རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 133 · folio 1b

༄༅༅། །རྒྱ་གར་སྐད་དུ། ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ། འཕགས་པ་

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །དང་པོར་བསྟན་

བཅོས་ཀྱི་ལུས་རྣམ་པར་གཞག་པར་བྱ་བའི་ཕྱིར། ཆོས་བཅུ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའི་ལམ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའོ། །འབྲས་

བུ་ནི་སྤངས་པ་རྣམ་པ་གཉིས་དང་། ཡེ་ཤེས་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་དང་། རྣམ་པར་དག་པའི་ཡེ་ཤེས་དང་། ཐོགས་

པ་མེད་པའི་ཡེ་ཤེས་སོ། །སངས་རྒྱས་པར་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུའོ། །འདི་དག་ཉིད་གཉིས་ཀ་ཡང་ཐེག་པ་ཆེན་པོ་ཞེས་བྱ་སྟེ། འདི་ནས་འགྲོ་བས་སམ། འདི་དག་འགྲོ་

Vol. 133 · folio 2a

བའི་ཕྱིར་ཐེག་པའམ། བགྲོད་བྱའམ། འགྲོ་བ་ནི་ཐེག་པ་ཞེས་བྱས་ནས་སོ། །ཆེན་པོ་ཡང་དེ་ཡིན་ལ་ལམ་ཡང་དེ་ཡིན་པས་ན་ཐེག་པ་ཆེན་པོའོ། །ཡང་ཐེག་པ་ཆེན་པོ་ནི་ཆེན་པོ་རྣམ་པ་བདུན་དང་ལྡན་

པས་སོ། །ཆོས་ཆེན་པོ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་དཔག་ཏུ་མེད་པའི་མདོ་སྡེ་ལ་སོགས་པའི་ཆོས་སྟོན་པ་ལ་སྦྱོར་བ་ཉིད་དོ། །སེམས་བསྐྱེད་པ་ཆེན་པོ་ནི་ཡོན་ཏན་དང་སྐྱོན་ཐམས་ཅད་ཐོབ་པ་དང་སྤངས་པའི་མཐར་ཐུག་པ་

ལ་གནས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །མོས་པ་ཆེན་པོ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མངོན་པར་མོས་པ་ཉིད་དོ། །བསམ་པ་ཆེན་པོ་ཉིད་ནི་ལྷག་པའི་བསམ་པ་རྣམ་པར་

དག་པའི་ས་ལ་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པའི་བསམ་པ་ཐོབ་པ་ཉིད་དོ། །ཚོགས་ཆེན་པོ་ཉིད་ནི་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་རེ་རེ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་

ཏུ་མེད་པ་ཉེ་བར་སོགས་པར་བྱེད་པ་ཉིད་དོ། །དུས་ཆེན་པོ་ཉིད་ནི་བསྐལ་པ་མི་ཉུང་བ་གྲངས་མེད་པར་རྒྱུན་མི་འཆད་པར་སྦྱོར་བ་ཉིད་དོ། །འབྲས་བུ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་བདག་

Vol. 133 · folio 2b

ཉིད་ཆེ་བ་ཐོབ་པ་ཉིད་དོ། །བྱང་ཆུབ་སེམས་དཔའི་ས་དེ་དག་ཀྱང་མདོར་བསྡུ་ན་གནས་སྐབས་གཉིས་ཏེ། རྒྱུའི་གནས་སྐབས་དང་། འབྲས་བུའི་གནས་སྐབས་སོ། །དེ་ལ་གཞི་ལ་སོགས་པ་རྒྱུ་ནི་ཇི་ལྟར་རིགས་པར་རྒྱུ་དང་འབྲས་བུའི་གནས་སྐབས་སོ། །ཐ་མ་ནི་འབྲས་བུའི་གནས་

སྐབས་ཁོ་ནས་བསྡུས་པ་ཉིད་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའི་ས་མ་ལུས་པ་ནི་གནས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །གཞིའི་རྣལ་འབྱོར་གྱི་གནས་དང་། གཞིའི་རྗེས་སུ་མཐུན་པའི་རྣལ་འབྱོར་གྱི་གནས་དང་། གཞིའི་མཐར་ཐུག་པའི་རྣལ་འབྱོར་གྱི་གནས་སོ། །གཞིའི་

རྣལ་འབྱོར་གྱི་གནས་ནི་ལེའུ་བཅོ་བརྒྱད་ཀྱིས་བསྡུས་པའོ། །གཉིས་པ་ནི་ལེའུ་བཞིས་བསྡུས་སོ། །གསུམ་པ་ནི་ལེའུ་ལྔའི་བདག་ཉིད་དོ། །ཡང་གནས་གསུམ་གྱིས་བསྡུས་པར་རིག་པར་བྱ་སྟེ། རྒྱུའི་ཁྱད་པར་དང་། འབྲས་བུའི་ཁྱད་པར་དང་། དེ་གཉི་གའི་གནས་སྐབས་ཀྱི་ཁྱད་པར་

སྟེ། དང་པོ་དང་། ཐ་མ་དང་། བར་མ་རྣམས་ཇི་ལྟར་རིགས་པར་རོ། །དེ་ལ་གཞི་ལ་སོགས་པའི་གོ་རིམས་ནི་འདི་ཡིན་ཏེ། དང་པོ་ཉིད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སློབ་པར་བྱེད་པ་ན་དེའི་རྒྱུའི་ཚོགས་རྣམ་པ་གསུམ་ནི་གཞི་སྟེ། དེ་ཉེ་བར་བླངས་ནས་འཇུག་པ་ཞེས་བྱ་

བས་ནི་གཞི་བསྟན་པ་ཡིན་ནོ། །དེ་ལས་ཐ་མ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་མཚན་ཉིད་ཀྱི་གཞི་ལ་འཇུག་པ་ན། དགེ་སྦྱོང་དང་ཐུན་མོང་དུ་གྱུར་པའི་རྟགས་འབྱུང་བར་འགྱུར་ཏེ། རྟགས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཡང་དག་པར་ཆུད་པ་འཐོབ་པར་འགྱུར་བ་སྟེ།

བརྩེ་བ་དང་བཅས་པ་དང་། སྙན་པར་སྨྲ་བ་དང་། བརྟན་པ་དང་། ལག་བརྐྱང་བ་དང་། དོན་ཟབ་མོའི་དགོངས་པ་ངེས་པར་འགྲེལ་པའོ། །ཡང་རྟགས་དེ་དག་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སོགས་པ་ཕྱོགས་ཀྱི་ཆོས་ལ་སྦྱོར་བ་ནི་ཁྱིམ་པའི་ཕྱོགས་སམ། རབ་ཏུ་བྱུང་བའི་

ཕྱོགས་ལ་འཇུག་པར་འགྱུར་རོ། །དེ་ལྟ་བས་ན་དེའི་རྗེས་ལ་ཕྱོགས་བསྟན་ཏོ། །ཡང་རྟགས་དེ་དག་འགྲོ་བ་དེ་དག་ཏུ་ཕྱོགས་དེ་དག་གིས་འཇུག་པར་གྱུར་པ་རྣམས་ལས་ཀྱང་ལྷག་པའི་བསམ་པ་རྣམ་པར་སྦྱངས་པ་རྣམས་ལ་འབྱུང་གི་གཞན་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་རྗེས་ལ་

Vol. 133 · folio 3a

ལྷག་པའི་བསམ་པ་བསྟན་ཏོ། །ཇི་སྐད་བསྟན་པའི་བྱང་ཆུབ་ཀྱི་གཞི་ལ་ཞུགས་པ་རྣམས་ལ་ཇི་སྐད་བསྟན་པའི་རྟགས་རྣམས་མཐོང་བར་གྱུར་ཅིང་བྱང་ཆུབ་སེམས་དཔའི་ཕྱོགས་ཀྱི་སྦྱོར་བ་དང་ཡང་དག་པར་ལྡན་པར་གྱུར་པས། ཇི་སྐད་བསྟན་པའི་བྱང་ཆུབ་སེམས་

དཔའི་ལྷག་པའི་བསམ་པ་རྣམ་པར་སྦྱོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་གནས་པ་བཅུ་གཉིས་དང་། བཅུ་གསུམ་པ་དེ་བཞིན་གཤེགས་པའི་གནས་པ་ལ་གནས་པར་འགྱུར་རོ་ཞེས་བྱ་བར་དེའི་རྗེས་ལ་གནས་པ་བསྟན་ཏེ། གནས་པ་འདི་དག་ལ་གནས་

ཤིང་གནས་པ་ཐམས་ཅད་ལ་འཇུག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཁ་ན་མ་ཐོ་བ་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་སྐྱེ་བ་རྣམ་པ་ལྔ་ལེན་པར་བྱེད་པ་བསྟན་པར་བྱ་བའི་ཕྱིར་དེའི་རྗེས་ལ་སྐྱེ་བ་བསྟན་ཏོ། །དེ་བཞིན་དུ་གནས་པ་ཐམས་ཅད་དུ་

གཏོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་དྲུག་གིས་སེམས་ཅན་རྣམས་ཡང་དག་པར་འཛིན་ཏོ་ཞེས་བྱ་བར་དེའི་རྗེས་ལ་ཡོངས་སུ་འཛིན་པ་ཉེ་བར་བསྟན་ཏོ། །ཇི་སྐད་བསྟན་པའི་གནས་པ་བཅུ་གསུམ་དུ་གཏོགས་པ་དེ་དག་ས་བདུན་དུ་འགྱུར་རོ་ཞེས་

བྱ་བར་དེའི་རྗེས་ལ་ས་ཉེ་བར་བསྟན་ཏོ། །མོས་པས་སྤྱོད་པའི་ས་ནས་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་བཞིར་འགྱུར་བས་དེའི་རྗེས་ལ་སྤྱོད་པ་བསྟན་ཏོ། །དེ་ལྟ་བུའི་སྤྱོད་པ་དང་ལྡན་པ་རྣམས་ནི་དེ་བཞིན་གཤེགས་པའི་གནས་པ་ལས་

བརྩམས་ཏེ་དེ་བཞིན་གཤེགས་པའི་སའི་མཐར་ཐུག་པར་གཏོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་བསྟན་པ་ནི་རབ་ཏུ་གནས་པ་སྟེ། དེ་ལ་སྣང་བ་དང་ཚིག་གི་སྦྱོར་བ་དང་ལྡན་པའི་ཕྱིར། སངས་རྒྱས་དེ་ལ་རབ་ཏུ་བཞུགས་པས་ན་རབ་ཏུ་གནས་པ་ཞེས་བྱའོ། །འདིས་འཛིན་

པར་བྱེད་པས་ན་གཞི་སྟེ། རྟོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཐོག་མ་དང་བར་མ་དང་ཐ་མར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཐོབ་པ་དང་། རྗེས་སུ་མཐུན་པའི་ཆོས་ནི་རིགས་ལ་སོགས་པའི་ཆོས་གསུམ་ཡིན་པར་རིག་པར་བྱའོ། །གཞིའི་དབྱེ་བ་ཡང་མདོར་བསྡུ་ན་རྣམ་པ་ལྔར་

Vol. 133 · folio 3b

རིག་པར་བྱ་སྟེ། ངོ་བོའི་དབྱེ་བ་བསྟན་པ་དང་། དེའི་དོན་བསྟན་པ་དང་། རྩ་བའི་གཞིར་བསྟན་པ་ཉིད་དང་། ཉེ་བའི་གཞིར་བསྟན་པ་དང་། རྣམ་གྲངས་ཉེ་བར་བསྟན་པའོ། །དེ་ལ་ངོ་བོའི་དབྱེ་བའི་དབང་དུ་བྱས་ནས་འདི་ལ་བྱང་ཆུབ་སེམས་དཔའི་རང་གི་རིགས་དང་། དང་པོ་སེམས་

བསྐྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་གཞི་ཞེས་བྱའོ་ཞེས་བྱ་བ་ལ། དང་པོའི་གཞི་ནི་རིགས་སོ། །བར་དུ་ནི་སེམས་བསྐྱེད་པའོ། །དེའི་ཕྱི་ནས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ། །ཡང་ན་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་སོ། །སྦྱིན་པ་ལ་སོགས་པའི་ཕ་

རོལ་ཏུ་ཕྱིན་པས་བསྡུས་པའི་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡིན་ཏེ། བྱང་ཆུབ་ཐོབ་པ་ལ་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་སུ་རིག་པར་བྱའོ། །འཇིག་རྟེན་ན་ཡང་གང་ཞིག་གང་གི་རྗེས་སུ་མཐུན་པར་གྱུར་པ་དེ་ལ་དེའི་ཕྱོགས་ཞེས་རྗོད་པར་བྱེད་དོ། །དེ་ཅིའི་

ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་དང་། རྐྱེན་གང་གིས་རིགས་ལ་སོགས་པ་ཆོས་གསུམ་ལ་གཞི་ཞེས་བྱ་ཞེས་ཐེ་ཚོམ་དུ་གྱུར་པ་རྣམས་ལ་རྣམ་པ་གཉིས་ཀྱིས་དེ་དག་གཞིར་གྱུར་པའི་དོན་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་དེ་དག་གིས་ནི་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་

བར་འགྱུར་བ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གཞིའི་དོན་བསྟན་པ་ཡིན་ནོ། །དེ་ལྟར་འདི་དག་གིས་ནི་མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱང་ཆུབ་ཐོབ་པའི་ཚོགས་སུ་འགྱུར་བའི་ཕྱིར་དང་། རྒྱུར་གྱུར་པའི་ཕྱིར་གཞི་ཞེས་བསྟན་པའི་

རྒྱུར་འགྱུར་རོ། །རིགས་ལ་བརྟེན་ཅིང་གནས་ནས་ཞེས་བྱ་བ་ནི་དོན་དེ་ཉིད་སྟོན་པར་བྱེད་པ་དང་། རབ་ཏུ་གནས་པར་བྱེད་པ་སྟེ། རིགས་ཡོད་ན་ཞེས་བྱ་བའི་དོན་ཏོ། །སྐལ་བ་ཅན་དུ་བསྟན་པའི་ཕྱིར་མཐུ་དང་ལྡན་པ་ཞེས་བྱའོ། །ཡང་སྐལ་བ་ཅན་ཞེས་བྱ་བ་ནི་འདིར་ཡང་དག་པའི་དོན་ལ་

སེམས་བསྐྱེད་པའོ། །དེའི་རིགས་མེད་པ་རྣམས་ལ་ནི་ཇི་ལྟ་བ་བཞིན་གྱི་སེམས་བསྐྱེད་པ་མེད་དོ་ཞེས་བྱའོ། །སེམས་བསྐྱེད་པ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བར་འགྱུར་བས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་ཀྱི། སེམས་མ་བསྐྱེད་པས་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སེམས་

Vol. 133 · folio 4a

བསྐྱེད་པ་ལ་བརྟེན་ཅིང་ཞེས་བྱ་བ་གསུངས་ཏེ། འདི་དག་གཉི་ག་ཡང་གོང་ནས་གོང་དུ་འབྱུང་བར་འགྱུར་བ་ཉིད་ཀྱི་གཞིར་གྱུར་པ་ཉིད་དོ། །སེམས་བསྐྱེད་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པ་ཡིན་ནོ་ཞེས་བྱ་བར་བསྟན་

པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཞེས་བྱ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ཇི་ལྟར་རིགས་པར་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་གསུངས་ཏེ། དེ་ལ་སྦྱིན་པའི་ཕ་རོལ་

ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་གསུམ་ནི་བསོད་ནམས་ཀྱི་ཚོགས་ཏེ། བདག་གི་དངོས་པོ་དང་། ལོངས་སྤྱོད་དང་འཁོར་ཕུན་སུམ་ཚོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། འབྲས་བུ་འབྲལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉི་གའི་ཕྱོགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལས་མ་གཏོགས་པའི་བསྡུ་བའི་དངོས་པོ་ལ་སོགས་པ་

ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལས་གཞན་བསྟན་པ་ཐམས་ཅད་དོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཞེས་ཅིའི་ཕྱིར་རྗོད་པར་བྱེད། འཐོབ་པར་འགྱུར་བ་ཞེས་ཅིའི་ཕྱིར་མི་སྨྲ་ཞེ་ན། དོན་ནི་དེ་ཉིད་ཡིན་པར་རིག་པར་བྱ་སྟེ། ཡོངས་སུ་རྫོགས་

པར་འགྱུར་བ་དང་། ཐོབ་པར་འགྱུར་བ་དང་། རེག་པར་འགྱུར་བ་དང་། མངོན་སུམ་དུ་བྱེད་ཅེས་བྱ་བ་རྣམས་དོན་གཅིག་པའི་ཕྱིར་རོ། །ཚིག་གིས་འཇུག་པ་ནི་འདོད་པའི་དབང་གིས་ཡིན་པས་དོན་ལ་ཡོངས་སུ་བརྟག་པར་བྱའོ། །ཡང་ན་རིམ་གྱིས་འཐོབ་པར་འགྱུར་བར་བསྟན་

པའི་ཕྱིར་ཡང་སྟེ། སྤངས་པ་དང་། ཡེ་ཤེས་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྔར་བསྟན་པ་དེ་དག་ནི་དུས་གཅིག་ཏུ་ཐོབ་པར་མི་ནུས་ཏེ། ས་དང་ས་རྣམས་ལ་སྤངས་པ་དང་། ཡེ་ཤེས་ཁྱད་པར་ཅན་དུ་འགྱུར་བར་སྦྱོར་

Vol. 133 · folio 4b

བའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་དུ་གསུངས་ཏེ། པགས་པར་གཏོགས་པ་དང་། ཤ་མཐངས་སུ་གཏོགས་པ་དང་། སྙིང་པོར་གཏོགས་པའོ། །དེ་ལ་དང་པོར་ནི་པགས་པར་གཏོགས་པ་སྤོང་ངོ་། །དེ་ནས་ནི་ཤ་མཐངས་སུ་གཏོགས་པའོ། །ཕྱི་ནས་ནི་སྙིང་པོར་

གཏོགས་པའོ་ཞེས་བྱ་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ཀྱང་གཟུགས་དང་། མིང་གི་ཚོགས་ཀྱི་ཁྱད་པར་གྱི་ངོ་བོ་ཉིད་བྱང་ཆུབ་ཅེས་བསྟན་པར་འགྱུར་རོ། །དེ་དག་གཉི་ག་ཡང་ས་དང་པོ་ནས་ཉེ་བར་བཟུང་ནས་ས་དང་ས་ལ་ཁྱད་པར་ཐོབ་པར་འགྱུར་རོ། །དེའི་ཕྱིར་

ན་བསྟོད་པ། ཡང་དག་རྫོགས་པའི་བྱང་ཆུབ་མ་ལུས་པ། །ཁྱོད་ལ་གཏད་པ་ལྟ་བུར་མངོན་པར་སྣང་། །དྲི་མ་མེད་པའི་མཚོ་ཆུ་དངས་པ་ལ། །ཟླ་བ་སྐར་མའི་གཟུགས་རྣམས་སྣང་བ་བཞིན། །ཞེས་བྱ་བ་དང་། སློབ་དཔོན་སྒྲ་གཅན་ཟིན་བཟང་པོས་ཀྱང་། དེ་བཞིན་གཤེགས་

པས་འདིར་ནི་གནས་གཉིས་པར། །སྟོབས་བཅུ་པོ་ནི་ཐོབ་པར་གྱུར་པ་གསུངས། །མི་འཇིགས་པ་ནི་བཞི་པོ་ཐོབ་པ་ཡང་། །གནས་གསུམ་པར་ནི་གསལ་པོ་ཉིད་དུ་གསུངས། །ཞེས་བསྟན་པ་ཡིན་ནོ། །རིགས་ལ་གནས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་ནི་

རིགས་ལ་གནས་པ་ཉིད་རྩ་བའི་གཞིར་བསྟན་ཏེ། གཞི་གཞན་ལ་ལྟོས་པ་མེད་པར་གཞི་ཉིད་ཡིན་པའི་ཕྱིར་རོ། །རིགས་མེད་ན་དེ་དག་ཡོད་པར་གྱུར་ཀྱང་གཞི་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །གཞན་དེ་དག་མེད་པར་གྱུར་ཀྱང་རིགས་ནི་གཞི་ཉིད་དུ་འགྱུར་གྱི། སེམས་བསྐྱེད་པར་གྱུར་པ་

དང་སྦྱོར་བ་བྱས་པར་གྱུར་ཀྱང་རིགས་མེད་པར་གྱུར་ན་གཞི་ཡོད་པ་མ་ཡིན་ཏེ། རིགས་མེད་པའི་སེམས་བསྐྱེད་པ་དང་སྦྱོར་བ་བྱེད་པས་ཀྱང་དོན་ཇི་ལྟ་བ་མི་འཐོབ་པ་ནི་བྱ་བས་རྫས་སྦྱོང་བར་བྱེད་ཀྱི་རྫས་མེད་པར་ནི་མ་ཡིན་ནོ་ཞེས་བྱ་བས་ངེས་པར་ཤིན་ཏུ་ཡང་སྐལ་བ་མེད་པ་ཡིན་ནོ། །རིགས་

ཡོད་པར་གྱུར་ན་ནི་སེམས་བསྐྱེད་པ་དང་སྦྱོར་བ་ལ་སོགས་པ་མེད་དུ་ཟིན་ཀྱང་སྐལ་བ་དང་ལྡན་པ་རྣམས་དུས་ཡུན་རིང་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལྟ་བས་ན་སེམས་བསྐྱེད་ཀྱང་རུང་མ་བསྐྱེད་ཀྱང་རུང་རིགས་ཉིད་རྟག་ཏུ་གཞི་ཞེས་

Vol. 133 · folio 5a

བརྗོད་དོ། །འབད་པ་ལ་ཡང་དག་པར་གནས་སུ་ཟིན་ཀྱང་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པའི་སྦྱོར་བ་བྱེད་དུ་ཟིན་ཀྱང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རིགས་ལ་གནས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་སེམས་བསྐྱེད་པ་དང་། སྤྱོད་པ་ལ་སྦྱོར་བ་དག་

གིས་ནི་ཉེ་བར་གྱུར་པའི་གཞི་བསྟན་པ་ཡིན་ནོ། །བཟློག་པའི་སེམས་མ་བསྐྱེད་པ་དང་། སྦྱོར་བ་མ་བརྩམས་པ་ནི་སྐལ་བ་དང་ལྡན་པར་བདེན་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རིང་བར་གྱུར་པ་ཡིན་ནོ། །བཟློག་པས་ནི་ཉེ་བར་གྱུར་པ་ཡིན་ནོ། །གཞི་

དེ་ཉིད་མངོན་པར་གསལ་བར་བྱ་བའི་ཕྱིར་མིང་གི་རྣམ་གྲངས་གཞན་དང་གཞན་གྱི་མཚན་ཉིད་བསྟན་པར་བྱའོ། །རྣམ་གྲངས་འདི་དག་ཀྱང་དོན་གཅིག་པའི་ཕྱིར་ཉེས་པ་མེད་དོ། །སངས་རྒྱས་རྣམས་ཀྱིས་ཀྱང་མིང་གི་རྣམ་གྲངས་གསུངས་པ་ནི་དགོས་པ་དང་བཅས་པའི་ཕྱིར་བསྟན་ཏོ། །

དོན་ཐ་དད་པ་ལྟར་ན་ཡང་འབྲས་བུ་ངེས་པར་འཛིན་པས་ན་གཞི་སྟེ། འབྲས་བུ་གནས་པའི་རྒྱུན་འབྱུང་བར་བྱེད་པས་རྒྱུ་ཉིད་ཀྱི་ཕྱིར་སྟོན་པ་ཞེས་བྱའོ། །རྒྱུས་འབྲས་བུ་ཀུན་དུ་འཕེལ་བར་བྱེད་པ་ནི་རྒྱུ་སྟེ། ཆུས་ཨུཏྤ་ལ་བཞིན་ནོ། །འབྲས་བུའི་དུས་ན་ཡང་རྗེས་སུ་འཇུག་པས་བརྟེན་ཏོ། །

རིམ་གྱིས་འབྱུང་བར་བྱེད་པས་ན་ཉེར་གནས་སོ། །འབྲས་བུའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བ་ཞེས་བྱའོ། །འབྲས་བུ་ངེས་པར་འགྲོ་བ་ཡིན་པའི་ཕྱིར་གནས་ཞེས་བྱའོ། །རིགས་ཇི་ལྟ་བ་བཞིན་དུ་དང་པོ་སེམས་བསྐྱེད་པ་ཞེས་བྱ་བ་ལ། སེམས་བསྐྱེད་པ་དང་། སྤྱོད་པ་

ལ་སྦྱོར་བ་དག་ཀྱང་གཞིའི་རང་བཞིན་ཡིན་པའི་ཕྱིར། རྣམ་གྲངས་དེ་ཡང་དེས་བསྟན་པར་བྱའོ་ཞེས་བཤད་པ་ཡིན་ནོ། །རིགས་རྣམ་པར་གཞག་པ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། རབ་ཏུ་དབྱེ་བ་དང་། ངོ་བོ་ཉིད་དང་། རྣམ་གྲངས་ཉིད་དང་། རྣམ་པ་ཉིད་དང་། བྱེ་བྲག་ཉིད་

དང་། རྟགས་ཉིད་དོ། །དེ་ལ་རབ་ཏུ་དབྱེ་བའི་རྣམ་པར་གཞག་པ་བསྟན་པའི་ཕྱིར་བཤད་པ། མདོར་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྒྱུད་མང་པོ་རྣམ་པ་སྣ་ཚོགས་པ་ཡིན་པ་དེ་ལྟ་ན་ཡང་ངོ་བོ་ཉིད་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་གོ། །རང་བཞིན་གྱིས་གནས་པ་ཞེས་བྱ་བ་

Vol. 133 · folio 5b

ནི་ངོ་བོ་ཉིད་ཀྱིས་སྒྲུབ་པ་སྟེ། མ་བསྒྲུབས་པ། མངོན་པར་འདུས་མ་བྱས་པས་རྣམ་པར་འགྱུར་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ནི་ཡང་དག་པར་བསྒྲུབས་པར་རིག་པར་བྱའོ། །དེ་ལ་རང་བཞིན་གྱིས་གནས་པ་ནི་སེམས་མ་བསྐྱེད་པ་རིགས་ལ་གནས་པར་རིག་

པར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་སྐྱེས་པའི་དགེ་བའི་རྩ་བས་འདུས་མ་བྱས་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་གཞན་ཡིན་པར་རིག་པར་བྱ་སྟེ། རིགས་དེ་ཉིད་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ལ་མིང་གཞན་གྱིས་བསྟན་པ་ནི་ཡང་དག་

པར་བསྒྲུབས་པ་ཞེས་བྱ་བ་སྟེ། གནས་སྐབས་ཀྱི་ཁྱད་པར་ལས་མིང་ཐ་དད་དུ་བཏགས་པ་ནི་མར་སར་དང་། མར་ཞེས་བྱ་བ་ལྟ་བུའམ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལྟ་བུའོ། །ཡང་ན་རིགས་ངེས་པ་ནི་རང་བཞིན་གྱིས་གནས་པ་ཡིན་ལ། རིགས་མ་ངེས་པ་ནི་

ཡང་དག་པར་བསྒྲུབས་པ་ཞེས་བྱ་སྟེ། རྐྱེན་གྱི་ཁྱད་པར་གྱིས་བསྒྲུབས་པའི་ཕྱིར་རོ། །ཡང་ན་མཐར་གྱིས་འཇུག་པའི་སྦྱོར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་གནས་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་སྔོན་དུ་སོང་བའི་བྱང་ཆུབ་ཏུ་ཡོངས་སུ་གྱུར་པ་ཅན་ནི་

གཉིས་པ་སྟེ། འཇིག་རྟེན་ལས་འདས་པའི་དགེ་བའི་ས་བོན་ལ་རིགས་ཞེས་བྱའོ། །ས་བོན་དེ་ཡང་འདུས་བྱས་ལས་དེ་ཉིད་དང་གཞན་དུ་བརྗོད་པ་ལ་གྲོལ་བ་གཟུང་བར་མི་ནུས་པ། སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱའོ། །སྐྱེ་མཆེད་དྲུག་པོ་དེ་ཡང་སེམས་ཅན་དང་རྫས་ཀྱི་རྩ་

