རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 133 · folio 110b

ཡིན་ནོ། །ཉོན་མོངས་པ་མེད་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ནང་དུ་མ་གཏོགས་པས་ཐ་དད་ཀྱི་ཚིག་གིས་བསྟན་པ་ཡིན་ནོ། །རྒྱུའི་གནས་སྐབས་ན་ཆེན་པོ་བདུན་དང་ལྡན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །ཡང་དེའི་འབྲས་བུ་ནི་དམ་པ་རྣམ་པ་བདུན་དང་ལྡན་པས་མཆོག་ཏུ་བླ་ན་མེད་

པའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། དེ་ལ་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རྣམ་པ་བདུན་གྱིས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་རྣམ་པར་སྤྱད་ནས་བྱང་ཆུབ་ཆེན་པོ་ཁྱད་པར་དུ་བསྟན་པའི་ཕྱིར་དེ་ལ་བྱང་ཆུབ་དམ་པ་འདི་ནི་ཞེས་བྱ་བ་ནི་ཁྱད་པར་རྣམ་པ་བདུན་པོ་འདི་དག་ཉིད་ཀྱི་དམ་པ་དང་།

བླ་ན་མེད་པ་དང་། རྫོགས་པའི་བྱང་ཆུབ་དང་། བྱང་ཆུབ་ཆེན་པོ་ཞེས་ཀྱང་བརྗོད་དོ། །དམ་པ་བདུན་ཞེས་བྱ་བ་ནི་དེའི་རྣམ་གྲངས་སོ། །དམ་པ་རྣམ་པ་བདུན་རྣམ་པར་གཞག་པ་ལས་བྱང་ཆུབ་ཀྱི་རྟེན་གྱི་དབང་དུ་བྱས་པ་ནི་དང་པོའོ། །དེ་ཡང་གང་ལས་འབྱུང་བར་འགྱུར་ཞེ་ན། སྒྲུབ་པའི་ཁྱད་པར་ལས་ཡིན་

ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྒྲུབ་པ་དམ་པ་ཉིད་དོ། །དེ་ལྟར་འདི་གཉིས་ནི་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པའོ། །དེ་ལྟ་བུའི་རྟེན་དམ་པ་ལ་གནས་པ་ནི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་གྱི་རྒུད་པར་ནི་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་རྗེས་ལ་ཕུན་སུམ་ཚོགས་པ་དམ་པའོ། །དེ་ལྟ་

བུའི་ཕུན་སུམ་ཚོགས་པ་ལས་ནི་ཡེ་ཤེས་ཀྱི་ཁྱད་པར་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཡེ་ཤེས་དམ་པ་ཉིད་དོ། །ཡེ་ཤེས་ཁྱད་པར་ཅན་དང་ལྡན་པ་ལ་འདི་ལྟ་བུའི་མཐུ་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ནས་མཐུ་དམ་པ་ཉིད་དོ། །མཐུ་དང་ལྡན་ན་ཀུན་ནས་ཉོན་མོངས་པ་སྤོང་བར་འགྱུར་བས་དེས་ན་

སྤངས་པ་དམ་པ་ཉིད་དོ། །སྤངས་པ་དང་ལྡན་ན་ཀུན་ནས་ཉོན་མོངས་པ་མེད་པར་གནས་པར་འགྱུར་བས་དེས་ན་གནས་པ་དམ་པ་ཉིད་བསྟན་ཏོ། །དམ་པ་འདི་དག་ཙམ་ཞིག་སྨོས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པ་ནི་དམ་པ་རྣམ་པ་བདུན་པོ་འདི་དག་ཏུ་འདུས་པར་བསྟན་པ་ཡིན་ཏེ། གཙོ་བོར་

བསྟན་པས་འདུས་པར་བསྟན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་རྟེན་ལས་ཤིན་ཏུ་འདས་པའི་ཕྱིར་སྐུ་དམ་པའོ། །ཡང་དེ་ནི་བསམ་གྱིས་མི་ཁྱབ་པའི་རྟེན་དུ་རིག་པར་བྱའོ། །ཡང་ན་ཤིན་ཏུ་མཐར་ཐུག་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ནི་དམ་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཤེས་པའི་སྤྱོད་ཡུལ་ལས་

Vol. 133 · folio 111a

ཡང་དག་པར་ཤིན་ཏུ་འདས་པར་གྱུར་པའི་སྐུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །གཞན་སུ་ཡང་གཉི་ག་ལ་ཕན་པའི་ཕྱིར་ཞུགས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་དམ་པའོ། །ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་པའི་ཕྱིར་ཚུལ་ཁྲིམས་

ཕུན་སུམ་ཚོགས་པའོ། །དེ་བཞིན་དུ་གཞན་དག་ལ་ཡང་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཐེག་པ་ཆེན་པོའི་མདོའི་རྗེས་སུ་འབྲངས་ནས་གོང་ན་མེད་པ་ཉིད་དུ་རིག་པར་བྱའོ། །མཐུའི་ལེའུར་ཇི་སྐད་བསྟན་པའི་རྗེས་སུ་འབྲངས་ནས་མངོན་པར་ཤེས་པ་ལ་སོགས་པ་རིག་པར་བྱའོ། །བསམ་

གྱིས་མི་ཁྱབ་པའི་འཇུག་པ་དང་། གནས་པ་དང་། ལྡང་བ་དང་ལྡན་པ་ནི་གནས་པ་གོང་ན་མེད་པར་རིག་པར་བྱའོ། །ཡང་ན་དམིགས་པ་དང་། རྣམ་པའི་དབྱེ་བས་ཀྱང་རུང་སྟེ། ཇི་ལྟར་རིགས་པར་སྦྱར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་འཇུག་པའི་གཉེན་པོའི་ཕྱོགས་ཉིད་ཀྱིས་འཕགས་པའི་གནས་པའོ། །ཡུལ་

གྱི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པས་ན་ལྷའི་གནས་པའོ། །སེམས་ཅན་གྱི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པས་ན་ཚངས་པའི་གནས་པའོ། །རེ་རེ་ལ་ཡང་རྣམ་པ་བཞི་བཞིར་དབྱེ་བ་བྱས་ནས་གནས་པ་རྣམ་པ་བཅུ་གཉིས་སུ་འགྱུར་

རོ། །དེ་དག་ལས་དེ་བཞིན་གཤེགས་པའི་གནས་པ་རྣམ་པར་གཞག་པའི་ཕྱིར་སྨྲས་པ་གནས་པ་གསུམ་པོ་དེ་དག་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་སྟོང་པ་ཉིད་ཀྱི་གནས་པས་གནས་པ་ཡིན་ཏེ། སྟོང་པ་ཉིད་ཀྱི་གནས་པས་མང་དུ་གནས་པ་ཡིན་ནོ་ཞེས་བྱ་བའི་ཚིག་

གིས་སོ། །དེ་བཞིན་གཤེགས་པ་ནི་སྤྲོས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་དང་། མྱ་ངན་ལས་འདས་པ་ལ་གཞོལ་བ་ཉིད་ཀྱི་ཕྱིར་འདུ་ཤེས་དང་ཚོར་བ་འགོག་པ་ལ་གནས་པ་དང་། ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་དང་། གསལ་ཞིང་ལས་སུ་རུང་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་མི་

གཡོ་བས་གནས་པ་དང་། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྙིང་རྗེ་ཆེན་པོ་ལ་མང་དུ་གནས་པ་དང་། བར་དུ་ཞེས་བྱ་བའི་སྒྲས་དད་པ་ཕུན་སུམ་ཚོགས་པ་དང་། གཏོང་བ་དང་། ཚུལ་ཁྲིམས་དང་། ཤེས་རབ་ཕུན་སུམ་ཚོགས་པས་རྒྱུན་དུ་

Vol. 133 · folio 111b

ཞུགས་པ་ལ་སོགས་པ་ནས་བཟུང་བའོ། །སྐྱེས་བུ་ཆེན་པོ་ཉིད་ཀྱིས་ནི་དེའི་རྣམ་གྲངས་རིག་པར་བྱ་སྟེ། སྐྱེས་བུ་མཆོག་དང་། སྐྱེས་བུ་གཙོ་བོ་ཞེས་བྱ་བ་ལ་སོགས་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རྗེས་སུ་བརྩེ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཚུལ་ཁྲིམས་ཆེན་པོ་ཉིད་དང་ལྡན་པའི་ཕྱིར་

བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པར་རིག་པར་བྱའོ། །ཡེ་ཤེས་དམ་པའི་རྣམ་གྲངས་ནི་ཤེས་རབ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །མཐུ་དམ་པ་ནི་གྲགས་པ་ཆེན་པོ་ལ་སོགས་པར་རིག་པར་བྱའོ། །སྤངས་པ་དམ་པ་ནི་རྣམ་པར་གྲོལ་བའི་སེམས་ལ་སོགས་པའོ། །གནས་པ་དམ་པ་ནི་བདེ་

བར་གནས་པ་དང་། རེག་པར་གནས་པ་ཞེས་བྱ་བ་ལ་སོགས་པས་བསྡུས་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་མིང་བསྟན་པར་རིག་པར་བྱའོ། །མདོར་བསྡུ་ན་རྣམ་པ་གཉིས་ཀྱིས་བྱང་ཆུབ་ཆེན་པོ་ཞེས་བརྗོད་པར་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། བྱེ་བྲག་ཉིད་དོ། །དེ་ལ་ངོ་

བོ་ཉིད་ཀྱི་རྣམ་པ་ནི་གསུམ་དུ་བསྟན་ཏོ། །བྱེ་བྲག་གི་རྣམ་པ་ནི་བཞིར་བསྟན་ཏོ། །དམ་པ་ཉིད་དང་སྟེ་དམ་པ་རྣམ་པ་བདུན་དང་ལྡན་པ་ཉིད་དོ། །ཡང་དེའི་རྣམ་པ་བདུན་དང་ལྡན་པའི་རྣམ་པ་ནི་བསྟན་ཅིང་བརྗོད་ཟིན་པའི་ངོ་བོ་ཉིད་དོ། །ད་ནི་ཡོན་ཏན་མངོན་པར་བརྗོད་ཅིང་དྲན་པའི་རྣམ་པ་བསྟན་པར་འདོད་ནས་

སྨྲས་པ། རྣམ་པ་བཅུས་དེ་བཞིན་གཤེགས་པ་དེ་དག་གི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་ཚུལ་དུ་ཉན་ཐོས་ལ་སོགས་པ་རྣམས་བྱང་ཆུབ་ཆེན་པོ་དེ་དག་དང་ཡིད་ཀྱིས་ཡང་དག་པར་སྒྲུབ་པར་བྱེད་པའམ། བསོད་ནམས་འཕེལ་བའི་སྒོ་ནས་ཀྱང་དྲན་པར་བྱ་བའོ། །རྣམ་པ་བཅུས་ཞེས་

བྱ་བ་ནི་རྣམ་པ་བཅུའི་བྱེ་བྲག་གིས་ཡོན་ཏན་བསྟན་པ་རྣམས་ཏེ། རྣམ་པ་བཅུ་པོ་ཉིད་ཀྱིས་ཡོངས་སུ་བསྡུས་པར་འགྱུར་བའོ། །མདོར་བསྡུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་བརྗོད་ཅིང་དྲན་པ་ནི་གནས་སྐབས་རྣམ་པ་གསུམ་གྱིས་བསྡུས་པར་འགྱུར་ཏེ། རྒྱུའི་གནས་སྐབས་དང་།

འབྲས་བུའི་གནས་སྐབས་དང་། སེམས་ཅན་ལ་ཕན་འདོགས་པའི་བྱ་བའི་གནས་སྐབས་སོ། །ཇི་སྐད་དུ། ཤིན་ཏུ་དཀའ་བའི་ཚོགས་བསགས་པས། །བླ་མེད་སངས་རྒྱས་ཆོས་ཐོབ་ནས། །འགྲོ་བའི་དོན་གྱི་བྱ་བ་ཉིད། །སངས་རྒྱས་རྗེས་སུ་དགོངས་པ་མཛད། །ཅེས་བྱ་བས་བསྟན་པ་ཡིན་ནོ། །

Vol. 133 · folio 112a

འདིར་ནི་མངོན་པར་བྱང་ཆུབ་པ་བསྟན་པའི་དབང་དུ་བྱས་ནས་འབྲས་བུའི་གནས་སྐབས་ཉིད་ཀྱི་སྐབས་བསྟན་པ། བཅོམ་ལྡན་འདས་ཞེས་བྱ་བ་ནི་མཚན་བསྟན་པ་ཡིན་གྱི་ཡོན་ཏན་བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་ཏེ་ཕྱིན་ཅི་མ་ལོག་པར་རོ། །གཤེགས་པ་ནི་གསུང་བ་སྟེ།

ཕྱིན་ཅི་མ་ལོག་པར་གསུང་བ་ནི་གཤེགས་པ་སྟེ། ཡི་གེ་དེ་ལྟར་བྱས་ནས་སོ། །དེའི་ཕྱིར་སྨྲས་པ། ཕྱིན་ཅི་མ་ལོག་པར་གསུང་བས་ན་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་གསུང་བ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་གཞན་དུ་མི་གསུང་བ་ཉིད་དག་ཏུ་གསལ་

བར་བསྟན་པར་འགྱུར་ཏེ། ཚད་མར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་། ཁྱོད་ཀྱི་གསུང་ནི་མངོན་སུམ་ལས། །ཁྱད་པར་གསལ་བར་གྱུར་པ་ལགས། །ཞེས་བསྟན་པ་ཡིན་ནོ། །རྣམ་པ་གཉིས་ཀྱིས་དགྲ་བཅོམ་པ་ཉིད་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དང་། དེའི་རྒྱུ་རབ་ཏུ་བསྟན་པར་བྱ་བའི་

ཕྱིར་སྨྲས་པ། ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་ཞེས་བྱ་བའོ། །མདོར་བསྡུས་ན་ཐོབ་པར་བྱ་བའི་དོན་ཐམས་ཅད་ནི་རྣམ་པ་གཉིས་ཏེ། སྐྱོན་ཐམས་ཅད་སྤངས་པའི་མཐར་ཐུག་པར་གྱུར་པ་དང་། ཡོན་ཏན་ཐམས་ཅད་ཐོབ་པའི་མཐར་ཐུག་པར་གྱུར་པའོ། །དེ་ལ་སྐྱོན་ཐམས་ཅད་

སྤངས་པའི་མཐར་ཐུག་པར་གྱུར་པས་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པར་འགྱུར་བ་ཡིན་ཏེ། འདོད་པའི་འབྲས་བུ་མྱུར་དུ་མི་བསླུ་བར་ངེས་པར་འབྱིན་པའི་ཕྱིར། དེས་ནི་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཞེས་བསྟན་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་ཐོབ་པའི་མཐར་ཐུག་པ་

ཐོབ་པར་གྱུར་པས་ནི་སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འོས་བར་བསྟན་པའི་ཕྱིར་རོ། །ཡང་དག་པར་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། དེ་ཉིད་ཀྱི་དོན་བསྟན་པ་ནི། དོན་དམ་པར་ཞེས་བྱ་བའོ། །གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའི་དབང་

དུ་བྱས་ནས་ཡོད་པ་དང་། མེད་པའི་དངོས་པོ་ཁས་མི་ལེན་པར་དབུ་མའི་རྣམ་པར་ཆོས་ཐམས་ཅད་རྟོགས་པ་ནི་ཡང་དག་པར་ཀུན་དུ་ཁོང་དུ་ཆུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བསྟན་ཏོ། །གང་ཟག་ལ་བདག་མེད་པའི་ཕྱོགས་ལ་ཇི་ལྟར་ཡོད་པར་ཁས་མི་ལེན་པར་རྟོགས་ཤེ་ན། ཀུན་

Vol. 133 · folio 112b

དགའ་བོ་ཡོད་པར་ཁས་ལེན་ན་ནི་རྟག་པར་ལྟ་བ་འཕེལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གི་ས་ཡོད་པར་ཁས་ལེན་ན་རྟག་པར་ལྟ་བ་འཕེལ་བར་བྱེད་དོ། །ཀུན་དགའ་བོ་མེད་པར་ཁས་ལེན་ན་ནི་མེད་པར་ལྟ་བ་འཕེལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གིས་མེད་ཅེས་སྨྲ་བར་བྱེད་ན་ཆད་པར་ལྟ་བར་འགྱུར་རོ། །དེ་བཞིན་དུ་

གཉི་གའི་མཐའ་ཁས་མི་ལེན་པར་དབུ་མའི་རྣམ་པས་གང་ཟག་ལ་བདག་མེད་པ་རྟོགས་ན་སྔར་བསྟན་པའི་གཉིས་སུ་མེད་པའི་མཚན་ཉིད་ཅན། མཐའ་གཉིས་དང་བྲལ་བས་ཡང་དག་པའི་ཆོས་ལ་བདག་མེད་པ་རྟོགས་པར་འགྱུར་བར་རིག་པར་བྱའོ། །སྔོན་གྱི་མཐའ་ལ་སོགས་པ་ལ་མ་

རིག་པའི་གཉེན་པོར་གྱུར་པའི་ཕྱིར་རིག་པ་གསུམ་ནི་མངོན་པར་ཤེས་པ་གསུམ་ཞེས་བརྗོད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་

ཤེས་པ་སྟེ་རིག་པ་གསུམ་དང་། མདོ་ལས་ཇི་སྐད་གསུངས་པའི་ཞབས་ཞེས་བྱ་བ་ལ། མདོ་ལས། སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པར་བྱེད་ཅེས་བྱ་བ་ནི་རེ་ཞིག་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །བསམ་གཏན་བཞི་ཡང་དེ་བཞིན་ཏེ། དེ་ལྟར་ན་ཚུལ་ཁྲིམས་དང་།

ཏིང་ངེ་འཛིན་ནི་རྐང་པ་དང་ཆོས་མཐུན་པར་གྲགས་པས་རྐང་པ་ཞེས་བྱ་སྟེ། གནས་ཀྱི་ཁྱད་པར་གཞན་དུ་ཕྱིན་པར་བྱེད་པའི་ཕྱིར་རོ། །མིག་མེད་ཅིང་རྐང་པ་མེད་པས་ནི་འགྲོ་བར་མི་ནུས་སོ་ཞེས་བྱ་བ་སྟེ། མིག་མེད་པ་ནི་ལོང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྨྲས་པ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ།

དེ་བཞིན་དུ་བསྟན་མ་ཐག་པའི་བསླབ་པ་གསུམ་པའི་མཐར་ཐུག་པ་ཐོབ་པར་གྱུར་པ་ཡང་བསྟན་པར་འགྱུར་རོ། །བསྟན་པའི་དོན་གྱི་རྣམ་གྲངས་བསྟན་པའི་ཕྱིར་སྨྲས་པ། ལྷག་མཐོང་དང་། ཞི་གནས་དང་། གཉི་གའི་ཕྱོགས་དང་ཤིན་ཏུ་ལྡན་པས་ན་ཞེས་བྱ་བའོ། །དེ་ལ་རིག་པ་ནི་ལྷག་མཐོང་གི་ཕྱོགས་

སོ། །ཏིང་ངེ་འཛིན་ནི་ཞི་གནས་ཀྱི་ཕྱོགས་སོ། །ཚུལ་ཁྲིམས་ལ་སོགས་པ་ནི་གཉི་གའི་ཕྱོགས་སོ། །རྣམ་གྲངས་གཞན་ཡང་ལྷག་མཐོང་དང་། ཞི་གནས་དང་། གཉི་གའི་ཕྱོགས་དང་ལྡན་པས་རིག་པ་དང་ཞབས་སུ་ལྡན་པ་ཞེས་བཏགས་པར་རིག་པར་བྱའོ། །དེ་ལ་ཤེས་རབ་ནི་ཡང་དག་པ་ཇི་ལྟ་བ་

Vol. 133 · folio 113a

བཞིན་མཐོང་བའི་ཕྱིར་རིག་པ་ཞེས་བརྗོད་དོ། །ཏིང་ངེ་འཛིན་དང་། དྲན་པ་ནི་ཞི་གནས་ཀྱི་ཕྱོགས་སོ། །རྣམ་གྲངས་ཡན་ལག་ལྷག་མ་རྣམས་ནི་གཉི་གའི་ཕྱོགས་ཏེ། དེ་ལྟར་བྱས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ནི་རིག་པ་དང་ཞབས་སུ་ལྡན་པ་ཞེས་

བརྗོད་དོ། །མཆོག་ཏུ་ཁྱད་ཞུགས་པར་གཤེགས་པ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པར་གཤེགས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་དོན་རྣམ་པ་གསུམ་དང་ལྡན་པར་བདེ་བར་ཞེས་བྱ་བའི་སྒྲའི་དོན་བསྟན་པར་བྱེད་དེ། བགྲོད་པར་བྱ་བའི་མཐར་ཐུག་པར་ཕྱིན་པས་ན་བདེ་བར་གཤེགས་

པ་སྟེ། བུམ་པ་ལེགས་པར་གང་བ་བཞིན་ནོ། །ཇི་ལྟར་ལྷག་མ་མ་ལུས་པར་གང་བའི་བུམ་པ་ལ་ལེགས་པར་གང་བ་ཞེས་རྗོད་པར་བྱེད་དོ། །དེ་བཞིན་དུ་བགྲོད་པར་བྱ་བ་མ་ལུས་པའི་མཐར་ཐུག་པར་ཕྱིན་པར་གྱུར་པ་ནི་བདེ་བར་གཤེགས་པ་ཞེས་བརྗོད་དོ། །རབ་ཏུ་བསྔགས་པའི་མཐར་ཐུག་པ་ཐོབ་པར་

གྱུར་པས་ན་བདེ་བར་གཤེགས་པ་སྟེ། གཟུགས་མཛེས་པ་བཞིན་ནོ། །ཇི་ལྟར་རབ་ཏུ་བསྔགས་པའི་གཟུགས་ནི་གཟུགས་མཛེས་པ་ཡིན་པ་ལྟར། རབ་ཏུ་བསྔགས་པའི་མཐར་ཕྱིན་པར་གྱུར་པས་ན་བདེ་བར་གཤེགས་པའོ། །སླར་མི་ལྡོག་པར་གཤེགས་པས་ན་ཡང་བདེ་བར་གཤེགས་པ་

སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །ཇི་ལྟར་རིམས་ནད་ལེགས་པར་བྱང་ཞིང་བརྟས་པ་ནི་ཕྱིར་ལྡོག་པར་མི་འགྱུར་ཞིང་ཡང་མི་འབྱུང་ངོ་། །དེ་བཞིན་དུ་གང་ཐོབ་ཅིང་ཕྱིན་པ་དེ་ལས་མི་ཉམས་ཤིང་མི་ལྡོག་པས་ན། བདེ་བར་གཤེགས་པ་ཞེས་བྱ་སྟེ། ཤིན་ཏུ་བགྲོད་པར་བྱ་བར་

