ཤེས་པ་ཡང་མི་མཐོང་། སྣ་ཡང་མི་མཐོང་། དྲི་ཡང་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལྕེ་ཡང་མི་མཐོང་། རོ་ཡང་མི་མཐོང་། ལྕེའི་རྣམ་པར་ཤེས་པ་ཡང་མི་མཐོང་། ལུས་ཀྱང་མི་མཐོང་། རེག་བྱ་
ཡང་མི་མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ཞིང་། བློ་གྲོས་ཡངས་པ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནང་གི་སོ་སོ་རང་གི་ཡིད་ཀྱང་མི་མཐོང་། ཆོས་རྣམས་ཀྱང་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་མཐོང་ལ། དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིན་
ན། དེ་ནི་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཡང་བྱང་ཆུབ་སེམས་དཔའ་དོན་དམ་པ་ལ་མཁས་པ་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་པར་འདོགས་སོ། །བློ་གྲོས་ཡངས་པ་དེ་ཙམ་གྱིས་
ན་བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་འདོགས་ན་ཡང་དེ་ཙམ་གྱིས་འདོགས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་གསུངས་སོ། །དེ་ལ་ཆོས་རྣམས་
ཀྱི་མཚན་ཉིད་ནི། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱིས་ཞུ་བ་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ།
Vol. 131 · folio 55a
བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ལགས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་
མཁས་པར་འདོགས་ན་ཡང་ཇི་ཙམ་གྱིས་འདོགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་འབྱུང་གནས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་
བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ། །ལེགས་སོ། །ཡོན་ཏན་འབྱུང་གནས་དེའི་ཕྱིར་ཉོན་ཅིག་དང་། ཆོས་རྣམས་
ཀྱི་མཚན་ཉིད་ལ་མཁས་པ་ཁྱོད་ལ་བཤད་པར་བྱའོ། །ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་མཚན་ཉིད་ནི་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །
ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར། མིང་དང་བརྡས་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་གཞག་པ་གང་ཡིན་པའོ། །ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་
གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་
འབའ་ཞིག་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ། །ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟུན་པའི་རྒྱུ་དང་། ལེགས་པར་ཚུལ་བཞིན་ཡིད་ལ་
Vol. 131 · folio 55b
བྱས་པའི་རྒྱུས་དེ་རྟོགས་ཤིང་། དེ་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ། །ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གང་ཟག་རབ་རིབ་ཅན་གྱི་མིག་ལ་རབ་
རིབ་ཀྱི་སྐྱོན་ཆགས་པ་དེ་ལྟ་བུར་ནི་ཀུན་བརྟགས་པའི་མཚན་ཉིད་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་དེ་ཉིད་ལ་རབ་རིབ་ཀྱི་མཚན་མ་སྐྲ་ཤད་འཛིངས་པའམ། སྦྲང་མའམ། ཏིལ་གྱི་འབྲུའམ། སྔོན་པོའི་མཚན་མའམ། སེར་པོའི་མཚན་མའམ། དམར་
པོའི་མཚན་མའམ། དཀར་པོའི་མཚན་མ་སྣང་བར་གྱུར་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གང་ཟག་དེ་ཉིད་ཀྱི་མིག་ཡོངས་སུ་དག་ཅིང་མིག་ལ་རབ་རིབ་ཀྱི་སྐྱོན་ཆགས་པ་དང་བྲལ་བར་གྱུར་པ་ན། མིག་
དེ་ཉིད་ཀྱི་རང་བཞིན་གྱི་སྤྱོད་ཡུལ་མ་ནོར་བའི་སྤྱོད་ཡུལ་དེ་ལྟ་བུར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་ནི་གང་གི་ཚེ་ཚོན་སྔོན་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི། ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་ལྟ་བུར་སྣང་
བར་འགྱུར་ཞིང་། ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོར་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །གང་གི་ཚེ་ཚོན་དམར་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི། ནོར་བུ་རིན་པོ་ཆེ་པདྨ་རཱ་ག་ལྟ་བུར་སྣང་བར་འགྱུར་ཞིང་། ནོར་བུ་རིན་པོ་ཆེ་