བར་གྱུར་པའོ། །དེའི་ཕྱིར་སེམས་ཅན་གྱི་ཁྱད་པར་རོ་ཞེས་བརྗོད་པར་བྱ་སྟེ། གང་དང་ལྡན་པས་སེམས་ཅན་དང་། སྙིང་པོ་དང་། གཅིག་པུ་དཔའ་བ་དང་། སྐྱེས་བུའི་ཁྱད་པར་ཞེས་བརྗོད་དོ། །ཡང་ན་སྙོམས་པར་འཇུག་པ་དང་། སྐྱེ་བས་ཐོབ་པ་དེ་དང་དེར་སྐྱེ་མཆེད་གང་

ཡང་རུང་བ་དང་མི་ཕྱེད་པར་གྱུར་པ་ལ་རིགས་ཞེས་རབ་ཏུ་བསྟན་པའི་ཕྱིར། སྐྱེ་མཆེད་དྲུག་གཟུང་ངོ་། །དེ་ཡང་དེ་དང་དེ་ལ་བརྟེན་ནས་བྱུང་བའི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་སེམས་བསྐྱེད་པས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་བོ། །དེའི་ཕྱིར་ན་ཡང་སྐྱེ་མཆེད་དྲུག་གི་ཁྱད་

Vol. 133 · folio 6a

པར་ལ་བརྗོད་པར་བྱའོ། །ཡང་ན་སྐྱེ་མཆེད་དྲུག་པོ་དེ་དག་ཉིད་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པར་གྱུར་པའི་སྦྱོར་བ་དང་ལྡན་པས་གནས་གྱུར་པ་ན་ཇི་ལྟར་རིགས་པར་མིང་དང་གཟུགས་ཀྱི་རྣམ་པར་གཞག་པ་རབ་ཏུ་ཐོབ་པར་གྱུར་ཏེ། རྫས་སུ་གྱུར་

པའི་ཕྱིར་རོ། །དེས་ན་སྐྱེ་མཆེད་དྲུག་གི་ཁྱད་པར་ཁོ་ན་རིགས་ཡིན་ནོ། །ཡང་དེ་དག་གི་ཁྱད་པར་དེ་ནི་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། ས་ལ་སོགས་པར་རྒྱུན་མི་འཆད་པའི་སྦྱོར་བས་སྐྱེ་བ་གཅིག་ནས་གཅིག་ཏུ་འགྲོ་བའི་ཕྱིར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་

ཞེས་བརྗོད་དོ། །དེ་ལྟར་ན་གནས་སྐབས་གང་དུ་ཡང་རིགས་ནི་རྒྱུན་འཆད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་སྐྱེ་མཆེད་དྲུག་གི་ཁྱད་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ཀྱང་འགའ་ཞིག་གི་རེས་འགའ་བར་འགྱུར་ཏེ། དཔེར་ན་དམྱལ་བ་རྣམས་དང་།

ལྷ་རྣམས་ཀྱི་རེག་བྱའི་སྐྱེ་མཆེད་དྲུག་དང་ལྡན་པ་རྣམས་ཀྱི་མི་འདོད་པ་དང་། འདོད་པའི་ཚོར་བ་མྱོང་བར་གྱུར་པའི་རྟེན་དུ་གྱུར་པ་འཇུག་པ་རྒྱུན་འཆད་པ་ལྟ་བུའོ། །དེ་ལྟ་བུ་མ་ཡིན་པས་ཐོག་མ་མེད་པའི་དུས་ཅན་ཞེས་བྱ་སྟེ། སྔོན་གྱི་མཐའ་ཡོད་པ་མ་ཡིན་ཞེས་བྱ་བའོ། །

དེ་ལྟར་ན་དུས་དཔག་ཏུ་མེད་པར་བསྟན་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་ཆོས་ཉིད་ཀྱིས་ཐོབ་པ་སྟེ། སུས་ཀྱང་མངོན་པར་འདུས་མ་བྱས་པའི་ཕྱིར་དང་། མ་འོངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པའི་ཕྱིར་ཐོག་མ་མེད་པའི་

དུས་ཅན་ནོ། །ཐོག་མ་མེད་པའི་དུས་ཅན་ཡིན་པའི་ཕྱིར་ཆོས་ཉིད་ཀྱིས་ཐོབ་པའོ་ཞེས་ཕྱི་མ་ཕྱི་མ་འབྲས་བུར་བསྟན་པ་ཡིན་ནོ། །སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་ཞེས་བྱ་བ་ནི། དང་པོར་བསྐྱེད་པའི་དགེ་བའི་རྩ་བའི་སྟོབས་ལས་བྱུང་བ་རིགས་ངེས་པའམ།

རིགས་མ་ངེས་པའམ། བྱང་ཆུབ་ཏུ་འགྱུར་བ་ཅན་ནོ། དོན་གྱི་སྐབས་འདིར་ནི་རྣམ་པ་གཉི་ག་ཡང་འདོད་དོ་ཞེས་བྱ་བ་ནི་དེ་གཉི་ག་དང་ལྡན་པས་སྐལ་བ་ཅན་དང་། མཐུ་ཡོད་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བས་

Vol. 133 · folio 6b

དེའི་ཕྱིར་གཉི་ག་ཡང་གཞི་ཞེས་བྱའོ། །དེ་ལྟར་རིགས་ཀྱི་ངོ་བོ་རྣམ་པར་གཞག་པ་བསྟན་ནས། རྣམ་གྲངས་བསྟན་པར་བྱ་སྟེ། ཁ་ཅིག་འགའ་ཞིག་གིས་མངོན་སུམ་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྱུང་གནས་ཡིན་པའི་

ཕྱིར་རིགས་སོ། །དེ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་ས་བོན་ནོ། །རང་དང་རྗེས་སུ་མཐུན་པའི་འབྲས་བུ་འཛིན་པའི་ཕྱིར་ཁམས་སོ། །བཅོས་མ་ཡིན་པའི་ཕྱིར་རང་བཞིན་ཞེས་བྱའོ། །རྣམ་གྲངས་ཀྱི་དབྱེ་བ་བསྟན་པའོ། །འབྲས་བུ་ཡང་དག་པར་མ་གྲུབ་པ་ནི་འབྲས་

བུ་དམིགས་པར་མ་གྱུར་པ་ཉིད་དོ། །ཡང་འབྲས་བུ་ནི་རིགས་ཀྱི་རྟགས་སམ། བྱང་ཆུབ་སེམས་དཔའི་རྟགས་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་རྟགས་གསལ་པོ་མེད་པའི་གནས་སྐབས་ཤེས་པར་དཀའ་བ་དང་། ཡོངས་སུ་གཅད་པར་དཀའ་བ་དང་། ངེས་པར་

གཟུང་བར་དཀའ་བ་ནི་ཆ་ཕྲ་བ་ཞེས་བྱའོ། །དེ་ལས་བཟློག་པ་ནི་རྒྱ་ཆེ་བ་སྟེ། འབྲས་བུ་ཉེ་བར་དམིགས་པའི་ཕྱིར་རོ། །ཡང་ན་རང་བཞིན་གྱིས་གནས་པ་ནི་ཕྲ་བ་སྟེ། སྐྱེ་མཆེད་དྲུག་གི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཙམ་ཡིན་པའི་ཕྱིར་རོ། །ཡང་དག་པར་བསྒྲུབས་པ་ནི་རྒྱ་ཆེ་

བ་སྟེ། འབད་པའི་ཁྱད་པར་གྱིས་རབ་ཏུ་བསྒྲུབས་པའི་ཕྱིར་རོ། །ཉན་ཐོས་ཀྱི་རིགས་ལ་སོགས་པ་ལས་རིགས་འདི་ཁྱད་པར་དུ་འཕགས་པར་གྱུར་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་རིགས་དེ་དང་ལྡན་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཅེས་བྱ་བ་

ནི་ཉན་ཐོས་ཀྱི་གཙོ་བོར་གཟུང་བའི་དོན་ཏོ། །ཉན་ཐོས་ཀྱི་གཙོ་བོ་རྣམས་ཀྱང་རུང་། རང་སངས་རྒྱས་ཀྱི་བསེ་རུ་ལྟ་བུ་ཡང་རུང་། ཁྱད་པར་དེ་དག་མེད་པས་དེ་དག་ལས་ངེས་པར་འདས་ནས་འཇུག་པར་འགྱུར་རོ། །གཞན་ཐམས་ཅད་ལྟ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་

ནི་འཇིག་རྟེན་པ་གཞན་དག་ལས་ཤིན་ཏུ་ཡང་འདས་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་བླ་ན་མེད་པ་ཞེས་བརྗོད་དེ། དེའི་གོང་མར་གྱུར་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཁྱད་པར་དུ་འཕགས་པ་ཡིན་པར་མི་བཟོད་ནས་དྲིས་པ་སྟེ། ཉན་ཐོས་

Vol. 133 · folio 7a

དང་རང་སངས་རྒྱས་རྣམས་ཀྱི་རིགས་ཀྱང་རྣམ་པར་གྲོལ་བའི་རྒྱུ་ཡིན་ལ། རྣམ་པར་གྲོལ་བ་ལ་ཡང་ཐ་དད་དུ་བྱ་བ་མེད་པའི་ཕྱིར། རིགས་ཐམས་ཅད་ནི་མཉམ་པས་མཉམ་པ་ཡིན་ནོ་ཞེས་བསམས་པའོ། །རྣམ་པར་དག་པ་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་

རྒྱུས་བླ་ན་མེད་པའི་ཁྱད་པར་བསྟན་པའི་ཕྱིར། ཉོན་མོངས་པ་ཉིད་སྒྲིབ་པ་ཡིན་པས་ཉོན་མོངས་པའི་སྒྲིབ་པ་སྟེ། ཉོན་མོངས་པ་ཅན་གྱི་མི་ཤེས་པ་དང་ལྡན་པས་རང་གི་གཉེན་པོའི་ཕྱོགས་དགེ་བའི་ཆོས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ། །ཤེས་བྱ་ཉིད་སྒྲིབ་པ་ཡིན་པས་ཤེས་བྱའི་སྒྲིབ་པ་

སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང་ལྡན་པས་ཤེས་བྱ་དེ་ཉིད་ནི་དེ་དང་འདྲ་བ་སྟེ། གང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ལས་གཞན་པའི་ཤེས་པ་ལས་ལྷག་པར་གྱུར་པའི་ཕྱིར་རོ། །དེའི་ཕྱིར་བསྟོད་པ། ཁྱོད་ཀྱི་ཡེ་ཤེས་གཅིག་གིས་ནི། །ཤེས་བྱ་མ་ལུས་ཀུན་

ཁྱབ་ཅན། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཤེས་པ་ལས་ལྷག་གྱུར། །ཞེས་བྱ་བས། དེ་ལྟར་ན་ཉན་ཐོས་ལ་སོགས་པའི་རིགས་ཀྱི་འབྲས་བུ་ནི་རྣམ་པར་གྲོལ་བའི་ལུས་ཡིན་པ་དང་། གཅིག་ཏུ་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་པར་བསྟན་པའི་ཕྱིར་རོ། །

བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་ནི་སྐུ་གསུམ་དང་། མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུའོ། །དེའི་ཕྱིར་ཁྱད་པར་གོང་ན་མེད་པ་དང་ལྡན་པར་རིག་པར་བྱ་སྟེ། ཡང་ཁྱད་པར་དེ་དག་ནི་འབྲས་བུའི་དུས་སུ་ཤེས་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བས་ཐོག་

མ་དང་། བར་དང་། ཐ་མར་རིགས་ལས་གྱུར་པའི་ཁྱད་པར་བསྟན་པའི་ཕྱིར། དབང་པོ་ལས་གྱུར་པ་ཞེས་བྱ་བ་ནི་དབང་པོ་ལས་གྱུར་པའི་ཁྱད་པར་རོ། །དེ་བཞིན་དུ་ཁྱད་པར་ཐམས་ཅད་ཀྱིས་ཁྱད་པར་ཅན་དུ་གྱུར་པའོ། །དབང་པོ་ལས་གྱུར་པའི་ཁྱད་པར་ནི་སེམས་མ་བསྐྱེད་

པ་རྣམས་ཀྱིས་རིག་པར་བྱའོ། །ཉན་ཐོས་ལ་སོགས་པའི་ཕན་པར་བརྗོད་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། ཤིན་ཏུ་ཡང་སྤངས་པ་དང་། དེ་ཐོབ་པར་བྱེད་པའི་འཕགས་པའི་བདེན་པ་བཞི་ཤེས་པའོ། །དེ་ལྟར་ན་དེ་དག་ནི་རང་གི་ཐེག་པ་ལ་འཇུག་པའི་དུས་སུ་

Vol. 133 · folio 7b

སྡུག་བསྔལ་དང་བྲལ་བའི་གནས་སྐབས་ཀྱི་མྱ་ངན་ལས་འདས་པའི་འབྲས་བུ་འདོད་པས་ཞུགས་པ་ཡིན་ཏེ། བྱ་བ་ཉུང་བ་ཉིད་དང་། འབྲས་བུ་ཆུང་བ་ཉིད་དང་། བདག་ཉིད་འགེངས་པ་ཉིད་དང་། བདག་ཉིད་དུལ་བ་དང་། བདག་ཉིད་ཞི་བ་དང་། བདག་ཉིད་མྱ་ངན་ལས་འདས་པར་བྱ་

བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་བྱ་བས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ལ་ཕན་པ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་རྣམ་པ་གཉིས་དང་། སྤངས་པ་རྣམ་པ་གཉིས་ཏེ། རང་གི་རྒྱུད་དུ་གཏོགས་པའི་ཕྱིར་རོ། །གཞན་ཞེས་བྱ་བ་ནི་རིགས་ལ་གནས་པ་དང་།

རིགས་ལ་གནས་པ་མ་ཡིན་པའི་གང་ཟག་རྣམས་སོ། །དེ་དག་ལ་ཕན་པའི་ཕྱིར་ཞུགས་པ་ནི། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གཉི་ག་ལ་ཕན་པའི་ཕྱིར་ཞུགས་པ་ནི་སེམས་བསྐྱེད་པའི་དུས་སུ་རིག་པར་བྱའོ། །གཞན་ལ་ཕན་པ་

བསྒྲུབ་པ་དེ་ཉིད་དེ་ལྟར་བསྟན་ནས། རྣམ་པར་ཕྱེ་ནས་བསྟན་པར་བྱ་བའི་ཕྱིར། སྐྱེ་བོ་མང་པོ་ལ་ཕན་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྐྱེ་བོ་མང་པོ་ནི་རིགས་ལ་གནས་པ་མ་ཡིན་པའི་གང་ཟག་རྣམས་སུ་འདོད་དོ། །དེ་དག་ལ་ཕན་པ་ནི་མི་དགེ་བའི་ཆོས་སྤོང་དུ་

འཇུག་པ་སྟེ། དུས་དེ་སྲིད་པའི་སྦྱོར་བས་དང་པོ་དག་ཡང་དག་པར་སྤངས་ནས་དུས་དེ་སྲིད་དུ་ངན་འགྲོར་འགྲོ་བ་ལས་བསྐྱབ་པའི་ཕྱིར་རོ། །བདེ་བ་ནི་དགེ་བའི་ཆོས་ལ་ཡང་དག་པར་སྦྱར་བས་ཕྱི་མ་དག་ཡང་དག་པར་སྤོང་བ་སྟེ། བདེ་འགྲོ་ལ་འགོད་པའི་ཕྱིར་རོ། །དགེ་བ་ལ་

སྡང་བ། སྐལ་བ་མེད་པ། སྣོད་དུ་མ་གྱུར་པ་ངན་འགྲོར་འགྲོ་བ་དེ་དག་ལ་དེད་དཔོན་བཞིན་དུ་ཕན་པ་དང་བདེ་བའི་བསམ་པ་མི་གཏོང་བར་དུས་ཀྱི་འོང་བ་ལ་སྡོད་ཅིང་། རྗེས་སུ་གཟུང་བའི་ཕྱིར་ཞུགས་པ་ཡིན་ནོ། །གང་ཡང་མྱ་ངན་ལས་འདས་པའི་ཆོས་ཅན་མངོན་པར་རྟོགས་པའི་

སྐལ་བ་ཅན་ལྷ་དང་མི་རྣམས་ཀྱི་དོན་དུ་ཞུགས་པ་ཡིན་ཏེ། དོན་ཞེས་བྱ་བ་ནི་དགེ་སྦྱོང་གི་མངོན་པར་འདོད་པའོ། །ཕན་པ་ནི་དེར་མངོན་པར་འབྱིན་པར་བྱེད་པའི་ལམ་མོ། །བདེ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །ཤིན་ཏུ་སྦྱངས་པའི་ཁྱད་པར་གྱིས་ལུས་དང་སེམས་

Vol. 133 · folio 8a

བདེ་བའམ། རྣམ་པར་གྲོལ་བའི་བདེ་བ་རབ་ཏུ་མྱོང་བའོ། །དེས་ན་ལྷ་དང་མི་གཟུང་བ་ནི་དེ་དག་མངོན་པར་རྟོགས་པའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །ཉན་ཐོས་རྣམས་ནི་སྨོན་ལམ་བཏབ་པའི་ཕྱི་ནས་འཕགས་པའི་བདེན་པ་བཞི་ལ་མི་རྟག་པ་དང་། སྡུག་

བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་ཤེས་པ་ཐོབ་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་དག་དང་། རིག་པའི་གནས་ལྔ་ལ་མཁས་པ་དང་། ཐམས་ཅད་མཁྱེན་པའི་མཐར་ཐུག་པའི་ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །

དེ་བཞིན་དུ་ཉན་ཐོས་རྣམས་ནི་གཅིག་ཉིད་ལ་མཁས་པའམ། ཕུང་པོ་ལ་སོགས་པ་རྣམ་པ་ལྔ་ལ་མཁས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་གཉིས་སམ། རྣམ་པ་བཅུ་ལའོ། །དེ་ལྟར་ན་རྣམ་པ་མང་པོ་ལ་མཁས་པ་ནི་མཁས་པ་ལས་གྱུར་པའི་ཁྱད་པར་ཡིན་

ནོ། །དེ་ལ་འབྲས་བུ་ལས་གྱུར་པའི་ཁྱད་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་ཁྱད་པར་དུ་འཕགས་པ་ཡིན་པས་རྟོགས་པར་བྱའོ། །རྟགས་འདི་དག་གིས་རིགས་ཡོད་པ་ཉིད་དུ་མཚོན་པར་བྱེད་པས་ནི་རིགས་ཀྱི་རྟགས་སོ། །ཡང་དེའི་རྟགས་སྦྱིན་པ་

ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་རྟགས་ཡིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་རྟགས་ཞེས་བརྗོད་དེ། སྦྱིན་པ་ནས་བཟུང་ནས་ཤེས་རབ་ཀྱི་བར་ལ་ལུས་དང་ངག་དང་ཡིད་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ལ་རྟགས་ཞེས་བརྗོད་དོ། །ཡང་དེ་དག་ནི་སྦྱིན་པ་ལ་

སོགས་པའི་ངོ་བོ་དང་། སྦྱིན་པ་ལ་སོགས་པ་དང་རྗེས་སུ་མཐུན་པར་ཅི་རིགས་པར་ཤེས་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་རྟགས་རྣམས་མདོར་རྣམ་པར་གཞག་པར་བྱ་སྟེ། སྦྱིན་པ་དང་། ལོངས་སྤྱོད་དང་། འདུ་བའི་སྒོ་དང་། རྙེད་པའི་དབང་དུ་བྱས་པར་རིག་

པར་བྱའོ། །དེ་ལ་སྦྱིན་པ་ཡང་རྣམ་པ་གཉིས་ཏེ། རྫས་ལ་ལྟོས་པ་དང་། རྫས་ལ་མི་ལྟོས་པའོ། །དེ་ལ་རྫས་ལ་ལྟོས་པའི་སྦྱིན་པ་ནི་གཞན་ཡོངས་སུ་གཟུང་བའི་ཕྱིར་རང་གི་རྫས་གཏོང་བ་སྟེ། ལུས་བསྟན་པར་བྱེད་པའི་རྒྱུ་ཡིན་ནོ། །ཡང་སྦྱིན་པ་དེ་རྣམ་པ་གཉིས་ཏེ།

Vol. 133 · folio 8b

བདག་གིར་གཏོགས་པ་དང་། གཞན་གྱིར་གཏོགས་པའོ། །བདག་གིར་གཏོགས་པའི་སྦྱིན་པ་དེ་ནི་བསམ་པ་ཉིད་དང་། སྦྱོར་བ་ཉིད་ཀྱིས་ཡང་དག་པར་ནན་ཏན་བྱེད་པ་ནི་རྟགས་སོ། །དེ་ལ་རང་བཞིན་ཉིད་ཀྱིས་སྦྱིན་པ་ལ་དགའ་བ་ཡིན་ཞེས་བྱ་བ་འདིས་ནི་བསམས་པས་ཡང་

དག་པར་ནན་ཏན་བྱེད་པ་བསྟན་ཏེ། རྟག་ཏུ་རྒྱུན་མི་འཆད་པར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་རང་བཞིན་ཅན་གྱི་སྦྱོར་བ་ཉིད་ཀྱིས་སོ། །སྦྱིན་པ་ལ་མངོན་པར་མོས་པ་ནི་སྦྱིན་པ་ལ་དགའ་བའོ། །རྟག་ཏུ་རྒྱུན་མི་འཆད་པར་གཞན་དག་ལ་བགོ་བཤའ་བྱེད་པའི་ངང་ཚུལ་

ཅན་ཡིན་ཏེ་ཞེས་བྱ་བས་ནི་ཡང་དང་ཡང་སྟེར་བའི་སྦྱིན་པ་བཤད་པ་ཡིན་ནོ། །རབ་ཏུ་དགའ་བའི་སེམས་ཀྱིས་སྦྱིན་པར་བྱེད་ཅེས་བྱ་བས་ནི་སྦྱིན་པའི་དབང་དུ་བྱས་ནས་དུས་གསུམ་དུ་རབ་ཏུ་དགའ་བ་དང་བཅས་པའི་སེམས་ཀྱིས་སྦྱིན་པ་ནི་རབ་ཏུ་དགའ་བའི་སེམས་ཀྱིས་སྦྱིན་པ་ཉིད་

བསྟན་པ་ཡིན་ནོ། །ཉུང་ངུ་ལས་ཀྱང་བགོ་བཤའ་བྱེད་པ་ཡིན་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་སྦྱིན་པ་དང་དཀའ་བའི་སྦྱིན་པའོ། །བཟང་པོ་སྦྱིན་པར་བྱེད་པ་ནི་དམན་པ་སྦྱིན་པ་མ་ཡིན་པའོ། །ཡང་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། བརྟགས་ཤིང་བརྟགས་ཤིང་འཐབ་མོ་

བྱས་ནས་མི་སྦྱིན་པ་དང་། བཟང་ཞིང་མང་པོ་ཡོད་བཞིན་དུ་དམན་ཞིང་ཉུང་བ་མི་སྦྱིན་པ་དང་། དམ་པ་གྱ་ནོམ་པ་ཡོད་ལ་ཤིན་ཏུ་དམན་པ་མི་སྦྱིན་པའོ། །སྦྱིན་པ་མི་བྱེད་པ་ལ་ཡང་འཛེམ་པར་བྱེད་ཅེས་བྱ་བ་ནི་སློང་བ་པོ་མེད་ཅིང་མི་སློང་བ་ན་ཡིད་ལ་ཡང་དག་པར་གདུང་བ་སྐྱེ་བར་འགྱུར་

བས་ངོ་ཚ་བ་སྟེ། བདག་ནི་སྐལ་བ་ཆུང་བར་གྱུར་པས་བདག་གི་བདོག་པ་རྣམས་འབྲས་བུ་མེད་པར་གྱུར་ཏེ། དུར་ཁྲོད་ཀྱི་ཤིང་གི་འབྲས་བུ་བཞིན་དུ་ཉེ་བར་ལོངས་སྤྱད་པ་ལ་མཁོ་བར་མ་གྱུར་ཏོ། །དེ་ལྟར་རེ་ཞིག་བདག་ཉིད་ཀྱི་བདོག་པ་གཏོང་བའི་མཚན་ཉིད་ཅན་གྱི་སྦྱིན་པའི་རྟགས་

བསྟན་པ་ཡིན་ནོ། །ད་ནི་གཞན་དུ་གཏོགས་པའི་སྦྱིན་པ་ལ་ཡང་དག་པར་ནན་ཏན་བྱེད་པའི་རྟགས་བསྟན་པའི་ཕྱིར། གཞན་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་སྦྱིན་པའི་དབང་དུ་བྱས་ནས། གང་ཟག་རྣམ་པ་བཞིར་ཤེས་པར་བྱ་སྟེ། སྦྱིན་པའི་ཡོན་ཏན་དང་བསྔགས་པ་

Vol. 133 · folio 9a

ཡོངས་སུ་མི་ཤེས་པ་ཀུན་དུ་རྨོངས་པ་དང་། བག་མེད་པ་དང་། ཞུམ་པ་དང་། ཡང་དག་པར་རབ་ཏུ་ཞུགས་པའོ། །དེ་ལ་ཀུན་དུ་རྨོངས་པ་རྣམས་ལ་སྦྱིན་པའི་ཡོན་ཏན་དང་བསྔགས་པ་རབ་ཏུ་བསྟན་ཅིང་བཤད་པས་ཡང་དག་པར་བསྟན་

ནས། སྦྱིན་པ་སྦྱོར་བར་བྱེད་པའི་ཕྱིར་སྦྱིན་པའི་བསྔགས་པ་རྗོད་པར་བྱེད་དོ་ཞེས་བྱ་བའོ། །བག་མེད་པ་དང་ཞུམ་པ་སྦྱིན་པ་ལ་ཡང་དག་པར་སྦྱོར་བ་དང་གཟེངས་བསྟོད་པའི་ཕྱིར་འདུན་པ་བསྐྱེད་དུ་འཇུག་པར་བྱེད་དོ་ཞེས་བྱ་བའོ། །ཡང་དག་པར་རབ་ཏུ་ཞུགས་པ་རྣམས་རབ་ཏུ་

དགའ་བ་བསྐྱེད་པའི་ཕྱིར་སྦྱིན་ཕོད་པ་མཐོང་ན་ཡང་ཡི་རངས་པ་དང་ཡིད་བདེ་བར་འགྱུར་རོ་ཞེས་བྱ་བ་སྟེ། ཕོད་པ་ཞེས་བྱ་བ་ནི་ཡི་རངས་པ་དང་ཡིད་བདེ་བར་འགྱུར་ཞེས་བྱ་བས་བཤད་པ་ཡིན་ནོ། །དེ་ལྟར་རེ་ཞིག་བདོག་ཅིང་ཡོད་པའི་རྫས་ཡོངས་སུ་བཏང་བ་བསྟན་ནས། ཡོངས་

སུ་ལོངས་སྤྱད་པའི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པའི་རྟགས་བསྟན་པའི་ཕྱིར། བླ་མ་རྣམས་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཁྱིམ་པའི་ཕྱོགས་ཀྱི་བླ་མ་ནི་མ་དང་ཕའོ། །རབ་ཏུ་བྱུང་བ་རྣམས་ཀྱི་ནི་མཁན་པོ་དང་སློབ་དཔོན་རྣམས་སོ། །རྒན་རབས་རྣམས་ཀྱི་ནི་ཁྱིམ་

པའི་ཕྱོགས་རྣམས་ལ་ནི་རིགས་ཀྱིས་རྒན་པའོ། །རབ་ཏུ་བྱུང་བའི་ཕྱོགས་ལ་ནི་ཚངས་པར་སྤྱོད་པ་དང་བཅས་པའི་དགེ་སློང་གི་དངོས་པོའོ། །ཡོན་གནས་རྣམས་ཞེས་བྱ་བ་ནི། ཁྱིམ་པའི་ཕྱོགས་ལ་ནི་ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་དང་། དགེ་བའི་