ཕྱིན་པའི་ཕྱིར་རོ། །སེམས་ཅན་དང་འཇིག་རྟེན་གྱི་ཁམས་ལ་གཟིགས་ནས་རྣམ་པ་ཐམས་ཅད་ཀྱིས་མཁྱེན་པས་ན་འཇིག་རྟེན་མཁྱེན་པ་སྟེ། ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་གྱི་ཁམས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཀུན་ནས་ཉོན་

མོངས་པ་མེད་པ་ཡང་ཀུན་ནས་ཉོན་མོངས་པ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཇིག་རྟེན་གྱི་ཁམས་རྣམས་ཀྱང་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེའི་ཕྱིར་སྨྲས་པ། ཀུན་ནས་ཉོན་མོངས་པ་ཅན་དང་རྣམ་པར་བྱང་བའི་རྣམ་པ་ཐམས་ཅད་མཁྱེན་པས་ན་ཞེས་བྱ་བའོ། །སེམས་

Vol. 133 · folio 113b

འདུལ་བའི་ཐབས་དམ་པ་མཁྱེན་པའི་ངོ་བོ་ནི་ཐབས་དམ་པ་མཁྱེན་པར་རིག་པར་བྱའོ། །ཡང་སེམས་ཉིད་གདུལ་བར་འོས་པ་ཡིན་པའམ་དེ་འདུལ་བར་བྱེད་པའི་ཕྱིར་ཏེ། གང་དང་གང་དུ་འདོད་པ་དེར། །སེམས་ནི་མྱུར་དུ་འགྲོ་འགྱུར་བའི། །སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་

བ་ནི་བདེ་བར་འགྱུར། །ཞེས་ཚིགས་སུ་བཅད་པས་བསྟན་པ་ཡིན་ཏེ། སེམས་ཉིད་དུལ་བར་གྱུར་ན་དེའི་བདག་ཉིད་དུ་གྱུར་པ་ནི་སྐྱེས་བུ་ཡིན་པས་སོ། །དེས་ན་གཞན་ནས་ཀྱང་གསུངས་པ། །བདག་ཉིད་ལེགས་པར་ཐུལ་བ་ཡིས། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །

ཞེས་བྱ་བ་ཡིན་ནོ། །ཇི་ལྟར་གཞན་ནས་ཀྱང་། ཤིང་མཁན་ཤིང་འཇོག་སྦྱོང་བ་ལྟར། །མཁས་པས་བདག་ཉིད་འདུལ་བར་བྱེད། །ཅེས་བྱ་བས་དེ་ལྟར་ན་བདག་ཏུ་གྱུར་པ་དང་། སྐྱེས་བུར་གྱུར་པའི་སེམས་འདུལ་བར་བྱེད་པའི་ཐབས་ཤེས་པ་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བཅོམ་

ལྡན་འདས་ལ་བརྗོད་དོ། །བླ་ན་མེད་པ་ནི་གདུལ་བར་དཀའ་བའི་སེམས་འདུལ་བར་བྱེད་པ་དང་། ཁ་ན་མ་ཐོ་བ་མེད་པའི་བདེ་བའི་ཐབས་དང་། ཤིན་ཏུ་ཡང་དོན་གྱི་མཆོག་མྱ་ངན་ལས་འདས་པ་ལ་འདུལ་བར་བྱེད་པའོ། །ཡང་དག་པར་སྟོན་ཅིང་རྣམ་པར་བརྗོད་པས་ན་སྟོན་པ་ཞེས་བྱའོ། །

ཅི་ཞིག་སྟོན་ཞེ་ན། སྨྲས་པ། སྡུག་བསྔལ་ཐམས་ཅད་ལས་འབྱུང་བ་ཞེས་བྱ་བ་ལ། སྡུག་བསྔལ་ཐམས་ཅད་ནི་ཁམས་གསུམ་པའི་ངན་འགྲོའི་སྡུག་བསྔལ་དང་། ཡང་སྲིད་ཀྱི་སྡུག་བསྔལ་ལོ། །དེ་ལས་ངེས་པར་འབྱུང་བ་ནི་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། འདིས་ངེས་པར་

འབྱུང་བས་སམ། འདིར་ངེས་པར་འབྱུང་བས་ཞེས་བྱས་ནས་སོ། །དེ་དག་གིས་ནི་ལམ་དང་། ལམ་གྱི་འབྲས་བུ་ཡང་དག་པར་བསྟན་ཅིང་བརྗོད་པ་ཡིན་ཏེ། ལམ་སྟོན་ཅིང་འབྲས་བུ་རྣམ་པར་བརྗོད་པ་ཡིན་ནོ། །ཡང་ཐོབ་པར་བྱ་བ་སྟོན་ཞིང་ཐོབ་པར་བྱེད་པའི་ཐབས་རྣམ་པར་བརྗོད་པའོ། །ཡང་

ན་དོན་དེ་ཉིད་ཡིན་ནོ། །དེ་ལྟར་ན་ཡང་དག་པར་ཕྱིན་ཅི་མ་ལོག་པ་སྟོན་པས་ན་སྟོན་པ་ཞེས་བསྟན་པར་འགྱུར་རོ། །ལྷ་དང་མི་སྨོས་པ་ནི་རྟོགས་པའི་སྣོད་ཡིན་པའི་ཕྱིར་རོ། །སྟོན་པ་ཉིད་མདོའི་ཚིག་གིས་རྒྱས་པར་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ། མིག་ལྟར་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མིག་ལྟར་

Vol. 133 · folio 114a

གྱུར་པའི་ཕྱིར་དང་། ཡེ་ཤེས་སུ་གྱུར་པའི་ཕྱིར་དང་། དོན་དུ་གྱུར་པའི་ཕྱིར་དང་། ཆོས་སུ་གྱུར་པའི་ཕྱིར་དང་ཞེས་པའི་རྩ་བའི་ཚིག་བཞིའོ། །དེ་ལ་མིག་ལྟར་གྱུར་པ་བཤད་པའི་ཕྱིར་དོན་གསལ་བ་གཏན་ལ་འབེབས་པའི་ཕྱིར་ཞེས་བྱ་བས་སོ། །གསལ་བ་དང་། རྟོགས་

སླ་བ་དང་། དེ་ཁོ་ན་ཉིད་ནི་དོན་གཅིག་པའོ། །དེ་ཉིད་བསྟན་པ་ནི་གཏན་ལ་འབེབས་པའི་ཕྱིར་ཞེས་བྱ་བའོ། །གདུལ་བྱ་རྣམས་ལ་དེ་ཁོ་ན་ཉིད་སྟོན་པའི་ཐབས་སུ་གྱུར་པས་ན་མིག་ལྟར་གྱུར་པ་ཞེས་བསྟན་པར་འགྱུར་རོ། །ཇི་སྐད་དུ་བསྟོད་པ་མཁན་གྱིས། ཁྱོད་ཀྱིས་བསྟན་ལ་མ་བརྟེན་པར། །འགས་

ཀྱང་དེ་ཉིད་མི་མཐོང་བས། །འཇིག་རྟེན་ལོང་བ་ལྟ་བུ་ཡི། །མིག་ཏུ་གྱུར་པ་ཁྱོད་ལ་འདུད། །ཅེས་བསྟན་པ་ཡིན་ནོ། །ཡེ་ཤེས་སུ་གྱུར་པ་བསྟན་པའི་ཕྱིར། དོན་ཐམས་ཅད་རྟོགས་པའི་ཕྱིར་ཞེས་བྱ་བ་ལ། འདུས་བྱས་དང་། འདུས་མ་བྱས་ཀྱི་དོན་ཐམས་ཅད་སྟོན་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་སྟོན་

པའོ། །དེ་ཡང་དག་པར་གཏན་ལ་འབེབས་པ་ནི་དེ་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཕྱིན་ཅི་ལོག་གི་ཤེས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཡང་དག་པའི་ཡེ་ཤེས་ཉེ་བར་སྒྲུབ་པའི་ཕྱིར་ཡེ་ཤེས་སུ་གྱུར་པ་བཤད་པ་ཡིན་ནོ། །ད་ནི་མི་ཤེས་པ་དང་། ཐེ་ཚོམ་ཟ་བའི་ཤེས་པའི་གཉེན་པོའི་ཕྱོགས་

ཡང་དག་པའི་ཡེ་ཤེས་ཉེ་བར་སྒྲུབ་པའི་ཕྱིར་ཡེ་ཤེས་སུ་གྱུར་པ་བསྟན་པའི་ཕྱིར། མི་རྟོགས་པའི་དོན་རྟོགས་པར་མཛད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། མི་རྟོགས་པ་དང་། ཁོང་དུ་མ་ཆུད་པ་དང་། མི་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། ཆོས་ལ་བློ་གྲོས་མ་བྱང་བ། །ཕན་པའང་ཕན་པར་མ་

འཚལ་ཞིང་། །གནོད་པའང་གནོད་པར་མ་འཚལ་ལ། །བྱང་བ་ཁྱོད་ལ་བརྟེན་ནས་འགྱུར། །ཞེས་བསྟན་པ་ཡིན་ནོ། །དོན་དུ་གྱུར་པ་བསྟན་པའི་ཕྱིར། ཟབ་མོའི་གནས་རྣམས་ལ་སྟེ། དགེ་སྦྱོང་གི་ལམ་དང་། བྲམ་ཟེའི་ལམ་མ་གྲོལ་བ་རྣམས་འགྲོལ་བ་དང་། གྲོལ་བ་རྣམས་རྣམ་པར་སྦྱོང་བར་མཛད་

པས་དོན་དུ་གྱུར་པ་ཞེས་བྱའོ། །དེའི་ཕྱིར་བསྟོད་པ། བྱིས་པ་ཕལ་ཆེར་གནོད་པ་དག །དོར་བར་འཚལ་ལ་ཕན་པ་སྤོང་། །ཕན་པ་གཉེར་ཡང་མ་འཚལ་བས། །གནོད་པ་སོ་སོར་སྟོན་པར་བགྱིད། །དེ་དག་ཐབས་ནི་སྟོན་མཛད་ཕྱིར། །ཁྱོད་ལ་བརྟེན་ནས་གཉི་ག་ཡང་། །ཡང་དག་ཇི་བཞིན་རྟོགས་གྱུར་པས། །

Vol. 133 · folio 114b

སྨན་པར་གྱུར་པ་ཁྱོད་ལ་འདུད། །ཅེས་བྱ་བ་ཡིན་ནོ། །ཆོས་སུ་གྱུར་པ་བཤད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་རྩ་བ་ནི་བཅོམ་ལྡན་འདས་སོ་ཞེས་བྱ་བའི་ཚིག་གིས་ཏེ། དགེ་བ་ལ་སོགས་པའི་ཆོས་རྣམས་དེས་དང་པོར་བསྟན་པའི་ཕྱིར་དེ་རྩ་བར་གྱུར་པའོ། །ཉན་ཐོས་ཀྱིས་བཤད་པ་ལ་

སོགས་པ་ཡང་དེས་རྗེས་སུ་གནང་བའི་ཕྱིར་དང་། ཚད་མར་གྱུར་པའི་ཕྱིར་དང་། དེས་འདྲེན་པར་བྱེད་པའི་ཕྱིར་རོ། །དེ་སྟོན་པ་ཡིན་པའི་ཁྱད་པར་བསྟན་པ་ཡིན་ཏེ། དོན་ལ་བརྟེན་པར་བྱའོ་ཡི་གེ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་དེ་ལ་བརྟེན་པར་བྱ་བ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རྣམ་པ་མཐའ་

དག་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་བྱའོ་ཞེས་བསྟན་པའི་ཕྱིར། དོན་དང་ལྡན་པའི་ཆོས་ཀྱིས་ཚོགས་ཞེས་བྱ་བ་ལ། མདོ་ལས་ནི་ཡང་དག་པ་དང་། ཕྱིན་ཅི་ལོག་ལ་སོགས་པའི་སྒོ་ནས་རྣམ་པར་གཞག་པར་རིག་པར་བྱ་བའམ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཀྱི་རབ་ཏུ་དབྱེ་

བའི་སྒོ་ནས་ཀྱང་དེ་ལྟ་བུ་རྟོགས་པ་ནི་སངས་རྒྱས་ཞེས་བརྗོད་དོ། །བདུད་རྣམས་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བསྟན་པའི་ཕྱིར་བདུད་བྱེ་བ་ཕྲག་བརྒྱའི་དཔུང་དང་བཅས་པ་རྣམས་ཀྱི་གཡུལ་ངོ་ཆེན་པོ་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱའོ། །དེ་ལྟར་རེ་ཞིག་བརྗོད་པར་བྱ་བའི་ཁྱད་པར་ཉིད་བསྟན་ནས།

ད་ནི་སྐྱེ་བའི་ཁྱད་པར་ཉིད་ཀྱིས་བྱང་ཆུབ་བསྟན་པའི་ཕྱིར་སངས་རྒྱས་རྣམས་ཀྱི་འབྱུང་བ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་འབྱུང་བ་བསྟན་པ་ཡིན་ནོ། །དེ་ལ་བར་ཆད་དང་བཅས་པར་འབྱུང་བ་བསྟན་པའི་ཕྱིར་བར་ཆད་དང་བཅས་པའི་འབྱུང་བ་ནི་བསྐལ་པ་དུ་མར་ཡང་འཇིག་རྟེན་གྱི་ཁམས་

གཅིག་ཏུ་སངས་རྒྱས་གཅིག་ཀྱང་འབྱུང་བར་མི་འགྱུར་བའོ། །རེས་འགའ་ནི་བསྐལ་པ་གཅིག་ལ་ཡང་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་མང་པོ་ཡང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་འབྱུང་བར་འགྱུར་བ་ཡིན་ནོ། །དུས་གཅིག་ཏུ་འབྱུང་བ་དང་།

དུས་གཅིག་མ་ཡིན་པར་འབྱུང་བ་བསྟན་པའི་ཕྱིར་སྨྲས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དེ་དང་དེ་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། མང་པོར་མང་པོ་དུས་གཅིག་ཏུ་འབྱུང་བ་གང་ཡིན་པ་དེ་ནི་དུས་གཅིག་ཏུ་འབྱུང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་གཅིག་ཏུ་གཉིས་དུས་

Vol. 133 · folio 115a

གཅིག་ཏུ་འབྱུང་བ་ནི་མེད་ཀྱི་རིམ་གྱིས་ནི་འབྱུང་ངོ་། །མང་པོ་དུས་གཅིག་ཏུ་འབྱུང་བ་ལ་རིགས་པ་དང་འགལ་བ་མེད་པ་བསྟན་པའི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། སྨོན་ལམ་མཉམ་པར་བཏབ་པ་དང་། ཚོགས་མཉམ་པར་ཉེ་བར་བསྒྲུབས་

པ་རྣམས་འཇིག་རྟེན་གྱི་ཁམས་ཐ་དད་པ་རྣམས་སུ་དུས་གཅིག་ཏུ་འབྱུང་བར་འགྱུར་བ་ལ་རིགས་པ་དང་འགལ་བ་ནི་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །སྔོན་དེ་དག་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་སོ་སོར་གཟུང་ཞིང་སྨོན་ལམ་བཏབ་པའི་ཕྱིར་ཞིང་གཅིག་ཉིད་དུ་ནི་གཉིས་ཀྱང་འབྱུང་བ་མ་ཡིན་ན་མང་པོ་དག་

ནི་ཤིན་ཏུ་འབྱུང་བ་མ་ཡིན་ནོ། །ཚོགས་ཡོངས་སུ་རྫོགས་པར་གྱུར་པ་རྣམས་ནི་རིམ་གྱིས་འབྱུང་བར་འགྱུར་བ་ཡང་མི་རིགས་ལ། གཏན་འབྱུང་བར་མི་འགྱུར་བ་ཡང་མི་རིགས་པས་དེས་ན་འཇིག་རྟེན་གྱི་ཁམས་ཐ་དད་པ་རྣམས་སུ་ངེས་པར་འབྱུང་བར་འགྱུར་བར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་

དུས་གཅིག་ཏུ་སངས་རྒྱས་རྣམས་འབྱུང་བར་འགྱུར་ན་སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཡང་དུས་གཅིག་ཏུ་ཅིའི་ཕྱིར་མི་འབྱུང་ཞེས་གཞན་དག་སྨྲ་བ་ཡོངས་སུ་སྤང་བའི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཞིང་གཅིག་ཏུ་གཉིས་དུས་གཅིག་ཏུ་འབྱུང་བ་མ་ཡིན་ཏེ། སྔོན་གྱི་སྨོན་

ལམ་གྱི་དབང་གི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་དང་། གདུལ་བྱ་རྣམས་གུས་པ་དང་བཅས་པས་བསྒྲུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། ཅི་ནས་བདག་འདྲེན་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ། འདྲེན་པ་མེད་པའི་འཇིག་རྟེན་དུ་ཡོངས་སུ་འདྲེན་པར་གྱུར་ནས་ཡོངས་སུ་མྱ་

ངན་ལས་ཟློ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེ་དག་དེ་བཞིན་དུ་ཡང་དག་པར་འགྲུབ་པར་འགྱུར་ཞིང་། བསོད་ནམས་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་བས་དེའི་ཕྱིར་གཅིག་ཏུ་དུས་ཅིག་ཅར་འབྱུང་བ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་གཅིག་ཏུ་ནི་གཅིག་ཉིད་ཀྱིས་མཛད་པ་ཐམས་ཅད་ཀྱང་མཛད་

པར་སྤྱོད་པའི་ཕྱིར་རོ། །སངས་རྒྱས་རྣམས་འབྱུང་བ་ནི་འཇིག་རྟེན་ལ་ཕན་པའི་ཕྱིར་ཡིན་ལ། དེས་ན་གཉིས་པ་འབྱུང་བ་ལ་དགོས་པ་མེད་དོ་ཞེས་བྱ་བས་དུས་གཅིག་ཏུ་གཉིས་འབྱུང་བ་མེད་དོ། །སངས་རྒྱས་མང་པོ་བྱུང་བར་གྱུར་ན་གདུལ་བྱ་རྣམས་རང་གི་དོན་སྒྲུབ་པའི་ཕྱིར་ཤིན་ཏུ་གུས་པར་སྒྲུབ་པར་མི་

Vol. 133 · folio 115b

འགྱུར་ལ། མྱུར་དུ་ནན་ཏན་བྱེད་པར་མི་འགྱུར་ཏེ། གཅིག་མྱ་ངན་ལས་འདས་པར་གྱུར་ཀྱང་གཞན་དག་ཀྱང་བཞུགས་སོ་སྙམ་པའི་བློས་དུས་གཞན་ལ་ལྟོས་པར་ཡང་འགྱུར་རོ། །དེ་ལས་བཟློག་པས་ནི་འཇིག་རྟེན་ཀུན་ལ་སངས་རྒྱས་གཅིག་ཉིད་དོ་ཞེས་ཤེས་ནས་གཞན་དག་ཏུ་ལྗོངས་རྒྱུར་

གཤེགས་སམ། མྱ་ངན་ལས་འདས་ན་བདག་ཅག་མགོན་མེད་པར་འགྱུར་རོ་ཞེས་བསམས་ནས་མྱུར་བ་མྱུར་བར་སྒྲུབ་པ་ལ་འཇུག་པར་འགྱུར་ཞིང་། ཆོས་མཉན་པ་དང་། ཚངས་པར་སྤྱོད་པས་གནས་པ་མོས་པ་དྲག་པོ་དང་། རོ་གཅིག་ཏུ་གྱུར་པས་འབད་པར་བྱེད་དོ། །དེ་ལྟར་ན་གཅིག་ཅིག་

བྱུང་ནས་སེམས་ཅན་མང་པོའི་ཕན་པ་དང་དོན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་མཉམ་པ་དང་མི་མཉམ་པར་ཡང་བརྗོད་པར་བྱ་སྟེ། མཉམ་པ་ཉིད་ནི་ཚོགས་དང་། ཆོས་ཀྱི་སྐུ་དང་། འགྲོ་བའི་དོན་ཀུན་དུ་སྤྱོད་པས་རིག་པར་བྱའོ། །རྣམ་པ་བཞིས་མི་མཉམ་པ་ཉིད་བསྟན་པ་ཡིན་

ཏེ། དུས་ཀྱི་དབྱེ་བས་སྐུ་ཚེ་དུས་རིང་པོར་བཞུགས་པ་དང་། དུས་ཐུང་ངུར་བཞུགས་པས་སྐུ་ཚེའི་དབྱེ་བར་རིག་པར་བྱའོ། །ཐམས་ཅད་ཀྱང་མཚན་མི་འདྲ་བས་མཚན་ཐ་དད་པར་འགྱུར་བ་ཡིན་ནོ། །བྲམ་ཟེ་དང་། རྒྱལ་རིགས་ལ་སོགས་པས་རིགས་ཐ་དད་པ་དང་། སྐུའི་ཚད་ཤིན་ཏུ་ཆུང་བའམ།

ཤིན་ཏུ་ཆེ་བར་འགྱུར་བའོ། །མི་ཡིན་ན་ཡང་སྐྱེས་པའི་མཚན་དང་ལྡན་པ་ཉིད་སངས་རྒྱས་སུ་འགྱུར་གྱི། བུད་མེད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བུད་མེད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ཀྱིས་སངས་རྒྱས་པ་མེད་དེ། རྟེན་དམན་པའི་ཕྱིར་དང་། བུད་མེད་ལ་མཚན་ཕུན་སུམ་ཚོགས་

པ་ཡོངས་སུ་རྫོགས་པའི་རྟེན་གྱི་ལུས་མེད་པའི་ཕྱིར་དང་། འདི་ལྟར་བུད་མེད་ཀྱི་ལུས་ནི་བྱང་ཆུབ་སེམས་དཔས་དུས་རིང་པོ་ནས་སྤངས་པའི་ཕྱིར་རོ། །བསམ་པ་ཡང་དམན་པ་ཡིན་ཏེ། ཉོན་མོངས་པ་དྲགས་པ་དང་། བརྩོན་འགྲུས་དང་། བརྟེན་པ་དང་ཤེས་རབ་དམན་པའི་ཕྱིར་རོ། །དེ་ལྟ་བུའི་བསམ་

པ་དམན་པ་དང་། བརྟན་པ་དང་བརྩོན་འགྲུས་དང་ཤེས་རབ་དམན་པས་དེ་ལྟ་བུའི་ཕུན་སུམ་ཚོགས་པ་བསྒྲུབ་པར་ནུས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་བཞིན་གྱིས་ཉོན་མོངས་པ་མང་བ་ལ་སོགས་པས་སངས་རྒྱས་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །ཇི་སྐད་བསྟན་པའི་རྣམ་པ་མདོར་

Vol. 133 · folio 116a

བསྡུས་ནས་བསྟན་པའི་ཕྱིར། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ན་དམ་པ་རྣམ་པ་བདུན་དང་ལྡན་པ་ནི་བྱང་ཆུབ་ཆེན་པོ་དམ་པ་ཞེས་བྱའོ། །ཡང་དེའི་རྣམ་པ་གཞན་ཡང་དེ་བཞིན་དུ་མཆོག་དང་། གཙོ་བོ་དང་། དམ་པ་དང་། གྱ་ནོམ་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ།

གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། རྟོག་པའི་ཤེས་པ་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པའི་ཕྱིར་མཆོག་གོ་ཞེས་བྱ་བར་སྦྱར་བར་བྱའོ། །བསམ་གྱིས་མི་ཁྱབ་པའི་ཡོན་ཏན་བསྐྱེད་པར་བྱ་བའི་ཕྱིར་དཔག་ཏུ་མེད་པའོ། །

དེའི་ཕྱིར་མཆོག་གོ་ཞེས་བྱ་བ་ནས་གྱ་ནོམ་པ་ཞེས་བྱ་བའི་བར་དུའོ། །བྱང་ཆུབ་ཐམས་ཅད་ཀྱི་རྩ་བར་གྱུར་བས་ན་དེ་ཉིད་ནི་བླ་ན་མེད་པའོ། །དེའི་ཕྱིར་མཆོག་དང་། གཙོ་བོ་དང་། གྱ་ནོམ་པའི་བར་དུའོ་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་རྣལ་འབྱོར་གྱི་གཞིའི་གནས་

ལས་བྱང་ཆུབ་ཆེན་པོའི་ལེའུ་བཤད་པ་སྟེ་བདུན་པ་རྫོགས་སོ།། །།སྔར་བསྟན་པའི་གང་ལ་བསླབ་པར་བྱ་བ་དང་། ཇི་ལྟར་དང་། གང་དག་སློབ་པར་བྱེད་ཅེས་བྱ་བ་ལ། གང་ལ་བསླབ་པར་བྱ་བ་ནི་བསྟན་ཟིན་ཏོ། །དེ་དག་བསྒྲུབ་པར་བྱ་བའི་ཕྱིར་ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་

ཚོལ་བར་བྱེད་དེ། བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ། །གཞན་དག་ལ་བསྟན་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་སྡེ་སྣོད་ཀྱང་ཚོལ་ཏེ། རང་ཉིད་སློབ་པའི་ཕྱིར་ནི་མ་ཡིན་ནོ། །ཕྱི་རོལ་གྱི་བསྟན་བཅོས་རིག་པའི་གནས་གསུམ་གྱིས་བསྡུས་པ་ཡང་རིག་པར་བྱའོ། །འཇིག་རྟེན་

པ་རྣམས་ལ་གྲགས་པའི་ཕྱིར་འཇིག་རྟེན་པའོ། །དེ་དག་གི་ཆོས་ཇི་སྙེད་ཡོད་པ་བསྟན་པའི་ཕྱིར་སྨྲས་པ། རིག་པའི་གནས་ཀྱིས་ཡོངས་སུ་བསྡུས་པ་དེ་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གི་རྣམ་པར་གཞག་པ་ནི་སྔ་མ་བཞིན་དུ་བསྟན་ཏོ། །གང་གི་ཕྱིར་ཕྱི་རོལ་པ་རྣམས་ལ་ཡང་

བསམ་གཏན་དང་། སྙོམས་པར་འཇུག་པ་ཐོབ་པ་ཡོད་ན་ཡང་། དེ་ལྟར་ན་ཡང་དེ་དག་གི་མན་ངག་ནི་ནང་གི་བསྟན་བཅོས་སུ་རྣམ་པར་གཞག་པར་བྱ་བ་མ་ཡིན་ཏེ། ལྟ་བ་ངན་པས་ཀུན་ནས་བསླང་བའི་ཕྱིར་དང་། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དང་། གཉེན་པོའི་ཕྱོགས་ཡོངས་སུ་མ་རྫོགས་པ་

Vol. 133 · folio 116b

ཡིན་པའི་ཕྱིར་དང་། གཏན་དུ་བ་མ་ཡིན་པའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། དེ་ལ་སངས་རྒྱས་ཀྱི་གསུང་རབ་ནི་ནང་གི་བསྟན་བཅོས་ཞེས་བྱ་སྟེ་ཞེས་བྱ་བ་ལ། ཉེ་བར་ཞི་བའི་བསྟན་བཅོས་ཀྱིས་བསྡུས་པའི་ཕྱིར་དང་། ཇི་སྐད་བསྟན་པའི་གཉེན་པོའི་

ཕྱོགས་ཡིན་པའི་ཕྱིར་རོ། །རིག་པའི་གནས་འདི་དག་གི་བྱ་བའི་རྣམ་པ་བསྟན་པའི་ཕྱིར་སྨྲས་པ། དེ་ཡང་རྣམ་པ་དུས་འཇུག་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པ་ནི་འདིར་འཇུག་པའི་བྱེ་བྲག་སྟེ། དོན་གྱི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་གསུང་རབ་ནི་ཉེས་པ་དང་བྲལ་བས་བསྡུས་

པའི་ཕྱིར་རོ། །ཉེས་པ་དང་བྲལ་བ་ཡང་མི་བསླུ་བའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པའི་དོན་གསལ་བར་བྱེད་པའི་དབང་དུ་བྱས་ནས་འཇུག་པ་བསྟན་པའི་ཕྱིར་སྨྲས་པ། རྒྱུ་དང་འབྲས་བུ་ཞེས་སྨོས་པ་ནི་སྒྲུབ་པའི་སྙིང་པོར་བྱེད་པ་ཉིད་རབ་ཏུ་བསྟན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་

ལམ་གྱི་དབང་དུ་བྱས་པའི་ཕྱིར་རོ། །བྱས་པ་ཆུད་མི་ཟ་བའི་རྣམ་པ་གསལ་བར་བསྟན་པར་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་དབང་དུ་བྱས་པའི་བྱ་བའི་སྦྱོར་བ་རྣམས་མི་ཉམས་པའི་སྦྱོར་བས་ཡང་དང་ཡང་དུ་བྱེད་པ་མེད་པའི་ཕྱིར་རོ། །མ་བྱས་པ་དང་ཕྲད་པར་མི་འགྱུར་བ་ཡང་ཐེག་པ་གཞན་དུ་བྱས་པ་

དང་། གཞན་དག་གིས་བྱས་པ་གང་ཡིན་པ་དེས་ཕན་འདོགས་པར་མི་འགྱུར་བའོ། །ཕ་རོལ་ནི་གཞན་དག་ཀླན་ཀ་ཚོལ་བ་ནི་གཞན་དག་ཀླན་ཀ་ཚོལ་དུ་འོང་བ་སྟེ། གཞན་གྱི་ཕྱོགས་ལ་ཉེས་པ་རྗོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཕན་ཡོན་ཏེ། འདིས་ནི་གཞན་གྱི་ཕྱོགས་

སུན་འབྱིན་པའི་དོན་གསལ་བར་བསྟན་པ་ཡིན་ནོ། །གཞན་ལས་བྱུང་བ་དེ་ལྟ་བུར་སྨྲ་བ་ཞེས་བྱ་བ་ལ་གཞན་དག་ལས་བྱུང་བའི་འདོད་པ་ནི་དེ་ལྟ་བུའོ། །དེའི་འདོད་པ་ནི་འདི་ལྟ་བུའོ། །དེ་དག་ལ་སྐྱོན་འདི་དང་འདི་ལྟ་བུ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་དེ་ལྟ་བུའི་སྨྲ་བ་ལས་ཐར་པ་ནི་དེ་

ལྟ་བུ་སྨྲ་བ་ལས་ཐར་པའི་ཕན་ཡོན་སྟོན་པ་ཡིན་ཏེ། དེ་ཉིད་ནི་ཕན་ཡོན་ནོ། །དེ་བཞིན་དུ་རང་གི་ཕྱོགས་ཀྱི་སྐྱོན་སྤངས་པའི་ཕྱིར་དང་། ཡོན་ཏན་བསྒྲག་པའི་ཕྱིར་དང་། རང་གི་ཕྱོགས་བསྟན་པར་གཞག་པའི་ཕྱིར་འདི་སྐད་བསྟན་པར་འགྱུར་རོ། །སྐད་ཀྱི་དབྱིངས་ཀྱི་ངོ་བོ་ཞེས་བྱ་བ་ལ་སོགས་པ་ལ།

Vol. 133 · folio 117a

དབྱིངས་འདི་ལས་འདི་འབྱུང་བར་འགྱུར་རོ་ཞེས་རྣམ་པར་གཞག་པའི་དོན་ཏོ། །མ་གྲགས་པ་རབ་ཏུ་སྟོན་པ་ནི་སྒྲུབ་པ་ཡིན་ལ། སྦྱོར་བའི་བྱེ་བྲག་གིས་ངེས་པར་འབྱེད་པ་ནི་རྣམ་པར་གཞག་པ་ཞེས་བྱ་བའམ། ཡང་ན་དོན་གཅིག་པ་ཉིད་དོ། །དེ་དག་གིས་སྒྲའི་

མཚན་ཉིད་ཡོངས་སུ་ཤེས་པའི་དོན་བསྟན་པར་འགྱུར་རོ། །ཚིག་འདུས་བྱས་པ་ནི་ཚིག་ལེགས་པར་སྦྱར་བས་ཏེ། དེ་ཉིད་ནི་ཕན་ཡོན་ནོ། །དེས་སྦྱོར་བ་ལ་མཁས་པ་ཉིད་བསྟན་པ་ཡིན་ཏེ། སྒྲའི་མཚོན་བྱ་མཚོན་བྱེད་ཀྱི་དབང་དུ་བྱས་ནས་སོ། །གསོ་བའི་བསྟན་བཅོས་ནི་མདོའི་རྗེས་སུ་

འབྲངས་ནས་རྣམ་པ་བཞིར་བསྟན་ཏེ། ནད་དང་། ནད་ཀྱི་རྒྱུ་དང་། དེ་བསལ་བ་དང་། དེའི་སྨན་ཡོངས་སུ་ཤེས་པའོ། །བཟོའི་གནས་གང་དང་གང་ལ་ལེགས་པར་གནས་པ་དེས་བྱ་བ་གང་དང་གང་ངེས་པར་འགྲུབ་པ་དེ་དེའི་རྣམ་པར་ཡོངས་སུ་གསལ་བར་བྱེད་པར་རིག་པར་བྱའོ། །རྒྱུ་རྣམས་ཇི་

སྙེད་ཡོད་པའི་དབང་དུ་བྱས་ནས་སྨྲས་པ། རྒྱུ་བཅུ་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་ལ། རྒྱུ་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་རྒྱུ་ཐམས་ཅད་མདོར་བསྡུ་ན་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་གྱི་རྒྱུ་དང་། སྣོད་ཀྱི་འཇིག་རྟེན་གྱི་རྒྱུའོ། །སེམས་ཅན་གྱི་འཇིག་རྟེན་

གྱི་རྒྱུ་ཡང་རྣམ་པ་གཉིས་ཏེ། གང་གི་ཕྱིར་འཇུག་པའི་རྒྱུ་སྨྲས་པ། ཀུན་ནས་ཉོན་མོངས་པ་དང་ཞེས་བྱ་བའོ། །ལྡོག་པའི་རྒྱུ་ནི་གང་གི་ཕྱིར་རྣམ་པར་བྱང་བ་དང་ཞེས་བྱ་བའོ། །སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་ནས་སྨྲས་པ། འཇིག་རྟེན་པ་རྣམས་ཀྱི་ཞེས་བྱ་བའོ། །སྡེ་པ་ཐ་དད་ཀྱི་གཞུང་ལས་

བསྟན་པའམ། བྱེད་པའི་རྒྱུ་ལ་སོགས་པ་རྣམས་ཀྱི་དོན་ཡང་འདི་དག་ཉིད་དུ་འདུས་ཞེས་བྱ་བར་སྨྲས་པ། བསྡུས་པ་ཡིན་ཞེས་བྱ་བ་ལ། རྒྱུ་བཅུ་པོ་རྣམས་བསྡུས་ན་རྣམ་པ་གསུམ་དུ་གཞག་པར་བྱ་སྟེ། ངོ་བོ་ཉིད་དང་། གནས་སྐབས་ཀྱི་ཁྱད་པར་ཉིད་དང་། བསྡུས་པ་ཉིད་ཀྱིས་སོ། །རྗེས་སུ་ཐ་

སྙད་འདོགས་པའི་རྒྱུ་ནི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཉིད་དེ། སྔོན་གྱི་སྐྱེ་བ་རྣམས་སུ་སྤྲོས་པ་ལ་གོམས་པའི་བག་ཆགས་ཀྱིས་ཕན་ཚུན་རྗེས་སུ་ཐ་སྙད་འདོགས་ཤིང་དངོས་པོ་བསལ་བར་བྱེད་པའི་ངག་གིས་འཇུག་པའོ། །དེའི་ཆོས་གསུམ་ནི་རྒྱུ་ཞེས་བརྗོད་དེ། མིང་དང་ལྷན་ཅིག་དངོས་པོ་སོ་སོར་རིག་པའོ། །ཇི་

Vol. 133 · folio 117b

སྐད་དུ། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ལ་འདི་ནི་སྔོན་པོའོ་ཞེས་སྔོན་པོ་ཉིད་དུ་ཤེས་སོ་ཞེས་བསྟན་པ་ཡིན་ནོ། །གང་ཡང་མིང་དང་ཞེས་བྱ་བ་ལ། ཇི་ལྟར་ཚོར་བ་དེ་བཞིན་དུ་མཚོན་པར་བྱེད་དེ། ཇི་ལྟར་ཚོར་བ་དེ་བཞིན་དུ་ཀུན་དུ་ཤེས་པར་བྱ་བའི་ཚིག་གིས་སོ། །གང་གི་ཕྱིར་སྨྲས་པ། འདུ་

ཤེས་དང་ཞེས་བྱ་བའོ། །གང་ཀུན་དུ་ཤེས་པ་དེ་རྗེས་སུ་ཐ་སྙད་འདོགས་སོ་ཞེས་བྱ་བས་འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་གང་ཡིན་པའོ། །ཆོས་གསུམ་པོ་འདི་དག་ནི་ཕན་ཚུན་དངོས་པོ་རྣམས་གསལ་བར་བྱེད་པའི་དབང་དུ་བྱས་ནས་འཇུག་པར་འགྱུར་བའི་ཕྱིར་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཞེས་བྱ་བའམ།

རྗེས་སུ་ཐ་སྙད་འདོགས་པ་ཉིད་རྒྱུ་ཡིན་པས་རྗེས་སུ་ཐ་སྙད་འདོགས་པ་སྟེ། དེའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལྟོས་ནས་རྒྱུ་ཡིན་པས་ལྟོས་པའི་རྒྱུ་སྟེ། བྱ་བ་ནི་བྱེད་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གང་ལ་ལྟོས་ཤིང་ཞེས་བྱ་བ་ནི་དེའི་དོན་བསྟན་པའི་ཕྱིར། རྒྱུ་གང་ལས་བྱུང་བ་ཞེས་བྱ་བ་

ལ། དེ་ཡོད་པ་ལས་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་ལས་ཀྱི་རྒྱུ་ཅན་སྔོན་དུ་བསྟན་ནས། ཡང་ན་ནི་ཡིད་ཀྱི་ལས་ཀྱང་ལུས་ཀྱི་ལས་ཀྱི་རྒྱུ་ཅན་དུ་བསྟན་པའི་ཕྱིར་སྨྲས་པ། འདོད་པ་དང་། ལེན་པར་འགྱུར་བ་འདི་ནི་ཞེས་བྱ་བ་ལ། དེའི་དཔེ་བསྟན་པའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་

ལྟར་རེ་ཞིག་ལུས་ཀྱི་ལས་ཀྱི་ཕྱོགས་ཀྱི་དཔེ་བསྟན་པས་དོན་གྱིས་ཡིད་ཀྱི་ལས་ཀྱང་རིག་པར་བྱའོ། །ལག་པ་ལ་ལྟོས་ཤིང་ལག་པའི་རྒྱུ་ལས་བྱུང་བ་ནི་ལེན་པའི་ལས་སོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྒྱུ་དེ་དག་གཉི་གའི་མཚན་ཉིད་བསྟན་པར་རིག་པར་བྱའོ། །གནས་སྐབས་ཀྱི་ཁྱད་པར་གྱིས་

རྒྱུའི་རྣམ་པར་གཞག་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། དེ་ལ་ས་བོན་ནི་ཞེས་བྱ་བ་ལ་སོགས་པ་ལ། ཞིང་དང་ཆུ་དང་ས་བོན་ལ་སོགས་པ་ཉེ་བར་གྱུར་པ་ལས་མྱུ་གུ་ལ་སོགས་པ་ནས་མེ་ཏོག་ལ་སོགས་པའི་རིམ་གྱིས་འབྲས་བུའི་བར་དུ་འཕེལ་བ་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ལ། ས་བོན་ནི་འཕེན་པའི་རྒྱུ་

ཡིན་ཏེ། ས་བོན་དེས་མྱུ་གུ་ལ་སོགས་པའི་རྒྱུན་གྱིས་རིམ་གྱིས་རང་གི་ངོ་བོ་དང་འདྲ་བ་སྐྱེད་པའི་ནུས་པ་གཞག་པའི་ཕྱིར་རོ། །གང་གི་ཕྱིར་དེའི་རྒྱུད་ཡོངས་སུ་སྨིན་པ་འབྱུང་བའི་ཁྱད་པར་ཐོབ་པ་ལས་མེ་ཏོག་གི་རྗེས་ལ་འབྲས་བུ་འབྱུང་བར་འགྱུར་རོ། །དེ་ལྟ་བུར་བརྒྱུད་པའི་སྦྱོར་བས་འཛིན་པ་ནི་འབྲས་བུ་དེའི་

Vol. 133 · folio 118a

རྒྱུ་ཡིན་པས་འཕེན་པའི་འབྲས་བུ་ཞེས་བྱའོ། །ཞིང་དང་ཆུ་ལ་སོགས་པའི་རྐྱེན་ནི་འབྲས་བུའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ཏེ། ཐམས་ཅད་ཀྱིས་འབྲས་བུ་དེ་ཡོངས་སུ་འཛིན་པར་བྱེད་པས་ཞེས་བྱས་ནས་སོ། །ས་བོན་དེ་ཉིད་ནི་རང་གི་འབྲས་བུ་སྟེ། མྱུ་གུ་མངོན་པར་འགྲུབ་པའི་

རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེའི་རྗེས་ཐོགས་ལ་དེ་སྐྱེ་བར་འགྱུར་བའི་ཕྱིར་ཞེས་བྱས་ནས་སོ། །མངོན་པར་ཏེ་གསར་དུའོ། །འགྲུབ་པ་ནི་ཀུན་གྱི་དང་པོར་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །ས་བོན་གྱིས་མངོན་པར་བསྒྲུབས་པའི་འབྲས་བུ་ཞེས་བྱ་བ་ནི་མྱུ་གུའོ། །ས་བོན་གྱིས་འཕངས་པ་ཞེས་བྱ་བ་ནི་

འབྲས་བུ་ཕྱི་མ་རྣམས་ཀྱིའོ། །རང་གི་འབྲས་བུ་ཕྱི་མ་འདྲེན་པའི་རྒྱུ་ཡིན་ཏེ། རིམ་གྱིས་དེའི་འབྲས་བུ་འདྲེན་པར་བྱེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་རིགས་མི་མཐུན་པ་ཡིན་པ་ནི་བདེན་ན་ཡང་ཐམས་ཅད་ལས་ཐམས་ཅད་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་བུར་འབྱུང་བ་ཡིན་ཞེ་ན། རྒྱུ་སོ་སོར་

ངེས་པ་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སོ་སོར་ངེས་པའི་རྒྱུ་ཞེས་བྱའོ། །ཆོས་ཀྱི་ངོ་བོ་ཐ་དད་པ་རྣམས་ཀྱི་ནུས་པ་ཡང་ཐ་དད་པ་ཡིན་ནོ་ཞེས་བྱས་ནས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དོ། །རྒྱུ་དང་རྐྱེན་གྱི་གཞན་དབང་དུ་གྱུར་པ་འདུས་བྱས་ཀྱི་ཆོས་བྱ་བ་དང་བྲལ་བ་རྣམས་ཚོགས་

པར་གྱུར་པས་བྱ་བ་སྒྲུབ་པ་ཉིད་དེ་དག་ཐམས་ཅད་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །སྐྱེ་བ་ལ་བར་དུ་གཅོད་པ་ཞེས་བྱ་བ་ནི་བར་དུ་གཅོད་པར་བྱེད་པས་ན་སྐྱེ་བ་ལ་གགས་བྱེད་པ་དང་འབྲེལ་པ་ཞེས་བྱ་བའི་དོན་ཏེ། སོ་སོར་ངེས་པར་གནས་པ་དང་འགལ་བར་གནས་པའི་རྒྱུ་ཞེས་བྱའོ། །བར་དུ་གཅོད་པའི་

རྒྱུ་དང་བྲལ་བ་ནི་མི་མཐུན་པ་མེད་པའི་རྒྱུ་སྟེ། མངོན་དུ་ཕྱོགས་པའི་རྒྱུ་གང་ཡིན་པ་ཡང་མི་མཐུན་པ་མེད་པའི་རྒྱུ་ཡིན་གྱི། མེད་པ་འབའ་ཞིག་ནི་མ་ཡིན་ཏེ། མེད་པ་ནི་རྒྱུར་རྣམ་པར་གཞག་པར་རིགས་པ་མ་ཡིན་ནོ། །དེ་ཡང་དེའི་དུས་སུ་ཉམས་པ་མེད་པ་ཡིན་པས་ནུས་པ་དང་ལྡན་པར་འགྱུར་རོ་

ཞེས་བྱེ་བྲག་རྣམ་པར་གཞག་པས་འཐོབ་པར་འགྱུར་རོ། །འདི་དང་འགལ་ཞིང་འདི་མི་གསལ་བར་བྱེད་པས་ན་མི་མཐུན་པའོ། །མི་མཐུན་པ་ཉིད་རྒྱུར་གྱུར་པ་ནི་མི་མཐུན་པའི་རྒྱུའོ། །མི་མཐུན་པའི་རྒྱུའི་དབང་དུ་བྱས་ནས་མི་མཐུན་པར་འབྱུང་བ་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ། མདོར་བསྡུ་ན་

Vol. 133 · folio 118b

རྣམ་པ་དྲུག་སྟེ་ཞེས་བྱ་བ་ལ། ཚིག་ཉིད་མི་མཐུན་པ་ནི་ཚིག་མི་མཐུན་པའོ། །རིགས་པ་དང་འགལ་བ་ཉིད་དང་། སྐྱེ་བ་དང་། མི་མཐུན་པ་དང་། ལྷན་ཅིག་གནས་པ་མི་མཐུན་པ་དང་། མི་འཕྲོད་པའི་མི་མཐུན་པ་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པའོ། །