པདྨ་རཱ་གར་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །གང་གི་ཚེ་ཚོན་ལྗང་གུ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི། ནོར་བུ་རིན་པོ་ཆེ་མརྐཏ་ལྟ་བུར་སྣང་བར་འགྱུར་ཞིང་། ནོར་བུ་རིན་པོ་ཆེ་མརྐཏ་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་
པར་བྱེད་དོ། །གང་གི་ཚེ་ཚོན་སེར་པོ་དང་ཕྲད་པར་གྱུར་པ་དེའི་ཚེ་ནི། གསེར་ལྟ་བུར་སྣང་བར་འགྱུར་ཞིང་། གསེར་དུ་ལོག་པར་འཛིན་པས་ཀྱང་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་དོ། །ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་ཚོན་དང་ཕྲད་པ་དེ་ལྟ་
Vol. 131 · folio 56a
བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ། ཀུན་བརྟགས་པའི་མཚན་ཉིད་ཀྱི་ཐ་སྙད་ཀྱི་བག་ཆགས་བལྟ་བར་བྱའོ། །འདི་ལྟ་སྟེ་དཔེར་ན་ཤེལ་ཤིན་ཏུ་གསལ་བ་ལ་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་དང་། མརྐཏ་དང་།
གསེར་དུ་ལོག་པར་འཛིན་པ་དེ་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་ལ། ཀུན་བརྟགས་པའི་མཚན་ཉིད་དུ་འཛིན་པར་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས་འདི་ལྟ་སྟེ་དཔེར་ན། ཤེལ་ཤིན་ཏུ་གསལ་བ་ཉིད་ལྟ་བུར་ནི་གཞན་གྱི་དབང་གི་མཚན་ཉིད་བལྟ་བར་བྱའོ། །འདི་ལྟ་སྟེ་
དཔེར་ན། ཤེལ་ཤིན་ཏུ་གསལ་བ་དེ་ཉིད་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་དང་། མརྐཏ་དང་། གསེར་གྱི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་ཡོངས་སུ་མ་གྲུབ་ཅིང་། ངོ་བོ་ཉིད་མེད་པ་དེ་ལྟར་བུར་ནི་གཞན་
གྱི་དབང་གི་མཚན་ཉིད་དེ། ཀུན་བརྟགས་པའི་མཚན་ཉིད་དེར་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ཡོངས་སུ་མ་གྲུབ་ཅིང་། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་བལྟ་བར་བྱའོ། །ཡོན་ཏན་འབྱུང་གནས་དེ་ལ་མིང་དང་འབྲེལ་པའི་མཚན་མ་ལ་བརྟེན་
ནས་ནི་ཀུན་བརྟགས་པའི་མཚན་ཉིད་རབ་ཏུ་ཤེས་སོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་ལ་བརྟེན་ནས་ནི་གཞན་གྱི་དབང་གི་མཚན་ཉིད་རབ་ཏུ་ཤེས་སོ། །གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་དུ་མངོན་པར་ཞེན་
པ་མེད་པ་ལ་བརྟེན་ནས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། མཚན་ཉིད་མེད་པའི་ཆོས་ཡང་དག་
པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་
Vol. 131 · folio 56b
བྱང་ཆུབ་སེམས་དཔས་ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ན། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཡོན་ཏན་འབྱུང་གནས་དེ་ལ་བྱང་ཆུབ་སེམས་དཔས་གཞན་གྱི་དབང་གི་མཚན་ཉིད་ལ་མཚན་ཉིད་མེད་པའི་ཆོས་
ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ན། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ངོ་། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ན། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་འཐོབ་པར་འགྱུར་ཏེ། ཡོན་ཏན་འབྱུང་གནས་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་ན།
ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། མཚན་ཉིད་མེད་པ་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། མཚན་ཉིད་མེད་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ནས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤོང་ཞིང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་རབ་ཏུ་སྤངས་ནས། རྣམ་པར་བྱང་བའི་མཚན་ཉིད་
ཀྱི་ཆོས་འཐོབ་པར་འགྱུར་བ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པ་ཡིན་ལ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པར་འདོགས་པར་མཛད་པ་ན་ཡང་དེ་ཙམ་གྱིས་འདོགས་པར་མཛད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མཚན་ཉིད་མེད་པའི་ཆོས་ནི་རབ་ཤེས་ན། །ཀུན་ནས་ཉོན་མོངས་མཚན་ཉིད་ཆོས་སྤོང་འགྱུར། །ཀུན་ནས་ཉོན་མོངས་ཆོས་ནི་རབ་སྤངས་ན། །ཤིན་ཏུ་རྣམ་དག་མཚན་ཉིད་ཆོས་འཐོབ་འགྱུར། །