ཆོས་ཀྱི་དགེ་སྦྱོང་དང་བྲམ་ཟེ་རྣམས་སོ། །རབ་ཏུ་བྱུང་བའི་ཕྱོགས་ལ་ནི་རྟོགས་པའི་ཆོས་དང་ལུང་གི་ཆོས་འཛིན་པ་ཤེས་རབ་ཅན་རྣམས་དང་། ཚངས་པར་སྤྱོད་པ་དང་བཅས་པ་རྣམས་ཀྱིས་བརྩིས་པའོ། །བཀུར་སྟིར་བྱ་བར་འོས་པ་རྣམས་ལ་ཡང་ལངས་ནས་མདུན་དུ་བསུ་བས་སྟན་

སྟོབས་པར་བྱེད་ཅེས་བྱ་བ་ནི་སྟན་ལ་འདུག་ཅིག་པར་གོ་བར་བྱེད་པའོ། །དེ་ལྟར་ཡོད་ཅིང་བདོག་པའི་རྫས་ཡོངས་སུ་གཏོང་བའི་སྦྱིན་པའི་རྟགས་དང་ཡོངས་སུ་ལོངས་སྤྱོད་པའི་སྦྱིན་པའི་རྟགས་བསྟན་ནས། རྫས་ལ་མི་ལྟོས་པའི་སྦྱིན་པའི་རྟགས་བསྟན་པའི་ཕྱིར། རྫས་ལ་མི་ལྟོས་པའི་

Vol. 133 · folio 9b

སྦྱིན་པ་ནི་རྣམ་པ་གཉིས་ཏེ། མན་ངག་ཉེ་བར་བསྟན་པས་ལུས་ཉེ་བར་བརྟན་པར་བྱེད་པ་དང་། མི་འཇིགས་པ་རབ་ཏུ་སྦྱིན་པས་སྲོག་ཉེ་བར་བརྟན་པར་བྱེད་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་གསུངས་པ། དྲིས་ཀྱང་རུང་མ་དྲིས་ཀྱང་རུང་ཞེས་བྱ་བ་ནི། གསོལ་བ་

བཏབ་ཀྱང་རུང་མ་བཏབ་ཀྱང་རུང་ཞེས་བྱ་བ་སྟེ། དོན་དུ་གཉེར་བའམ་མི་གཉེར་བ་དག་ལ་ཡང་རུང་བའོ། །སེམས་ཅན་གྱི་བྱ་བ་དག་ལ་ཞེས་བྱ་བ་ནི་བྱ་བར་འོས་པ་སྐབས་ལ་བབ་པའི་ཚེ་ཡོན་ཏན་དང་སྐྱོན་མི་ཤེས་པ་དག་ལ་ཡང་ཉེས་པར་མི་འགྱུར་བ་སྟེ། མི་སླུ་བ་དང་། ཕྱིན་ཅི་

མ་ལོག་པ་ཞེས་བྱ་བའི་དོན་ཏོ། །རིགས་པའི་མན་ངག་ཅེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་མན་ངག་སྟེ། དེ་དག་ལ་ཡང་བྱ་བར་འོས་པ་དང་། བྱ་བར་འོས་པ་མ་ཡིན་པའི་ཡོན་ཏན་དང་སྐྱོན་ནི་འདི་དག་གོ་ཞེས་མན་ངག་ཉེ་བར་བསྟན་པའོ། །མི་འཇིགས་པ་སྦྱིན་པར་བྱེད་ཅིང་

ཞེས་བྱ་བ་ནི་དབུགས་འབྱིན་པར་བྱེད་པ་དང་། རྟེན་སྦྱིན་པར་བྱེད་པའོ། །ཡོངས་སུ་སྐྱོབ་པར་བྱེད་དོ་ཞེས་བྱ་བ་ནི་འཇིགས་པ་དེ་དག་ལས་གྲོལ་བར་བྱེད་པ་སྟེ། ཐར་བར་བྱེད་ཅེས་བྱ་བའི་དོན་ཏོ། །སྒོ་སྣ་ཚོགས་ཞེས་བྱ་བ་ནི་སྒོ་མང་པོ་ནས་ཞུགས་པ་སྟེ་འཇིགས་པ་དེ་དང་དེ་ལས་བྱུང་

བའི་ཞེས་བྱ་བར་དགོངས་པའོ། །མང་པོ་དྲག་པོ་ཞེས་བྱ་བ་ནི་རྒྱུན་མི་འཆད་ཅིང་དུས་རིང་པོར་འབྱུང་བའོ། །དྲག་པོ་ནི་ཆེན་པོ་ཉིད་དོ། །གཞན་ལ་གནོད་པ་མི་འབྱུང་བར་བྱ་བའི་ཕྱིར་གཞན་དེ་ཉིད་ལ་ཡོངས་སུ་གཏོང་བའི་མཚན་ཉིད་ཅན་གྱི་རྫས་སྦྱིན་པའི་དབང་དུ་བྱས་ནས་སྨྲས་པ། གཞན་

གྱི་ནོར་གཏམས་ན་ཡང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རིགས་ལ་གནས་པ་དག་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་དབང་གིས་ནམ་ཡང་གཞན་གྱི་ནོར་གཏམས་པ་འཕྲོག་པར་མི་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར། དོར་མི་བྱེད་དོ་ཞེས་བྱ་བ་ནི་འཕྲོག་པར་མི་བྱེད་ཅིང་ཅོ་འདྲི་བར་

མི་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །བུ་ལོན་ཆགས་ན་ཡང་བླུ་བར་མི་བྱེད་ཅེས་བྱ་བ་ནི་སྐྱེད་ཇི་ཙམ་འཕེལ་དང་བཅས་པར་སྟེར་བར་བྱེད་པའོ། །དོར་མི་བྱེད་དོ་ཞེས་བྱ་བ་ནི་རྩོད་པ་བྱས་ནས་ལངས་ནས་མི་འགྲོ་བའོ། །རིགས་རྒྱུད་ཀྱི་ནོར་ཡོད་པར་གྱུར་པ་རྣམས་ལ་བགོ་བཤའ་བྱེད་ཅིང་གཡོ་མི་བྱེད་

Vol. 133 · folio 10a

ལ་བླུ་བར་མི་བྱེད་དེ། ཆུང་ངུ་ཙམ་སྟོན་པའམ། ངན་པ་སྟོན་པའམ། ཡེ་མི་སྟེར་བ་མ་ཡིན་པའོ། །རིན་པོ་ཆེ་བརྟག་པ་ལ་མི་མཁས་ཤིང་། རིན་པོ་ཆེ་མི་ཤེས་པ་དག་དང་། ཉོ་ཚོང་བྱེད་པ་ན་རྫས་ཀྱི་བདག་པོས་རིན་ཆུང་ངུ་བཏབ་པ་ལས། བདག་

ཉིད་རིན་པོ་ཆེ་བརྟག་པ་ལ་ཤིན་ཏུ་མཁས་པས་དེས་ཕབ་པའི་རིན་དེས་དེ་ཉོ་བར་མི་བྱེད་ཅིང་། ཇི་ཙམ་རི་བ་ཡང་དག་པར་བསྟན་ནས། གལ་ཏེ་བདག་ལ་རྫས་བདོག་ན་ཇི་ཙམ་རི་བས་དེ་ལེན་པར་བྱེད་དོ། །མེད་ན་དེ་ལ་ཇི་ཙམ་རི་བ་ཡང་དག་པར་སྟོན་པར་བྱེད་དོ། །དེ་ལྟར་ཕྱིན་ཅི་མ་ལོག་

པར་ཡང་དག་པར་བསྟན་ནས། དེ་ཅི་ནས་གཞན་གྱིས་ཀྱང་བླུ་བར་མི་འགྱུར་བར་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དོ། །ཉེ་བར་ལོངས་སྤྱད་པའི་ཁྱད་པར་གྱིས་ཕན་གདགས་པའི་སྦྱིན་པས་ཡང་དག་པར་ནན་ཏན་བྱ་བའི་རྟགས་ཡང་དག་པར་བསྟན་པ་ནི། ཕན་གདགས་པའི་བྱེ་

བྲག་རྣམས་ཀྱང་སྦྱིན་པ་ཞེས་བརྗོད་དེ། གཏང་བར་བྱ་བ་ཡིན་པས་ཞེས་བྱས་ནས་སོ། །ཇི་སྐད་དུ་མདོ་གཞན་དག་ལས། བཟའ་བ་དང་བཏུང་བའི་སྦྱིན་བདག་ཏུ་འགྱུར་ཞེས་རྒྱ་ཆེར་གསུངས་པས་བཟའ་བ་དང་བཏུང་བ་རྒྱ་ཆེན་པོ་ཡོད་ཅིང་བདོག་པར་གྱུར་ན་དེ་ལ་བགོ་བཤའ་བྱེད་པར་

འགྱུར་རོ། །ལོངས་སྤྱོད་རྣམས་འབྱུང་བའི་སྒོར་གྱུར་པ་གང་ཡིན་པ་ལ་ཡང་དག་པའི་ནན་ཏན་གྱིས་སྦྱིན་པའི་རྟགས་སྟོན་པར་བྱེད་དོ། །ནུས་པ་ཡོད་པར་གྱུར་ན་ལོངས་སྤྱོད་རྒྱ་ཆེན་པོ་འཕེལ་བར་འགྱུར་བ་དེ་ལྟ་བུའི་ལས་ཀྱི་མཐའ་ལ་སྦྱོར་གྱི། ལས་ཀྱི་མཐའ་ཆུང་ངུ་ལ་ནི་མ་ཡིན།

དེ་ལྟ་བུ་ལ་བསམ་པ་ཡང་མི་འཇུག་གོ། །འདུ་བའི་སྒོ་ཆུང་ངུ་དག་ལ་མ་ཡིན་ནོ་ཞེས་བྱ་བ་ནི་མོས་པ་མ་ཡིན་པའོ་ཞེས་བྱ་བ་དང་སྦྱར་རོ། །ལོངས་སྤྱོད་འབྱུང་བའི་སྒོ་མ་ཡིན་པ་དེ་དག་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་པ་ནི་ལོངས་སྤྱོད་ལ་ནན་ཏན་བྱེད་པ་ཞེས་བྱའོ། །དེའི་དབང་དུ་བས་ནས་

སྨྲས་པ། ཞུགས་པ་ནི་འདི་དག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་འདོད་ཆགས་དང་བྲལ་བར་འདོད་པ་སྟེ། དེ་དག་ལ་སྐྱོན་མཐོང་བ་དང་མི་མཐུན་པར་མཐོང་བས་རབ་ཏུ་སྤོང་བར་འགྱུར་རོ། །

Vol. 133 · folio 10b

སྔོན་བསྟེན་པ་ལ་ཡང་ངོ་ཚ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྟོན་ཏོ་ཞེས་བྱ་བ་སྟེ། འགྱོད་པར་འགྱུར་བའི་ཕྱིར་རོ། །ལོངས་སྤྱོད་ཐོབ་པ་ལ་སྒྲུབ་པའི་རྟགས་དེ་ཉིད་ཀྱང་སྦྱིན་པའི་རྟགས་སུ་བསྟན་པའི་ཕྱིར། ལོངས་སྤྱོད་རྒྱ་ཆེན་པོ་དག་རྙེད་ན་

ཡང་ཞེས་བྱ་བ་ལ་སོགས་པ་ལ་ནོར་ཆེན་པོ་རྙེད་པའི་དུས་ན་ཡང་དམན་པ་རྣམས་ཀྱིས་རྙེད་པ་ལྟར་ཤིན་ཏུ་ཆགས་པར་མི་འགྱུར་བས་ན། ཤས་ཆེར་བརྐམ་པར་མི་འགྱུར་ཞེས་བྱ་སྟེ། མ་ཆགས་པའི་སྦྱོར་བས་ལོངས་སྤྱོད་ལ་ལྟོས་པ་མེད་པར་གནས་པར་འགྱུར་རོ། །མདོར་

བསྡུ་ན་འཇུག་པའི་ཚུལ་ཁྲིམས་དང་། ལྡོག་པའི་ཚུལ་ཁྲིམས་ཀྱིས། ཚུལ་ཁྲིམས་རྣམ་པ་གཉིས་སུ་རིག་པར་བྱའོ། །དེ་ལ་ལྡོག་པའི་ཚུལ་ཁྲིམས་ནི་ཉེས་པར་སྤྱོད་པ་ལས་ལྡོག་པའི་སྡོམ་པ་བླངས་པའི་ཚུལ་ཁྲིམས་སོ། །འཇུག་པའི་ཚུལ་ཁྲིམས་ནི་དགེ་བའི་ཆོས་

སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། དེ་དག་ནི་བསིལ་བར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཉེས་པར་སྤྱོད་པ་རྒྱ་ཆེ་བའམ། རྒྱ་ཆུང་བའི་ཉེས་པར་སྤྱོད་པའི་ཁྱད་པར་ངེས་པར་བསྟན་པས། ལྡོག་པའི་ཚུལ་ཁྲིམས་བསྟན་པའི་

ཕྱིར། ལུས་དང་ངག་གི་ལས་མི་དགེ་བ་ཆུང་ངུ་དང་ལྡན་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་གི་སྨོས་པ་ནི། ལྡོག་པའི་ཚུལ་ཁྲིམས་ནི་ལུས་དང་ངག་གི་སྡོམ་པས་བསྡུས་པའི་ཕྱིར་རོ། །ཉེས་པར་སྤྱོད་པ་རྒྱ་ཆེ་བ་ནི་ལས་ཀྱི་ལམ་གྱིས་བསྡུས་པའོ། །རྒྱ་ཆེ་

བ་མ་ཡིན་པ་ནི་ལས་ཀྱི་ལམ་གྱིས་བསྡུས་པ་མ་ཡིན་པའོ། །དེ་ལ་ལས་ཀྱི་ལམ་གྱི་སྦྱོར་བ་དང་། དངོས་དང་། མཇུག་གི་དབང་དུ་བྱས་ནས་ཉེས་པར་སྤྱོད་པ་ཆུང་བ་ཉིད་བསྟན་པའི་ཕྱིར། ལུས་དང་ངག་གི་ལས་ཆུང་ངུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་

རིགས་དང་ལྡན་པ་ལ་སེམས་ཀྱི་རྒྱུད་རྟག་པར་ཉོན་མོངས་པ་དྲག་ཅིང་མཐུག་པ་མ་ཡིན་པ་དག་ལ་སེམས་ཅན་རྣམས་ཀྱི་སྲོག་དང་ལོངས་སྤྱོད་དང་། ཆུང་མ་ལ་གནོད་པ་བྱེད་པའི་ལུས་དང་ངག་གི་ལས་འབྱུང་བ་མེད་དེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་ས་བོན་དང་ལྡན་པའི་ཕྱིར་རོ། །

Vol. 133 · folio 11a

ཤིན་ཏུ་རྗེས་སུ་མི་མཐུན་པ་མ་ཡིན་པ་ནི་མི་འདོད་པ་འབྲས་བུ་ཆེན་པོ་འབྱིན་པར་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་དྲག་པོ་མ་ཡིན་པ་ཞེས་བྱ་བ་ལ། དྲག་པོ་ནི་སེམས་ཀྱི་དྲག་པོ་དང་། ལུས་ཀྱི་དྲག་པོའོ། །དེ་ལ་སེམས་ཀྱི་དྲག་པོ་ནི་སེམས་ཅན་

རྣམས་ལ་སྙིང་རྗེ་མེད་པའི་སེམས་ཀྱིས་བསད་པ་དང་། རྡེག་པའི་སེམས་བསྐྱེད་པར་རིག་པར་བྱའོ། །ལུས་ཀྱི་དྲག་པོ་ཉིད་ནི་བག་མེད་ཅིང་ངོ་ཚ་དང་བྲལ་བས་རྡེག་པ་དང་། རབ་ཏུ་རྡེག་པར་བྱེད་ཅིང་ལག་པ་ཁྲག་གིས་སྦགས་པའོ། །སེམས་ཅན་ལ་ཤིན་ཏུ་གནོད་པ་དང་ལྡན་

པ་མ་ཡིན་ཏེ་ཞེས་བྱ་བ་ལ། དྲག་པོའི་ལས་བྱེད་པ་ཉིད་སེམས་ཅན་ལ་ཤིན་ཏུ་གནོད་པ་དང་ལྡན་པ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་དེ་ཉིད་ཀྱི་ཁྱད་པར་ཡིན་ནོ། །དེ་ལྟར་རེ་ཞིག་ལས་ཀྱི་ལམ་གྱི་སྦྱོར་བའི་དབང་དུ་བྱས་ནས་བསྟན་པའོ། །མཇུག་གི་དབང་དུ་བྱས་ནས་སྨྲས་པ། སྡིག་

པའི་ལས་ཤིག་བྱས་སུ་ཟིན་ཀྱང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལས་ཀྱི་ལམ་གྱི་མཐར་ཐུག་པར་གྱུར་པ་ན་ཡང་བྱས་པའི་ལས་དེ་དང་རྗེས་སུ་མཐུན་པར་སེམས་པར་མི་བྱེད་ཀྱི། བདག་ཉིད་ཀྱིས་བྱས་པའི་ལས་དེ་ལ་དམད་ནས་བདག་ཉིད་འགྱོད་པ་མང་བར་གནས་ཤིང་།

མྱུར་བ་མྱུར་བར་ཏེ། ལས་བྱས་མ་ཐག་ཏུ་འགྱོད་པ་ཡིན་གྱི་དེའི་རྒྱུ་མཚན་གྱིས་མཐོང་བའི་ཆོས་ཉིད་ལ་ཉེས་པར་མཐོང་བར་གྱུར་ནས། དེའི་རྗེས་ལ་འགྱོད་པ་ལྟ་བུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་འཛེམ་བཞིན་དུ་སྤྱོད་ཀྱི་ཞེས་བྱ་བ་ནི། དངོས་གཞིའི་དབང་དུ་བྱས་ནས་

བསྟན་པ་སྟེ། མ་བྱས་ན་ཡང་གཞན་ཉེས་དམིགས་ཆེ་ལ་བྱེད་པ་ན་ཡང་སེམས་བག་ཚ་བ་དང་། འཛེམ་པ་བཞིན་དུ་སྟེ། ངོ་ཚ་བ་དང་བཅས་པའི་སེམས་དང་མི་མཐུན་པའི་སེམས་ཀྱིས་སྡིག་དེ་བྱེད་ཀྱི། དགའ་བ་དང་ཡིད་བདེ་བས་ནི་མ་ཡིན་ཏེ། རིགས་ཀྱི་སྟོབས་དང་

བསམ་པའི་ཁྱད་པར་གྱིས་དེ་ལྟ་བུའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །ཉེས་པར་སྤྱོད་པ་རྒྱ་ཆེ་བ་མ་ཡིན་པ་ལ་ཀུན་དུ་སྤྱོད་པའི་ཁྱད་པར་གྱི་དབང་དུ་བྱས་ནས། སེམས་ཅན་རྣམས་ལ་ལག་པ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རིགས་དང་ལྡན་པ་ལ་

Vol. 133 · folio 11b

མནར་སེམས་དང་། གནོད་སེམས་ཀྱིས་ལག་པ་དང་། བོང་བ་དང་། དབྱུག་པ་དང་། མཚོན་ཆ་ལ་སོགས་པས་སེམས་ཅན་རྣམས་ལ་བརྣག་དཀའ་བ་དང་། དྲག་པོའི་སྡུག་བསྔལ་བསྐྱེད་པ་མ་ཡིན་ཏེ། སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་མང་བའི་ཕྱིར་

དང་། དེ་བཞིན་གཤེགས་པའི་རིགས་སུན་པར་མི་བྱེད་པའི་བདག་ཉིད་ཀྱི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། རང་བཞིན་གྱིས་མཉེས་གཤིན་པ་ཞེས་བྱ་བ་ལ། སྙིང་རྗེས་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བའི་སེམས་དང་ལྡན་པའི་ཕྱིར་དང་། རྣམ་

པར་སྨིན་པ་ལ་རེ་བ་མེད་པའི་སེམས་དང་། ཚེ་འདི་ལ་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་པའི་ཕྱིར། རང་བཞིན་གྱིས་མཉེས་གཤིན་པ་ཞེས་བྱའོ། །བདག་དང་གཞན་དུ་མཉམ་པའི་ལྷག་པའི་བསམ་པས་རིགས་དང་ལྡན་པའི་ཕྱིར། སེམས་ཅན་ལ་དགའ་བ་ཡིན་ནོ། །

རྣམ་པ་བཅུས་ཇི་ལྟར་རིགས་པར་སེམས་ཅན་ལ་སོགས་པའི་ཡུལ་ལ་ཡང་དག་པར་སྒྲུབ་པར་བྱེད་པས་འཇུག་པའི་ཚུལ་ཁྲིམས་ཀྱི་རྟགས་བསྟན་པའི་ཕྱིར། བཀུར་སྟི་བྱ་བར་འོས་པ་རྣམས་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་རྟགས་

ཡོངས་སུ་རྫོགས་ཀྱི་བར་དུའོ། །དེ་ལ་འཇིག་རྟེན་ཤེས་པའི་དབང་དུ་བྱས་ནས་ཁྱད་པར་ཅན་དང་། མཉམ་པ་དང་། དམན་པའི་སེམས་ཅན་རྣམས་ལ་ནུས་པ་ཅི་ཡོད་པ་དང་། ཇི་ལྟར་འོས་པར་སྒྲུབ་པར་བྱེད་པ་ན། ཉེ་བའི་ཉོན་མོངས་པ་གསུམ་སྤངས་ལ། དེའི་གཉེན་པོའི་

ཕྱོགས་ཀྱི་རྣམ་པས་རབ་ཏུ་བསྒྲུབ་པར་བྱའོ། །དེ་ལ་ཁྱད་པར་ཅན་གྱི་དབང་དུ་བྱས་ནས་བསྟན་པ་ནི། བཀུར་སྟི་བྱ་བར་འོས་པ་རྣམས་ལ་ཡང་ཞེས་བྱ་བ་སྟེ། ཡང་དེ་དག་ནི་སྔར་བསྟན་པའི་བླ་མ་དང་། རྒན་རབས་དང་། མཆོད་གནས་རྣམས་སུ་རིག་པར་བྱའོ། །དེ་དག་ལ་ཉེ་

བའི་ཉོན་མོངས་པའི་ཕྲག་དོག་སྤངས་ལ། བསྙེན་བཀུར་དང་། གཡོག་གི་ལས་ལ་ཡང་དག་པར་ནན་ཏན་བྱེད་པར་འགྱུར་བའོ། །དེ་ཉིད་སྨྲས་པ། འདུད་པའི་ལས་ཀྱིས་ཞེས་བྱ་བ་ཡིན་ནོ། །མཉམ་པ་རྣམས་ལ་འགྲན་པའི་ཉེ་བའི་ཉོན་མོངས་པ་སྤངས་ནས། དེའི་སེམས་བསྲུང་བར་

Vol. 133 · folio 12a

བྱ་ཞིང་། དམད་པར་མི་བྱ་བར་རབ་ཏུ་གནས་པས་ཡང་དག་པར་བསྒྲུབ་པ་བསྟན་པའི་ཕྱིར། མཐུན་པར་འཛིན་པ་དང་། ཤེས་ཉེན་ཅན་དང་། ཕ་རོལ་གྱི་སེམས་དང་མཐུན་པར་འཇུག་པ་ཡིན་ཞེས་བྱ་བའོ། །དམན་པ་རྣམས་ལ་བརྙས་པ་ཡང་། ཉེ་

བའི་ཉོན་མོངས་པ་ཡིན་པས་རྣམ་པར་སྤངས་ལ། མདངས་བཟང་པོ་བསྟན་ནས་མངོན་དུ་ཕྱོགས་པར་བྱས་ལ། ཡང་དག་པར་བསྒྲུབ་པར་བསྟན་པའི་ཕྱིར། འཛུམ་པ་སྔོན་དུ་གཏོང་བ་དང་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །སེམས་ཅན་ཕན་འདོགས་པ་

རྣམས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པས་རྟག་ཏུ་གནས་ནས་ལན་དུ་ཕན་གདགས་པའི་ཕྱིར་རབ་ཏུ་གནས་པ་ཡིན་ནོ། །ཕན་གདགས་པ་ཡང་དང་ཡང་རྗེས་སུ་དྲན་པ་དང་ལྡན་པའི་སྦྱོར་བས་གནས་པས་ན་བྱས་པ་ཤེས་པའོ། །བདག་གིས་འདི་ལ་ལན་དུ་ཕན་གདགས་པར་འོས་

པ་ཡིན་ཞེས་དྲིན་ཤེས་པས་ན་བྱས་པ་གཟོ་བའོ། །སེམས་ཅན་སློང་བ་རྣམས་ལ་སྟེ། ཕོངས་པར་གྱུར་པ་རྣམས་ཀྱི་དོན་བསྒྲུབས་པས་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། གཞན་འདུན་པར་བྱེད་པའི་སྒྲུབ་པར་བྱེད་པ་ནི་ཡང་དག་པའི་ནན་ཏན་ཏེ། དྲང་པོར་བྱེད་ཀྱི་

ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །བྱའོ་ཞེས་ཁས་བླངས་ནས་དུས་རིང་པོར་མི་སྒྲུབ་པར་འཇོག་པ་ནི་གཡོ་དང་སྒྱུ་ཞེས་བྱའོ། །རང་གི་ལས་ཀྱི་མཐའ་རྣམས་ཡང་དག་པར་བསྒྲུབ་པའི་དབང་དུ་བྱས་ནས་སྨྲས་པ། ཆོས་ཀྱིས་ཞེས་བྱ་བ་ནི་རིགས་པ་བཞིན་ནོ། །བབ་

ཅོལ་མ་ཡིན་པ་ཞེས་བྱ་བ་ནི་སྡིག་པ་མི་བྱེད་པའོ། །ཡང་ན་གདོང་མཆི་མ་དང་བཅས་པར་ངུ་བ་དང་། རང་གི་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་སྐྱེས་བུ་དག་ཀྱང་ཆོས་མ་ཡིན་པ་ལ་མི་སྦྱོར་བའོ། །གཞན་དབང་དུ་གྱུར་པ་རང་དབང་མེད་པ་དག་སྟོབས་ཀྱིས་བཀུག་ནས་

མི་སྦྱོར་བ་ཡང་བབ་ཅོལ་མ་ཡིན་པའོ། །བསོད་ནམས་བྱ་བའི་དངོས་པོ་རྣམས་ཡང་དག་པར་བསྒྲུབ་པའི་དབང་དུ་བྱས་ནས་སྨྲས་པ། རང་བཞིན་གྱིས་ཀྱང་བསོད་ནམས་ལ་དགའ་བ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གཞན་བསོད་ནམས་བྱེད་པ་དག་གི་གྲོགས་བྱ་བ་ལ་ཡང་གུས་

Vol. 133 · folio 12b

པ་དང་བཅས་པར་བྱེད་ན། རང་གི་བསོད་ནམས་ཀྱི་ལས་ལ་ནི་ཤིན་ཏུ་ཡང་འབད་པར་བྱེད་པར་འགྱུར་བའོ། །དེ་ལྟ་བུ་ལ་འབད་པར་བྱ་བ་ནི་སྦྱིན་པ་དག་སྦྱིན་པར་བྱའོ། །བསོད་ནམས་དག་ཀྱང་བྱ་བ་ཡིན་ནོ། །སྨྱུང་བར་གནས་པར་ཡང་བྱའོ། །ཚུལ་ཁྲིམས་དག་ཀྱང་

ཡང་དག་པར་བླངས་ནས་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་མདོ་གཞན་གྱི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །སྔར་བསྟན་པའི་སྒྲུབ་པ་དག་ཀྱང་ཇི་ལྟར་རིགས་པར་མ་ལ་མར་འཛིན་པ་དང་ཞེས་བྱ་བ་ལ་སོགས་པའི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །གཞན་གྱིས་