དེ་ལ་རང་གི་ཚིག་དང་འགལ་བ་ནི་ཚིག་མི་མཐུན་པ་སྟེ། དེ་ཉིད་ཀྱི་ཚིག་སྔ་མ་དང་ཕྱི་མ་མི་མཐུན་པའོ་ཞེས་བྱས་ནས་ཏེ། དཔེར་ན་བདག་གི་ཕ་གཞོན་ནུ་ནས་ཚངས་པར་སྤྱོད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཕྱི་རོལ་པའི་བསྟན་བཅོས་ལས་ནི་སྔོན་དང་ཕྱི་མ་མི་མཐུན་པ་མང་དུ་འབྱུང་ངོ་ཞེས་

བསྟན་པར་བྱ་བའི་ཕྱིར་སྨྲས་པ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ལ་སོགས་པའོ། །བསྒྲུབ་པར་བྱ་བའི་དོན་གཏན་ཚིགས་ཀྱིས་རབ་ཏུ་འཇོག་པ་ན་ཚད་མ་རྣམ་པ་གསུམ་གྱིས་བསྡུས་པ་ཉེ་བར་གཞག་པ་གང་ཡིན་པའི་རིགས་པ་ལ་མ་ཚང་བ་ལ་སོགས་པའི་སྐྱོན་དང་བཅས་པ་ནི་རིགས་

པ་དང་འགལ་བ་ཞེས་བྱའོ། །ཡན་ལག་གཉིས་ཉེ་བར་གྱུར་པ་དང་ཉེ་བར་མ་གྱུར་པ་ལས་དངོས་པོ་འབྱུང་བར་འགྱུར་བ་ལས་དེ་དག་ལས་གང་ཡང་རུང་བ་ཅིག་མ་ཚང་བ་ནི་སྐྱེ་བ་དང་མི་མཐུན་པ་ཞེས་བྱའོ། །སྣང་བ་དང་མུན་པ་དག་ཀྱང་ལྷན་ཅིག་གནས་པར་འགལ་བ་ཡིན་ཏེ། ཕན་ཚུན་བྱེད་པ་ཐ་

དད་པའི་ཕྱིར་རོ། །མུན་པའི་བྱེད་པ་ནི་སྒྲིབ་པ་ཡིན་ལ། སྣང་བའི་བྱེད་པ་ནི་གསལ་བ་སྟོན་པ་ཡིན་པས་སོ། །འདོད་ཆགས་དང་ཞེ་སྡང་དག་ནི་དགའ་བ་དང་ཞུམ་པའི་རྣམ་པ་ཅན་ཡིན་པས་སོ། །བདེ་བ་དང་སྡུག་བསྔལ་དག་ནི་ལེན་པ་དང་འདོར་བར་འདོད་པའི་རྣམ་པ་ཅན་ཡིན་པས་སོ། །གསོད་

པ་དང་གསད་བྱ་ནི་མི་འཕྲོད་པའི་འགལ་བའོ། །གཞན་དག་གཅིག་ཏུ་དགྲར་གྱུར་པ་དག་ལ་ཡང་བསྟན་པར་བྱ་བའི་ཕྱིར་སྨྲས་པ། གཅིག་ལ་གཅིག་ཕྱིར་རྒོལ་ཞིང་ཞེས་བྱ་བ་ལ་སོགས་པའོ། །གཉིས་ལས་གང་ལྷག་པར་བསྒོམས་པས་གཞན་སྤོང་བའམ་འབྱུང་བའི་གེགས་བྱེད་པ་ནི་མི་

མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་མི་མཐུན་པ་ཞེས་བྱ་བའོ། །བྱེ་བྲག་གི་གཉེན་པོའི་ཕྱོགས་ཀྱི་དབང་དུ་བྱས་ནས་མི་སྡུག་པ་ལ་སོགས་པ་དཔེར་བྱས་པའོ། །སྤྱིའི་གཉེན་པོའི་ཕྱོགས་ཀྱི་དབང་དུ་བྱས་ནས་ནི་བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཡན་ལག་བརྒྱད་པ་དཔེར་བྱས་པའོ། །དོན་གྱི་

Vol. 133 · folio 119a

སྐབས་འདིར་ནི་ཞེས་བྱ་བ་ལ་རྒྱུའི་དབང་དུ་བྱས་ནས་དོན་དེ་ཉིད་རིགས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བསྟན་པའི་དོན་རྣམས་བསྡུས་ནས་མདོར་བསྟན་པའི་ཕྱིར་སྨྲས་པ། ཡང་རྒྱུ་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་མང་པོ་རྣམས་ལས་གང་དང་

འདྲ་བར་འབྲས་བུ་སྐྱེད་པར་བྱེད་པ་ནི་བསྐྱེད་པའི་རྒྱུ་ཞེས་བྱ་སྟེ། ཐུན་མོང་མ་ཡིན་པའི་དབྱེ་བ་ཡིན་པའི་ཕྱིར་དང་། དེའི་འབྲས་བུ་དེ་ཡིན་པར་གྲགས་པའི་ཕྱིར་རོ། །གཞན་ཐམས་ཅད་ཡོངས་སུ་འཛིན་པ་ཙམ་གྱིས་ཕན་འདོགས་པའི་རྒྱུ་ཡིན་ཏེ། དེ་དག་མེད་པར་ཡང་མི་འབྱུང་བའི་ཕྱིར་

ཐབས་ཀྱི་རྒྱུ་ཡིན་ནོ། །རྒྱུ་དེ་དག་ཉིད་རྐྱེན་རྣམ་པ་བཞིར་གཞག་གོ་ཞེས་བསྟན་པའི་ཕྱིར་སྨྲས་པ། བསྐྱེད་པའི་རྒྱུ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་དང་རྐྱེན་ནི་རྒྱུ་དང་རྐྱེན་ཏེ། འབྲས་བུ་དེ་རྒྱུ་དང་མཐུན་པར་འབྱུང་བར་བྱེད་པ་ནི་རྒྱུ་ཞེས་བྱའོ། །དེ་ནི་འདི་དག་ལས་འབྱུང་བར་འགྱུར་

བས་ན་རྐྱེན་ཞེས་བྱ་སྟེ། སོ་སོའི་སྦྱོར་བ་དང་ལྡན་པས་སོ། །ཐབས་ཀྱི་རྒྱུ་ཡང་ཇི་ལྟར་རིགས་པར་བདག་པོའི་རྐྱེན་ཡིན་གྱི། མ་ལུས་པ་ནི་མ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དམིགས་པས་ཡོངས་སུ་བསྡུས་པ་རྣམས་རབ་ཏུ་འབྱུང་བའི་དུས་སུ་ནི་འདྲ་བར་འབྱུང་བར་འགྱུར་ཞིང་

འཇུག་པར་འགྱུར་བ་ནི་མི་འདྲ་བ་འབྱུང་བའི་དུས་སུའོ། །དེ་དག་ནི་དམིགས་པ་དང་བཅས་པ་དང་། རྣམ་པ་དང་བཅས་པ་ཡིན་པའི་ཕྱིར་དེས་ན་དམིགས་པའི་རྐྱེན་ཞེས་བྱའོ། །དེས་ན་དེ་ཉིད་ནི་དེ་མ་ཐག་པའི་རྐྱེན་ཞེས་ཀྱང་བྱ་སྟེ། མཉམ་དུ་སྐྱེ་ཞིང་རྫས་མཚུངས་པར་འཇུག་པར་འགྱུར་བའི་ཕྱིར།

སེམས་དང་སེམས་བྱུང་བཞི་ལས་སོ་ཞེས་པའི་ངེས་པས་སོ། །དེ་ལྟ་བུའི་རྣམ་གྲངས་ཀྱིས་ཡོངས་སུ་འཛིན་པའི་རྒྱུས་བསྡུས་པ་ནི་རྐྱེན་གཉིས་སུ་རིག་པར་བྱའོ། །སྔར་བསྟན་པའི་རྒྱུ་ཐམས་ཅད་ཀྱིས་བསྡུས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཇིག་རྟེན་པ་རྣམས་ཀྱི་ལོ་

ཏོག་ལ་སོགས་པ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་པའི་དངོས་པོ་ཐམས་ཅད་ནི་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བ་ནས། རྣམ་པར་བྱང་བའི་བར་ནི་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བའི་བར་དུའོ། །ཕྱིའི་དངོས་པོ་རྣམས་ཇི་ལྟར་རིགས་པར་རྒྱུ་བཅུ་ལས་འབྱུང་བར་འགྱུར་རོ་ཞེས་བསྟན་

Vol. 133 · folio 119b

པའི་ཕྱིར་སྨྲས་པ། འདི་ལྟར་ན་འཇིག་རྟེན་ན་འབྲུའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ལ་སོགས་པའོ། །ལོ་ཏོག་རྣམས་ཀྱི་མིང་འབྲུ་ཞེས་བྱ་བར་བརྗོད་པའི་ཕྱིར་སྨྲས་པ། ཚིག་ཏུ་བརྗོད་པ་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་དེ་ཉིད་ནི་གནས་པ་འཛིན་པར་བྱེད་པས་འབྲུ་ཞེས་བྱ་སྟེ། དེ་དག་གི་མིང་གིས་

འཇིག་རྟེན་པ་རྣམས་ཐ་སྙད་དུ་བྱེད་པའི་ཕྱིར་ཐ་སྙད་ཀྱི་རྒྱུ་ཞེས་བྱའོ། །དེ་དག་གི་ལོངས་སྤྱོད་ནི་རྣམ་པ་གཉིས་ཏེ། འདོད་ཆགས་དང་མ་བྲལ་བ་དང་། འདོད་ཆགས་དང་བྲལ་བའོ། །དེ་ལ་འདོད་ཆགས་དང་བྲལ་བའི་ནི་རྣམ་པ་བཞིས་ལྟོས་པ་ཡིན་ནོ། །འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་ནི་ཁ་ཟས་

ལ་སྲེད་པ་ཡང་ངོ་། །དེ་ལ་འདོད་པ་ནི་ཟས་ལ་སོགས་པ་ལ་མངོན་པར་འདོད་པའོ། །ཚོལ་བ་ནི་དེ་ཐོབ་པར་བྱ་བའི་ཐབས་ཐམས་ཅད་ལ་ནན་ཏན་བྱེད་པའོ། །ལེན་པ་ནི་རྙེད་པ་ལའོ། །རྙེད་པ་རྣམས་ཁ་དང་སྣ་ནས་ཁོང་དུ་བཏང་ཞིང་སྤྱད་པ་ནི་ལོངས་སྤྱོད་པར་བྱེད་པ་སྟེ། དེ་ལྟར་འབྲུ་རྣམས་ལ་བྱ་བ་རྣམ་

པ་ལྔ་ཡོད་པས་ན་ལྟོས་པའི་རྒྱུ་ཞེས་བྱའོ། །དེ་དག་རང་རང་གི་རྒྱུ་ལས་ངེས་པར་སྐྱེས་པས་ན་འཕེན་པའི་རྒྱུ་ཞེས་བྱའོ། །ལྷན་ཅིག་བྱེད་པའི་བྱ་བ་དང་ལྡན་པས་ཡོངས་སུ་འཛིན་པའི་རྒྱུ་ཞེས་བྱའོ། །ས་བོན་གྱི་རྗེས་ཐོགས་སུ་མྱུ་གུ་འབྱུང་བར་འགྱུར་བ་ནི་མངོན་པར་གྲུབ་པའི་རྒྱུའོ། །མྱུ་གུ་ལ་སོགས་

པའི་རྒྱུན་གནས་སྐབས་གཞན་དུ་གྱུར་པ་དང་ལྡན་པའི་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་གྱིས་འབྲས་བུ་འབྱིན་པར་བྱེད་པ་ནི་འདྲེན་པར་བྱེད་པའི་རྒྱུ་ཞེས་བྱའོ། །ཐ་མི་དད་པའི་ས་བོན་ལས་སོ་སོར་ངེས་པའི་འབྲས་བུ་འབྱུང་བ་ནི་སོ་སོར་ངེས་པའི་རྒྱུ་ཞེས་བྱའོ། །ལོ་ཏོག་ལ་ཇི་ལྟ་བ་བཞིན་དུ་ཤིང་རྣམས་དང་།

རྩྭ་རྣམས་ལ་ཡང་རིག་པར་བྱའོ། །རྒྱུ་དེ་དག་ཚོགས་ནས་བྱེད་པ་ཉིད་ནི་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །སེར་བ་བབ་པ་དང་། ལོ་ཏོག་གི་ནད་ཀྱིས་དེ་སྐྱེ་བ་ལ་བར་དུ་གཅོད་པ་ནི་མི་མཐུན་པའི་རྒྱུ་ཞེས་བྱའོ། །དེ་དག་དང་བྲལ་བ་ནི་མི་མཐུན་པ་མེད་པའི་རྒྱུ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་

གསུམ་ནི་ཇི་ལྟར་རིགས་པར་རྒྱུ་བཅུར་འགྱུར་རོ་ཞེས་རང་ཉིད་ཀྱིས་སྦྱར་བར་བྱ་བའི་ཕྱིར་སྨྲས་པ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ལ། སྲེད་པ་སྔོན་དུ་སོང་བ་ལས་ཀུན་ནས་ཉོན་མོངས་པ་ཐམས་ཅད་འཇུག་པར་འགྱུར་ཏེ། ཡུལ་གྱི་རོ་མྱོང་བས་འཕངས་པའོ་ཞེས་བྱ་བར་སྨྲས་པ། མ་རིག་

Vol. 133 · folio 120a

པ་ལ་སོགས་པའི་ས་བོན་གྱིས་འཕངས་པའི་ཡང་སྲིད་པ་དང་ལྡན་པས་མ་འོངས་པའི་སྐྱེ་བས་བསྡུས་པའི་རྒ་ཤིའི་འཕེན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་རྣམས་ནི་ཇི་ལྟར་རིགས་པར་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །ཡང་ས་བོན་ནི་དེ་མ་ཐག་ཏུ་འབྲས་བུ་མངོན་པར་

འགྲུབ་པར་བྱེད་པས་མངོན་པར་འགྲུབ་པའི་རྒྱུ་ཞེས་བྱའོ། །མ་རིག་པ་ལ་སོགས་པ་དེ་དག་ཉིད་ཕྱི་མ་ཕྱི་མའི་ཕན་ཚུན་གྱི་ཡན་ལག་དང་ལྡན་པ་ནི་མ་འོངས་པའི་སྐྱེ་བ་དང་རྒ་ཤི་རྣམས་འདྲེན་པར་བྱེད་པས་འདྲེན་པའི་རྒྱུ་ཞེས་བྱའོ། །མ་རིག་པ་ལ་སོགས་པ་འགྲོ་བ་ལྔའི་རྒྱུར་སོ་སོར་ངེས་པ་ནི་སོ་སོར་ངེས་པའི་རྒྱུ་ཞེས་

བྱའོ། །དེ་དག་ཀུན་ཚོགས་པའི་བྱ་བ་བྱེད་པས་ལྷན་ཅིག་བྱེད་པའི་རྒྱུ་ཞེས་བྱའོ། །ཐར་པའི་རྒྱུ་གང་ཡིན་པ་དེ་ཉིད་ཀུན་ནས་ཉོན་མོངས་པའི་མི་མཐུན་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རིགས་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཐར་པའི་རྒྱུ་དང་བྲལ་བ་ནི་ཀུན་ནས་ཉོན་

མོངས་པ་དང་མི་མཐུན་པ་མེད་པའི་རྒྱུའོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཇི་སྐད་བསྟན་པའི་ཆོས་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་བྱང་བའི་ཡང་རྒྱུ་བཅུ་པོ་ཉིད་ཇི་ལྟར་རིགས་པར་རྣམ་པར་གཞག་པའི་རྒྱུ་དང་། སྐྱེ་བའི་རྒྱུ་དང་། འཐོབ་པའི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ།

དེ་ལ་རྣམ་པར་བྱང་བའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་བྱང་བ་ཡང་གཉིས་ཏེ་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར། ལམ་ཡང་རྣམ་པར་བྱང་བ་ཞེས་བྱ་སྟེ། གང་ཡང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་རྣམ་པར་བྱང་བར་བྱེད་པས་ན་རྣམ་པར་བྱང་བ་ཞེས་བྱ་སྟེ། གང་གི་ཕྱིར་སྨྲས་པ།

རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་བྱང་བའི་འབྲས་བུ་ཡང་རྣམ་པར་བྱང་བ་ཞེས་བྱ་སྟེ། འདིར་རྣམ་པར་བྱང་བར་འགྱུར་བས་ན་ཞེས་བྱས་ནས་སོ། །གང་གི་ཕྱིར་སྨྲས་པ། འགོག་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་

བུ་ནི་རེ་ཞིག་རྣམ་པར་གཞག་པའི་རྒྱུ་ཡིན་ནོ། །རྒྱུ་འདི་དག་གིས་རྣམ་པར་བྱང་བ་རྣམ་པར་འཇོག་པར་བྱེད། རབ་ཏུ་འདོགས་པར་བྱེད། ངེས་པར་སྤྱོད་པར་བྱེད་པས་སོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་

Vol. 133 · folio 120b

གསུམ་ལོག་པར་གྱུར་པའི་མཚན་ཉིད་ནི་ཐ་སྙད་དུ་རྣམ་པར་བྱང་བ་ཞེས་བྱ་བའི་དབང་དུ་བྱས་ནས་སྨྲས་པ། མ་རིག་པ་འགགས་པས་ཞེས་བྱ་བ་ལ་སོགས་པའོ། །འདུ་བྱེད་ཀྱི་ཉེས་དམིགས་ལ་ལྟོས་ནས་ཞེས་བྱ་བ་ནི་འདུ་བྱེད་ནི་ཁམས་གསུམ་དུ་ཇི་ལྟར་འོས་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་

དང་བཞིར་རིག་པར་བྱའོ། །དེའི་ཉེས་དམིགས་ཀྱི་རྣམ་པར་ཡང་དག་པར་མཐོང་བས་སྐྱོན་དེ་ལ་ལྟོས་ནས་སྐྱོ་བ་དང་བཅས་པའི་ཡིད་ཀྱིས་འཁོར་བ་ལ་ཡིད་བྱུང་ཞིང་། སེམས་མྱ་ངན་ལས་འདས་པ་འདོད་པས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ནས་བརྩམས་ནས། ཡོངས་སུ་སྨིན་

པར་འགྱུར་གྱི་བར་དུ་ནི། རྣམ་པར་བྱང་བ་ཚོལ་བ་ཞེས་བྱའོ། །ཡོངས་སུ་སྨིན་པའི་ཁྱད་པར་ཐོབ་པར་གྱུར་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་ལྟར་ལམ་བསྒོམ་པ་དང་ལྡན་པ་དེས་འབྲས་བུ་བཞི་ཡོངས་སུ་

རྫོགས་པར་འགྱུར་བ་ནི་རྣམ་པར་བྱང་བ་ཡོངས་སུ་འགྲུབ་པ་ཞེས་བྱའོ། །རྣམ་པར་བྱང་བ་རྣམ་པ་གསུམ་པོ་འདི་དག་ལ་འཇུག་པ་ཡང་སྔར་བསྟན་པའི་ཉེས་དམིགས་མཐོང་བས་ལྟོས་པ་མེད་པར་གྱུར་པ་ནའོ། །རིགས་དང་ལྡན་པ་ཉན་ཐོས་ལ་སོགས་པའི་རིས་སུ་ལྷུང་བ་དུས་གཞན་དུ་གྱུར་པ་

ན་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་དང་ལྡན་པས་མྱ་ངན་ལས་འདས་པར་འགྲོ་བའི་སྔོན་དུ་འགྲོ་བའི་ཕྱིར་འཕེན་པའི་རྒྱུ་ཡིན་ནོ། །སྲིད་པ་ཐ་མ་པ་སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པས་སྔོན་གྱི་སྐྱེ་བར་དབང་པོ་ཡོངས་སུ་སྨིན་པ་ནི་ཡོངས་སུ་སྨིན་པའི་རྒྱུ་ཞེས་བྱ་སྟེ། རྣམ་པར་བྱང་བ་འདོད་པ་

རྣམས་ཀྱིས་བླང་བར་བྱ་བ་ཡིན་པའི་ཕྱིར་དང་། དེ་དག་གིས་རྣམ་པར་བྱང་བ་བླངས་པའི་ཕྱིར་རོ། །རྒྱས་པ་ལས་བྱུང་བའི་རིགས་ཀྱི་གནས་སྐབས་ལ་གནས་པ་ལ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཡོངས་སུ་རྒྱས་པའི་གནས་སྐབས་ན་རྒྱུན་མི་འཆད་པར་ལམ་

བསྐྱེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཞེས་བྱ་སྟེ། དེ་མ་ཐག་ཏུ་ལམ་བསྐྱེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་རིམ་གྱིས་བསྒོམ་པ་ལས་མྱ་ངན་ལས་འདས་པ་ཐོབ་པར་ནུས་པར་གྱུར་པ་ནི་འདྲེན་པར་བྱེད་པའི་རྒྱུ་ཞེས་བྱའོ། །རིགས་གསུམ་དང་སོ་སོར་འབྲེལ་པའི་རིམ་པ་ཇི་

Vol. 133 · folio 121a

ལྟ་བ་བཞིན་དུ་བྱང་ཆུབ་གསུམ་གྱི་རིགས་ཀྱང་རྣམ་པ་གསུམ་གང་ཡིན་པ་དེ་ནི་སོ་སོར་ངེས་པའི་རྒྱུ་ཡིན་ཏེ། རྒྱུ་དང་འབྲས་བུ་ངེས་པ་དང་ལྡན་པའི་ཕྱིར་རོ། །ལྟོས་པ་ལ་སོགས་པ་རྣམས་ནི་སྔར་བསྟན་པའི་རྣམ་པར་བྱང་བ་ལ་འདུས་ནས་བྱེད་པའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་

ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དང་རྗེས་སུ་མཐུན་པའི་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་མི་མཐུན་པའི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རིགས་དང་མི་ལྡན་པ་དང་ཞེས་བྱ་བ་ལ་སོགས་པའོ། །འཇུག་པ་དང་ལྡོག་པ་ནི་གཅིག་ལ་རྗེས་སུ་མཐུན་པ་དང་། ཅིག་

ཤོས་གཉིས་ནི་འགལ་བ་ཡིན་ཏེ། མི་མཐུན་པ་ཡིན་པའི་ཕྱིར་ཞེས་བྱས་ནས་སོ། །རིགས་དང་ལྡན་དུ་ཟིན་ཀྱང་སངས་རྒྱས་མི་འབྱུང་བ་དང་། དེ་དང་ཕྲད་ན་ཡང་མི་ཁོམ་པར་སྐྱེས་པ་དང་། དེར་མ་སྐྱེས་ན་ཡང་སྐྱེས་བུ་དམ་པ་མ་ཡིན་པ་བསྟེན་པ་ལ་སོགས་པར་རིག་པར་བྱའོ། །དེ་དག་དང་བྲལ་