སྐྱེ་བོ་བག་མེད་ཉེས་རྩོམ་ལེ་ལོ་ཅན། །འདུ་བྱེད་སྐྱོན་ལ་རྟོག་པར་མི་བྱེད་པ། །བརྟན་མེད་གཡོ་བ་མེད་པའི་ཆོས་རྣམས་ལ། །རབ་ཏུ་ཉམས་པས་སྙིང་བརྩེར་བྱས་པ་ཡིན། །ཞེས་གསུངས་པའོ། །དེ་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་དགོངས་པ་ངེས་པར་འགྲེལ་པའི་
Vol. 131 · folio 57a
མདོ་ལས་ཇི་སྐད་འབྱུང་བ་བཞིན་བལྟ་བར་བྱ་སྟེ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆིས་པའི་ཚེ། སེམས་ཀྱི་ཡོངས་སུ་
རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་དང་། སྤང་བ་དང་། ཡོངས་སུ་ཤེས་པ་ཡང་བཀའ་སྩལ། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་དེ་
བཞིན་དུ་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟས་རྣམས་ཀྱི་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཡོངས་སུ་ཤེས་པ་དང་། སྤང་བ་དང་། མངོན་དུ་བགྱི་བ་དང་། བསྒོམ་
པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཁམས་སྣ་ཚོགས་པ་ཉིད་དང་། ཁམས་དུ་མ་བ་ཉིད་དང་། སྤང་བ་དང་། ཡོངས་སུ་ཤེས་པ་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་
དུ་མར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་
སྩལ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་
འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། བསྒོམ་པ་དང་། མ་སྐྱེས་པ་རྣམས་སྐྱེ་བ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་
Vol. 131 · folio 57b
ཀྱང་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་
ནས། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་སྙམ་བགྱིད་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་
ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་སྩལ་པའི་དོན་དེ་ཉིད། བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དོན་དམ་ཡང་དག་འཕགས། ཁྱོད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་དགེ་བ་ཚུལ་བཞིན་སྐྱེས་པ་ལེགས་སོ། །ལེགས་སོ། །དོན་དམ་ཡང་དག་འཕགས་ཁྱོད་དེ་ལྟར་སྐྱེ་བོ་མང་པོ་ལ་
ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཏེ། དེ་བཞིན་གཤེགས་པ་ལ་ཁྱོད་དོན་འདི་ཉིད་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །དོན་དམ་ཡང་དག་
འཕགས་དེའི་ཕྱིར་ཁྱོད་ཉོན་ཅིག་དང་། ངས་ཅི་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་
ཡང་དག་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལས་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། །དོན་དམ་ཡང་དག་
Vol. 131 · folio 58a
འཕགས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡར་རྣམ་པར་གཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་
པས། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་
བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་
པ་དེ་དག་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་
རྣམ་པར་དག་པའི་དམིགས་པ་མ་ཡིན་པས། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དོན་དམ་ཡང་དག་འཕགས་གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་
དམ་ཡང་དག་འཕགས་ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེ་ནི་དོན་དམ་པ་ཡིན་ལ། དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས། དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །
དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །དོན་དམ་ཡང་དག་འཕགས་དེ་ལ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བྱས་པ་ཇི་ལྟ་བ་དེ་ལྟ་བུར་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱང་བལྟ་བར་བྱའོ། །དོན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words