གནོད་པ་བྱས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བའི་སེམས་ཅན་དེ་དག་གི་སྡུག་བསྔལ་མཐོང་ངམ་ཐོས་ནས་ཤིན་ཏུ་དྲག་པོའི་སྙིང་རྗེ་ཉེ་བར་སྐྱེ་བར་འགྱུར་བ་ནི་ཡང་དག་པའི་སྒྲུབ་པའོ། །དེ་དག་གི་སྡུག་བསྔལ་བདག་གི་རྒྱུད་ཀྱི་བཞིན་དུ་མཐོང་བའི་སྙིང་རྗེའི་ཁྱད་པར་བསྟན་པའི་ཕྱིར།

གཞན་ལ་གནོད་པས་ཤིན་ཏུ་གནོད་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཆོས་ཡང་དག་པར་བླང་བ་ཆེད་ཆེར་འཛིན་པ་ཞེས་བྱ་བ་ནི་ཡི་དམ་བླངས་པ་ལ་བསྟན་པའི་ཕྱིར་རོ། །ལུས་དང་སྲོག་དང་། ལོངས་སྤྱོད་ལ་ལྟོས་པ་མེད་པར་གྱུར་པས་ན་ཚེ་ཕྱི་མཆེད་ཆེར་འཛིན་པ་ཡིན་ཞེས་བྱའོ། །

འཇིག་རྟེན་འདིའི་བདེ་བ་ལ་ཆགས་ནའང་ནག་པོའི་ཕྱོགས་ཀྱི་ཉེས་དམིགས་མཐོང་བའི་ཕྱིར། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་ན་མང་པོ་ལ་ལྟ་ཅི་སྨོས་ཞེས་བྱ་བ་ནི་ད་ལྟར་ཡང་ཤིན་ཏུ་སྡུག་བསྔལ་ལ། སྡུག་བསྔལ་གཞན་དག་ཀྱང་འབྱུང་བའི་སྐྱེ་མཆེད་དུ་གྱུར་པ་ཞེས་བྱ་

བའི་དོན་ཏོ། །ཆོས་དང་འགལ་བ་མེད་པ་དང་། དོན་ཉེ་བར་ལྡན་པ་དང་། རིགས་པ་དང་བྲལ་བ་མ་ཡིན་པའི་སེམས་ཅན་གཞན་གྱི་བྱ་བ་དག་ལ་གྲོགས་བྱ་བའི་ཕྱིར། འགྲོ་བར་བྱེད་པ་ན་བདག་ཉིད་ཀྱིས་དམ་པའི་བྱ་བས་བྱེད་པ་ཉིད་ཡིན་ནོ། །དོན་དང་ལྡན་པ་མ་ཡིན་པ་བསྟན་པའི་

ཕྱིར་གསུངས་པ། བདག་དང་གཞན་དག་ལ་གནོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་རེ་ཞིག་པའི་བྱ་བ་དག་ལ་གྲོགས་བྱ་བ་བསྟན་ནས། ཡང་བྱ་བ་མ་ཡིན་པ་དགག་པའི་ཕྱིར། དགེ་བའི་བཤེས་གཉེན་དུ་གྱུར་པར་བྱས་ལ་བྱ་བ་མ་ཡིན་པ་ལས་བཟློག་པར་བྱ་བའི་ཕྱིར། བྱ་བ་མ་

Vol. 133 · folio 13a

ཡིན་པ་འདི་ལྟ་སྟེ་ཞེས་བྱ་བ་ལ། བྱ་བ་མ་ཡིན་པ་ནི་བདག་དང་གཞན་ཕུང་བར་བྱེད་པའི་ལས་དེ་དག་ནི་གཅིག་ཏུ་བྱ་བ་མ་ཡིན་པ་ཁོ་ན་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གང་ཡིན་པའོ། །དེའི་ཕྱིར་སྡིག་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་བྱ་

བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་རེ་ཞིག་གསོལ་བ་མ་བཏབ་ཅིང་མ་བཅོལ་བ་དག་ལ་ཡང་གྲོགས་བྱེད་དུ་འགྲོ་བར་བསྟན་ནས། གཞན་གྱིས་བཅོལ་ཞིང་གསོལ་བ་བཏབ་པ་རྣམས་ལ་གྲོགས་བྱེད་དུ་འགྲོ་བ་བསྟན་པའི་ཕྱིར་གཞན་གྱི་དབང་དུ་བྱེད་ཅིང་གཞན་ལ་རག་

ལས་པར་བྱེད་དེ་ཞེས་བྱ་བ་ནི། གཞན་གྱི་བྱ་བའི་རྗེས་སུ་ཞུགས་པ་ནི་གཞན་གྱི་དབང་དུ་བྱེད་པའོ། །དེའི་ཕྱིར་བདག་གི་འདོར་དུ་བཅུག་ནས་རང་རང་གི་དོན་ལ་ཅི་དགའ་མགུར་སྤྱོད་པར་བྱེད་དོ་ཞེས་བསྟན་ཏོ། །ཚུལ་ཁྲིམས་མཚུངས་པ་ནི་དེའི་ལས་དང་རང་གི་མཚུངས་པའི་ངང་

ཚུལ་ཅན་ནོ། །བཟོད་པ་མཚུངས་པ་ནི་དེའི་ལས་དང་འདྲ་བར་སྐྱོ་བ་མེད་པར་བྱེད་པའི་ངང་ཚུལ་ཅན་ནོ། །གཞན་གྱི་དབང་དུ་བྱེད་པའི་རྒྱུ་བསྟན་པའི་ཕྱིར། སེམས་མཉེན་ཞིང་ཞེས་བྱ་བ་ནི་སྙིང་ཉེ་བ་ཉིད་དང་སེམས་ཀྱི་རྒྱུད་འཇམ་པར་བྱས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་

གྱིས་གནོད་པ་བྱས་པར་གྱུར་ན་ཡང་ཁྲོ་བ་དང་ཁོན་དུ་འཛིན་པར་མི་འགྱུར་བར་བསྟན་པའི་ཕྱིར་ཡུན་རིང་དུ་འཛིན་པར་མི་བྱེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །སོ་སོར་བརྟགས་པ་ནས་སེམས་གཟུའོ་ཙམ་དུ་རྣམ་པར་གཞག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེའི་མོད་ལ་དེའི་སེམས་

བཟང་པོར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་རེ་ཞིག་སེམས་ཅན་ལ་ཁྲོ་བ་མེད་པར་འཇུག་པ་བསྟན་པས་འཇུག་པའི་ཚུལ་ཁྲིམས་བཤད་ནས། ཡང་ངག་གི་ལེགས་པར་སྤྱད་པ་རྣམ་པ་བཞི་ལ་འཇུག་པས། འཇུག་པའི་ཚུལ་ཁྲིམས་ཀྱི་རྟགས་བསྟན་པའི་ཕྱིར། བདེན་པ་ཆེད་

ཆེར་འཛིན་པ་ཡིན་ཏེ་ཞེས་བྱ་བ་ནི། བདེན་པ་ཆེད་ཆེར་འཛིན་པས་སྲོག་དང་། ལོངས་སྤྱོད་དང་། རྒྱལ་སྲིད་ཀྱི་ཆེད་དུ་ཡང་བདེན་པ་སྤངས་ནས་བསམས་བཞིན་དུ་བརྫུན་གྱི་ཚིག་མི་སྨྲ་བ་ཡིན་ནོ། །དབྱེན་བྱ་བར་མི་དགའ་ཞིང་མི་བྱེད་ཅེས་བྱ་བ་ནི་དབྱེན་བྱ་བར་བསམ་པ་མེད་ཅིང་མི་བྱེད་ཅེས་བྱ་བའི་

Vol. 133 · folio 13b

དོན་ཏོ། །མི་བྱེད་དོ་ཞེས་བྱ་བ་ནི་དབྱེན་གྱི་ཚིག་སྨྲ་བར་མི་བྱེད་ཅེས་བྱ་བའི་བསམ་པའོ། །མ་གཙིགས་པ་ནི་སྐབས་དང་འབྲེལ་པ་མེད་པར་འཇུག་པའི་ཚིག་གོ། །བདག་དང་གཞན་དག་ལ་ཕན་པ་མེད་པའི་ཚིག་ནི་མི་དགོས་པའོ། །དགོས་པ་མེད་པའི་ཕྱིར་དོན་མེད་པའོ། །ཡིད་དུ་འོང་

བའི་ཚིག་སྨྲ་བས་ན་བབ་ཆོལ་དུ་ཡང་སྨྲ་བ་མ་ཡིན་པའོ། །ཕ་རོལ་གྱི་ཞེ་གཅོད་པ་མི་སྨྲ་བ་ནི་གཞན་གྱི་གནད་ལ་འཕོག་པ་མི་སྨྲ་བའོ། །ཐ་ན་བདག་གི་བྲན་གཡོག་ལ་སོགས་པ་དམན་པ་རྣམས་ལ་ཡང་ཚིག་རྩུབ་པོ་སྨྲ་བར་མི་བྱེད་ན། གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། རྣམ་པ་གཉིས་

ཀྱིས་ཚིག་རྩུབ་པོ་ལས་ལྡོག་པ་བསྟན་པར་བྱ་བའི་ཕྱིར། ཕ་རོལ་ལ་གནོད་པ་བྱེད་པ་ན་མི་སྨྲ་བ་ནི། ཕ་རོལ་གྱི་ཞེ་གཅོད་པ་མི་སྨྲ་ཞེས་བྱ་བ་ཡིན་ནོ། །ཡོན་ཏན་རྗོད་པར་བྱེད་པ་ཉིད་ནི། ཡོན་ཏན་ལ་དགའ་བ་ཡིན་ཞེས་བྱ་བས་སྟོན་ཏོ། །གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་

བཟོད་པའི་དབང་དུ་བྱས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་རྣམ་པར་གཞག་པར་རིག་པར་བྱའི། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཡང་མ་ཡིན། ཆོས་ལ་ངེས་པར་རྟོགས་པའི་ཡང་མ་ཡིན་ནོ། །དུས་གཉིས་སུ་བསམ་པ་དང་སྦྱོར་བས་བཟོད་པར་བྱེད་ཅིང་། བཟོད་པ་

མེད་པ་ནི་ཤིན་ཏུ་དམད་པ་ཡིན་པ་དང་། ཉེས་དམིགས་དང་བཅས་པའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དེ། ཉེས་དམིགས་ལྔ་དང་ལྡན་པའི་ཕྱིར་རོ། །བཟོད་པ་དེ་ཡང་གཞན་གནོད་པ་བྱེད་པར་གྱུར་པའི་ཚེ་བསམ་པ་བསྟན་པ་ནི། ཀུན་ནས་མནར་སེམས་སུ་མི་བྱེད་ལ་ཞེས་

བྱ་བ་སྟེ། གང་ཡང་སླར་གནོད་པ་བྱ་བར་མི་སེམས་པའོ། །སྦྱོར་བ་ནི་གནོད་པ་ཡང་མི་བྱེད་དོ་ཞེས་བྱ་བ་སྟེ། སེམས་ཀྱིས་གནོད་པ་བྱ་བར་མི་རྩོམ་པའོ། །གནོད་པ་བྱས་པའི་མཇུག་ཏུ་བཟོད་པ་གསོལ་ཞིང་གྲོས་བཏབ་ན་དེ་བཟོད་པ་དེ་ལེན་ཅིང་ཉན་ནོ། །བཟོད་པའི་སྦྱོར་བ་བསྟན་པའི་

ཕྱིར། ཞེ་ལ་མི་འཛིན་ཅིང་ཡུན་རིང་དུ་ཁོན་དུ་འཛིན་པར་མི་བྱེད་དོ་ཞེས་བྱ་བའི་ཚིག་གཉི་གས་ཀྱང་བཟོད་པའི་བསམ་པ་གསལ་བར་བསྟན་པ་ཡིན་ནོ། །དེ་ལྟར་བསམ་པ་དང་སྦྱོར་བའི་དུས་གཉི་གར་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་སུ་རིག་པར་

Vol. 133 · folio 14a

བྱའོ། །བརྩོན་འགྲུས་རྣམ་པ་ལྔ་དང་། དེ་དག་གི་འབྲས་བུ་ཕན་ཡོན་གྱི་དབང་དུ་བྱས་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་རྣམ་པར་གཞག་པར་རིག་པར་བྱའོ། །དུས་ཀུན་དུ་སྦྱོར་བ་ཉིད་ནི་རྟག་ཏུ་བྱེད་པའི་བརྩོན་འགྲུས་ཏེ། དེས་སྦྱོར་བའི་

བརྩོན་འགྲུས་ལ་གནས་པར་འགྱུར་རོ། །དེའི་རྟགས་བསྟན་པར་བྱ་བའི་ཕྱིར། ནང་པར་སྔར་ལྡང་ཞིང་ཞེས་བྱ་བ་ནས། བདེ་བ་ཧ་ཅང་ཉམས་སུ་ལེན་པར་མི་བྱེད་པ་དང་ཞེས་བྱ་བའི་བར་དུའོ། །དེ་ལྟར་ན་མཉན་པར་བྱ་བར་འོས་པ་རྣམས་ལ་བརྩོན་འགྲུས་ཀྱིས་རྒྱུན་མི་འཆད་པར་བྱ་བ་

བསྟན་ཏོ། །གུས་པར་བྱེད་པ་ཉིད་ནི་རྟག་ཏུ་བྱ་བའི་བརྩོན་འགྲུས་ཏེ། དེ་ནི་བརྟན་པ་དང་ལྡན་པ་ཞེས་བྱའོ། །དེའི་རྟགས་ནི་བྱ་བ་ཞིག་བྱུང་ན་དོན་དེ་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱ་བ་དང་ཉེ་བར་གྱུར་པ་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་སྦྱོར་བར་མི་བྱེད་པའི་རྒྱུ་ནི་གཉིས་ཏེ། བྱེད་པར་འདོད་པའི་

འདུན་པ་མེད་པ་དང་། ལེ་ལོ་ལ་སྦྱོར་བའོ། །དེ་དག་གཉི་ག་ཡང་སོ་སོར་རྟོག་པའི་སྟོབས་ཀྱིས་ཟིལ་གྱིས་མནན་ནས་ཇི་སྲིད་རྫོགས་ཀྱི་བར་དུ་སྦྱོར་བར་བྱེད་དོ། །གོ་ཆ་བརྟན་པ་ལ་རབ་ཏུ་སྦྱོར་བ་ཉིད་དང་། སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་ཀྱིས་སྤྲོ་བར་འགྱུར་ཞིང་། དེའི་རྟགས་ཀྱིས་བྱ་བ་

ཐམས་ཅད་ལ་མཉམ་པར་སྦྱོར་བས་ངེས་པར་བརྟན་པར་འགྱུར་རོ། །ངེས་པར་བརྟན་པ་ཉིད་བཤད་པ་ནི། མ་བྱས་སམ། མ་ཟིན་གྱི་བར་དུ་བརྩོན་པ་མི་འདོར་ཞིང་ཞེས་བྱ་བ་སྟེ། བྱ་བར་འོས་པ་མ་བྱས་པ་དང་། ཐོབ་པར་བྱ་བ་མ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །བར་དུ་བརྩོན་པ་མི་འདོར་ཞིང་ཞེས་བྱ་བ་

ནི། རེས་འགའ་ལུས་དང་སེམས་ཡོངས་སུ་སྐྱོ་ཞིང་ངལ་བའི་འཇིགས་པས་བརྩོན་འགྲུས་མི་རྩོམ་པ་དེ་མེད་པར་བརྟན་པའི་ཕྱིར། སྡུག་བསྔལ་ཐམས་ཅད་མྱོང་བས་སྒྱིད་ལུག་པར་མི་བྱེད་པ་སྟེ། ངོ་བོ་གཞན་དུ་མི་འགྱུར་བ་ཉིད་དོ། །ཞུམ་པར་མི་བྱེད་པའི་བརྩོན་འགྲུས་ཀྱིས་ཕ་རོལ་གནོན་པ་བརྟན་པར་འགྱུར་

རོ། །དེའི་རྟགས་ནི། དོན་གྱི་མཆོག་རྒྱ་ཆེན་པོ་ཞེས་བྱ་བའོ། །རྣམ་པར་ཡངས་ཤིང་རྒྱ་ཆེ་བ་དང་། གྱ་ནོམ་པའི་དོན་ལ་སེམས་ཞུམ་པ་མེད་པར་འགྱུར་ཏེ། ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་དག་ཡོངས་སུ་རྫོགས་པར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་བདག་གིས་བསྒྲུབ་པར་མི་ནུས་སོ་ཞེས་བདག་ཉིད་ལ་བརྙས་པར་མི་

Vol. 133 · folio 14b

བྱེད་པའོ། །དེའི་ཕྱིར་སྨྲས་པ། བདག་གིས་ནི་འདི་རྟོགས་པར་ནུས་ཏེ། ཞོ་ཤ་དང་ལྡན་ནོ་སྙམ་དུ་སྤྲོ་བ་བསྐྱེད་པ་དང་ཞེས་བྱ་བ་བསྟན་པ་ཡིན་ནོ། །ངོམས་པ་མེད་པའི་བརྩོན་འགྲུས་ནི་ཆུང་ངུ་ཙམ་མམ། དམན་པ་ཙམ་གྱིས་ཆོག་པར་མི་འཛིན་པའི་སྦྱོར་བས་དགེ་བའི་ཆོས་ལ་སྦྱོར་བའི་

བརྩོན་འགྲུས་མི་འདོར་བའོ། །དེའི་ཕྱིར་སེམས་ཞུམ་པར་མི་བྱེད་ཅིང་བདག་ལ་ཁྱད་དུ་གསོད་པར་མི་བྱེད་པ་དང་ཞེས་བྱ་བའོ། །དེ་ལྟར་སྦྱོར་བའི་བརྩོན་འགྲུས་རྣམ་པ་ལྔ་སྟེ། དཔའ་བ་དང་། བརྟན་པ་དང་། སྲ་བ་དང་། སྲན་ཐུབ་པ་དང་། སེམས་ཅན་སྙིང་པོ་དང་། འཇིགས་པ་མེད་པ་དང་།

མི་འཇིགས་པར་གྱུར་པར་དེ་དང་དེར་འགྲོ་བའོ། །དེའི་ཕྱིར་ཚོགས་ཆེན་པོའི་ནང་དུ་འགྲོ་བའམ། དཀའ་བ་དག་ལ་ཡང་བརྟན་པ་ཡིན་ཞིང་ཞེས་བརྗོད་དོ། །གཞན་དག་དང་ལྷན་ཅིག་འགྱེད་པའམ། ཕྱིར་རྒོལ་བའམ། མི་ཕལ་པ་གཞན་དག་གིས་བྱ་བར་དཀའ་བའི་ལས་དག་ལ་ཡང་བརྟན་པ་

ཡིན་ཞིང་། སེམས་ཞུམ་པ་མེད་པ་ནི་བརྟན་པ་ཞེས་བརྗོད་དོ། །ཟབ་ཅིང་རྒྱ་ཆེ་བའི་བྱ་བ་གཅིག་ཏུ་ངེས་པར་བྱ་དགོས་པའི་དོན་དང་ལྡན་པའི་བརྩལ་བ་ཆེན་པོ་དག་ལ་ཡང་ཤས་ཆེར་སྐྱོ་བར་མི་བྱེད་དོ། །བསམ་གཏན་གྱི་སྦྱོར་བ་དང་ཚད་མེད་པ་བཞིའི་སྦྱོར་བ་དང་། དེ་དག་གཉི་གའི་རྒྱུའི་དབང་དུ་

བྱས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ལས་དང་པོའི་བསམ་གཏན་གྱི་སྦྱོར་བ་ནི་རྣམ་པ་ལྔའོ། །ལས་དང་པོ་པ་ནི་རྩོམ་པའི་དང་པོའོ། །ལྔ་གང་ཞེ་ན། སེམས་རྩེ་གཅིག་པ་ཉིད་དང་། རབ་ཏུ་དབེན་པ་དང་། སྒྲིབ་པ་རྣམ་པར་དག་

པ་དང་། ཡིད་ལ་བྱེད་པ་བསྒོམ་པ་དང་། སྡོམ་པ་བསྲུང་ཞིང་འཕེལ་བར་བྱེད་པའོ། །སེམས་རྩེ་གཅིག་པའི་རྟགས་ཀྱི་དབང་དུ་བྱས་ནས་སྨྲས་པ། ཆོས་ཀྱི་དོན་ལ་ངེས་པར་སེམས་པ་ན། གཡེང་བ་མི་མང་བ་ཡིན་པ་དང་། ངེས་པར་སེམས་རྩེ་གཅིག་པར་གྱུར་པས་གང་དོན་སོ་སོ་ཡང་དག་པར་

རིག་པར་འགྱུར་བ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་བའོ། །རབ་ཏུ་དབེན་པའི་རྟགས་ཀྱི་དབང་དུ་བྱས་ནས་སྨྲས་པ། དགོན་པ་ནགས་ཚལ་གྱི་གནས། བས་མཐའི་གནས་མལ་ཏེ། ཤིང་དྲུང་དང་། ཁྱིམ་སྟོང་པ་དང་། དབེན་པའི་རང་བཞིན་ནོ། །དགོན་པ་ནི་ནགས་

Vol. 133 · folio 15a

ཀྱི་ནང་ངོ་། །བས་མཐའ་ནི་གྲོང་དང་གྲོང་ཁྱེར་ཟད་པའི་མཚམས་སོ། །མི་རྣམས་ཀྱིས་དབེན་པ་ནི་སྐྱེ་བོ་མང་པོ་སྤངས་ཤིང་མི་བསྟེན་པ་དང་། སྐྱེ་བོ་གདུག་པ་ཅན་དང་སྡིག་པ་བྱེད་པ་རྣམས་ཀྱང་མི་རྒྱུ་བའོ། །ཡན་ལག་ལྔ་དང་ལྡན་པའི་ནང་དུ་ཡང་དག་འཇོག་གི་རྗེས་

སུ་མཐུན་པའི་གནས་དེ་ལྟ་བུ་མཐོང་ངམ། ཐོས་ན་ལུས་དང་སེམས་དབེན་པར་བྱ་བ་ལ་སྤྲོ་བ་སྐྱེད་པར་བྱེད་དོ། །དེ་ལ་གཞོལ་བ་དང་། དེ་ལ་འབབ་པར་སེམས་བསྐྱེད་དོ། །དེའི་ཕྱིར་རབ་ཏུ་དབེན་པ་ལ་ཤིན་ཏུ་སྤྲོ་བ་བསྐྱེད་དོ་ཞེས་བྱ་བ་སྨྲས་སོ། །སྒྲིབ་པ་རྣམ་པར་དག་པའི་རྟགས་ཀྱི་དབང་དུ་བྱས་

ནས་སྨྲས་པ། རང་བཞིན་གྱིས་ཀྱང་ཉོན་མོངས་པ་ཤས་ཆུང་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པ་ཤས་ཆུང་བའོ། །ཡུན་རིང་པོ་ནས་ཉོན་མོངས་པ་མི་འབྱུང་བའམ་བྱུང་ན་ཡང་དེ་མ་ཐག་མེད་པར་འགྱུར་བའོ། །སྒྲིབ་པ་ཤས་ཆུང་བ་ཡང་དེ་བཞིན་ནོ། །གནས་ངན་ལེན་ཤས་ཆུང་བ་ནི་ཤིན་

ཏུ་ས་བོན་གསོ་བར་བྱེད་པ་མ་ཡིན་པའོ། །ཡིད་ལ་བྱེད་པ་སྒོམ་པ་དང་། སྡོམ་པ་བསྲུང་ཞིང་འཕེལ་བར་བྱེད་པའི་དབང་དུ་བྱས་ནས་སྨྲས་པ། དེ་རབ་ཏུ་དབེན་པ་ན་གནས་ཤིང་རང་གི་དོན་ལ་ཡོངས་སུ་རྟོག་པ་ན་ཞེས་བྱ་བ་ལ་སོགས་པ་ལ་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་རྣམ་གསུམ་ལ་ཉེ་བར་རྟོག་པ་ན་ཡིད་ལ་

བྱེད་པ་བསྒོམ་པ་དང་ལྡན་པས་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་ན་སེམས་རྣམ་པར་གཡོ་བར་འགྱུར་བས་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་ན། རྣམ་པར་རྟོག་པས་སེམས་བསྒྱུར་བར་མི་ནུས་པས་ཡོངས་སུ་བཟུང་ནས་མི་གནས་སོ་ཞེས་བྱ་བ་སྨོས་སོ། །བྱམས་པ་ཚད་མེད་པའི་དབང་དུ་བྱས་ནས་

སྨྲས་པ། མི་མཛའ་བའི་ཕྱོགས་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེའི་རིགས་ཅན་ཉོན་མོངས་པ་ཆུང་བའི་རྒྱུད་ལ་དང་པོ་ཉིད་དུ་མི་མཛའ་བའི་ཕྱོགས་ལ་ཡང་བདེ་བ་ཉེ་བར་བསྒྲུབ་པའི་བསམ་པ་སྐྱེ་བར་འགྱུར་ན། གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། སྙིང་རྗེའི་དབང་དུ་བྱས་ནས་སྨྲས་པ། སེམས་ཅན་སྡུག་

བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བདག་ཅེས་བྱ་བ་ལ་སོགས་པ་ལ། བརྡེག་པ་དང་། བཅིང་བ་དང་། གཅད་པ་དང་། དབུག་པ་ལ་སོགས་པའི་སྒོ་ནས་ཞུགས་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གནོད་པར་གྱུར་པའི་གནས་སྐབས་མཐོང་ངམ་ཐོས་ན་སྙིང་རྗེ་ཆེན་པོ་བསྐྱེད་ནས་སྡུག་བསྔལ་དེ་དག་བསལ་

Vol. 133 · folio 15b

བའི་ཕྱིར། ནུས་པ་ཇི་ལྟ་བ་བཞིན་དུ་སྒྲུབ་པར་བྱེད་དོ། །དགའ་བའི་རྟགས་ཀྱི་དབང་དུ་བྱས་ནས་སྨྲས་པ། རང་བཞིན་གྱིས་ཀྱང་སེམས་ཅན་རྣམས་ལ་ཕན་པར་འདོད་པ་དང་། བདེ་བར་འདོད་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ངང་གིས་སེམས་ཅན་རྣམས་ལ་བདེ་བ་འབྱུང་བར་གྱུར་

ཅིག་ཅེས་དགའ་བ་དང་བདེ་བ་ཐོབ་པར་གྱུར་པ་རྣམས་ལ་རྗེས་སུ་ཡི་རང་ཞིང་དགའ་བའོ། །བཏང་སྙོམས་ཚད་མེད་པའི་རྟགས་ཀྱི་དབང་དུ་བྱས་ནས་སྨྲས་པ། རྒུད་པར་གྱུར་པ་དག་ལ་ཡང་མི་དགའ་བ་མེད་པ་ཡིན་ཞེས་བྱ་བ་ལ་བདག་དང་གཞན་གྱི་རྒུད་པ་དག་གིས་སེམས་གཡོ་བར་མི་འགྱུར་བ་སྟེ། མྱ་ངན་

གྱིས་ཀུན་དུ་རྨོངས་པར་མི་འགྱུར་བའི་ཕྱིར་དང་། སྡུག་བསྔལ་ཐམས་ཅད་ལ་བཟོད་ནས་བཏང་སྙོམས་སུ་གནས་པའི་ཕྱིར་རོ། །དེ་དག་གི་རྒྱུའི་དབང་དུ་བྱས་ནས་སྨྲས་པ། ཡིད་ཀྱང་གཞུངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་དང་། ཚད་མེད་པའི་སྦྱོར་བའི་དབང་དུ་བྱས་ནས་ཡིད་གཞུངས་པ་

དང་། དྲན་པ་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཤིན་ཏུ་ཕན་པ་བྱེད་པ་ཡིན་ནོ། །ཡིད་གཞུངས་པས་ནི་བསམ་གཏན་དང་ལྡན་པའི་ཆོས་རྣམས་མང་པོ་མྱུར་དུ་བླང་བ་དང་འཛིན་པར་ནུས་ཏེ། ཡིད་གཞུངས་པ་ནི་ཤེས་རབ་ཀྱི་ཁྱད་པར་ཡིན་པའི་ཕྱིར་དང་། དོན་སེམས་པའི་ནུས་པ་ཡོད་པའི་ཕྱིར། ཤིན་