བ་ནི་དེ་ལས་བཟློག་པའི་རིགས་དང་ལྡན་པ་ལ་སོགས་པར་རིག་པར་བྱའོ། །རྒྱུ་འདི་དག་གིས་ནི་ཁྱབ་པ་ཉིད་དང་། གཅིག་ཏུ་ངེས་པ་དང་། ཕྱིན་ཅི་མ་ལོག་པ་རྣམ་པར་གཞག་པའི་ཕྱིར་སྨྲས་པ། འདས་པའི་དུས་ན་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རེ་ཞིག་རྒྱུ་ཕྱིན་ཅི་མ་ལོག་པ་

རྣམ་པར་གཞག་པར་བྱས་ནས་ཕྱིན་ཅི་མ་ལོག་པའི་འབྲས་བུ་རྣམ་པར་གཞག་པའི་ཕྱིར་སྨྲས་པ། དེ་ལ་འབྲས་བུ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་ཕྱིན་ཅི་མ་ལོག་པར་གཞག་པ་ནི་རྣམ་པ་གཉིས་ཏེ། ཇི་སྙེད་ཡོད་པ་ཉེ་བར་བཟུང་ནས་གང་སྨྲས་པ་ནི། འབྲས་བུ་ནི་ལྔ་སྟེ་ཞེས་བྱ་

བའོ། །ཇི་ལྟར་ཡོད་པའི་ཉེ་བར་བཟུང་ནས་ཀྱང་སྨྲས་པ། མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་བསྡུས་པའི་ལས་ཀྱིས་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་

བ་ནི་འདི་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་བསྡུས་པའི་དགེ་བའི་ལས་རྣམས་ཀྱིས་ནི་ཇི་ལྟར་འོས་པར་གླིང་བཞི་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་རྣམས་དང་། སྲིད་པའི་རྩེ་མོའི་

Vol. 133 · folio 121b

བར་དུ་སྐྱེ་བར་འགྱུར་བ་འདི་ནི་དགེ་བའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ཏེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་ཞེས་བྱ་ལུང་བསྟན་བྱུང་། །ཞེས་བྱ་བས་སོ། །རྒྱུ་མཐུན་པར་གྱུར་པའི་འབྲས་བུ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་བསྟན་པས་སོ། །

སྔོན་གྱི་སྐྱེ་བར་མི་དགེ་བ་ལ་གོམས་པར་བྱས་པས་འདི་ལ་ཡང་དེ་མི་དགེ་བ་ལ་དགའ་བར་འགྱུར་ཞིང་སེམས་མི་དགེ་བ་ལ་གནས་པར་འགྱུར་ཏེ། དེས་ན་མི་དགེ་བ་ལ་མང་བར་གནས་པ་ཉིད་ནི་ལུས་ལ་སོགས་པ་ཡང་དེ་བཞིན་དུ་འཇུག་པར་འགྱུར་བ་ཞེས་བྱ་བ་སྟེ། མི་དགེ་བ་ལ་མང་དུ་གནས་པ་ཉིད་དོ། །

དགེ་བ་ཡང་དེ་བཞིན་ནོ། །དེ་ལྟར་རེ་ཞིག་རྒྱུ་མཐུན་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །སྔོན་གྱི་ལས་དང་མཐུན་པར་ཞེས་བྱ་བ་ལ། འགྲོ་བ་གཞན་དུ་འབྲས་བུ་མྱོང་བ་དང་འདྲ་བར་དེ་ལས་གཞན་པའི་འགྲོ་བར་ཡང་འབྲས་བུ་རྗེས་སུ་འཇུག་པར་འགྱུར་བ་ནི་འབྲས་བུ་དང་འདྲ་བའོ། །དེ་ཡང་རྒྱུ་མཐུན་

པའི་འབྲས་བུ་ཡིན་ཏེ། སྲོག་གཅོད་པའི་ལས་མང་དུ་བྱས་ཤིང་གོམས་ལ་མང་དུ་བསྟེན་པས་གལ་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་ཚེ་ཐུང་བར་འགྱུར་རོ་ཞེས་བྱ་བའོ། །གང་ཡང་འབྲས་བུ་རྣམ་པ་བདུན་བསྟན་པ་དེར་ནི་རྒྱུ་མཐུན་པའི་འབྲས་བུ་གང་ཡིན་པ་དེ་ནི་བདག་པོའི་

འབྲས་བུ་ཉིད་དེ། བྱ་བ་དེ་དང་རྗེས་སུ་མཐུན་པ་ཉེ་བར་བཟུང་ནས་བཅོམ་ལྡན་འདས་ཀྱིས་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་གསུངས་སོ། །ཟད་པའི་ཤེས་པས་བྲལ་བར་འདོད། །ཅེས་བྱ་བས་ལམ་ནི་ཤེས་རབ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་དེས་བྱས་པའི་ཉོན་མོངས་པ་དང་བྲལ་བ་ནི་བྲལ་བའི་

འབྲས་བུ་ཞེས་བྱ་སྟེ། ཟག་པ་དང་བཅས་པའི་ཆོས་དང་བྲལ་བས་ན་བྲལ་བ་ཞེས་བྱས་ནས་སོ། །སྡེ་པ་གཞན་དག་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་པའི་འགོག་པ་བྲལ་བའི་འབྲས་བུར་འདོད་པ་དེ་མ་ཡིན་པར་བསྟན་པའི་ཕྱིར་སྨྲས་པ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཞེས་བྱ་བ་ལ་

སོགས་པ་ལ། བྲལ་བའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་དང་། ཉམས་པར་འགྱུར་བ་དང་། ཡང་འཇུག་པར་འགྱུར་བའི་ཕྱིར་དང་། ཕྱིར་ཞིང་སྦྱོར་བར་འགྱུར་བས་སོ། །སྐྱེས་བུའི་བྱེད་པ་ནི་སྐྱེས་བུའི་བྱ་བ་སྟེ། བཟོ་ལ་སོགས་པའི་ལས་ཀྱི་གནས་རྣམས་ཉམས་སུ་ལེན་པས་སྔོན་གྱི་ལས་

Vol. 133 · folio 122a

ལ་ལྟོས་པ་མེད་པར་གཞན་ནོར་ལ་སོགས་པ་འཐོབ་པ་ཉིད་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། །དེ་དག་གིས་ནི་སྡེ་པ་གཞན་དག་གི་ཆོས་རྣམས་ཀྱི་བྱེད་པ་ལྷག་པར་འཇུག་པའི་འབྲས་བུར་འདོད་པ་བཀག་པ་ཡིན་ཏེ། དེ་དག་ནི་ཆོས་རྣམས་ཀྱི་བྱེད་པ་གང་

ཡིན་པ་ཡང་སྐྱེས་བུའི་བྱེད་པར་འདོད་པར་བྱེད་དེ། སྐྱེས་བུའི་བྱེད་པ་དང་འདྲ་བས་སྐྱེས་བུའི་བྱེད་པ་ཞེས་བྱས་ནས་སོ། །དེ་ནི་བདག་པོའི་འབྲས་བུའི་ཁོངས་སུ་གཏོགས་པའོ་ཞེས་བྱ་བ་ཡིན་ནོ། །ནང་གི་བདག་ཉིད་ཅན་གྱི་སྐྱེ་མཆེད་དྲུག་གི་ཚོགས་དབང་པོ་དྲུག་གིས་བསྡུས་པ་རྣམས་ཀྱི་ནི་

གོ་རིམས་བཞིན་རྣམ་པར་ཤེས་པའི་ཚོགས་དྲུག་གིའོ། །དེ་འགྱུར་བས་ན་དེ་འགྱུར་ཕྱིར། །མིག་སོགས་དེ་ཡི་རྟེན་དུ་འདོད། །ཅེས་བྱ་བའི་མཚན་ཉིད་ཀྱིས་དབང་པོ་དང་རྗེས་སུ་མཐུན་པར་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །སྲོག་གི་དབང་པོའི་བདག་པོའི་

འབྲས་བུའི་དབང་དུ་བྱས་ནས་སྨྲས་པ། སྲོག་དང་མ་བྲལ་བ་ནི་སྲོག་གི་དབང་པོའི་ཡིན་ནོ་ཞེས་བྱ་བ་ལ། མ་བྲལ་བ་ནི་སྲོག་དང་བཅས་པ་སྟེ། རིས་མཐུན་པ་དང་སྐལ་བ་མཉམ་པར་གནས་པ་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པར་གྱུར་པ་ཚེ་ཇི་སྲིད་བར་དེའི་དབང་གིས་འཇུག་པར་

འགྱུར་བའོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་དབང་པོ་ལྷག་མ་རྣམས་ཀྱི་ཡང་སྟེ། གཞི་བསྡུ་བ་ལས་བསྟན་པའོ། །ཚོར་བ་ལྔའི་དབང་པོ་རྣམས་ཀྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཡོངས་སུ་རྒྱས་པར་བྱེད་པ་ནི་བདག་པོའི་འབྲས་བུ་ཞེས་བྱ་བ་སྟེ། བདེ་བའི་ཚོར་བ་ལ་

བརྟེན་ནས་འདོད་ཆགས་འཕེལ་བར་འགྱུར་རོ་ཞེས་བསྟན་པའི་མདོའི་རྗེས་སུ་འབྲངས་ནས་སོ། །དད་པ་ལ་སོགས་པ་ལྔ་ནི་རྣམ་པར་བྱང་བའི་ཚོགས་ཀྱི་བདག་པོ་ཡིན་པས་རྣམ་པར་བྱང་བའི་ཚོགས་ནི་བདག་པོའི་འབྲས་བུ་ཡིན་ཏེ། དེ་ཡང་དེ་དག་གིས་ཉོན་མོངས་པ་རྣམ་པར་སེལ་ཞིང་ལམ་

རྫོགས་པར་བྱེད་པའི་ཕྱིར་རོ། །མི་ཤེས་པ་ཀུན་ཤེས་པའི་དབང་པོ་ལ་སོགས་པ་གསུམ་ནི་ཕྱི་མ་ཕྱི་མ་ཐོབ་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་བདག་པོའི་འབྲས་བུ་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྤངས་པ་དང་། རྣམ་པར་གྲོལ་བའི་བདེ་བ་རབ་ཏུ་

Vol. 133 · folio 122b

མྱོང་བ་དང་གོ་རིམས་བཞིན་ནོ། །དེ་ལྟར་རེ་ཞིག་རྒྱུ་རྣམ་པ་བཅུ་པོ་རྣམས་ཇི་ལྟར་རིགས་པར་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུར་བསྟན་པར་འགྱུར་ཏེ། ཇི་ལྟར་རིགས་པར་དེ་རྣམ་པར་གཞག་པ་དང་། སྐྱེ་བ་དང་འཐོབ་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱུ་དང་འབྲས་བུ་

ཕྱིན་ཅི་མ་ལོག་པ་ཡང་དག་པར་སྟོན་པའི་དབང་དུ་བྱས་ནས་འཇུག་པས་སངས་རྒྱས་ཀྱི་གསུང་རབ་ལ་གོམས་པར་བྱས་པས་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་བར་བསྟན་པའི་ཕྱིར་སྨྲས་པ། མོས་པས་སྤྱོད་པའི་ས་དེ་བསྟེན་པ་ལས་བྱུང་བའི་ས་དང་པོ་ཐོབ་པ་ན་རིགས་

རྣམ་པར་དག་པར་བྱེད་ཅིང་ཞེས་བྱ་བ་ཡོངས་སུ་དག་པར་བྱེད་པ་ཞེས་བྱ་བའི་དོན་ཏེ། ས་དང་པོ་ལ་ཕྲ་མོ་ཐོབ་ནས་ཞེས་བྱ་བས་སོ། །ས་ཕྱི་མ་རྣམས་སུ་འཕེལ་བར་འགྱུར་བས་ས་དང་པོ་ལ་སྟོབས་ཀྱི་ཁྱད་པར་འཕེལ་བ་དང་ལྡན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩོམས་པའི་སྒྲུབ་པ་གསལ་བར་བསྟན་པའི་ཕྱིར་སངས་རྒྱས་ཀྱི་གསུང་རབ་རྣམ་པ་གཉིས་པ་བསྟན་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པས་ཚོགས་ཀྱི་ལམ་མ་སྦྱངས་པར་དེ་ལྟར་གཞན་གྱིས་བྱས་པས་དེ་ཐོབ་པར་མི་བྱེད་དོ། །

དེའི་ཕྱིར་བདག་ཉིད་ཀྱིས་མྱུར་བ་མྱུར་བར་བསྒྲུབ་པོ་ཞེས་བསྟན་པའི་ཕྱིར། མ་བྱས་པ་དང་ཕྲད་པར་མི་འགྱུར་རོ། །བྱང་ཆུབ་འཐོབ་པ་དང་མཐུན་པ་མ་ཡིན་པའི་འགྲོ་བར་སྐྱེས་པ་དང་། མཐུན་པ་མ་ཡིན་པའི་གྲོགས་དང་བསྟེན་པས་ད་ལྟར་གནས་པ་ན་སྔོན་སྐྱེད་པའི་དགེ་བའི་རྩ་བ་རྣམས་

ཡོངས་སུ་ཟད་པར་འགྱུར་བའམ། ཆུད་ཟ་བར་འགྱུར་རམ་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། བྱས་པ་དང་བདག་གིས་བྱས་པའི་ལས་རྣམས་ནི་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་དག་པར་བརྟེན་ནས་ཐེག་པ་གསུམ་གྱི་དབང་དུ་བྱས་ནས་བྱ་བ་བྱས་པ་ནི་བྱ་བ་

བྱས་པ་ཉིད་དེ། དེ་ལས་ཉམས་པར་འགྱུར་བ་མེད་པས་ཡང་དང་ཡང་དུ་བྱེད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ནང་གི་རིག་པ་ཐེག་པ་གསུམ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་འཆད་པར་འགྱུར་བའི་དགོས་པ་སྒྲུབ་པར་རིག་

Vol. 133 · folio 123a

པར་བྱའོ། །མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་ཐོས་པ་ཚོལ་ཏེ། གུས་པ་ཆེན་པོ་ཉེ་བར་གཞག་པ་ཉིད་དང་། ཉེ་བར་འགྲོ་བ་ཕུན་སུམ་ཚོགས་པ་ཉིད་དང་། ཉན་པ་ཕུན་སུམ་ཚོགས་པ་ཉིད་དང་། དེ་ལ་རྣམ་པ་དང་པོའི་དབང་དུ་བྱས་ནས་སྨྲས་པ།

གུས་པ་ཆེན་པོའི་ཉེ་བར་གཞག་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆེན་པོ་ནི་དྲག་པོའོ། །གུས་པ་ནི་ཡོན་ཏན་ཐོབ་པར་བྱེད་པ་སྟེ། ཆོས་ཀྱི་དོན་ཆེན་པོ་དང་། ཕན་ཡོན་དང་། ཡོན་ཏན་མངོན་སུམ་དུ་མཐོང་བས་སོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གི་གཉེན་པོའི་ཕྱོགས་དང་རྗེས་

སུ་མཐུན་པར་གྱུར་པའི་ཕྱིར་ལེགས་པར་གསུངས་པ་ཞེས་བྱའོ། །ལེགས་པར་བསྙད་པ་ཡང་དེ་ཉིད་དེ་རྣམ་གྲངས་སོ། །ཡང་ན་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་སུ་གྱུར་པས་ན་ལེགས་པར་གསུངས་པས་སོ། །རྣམ་པར་བྱང་བ་ལ་ཕན་འདོགས་པ་ཡིན་པའི་ཕྱིར་ལེགས་པར་བསྙད་

པའོ། །འདི་ལྟ་བུའི་ཚུལ་གྱིས་ཀྱང་ཞེས་བྱ་བ་ནི་མདོའི་རྗེས་སུ་འབྲངས་ནས་རིག་པར་བྱ་སྟེ། དེ་དེ་ལྟར་ཤིན་ཏུ་བརྟགས་པའི་ཤེས་པ་དང་ལྡན་པས་དེ་བས་ཤས་ཆེར་དམ་པའི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པར་གནས་ཏེ། ཉིན་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་བ་ཡིན། སངས་རྒྱས་

ཀྱི་ཆོས་བཙལ་བའི་དོན་དུ་ཆོས་ལ་མོས་ཤིང་ངོམས་མི་ཤེས་ལ་རྒྱུན་མི་འཆད་པ་ཡིན། ཆོས་ལ་དགའ་ཞིང་སྤྲོ་བ་མང་བ་དང་། ཆོས་ལ་རབ་ཏུ་འཇུག་པ་ཡིན། ཆོས་ལ་གཞོལ་ཞིང་ཆོས་ལ་འབབ་པ་དང་། ཆོས་ལ་འབབ་པ་ཡིན། ཆོས་ལ་རྟེན་ཅིང་ཆོས་ལ་སྐྱབས་ཚོལ་བ་དང་། ཆོས་

ལ་མཐུ་ཚོལ་བ་ཡིན། ཆོས་དོན་དུ་གཉེར་ཞིང་ཆོས་ལ་མངོན་པར་བརྩོན་པ་ཡིན་ཏེ། དེ་དེ་ལྟར་ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་རིན་པོ་ཆེའི་རྣམ་པའམ། དབྱིག་གི་རྣམ་པའམ། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡང་རུང་སྟེ་ཡོངས་སུ་མི་གཏོང་བ་དེ་ལྟ་བུ་གང་ཡང་མེད་

དོ། །ཆོས་སྨྲ་བའི་གང་ཟག་དེ་འབའ་ཞིག་ལ་རྙེད་དཀའ་བའི་འདུ་ཤེས་སུ་གྱུར་པས་གནས་ཀྱི། གཞན་དག་ལ་ཅུང་ཟད་ཀྱང་དཀའ་བའི་འདུ་ཤེས་མི་བསྐྱེད་དོ། །དེ་ཆོས་ཀྱི་དོན་དུ་ཕྱི་རོལ་གྱི་དངོས་པོ་ཉེ་བར་གཟུང་བ་མི་གཏོང་བ་དེ་ལྟ་བུ་གང་ཡང་མེད་དོ། །ནང་གི་དངོས་པོ་ཡོངས་སུ་

Vol. 133 · folio 123b

གཏང་བར་མི་བྱ་བ་དེ་ལྟ་བུ་གང་ཅུང་ཟད་ཀྱང་མེད་དེ། གང་འདི་དག་འདི་ལྟ་སྟེ། གཡོག་འཁོར་ཡོངས་སུ་གཏང་བའམ། རྒྱལ་སྲིད་ཡོངས་སུ་གཏང་བའམ། ལོངས་སྤྱོད་ཡོངས་སུ་གཏང་བ་འམ། ནོར་དང་། འབྲུ་དང་། ནོར་བུ་དང་། གསེར་དང་། མཛོད་དང་། བང་བ་ཡོངས་སུ་

གཏང་བ་དང་། རྟ་དང་། གླང་པོ་དང་། ཤིང་རྟ་ཡོངས་སུ་གཏང་བའམ། རིན་པོ་ཆེའི་རྒྱན་དང་། ལྷབ་ལྷུབ་ཡོངས་སུ་གཏང་བ་དང་། ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་གཏང་བའམ། མགོ་དང་། རྐང་ལག་དང་། ཡན་ལག་གི་དམ་པ་ཡོངས་སུ་གཏང་བའམ། ལུས་ཐམས་ཅད་ཡོངས་

སུ་གཏང་བར་བྱ་བ་ཡང་རུང་སྟེ་དེ་དག་ཐམས་ཅད་ཆོས་ཀྱི་དོན་དུ་མི་གཏོང་བ་གང་ཡང་མེད་དོ། །བླ་མ་ལ་བསྙེན་བཀུར་དང་རིམ་གྲོར་བྱ་བ་གང་ཡང་རུང་སྟེ་ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །ང་རྒྱལ་དང་། ལྷག་པའི་ང་རྒྱལ་ཡོངས་སུ་བཏང་བས་ང་རྒྱལ་མེད་པ་ལ་སྤྱད་པ་གང་ཡང་རུང་སྟེ་

ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །ལུས་ཀྱི་གནོད་པ་གང་ཡང་རུང་སྟེ་ཉམས་སུ་མི་ལེན་པ་གང་ཡང་མེད་དོ། །དེ་མ་ཐོས་པའི་ཆོས་ཀྱི་ཚིག་གཅིག་ཐོས་པ་ཡང་དོན་ཆེ་བར་ཡང་འཛིན་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་རིན་པོ་ཆེའི་ཕུང་པོ་ཐོབ་པ་ནི་དེ་

ལྟ་མ་ཡིན་ནོ། །ལེགས་པར་བཤད་པའི་ཚིགས་སུ་བཅད་པ་གཅིག་ཐོས་པས་སེམས་དགའ་བར་འགྱུར་གྱི། བརྒྱ་བྱིན་དང་། ཚངས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་བསྐལ་པ་བརྒྱ་སྟོང་མང་པོའི་མཐར་ཐུག་པར་གནས་པས་ནི་མ་ཡིན་ནོ། །དེ་ལ་ལ་ལ་ཞིག་གལ་ཏེ་འདི་སྐད་

ཟེར་ཏེ། ཁྱོད་ཀྱིས་མེའི་དོང་ཆེན་པོར་ལུས་བོར་ཏེ་སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཆེན་པོ་རང་གི་ལུས་ཀྱིས་ཉམས་སུ་བླང་བར་ནུས་ན་ངས་ཁྱོད་ལ་ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བར་བྱེད་པ་འདི་བཤད་པར་བྱའོ་ཞེས་ཟེར་ན་ཡང་།

དེ་འདི་སྙམ་དུ་སེམས་ཏེ། ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་དོན་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་ཡང་ཚངས་པའི་འཇིག་རྟེན་ནས་བདག་གིས་བདག་འདོར་བར་མོས་ན་

Vol. 133 · folio 124a

ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་དག་ཐམས་ཅད་བསྡུས་ནས་ཕྱི་ནས་གུས་པར་ནན་ཏན་བྱ་བའི་ཕྱིར་སྨྲས་པ། ཚ་ཞིང་འབར་བ་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཆོས་དོན་དུ་བྱེད་པ་དེ་ལྟར་བདག་གི་ལུས་ཀྱི་དངོས་པོ་གང་གིས་སངས་རྒྱས་ཀྱི་ཆོས་དང་།

སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མང་དུ་འགྲུབ་པའི་ལུས་ཀྱི་དངོས་པོ་དེ་ལྟ་བུ་ལ་ཡང་སྲེད་ཅིང་དང་དུ་ལེན་པར་མི་བྱེད་དོ། །བདག་ལ་སྲེད་པའི་སྒོ་ནས་མ་ཡིན་པར་བསྟན་པའི་ཕྱིར། བརྒྱའི་ཆར་ཡང་མི་ཕོད་དོ། །སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། རྒྱུར་ཡང་མི་ཕོད་དོ་

ཞེས་བྱ་བ་ལ་གྲངས་ཀྱི་གནས་བཅུ་བཅུ་ལྷག་པའི་རྣམ་གྲངས་སུ་རིག་པར་བྱའོ། །དེ་ལྟར་རེ་ཞིག་གུས་པར་རབ་ཏུ་ཉེ་བར་གཞག་པ་ཉིད་ཀྱིས་ཉེ་བར་འགྲོ་བ་ཕུན་སུམ་ཚོགས་པའི་བྱ་བ་བསྟན་པའི་ཕྱིར་སྨྲས་པ། སྐྱོ་བར་ཡང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཉན་པར་བྱེད་པ་ན་ལུས་

ལ་ཡང་གནོད་པ་མེད་ཅིང་། སེམས་ཉམས་པར་ཡང་མི་འགྱུར་ལ། དྲན་པ་བརྗེད་པར་ཡང་མི་འགྱུར་རོ། །ཆུ་བོ་རྣམས་ཀྱི་རྒྱ་མཚོ་བཞིན་དུ་ཐོས་པས་མི་ངོམས་ཤིང་ཆོག་པ་མེད་པར་འགྱུར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཐོས་པའི་རྒྱ་མཚོ་ཞེས་བརྗོད་པ་ཡིན་ཏེ། ཐོས་པས་གང་

བ་ཡང་མེད། མ་ཐོས་པས་བྲི་བ་ཡང་མེད་པའོ། །ལེགས་པར་གསུངས་ཤིང་ལེགས་པར་རྙེད་པ་དོན་ཆེན་པོ་དང་ལྡན་པར་ཡིད་ཆེས་པ་ནི་དད་པ་དང་ལྡན་པ་ཞེས་བྱའོ། །དེའི་སྒོ་ནས་དགའ་བ་དང་རབ་ཏུ་དགའ་བ་ཐོབ་པ་ནི་དང་བ་མང་བ་ཞེས་བྱའོ། །ལེགས་པར་གསུངས་པ་ལ་སྡང་བ་

མེད་པ་ནི་རྒྱུད་མཉེན་པ་ཞེས་བྱའོ། །ཆོས་དང་ཆོས་སྨྲ་བ་ལ་ལུས་ཀྱིས་གཞན་དུ་བྱེད་པ་མེད་པ་ནི་དྲང་བ་ཞེས་བྱའོ། །སེམས་ལ་གཡོ་མེད་པ་ནི་དྲང་པོར་ལྟ་བ་ཞེས་བྱའོ། །འདི་དག་ཐམས་ཅད་གུས་པ་རབ་ཏུ་ཉེ་བར་གཞག་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཉེ་བར་འགྲོ་བ་ཕུན་

སུམ་ཚོགས་པའི་རྒྱུ་ཡང་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་བྲལ་བའི་ཉེ་བར་འགྲོ་བ་ཕུན་སུམ་ཚོགས་པའི་རྣམ་པ་བཞི་བསྟན་པའི་ཕྱིར་ཐོས་པའི་ཤེས་པའི་ཡོན་ཏན་དོན་དུ་གཉེར་བ་ཉིད་གང་གི་ཕྱིར་སྨྲས་པ། དེ་ཡོན་ཏན་འདོད་པས་ཞེས་བྱ་བའོ། །དེའི་མི་མཐུན་པའི་ཕྱོགས་བསྟན་པའི་

Vol. 133 · folio 124b

ཕྱིར། ཀླན་ཀ་ཚོལ་བའི་སེམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། སྐྱོན་ཚོལ་བའི་སེམས་ཀྱིས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་ཀྱིས་འདུད་ཅིང་ཉེ་བར་འགྲོ་བ་ཡིན་པས་གང་གི་ཕྱིར་སྨྲས་པ། གུས་པ་དང་བཅས་པས་འགྲོའོ་ཞེས་བྱ་

བའོ། །མི་མཐུན་པའི་ཕྱོགས་མེད་པར་བསྟན་པའི་ཕྱིར་སྨྲས་པ། ང་རྒྱལ་གྱིས་ཁེངས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ང་རྒྱལ་གྱིས་ཁེངས་པའི་སེམས་མེད་པ་ཞེས་བྱ་བའི་དོན་ཏོ། །དགེ་བ་ལ་སོགས་པའི་ཆོས་རྣམས་ཡོངས་སུ་བཙལ་བའི་བསམ་པ་ནི་དེ་དགེ་བ་ལ་ཇི་ལྟ་བུ་ཞིག་བཙལ་

ཞེས་བྱ་བ་ལ་སོགས་པའོ། །དེའི་མི་མཐུན་པའི་ཕྱོགས་བསྟན་པ་ནི། བདག་ཉིད་བསྒྲགས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ང་ལྟ་བུའི་སྐྱེས་བུ་ག་ལ་ཡོད་ཅེས་མི་ཟེར་བ་ཞེས་བྱ་བའི་དོན་ཏོ། །ཐོས་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའི་ཕྱིར་གང་ཡང་སྨྲས་པ། བདག་

དང་གཞན་དག་ཅེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉན་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུ་དྲུག་དང་ལྡན་པ་ཡིན་ནོ། །རྣམ་པ་དེ་དག་གི་མདོར་བསྡུས་པ་བསྟན་པར་བྱའོ། །མདོར་ན་ཐོས་པའི་བར་དུ་གཅོད་པར་བྱེད་པའི་སྐྱོན་ནི་གཉིས་ཏེ། བསམ་པ་

མ་དག་པ་ཉིད་ཀྱིས་ཁྱི་ལྟར་ངན་ངོན་ཚོལ་ཞིང་ཞེན་པས་ཆོས་ཉན་པའི་དུས་སུ་རྣམ་པར་རྟོག་པ་ངན་པ་ལ་མངོན་དུ་ཕྱོགས་ནས་གནས་པའོ། །དེའི་གཉེན་པོའི་ཕྱོགས་བསྟན་པའི་ཕྱིར་སྨྲས་པ། ཀུན་ནས་ཉོན་མོངས་པ་མེད་པ་དང་ཞེས་བྱ་བའོ། །རྗེས་སུ་མི་འཛིན་པའི་སྐྱོན་ནི་དམིགས་པ་

གཞན་དག་ལ་རྣམ་པར་འཕྲོ་བ་སྟེ། དེའི་གཉེན་པོའི་ཕྱོགས་བསྟན་པའི་ཕྱིར་སྨྲས་པ། རྣམ་པར་གཡེང་བ་མེད་པར་ཆོས་ཉན་ཏོ་ཞེས་བྱ་བའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་རྣམ་པར་སྤངས་པ་ལས་ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པར་དབྱེ་བར་བྱའོ། །རྣམ་པ་དྲུག་གིས་

བདག་ཉིད་ཁེངས་པར་བྱེད་པ་ནི་ཁེངས་པའི་ཀུན་ནས་ཉོན་མོངས་པར་རིག་པར་བྱའོ། །རིགས་མཐོན་པོ་དང་ལྡན་པས་ཁེངས་པའི་ང་རྒྱལ་དང་། དེའི་གཉེན་པོའི་ཕྱོགས་སྨྲས་པ། དུས་སུ་ཉན་པ་དང་ཞེས་བྱ་བ་སྟེ། ཆོས་སྨྲ་བའི་རྗེས་སུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་དང་།

Vol. 133 · folio 125a

བདག་པོ་ལ་སོགས་པས་ཀྱང་སྟེ། དེའི་གཉེན་པོའི་ཕྱོགས་སྨྲས་པ། བཀུར་སྟི་བྱེད་པ་དང་ཞེས་བྱ་བའོ། །གཟུགས་ཀྱིས་ཁེངས་པ་དང་། དེའི་གཉེན་པོའི་ཕྱོགས་སྨྲས་པ། ལེགས་པར་ཉན་པར་འདོད་པ་དང་ཞེས་བྱ་བའོ། །གཞན་མང་དུ་ཐོས་པ་དང་ལྡན་པ་

མི་བཟོད་པས་བདག་ཉིད་མཐོ་བར་བྱ་བའི་ཕྱིར་འགའ་ཞིག་ཉན་པར་བྱེད་པ་སྲིད་པའི་ཕྱིར་དེའི་གཉེན་པོའི་ཕྱོགས་སྨྲས་པ། ཕྲག་དོག་མེད་པ་དང་ཞེས་བྱ་བའོ། །ཤེས་རབ་ཀྱི་ཆེ་བ་ནི་རྣམ་པ་གཉིས་ཏེ། དོན་སོ་སོར་རིག་པར་ནུས་པ་ཉིད་དང་། སྐྱོན་ཕྲ་མོ་མཐོང་བར་ནུས་པ་ཉིད་དོ། །ཤེས་རབ་

ཀྱི་ཡོན་ཏན་ཆེ་བ་དེ་དག་ལྡན་པས་ཁེངས་པ་དང་། དེའི་གཉེན་པོའི་ཕྱོགས་སྨྲས་པ། གོ་རིམས་བཞིན་དུ་རྗེས་སུ་སྒྲུབ་པ་དང་། ཀླན་ཀ་མི་ཚོལ་བ་དང་ཞེས་བྱ་བའོ། །རྗེས་སུ་སྒྲུབ་པ་ཡང་རྣམ་པ་གཞན་གྱི་དོན་གོ་བར་གསལ་བར་བསྟན་པར་བྱའོ། །ཆོས་དང་ཆོས་སྨྲ་བ་ལ་རྣམ་པ་བཞིས་ཁྱད་དུ་

གསོད་པར་འགྱུར་ཏེ། ཆོས་ལ་ལེགས་པར་གསུངས་པ་དང་། དོན་ཆེ་བར་ཡིད་ལ་མི་བྱེད་པ་ཉིད་དང་། ཆོས་སྨྲ་བ་ལ་དགེ་བའི་བཤེས་གཉེན་དུ་ཡིད་ལ་མི་བྱེད་པ་དང་། ཡང་ཆོས་ལ་ཚིག་དང་དོན་སྣ་ཚོགས་མེད་པར་ཡིད་ལ་བྱེད་པ་དང་། ཆོས་སྨྲ་བ་ལ་རིགས་དང་། ཚུལ་ཁྲིམས་དང་། གཟུགས་

དང་། ངག་ལ་སོགས་པ་དམན་པ་ཡིན་པར་ཡིད་ལ་བྱེད་པའོ། །དེ་དག་གི་གཉེན་པོའི་ཕྱོགས་རྣམ་པ་བཞི་དང་ལྡན་ན་ཁྱད་དུ་གསོད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །བདག་ཉིད་ལ་ནུས་པ་མེད་པར་སེམས་པ་ནི་ཞུམ་པའི་ཀུན་ནས་ཉོན་མོངས་པའོ། །དེའི་གཉེན་པོའི་ཕྱོགས་ཀྱི་

ཀུན་ནས་ཉོན་མོངས་པ་དེ་དང་བྲལ་བར་འགྱུར་རོ། །དེ་ལྟར་རྣམ་པ་བཅུ་གཅིག་པོ་དེ་དག་གིས་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་དང་བྲལ་བར་འགྱུར་རོ། །རྣམ་པ་བཅུ་གཅིག་གིས་བསྡུས་པའི་མདོའི་ཚིག་གི་དབང་དུ་བྱས་ནས་བསྟན་པར་བྱ་བའི་ཕྱིར། དུས་སུ་ཉན་པ་དང་ཞེས་བྱ་བ་ལ་སོགས་

པས་བསྟན་པ་ཡིན་ནོ། །རྣམ་པར་གཡེང་བ་ནི་རྣམ་པ་བཞི་སྟེ། དོན་ལ་རྣམ་པར་གཡེང་བ་དང་། ཡི་གེ་ལ་རྣམ་པར་གཡེང་བ་དང་། དྲན་པ་རྣམ་པར་གཡེང་བ་དང་། ཡིད་ལ་བྱེད་པའི་རྣམ་པར་གཡེང་བའོ། །དོན་ལ་རྣམ་པར་གཡེང་བ་ནི་ནང་དུ་བསྡུས་པར་གྱུར་པས་འབད་པ་མེད་པར་

Vol. 133 · folio 125b

འཇུག་པ་ཡང་ཡིན་ཏེ། དེའི་གཉེན་པོར་ཀུན་ཤེས་པར་བྱ་བའི་སེམས་དང་ལྡན་པ་ཞེས་བྱ་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་རང་གི་ཡུལ་ལས་འདས་པ་སྟེ། དེའི་གཉེན་པོའི་ཕྱོགས་སུ་གྱུར་པ་ནི་སེམས་རྩེ་གཅིག་པ་ཞེས་བྱའོ། །ཡི་གེ་ལ་རྣམ་པར་གཡེང་བ་ནི་ཕྱི་རོལ་གྱི་ཡུལ་གཞན་ལ་མིག་ལ་

སོགས་པའི་དབང་པོ་རྒྱུ་བའོ། །དེའི་གཉེན་པོའི་ཕྱོགས་སུ་གྱུར་པ་སྨྲས་པ་ནི། རྣ་བླགས་པ་དང་ཞེས་བྱ་བའོ། །གཉིས་པོ་དེ་དག་ནི་གཞན་ནས་ནང་གི་རྣམ་པར་གཡེང་བ་དང་། ཕྱིའི་རྣམ་པར་གཡེང་བ་ཞེས་བཤད་དོ། །དྲན་པ་རྣམ་པར་གཡེང་བ་ནི་གུས་པར་མ་བཟུང་བས་འཛིན་པར་མི་ནུས་

པ་སྟེ། དེའི་གཉེན་པོའི་ཕྱོགས་སྨྲས་པ། ཡང་དག་པར་སེམས་བཏུད་པ་དང་ཞེས་བྱ་བ་སྟེ། ལེགས་པར་ཡིད་ལ་བྱེད་པ་ནི་ཡང་དག་པར་སེམས་བཏུད་པ་ཞེས་བྱའོ། །ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི་དགོངས་པ་དང་། བསམ་པ་ཡིད་ལ་མི་བྱེད་པར་ཡི་གེ་དང་དོན་ཕྱིན་ཅི་ལོག་ཏུ་བཟུང་

བས་སོ། །དེའི་གཉེན་པོའི་ཕྱོགས་སྨྲས་པ། སེམས་ཀྱིས་བསམས་ནས་ཆོས་ཉན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་ཡིད་ལ་བྱེད་པ་ཞེས་བྱའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་སངས་རྒྱས་ཀྱི་ཆོས་ཚོལ་གྱི། ཚིག་འབའ་ཞིག་རྣམ་པར་དག་པས་ནི་མ་ཡིན་ནོ་ཞེས་བྱ་བས་བསྒྲུབ་

པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་ཏེ། དེ་ནི་སྒྲུབ་པ་གཙོར་བྱེད་པ་ཡིན་པའི་ཕྱིར་རོ། །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཡང་དག་པར་མཐོང་བར་བྱ་བ་ལ་བསྐུལ་བའི་ཕྱིར་རོ། །དེ་བཞིན་དུ་རང་གི་སངས་རྒྱས་ཀྱི་ཆོས་

ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། ཐེག་པ་གསུམ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །རྩོད་པའི་བསྟན་བཅོས་ནི་ཉེས་པ་མང་པོའི་སྐྱོན་ཆགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་འབྱུང་གནས་ཡིན་པའི་ཕྱིར་ཉེས་པར་བཤད་པ་ཉིད་དེ། དེ་ཡོངས་

སུ་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་ཏེ། ཆོས་རྣམས་ཐོས་ན་སྐྱོན་དང་ཡོན་ཏན་གྱི་སྣོད་དུ་གྱུར་པ་ཤེས་ཀྱི། མ་ཐོས་པར་ནི་མ་ཡིན་ནོ་ཞེས་བསྟན་པས་སོ། །རྩོད་པ་ལ་མཁས་པར་མ་བྱས་ན་རིགས་པར་སྨྲ་བ་ཡིན་ན་ཡང་ཕྱིན་ཅི་ལོག་གི་རྩོད་པ་ལ་དགའ་བ་རྣམས་ཀྱིས་ཆོས་འདྲི་བར་འགྱུར་བ་དང་།

Vol. 133 · folio 126a

ཕས་ཀྱི་རྒོལ་བ་རྣམས་ཚར་བཅད་པའི་ཕྱིར་རྩོད་པའི་སྦྱོར་བ་ལ་མཁས་པར་བྱའོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །དེ་དག་གིས་ནི་གཞན་གྱི་ཕྱོགས་སུན་དབྱུང་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །འདི་དག་གི་གཏན་ཚིགས་ཀྱི་སྦྱོར་བ་ལ་གཞན་དག་གཟུ་བོར་བཞག་ནས་དེ་ཁོ་ན་

ཉིད་ཀྱི་དོན་ཤེས་པར་བྱ་བའི་ཕྱིར་གང་སྨྲས་པ། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་ཞེས་བྱ་བའོ། །ཞུགས་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་སྨྲས་པ། དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་ཞེས་བྱའོ། །འདི་དག་གིས་ནི་རང་གི་ཕྱོགས་གནས་པར་

བྱ་བར་བསྟན་པར་འགྱུར་རོ། །སྦྱར་བའི་སྐད་ལ་མངོན་པར་དགའ་བ་རྣམས་བདག་གི་ཡོན་ཏན་ལ་ཡིད་ཆེས་པ་བསྐྱེད་པར་བྱ་བའི་ཕྱིར་ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ་སྤྱོད་པས་ལེགས་པར་སྦྱར་ཏེ་ཞེས་བྱ་བ་ནི་སྒྲ་ལེགས་པར་སྦྱར་བའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་སྦྱོར་བ་ལ་

མཁས་པར་བྱ་བའི་དོན་བསྟན་པར་འགྱུར་རོ། །ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་ཞེས་བྱ་བ་ནི་སྒྲ་སྣ་ཚོགས་ལ་དོན་དུ་མ་ཉིད་དུ་འགྱུར་བས་དེ་ལ་འཇུག་པའི་ཡི་གེ་ལ་མཁས་པར་འགྱུར་རོ། །འདི་དག་གིས་ནི་མཚན་ཉིད་ལ་མཁས་པ་བསྟན་པར་འགྱུར་རོ། །ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱ་

བའི་ཕྱིར་ཞེས་བྱ་བ་ནི་ནད་པ་རྣམས་ཀྱི་ནད་ཞི་བར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཕན་གདགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ནད་མེད་པར་བྱ་བའི་ཕྱིར་རོ། །གཞན་ཡང་བསྐྱེད་པའི་ནད་རྣམས་གསོ་བ་གང་ཡིན་པ་དེ་ནི་རྣམ་པར་ཞི་བར་བྱེད་པའོ། །མ་སྐྱེས་པ་རྣམས་གཏན་མི་སྐྱེ་བར་བྱེད་པ་ནི་ཕན་གདགས་པའི་

ཕྱིར་རོ་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་དབུལ་པོར་གྱུར་ན་ཡང་ཚེགས་ཆུང་ངུས་ལོངས་སྤྱོད་བསྒྲུབ་པའི་ཕྱིར་དང་། ལོངས་སྤྱོད་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་འདི་ལྟ་བུའི་བྱ་བས་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་དབང་དུ་བྱས་ནས་སྨྲས་པ། གཅེས་པར་བྱ་བ་བསྐྱེད་པའི་

ཕྱིར་དང་ཞེས་བྱ་བ་ལ། བཟོའི་ལས་ཀྱི་གནས་ཀྱི་སྒོ་ནས་གྲགས་པ་ཆེན་པོར་འགྱུར་རོ། །ཉེ་བར་མཁོ་བས་ཕོངས་པའི་སེམས་ཅན་རྣམས་ལ་ལོངས་སྤྱོད་སྒྲུབ་པའི་ཐབས་དང་མན་ངག་བསླབས་ཤིང་བསྟན་པས་ནི་ཕན་འདོགས་པར་འགྱུར་རོ། །རིག་པའི་གནས་ལྔ་པོ་འདི་དག་བསྡུས་པའི་འབྲས་བུ་

Vol. 133 · folio 126b

གཅིག་ཉིད་བསྟན་པའི་ཕྱིར་སྨྲས་པ། རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་ཚོལ་བ་ཡང་ཞེས་བྱ་བ་ལ་སོགས་པ་ལ། རིག་པའི་གནས་ལྔ་པོ་འདི་དག་ལ་སྦྱོར་བ་གོམས་པར་མ་བྱས་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་མི་འགྱུར་རོ་ཞེས་བྱས་ནས་རིག་པའི་

གནས་ལྔས་བསྡུས་པའི་ཆོས་ཚོལ་བར་བྱེད་ཅིང་། དེ་ནས་དེ་གཞན་དག་ལ་ཡང་སྟོན་པར་བྱེད་དོ། །དེ་ལྟར་ན་གང་བཙལ་བའི་སངས་རྒྱས་ཀྱི་གསུང་དེ་གཞན་དག་ཀྱང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་སྟོན་པར་བྱེད་ཅིང་གཞན་དག་ལ་ཡང་སྟོན་དུ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་

གཞན་དག་ལ་ཡང་རིག་པར་བྱའོ། །རྣམ་པ་ཉི་ཤུས་གཏམ་བརྗོད་པར་བྱའོ་ཞེས་མདོའི་རྗེས་སུ་འབྲངས་ནས་བསྟན་པ་དེ་དག་ཉིད་བསྟན་པར་འདོད་པས་དེ་དག་གི་བསྡུས་པའི་དོན་ངེས་པར་བསྟན་པ་ནི། རྣམ་པ་གཉིས་ཀྱིས་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱི་དོན་ཐམས་ཅད་ལ་རྗེས་སུ་མཐུན་

པས་ན་མཐུན་པའི་གཏམ་བརྗོད་པས་སོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ན་ཡོངས་སུ་དག་པས་སོ་ཞེས་བྱའོ། །དུས་སུ་དང་ཞེས་བྱ་བ་ལ་སོགས་པ་ལ། དོན་བསྟན་པའི་ཕྱིར་ཡང་དུས་གང་ཞེ་ན། སྤྱོད་ལམ་གྱི་ཚུལ་དང་མཐུན་པར་གནས་པ་ལ་ཞེས་བྱ་བ་ལ། ཚུལ་དང་མཐུན་པའི་སྤྱོད་ལམ་

ཡང་སོ་སོར་ཐར་པའི་མདོའི་རྗེས་སུ་འབྲངས་ནས་བསྟན་ཏེ། སྟན་ཆེས་མཐོན་པོ་ལ་འདུག་པ་ལ་མ་ཡིན། མགོ་གཡོགས་པ་ལ་མ་ཡིན། མདུན་དུ་འགྲོ་བ་ལ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །བདག་ཉིད་ལས་ཁྱད་པར་དུ་འཕགས་པར་གྱུར་པའི་གང་ཟག་གཞན་མེད་པས་སངས་རྒྱས་བཅོམ་ལྡན་

འདས་ཀྱི་ཆོས་ཉིད་ལ་བཀུར་སྟི་མཛད་དེ། ཆོས་ཉིད་ཀྱིས་གནས་ཁྱད་པར་ཅན་ཐོབ་པར་གྱུར་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་ལ་བླ་མར་བྱས་པས་ཁྱད་པར་དུ་འགྲོ་ཞིང་འགྲོ་བར་འགྱུར་རོ། །བདག་ཉིད་ཀྱིས་ཆོས་ལ་བཀུར་སྟི་བྱས་ནས་གཞན་དག་ཀྱང་ཆོས་ལ་ཤས་ཆེར་ཆོས་ལ་གུས་