ཏུ་འཛིན་ནུས་པར་འགྱུར་བ་ཉིད་དོ། །དེ་ལྟར་ཡིད་གཞུངས་པའི་བྱེད་པ་རྣམ་པ་གསུམ་བསྟན་ནས། དྲན་པའི་བྱེད་པ་བསྟན་པའི་ཕྱིར་སྨྲས་པ། དེས་བྱས་ནས་རིང་དུ་ལོན་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟགས་བསྟན་པའི་

ཕྱིར། སྐྱེ་བས་ཐོབ་པའི་དབང་དུ་བྱས་ནས་རིག་པའི་གནས་ཤེས་བྱ་ཐམས་ཅད་ལ་འཇུག་པར་བྱ་བའི་ཕྱིར། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་ཡིན་ཞེས་བྱ་བ་སྨྲས་སོ། །ལུང་ལས་སྐྱེས་པའི་དབང་དུ་བྱས་ཏེ་སྨྲས་པ། ཡིད་མི་རྟུལ་བ་དང་བློ་མི་ཞན་པ་ཞེས་བྱ་བ་སྨྲས་ཏེ། ལེགས་པར་བསྟན་པ་

དང་། ཉེས་པར་བསྟན་པའི་དོན་རང་གིས་ཤེས་པར་ནུས་པའོ། །རྟོགས་པ་ལས་བྱུང་བའི་དབང་དུ་བྱས་ནས་སྨྲས་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་ཞེས་བྱ་བ་སྟེ། མ་རིག་པའི་མཚན་ཉིད་ཅན་གྱི་རྨོངས་པའི་གཉེན་པོའི་ཕྱོགས་རིག་པ་འབྱུང་བར་གྱུར་པས་རྨོངས་པའི་རང་བཞིན་ཅན་མ་ཡིན་པའོ། །

Vol. 133 · folio 16a

ཤེས་རབ་དེ་དག་གི་བྱེད་པ་བསྟན་པའི་ཕྱིར། བག་མེད་པའི་གནས་དེ་དག་སྤོང་བ་ཞེས་བྱ་བ་ནི་ཉེས་དམིགས་ཀྱི་གནས་ཐམས་ཅད་ཡོངས་སུ་སྤོང་བའོ། །སོ་སོར་རྟོག་པའི་མཐུ་དང་ལྡན་པ་ཡིན་ཞེས་བྱ་བ་ནི་སོ་སོར་རྟོག་པའི་མཐུ་དང་ལྡན་པར་འགྱུར་བ་ཉིད་དོ། །དེ་

ལྟ་བུའི་སྦྱིན་པ་ལ་སོགས་པ་དང་ཡང་དག་པ་དང་ལྡན་པའི་དཀར་པོའི་ཆོས་ཀྱི་རིགས་ཀྱི་རྟགས་བསྟན་པར་བྱ་བའི་ཕྱིར། དེ་དག་ནི་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟ་བུའི་རྟགས་འདི་དག་ནི་རིགས་ཡོད་པ་ཉིད་དུ་རྗེས་སུ་དཔོག་པར་བྱེད་པའི་རྟགས་སུ་གྱུར་པའོ་ཞེས་བྱ་བའོ། །

རིགས་པ་ནི་ལུས་དང་ངག་དང་ཡིད་ཀྱི་འཇུག་པའི་ངོ་བོ་ཉིད་དོ། །རྗེས་སུ་དཔག་ཏུ་རུང་བ་ནི། རྗེས་སུ་དཔག་ཏུ་རུང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་དག་གིས་རིགས་ཡོད་པར་རྗེས་སུ་དཔོག་པར་བྱེད་པའི་བྱེད་པ་བསྟན་གྱི། ངོ་བོ་ཉིད་འཛིན་པ་ནི་མ་ཡིན་ནོ། །ངོ་བོ་ཉིད་ཡོངས་སུ་འཛིན་པ་ནི་སངས་

རྒྱས་ཉིད་ཀྱི་སྤྱོད་ཡུལ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡང་དག་པའི་དོན་དུ་ངེས་པར་བྱ་བ་ལ་སོགས་པ་ལ། ངོ་བོ་ཉིད་ཡོངས་སུ་གཟུང་བ་ནི་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་རིགས་ཀྱི་རྒྱུ་དང་རྗེས་སུ་མཐུན་པའི་འབྲས་བུ་ཡང་དག་པར་བསྟན་པའི་ཕྱིར། དེ་ལྟར་ཡོན་ཏན་ལྡན་ཞིང་ཞེས་བྱ་བ་ལ་སོགས་

པ་སྟེ། སེམས་མ་བསྐྱེད་པའི་གནས་སྐབས་ན་ཡང་རྟགས་དང་ཡང་དག་པར་ལྡན་པ་ལ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །འཇུག་པའི་དུས་སུ་ནི་བདག་དང་གཞན་གྱི་དོན་མ་ལུས་པ་ལ་ནན་ཏན་བྱེད་པས་བཟང་བའོ། །ཕྱིར་མི་ལྡོག་པའི་སྦྱོར་བས་བླུ་བ་མེད་པའི་ཕྱིར་དགེ་བའོ། །སྦྱིན་པ་ལ་

སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་གནས་སྐབས་ན། དཀར་པོའི་ཆོས་དང་ལྡན་པའོ། །དེ་ལྟ་བུར་ཐོག་མ་དང་། བར་དང་། ཐ་མར་དགེ་བའི་རིགས་ནི་འཆད་པར་འགྱུར་བའི་ཐུན་མོང་མ་ཡིན་པའི་སངས་རྒྱས་ཉིད་ཀྱི་ཡོན་ཏན་རྣམས་ཀྱི་རྒྱུ་ཉིད་དུ་རིགས་ཀྱི། གཞན་དག་ནི་མ་ཡིན་ནོ། །དེས་ནི་རིགས་

ལས་གཞན་པ་ནི་དེའི་རྒྱུར་མི་རིགས་སོ་ཞེས་གསལ་བར་བསྟན་པ་ཡིན་ནོ། །རྙེད་པར་དཀའ་བས་ན་བསྐྱེད་པར་དཀའ་བ་སྟེ་དུས་ཡུན་རིང་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དཀའ་བ་སྤྱད་པ་བརྒྱ་སྟོང་དུ་མས་ཐོབ་པ་ཡིན་པའི་ཕྱིར་རོ། །དཔག་ཏུ་མེད་

Vol. 133 · folio 16b

པ་དང་གྲངས་མེད་པའི་ཡོན་ཏན་གྱིས་བརྒྱན་པས་ན་གཙོ་བོའོ། །གྲངས་དང་མཐུ་འདི་ལྟ་བུའོ་ཞེས་བསྟན་པར་མི་ནུས་པས་ན་བསམ་གྱིས་མི་ཁྱབ་པའོ། །རྟག་ཏུ་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པས་འཆི་འཕོ་དང་བྲལ་བའི་ཕྱིར་མི་གཡོ་བའོ། །དེ་ལས་གོང་མར་གྱུར་པ་མེད་པས་བླ་ན་མེད་པའོ། །ཡང་

ཅི་རིགས་དེ་ལྟ་བུ་དང་ལྡན་པ་ལ་དུས་ཐམས་ཅད་དུ་རྟགས་འདི་དག་ཡོད་པར་འགྱུར་རམ་ཞེ་ན། མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་ཇི་སྲིད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་ཉེ་བའི་ཉོན་མོངས་པ་བཞི་ལས་ཐམས་ཅད་དམ། ཁ་ཅིག་གིས་ཉེ་བའི་ཉོན་མོངས་པ་ཅན་དུ་མ་

གྱུར་པ་དེ་སྲིད་དུ་དེ་དག་དང་ལྡན་པར་འགྱུར་རོ། །ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མནན་པར་གྱུར་ན་ནི་དེ་དག་དང་ལྡན་པར་མི་འགྱུར་རོ། །རྟགས་རྣམས་འབྱུང་བར་མི་འགྱུར་བ་ནི་སྐྱེ་བར་མི་འགྱུར་བའོ་ཞེས་བྱ་བ་ནས་སོ། །བྱང་ཆུབ་སེམས་དཔའ་རྟགས་དང་ལྡན་པར་འགྱུར་བའི་སྐབས་སུ་ནི་

ངན་སོང་དུ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །ཉེ་བའི་ཉོན་མོངས་པས་ཉོན་མོངས་པ་ཅན་དུ་གྱུར་ན་ནི་དེར་སྐྱེ་བར་འགྱུར་བའི་ལས་བྱས་ནས་ངན་སོང་དག་ཏུ་ཡང་ལན་འགའ་སྐྱེ་བ་སྲིད་དོ་ཞེས་བསྟན་པའི་ཕྱིར། ངན་སོང་དག་ཏུ་ཡང་སྐབས་འགའ་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་ལྟར་རེ་ཞིག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་

རྟགས་དང་ལྡན་པ་བདེ་འགྲོར་སྐྱེས་པ་རྣམས་གཞན་དག་ལས་ཁྱད་པར་དུ་འཕགས་པར་གྱུར་པ་ལྟར། དེའི་རིགས་དང་ལྡན་པ་རྣམས་རེས་འགའ་ངན་སོང་དུ་སྐྱེས་པར་གྱུར་ན་ཡང་དེར་སྐྱེས་པ་གཞན་དག་ལས་ཁྱད་པར་རྣམ་པ་ལྔས་ཁྱད་པར་དུ་འཕགས་པ་ཡིན་ཏེ། སྐབས་འགའ་སྐྱེས་པར་གྱུར་ན་ཡང་

ཞེས་བྱ་བ་ནི། ཇི་ལྟར་དེ་ལས་གཞན་པའི་སེམས་ཅན་རྣམས་ལ་རྒྱ་མཚོ་ཆེན་པོར་གཡེངས་པའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པར་དཀའ་བ་ཡིན་པ་ལྟར་བདེ་འགྲོར་སྐྱེ་བ་དཀའ་བ་ཡིན་ཏེ། དེར་སྐྱེས་ནས་ཡུན་རིང་པོར་དེ་ནས་ཐར་བར་མི་ནུས་པ་ཡིན་ལ། དེའི་རིགས་དང་ལྡན་པ་

རྣམས་ནི་ངན་འགྲོར་འགྲོ་བ་དེ་ལྟར་དཀོན་པ་ཡིན་པས་དེའི་ཕྱིར། བརྒྱ་ལམ་ན་ཞེས་བྱ་བ་སྨྲས་སོ། །སྐྱེས་པར་གྱུར་ན་ཡང་ཞེས་བྱ་བ་ནི་ཚེ་ཇི་སྲིད་པར་དེའི་རིགས་དང་ལྡན་པ་རྣམས་དེར་གནས་པར་མི་འགྱུར་གྱི། བར་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། དཔེར་ན་བདེ་འགྲོར་སྐྱེས་པའི་སེམས་ཅན་ཁ་ཅིག་

Vol. 133 · folio 17a

སྔོན་གྱི་ལས་དྲག་པོའི་དབང་གིས་སྐྱེས་མ་ཐག་ལ་སོགས་པར་འཆི་བར་འགྱུར་བ་བཞིན་དུ་རིགས་དང་ལྡན་པ་དག་ངན་སོང་དུ་སྐྱེས་པ་ཡང་སྙིང་རྗེ་ཆེན་པོའི་སྟོབས་དང་། འགྱོད་པ་དྲག་པོས་དེ་མ་ཐག་ཏུ་འཆི་བར་རིག་པར་བྱའོ། །སོ་སོར་རྟོག་པའི་སྟོབས་དང་། བརྟན་པའི་

སྟོབས་དང་། ཡང་དག་པར་ལྡན་པས་སྡུག་བསྔལ་གྱི་ཚོར་བ་ཆུང་ངུ་མྱོང་བར་འགྱུར་གྱི་དེར་སྐྱེས་པའི་སེམས་ཅན་གཞན་བཞིན་དུ་ནི་མ་ཡིན་ནོ། །དེ་ལྟ་བུའི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེས་རེག་ན་ཡང་རྒྱུ་དང་འབྲས་བུས་བསྡུས་པའི་ངན་སོང་གིས་འགྱོད་ཅིང་སྐྱོ་བར་གྱུར་ལ་མི་མཐུན་པ་དང་། ངན་པར་

བལྟ་ཞིང་སྤོང་བར་འདུན་པར་སོ་སོར་རིག་པ་འབྱུང་བར་འགྱུར་རོ། །བདག་ནི་རེ་ཞིག་བརྟན་པ་དང་ལྡན་ཞིང་། སོ་སོར་རྟོག་པའི་མཐུ་དང་ལྡན་ལ། སྡུག་བསྔལ་གྱི་ཚོར་བ་ཆུང་ངུ་ཙམ་མྱོང་བ་ཡང་འདི་འདྲ་ན། གཞན་དག་གི་གནས་སྐབས་ཇི་ལྟ་བུར་འགྱུར་ཞེས་གཞན་གྱི་རྒྱུད་དུ་གཏོགས་པའི་

སྡུག་བསྔལ་གྱིས་ཤིན་ཏུ་གནོད་པར་གྱུར་ནས། སྙིང་རྗེ་ཆེན་པོའི་སེམས་སྐྱེད་པར་བྱེད་དེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་ས་བོན་གྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོའི་རྒྱུའི་རིགས་དེ་ཉིད་ཀྱིས་བསྐུལ་བས་ཞེས་བྱ་བ་ཡིན་ནོ། །ཉོན་

མོངས་པ་ནི་མི་དགེ་བ་ཡིན་པའི་ཕྱིར་དཀར་པོའི་ཆོས་དང་མི་མཐུན་པའོ། །སེམས་དྲི་མ་ཅན་དུ་བྱེད་པས་ན་ཉེ་བའི་ཉོན་མོངས་པའོ། །བླུན་པ་ནི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་མ་ཡིན་པ་ཡོངས་སུ་ཤེས་པ་ལ་མི་མཁས་པ་དང་། མི་དགེ་བའི་གྲོགས་པོས་ཡོངས་སུ་གཟུང་བའོ། །དེའི་སྡིག་པ་

ཅན་གྱི་གྲོགས་ཀྱིས་ཡོངས་སུ་གཟུང་བས། དགེ་བའི་ཆོས་མ་སྐྱེས་པ་རྣམས་ནི་མི་སྐྱེ་ལ། སྐྱེས་པ་རྣམས་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། དེས་ན་དེའི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཅན་དུ་འགྱུར་རོ། །དེའི་ཕྱིར་ཡང་དེ་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །ཕྱིར་རྒོལ་བས་དབང་བྱས་ཤིང་དེའི་

སེམས་རྣམ་པར་རྨོངས་པར་གྱུར་པས་ལུས་དང་སེམས་ལ་རང་དབང་མེད་པར་འགྱུར་རོ། །རང་དབང་མེད་པར་འཇུག་པར་འགྱུར་བས་དགེ་བའི་ཆོས་ཡོངས་སུ་ཉམས་པར་འགྱུར་ཞིང་། སེམས་ཀྱི་རྒྱུད་ཉོན་མོངས་པ་ཅན་དུ་འགྱུར་རོ། །དེའི་ཕྱིར་དེ་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །ཉེ་བར་

Vol. 133 · folio 17b

མཁོ་བ་དང་བྲལ་བས་འཚོ་བ་མེད་པའི་འཇིགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་ལྷག་པར་གྱུར་པ་ན་འཇིགས་པ་ཐམས་ཅད་ལས་དེ་ཁྱད་པར་ཆེ་བར་གྱུར་པ་དེ་ཡང་སྔ་མའི་ཚུལ་དུ་རིག་པར་བྱའོ། །དེ་ལྟར་ན་མདོར་བསྡུ་ན་ལུས་དང་སེམས་བརྟན་པར་བྱེད་པ་དང་བྲལ་བ་གང་ཡིན་པ་དེ་དག་ནི་ཉེ་

བའི་ཉོན་མོངས་པ་ཡིན་པར་གསལ་བར་བྱེད་པའི་ཚིག་གཉིས་དང་། གཉིས་ཀྱིས་ཡིན་པར་རིག་པར་བྱའོ། །གལ་ཏེ་རིགས་དང་ལྡན་ན་སྐལ་བ་དང་ལྡན་པར་འགྱུར་ཞིང་། སྟོབས་དང་ལྡན་པར་གྱུར་ན་ཡང་གང་གི་ཕྱིར་འཁོར་བ་ཐོག་མ་མེད་པ་ཡིན་པ་ལྟར་སངས་རྒྱས་འབྱུང་བ་ཡང་ཐོག་མ་མེད་

པའི་དུས་ཅན་ཡིན་པར་འདོད་ན། ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅིའི་ཕྱིར་མི་འཐོབ་ཅེ་ན། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་ཡང་རྒྱུ་བཞིས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྒྱུ་འདི་དག་ཉིད་ནི་ཐོབ་པར་སླ་བའི་ཕྱིར་དང་། བྱང་ཆུབ་ཐོབ་པའི་རྒྱུ་ཉིད་ནི་ཤིན་ཏུ་

རྙེད་པར་དཀའ་བའི་ཕྱིར། རིགས་ཕུན་སུམ་ཚོགས་པ་ཉིད་ཡིན་ན་ཡང་ཕལ་ཆེར་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཕྱོགས་ཀྱི་གནས་སྐབས་ཉིད་བསྟན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པ་ཞེས་བྱ་བ་ནི་དབང་པོ་དང་། མོས་པ་དང་། ཁམས་ཀྱི་བྱེ་བྲག་ཤེས་ནས་ཕྱིན་ཅི་

མ་ལོག་པའི་ཐེག་པ་ཆེན་པོའི་ལམ་སྟོན་པར་བྱེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ནོ། །དེ་ལྟར་ན་དགེ་བའི་བཤེས་གཉེན་མཉེས་པར་མ་བྱས་པས་ནི་བྱང་ཆུབ་ཐོབ་པར་ནུས་པ་མ་ཡིན་ནོ། །དགེ་བའི་བཤེས་གཉེན་དང་ཕྲད་ཅིང་ཡོངས་སུ་ཟིན་ཀྱང་རང་གི་ལྟ་བ་

མཆོག་ཏུ་འཛིན་པའི་དབང་གིས་གནས་ནས་ཕྱིན་ཅི་ལོག་ཏུ་སློབ་པ་ནི་ཕྱིན་ཅི་ལོག་ཏུ་བསྒྲུབ་པའོ། །བྱིས་པས་ཡོངས་སུ་བརྟགས་པའི་བདག་ཉིད་དུ་ཆོས་ཐམས་ཅད་ཡོད་དོ་ཞེས་འཛིན་པའི་སྦྱོར་བ་དང་། རང་གི་མཚན་ཉིད་དུ་ཡང་མེད་དོ་ཞེས་མེད་པར་འཛིན་པའི་སྦྱོར་བ་དང་ལྡན་པའོ། །མཐའ་གཉིས་སུ་

མ་ལྷུང་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མོས་པ་ཆུང་བར་གྱུར་པས་སྦྱོར་བ་གཡེལ་ཞིང་ལེ་ལོ་བྱེད་པ་སྟེ། སྙོམ་ལས་དང་ལྡན་པས་རྟག་ཏུ་བྱེད་པ་དང་། དམ་པར་བྱེད་པའི་བརྩོན་འགྲུས་མེད་པ་ནི། དེ་ལྟར་རེ་ཞིག་དགེ་བའི་ཆོས་ལ་སྦྱོར་བ་དམན་པས་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །

Vol. 133 · folio 18a

སྔར་བསྟན་པའི་རྒྱུ་གསུམ་པོ་དེ་དག་ཡོད་དུ་ཟིན་ཀྱང་དབང་པོ་ཡོངས་སུ་མ་སྨིན་པའི་རྒྱུད་ནི་སྣོད་མ་ཡིན་པས་ཚོགས་ལོངས་སུ་རྫོགས་པར་མི་འགྱུར་ཏེ། དེས་ཀྱང་འཐོབ་པར་མི་འགྱུར་རོ། །ཡུན་རིང་དུ་ཞེས་བྱ་བ་ནི་ཡུན་རིང་དུ་འདྲིས་པར་བྱས་པའི་སྦྱོར་བས་ཚོགས་

ཡོངས་སུ་རྫོགས་པར་མ་བྱས་པའོ་ཞེས་སྦྱར་བར་བྱའོ། །རིགས་མེད་ན་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་བྱང་ཆུབ་འཐོབ་པའི་རྒྱུ་ཡོད་ཀྱང་རུང་། མེད་ཀྱང་རུང་འཐོབ་པར་མི་འགྱུར་བ་ཉིད་དེ། ཤིན་ཏུ་སྣོད་མ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པའི་ས་ལས་བྱང་

ཆུབ་སེམས་དཔའི་སའི་དང་པོ་རིགས་ཀྱི་ལེའུའི་འགྲེལ་པའོ།། །།དེ་ལྟ་བུའི་རིགས་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་ཞེས་བྱ་བར་རིགས་ཀྱི་གཞིའི་ལེའུའི་རྗེས་ལ་སེམས་བསྐྱེད་པའི་གཞི་ངེས་པར་བསྟན་པར་བྱ་བ་ཡིན་པས་དང་

པོ་ཉིད་དུ་སེམས་བསྐྱེད་པ་དེ་རྣམ་པ་ལྔས་བསྟན་པར་བྱ་སྟེ། དེའི་ཟབ་པ་དང་རྒྱ་ཆེ་བ་བསྟན་པར་བྱ་བའི་ཕྱིར་རོ། །དེ་ཡང་རྣམ་པ་བཞི་ནི་རྒྱ་ཆེ་བའོ། །ཕྱི་མ་ནི་ཟབ་པའོ། །དེ་ལས་གཞན་པའི་ཡང་དག་པའི་སྨོན་ལམ་ཐམས་ཅད་སྡུད་པ་ཡིན་པས་ངོ་བོ་ཉིད་རྒྱ་ཆེ་བའོ། །དེ་ལ་སྨོན་ལམ་ཡང་རྣམ་པ་

གཉིས་ཏེ། ཡང་དག་པ་མ་ཡིན་པའི་སྨོན་ལམ་དང་། ཡང་དག་པའི་སྨོན་ལམ་མོ། །དེ་ལ་ཡང་དག་པ་མ་ཡིན་པའི་སྨོན་ལམ་ནི། བདག་དང་གཞན་གྱི་བདེ་འགྲོ་དང་། ངན་འགྲོ་དང་། འཁོར་བའི་ཉེས་པས་གནོད་པའི་སྡུག་བསྔལ་གྱི་རྒྱུར་གྱུར་པར་རིག་པར་བྱའོ། །ཡང་དག་པའི་སྨོན་

ལམ་ལ་ཡང་རྣམ་པ་གསུམ་སྟེ། དམན་པ་དང་། འབྲིང་དང་། མཆོག་གི་བྱེ་བྲག་གིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཡང་འདིར་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་བྱ་བར་འདོད་དོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་དེ་ཡངས་སོ་སོ་ལ་རྣམ་པ་དུ་

མར་ཤེས་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཉིད་ཀྱིས་སེམས་མངོན་པར་འདུ་བྱེད་པ་ནི་སྨོན་ལམ་སྟེ་སེམས་ལས་བྱུང་བའི་ཁྱད་པར་ཡིན་པས་བསམ་པའི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་བྱང་ཆུབ་ཀྱི་སེམས་ཀྱང་ཐེག་པ་ཆེན་པོ་སྟེ། ཡོན་ཏན་གྱིས་སེམས་མངོན་པར་

Vol. 133 · folio 18b

འདུ་བྱེད་པའི་མཚན་ཉིད་ཅན་ནི་སྨོན་ལམ་མོ། །ཡང་དེ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཇི་སྙེད་ཡོད་པ་ཡོངས་སུ་སྡུད་པ་སྟེ། ཡོངས་སུ་མི་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨོན་ལམ་ནི་སེམས་བསྐྱེད་པའི་ངོ་བོ་ཡིན་པར་རིག་པར་བྱའོ། །སེམས་དེ་མངོན་པར་འདུ་བྱེད་

པ་ཡང་དམིགས་པ་དང་བཅས་པའོ། །དམིགས་པ་དང་བཅས་པའི་ཕྱིར་རྣམ་པ་དང་བཅས་པའོ། །དེས་ན་དེའི་རྣམ་པ་དང་དམིགས་པ་ངེས་པར་གཟུང་བའི་ཕྱིར་སྨྲས་པ། འདི་ལྟར་སེམས་མངོན་པར་འདུ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་རྒྱུད་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་མངོན་པར་འདོད་པ་ནི་སེམས་ཀྱིས་འདི་ལྟར་སྨོན་པར་བྱེད་དེ། ཐེག་པ་གསུམ་གྱིས་བསྡུས་པའི་མྱ་ངན་ལས་འདས་པའི་ཆོས་ཅན་རིགས་ལ་གནས་པ་རྒྱུ་དང་འབྲས་བུ་ལ་ཡང་འདོད་པར་བྱེད་དོ། །དེའི་ཕྱིར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་

རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་པར་གྱུར་ཅིག་ཅེས་བྱ་བའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱང་མྱ་ངན་ལས་འདས་པ་ལ་བཀོད་པས་དོན་བྱས་པ་ཉིད་དུ་འགྱུར་རོ། །དེས་ན་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་འགོད་པར་གྱུར་ཅིག་ཅེས་སྨྲས་

པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྣམ་པ་འདི་ལྟ་བུས་བྱང་ཆུབ་དང་སེམས་ཅན་གྱི་དོན་དུ་གཉེར་བ་ནི་སེམས་བསྐྱེད་པ་ཡིན་པས་དེའི་ཕྱིར་དོན་དུ་གཉེར་

བའི་རྣམ་པ་ཡིན་ནོ་ཞེས་གྲུབ་པ་ཡིན་ནོ། །བདག་དང་གཞན་གྱི་དོན་མ་ལུས་པ་དོན་དུ་གཉེར་བ་ཡིན་པའི་ཕྱིར་རྒྱ་ཆེ་བའི་རྣམ་པ་ཞེས་བྱའོ། །དེ་ལྟར་རྣམ་པ་འདི་ལྟ་བུས་བྱང་ཆུབ་དང་། ཡང་རྣམ་པ་དེ་ལྟ་བུར་སེམས་བསྐྱེད་པ་དེའི་དམིགས་པ་ཇི་ལྟ་བུ་ཞིག་ལ་དམིགས་ནས་བསྐྱེད་ཅེ་ན། དེའི་

ཕྱིར་སེམས་བསྐྱེད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བྱང་ཆུབ་ལ་དམིགས་པ་ནི་དེའི་དབང་གིས་བྱུང་བ་ཡིན་ལ། སེམས་ཅན་གྱི་དོན་ནི་གཙོ་བོ་ཡིན་ནོ། །དེའི་ཕྱིར། སྟོབས་བཅུའི་ཡོན་ཏན་དག་གིས་མཛད་པ་ལས་གཞན་ཁྱོད་ལ་ཕྲ་མི་མངའ་ཞེས་བསྟོད་པ་ཡིན་ནོ། །གཞན་ནས་ཀྱང་

Vol. 133 · folio 19a

གསུངས་པ། གང་གི་དེ་བཞིན་གཤེགས་པ་ཉིད་ནི་ཞར་ལ་འོངས་པ་སྟེ། །ཞེས་བསྟོད་པ་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་དང་སྐྱོན་ཐམས་ཅད་རབ་ཀྱི་མཐར་ཐུག་པར་ཐོབ་པ་དང་། ལྷག་མ་མ་ལུས་པར་ཟད་པར་གྱུར་པའི་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ལ་དམིགས་པའི་ཕྱིར་དང་། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་དངོས་པོ་ལ་འཁོར་བའི་མཐའི་བར་དུ་དམིགས་པ་ནི་དམིགས་པ་རྒྱ་ཆེ་བའོ། །འཇུག་པ་རྒྱ་ཆེ་བའི་དབང་དུ་བྱས་ནས། སེམས་

བསྐྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། སེམས་བསྐྱེད་པ་དེ་ནི་རྣམ་པ་གཉིས་ཀྱིས་དགེ་བ་ཡིན་པར་རིག་པར་བྱའོ། །ཤེས་རབ་དང་སྙིང་རྗེ་ཞེས་བྱ་བའི་དགེ་བའི་རྩ་བ་དང་ཡང་དག་པར་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་དགེ་བའི་རྩ་

བའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་ཕྱིར། དགེ་བ་དང་མཆོག་ཏུ་དགེ་བའི་ཡོན་ཏན་དང་ལྡན་པ་དང་ཞེས་བྱ་བ་ལ། དེ་ལ་དང་པོའི་རྣམ་པ་ནི་དགེ་བའོ། །གཉིས་པ་ནི་མཆོག་ཏུ་དགེ་བར་རིག་པར་བྱའོ། །དགེ་བ་ཉིད་ཀྱིས་ན་བཟང་བ་སྟེ། གར་དང་གླུ་ལ་མཁས་པའི་གར་མཁན་

བཞིན་ནོ། །རང་གི་དོན་སྒྲུབ་པར་བྱེད་པས་ན་ཡང་བཟང་བའོ། །གཞན་གྱི་དོན་ཡང་དག་པར་སྒྲུབ་པར་བྱེད་པས་ན་མཆོག་ཏུ་བཟང་བའོ། །རང་གི་དོན་ལ་མི་བླུ་ཞིང་ཕྲད་པར་བྱེད་པའི་ཕྱིར་ལེགས་པའོ། །གཞན་གྱི་དོན་ལ་མི་བླུ་བ་དང་། དེ་ལྟ་བུའི་རང་བཞིན་དུ་གྱུར་པས་མཆོག་ཏུ་

ལེགས་པའོ། །དེ་ལྟར་རེ་ཞིག་དགེ་བའི་ཆོས་ཐམས་ཅད་ཀྱི་རྗེས་སུ་མཐུན་པ་ལ་འཇུག་པའི་ཁྱད་པར་བསྟན་ནས། མི་དགེ་བའི་ཆོས་ཐམས་ཅད་དང་འགལ་བ་ཉིད་དུ་འཇུག་པ་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བརྟེན་པའི་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་

ཅད་ལ་བརྟེན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཞེས་བྱ་བའི་དོན་ཏོ། །དེ་དག་དང་མི་མཐུན་པ་ནི་དེ་དག་དང་མི་མཐུན་པར་གྱུར་པ་ཉན་ཐོས་ལ་སོགས་པའི་རིགས་ཅན་ཐེག་པ་གསུམ་གྱིས་བསྡུས་པ། འཁོར་བའི་མི་མཐུན་པར་གྱུར་པ་དགེ་བའི་ཆོས་ལ་རབ་ཏུ་འགོད་པར་རིག་པར་

Vol. 133 · folio 19b

བྱའོ། །སྨོན་ལམ་དགེ་བ་དེ་དག་ཐམས་ཅད་ཀྱི་ནང་ན་སྨོན་ལམ་གྱི་མཆོག་བླ་ན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མེད་པ། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ་པའོ། །དེའི་ཕྱིར་ཟབ་པ་ཞེས་བྱ་བ་སྟེ། མཐར་ཐུག་པར་ངེས་པར་བསྟན་པས་ཟབ་པ་ཉིད་བསྟན་པར་འགྱུར་རོ། །

ཡང་སེམས་བསྐྱེད་པ་དེའི་ཁྱད་པར་རྣམ་པ་ལྔ་པོ་དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར་རྣམ་པ་ལྔ་པོ་ཉིད་ཀྱི་ངེས་པར་སྟོན་པར་བྱེད་པ་ནི། ངོ་བོ་ཉིད་ཀྱི་ཁྱད་པར་ནས་ཁྱད་པར་དུ་འཕགས་པའི་ཁྱད་པར་གྱི་བར་དུའོ། །ཡང་སེམས་བསྐྱེད་པ་དེའི་གནས་སྐབས་དང་། རྒྱུད་ཡོངས་སུ་སྨིན་པའི་རྒྱུ་

དང་། ཀུན་ནས་སློང་བ་དང་། དེའི་རྒྱུ་མཐུན་པའི་ཁྱད་པར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་རྣམ་པ་བཞིར་བསྟན་པར་རིག་པར་བྱ་སྟེ། སེམས་དེ་བསྐྱེད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། རིགས་དང་། འཇུག་པ་དང་། ངེས་པར་འབྱུང་བའི་མིང་ཅན་གྱིས་གསུམ་ནི་བྱང་ཆུབ་

སེམས་དཔའ་རྣམས་ལ་ཡང་ཡིན་ནོ། །དེའི་ཕྱིར་འཇུག་པས་བསྡུས་པས་ནི་གནས་སྐབས་ཀྱི་ཁྱད་པར་བསྟན་པ་ཡིན་ནོ། །རིགས་ཡོད་དུ་ཟིན་ཀྱང་སེམས་མ་བསྐྱེད་པའི་དུས་སུ་ཞུགས་པ་མ་ཡིན་པས། སེམས་བསྐྱེད་པ་ནི་ཞུགས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་

པའི་ཕྱིར་རོ། །བརྡ་དང་ཐ་སྙད་ཀྱི་ཚུལ་གྱིས་ཞེས་བྱ་བ་ནི་མིང་དུ་བཏགས་པའི་ཐ་སྙད་ཀྱིས་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བརྡ་ལས་བྱུང་བའི་སེམས་བསྐྱེད་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དོན་དམ་པ་ཟག་པ་མེད་པའི་སེམས་བསྐྱེད་པ་ནི་ས་དང་པོ་རབ་ཏུ་

རྟོགས་པའི་དུས་སོ། །བྱང་ཆུབ་སེམས་དཔའི་ངེས་པ་ལ་ཡང་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། །དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་བསྐྱེད་པས་ནི་རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་བསྐྱེད་

པ་དང་ལྡན་པས་རྒྱུད་ཡོངས་སུ་སྨིན་པའི་ཁྱད་པར་ཐོབ་པར་འགྱུར་གྱི། སེམས་མ་བསྐྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ནི་སེམས་བསྐྱེད་པ་དེ་ཡིན་ནོ། །མདོར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །བརྩེ་བ་ཟད་དང་བརྩེ་བ་འཕེལ་བྱ་སྟེ། །

Vol. 133 · folio 20a

རང་གི་བྱ་བ་ལ་ནི་ཆགས་ཟད་བྱ། །གཞན་གྱི་བྱ་བ་ལ་ནི་ཆགས་འཕེལ་བྱ། །ཤེས་རབ་སྙིང་རྗེ་དེ་ཟད་འཕེལ་བའི་རྒྱུ། །དེ་ཕྱིར་བྱང་ཆུབ་རྩ་བ་གཉིས་ཞེས་གསུངས། །ཞེས་བྱ་བས་ངེས་པར་ཤེས་རབ་དང་སྙིང་རྗེ་གཉིས་ནི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ཡིན་ནོ། །

དེ་དག་ལས་ཀྱང་ཅི་བྱང་ཆུབ་ཀྱི་སེམས་དེ་ཤེས་རབ་ལས་འབྱུང་བར་འགྱུར་རམ། འོན་ཏེ་སྙིང་རྗེ་ལས་འབྱུང་བར་འགྱུར་ཞེ་ན། དེ་ལྟ་བས་ན་སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ལས་ཀུན་དུ་འབྱུང་བ་ཡིན་ན་ནི་བྱང་ཆུབ་ཐོབ་པ་གཙོ་བོར་འགྱུར་ཞིང་།

དེའི་དབང་གིས་བྱུང་བར་མི་འགྱུར་རོ། །དེའི་ཕྱིར་སྙིང་རྗེ་ལས་ཀུན་དུ་བྱུང་བ་ཡིན་པས། དེ་ལྟ་བས་ན་སེམས་བསྐྱེད་པ་དེ་ནི་སྙིང་རྗེའི་རྒྱུ་མཐུན་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྔར་སེམས་ཅན་ཡོངས་སུ་བསྐྱབ་པའི་བསམ་པ་བརྟན་པོ་མི་གཡོ་བ་བསྐྱེད་

ནས། དེའི་རྗེས་ལ་ཡོངས་སུ་བསྐྱབ་པའི་ཐབས་ཀྱི་ལམ་ཚོལ་བར་བྱེད་པ་ན། སངས་རྒྱས་ཉིད་ལས་གཞན་མ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །དེ་ལྟ་བས་ན་སྡུག་བསྔལ་བའི་སེམས་ཅན་རྣམས་ཡོངས་སུ་བསྐྱབ་པ་ནི་སྙིང་རྗེ་ཡིན་ནོ་

ཞེས་འདིའི་དོན་རིག་པར་བྱའོ། །འདིར་ཁྲོན་པའི་ནང་དུ་བུ་ལྷུང་བའི་མ་དཔེར་བྱའོ། །སེམས་བསྐྱེད་པའི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར། སེམས་བསྐྱེད་པ་དེ་ལ་བརྟེན་ཅིང་གནས་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་

སྦྱོར་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །སེམས་བསྐྱེད་པ་རྣམས་ནི་ནུས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱི། སེམས་མ་བསྐྱེད་པ་རྣམས་ནི་མ་ཡིན་ནོ། །དེའི་ཕྱིར། སེམས་ཅན་གྱི་དོན་བྱ་བ་དག་ལ་སྦྱོར་བར་བྱེད་དོ་ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀུན་

དུ་འཕེལ་བར་འགྱུར་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་ཉིད་ན་བྱང་ཆུབ་སེམས་དཔའི་བསླབ་པ་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཀྱི་རྟེན་ཡིན་ཏེ་ཞེས་སྨྲས་སོ། །དེ་ལྟར་རྟེན་དུ་གྱུར་པ་ལས་རྒྱུ་མཐུན་པའི་ཁྱད་པར་ཡང་དག་པར་བསྟན་པ་ཡིན་ནོ། །ཐམས་ཅད་

Vol. 133 · folio 20b

ཀྱི་སེམས་བསྐྱེད་པའི་རྣམ་པ་གཅིག་པ་མ་ཡིན་པར་བསྟན་པའི་ཕྱིར་དང་། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་སེམས་བསྐྱེད་པའི་རྣམ་པ་ཡོངས་སུ་བསྟན་པའི་ཕྱིར། ངེས་པར་འབྱིན་པ་དང་ཞེས་བྱ་བ་ལ་ལན་ཅིག་སེམས་བསྐྱེད་ནས་ངེས་པར་འབྱིན་ཅིང་བླ་ན་མེད་པའི་བྱང་

ཆུབ་ཏུ་འགྲོ་བར་འགྱུར་རོ། །ཐོབ་པར་འགྱུར་བས་ན་ངེས་པར་འབྱིན་པའོ། །དེ་ལས་བཟློག་པ་ནི་ངེས་པར་འབྱིན་པ་མ་ཡིན་པའོ། །གཏན་དུ་བ་དང་། གཏན་དུ་བ་མ་ཡིན་པ་དང་། བརྟན་པ་དང་། མི་བརྟན་པ་དང་། ཕྱིར་མི་ལྡོག་པ་དང་། ཕྱིར་ལྡོག་པ་ཞེས་བྱ་བ་ནི་དེའི་རྣམ་གྲངས་

སོ། །དེའི་ཕྱིར་སྨྲས་པ། གང་སྐྱེས་ན་གཏན་དུ་འཇུག་ལ་ཕྱིར་ལྡོག་པར་མི་འགྱུར་བའོ་ཞེས་བྱ་བ་ལ། རྒྱུ་རྣམ་པ་བཞིས་སེམས་དེ་ལྡོག་པར་འགྱུར་ཏེ། རིགས་ཀྱི་ཡོན་ཏན་མེད་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་གཟུང་བ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་དང་།

འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉིད་དོ། །དེ་དག་ལས་བཟློག་པའི་རྒྱུ་བཞིས་ནི་མི་ལྡོག་པར་འགྱུར་བ་ཡིན་ནོ། །སྐྱེ་བའི་རྒྱུའི་བྱེ་བྲག་གིས་སེམས་བསྐྱེད་པའི་བྱེ་བྲག་ཏུ་འགྱུར་ཞེས་ཤེས་པར་བྱ་བའི་ཕྱིར། སེམས་བསྐྱེད་པ་དེ་ཡང་རྐྱེན་བཞིས་ཞེས་སྨྲས་ཏེ། ཇི་ལྟར་རྐྱེན་

རྣམས་དང་། རྒྱུ་རྣམས་དང་། སྟོབས་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ཞེ་ན། རིགས་ཀྱི་སྟོབས་བརྟན་པར་གྱུར་ནས་རྐྱེན་དང་པོ་ལས་སྐྱེ་བར་འགྱུར་རོ། །རིགས་ཀྱི་སྟོབས་དང་ལྡན་པ་ཞིག་གིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་མཐོང་བའམ། ཐོས་ནས་རྒྱ་ཆེ་

བ་ལ་མོས་པ་རྣམས་ཀྱི་སེམས་སྐྱེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བ་དག་གིས་བྱང་ཆུབ་སེམས་དཔའི་ལུང་གི་ཆོས་ཐོས་ནས་དབང་པོ་རྣོན་པོ་རྣམས་སེམས་སྐྱེ་བར་འགྱུར་རོ། །སྙིང་རྗེའི་སྟོབས་ཉེ་བར་བརྟན་པ་ཐོབ་ནས་བྱང་ཆུབ་སེམས་དཔའི་རྟོགས་པའི་ཆོས་ལ་

བསྒྲུབ་པ་དང་ལྡན་པ་བདག་པོར་གྱུར་པ་ལས་སེམས་སྐྱེ་བར་འགྱུར་རོ། །འཁོར་བའི་སྡུག་བསྔལ་ལ་འཇིགས་པ་མེད་ཅིང་སེམས་ཅན་རྣམས་ཀྱི་རྒུད་པའི་གནས་སྐབས་མཐོང་བ་བདག་པོར་གྱུར་པས་སྟོབས་བརྟན་པ་ཐོབ་པར་གྱུར་པ་ལས་སེམས་སྐྱེ་བར་འགྱུར་རོ། །དང་པོའི་རྒྱུ་གཉིས་ཉིད་

Vol. 133 · folio 21a

སྟོབས་གཉིས་ཡིན་ཞིང་། དང་པོའི་རྐྱེན་གཉིས་ཀྱང་སྟོབས་གཉིས་ཡིན་ནོ། །རིགས་ཀྱི་སྟོབས་ཅན་རྒྱ་ཆེན་པོ་ལ་མོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་མཐོང་ངམ་ཐོས་པ་བདག་པོར་གྱུར་པ་ལས་སྐྱེ་བར་འགྱུར་རོ། །བྱང་ཆུབ་

སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ཐམས་ཅད་ནི་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་མཐུ་ཞེས་བྱའོ། །དེ་དག་ལས་གསུམ་ནི་མངོན་པར་ཤེས་པ་ཡིན་ལ། གསུམ་ནི་ཆོ་འཕྲུལ་ཡིན་ནོ། །ཟབ་པ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའོ། །རྒྱ་ཆེ་བ་ཉིད་ཀྱིས་རྨད་དུ་བྱུང་བའོ། །ཡིད་བརྟན་པ་

ལས་ཞེས་བྱ་བ་ནི་དད་པར་བྱ་བ་ལས་ཞེས་བྱ་བའི་དོན་ཏོ། །གང་ལ་གནས་པར་གྱུར་པའམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཞུགས་པར་གྱུར་པའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །བྱང་ཆུབ་ཆེན་པོར་མོས་ཤིང་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་མངོན་པར་

མོས་པར་གྱུར་པའོ། །སེམས་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་དེ་ཐོབ་པར་བྱ་བའི་ཕྱིར་སེམས་དེ་ལ་བསྟོད་ཅིང་སྐུལ་བར་བྱེད་པ་སྟེ། སྨོན་ལམ་འདེབས་ཤིང་མངོན་པར་འདུ་བྱེད་པས་སེམས་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་ཞིང་དབང་པོ་རྣོན་

པོ་རྣམས་ཀྱིས་ཟབ་ཅིང་རྒྱ་ཆེ་བ་ཤིན་ཏུ་རྒྱས་པའི་མདོ་སྡེའི་དོན་ཐོས་ནས་རབ་ཏུ་དགའ་བར་འགྱུར་རོ། །སེམས་རབ་ཏུ་དགའ་བར་གྱུར་པས་དམ་པའི་ཆོས་ཐོས་པ་དེ་ཉིད་བདག་པོར་བྱས་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་པར་འགྱུར་ཞིང་། དེ་བཞིན་གཤེགས་པའི་ཡེ་ཤེས་

ཐོབ་པར་བྱ་བའི་ཕྱིར་སེམས་སྐྱེད་པར་བྱེད་དོ། །སེམས་ཅན་རྣམས་ལ་སྙིང་རྗེའི་སྟོབས་བརྟན་པ་ཐོབ་པར་གྱུར་པས། དམ་པའི་ཆོས་འཇིག་པར་འགྱུར་བའི་དུས་ཀྱི་ཚེ་འདི་ལྟར་སེམས་སྐྱེད་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ལམ་དང་། བྱང་ཆུབ་སེམས་དཔའི་ཆོས་གནས་པར་

འགྱུར་བས་སེམས་ཅན་ཚད་མེད་པ་རྣམས་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བ་དང་། བདེ་བ་ཡང་དག་པར་འཕེལ་བར་བྱ་བའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་མང་པོ་རྣམས་ནི་སྤང་བར་བྱ་བ་དང་། དགེ་བའི་ཆོས་མང་པོ་རྣམས་ནི་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་དོ། །

Vol. 133 · folio 21b

འདི་ལྟ་བུའི་དམ་པའི་ཆོས་ཀྱི་ཚུལ་འཇིག་པར་འགྱུར་བ་དང་ཉེ་བར་འགྱུར་གྱི། དེའི་ཕྱིར་བདག་གིས་རེ་ཞིག་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བསྒྲུབ་པར་བྱ་ཞིང་སེམས་བསྐྱེད་ལ། སེམས་ཅན་འདི་དག་གི་སྡུག་བསྔལ་བསལ་བར་བྱའོ་ཞེས་རྟགས་པའི་ཆོས་ལ་ནན་ཏན་བྱ་

བའི་ཕྱིར་སེམས་སྐྱེད་པར་བྱེད་དོ། །དུས་ཀྱི་ཐ་མ་དུས་ཀྱི་མཇུག་ཏུ་བབ་པའི་ཚེ་ཞེས་བྱ་བ་ནི་སྙིགས་མ་ལྔ་དང་ལྡན་པའི་དུས་ཀྱི་ཚེའོ། །དུས་ངན་པ་སྟེ་ཕོངས་པར་གྱུར་པའི་ཚེ། སྙིགས་མ་ལྔ་དང་ལྡན་པས་སེམས་ཅན་རྣམས་རྣམ་པ་བཞིས་ཕོངས་པར་འགྱུར་ཏེ། ཚེའི་སྙིགས་མ་ནི་ཚེ་རྒུད་པ་

སྟེ་ཚེ་ཐུང་བ་ཉིད་དོ། །སེམས་ཅན་གྱི་སྙིགས་མ་ནི་བདག་གི་དངོས་པོ་རྒུད་པ་སྟེ། ཡན་ལག་དང་ཉིང་ལག་གི་ཚད་ཆུང་བ་དང་མ་ཚང་བར་གྱུར་པ་ཉིད་དོ། །ཉོན་མོངས་པ་དང་། ལྟ་བའི་སྙིགས་མ་ནི་དགེ་བའི་ཆོས་ཀྱིས་ཕོངས་པ་སྟེ། ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལའོ། །

བསྐལ་པའི་སྙིགས་མ་ནི་ཉེ་བར་མཁོ་བས་ཕོངས་པ་སྟེ། རོ་བརྒྱ་དང་ལྡན་པ་ལ་སོགས་པ་རྣམས་ནུབ་པར་གྱུར་པས་དེ་ཉིད་ཀྱིས་རྒུད་པར་གྱུར་པའོ། །ཐ་མའི་དུས་ཀྱི་སེམས་ཅན་རྣམས་ཉེ་བའི་ཉོན་མོངས་པ་རྣམ་པ་བཅུ་ལྷག་པར་གྱུར་པ་བསྟན་པའི་ཕྱིར། ཉེ་བའི་ཉོན་མོངས་པ་བཅུ་པོ་

འདི་ལྟ་སྟེ་ཞེས་བྱ་བ་སྨྲས་སོ། །ཉེ་བའི་ཉོན་མོངས་པ་བཅུའི་རྣམ་པར་གཞག་པ་ནི་འཇུག་པ་ལ་བར་ཆད་དུ་གྱུར་པ་དང་། འཇུག་པར་དཀའ་བ་ཉིད་དང་། འཇུག་པ་ལ་ནན་ཏན་བྱེད་པའི་བར་ཆད་དུ་གྱུར་པའི་ཉེ་བའི་ཉོན་མོངས་པའི་དབང་དུ་བྱས་ནས་ཞེས་བྱ་བའི་འགྲེལ་པ་ལས་རྒྱུ་གསུམ་གྱིས་འཇུག་

པར་འགྱུར་ཏེ། ཤེས་རབ་བདག་པོར་གྱུར་པས་སམ། བདག་ཉིད་ཁ་ན་མ་ཐོ་བས་འཇིགས་པས་སམ། སྙིང་རྗེས་སེམས་ཅན་ལ་ལྟོས་པའོ། །གསུམ་པོ་འདི་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉེ་བའི་ཉོན་མོངས་པ་གསུམ་སྟེ། གཏི་མུག་ཤས་ཆེ་བ་དང་། ངོ་ཚ་མེད་པ་དང་ཁྲེལ་

མེད་པ་ཤས་ཆེ་བ་དང་། ཕྲག་དོག་དང་སེར་སྣ་ཤས་ཆེ་བའོ། །འཇུག་པར་དཀའ་བ་ཉིད་དང་། གཉི་གའི་སྒྲིབ་པ་ནི་གསུམ་སྟེ། སྡུག་བསྔལ་ཤས་ཆེ་བ་སྨོས་པ་ནི་རྣམ་པར་སྨིན་པའི་སྒྲིབ་པའོ། །གནས་ངན་ལེན་ཤས་ཆེ་བ་དང་། ཉོན་མོངས་པ་ཤས་ཆེ་བ་ནི་ཉོན་མོངས་པའི་སྒྲིབ་པའོ། །

Vol. 133 · folio 22a

ཉེས་པར་སྤྱོད་པ་ཤས་ཆེ་བ་ནི་ལས་ཀྱི་སྒྲིབ་པའོ། །ཡང་ན་སྡུག་བསྔལ་བ་དང་། གནས་ངན་ལེན་ཤས་ཆེ་བ་ནི་རྣམ་པར་སྨིན་པའི་སྒྲིབ་པའོ། །དེ་ལ་ངན་འགྲོ་ནི་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། སྡུག་བསྔལ་ཤས་ཆེ་བའི་ཕྱིར་རོ། །བདེ་འགྲོའི་རྣམ་

པར་སྨིན་པའི་སྒྲིབ་པ་ནི་གནས་ངན་ལེན་ཤས་ཆེ་བ་ཉིད་དོ་ཞེས་བྱ་བ་ནས་སོ། །བག་མེད་པ་ཤས་ཆེ་བ་དང་། ལེ་ལོ་ཤས་ཆེ་བ་དང་། མ་དད་པ་ཤས་ཆེ་བ་རྣམས་ཀྱིས་སྒྲུབ་པའི་བར་དུ་གཅོད་པར་བྱེད་དེ། བྱ་བ་ངན་པ་ལ་མངོན་པར་ཞེན་པ་དང་། བར་མ་དོར་འཇོག་པ་དང་། ཐོབ་པར་

བྱ་བ་ཐོབ་པའི་ཐབས་ལ་དད་པ་མེད་པའོ། །བག་མེད་པས་ནི་སྒྲུབ་པར་མི་བྱེད་པའོ། །ལེ་ལོས་ནི་སྒྲུབ་པ་ལ་ཞུགས་ཀྱང་བར་དུ་འདོར་བར་འགྱུར་རོ། །མ་དད་པ་ཤས་ཆེ་བས་ནི་སྒྲུབ་པ་ལ་མི་བརྟན་པར་འགྱུར་རོ་ཞེས་རྣམ་པར་གཞག་པ་ནི་གཞན་གྱི་ལུགས་ཀྱི་རྗེས་སུ་འབྲངས་ནས་

བསྟན་པ་ཡིན་ནོ། །ཡང་འདི་ལྟར་ནི་རིགས་པ་ཡིན་ཏེ། ཉེ་བའི་ཉོན་མོངས་པ་བཅུའི་རྣམ་པར་གཞག་པ་ནི་མངོན་པར་མཐོ་བའི་ལམ་གྱི་བར་ཆད་དུ་གྱུར་པ་དང་། ངེས་པར་ལེགས་པའི་ལམ་གྱི་བར་ཆད་དུ་གྱུར་པ་དང་། ལམ་གཉི་གའི་བར་ཆད་དུ་གྱུར་པའི་དབང་དུ་བྱས་པའོ། །

དེ་ལ་མངོན་པར་མཐོ་བ་ནི་བདེ་འགྲོའི་བདག་གི་དངོས་པོ་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །བདག་གི་དངོས་པོ་ཕུན་སུམ་ཚོགས་པའི་ལམ་ནི་ཚུལ་ཁྲིམས་སོ། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་ལམ་ནི་སྦྱིན་པའོ། །དེ་ལ་མ་རིག་པས་རྨོངས་པར་གྱུར་ན་

ཁ་ན་མ་ཐོ་བས་འཇིགས་པ་མེད་པས་ཚུལ་ཁྲིམས་ཉམས་པར་འགྱུར་རོ། །གཞན་གྱི་འབྱོར་པ་མི་བཟོད་པ་དང་། ལོངས་སྤྱོད་ལ་ཞེན་པ་ཆེ་བ་ལས་སྦྱིན་པ་ལས་ཉམས་པར་འགྱུར་རོ། །དེ་ལྟར་ཉེ་བའི་ཉོན་མོངས་པ་གསུམ་པོ་འདི་དག་ནི་མངོན་པར་མཐོ་བའི་བར་དུ་གཅོད་པ་ཡིན་ནོ། །

དེ་ལ་ངེས་པར་ལེགས་པའི་ལམ་གྱི་སྦྱོར་བ་ནི་ལམ་བསྒོམ་པ་ཡིན་པར་རིག་པར་བྱའོ། །དེའི་བར་དུ་གཅོད་པ་ནི་སྔར་བསྟན་པའི་སྒྲིབ་པ་གསུམ་གྱིས་བསྡུས་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་བཞིའོ། །དེ་དག་གིས་བསྒྲིབས་པས་ཤིན་ཏུ་སྐལ་བ་དང་མི་ལྡན་པར་འགྱུར་རོ། །བག་མེད་

Vol. 133 · folio 22b

པར་གྱུར་ན་ལེ་ལོ་ཤས་ཆེ་བར་འགྱུར་བས་ལམ་དེ་དག་གཉི་ག་ལ་སྦྱོར་བར་མི་འགྱུར་རོ། །དད་པ་མེད་པ་ཡང་སྦྱོར་བར་མི་འགྱུར་རོ། །དེ་ལྟ་བུའི་ཉེ་བའི་ཉོན་མོངས་པ་བཅུ་པོ་འདི་དག་གིས་མངོན་པར་མཐོ་བའི་ལམ་དང་། ངེས་པར་ལེགས་པའི་ལམ་ལ་སེམས་ཅན་རྣམས་

ཉམས་པར་བྱེད་པས་ན་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །གཅིག་ཏུ་ངན་སོང་དུ་གཞོལ་བར་འགྱུར་བས་ན་རྒུད་པར་གནས་པ་ཡང་ཡིན་ནོ། །དེ་ལྟར་སྙིགས་མ་ལྔ་དང་ལྡན་པའི་དུས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ནན་ཏན་བྱེད་པ་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ལ། ཐེག་པ་ཆེན་

པོ་ལ་ནན་ཏན་བྱེད་པ་ནི་དེ་བས་ཀྱང་ཆེས་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ནོ། །གང་རྙེད་སླ་བ་དེ་ནི་ཐམས་ཅད་ཀྱིས་བྱ་བར་ནུས་པ་ཡིན་ལ། གང་རྙེད་པར་དཀའ་བ་དེ་ནི་སེམས་ཅན་ཁྱད་པར་ཅན་འགའ་ཞིག་གིས་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་བསྐྱེད་པར་དཀའ་བ་དང་།