པ་བསྐྱེད་པར་འགྱུར་རོ། །གུས་པས་བསྙེན་བཀུར་བྱེད་པས་ན་ཁྱད་དུ་གསོད་པར་མི་བྱེད་དོ་ཞེས་བྱའོ། །བཀུར་སྟི་དང་ཞེས་བྱ་བའི་དོན་ནི་ཐམས་ཅད་ལ་སྟོན་ཅིང་ཞེས་བྱ་བ་ལ། གུས་པས་ཡིན་གྱི་མ་གུས་པས་ནི་མ་ཡིན་པ་སྟེ། སེང་གེ་མཆོང་བ་བཞིན་ནོ། །ཐམས་ཅད་སྟོན་ཏོ་ཞེས་བྱ་བ་དང་། རྒྱུན་མི་

Vol. 133 · folio 127a

འཆད་པར་ཞེས་བྱ་བ་ནི་བར་དུ་བཅད་ཅིང་མི་སྟོན་པ་སྟེ། ཆོས་ལ་སེར་སྣ་མེད་པས་ཐམས་ཅད་ལ་སྟོན་ཅིང་། སློབ་དཔོན་གྱི་དཔེ་མཁྱུད་མེད་པས་ཐམས་ཅད་སྟོན་པའོ། །གོ་རིམས་དང་ཞེས་བྱ་བ་ནི་ཚིག་དང་ཡི་གེ་གོ་རིམས་བཞིན་དུ་སྟོན་པའོ། །གང་གི་ཕྱིར་མདོར་བསྟན་

པའི་ཚིག་བཀོད་པ་བཞིན་དུ་འཆད་པར་བྱེད་པ་ནི་གོ་རིམས་བཞིན་དུ་འཆད་པར་བྱེད་པའོ། །ཚིག་དེ་དག་བཤད་པའི་གོ་རིམས་ཀྱང་རྣམ་པ་བཞིར་རིག་པར་བྱའོ། །ཇི་ལྟར་སྐྱེ་བ་ཉིད་ནི་དཔེར་ན་བསམ་གཏན་དང་གཟུགས་མེད་པ་ལྟ་བུའོ། །ཇི་ལྟར་གཉེན་པོའི་ཕྱོགས་ཉིད་ཡིན་པ་ནི་དཔེར་ན་ཕྱིན་ཅི་

ལོག་རྣམས་ཀྱི་གཉེན་པོའི་ཕྱོགས་ཉིད་དྲན་པ་ཉེ་པར་གཞག་པ་རྣམས་ལྟ་བུའོ། །རགས་པའི་གོ་རིམས་ཉིད་ནི་བརྗོད་པ་ལ་སོགས་པ་བདེ་བས་ཇི་ལྟར་ཕུང་པོ་རྣམས་བཞིན་ནོ། །ཇི་ལྟར་སོ་སོར་རིག་པ་ནི་བདེན་པ་རྣམས་ཇི་ལྟ་བ་བཞིན་ནོ། །མཚམས་སྦྱོར་བ་དང་ཞེས་བྱ་བ་ནི་རིམ་གྱིས་བསྟན་པར་

བྱ་བའི་ཚིག་རྣམས་མདོར་བསྟན་པ་ཇི་ལྟ་བ་བཞིན་དུ་འཆད་པར་བྱེད་པ་སྟེ། རིམ་པ་བཞིན་དུ་དོན་རྣམ་པར་འབྱེད་པའོ། །ཆོས་ཀྱང་དོན་དང་ཉེ་བར་ལྡན་པ་ནི་རྗེས་སུ་མཐུན་པ་དང་ཞེས་བསྟན་པའི་ཕྱིར་རོ། །བརྗོད་པར་བྱ་བའི་དོན་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་དོན་དང་ལྡན་པའོ། །གང་གིས་

ལེགས་པར་བཤད་པ་ཞེས་བརྗོད་པར་བྱ་བའི་བརྗོད་བྱ་ཕུན་སུམ་ཚོགས་པ་གོ་བར་བྱེད་པ་ཉིད་ནི་ཆོས་དང་ལྡན་པ་སྟེ། གང་གིས་ཚིག་འབྲུ་བཟང་པོ་ཞེས་བརྗོད་པའོ། །ཡང་ཤེས་རབ་འཕེལ་བར་བྱེད་པས་ན་དོན་དང་ལྡན་པའོ། །བསོད་ནམས་འཕེལ་བར་བྱེད་པས་ན་ཆོས་དང་ལྡན་པའོ། །ཐར་པའི་

རྟེན་དུ་གྱུར་པའི་དཀོན་མཆོག་གསུམ་དང་། ཐར་པའི་དམིགས་པ་བདེན་པ་བཞི་ལ་མི་ཤེས་པ་དང་། ཐེ་ཚོམ་ཟ་བ་དང་། ཕྱིན་ཅི་ལོག་གི་ཤེས་པ་དང་ལྡན་པས་རྨོངས་པ་དེ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་པ་དང་། བདེན་པའི་རྣམ་པར་དབྱེ་བ་ཐོས་པས་རབ་ཏུ་དགའ་བ་བསྐྱེད་པར་

འགྱུར་རོ། །དེའི་ཕྱིར་སྨྲས་པ། དགའ་བར་བྱེད་པ་དང་ཞེས་བྱ་བའོ། །ལེ་ལོ་ཅན་དང་། འདུན་པ་མེད་པ་དང་། རྣམ་པར་གཡེང་བའི་ཉེས་པས་དགེ་བའི་ཆོས་ལ་བག་མེད་པར་གྱུར་པས་དགེ་བའི་ཆོས་ལ་ནན་ཏན་མི་བྱེད་པ་དེ་དག་དགེ་བའི་ཆོས་དེ་དག་ལ་ཡང་དག་པར་སྦྱོར་བ་དང་། རབ་ཏུ་དགོད་

Vol. 133 · folio 127b

པས་མངོན་པར་མོས་པ་སྐྱེད་པར་བྱེད་དོ། །དེའི་ཕྱིར་སྨྲས་པ། འདོད་པར་བྱེད་པ་དང་ཞེས་བྱ་བའོ། །སེམས་ཅན་ཞུམ་པ་དང་དམན་པ་བདག་ཉིད་ལ་ནུས་པ་མེད་པར་སེམས་པ་དང་། འགྱོད་པ་མང་བ་དང་། བྱ་བ་མང་བ་རྣམས་དང་། འཇིགས་པ་དང་ལྡན་པ་རྣམས་སེམས་ཅན་དེ་དག་

བརྩོན་འགྲུས་བརྩམས་པ་ལ་ཡང་དག་པར་སྦྱོར་བར་བྱེད། གཟེངས་སྟོད་པར་བྱེད་དོ། །དེས་དེ་དག་ཁྱད་པར་དུ་འགྲོ་བར་འགྱུར་བས་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །དེས་ན་སྨྲས་པ། མགུ་བར་བྱེད་པ་དང་ཞེས་བྱ་བའོ། །སྤྲོ་བར་བྱ་བར་འོས་པ་ནི་ཡང་དག་པར་ཞུགས་པའོ། །སྨ་དབབ་པར་

འོས་པ་ནི་ཕྱིན་ཅི་ལོག་ཏུ་ཞུགས་པ་རྣམས་སོ། །དེ་དག་ལ་སྤྲོ་བ་ཡང་མི་བསྐྱེད། སྨ་ཡང་མི་འབེབས་ཏེ། དེ་ལྟ་བུས་འདུལ་བའི་གདུལ་བྱ་མངོན་པར་མི་ཤེས་པས་དེས་འདུལ་བ་མ་ཡིན་པ་རྣམས་ཁོང་ཁྲོ་བ་སྐྱེ་བར་འགྱུར་བའི་ཕྱིར་ཆོས་འབའ་ཞིག་བཤད་པར་བྱའོ། །དེའི་ཕྱིར་སྨྲས་པ། སྤྲོ་བར་

མི་བྱེད་པ་དང་། སྨ་མི་འབེབས་པ་དང་ཞེས་བྱ་བའོ། །ཚད་མ་དང་མི་འགལ་བ་ནི་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རིགས་པ་དང་ཞེས་བྱ་བའོ། །བདེ་འགྲོ་དང་འབྲེལ་བའི་ཕྱིར་འཚམ་པའོ། །གང་གི་ཚེ་མངོན་པར་མཐོ་བ་ལས་བརྩམས་ནས་ཆོས་སྟོན་པར་བྱེད་པའི་ཚེ་སྦྱིན་པ་དང་། ཚུལ་

ཁྲིམས་དང་། མཐོ་རིས་ཀྱི་གཏམ་བྱེད་པའོ་ཞེས་བྱ་བའོ། །རྣམ་པར་མ་འཁྲུགས་པའི་ཕྱིར་མ་འདྲེས་པའོ། །རྣམ་པར་མ་འཁྲུགས་པ་ཉིད་བསྟན་པའི་ཕྱིར་འཇུག་སླ་ཞིང་ཞེས་བྱ་བ་ལ་སོགས་པའོ། །ཚིག་དང་ཡི་གེ་བཟང་པོ་ཉིད་ཡིན་པའི་ཕྱིར་འཇུག་སླ་བའོ། །ལེགས་པར་རབ་ཏུ་ཕྱེ་བའི་དོན་

ཉིད་ཀྱི་ཕྱིར་གླག་གླག་པ་མ་ཡིན་པའོ། །ངན་འགྲོ་དང་། འཁོར་བ་ནས་འདོན་པའི་ཕྱིར་འཕགས་པའི་བདེན་པ་བཞི་སྟོན་པར་ནི་ཆོས་དང་ལྡན་པའོ། །འཁོར་རྣམས་དང་རྗེས་སུ་མཐུན་པའི་ཕྱིར་འཁོར་ཇི་ལྟ་བ་ཞེས་བྱ་བར་བསྟན་ཏེ། གཞུང་བསྡུས་པ་ལ་དགའ་བ་ལ་སོགས་པ་ལ་མོས་པའི་དབྱེ་བས་ཇི་

ལྟར་རིགས་པ་བཞིན་དུ་སྟོན་པའོ། །རྣམ་པ་བཅོ་ལྔ་པོ་དེ་དག་ལྟ་བུ་ནི་རྗེས་སུ་མཐུན་པའི་གཏམ་ཡིན་པར་རིག་པར་བྱའོ། །གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་གནོད་སེམས་དང་། ཁོང་ཁྲོ་བ་དང་། རབ་ཏུ་སྡང་བའི་སེམས་སྐྱེ་བར་འགྱུར་བ་དེ་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར། བྱམས་པའི་

Vol. 133 · folio 128a

སེམས་ཉེ་བར་གཞག་སྟེ་ཞེས་བྱ་བའོ། །ཉེས་པར་སྤྱོད་པའི་སེམས་ཅན་རྣམས་ཉེས་པར་སྤྱོད་པའི་གནས་ནས་བསླངས་ནས་ལེགས་པར་སྤྱོད་པ་ལ་དགོད་པའི་བསམ་པས་ཞེས་བསྟན་པའི་ཕྱིར་སྨྲས་པ། ཕན་པའི་སེམས་ཉེ་བར་གཞག་སྟེ་ཞེས་བྱའོ། །སེམས་ཅན་སྐྱིད་པ་

སྟེ། བག་མེད་པ་རྣམས་ལ་བག་མེད་པ་སྤོང་དུ་གཞུག་པའི་ཕྱིར་ཕན་པའི་སེམས་ཉེ་བར་འཇོག་པར་བྱེད་དོ། །སེམས་ཅན་སྡུག་བསྔལ་གྱིས་ཞུམ་པ་རྣམས་ལ་ནི་སྡུག་བསྔལ་བསལ་བར་འདོད་པས་ཆོས་སྟོན་པར་བྱེད་དོ། །དེའི་ཕྱིར་སྨྲས་པ། ཕན་པའི་སེམས་ཉེ་བར་གཞག་སྟེ་ཞེས་བྱ་

བའོ། །ཕན་པ་དང་བདེ་བ་ཉིད་དེ་སྙིང་བརྩེ་བའོ། །ཕྲག་དོག་ལ་བརྟེན་ནས་བདག་ཉིད་ལ་བསྟོད་ཅིང་གཞན་ལ་སྨོད་པར་འགྱུར་རོ། །དེའི་གཉེན་པོའི་ཕྱོགས་བསྟན་པའི་ཕྱིར་སྨྲས་པ། ཕྲག་དོག་གིས་ཀུན་ནས་དཀྲིས་པའི་དབང་དུ་བྱས་ཏེ་ཞེས་བྱ་བའོ། །རྙེད་པ་དང་བཀུར་སྟི་ལ་མི་རྟེན་ཅིང་

རེ་བ་མེད་པར་བསྟན་པའི་ཕྱིར་དང་། ཇི་སྐད་བསྟན་པའི་རྣམ་པའི་མདོའི་ཚིག་རྣམས་བསྟན་པའི་ཕྱིར་སྨྲས་པ། དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པའོ། །བསྟན་པའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྒོམ་པར་བྱའོ་ཞེས་བསྟན་པར་གྱུར་པ་དེ་རྣམ་པར་དབྱེ་བར་འདོད་ནས་སྨྲས་པ། དེ་

ལ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་གང་ཞེ་ན་ཞེས་བྱ་བ་ལ་ཇི་ལྟར་ཐོས་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས་ལུས་དང་ངག་དང་ཡིད་ཀྱིས་རྗེས་སུ་སྒྲུབ་པ་དང་། ཇི་ལྟར་ཐོས་པའི་དོན་སེམས་པ་དང་། སྒོམ་པར་བྱེད་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཡིན་ནོ་ཞེས་

བསྟན་པའི་ཕྱིར་ཇི་ལྟར་རིགས་པ་དང་། དོན་དང་དོན་མ་ཡིན་པ་དག་བྱ་བ་དང་བྱ་བ་མ་ཡིན་པའི་དབང་དུ་བྱས་ནས་བསྟན་པ་རྣམས་ལ་རྗེས་སུ་གནང་བ་དང་། རབ་ཏུ་དགག་པ་གཙོར་མཛད་པ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་མན་ངག་རྣམས་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ལ་བཀག་པ་དང་གནང་

བ་དག་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཆོས་གང་དག་ཅེས་བྱ་བ་ལ་སོགས་པ་ལ། གནང་བ་དང་མ་གནང་བ་དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་ལ་བཀག་པའི་བྱ་བ་རྣམས་སྤང་བ་དང་། རྗེས་སུ་གནང་བ་རྣམས་སོ་སོར་བརྟེན་པ་སྟེ། མ་ཐོབ་པ་རྣམས་ཐོབ་པར་བྱེད་པའོ། །ཡང་དག་པར་

Vol. 133 · folio 128b

སྡུད་པ་ནི་སོ་སོར་ཐོབ་པ་རྣམས་མངོན་སུམ་དུ་བྱེད་པའོ། །དེ་ནི་ངེས་པར་བསྟེན་པའོ། །ཡང་ན་སྔར་ཐོབ་པ་ཡང་ཐོབ་པ་ནི་སོ་སོར་བསྟེན་པའོ། །སྔར་སོ་སོར་མ་ཐོབ་པ་ཐོབ་པ་ནི་ཡང་དག་པར་སྡུད་པའོ། །ཐོས་པ་ཙམ་གྱིས་ཚིམ་པར་མི་བྱ་སྟེ། དེ་ཉིད་ལ་ངེས་པའི་སྟོབས་བསྐྱེད་

པའི་ཕྱིར་གདོད་ཡོངས་སུ་སེམས་པ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཞེས་བྱའོ། །བསམས་པའི་དོན་རྣམས་མི་མཐུན་པའི་ཕྱོགས་རྣམས་སྤང་བའི་ཕྱིར་སྒོམ་པས་ཡིད་ལ་བྱེད་པ་ཡང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའོ། །དེ་བཞིན་དུ་བསླབ་པ་གསུམ་དང་། ཤེས་རབ་རྣམ་པ་གཉིས་

ཀྱི་དབང་དུ་བྱས་ནས་ཆོས་རྣམ་པ་ལྔས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཡིན་པར་རིག་པར་བྱའོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པའོ། །གཉིས་པ་མེད་པའི་ཕྱིར་དབེན་པའི་གནས་སུ་སོང་ནས་ཞེས་བསྟན་པ་ཉིད་དོ། །དབེན་པར་སོང་སྟེ་ཞེས་བྱ་བ་ལ། དེ་དག་གིས་ལུས་དབེན་པར་

གནས་པ་ཐོབ་ན་སེམས་པ་ལ་བདེ་བར་འཇུག་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ཐོས་པའི་དོན་རྣམས་ཡིད་ལ་བྱེད་པའི་སྦྱོར་བས་སེམས་པ་དང་། སྔོན་དང་ཕྱི་མ་མི་འགལ་བས་འགྲང་བར་བྱེད་པ་ནི་གཞལ་བར་འདོད་པའོ། །རིགས་པ་དང་མི་འགལ་བ་ནི་ཉེ་བར་བརྟག་པར་འདོད་

པའོ། །ཉེས་པ་རྣམ་པ་བརྒྱད་ཀྱི་གཉེན་པོ་རྣམ་པ་བརྒྱད་དང་ལྡན་པ་བསྟན་པའི་ཕྱིར་ཀུན་དུ་རྨོངས་པའི་རྣམ་པར་གཡེང་བའི་གནས་ཡིན་པའི་ཕྱིར་སྤང་བར་བྱ་སྟེ། དེ་སེམས་པར་བྱེད་པ་ན་ཉེས་པ་མང་པོ་འབྱུང་བར་འགྱུར་རོ། །དེ་དག་ཀྱང་བསམས་པ་ལས་བྱུང་བའི་སར་བསྟན་པ་ཡིན་ནོ། །

རྟག་ཏུ་གུས་པར་བྱེད་པ་དང་ཞེས་བྱ་བ་ནི་གུས་པ་དང་བཅས་པར་རྒྱུན་མི་འཆད་པས་སོ། །དེའི་ཕྱིར་སྨྲས་པ། རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བས་རྒྱུན་དུ་སེམས་པར་བྱེད་དེ་ཞེས་བྱའོ། །དེའི་མི་མཐུན་པའི་ཕྱོགས་ནི་ལྷོད་པ་ཞེས་བྱ་བ་སྟེ། སྦྱོར་བ་ལྷོད་པའི་ཕྱིར་རོ། །དེ་དགག་པའི་ཕྱིར་ལྷོད་

པར་མི་བྱེད་དོ་ཞེས་བྱ་བའོ། །དཔྱོད་ཅིང་ཞེས་བྱ་བས་ནི་འདི་དང་འདི་ལྟ་བུར་རིགས་པ་ཡིན་ནོ་ཞེས་བྱ་བའོ། །རྗེས་སུ་འཇུག་པ་ཞེས་བྱ་བ་ནི་ངེས་པ་རྙེད་པའོ། །ལ་ལ་ནི་མོས་པ་ཁོ་ནར་བསམ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་ལ་ཚད་མར་གྱུར་པ་ཡིན་ནོ་ཞེས་བསམས་ནས་དད་པར་བྱེད་པའོ། །དོན་ལ་རྟོན་

Vol. 133 · folio 129a

པར་བྱེད་ཀྱི་ཞེས་བྱ་བ་ནི་ཡི་གེ་ལ་ཞེན་པ་སྤངས་ནས་དགོངས་པའི་དོན་ཡིད་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །རྟོན་པ་ནི་གནས་པས་སོ། །ནག་པོ་བསྟན་པ་ནི་མདོ་སྡེ་ལ་མི་འཇུག་འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་བར་གནས་པའོ། །དེ་ལས་བཟློག་པ་དཀར་པོའི་

ཕྱོགས་ནི་ཆེན་པོ་བསྟན་པའོ། །མ་ཞུགས་པའི་སྔོན་དུ་སེམས་པ་ལ་ཞུགས་པ་ནི་ཐོག་མ་འཇུག་པ་ནས་ཀྱང་ཞེས་བྱ་བ་སྟེ། དེ་དང་པོར་སེམས་པའོ། །ཞུགས་ནས་ཀྱང་བསམ་པའི་མཐར་ཐུག་པའི་ཤེས་པའི་ཁྱད་པར་ཐོབ་པའོ། །ཇི་ལྟར་བསམས་པ་རྣམས་ཡང་དང་ཡང་དུ་རྟོག་པར་བྱེད་པ་

ནི་སྙིང་པོ་ཉིད་ཐོབ་པར་བྱེད་པའོ། །བསམ་པ་རྣམ་པ་བརྒྱད་ཀྱིས་མི་མཐུན་པའི་ཕྱོགས་སྤངས་པའི་ཕན་ཡོན་དང་། འབྲས་བུ་བསྟན་པའི་ཕྱིར། རྨོངས་པར་མི་འགྱུར་བ་ནི་ཤེས་རབ་ཀྱི་ཁྱད་པར་ཐོབ་པའི་ཕྱིར་རོ། །རྩེ་གཅིག་ཏུ་ངེས་པར་སེམས་པར་བྱེད་པས་ན་སེམས་གཡེང་བར་ཡང་མི་

འགྱུར་རོ། །ཐོས་པའི་དུས་སུ་མ་རྟོགས་པའི་དོན་ཡང་ཁོང་དུ་ཆུད་པར་འགྱུར་ལ། རྟོགས་པའི་དོན་ཡང་རྟོགས་པར་འགྱུར་བ་ནི་ཐོབ་པར་འགྱུར་བའོ་ཞེས་བསྟན་པའི་ཕྱིར་སྔོན་ཐོས་པའི་དུས་སུ་མ་ཤེས་པ་དང་། མ་ཐོས་པའི་དུས་སུ་ཁོང་དུ་མ་ཆུད་པ་རྣམས་རྟོགས་ཤིང་ཐོབ་པར་འགྱུར་བ་དང་

གོ་རིམས་བཞིན་ནོ། །རིགས་པས་ཚོལ་བར་བྱེད་པའི་ཕྱིར་གཞན་གྱི་དྲིང་འཇོག་པར་མི་འགྱུར་བའོ། །ཆོས་ཟབ་མོ་གང་དག་ལ་མོས་པར་མ་གྱུར་ན་ཡང་སྐུར་པ་མི་གདབ་ཅིང་མོས་པ་མང་དུ་བསྐྱེད་པར་བྱའོ། །སྐུར་པ་མ་བཏབ་པས་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་བར་མི་འགྱུར་རོ། །

བདག་ཉིད་ཉམས་པ་ཡང་སྤོང་བར་འགྱུར་ཏེ། ཆོས་སྤོང་བའི་ལས་ཉེ་བར་མ་བསགས་པས་བདག་ཉིད་མ་སྨས་མ་ཉམས་པར་འགྱུར་རོ། །དགོངས་པའི་དོན་རྟོགས་པ་དང་ལྡན་པས་དགོངས་པ་ཅན་གྱི་ཚིག་ལ་འཇུག་པར་འགྱུར་གྱི། ཡི་གེའི་རྗེས་སུ་འགྲོ་བར་མི་འགྱུར་རོ། །ནག་པོ་བསྟན་པ་