ཐེག་པ་ཆེན་པོ་སྒྲུབ་པར་བྱེད་པ་རྙེད་པར་དཀའ་བ་བདག་པོར་བྱས་ནས། བྱང་ཆུབ་ཆེན་པོར་སེམས་སྐྱེད་པར་བྱེད་དོ། །འཁོར་བའི་སྡུག་བསྔལ་ནི་སྐྱེ་བ་ལ་སོགས་པའོ། །འཇིགས་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། དམན་པ་ནི་ཉན་ཐོས་ཀྱི་ལམ་ལ་ནན་ཏན་བྱེད་པ་ན་འཁོར་བའི་

སྡུག་བསྔལ་མྱོང་བའི་ཚེ་ཟིལ་གྱིས་མནན་ཞིང་མྱ་ངན་བྱེད། ངུ་བར་བྱེད། སྨྲེ་སྔགས་འདོན་པར་བྱེད། བྲང་རྡུང་བར་བྱེད། ཀུན་དུ་རྨོངས་པར་འགྱུར་རོ། །འབྲིང་པོ་ནི་ཀུན་དུ་ཞུམ་པར་འགྱུར་བས། འབྲིང་པོ་རྣམས་ཀྱང་འཁོར་བའི་སྡུག་བསྔལ་མྱོང་བ་ན་ཤིན་ཏུ་སྒྱིད་ལུག་པར་གྱུར་ནས། དཀའ་

བ་སྤྱོད་པས་འཇིགས་ཤིང་སྐྲག་པར་འགྱུར་ན། བྱང་ཆུབ་སེམས་དཔའི་དཀའ་བ་སྤྱད་པ་ནི་ཐོས་པར་ཡང་ནུས་པ་མ་ཡིན་ན་སྤྱད་པ་ལྟ་སྨོས་ཀྱང་ཅི་དགོས། གཉི་གའི་སྡུག་བསྔལ་ཡང་སོ་སོར་རྣམ་པ་བཞི་བཞིར་བསྟན་པའི་ཕྱིར། རྣམ་པ་བཞིས་སྡུག་བསྔལ་ཁྱད་པར་ཅན་ལྷག་པར་འཇུག་པར་

འགྱུར་ཏེ། དུས་ཀྱི་ཁྱད་པར་ནི་གང་ཡུན་རིང་བ་ཞེས་བྱ་བ་སྟེ། དུས་མང་པོར་འགོར་བའི་ཕྱིར་རོ། །གཞིའི་ཁྱད་པར་ན་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཞུགས་པའི་ཕྱིར་རོ། །དབྱེ་བའི་ཁྱད་པར་ནི་ཆེན་པོ་ལས་ཀྱང་ཆེན་པོར་གྱུར་པས་འཇུག་པ་སྟེ། གང་དྲག་པ་ཞེས་བྱ་བའོ། །རྒྱུན་གྱི་

Vol. 133 · folio 23a

ཁྱད་པར་ནི་བར་མ་ཆད་ཅིང་མཚམས་མེད་པར་སྦྱོར་བ་སྟེ། གང་ཡང་བར་ཆད་མེད་པས་ཞེས་བྱ་བའོ། །མདོར་བསྟན་པ་རྒྱས་པར་བསྟན་པས་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། རིགས་ཕུན་སུམ་ཚོགས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། རིགས་

ནི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་གྱི། རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པ་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཅིག་ཉིད་ཡིན་གྱི་དེ་ལ་དབྱེ་བ་ཡོད་པ་མ་ཡིན་ནོ། །གང་ཡང་བསྒྲུབས་པ་ལས་བྱུང་བ་དེ་ཡང་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པ་ཡིན་ཡང་དབྱེ་བ་མེད་དེ། དེའི་

རྐྱེན་ངོ་བོ་གཅིག་པའི་ཕྱིར་འབྲས་བུ་ལ་ཡང་དབྱེ་བ་མེད་དོ། །དེའི་ཕྱིར་འདི་ལས་གཞན་པའི་རྒྱུ་གསུམ་གྱིས་དབྱེ་བ་ནི་ཡོད་དོ། །བྱང་ཆུབ་སེམས་དཔའི་བཤེས་གཉེན་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་བཤེས་གཉེན་མ་ཡིན་པ་རྣམ་པ་བཞིའི་གཉེན་པོའི་

ཕྱོགས་ཀྱིས་བཤེས་གཉེན་ཕུན་སུམ་ཚོགས་པ་རྣམ་པར་གཞག་པར་བྱའོ། །བྱང་ཆུབ་སེམས་དཔའི་བཤེས་གཉེན་ངན་པ་ནི་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་ཐེག་པ་པ་བདག་ལ་ཕན་པའི་ཕྱིར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དོན་ཉུང་ཞིང་བྱ་བ་ཉུང་བ་དང་། འཇིག་རྟེན་

སྐྱེད་པར་བྱེད་པ་སྔགས་དང་སྤོབས་པ་སྣ་ཚོགས་ལ་ཞུགས་པ་དང་། གང་ལ་བརྟེན་པས་འཇིག་རྟེན་གྱི་ཟང་ཟིང་སྡུད་པར་འགྱུར་གྱི་ཆོས་སྡུད་པར་འགྱུར་བ་མ་ཡིན་པའོ། །དེ་ལ་འཇིག་རྟེན་སྐྱེད་པར་བྱེད་པ་ནི་བཤེས་གཉེན་ངན་པའོ། །གཉེན་པོའི་ཕྱོགས་ནི་བཤེས་གཉེན་ཕུན་སུམ་ཚོགས་པ་

དང་པོའོ། །བཤེས་གཉེན་ངན་པ་དེ་ཡང་ལྟ་བར་ལྷུང་བ་དང་། ལྟ་བ་ལོག་པར་གྱུར་པའོ། །དེ་ལས་བཟློག་པའི་དགེ་བའི་བཤེས་གཉེན་ནི་ཤེས་རབ་ལྷག་པར་གྱུར་པ་ཤེས་རབ་གསལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བླུན་པོ་མ་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་ཡང་། བླུན་པོ་མ་ཡིན་

པ་དང་། ཡིད་རྟུལ་བ་མ་ཡིན་པ་དང་། མཁས་པ་དང་། མཛངས་པ་ཞེས་བྱ་བའི་ཚིག་བཞི་ནི་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་རྣམས་ལས་བཟློག་པ་ལས་རིག་པར་བྱའོ། །བྱིས་པ་མ་ཡིན་པས་ན་མ་རྨོངས་པ་སྟེ། རིག་པའི་གནས་ཐམས་ཅད་ལ་རྗེས་སུ་འཇུག་

Vol. 133 · folio 23b

པ་དང་མཐུན་པའི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །མ་རྨོངས་པ་ནི་མང་དུ་ཐོས་པའི་རིགས་ཅན་ཏེ། ཐོས་པ་ལས་བྱུང་བའི་ཤེས་རབ་ཅན་ནོ། །མཁས་པ་ནི་གསལ་བ་སྟེ། བསམས་པ་ལས་བྱུང་བའི་ཤེས་རབ་ཅན་ནོ། །མཛངས་པ་ནི་ཀུན་

ལ་རིགས་པ་ཅན་ནོ། །དེ་དག་ལས་སྔར་སྨོས་པའི་བཤེས་གཉེན་ངན་པ་ནི་ཤིན་ཏུ་ངན་པ་ཡིན་ནོ། །དེའི་གཉེན་པོའི་ཕྱོགས་ཀྱི་ཡན་ལག་ནི་གཙོ་བོར་གྱུར་པའི་ཕྱིར་རོ། །རྣམ་པ་གཉིས་ཀྱིས་བཤེས་གཉེན་ཕུན་སུམ་ཚོགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །ཇི་ལྟར་བཤད་

པའི་ཤེས་རབ་ཀྱི་མཚན་ཉིད་ཀྱིས་ཕན་པ་དང་བདེ་བ་བསྒྲུབ་པའི་ཐབས་ཤེས་པའི་རྣམ་པ་དང་པོས་ཕུན་སུམ་ཚོགས་པ་དང་པོ་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །གནས་མ་ཡིན་པ་ལ་མི་སྦྱོར་བའི་གནས་མ་ཡིན་པ་ལ་ཡང་རྣམ་པ་གསུམ་སྟེ། ལུང་དུ་མ་བསྟན་པ་ལ་གནས་པ་

དང་། དགེ་བ་མ་ཡིན་པ་ལ་གནས་པ་དང་། དམན་པའི་དགེ་བ་ལ་གནས་པའོ། །དེ་ལ་དང་པོའི་གནས་མ་ཡིན་པ་ལ་སྦྱོར་བའི་དབང་དུ་བྱས་ནས་སྨྲས་པ། བག་མེད་པ་ལ་ཡང་དེ་འཇུག་པར་མི་བྱེད་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་བག་མེད་པའི་བྱ་བ་ནི། དགེ་བའི་

ཆོས་མི་བསྒོམ་པ་ཉིད་དོ། །བག་མེད་པའི་གནས་ནི་བྱ་བའི་གནས་ཀྱི་དངོས་པོའོ། །དེ་བཞིན་དུ་ཉེས་པར་སྤྱོད་པ་དང་། དེའི་གནས་ཀྱང་རིག་པར་བྱའོ། །དེ་ལ་མདོ་བཞི་པ་བཤེས་གཉེན་ངན་པ་རྣམ་པ་གཉིས་སུ་བྱས་ནས་འདིའི་ཕུན་སུམ་ཚོགས་པ་རྣམ་པ་གཉིས་སུ་རིག་པར་བྱ་

སྟེ། གང་ལ་བརྟེན་པར་གྱུར་ན་ཁ་ན་མ་ཐོ་བ་དང་བཅས་ཀྱང་རུང་། ཁ་ན་མ་ཐོ་བ་མེད་ཀྱང་རུང་། འཇིག་རྟེན་འདིའི་བདེ་བ་ཙམ་འབྱུང་བར་འགྱུར་བའོ། །དེ་ལ་དང་པོ་དང་གཉིས་པའི་བཤེས་གཉེན་གཅིག་ཏུ་བྱས་ནས་དེ་ལས་བཟློག་པ་ནི་ཕུན་སུམ་ཚོགས་པ་བཞི་པར་རིག་པར་བྱའོ། །

ཆེས་ཁྱད་པར་དུ་འཕགས་པ་ལ་གཞག་པ་དང་། ཆེས་དམན་པ་ལ་གཞག་པ་ནི་མདོར་བསྡུ་ན་ཐེག་པ་ལ་ལྟོས་པ་དང་། དངོས་པོ་ལ་ལྟོས་པའོ། །དེ་ལ་ཐེག་པ་ཆེན་པོ་ནི་ཆེས་ཁྱད་པར་དུ་འཕགས་པར་འཇུག་པ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་ཆེས་དམན་པའོ། །དེ་

Vol. 133 · folio 24a

ལ་དད་པ་ནི་ཐོབ་པར་བྱ་བའི་དངོས་པོ་ཐོབ་པར་བྱེད་པའི་ཐབས་ཉིད་ནི་དད་པའོ། །ཡང་དེ་ནི་རྣམ་པ་གསུམ་སྟེ། ཡོད་པ་ཉིད་ལ་ཡིད་ཆེས་པའི་རྣམ་པ་དང་། བསྒྲུབ་པར་ནུས་པ་ལ་མངོན་པར་འདོད་པའི་རྣམ་པ་ཉིད་དང་། ཡོན་ཏན་དང་ལྡན་པ་རབ་ཏུ་དང་

བའི་རྣམ་པའོ། །དད་པ་དང་ལྡན་པ་ལ་འདུན་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་དེའི་རྗེས་ལ་དགེ་བའི་ཆོས་ལ་འདུན་པ་བསྟན་ཏོ། །འདུན་པ་སྐྱེས་ནས་དེ་ཐོབ་པར་བྱ་བའི་ཕྱིར་སེམས་ཀྱིས་སྨོན་པར་བྱེད་ཅིང་མངོན་པར་འདུ་བྱེད་སྐྱེད་པར་བྱེད་པས་དེའི་རྗེས་ལ་ཡང་དག་པར་བླང་བའོ། །དེ་ལྟར་

སེམས་བསྐྱེད་ཅིང་སྨོན་ལམ་གདབ་པ་བྱས་པ་ནི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྦྱོར་བར་འགྱུར་རོ་ཞེས་བྱ་བར་དེའི་རྗེས་ལ་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་དེ་ཡང་ཐབས་ཀྱིས་ཡོངས་སུ་གཟུང་ཞིང་ཚུལ་བཞིན་དུ་བསྒྲུབས་ན་འདོད་པའི་འབྲས་བུ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དེའི་

རྗེས་ལ་ཐབས་བསྟན་ཏོ། །འདི་དག་ནི་ཡོན་ཏན་ཏེ། སྐྱོན་རྣམས་ཀྱི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་རོ། །དེ་ལ་ཐེག་པའི་དབང་དུ་བྱས་ནས་ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་དམན་པའི་གནས་སྐབས་བསྟན་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་

ལ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་དངོས་པོ་དང་། བསོད་ནམས་ཀྱི་དངོས་པོའོ། །ཡེ་ཤེས་ཀྱི་དངོས་པོ་ལ་ལྟོས་ནས་བསྒོམས་པ་ལས་བྱུང་བ་ལ་སོགས་པས་ཆེས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པའི་རྣམ་པར་གཞག་པའོ། །དགེ་སློང་གི་བྱ་བའི་དབང་

དུ་བྱས་ནས། ཁྱད་པར་དུ་འཕགས་པ་དང་། འབྲིང་པོ་དང་། དམན་པའོ། །དེ་ལ་དགེ་སློང་གི་བྱ་བའི་གཙོ་བོ་ནི་བསམ་གཏན་དང་། སྒོམ་པ་ལ་སྦྱོར་བའོ། །འབྲིང་པོ་ནི་ཀློག་པ་དང་། ཉན་པ་དང་། སེམས་པས་བསྡུས་པ་བསམ་གཏན་མ་ཡིན་པའི་སྦྱོར་བའོ། །གཉི་ག་ཡང་ཐམས་

ཅད་ཀྱི་ཐམས་ཅད་དུ་སྦྱོར་བར་མི་ནུས་ན། དད་པས་བྱིན་པ་ལོངས་སྤྱོད་པ་འབྲས་བུ་དང་བཅས་པར་བྱ་བའི་ཕྱིར། ཞལ་ཏ་བའི་ལས་ལ་སྦྱོར་བར་གནང་བ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། དགེ་འདུན་གྱི་ཟས་ལ་སྐོ་བར་བྱེད་ཅིང་རེས་ལ་སོགས་པའི་སྐོ་བའི་ཞལ་ཏ་བྱེད་པ་དང་།

Vol. 133 · folio 24b

བླ་མ་ལ་གུས་ཤིང་རིམ་གྲོར་བྱེད་པས་བླ་མའི་ཡོངས་སུ་སྤྱོད་པས་གཡོག་བྱེད་པའོ། །བསོད་ནམས་ཀྱི་དངོས་པོའི་དབང་དུ་བྱས་ནས། ཚུལ་ཁྲིམས་ལས་བྱུང་བ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུ་བཞིས་སྙིང་རྗེ་བརྟན་ཅིང་བཤད་པར་རིག་པར་བྱའོ། །ཀུན་ནས་

ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པའི་སེམས་ཅན་ལས་དང་པོ་པ་རྣམས་ལ་སྙིང་རྗེ་སྐྱེ་བར་འགྱུར་གྱི། ཀུན་ནས་ཉོན་མོངས་པ་མེད་པ་རྣམས་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་གྱི་ཁམས་གང་ན་སྡུག་བསྔལ་མེད་པ་དེ་ལྟ་བུ་དག་ཀྱང་ཡོད་

ན་ཞེས་བྱ་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་རྣམ་པ་གཉིས་ཏེ། རྣམ་པར་དག་པ་དང་། རྣམ་པར་མ་དག་པའོ། །དེ་ལ་རྣམ་པར་དག་པའི་འཇིག་རྟེན་གྱི་ཁམས་ནི་བུད་མེད་ལ་སོགས་པའི་མིང་ཡང་ཤེས་པར་མི་འགྱུར་ན་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་འབའ་ཞིག་འབྱུང་བར་འགྱུར་བའོ། །དེ་ན་ཐེག་པ་ཆེན་པོ་གཅིག་གི་དབང་དུ་བྱས་ནས་ཆོས་སྟོན་པར་བྱེད་པ་ཉིད་དོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་མིང་ཡང་ཤེས་པར་མི་འགྱུར་རོ། །འཇིག་རྟེན་གྱི་ཁམས་

དེ་དག་ན་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པས་བསྡུས་པ་ཡོད་པ་མ་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པའི་འཇིག་རྟེན་ལས་འདས་པའི་དགེ་བ་ལས་ངེས་པར་བྱུང་བའི་ཕྱིར་རོ། །ཡོངས་སུ་མ་དག་པའི་འཇིག་རྟེན་གྱི་ཁམས་ཡིན་ལ། སྙིགས་མ་ལྔ་དང་བྲལ་བ་དེ་དག་ན་ཐམས་ཅད་

ཀྱི་ཐམས་ཅད་དུ་སེམས་ཅན་རྣམས་རྒུད་པར་འགྱུར་བ་ནི་མེད་དོ། །མདོར་ན་སྡུག་བསྔལ་ནི་རྣམ་པ་གསུམ་སྟེ། གཞན་གྱིས་བྱས་པ་དང་ལྷན་ཅིག་སྐྱེས་པ་དང་། ཡོངས་སུ་གྱུར་པ་ལས་བྱུང་བའོ། །དེ་དག་ལས་བཟློག་པར་གྱུར་པ་ནི་སྡུག་བསྔལ་མེད་པའི་འཇིག་རྟེན་གྱི་ཁམས་སུ་རིག་

པར་བྱའོ། །གང་ན་སྙིགས་མ་ལྔ་དང་། སེམས་ཅན་རྣམས་ཀྱི་རྒུད་པ་དང་། སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པ་དེར་སྐྱེས་པ་རྣམས་ལ་མདོར་ན་སྡུག་བསྔལ་རྣམ་པ་གཉིས་ལ་བལྟས་ནས་སྙིང་རྗེ་སྐྱེ་བར་འགྱུར་རོ། །གཞན་གྱི་རྒྱུད་ལ་བབ་པ་དང་། རང་གི་རྒྱུད་ལ་བབ་པའོ། །དེ་

Vol. 133 · folio 25a

གཉིས་ཀ་ལ་ཡང་སྙིང་རྗེའི་རྒྱུ་རྣམ་པ་གཉིས་སུ་འགྱུར་རོ། །གཞན་གྱི་རྒྱུད་ལ་བབ་པའི་སྡུག་བསྔལ་གྱི་རྒྱུའི་དབང་དུ་བྱས་ནས་སྨྲས་པ། གཞན་ཡང་སྡུག་བསྔལ་ཅི་ཡང་རུང་བས་ཞེས་བྱ་བ་ལ་སོགས་པ་ལ། ཐེབས་ཤིང་ཞེས་བྱ་བ་ནི་དང་པོར་རོ། །

གནོད་པར་འགྱུར་ཏེ་ཞེས་བྱ་བ་ནི་བར་དུའོ། །ནོན་པ་ཞེས་བྱ་བ་ཐ་མར་རོ། །ཡང་ན་ལྷན་ཅིག་སྐྱེས་པས་ཐེབས་ཤིང་ཡོངས་སུ་གྱུར་པ་ལས་བྱུང་བས་གནོད་པར་གྱུར་ཏེ། གཞན་གྱིས་བྱས་པས་ནོན་པའོ། །རྒྱུ་གཉིས་པ་རང་གི་རྒྱུད་ལ་བབ་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས་སྨྲས་པ།

བདག་ཀྱང་སྡུག་བསྔལ་ཅི་ཡང་རུང་བས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བདག་དང་གཞན་གྱི་རྒྱུད་ལ་བབ་པའི་སྡུག་བསྔལ་ཆུང་ངུའི་རྣམ་པ་གཉིས་ཀྱི་རྒྱུ་བསྟན་ནས། བདག་དང་གཞན་དུ་གཏོགས་པའི་རྒྱུ་གཉིས་བསྟན་པར་བྱ་བའི་ཕྱིར། གཞན་ནམ་བདག་གམ་ཞེས་བྱ་བ་ལ་སོགས་པ་

ལ། གཉི་ག་ཡང་རུང་ཞེས་བྱ་བ་ལ་དུས་གཅིག་ཏུ་སྡུག་བསྔལ་མྱོང་བའི་དབང་དུ་བྱས་ནས་བསྟན་པ་ནི། སྡུག་བསྔལ་རྣམ་པ་བཞིས་ཆེན་པོར་བསྟན་པ་ཡིན་ཏེ། དུས་ཆེན་པོ་ཉིད་དང་། སྒོ་དུ་མ་ཉིད་དང་། ཆེན་པོའི་རྣམ་པ་ཉིད་དང་། རྒྱུན་མི་འཆད་པར་འཇུག་པ་ཉིད་ཀྱིས་སོ། །ཡང་

གཞན་དག་གི་རྒྱུ་གཞན་རྣམ་པ་བཞིར་འཆད་པར་བྱེད་དེ། གང་ན་སྡུག་བསྔལ་བ་དང་། གང་དག་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་རྣམ་པ་གང་ཡིན་པ་ལ་ཉེ་བར་དམིགས་ནས་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་རོ། །གང་ན་སྡུག་བསྔལ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་བཅས་པའི་

འཇིག་རྟེན་གྱི་ཁམས་སུ་སྐྱེས་པའོ། །གང་དག་ཅེས་བྱ་བ་ནི་བདག་དང་གཞན་རྣམས་སོ། །རྣམ་པ་གང་ཡིན་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པ་རྣམས་ཀྱིས་སོ་ཞེས་ཟེར་རོ། །རྣམ་པར་གཞག་པ་འདི་ལ་སྐྱོན་འདི་ཡོད་དེ། སྡུག་བསྔལ་ཆུང་ངུ་ཉིད་ལ་བདག་དང་གཞན་

གྱི་དབྱེ་བ་བྱས་པས་རྒྱུ་གཉིས་བསྟན་ལ། ཆེན་པོ་ལ་མ་ཡིན་པའི་རྒྱུ་ཅི་ཡིན་དེའི་ཕྱིར་རྣམ་པར་གཞག་པ་སྔ་མ་ཉིད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །རྒྱུ་དེ་དག་གི་ཕྱིར་རིགས་ཕུན་སུམ་ཚོགས་པ་ཉིད་ལས་སྙིང་རྗེ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རང་གི་རིགས་ལ་བརྟེན་ཅིང་

Vol. 133 · folio 25b

ཞེས་བྱ་བ་ལ། འདིར་རིགས་དང་ལྡན་པ་ལས་སྙིང་སྟོབས་ཀྱི་ཁྱད་པར་དུ་འགྱུར་ལ། སྙིང་སྟོབས་ཀྱི་ཁྱད་པར་ཉིད་ལས་ནི་རང་བཞིན་གྱིས་དགེ་བ་ཉིད་དུ་འགྱུར་བར་རིག་པར་བྱ་སྟེ། དམིགས་པའི་རྣམ་གྲངས་ཉིད་རྟེན་ཞེས་བྱའོ། །དེ་ལ་གཞན་གྱི་རྒྱུད་ལ་བབ་པའི་སྡུག་བསྔལ་

ཆུང་ངུ་ལ་ནི་སྙིང་རྗེ་ཆུང་ངུ་ཉིད་དོ། །དེ་ཉིད་བདག་གི་རྒྱུད་ལ་བབ་པ་ལ་ནི་འབྲིང་པོའོ། །བདག་དང་གཞན་གྱི་རྒྱུད་ལ་བབ་པར་གྱུར་པ་ཆེན་པོ་ལ་ནི་ཆེན་པོའོ། །རྣམ་པར་གཞག་པ་གཉིས་པའི་རྗེས་སུ་འབྲངས་ནས་སྡུག་བསྔལ་དང་བཅས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པ་

ལ་ནི་ཆུང་ངུའོ། །བདག་དང་གཞན་གྱི་རྒྱུད་ལ་བབ་པ་ལ་ནི་འབྲིང་ངོ་། །དེ་དག་ཉིད་ཆེན་པོ་ལ་ནི་ཆེན་པོའོ། །གོམས་པ་མེད་པར་ཡང་ཞེས་བྱ་བ་ནི་གོམས་པ་མེད་པར་རོ། །རྒྱུ་རྣམ་པ་བཞིས་དེ་ལྟར་སྙིང་རྗེ་སྐྱེ་བར་རིག་པར་བྱའོ། །གོམས་པའི་སྦྱོར་བས་ནི་ཐམས་ཅད་དུ་

ཆེན་པོ་ཉིད་དུ་འགྱུར་རོ། །སྙིང་རྗེའི་དབང་གིས་སྡུག་བསྔལ་ལ་འཇིགས་པར་མི་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སེམས་ཅན་རྣམས་ལ་སྙིང་རྗེ་ཡང་དག་པར་སྔོན་དུ་བཏང་ནས་ཞེས་བྱ་བ་ལ། མི་འཇིགས་ཤིང་མི་སྐྲག་ན་ཞེས་བྱ་བ་ལ། མི་

འཇིགས་ཞེས་བྱ་བ་ནི་མྱ་ངན་མེད་པའོ། །མི་སྐྲག་པ་ནི་འགྱོད་ཅིང་གདུང་བར་མི་འགྱུར་བའོ། །གཞན་གྱི་རྒྱུད་ལ་སྐྱེས་པའི་སྡུག་བསྔལ་གྱིས་གང་ཟག་རྣམ་པ་བཞི་ལ་བྱ་བ་རྣམ་པ་བཞི་སྒྲུབ་པར་བྱེད་དོ། །དེ་ལ་ཤིན་ཏུ་དམན་པ་ནི་དགའ་བ་སྐྱེ་བར་བྱེད་དོ། །དེ་ལ་ཁྱད་པར་དུ་འཕགས་པ་

ནི་མྱ་ངན་སྐྱེ་བར་འགྱུར་རོ། །དེ་བས་ཀྱང་ཁྱད་པར་དུ་འཕགས་པ་ནི་གདུང་བ་སྐྱེ་བར་འགྱུར་རོ། །དེ་བས་ཀྱང་ཤིན་ཏུ་ཁྱད་པར་དུ་འཕགས་པ་ནི་སྙིང་རྗེ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་བསྟོད་པ་ལས། དམན་པ་གཞན་གྱི་སྡུག་བསྔལ་མཐོང་ན་དགའ་འགྱུར་ཞིང་། །འབྲིང་པོ་རྣམས་ནི་རྨོངས་པས་

མྱ་ངན་སྐྱེ་བར་འགྱུར། །རབ་འོག་རྣམས་ནི་གདུང་བ་སྐྱེ་བར་འགྱུར། །སེམས་ཅན་མཆོག་ཁྱོད་སྙིང་རྗེ་བརྙེས་པར་གྱུར། །ཞེས་བསྟན་པ་ཡིན་ནོ། །སྡུག་བསྔལ་གྱིས་མི་འཇིགས་པའི་རྒྱུ་བཞི་མདོར་རྣམ་པར་གཞག་པ་ནི་ལུས་ཀྱི་སྟོབས་དང་། སེམས་ཀྱི་སྟོབས་ཀྱི་དབང་དུ་བྱས་པའོ། །དེ་

Vol. 133 · folio 26a

ལ་རྒྱུ་དང་བཅས་པའི་ལུས་ཀྱི་སྟོབས་བསྟན་པ་ནི། སྙིང་སྟོབས་ཆེ་ཞིང་བརྟན་པ་དང་ལྡན་པས་སྟོབས་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ལ། སྙིང་སྟོབས་ཆེ་བ་དང་། དཔའ་བ་དང་། རྟུལ་ཕོད་པ་དང་། སེམས་སྟོབས་ཅན་ཞེས་བྱ་བ་ནི་དོན་གཅིག་གོ། །ཁ་ཅིག་

ནི་བརྩོན་འགྲུས་ཀྱི་ཁྱད་པར་ལ་སྙིང་སྟོབས་ཞེས་ཟེར་རོ། །ཡང་དེ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ཅན་གྱི་སྦྱོར་བ་ནི་གཡུལ་ངོར་དཔའ་བའོ། །ཉོན་མོངས་པ་ཅན་མ་ཡིན་པའི་སྦྱོར་བ་ནི་སྦྱིན་པ་ལ་དཔའ་བའོ། །དེའི་ཕྱིར། སེམས་ཅན་

ཉིད་ལ་སྦྱིན་ཞིང་དེ་དང་གཡུལ་སྤྲད་པ། །སྙིང་སྟོབས་ལྷག་པར་གྱུར་པས་བྱ་དང་བྱ་མིན་ཤེས། །ཞེས་གསུངས་པ་ཡིན་ནོ། །བརྟན་པ་ནི་ངང་དལ་བ་སྟེ། འབྱུང་བ་ཆེན་པོའི་ཁྱད་པར་རོ། །གཞན་དག་ནི་ཤེས་རབ་ཀྱི་ཁྱད་པར་དུ་འདོད་དོ། །དེ་ནི་མི་རིགས་ཏེ། དེའི་དབྱེ་བ་ནི་ཐ་དད་དུ་

བཤད་པའི་ཕྱིར་རོ། །གང་ལ་འདི་དག་གཉིས་ཀ་ཡོད་པ་དེ་ལ་ངེས་པར་རང་བཞིན་གྱིས་ལུས་ཀྱི་སྟོབས་དང་ལྡན་པར་འགྱུར་རོ་ཞེས་བྱ་བར་སྟོབས་དང་ལྡན་པ་ཡིན་ཏེ་ཞེས་སྨྲས་སོ། །ཡིད་ཀྱི་སྟོབས་ནི་རྣམ་པ་གསུམ་སྟེ། ཤེས་རབ་ཀྱི་སྟོབས་དང་། ལྷག་པར་མོས་པའི་སྟོབས་དང་།

སྙིང་རྗེའི་སྟོབས་སོ། །སྟོབས་དང་པོ་བསྟན་པའི་ཕྱིར། ཡང་དག་པར་སེམས་པའི་ངང་ཚུལ་ཅན་ཞེས་བྱ་བ་ལ། སྔོན་དང་ཕྱི་མའི་སྐྱོན་དང་ཡོན་ཏན་ཡོངས་སུ་རྟོག་པ་ལ་ངེས་པར་སེམས་པའི་ངང་ཚུལ་ཅན་ནོ། །འདི་ལྟར་བརྟགས་ནས་ཀྱང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པར་

མི་འགྱུར་ཏེ། གཞན་གྱི་བུད་མེད་ལ་ནི་ཞུགས་པ་དང་། །རྒན་པོར་གྱུར་ཀྱང་བ་ལང་རི་དགས་ལུག །གྱུར་ཚེ་དོན་མེད་སྡུག་བསྔལ་སྣ་ཚོགས་མྱོང་། །ཞེས་བསྟན་པས་འཁོར་བ་དཔག་ཏུ་མེད་པའི་སྡུག་བསྔལ་གྱི་རིགས་ཉམས་སུ་མྱོང་བར་གྱུར་ཏེ། དགོས་པ་མེད་པའི་བྱ་བ་མ་ཡིན་པའི་

ལས་བྱས་པའི་རྒྱུས་དེ་ལྟར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནི་གཞན་ལ་ཕན་པའི་ཕྱིར་རབ་ཏུ་ཞུགས་པ་ཡིན་པས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་ཡང་བསྔགས་པར་འོས་པ་ཡིན་ནོ་ཞེས་ངེས་པར་སེམས་པར་བྱེད་དོ། །དོན་འདི་ཉིད། སྲིད་གསུམ་དག་ལ་ཕན་བརྩོན་བློ་མངའ་

Vol. 133 · folio 26b

ངན་འགྲོའི་གནས་ནའང་བསྔགས་པར་འོས། །ཞེས་བྱ་བའི་བསྟོད་པའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །དེ་ལྟར་ངེས་པར་བསམས་ནས་སེམས་ཅན་རྣམས་ཕྱིན་ཅི་ལོག་ཏུ་གྲུབ་ཅིང་སྡུག་བསྔལ་སྟེར་བར་བྱེད་ཀྱང་སེམས་ཅན་འདི་དག་ནི་རང་དབང་མེད་པ། ཉོན་མོངས་པའི་དབང་གིས་

འགྲོ་བ། ཉོན་མོངས་པའི་གདོན་གྱིས་ཟིན་པས་འདི་ལྟ་བུའི་བྱ་བ་མ་ཡིན་པ་བྱེད་ཀྱིས། དེའི་ཕྱིར་འདི་དག་ཉོན་མོངས་པའི་གདོན་ལས་ཐར་བར་བྱའོ་ཞེས་ངེས་པར་བརྟག་པ་ཡང་། ཇི་ལྟར་དམན་པ་གདོན་གྱིས་ཟིན་ལ་གདོན་རྣམས་བསལ་བར་བགྱི་སླད་དུ། །ཞེས་བྱ་བའི་ཚིགས་བཅད་

ཀྱི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །དེ་ལྟར་ངེས་པར་བརྟགས་པ་ནི་དཀའ་བ་སྤྱོད་པའི་སྡུག་བསྔལ་གྱིས་འཇིགས་པར་མི་འགྱུར་རོ། །མིར་གྱུར་པ་ཉིད་ལས་འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། སོ་སོར་རྟོག་པ་དང་ལྡན་ནས་ལས་དེ་ལྟ་བུ་བྱས་ཤིང་གོམས་

པའི་རིམ་གྱིས་སངས་རྒྱས་པར་འགྱུར་རོ། །བདག་གིས་ཀྱང་གོམས་པར་མ་བྱས་པ་འབའ་ཞིག་གིས་དཀའ་བའི་སྤྱོད་པར་སྣང་བར་ཟད་པས། དེའི་ཕྱིར་བདག་གིས་ཀྱང་རིམ་གྱིས་གོམས་པར་བྱས་ལ་བསྒྲུབ་པོ་ཞེས་ངེས་པར་སེམས་པ་ནི། གང་ཞིག་ཐོབ་པར་གྱུར་ནའང་འཇིག་རྟེན་འདི་

ལ་གནོད་པ་སྐྱེ་འགྱུར་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པའི་རྗེས་སུ་འབྲངས་ནས་འདི་ལྟར་ངེས་པར་བརྟག་པར་བྱ་བར་རིག་པར་བྱའོ། །སྔར་བསྟན་པའི་བསྟན་པ་དང་བཅས་པའི་ངེས་པར་སེམས་པ་ཉིད་ཀྱི་རྣམ་པའི་ཤེས་རབ་ནི་སོ་སོར་རྟོག་པའི་སྟོབས་ཞེས་བརྗོད་དོ། །རིགས་ཀྱི་

ཁྱད་པར་དང་། བཤེས་གཉེན་གྱི་ཁྱད་པར་གྱིས་བྱང་ཆུབ་ཆེན་པོ་འདོད་པ་དང་། མོས་པ་དང་། བཟོད་པ་ལ་ཉེ་བར་གྱུར་པ་དེ་ནི་བདུད་དང་ཕས་ཀྱི་རྒོལ་བ་རྣམས་ཀྱིས་བཀྲི་བར་མི་ནུས་པ་ཡིན་ནོ། །དེས་ན་བྱང་ཆུབ་ཆེན་པོ་ལ་མོས་པའི་སྟོབས་ཅན་ནི་སྡུག་བསྔལ་གྱིས་མི་འཇིགས་སོ། །

བདག་ཉིད་བདེ་བ་འདོད་པ་དང་གཞན་དོན་བྱེད་པ་ཟུང་དུ་འཇུག་པ་ཡོད་པ་མ་ཡིན་པས། ཞེས་བྱ་བས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པས་སྡུག་བསྔལ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྙིང་རྗེ་འཕེལ་བའི་རྒྱུར་འགྱུར་བ་ཡིན་གྱི། འཇིགས་པའི་རྒྱུ་ནི་མ་ཡིན་ནོ། །འདི་ལྟ་བུའི་རྒྱུ་

Vol. 133 · folio 27a

ཡང་། འཇིག་རྟེན་ཕོངས་པའི་གནས་སྐབས་གྱུར་ན་བདག་ཉིད་གཏོང་བར་བགྱིད། །ཅེས་བྱ་བའི་བསྟོད་པའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །རྒྱུ་དང་པོ་གཉིས་ནི་སྟོབས་བརྟན་པར་གྱུར་པའི་སྟོབས་གཉིས་ལས་སོ། །དེ་བཞིན་དུ་སྟོབས་རྣམས་

ཀྱི་རང་བཞིན་རྣམ་པར་གཞག་པ་དང་། མདོར་བསྡུས་ནས་རྣམ་པར་གཞག་པ་ནི་སྟོབས་བཞི་བསྡུས་ན་སྟོབས་གཉིས་སུ་འགྱུར་ཏེ། བདག་གི་སྟོབས་དང་། གཞན་གྱི་སྟོབས་སོ། །དེ་ལ་བདག་གི་སྟོབས་ནི་རྣམ་པ་གསུམ་སྟེ། སྐྱེ་བ་གཅིག་ནས་གཅིག་ཏུ་འོངས་པའི་ས་བོན་གྱིས་

སྟོབས་བསྐྱེད་པ་དང་ལྡན་པ་ཉིད་དང་། སྐྱེ་བ་གཞན་གྱི་དགེ་བའི་རྩ་བ་གོམས་པར་བྱས་པ་དང་ལྡན་པ་ཉིད་དང་། མཐོང་བའི་ཆོས་ཀྱི་དགེ་བའི་ཆོས་དང་ལྡན་པ་ཉིད་དོ། །རང་གི་མཐུས་ཞེས་བྱ་བ་ནི། རང་གི་རྒྱུད་དུ་གཏོགས་པའི་ནུས་པས་རང་དབང་དུ་འདོད་པ་དང་། བཟོད་པ་དང་།

མོས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །རང་ཉིད་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཆེན་པོར་མོས་པར་འགྱུར་བ་ནི་བདག་གི་སྟོབས་ཞེས་བྱའོ། །གཞན་གྱི་མཐུས་བསྐྱེད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་གཞན་ལ་བརྟེན་ནས་བསྐྱེད་པ་སྟེ། དགེ་བའི་བཤེས་གཉེན་གྱི་མཐུས་ངེས་པར་བསྟན་པར་བྱས་པ་

ལས་བྱུང་བའི་འདོད་པ་དང་། བཟོད་པ་དང་། མོས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྐད་བསྟན་པའི་རྒྱུའི་བྱེད་པ་དང་། སྔོན་གོམས་པའི་དབང་གིས་སམ། ད་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཙམ་མམ། དེ་དག་གི་ཡོན་ཏན་

ཐོས་པ་ཙམ་གྱིས་མྱུར་དུ་སེམས་སྐྱེ་བར་འགྱུར་ན། ཁྱད་པར་ཅན་གྱི་དམ་བཅས་པའི་ཆོས་ཐོས་པའམ། མཐུ་མཐོང་བས་ལྟ་ཅི་སྨོས་ཏེ། དེ་ལྟ་བས་ན་སྔོན་གྱི་དུས་སུ་ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པ་དང་། དགེ་བ་ལ་གོམས་པ་ནི་རྒྱུའི་སྟོབས་ཞེས་བྱའོ། །ད་ལྟར་གྱི་ཚེ་འདི་ཉིད་ལ་དགེ་བའི་

བཤེས་གཉེན་ལ་བསྙེན་བཀུར་བྱས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་པ་དང་། བསམས་པ་ལ་སོགས་པ་དུས་ཡུན་རིང་དུ་གོམས་པར་བྱས་པས་དགེ་བའི་ཆོས་ལ་གོམས་པ་ནི་སྦྱོར་བའི་སྟོབས་ཞེས་བྱའོ། །དེ་ལྟར་སེམས་བསྐྱེད་པའི་དབྱེ་བའི་རྒྱུ་བསྟན་ནས། སྔར་བསྟན་

Vol. 133 · folio 27b

པའི་ངེས་པར་འབྱུང་བ་དང་། ངེས་པར་འབྱུང་བ་མ་ཡིན་པའི་དབྱེ་བ་བསྡུས་པའི་ཕྱིར་རྐྱེན་བཞི་པོ་ལས་འགའ་ཞིག་གིས་སམ། ཚོགས་པས་ཀྱང་རུང་བའམ། རྒྱུ་བཞི་ལས་འགའ་ཞིག་གིས་སམ། ཚོགས་པ་ལ་བརྟེན་ནས་ནང་གི་སྟོབས་དང་། རྒྱུའི་སྟོབས་འདི་གཉིས་ཚོགས་

པའམ། སོ་སོ་ལས་སེམས་དེ་སྐྱེད་ན་ནི་བརྟན་པར་འགྱུར་ཏེ། ཉོན་མོངས་ཆུ་བོ་འཁྲུག་དང་ངན་འགྲོའི་ཁ་དག་རྟག་ཏུ་གདངས་པ་དང་། །ཞེས་བྱ་བའི་ཚིགས་སུ་བཅད་པའི་རྗེས་སུ་འབྲངས་ནས་མི་དགེ་བའི་གྲོགས་པོས་མི་གཡོ་བའི་ཕྱིར་རོ། །སྙིང་པོར་གྱུར་པ་ནི་སྙིང་རྗེ་དམན་པར་གྱུར་

པས་ལྡོག་པ་མེད་པའི་ཕྱིར་རོ། །མི་གཡོ་བར་གྱུར་པ་ནི་སྡུག་བསྔལ་གྱིས་འཇིགས་ཤིང་གཡོ་བ་མེད་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་འཁོར་བའི་སྡུག་བསྔལ་གྱིས་མི་ལྡོག་པས་ན་བརྟན་པའོ། །སེམས་ཅན་གནོད་པ་བྱེད་པས་ལྡོག་པར་མི་འགྱུར་བས་ན་སྙིང་པོར་གྱུར་པའོ། །

དཀའ་བ་སྤྱོད་པའི་སྡུག་བསྔལ་གྱིས་མི་ལྡོག་པས་ན་མི་གཡོ་བར་འགྱུར་རོ། །འདི་དག་ལས་གཞན་པའི་སྟོབས་ལས་བསྐྱེད་པ་ནི་བརྟན་པར་མི་འགྱུར་རོ། །དེ་ལྟར་རྒྱུ་དང་། རྐྱེན་གྱི་སྟོབས་ཀྱིས་སེམས་བསྐྱེད་པའི་དབྱེ་བས་ངེས་པར་འབྱུང་བ་དང་། ངེས་པར་འབྱུང་བ་མ་ཡིན་པ་

བསྟན་ནས། ད་ནི་ལྡོག་པ་དང་། མི་ལྡོག་པའི་རྒྱུ་བསྟན་པའི་ཕྱིར། སེམས་ལྡོག་པའི་རྒྱུ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བའོ། །དེ་ལ་མི་དགེ་བའི་བཤེས་གཉེན་ནི་ཐེག་པ་ཆེན་པོ་ལ་མོས་པ་འདོར་དུ་འཇུག་ཅིང་། ཐེག་པ་གཞན་ལ་སྨོན་པ་བྱེད་དུ་འཛུད་པའམ། ཐར་པའི་ལམ་ལ་སྦྱོར་བར་བྱེད་

པ་འདོར་བར་བྱེད་ཅིང་བརྩོན་པ་འདོར་བར་སྦྱོར་བ་སྟེ། དེ་ལྟར་ན་དེའི་སེམས་ལྡོག་པར་འགྱུར་རོ། །སྙིང་རྗེ་ཆུང་བས་སེམས་ཅན་ལ་ལྟོས་པ་མེད་པར་འགྱུར་རོ། །དེ་ལྟར་ན་སེམས་ཅན་གྱི་དོན་གཙོ་བོར་བྱས་ནས་བྱང་ཆུབ་ལ་དམིགས་པ་ཡིན་ན། སེམས་ཅན་རྣམས་ལ་ལྟོས་པ་མེད་པས་བྱང་

ཆུབ་ལས་སེམས་ལྡོག་པར་འགྱུར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱི་རིགས་བཞིའི་འཇིགས་པ་མཐོང་ནས་དྲག་ཅིང་གདུང་བའི་ཡིད་ལ་བྱེད་པ་སྐྱེ་བར་འགྱུར་རོ། །དེས་ན་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བར་འདོད་ཅིང་། སེམས་བསྐྱེད་པ་དེ་ལྡོག་པར་འགྱུར་རོ། །རྒྱུ་གསུམ་པོ་

Vol. 133 · folio 28a

འདི་དག་གིས་ལྡོག་པ་ནི་གཏན་ལྡོག་པ་མ་ཡིན་ནོ། །རིགས་ཕུན་སུམ་ཚོགས་པ་མ་ཡིན་པ་ནི་གཏན་ལྡོག་པར་འགྱུར་རོ། །སེམས་སྐྱེ་བའི་རྒྱུ་ལས་བཟློག་པ་ལས་ལྡོག་པའི་རྒྱུར་རིག་པར་བྱ་སྟེ། དཀར་པོའི་ཕྱོགས་དང་། ནག་པོའི་ཕྱོགས་ཀྱི་དབྱེ་བ་དང་།

ཚང་བ་དང་། མ་ཚང་བའི་དབྱེ་བས་ཀྱང་རིག་པར་བྱའོ། །དཀར་པོའི་ཕྱོགས་དང་ཚང་བ་ནི་འཇུག་པའི་རྒྱུ་ཡིན་ནོ། །ནག་པོའི་ཕྱོགས་དང་། མ་ཚང་བ་ནི་ལྡོག་པའི་རྒྱུ་ཡིན་ནོ། །དེའི་ཕྱིར་སེམས་ལྡོག་པར་འགྱུར་བའི་རྒྱུ་བཞི་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟར་རེ་ཞིག་བྱང་ཆུབ་ཀྱི་

སེམས་ལ་རྨོངས་པ་རྣམས་ལ་རང་གི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་མཚན་ཉིད་དང་། རྒྱུ་དང་རྐྱེན་གྱི་དབྱེ་བ་དང་། འཇུག་པ་དང་ལྡོག་པའི་དབྱེ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་བསྟན་ནས། ཡང་རིགས་མ་ངེས་པ་ཐེག་པ་གཞན་ལ་ཞུགས་པ་

རྣམས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་ནས་དེ་དག་ལ་མོས་པ་བོར་ནས་འདིར་འཇུག་པར་བྱ་བའི་ཕྱིར་དང་། རིགས་མ་ངེས་པ་སངས་རྒྱས་ཉིད་ལ་ཞུགས་པ་མི་བརྟན་པ་རྣམས་ངེས་པར་གཟུང་བའི་ཕྱིར་དང་། རིགས་ངེས་པ་བག་མེད་པ་དང་། ཞུམ་པ་དང་། ཡང་དག་པར་ཞུགས་

པ་རྣམས་གོ་རིམས་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་བསྐུལ་བ་དང་། གཟེངས་བསྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའི་ཕྱིར། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་དང་པོ་

སེམས་བསྐྱེད་པ་བརྟན་པའི་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ནང་གི་སྟོབས་དང་། རྒྱུའི་སྟོབས་ཀྱིས་ཕྱིར་མི་ལྡོག་ཅིང་ངེས་པར་འབྱུང་བ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་དང་ཐུན་མོང་མ་ཡིན་པ་ནི་ད་ལྟར་གྱི་དུས་ལ་ཉེ་བར་ལྟོས་ནས་གཞན་དག་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་ཕྱིར་རོ། །

ངོ་མཚར་ནི་འདས་པའི་དུས་ན་ཡང་མ་བྱུང་བའོ། །རྨད་དུ་བྱུང་བ་ནི་མ་འོངས་པའི་དུས་ན་ཡང་མི་འབྱུང་བའོ་ཞེས་བྱས་ནས་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་ཀྱི་རིམ་པ་རྣམ་པར་གཞག་པ་ནི་འདི་ལྟར་རིག་པར་བྱའོ། །འཇིག་རྟེན་པ་རྣམས་ཀྱི་ནི་བུ་དང་ཆུང་མ་ལ་སོགས་པ་ཡོངས་སུ་བཟུང་བ་

Vol. 133 · folio 28b

རྣམས་མཐའ་ཡོད་པ་དང་། ཡོངས་སུ་ཆད་པ་ཡོད་པ་ཡིན་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་འཛིན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །སེམས་ཅན་ཐམས་ཅད་

ཆུང་མའི་ཚུལ་དུ་འཛིན་ན་ཡང་དེས་ཉོན་མོངས་པ་ཡང་མི་སྐྱེ་བ་ནི་གཉིས་པའོ། །ཉོན་མོངས་པ་མེད་པས་བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པར་འགྱུར་རོ། །བསམ་པ་དང་སྦྱོར་བ་དང་ལྡན་པའི་དགེ་བའི་ཆོས་རྣམས་ཉེ་བར་སོགས་པར་འགྱུར་རོ། །དེའི་

ཕྱིར་དེའི་དགེ་བའི་ཆོས་རྣམས་སྐྱེ་ཞིང་འཕེལ་བར་འགྱུར་བས་རྒྱུ་དང་འབྲས་བུ་ཁྱད་པར་ཅན་དུ་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུ་ཁྱད་པར་ཅན་དང་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པ་དང་ཡང་དག་པར་ལྡན་པས་མཐོང་བའི་ཆོས་དང་། འཇིག་རྟེན་གཞན་དུ་བྱང་ཆུབ་ཀྱི་

སེམས་བསྐྱེད་པའི་ཡོན་ཏན་དང་། ཕན་ཡོན་འདི་དག་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དེ་བསྐྱེད་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཀྱི་གཅིག་ཏུ་དགེ་བའི་བཤེས་གཉེན་དུ་འགྱུར་ཏེ། མི་ཕན་པ་ལས་ཟློག་པར་བྱེད་ཅིང་ཕན་པ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་

སེམས་ཅན་གྱི་ཁམས་ཐམས་ཅད་ཆུང་མའི་ཚུལ་དུ་གཟུང་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་བསྟོད་པ་ལས། ཁྱོད་ནི་མ་བཅོལ་ལེགས་མཛད་པ། །ཁྱོད་ནི་རྒྱུ་མེད་བཞིན་དུ་བྱམས། །ཁྱོད་ནི་མ་འདྲིས་མཛའ་བཤེས་ཏེ། །འབྲེལ་པ་མེད་པའི་གཉེན་འདུན་ལགས། །ཞེས་བསྟན་པ་ཡིན་

ནོ། །ཆུང་མར་འཛིན་པ་ནི་འབྱོར་པ་དང་རྒུད་པའི་ཚེ་ཕན་འདོགས་པ་དང་གནོད་པ་བྱེད་པ་ལ་མཐུན་པ་དང་མི་མཐུན་པ་སྟེ། བདེ་བ་དང་སྡུག་བསྔལ་བ་ཅན་དུ་འགྱུར་ཏེ། དགའ་བ་དང་མི་དགའ་བ་ཞེས་བྱ་བའི་དོན་ཏེ། ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ཕན་པ་དང་གནོད་པ་ལས་

སེམས་ཅན་གྱི་ངོར་དེ་ལྟར་འགྱུར་གྱི་ཉོན་མོངས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལ་ཉོན་མོངས་པ་ཅན་གྱི་ངོར་འདོད་ཆགས་དང་། བརྩེ་བ་དང་ངེས་པར་འཛིན་པས་བུ་དང་བུ་མོ་ལ་སོགས་པ་ལ་བརྩེ་བ་ནི་ཉོན་མོངས་པ་ཅན་ནོ། །འགལ་བ་བྱེད་པའི་སེམས་ཅན་ལ་ཁྲོ་བ་ལ་སོགས་པས་སེམས་ཅན་ལ་

Vol. 133 · folio 29a

བརྡེག་པ་དང་། གསོད་པ་ལ་སོགས་པའི་ཉོན་མོངས་པ་ནི་བྱང་ཆུབ་སེམས་དཔའ་ལ་མེད་དོ། །སེམས་ཅན་གཅིག་ཙམ་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བར་གྱུར་ན་ཡང་རང་གི་དོན་ཡང་བྱ་བར་མི་ནུས་ན། སེམས་ཅན་ཐམས་ཅད་ལ་དེ་དག་གིས་

ཉོན་མོངས་པ་ཅན་དུ་གྱུར་ན་གཞན་གྱི་དོན་བྱ་བ་ལྟ་སྨོས་ཀྱང་ཅི་དགོས། ཉོན་མོངས་པ་ཅན་མ་ཡིན་པས་མཐུན་པ་དང་མི་མཐུན་པའི་སྦྱོར་བས་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པས་སེམས་ཅན་ལ་སྙིང་བརྩེ་བ་འཕེལ་བར་བྱེད་ཅིང་སྙིང་རྗེ་དང་ལྡན་པས་ཉོན་མོངས་པ་མེད་ཀྱང་གཞན་

གྱི་ངོར་བྱེད་དོ། །དེའི་ཕྱིར། ཡེ་ཤེས་ཉི་མའི་མེ་འབར་ཡང་། །གང་གི་སྲེད་པ་འཕེལ་འགྱུར་མཚར། །ཞེས་བསྟོད་པ་ཡིན་ནོ། །ཉོན་མོངས་པ་མེད་པའི་མི་མཐུན་པ་ནི་སེམས་ཅན་ལོག་པར་སྤྱོད་པ་རྣམས་ལ་ཐབས་གཞན་མེད་པས་དུས་དེ་སྲིད་དུ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །

དེས་ན་བདག་ནི་བྱིས་པའི་སྐྱེ་བོ་ཐོས་དང་མཐོང་མི་འདོད། །ཅེས་བྱ་བའི་ཚིགས་སུ་བཅད་པའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །ལྷག་པའི་བསམ་པ་བཟང་པོས་འཇུག་པ་ཡང་ངོ་མཚར་རྨད་དུ་བྱུང་བའོ་ཞེས་བྱ་བས་འཇིག་རྟེན་ཐམས་ཅད་ཕྱོགས་གསུམ་གྱིས་འཇུག་པར་འགྱུར་ཏེ།

བཤེས་གཉེན་གྱི་ཕྱོགས་དང་། དགྲའི་ཕྱོགས་དང་། ཐ་མ་ལ་པའི་ཕྱོགས་སོ། །ཡང་བྱང་ཆུབ་སེམས་དཔའི་ནི་སེམས་ཅན་ཐམས་ཅད་བཤེས་གཉེན་གྱི་ཕྱོགས་ཀྱིས་ཡང་དག་པར་བསྡུས་པ་ཉིད་དོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པ་བྱ་བའི་ལྷག་པའི་བསམ་པ་དང་། བདེ་

བ་བྱ་བའི་ལྷག་པའི་བསམ་པ་འཇུག་པར་འགྱུར་རོ། །དེའི་ཕྱིར། འགྲོ་བས་འགྲོ་ལ་གནོད་དང་ཕན་པ་ཡིས། །ཕྱོགས་གཉིས་དག་ལ་སྤྱོད་དང་ལྡན་པ་ལགས། །སྐྱེ་བོ་མ་ལུས་པ་ལ་ཕན་འདོགས་པའི། །ཕྱོགས་གཅིག་པོ་ལ་སྙིང་རྗེའི་བདག་ཉིད་ཞུགས། །ཞེས་བསྟོད་པ་

ཡིན་ནོ། །ཡང་སེམས་ཅན་ཐམས་ཅད་ལ། ཕན་པ་དང་བདེ་བའི་ལྷག་པའི་བསམ་པས་ཞུགས་པ་དེ་ཡང་ངོ་མཚར་རྨད་དུ་བྱུང་བ་སྟེ། མ་དང་ཕ་དང་བུ་གཅིག་པ་ཤིན་ཏུ་གཅེས་པ་ལ་ཡང་དེ་ལྟ་བུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན། འདི་ལྟར་ཁྱོད་ནི་འཇིག་རྟེན་ཕན་ཕྱིར་འཇིག་རྟེན་ལ། །མཉམ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words