དང་། ཆེན་པོ་བསྟན་པ་ལ་མཁས་པ་ནི་དེ་ཁོ་ནའི་དོན་ལས་སུས་ཀྱང་བསྐྱོད་པའམ་བསྐུལ་བར་མི་ནུས་སོ། །ཐོག་མ་ནས་ཆོས་སེམས་པ་ལ་འཇུག་པ་ནི་སྔོན་མ་ཐོབ་པའི་བཟོད་པ་ཆེན་པོའི་རྣམ་པ་ཐོབ་པར་འགྱུར་རོ། །ཐོབ་པར་གྱུར་ནས་ནི་སྙིང་པོ་ཐོབ་པར་བྱ་བའི་ཕྱིར་དང་། དོན་རབ་ཏུ་རྟོགས་པར་

Vol. 133 · folio 129b

བྱ་བའི་ཕྱིར་བསྒོམ་པ་ལ་འཇུག་པར་འགྱུར་རོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྟན་པས་ལུས་དང་ངག་དང་ཡིད་རྗེས་སུ་འཇུག་པ་དང་། བསམ་པ་དང་། སྒོམ་པ་བསྟན་པ་ལས་བསམ་པ་བསྟན་ནས། སྒོམ་པ་གང་ཞེ་ན་ཞེས་སྨྲས་པ་དང་། སྒོམ་པ་ནི་རྣམ་པ་བཞི་སྟེ། དངོས་པོ་

ཉིད་དང་། སྦྱོར་བ་ཉིད་དང་། སྦྱོར་བ་ཡོངས་སུ་རྫོགས་པ་ཉིད་དོ། །མདོ་ལས་ཆོས་གཉིས་བསྒོམ་པར་བྱའོ་ཞེས་བསྟན་པས་དངོས་པོ་གཉིས་བསྒོམ་པར་བྱ་སྟེ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པའོ། །དེ་དག་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པའི་སྦྱོར་བ་དང་ལྡན་པ་ནི་ཀུན་དུ་

བརྟེན་ཅིང་གོམས་པར་བསྒོམ་པའོ། །བསྟེན་པ་དང་ལྡན་པ་དང་། མང་དུ་བྱ་བ་དང་ལྡན་པ་ནི་དགོངས་པ་ཡོངས་སུ་གྲུབ་པ་བསྒོམ་པའོ། །ཐོག་མ་དང་བར་དང་ཐ་མར་བསྒོམ་པ་བཞིར་རིག་པར་བྱ་བའམ། ཆུང་ངུ་ལ་སོགས་པའི་རྣམ་པའི་དབྱེ་བས་སོ། །བསམ་པ་ཡོངས་སུ་རྫོགས་པ་གྲུབ་

པར་འགྱུར་བས་བསམ་པའི་མཐར་ཐུག་པར་གྱུར་པ་ནས་བསྒོམ་པ་རབ་ཏུ་རིགས་པ་ཡིན་ནོ། །དེའི་ཕྱིར་སྨྲས་པ། ཤིན་ཏུ་རྫོགས་པའི་ཕྱིར་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་། ལྷག་མཐོང་བསྒོམ་པ་རྣམས་ཤིན་ཏུ་ཁྱད་པར་ཅན་གཉིས་ཏེ། དངོས་པོ་ཉིད་

དང་། རྣམ་པ་ཉིད་དོ། །དངོས་པོའི་བྱེ་བྲག་བསྟན་པའི་ཕྱིར། བརྗོད་དུ་མེད་པའི་དངོས་པོ་ཙམ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་ངག་གི་སྤྱོད་ཡུལ་ལས་འདས་པའོ། །མིང་དང་རྣམ་པར་རྟོག་པ་ལ་གནས་པའི་ཕྱིར་དངོས་པོ་ཞེས་བརྗོད་དོ། །ཙམ་ཞེས་

བྱ་བའི་སྒྲ་ནི་དེ་གཉི་གས་དབེན་པ་ཉིད་དུ་སྟོན་པར་བྱེད་དོ། །དངོས་པོ་ཉིད་ལ་ཡོངས་སུ་མ་དག་པའི་དུས་ན་ནི་ངོ་བོ་ཞེས་བྱའོ། །དོན་སྨོས་པ་ནི་ཡོངས་སུ་དག་པའི་གནས་སྐབས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་དེ། དེ་གཉི་ག་ཡང་དམིགས་པ་ཉིད་ཡིན་ནོ། །སེམས་ངེས་པར་གཏད་

ནས་ཞེས་བྱ་བ་ནི་དམིགས་པ་གཞན་ལས་སེམས་བཟློག་ནས་དེ་ཉིད་ལ་ཡང་དག་པར་འཇོག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་བསྟན་པའི་ཕྱིར་སྨྲས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་དེ་ལ་གཡེང་བ་ཐམས་ཅད་དང་བྲལ་བའི་ཞེས་བྱ་བ་ནི་རྣམ་

Vol. 133 · folio 130a

པར་རྟོག་པ་ཐམས་ཅད་དང་བྲལ་བའི་རྣམ་པ་ཡིད་ལ་བྱེད་པ་ལ་འཇུག་པའོ་ཞེས་བྱ་བའི་དོན་ཏོ། །སེམས་ཡོངས་སུ་གཡེང་བ་ཐམས་ཅད་དང་བྲལ་བའི་ཞེས་བྱ་བ་ནི་ལོངས་སྤྱོད་ཐམས་ཅད་ལས་དབེན་པ་ཉིད་དུ་བསྟན་པ་ཡིན་ནོ། །འདུ་ཤེས་ཡིད་ལ་བྱེད་པ་ནི་འདུ་ཤེས་

ཡིད་ལ་བྱེད་པས་སམ། འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པའོ། །དམིགས་པ་ཐམས་ཅད་ཅེས་བྱ་བ་ནི་མི་སྡུག་པ་ལ་སོགས་པའོ། །མཉམ་པར་གཞག་པའི་ས་པའི་དམིགས་པ་ཡིན་པའི་ཕྱིར་ནང་གི་ཏིང་ངེ་འཛིན་གྱི་དམིགས་པའི་མཚན་མ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་པའི་

ཕྱིར་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཚན་མ་རྣམས་དངོས་པོའི་བརྗོད་པ་དང་བྲལ་བས་ཇི་སྐད་བསྟན་པའི་རྣམ་པས་རྣམ་པ་དགུ་པོ་ལ་སེམས་གནས་པ་ནི་ཏིང་ངེ་འཛིན་བསྒོམ་པ་ཞེས་བྱ་བའོ། །མཉམ་པར་བཞག་པས་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་རོ་ཞེས་བྱ་བའི་ངེས་པས་དེ་ཉིད་

ཀྱིས་ཇི་ལྟར་བསམས་པའི་ཞེས་བྱ་བ་སྨྲས་ཏེ། སྔོན་བསམ་པའི་བརྗོད་དུ་མེད་པའི་ཆོས་རྣམས་ཀྱི་མཚན་མ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནས་ཤེས་རབ་ཀྱིས་འཇུག་པ་འདི་ནི་ལྷག་མཐོང་ཞེས་བྱའོ་ཞེས་བྱ་བའི་བར་དུའོ། །དངོས་པོ་འདི་དག་དང་། རྣམ་གྲངས་འདི་དག་གིས་ལྷག་མཐོང་མདོར་

བསྟན་ནས། ཡང་འདི་དག་གིས་གྲངས་ཀྱི་ཁྱད་པར་དང་། རྣམ་པའི་ཁྱད་པར་བསྟན་པའི་ཕྱིར། དེ་ལ་འབྱེད་པ་ནི་སྡུག་བསྔལ་གྱི་རིས་མ་ལུས་པ་གཟུང་བ་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱས་ནས་སོ། །རབ་ཏུ་རྣམ་པར་འབྱེད་པ་ནི་སོ་སོར་རྣམ་པར་ཕྱེ་ནས་འཛིན་པ་སྟེ།

དཔེར་ན་སྐྱེ་བ་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་དེ་དག་རབ་ཏུ་སྟོན་པའི་མདོ་སྡེ་ལ་སོ་སོར་རྟོག་པ་དང་ལྡན་པའོ། །མཚན་ཉིད་ནི་ཤེས་བྱའི་དངོས་པོ་ཡིད་ལ་བྱེད་པས་གཏོད་པའོ། །ཡང་དག་པའི་མཚན་ཉིད་ནི་གང་ལ་གཏད་པ་དེ་ཚོལ་བར་

བྱེད་པའོ། །ཉེ་བའི་མཚན་ཉིད་ནི་རྣམ་པར་རྟོག་པའི་དངོས་པོ་སུན་འབྱིན་པར་བྱེད་པའོ། །ཡང་དག་པར་རབ་ཏུ་རྟོགས་པ་ནི་ཤེས་བྱའི་དངོས་པོ་རྣམས་སོ། །རིག་པ་ནི་ཇི་སྙེད་ཡོད་པར་བརྟགས་པ་དང་། །ཇི་ལྟར་ཡོད་པར་བརྟགས་པ་གཟུང་སྟེ། སྔོན་ལས་ལྟོས་ནས་ཡང་དང་ཡང་དུ་གོང་

Vol. 133 · folio 130b

ནས་གོང་དུ་འཕེལ་བའོ། །རྟོགས་པ་ནི་སྔོན་དང་ཕྱི་མའི་དོན་མ་ནོར་བར་རིག་པར་བྱེད་པའོ། །བློ་ནི་རབ་ཏུ་འབྱེད་པར་ནུས་པ་ལྷན་ཅིག་སྐྱེས་པའོ། །མཁས་པ་ནི་ཡང་དག་པར་བསྒྲུབས་པའོ། །ཤེས་རབ་ཀྱིས་འཇུག་པ་ཞེས་བྱ་བ་ནི་ཉན་པ་དང་། འདོན་པ་དང་། འབེལ་བའི་

གཏམ་བྱེད་པ་དང་། རྣམ་པར་གཏན་ལ་འབེབས་པ་ལ་སོགས་པ་ལ་མི་ཤེས་པར་དོན་གོང་ནས་གོང་དུ་ཤེས་པར་བྱེད་པ་དང་ལྡན་པའི་ཤེས་རབ་པོ། །རྟག་ཏུ་སྦྱོར་ཞིང་གུས་པར་སྦྱོར་བ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་བསྒོམ་པ་ཉིད་ནི་སྦྱོར་བའི་ཁྱད་པར་གྱིས་གོམས་པར་བྱེད་པ་ཉིད་

སྒོམ་པ་ཡིན་ནོ་ཞེས་བསྟན་པ་ཉིད་ཡིན་ནོ། །སེམས་མི་གཡོ་ལ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །རང་གི་ངང་གིས་ཞེས་བྱ་བ་ནི་བྱིང་བ་དང་རྒོད་པའི་མཚན་མ་མེད་པ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདུ་བྱེད་པ་མེད་པར་འཇུག་ཅིང་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པ་སྟེ།

སེམས་མངོན་པར་འདུ་བྱེད་པ་མེད་ཅིང་མི་གཡོ་བར་འཇུག་པ་ཞེས་བྱ་བར་བསྟན་པར་འགྱུར་རོ། །གནས་པ་ནི་དེ་ཉིད་ཀྱི་ཡོན་ཏན་དང་ཕན་ཡོན་མཐོང་བས་སོ། །གཞན་དག་ནི་དབུགས་ཐོན་པ་མ་ཡིན་ལ། ཡོན་ཏན་དང་ཕན་ཡོན་མ་མཐོང་བས་སྡུད་ཅིང་ཞེས་བྱ་བའོ། །རྣམ་པ་གཉི་ག་

ལས་ཀྱང་མི་འཕྲོ་བའོ། །ཞི་གནས་དང་ལྷག་མཐོང་ལ་གོམས་པར་བྱེད་པ་ཞེས་བྱ་བ་ནི་རྟག་ཏུ་གུས་པ་དང་བཅས་པའི་སྦྱོར་བས་རབ་ཏུ་གཏོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མངོན་པར་དགའ་བར་གནས་པར་འགྱུར་ཞེས་བྱ་བ་ནི་བསྒོམ་པའི་མཐར་ཕྱིན་པ་ནའོ། །ཡོངས་སུ་དག་པར་འགྱུར་རོ་

ཞེས་བྱ་བ་ནི་དགོས་པ་ཡོངས་སུ་གྲུབ་པ་ཉིད་ནའོ། །དེའི་ཕྱིར་སྨྲས་པ། ལུས་ཤིན་ཏུ་སྦྱངས་པ་དང་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཀྱིས་མཐོང་བ་ནི་ཡེ་ཤེས་མཐོང་བ་ཞེས་བྱ་བའམ། ཡེ་ཤེས་ཉིད་མཐོང་བ་ནི་ཡེ་ཤེས་མཐོང་བ་ཞེས་བྱས་ནས་ཏེ། ངེས་པའི་དོན་ཤེས་པས་དོན་

མངོན་སུམ་དུ་མཐོང་བའོ། །གནས་ངན་ལེན་ཞེས་བྱ་བ་ནི་རྟེན་ལ་ཡོད་པའི་ས་བོན་ནོ། །དེ་དག་གིས་ནི་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱ་བ་བསྟན་ཏོ། །ཡེ་ཤེས་མཐོང་བ་རྣམ་པར་དག་པས་ནི་ཤེས་བྱའི་སྒྲིབ་པ་སྤང་བར་བསྟན་ཏོ། །གདམས་ངག་གང་ཞེ་ན་ཞེས་བྱ་བ་ལ། ཡང་དག་

Vol. 133 · folio 131a

པར་རྟོགས་པར་བྱེད་པའི་ཕྱིར་དང་། སྨྲ་བའི་ཚིག་གི་རོ་མྱོང་བ་ནི་གདམས་ངག་ཅེས་བྱའོ། །གདམས་པར་བྱ་བའི་དངོས་པོ་ནི་རྣམ་པ་བརྒྱད་དོ། །སེམས་ཤེས་པར་བྱས་ནས་མཐུན་པའི་ཚིག་སྨྲ་བ་ནི་གདམས་ངག་སྟེ། གདམས་ངག་རྣམ་པ་གཉིས་སོ། །བསམ་གཏན་

དང་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའི་ཤེས་པ་ལ་སོགས་པའི་སྟོབས་ལ་བརྟེན་ནས་ཏེ། གང་ཡང་སྨྲས་པ། ཏིང་ངེ་འཛིན་ལ་བརྟེན་ནས་ཞེས་བྱ་བའམ། ཡུན་རིང་དུ་འགྲོགས་ཤིང་འདྲིས་པའི་རྒྱུས་རང་བཞིན་ཤེས་པར་བྱས་ནས་ཏེ། གང་གི་ཕྱིར་སྨྲས་པ། འགྲོགས་

པའི་རྒྱུས་སེམས་བཙལ་ནས་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་འགྲོགས་པའི་དབང་གིས་རང་བཞིན་ཤེས་པར་བྱའོ་ཞེས་གསུངས་པའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །གང་དག་ལ་འདོམས་པར་འདོད་པའམ་ཞེས་བྱ་བ་ལ། གང་གིས་འདོམས་པར་བྱེད་འདོད་པ་དེས་ཞེས་མཚོན་

པ་ཡིན་ནོ། །གང་ཡང་རུང་སྟེ་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་སྟོན་པ་ལ་གནས་པ་ནའོ་ཞེས་བསྟན་པ་ཡིན་ནོ། །སེམས་བཙལ་ནས་ཞེས་བྱ་བ་ནི་ཅི་འདི་འདོད་ཆགས་ལ་མང་དུ་སྤྱོད་པ་ཞིག་གམ། འོན་ཏེ་འདོད་ཆགས་དང་བྲལ་བ་ལ་མང་དུ་སྤྱོད་པ་ཞིག་ཅེས་སེམས་ཀྱིས་སེམས་བཙལ་

བ་ནི་མཁྱེན་ཏོ་ཞེས་བྱ་བ་ནི་འདི་ལྟ་བུ་ཞིག་གོ་ཞེས་ངེས་པ་ཐོབ་པའོ། །དབང་པོ་རྣམས་ནི་རྟུལ་པོ་ལ་སོགས་པའི་དབྱེ་བས་ཚོལ་ལོ། །བསམ་པ་ནི་དམན་པ་ལ་མོས་པ་ལ་སོགས་པའི་དབྱེ་བས་ཚོལ་ལོ། །བག་ལ་ཉལ་བ་ནི་ཁམས་སྣ་ཚོགས་པ་ལ་སོགས་པའི་དབྱེ་བས་ཚོལ་ལོ། །ལེགས་པར་

གཟུང་བ་མ་ཡིན་པ་རྟག་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་དང་ཞེས་བྱ་བ་ལ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའི་སྟོབས་ཀྱིས་གཞན་དག་དེ་དང་དེར་སྐྱེས་པའི་གནས་དེ་དག་གི་མིང་ལ་སོགས་པའི་ཡོངས་སུ་གྱུར་པའི་གཏམ་བརྗོད་པས་རྣམ་པའི་ཁྱད་པར་གཞན་དུ་གྱུར་པ་ལ་

སོགས་པ་མཚོན་པའི་ཕྱིར་དང་། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་དབང་གིས་བདེ་འགྲོ་དང་ངན་འགྲོ་རྣམས་སུ་ཤི་བའི་རྗེས་ལ་སྐྱེས་པར་གྱུར་ཏོ་ཞེས་བསྟན་པས་མཚོན་པར་བྱ་བའི་ཕྱིར་རོ། །ལེགས་པར་གཟུང་བ་མ་ཡིན་པ་ཆད་པའི་མཐའི་གཉེན་པོར་དབུ་མའི་ལམ་སྟོན་པ་ནི་འཆི་འཕོ་དང་

Vol. 133 · folio 131b

སྐྱེ་བ་ཤེས་པའི་སྟོབས་ཀྱིས་སོ། །མ་བྱས་པ་ལ་བྱས་སོ་སྙམ་པ་ཞེས་བྱ་བ་ནི་མ་ལུས་པར་མ་བྱས་པ་ལའོ། །མ་ཐོབ་པ་ཞེས་བྱ་བ་ནི་ལམ་མ་ཐོབ་པར་རོ། །མ་རེག་པ་ནི་སེམས་རྣམ་པར་མ་གྲོལ་བ་སྟེ། རྣམ་པར་གྲོལ་བ་མེད་པ་ཉིད་དོ། །མངོན་སུམ་དུ་མ་བྱས་པ་ནི་རྣམ་པར་གྲོལ་

བའི་ཡེ་ཤེས་མཐོང་བ་མེད་པ་ཉིད་དོ། །གདམས་ངག་རྣམ་པ་བརྒྱད་ཀྱིས་མདོར་བསྡུས་པའི་གནས་བསྟན་པའི་ཕྱིར་སྨྲས་པ། ཡང་གནས་རྣམ་པ་གསུམ་གྱིས་བསྡུས་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། སེམས་མ་བཏུལ་ཞིང་མ་བསྒོམས་པ་རྣམ་པ་གཉིས་ཏེ། མཉམ་

པར་མ་བཞག་པ་དང་། རྣམ་པར་མ་གྲོལ་བའོ། །དེ་ལ་དང་པོར་སེམས་མཉམ་པར་མ་བཞག་པ་མཉམ་པར་བཞག་པའི་དབང་དུ་བྱས་ནས་སྨྲས་པ། སེམས་མི་གནས་པ་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དང་པོའི་གདམས་ངག་རྣམ་པ་ལྔ་སྟེ། སེམས་མཉམ་པར་མ་བཞག་པ་

མཉམ་པར་འཇོག་ཏུ་གཞུག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སེམས་གནས་པ་ལ་ཞེས་བྱ་བ་ནི་མཉམ་པར་བཞག་པ་ལ་ཐབས་ཀྱི་ལམ་སྟོན་པ་སྟེ། སྤངས་པ་འཐོབ་པའི་ཐབས་ཀྱི་ལམ་ཉེ་བར་སྟོན་པ་ནི་མཐའ་གཉིས་ཀྱི་གཉེན་པོའི་ཕྱོགས་སུ་གྱུར་པ་དབུ་མའི་ལམ་གྱི་མན་ངག་གི་གདམས་ངག་

བསྟན་པས་སོ། །རང་གི་དགོས་པ་མཐར་མ་ཕྱིན་པ་ལ་ཞེས་བྱ་བ་ནི་རང་གི་བྱ་བ་ཡོངས་སུ་རྫོགས་པར་མ་གྱུར་པར་བདག་གིས་བྱ་བ་བྱས་ཟིན་ཏོ་ཞེས་སྦྱོར་བ་བཤོལ་ནས་གནས་པ་དག་ལ་དེ་དག་གི་དེ་ལྟ་བུའི་མངོན་པའི་ང་རྒྱལ་སྤོང་དུ་གཞུག་པའི་ཕྱིར་ཏེ་མངོན་པའི་ང་རྒྱལ་སྤོང་དུ་གཞུག་པ་ཞེས་བྱ་

བའི་དོན་ཏོ། །གནས་གསུམ་གྱིས་བསྡུས་པར་སྦྱར་བའི་ཕྱིར། དེ་ལ་སེམས་དང་། དབང་པོ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གདམས་ངག་གཞན་ལས་ཐོབ་པའམ་ཞེས་བྱ་བ་ལ། འདིས་ནི་གདམས་ངག་དང་རྗེས་སུ་བསྟན་པ་ལ་གནས་པར་

མཚོན་པ་ཡིན་ནོ། །གཞན་དག་ལ་ཡང་བྱིན་པས་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་བྱེད་པར་འོས་པ་ཡིན་པར་མཚོན་པ་ཡིན་ནོ། །དེ་ལྟར་ན་གདམས་ངག་དང་རྗེས་སུ་བསྟན་པ་ལ་གནས་པ་དང་གདམས་ངག་དང་རྗེས་སུ་བསྟན་པ་བྱེད་པར་འོས་པ་འདི་དག་གིས་ཀྱང་སྟོབས་ཀྱི་

Vol. 133 · folio 132a

རིགས་རིམ་གྱིས་རྣམ་པར་སྦྱོང་ཞིང་ཞེས་བྱ་བ་ནི་སྟོབས་རྣམས་དང་པོར་སྐྱེས་པ་ཉིད་དོ། །རྣམ་པར་འཕེལ་བར་བྱེད་པ་ནི་སྐྱེས་པ་རྣམས་འཕེལ་བར་བྱེད་པའོ། །གདམས་ངག་རྣམ་པ་བརྒྱད་ཀྱི་སྟོབས་རྣམ་པ་བརྒྱད་གོ་རིམས་བཞིན་ནོ། །སེམས་ཤེས་པའི་གདམས་

ངག་གིས་ནི་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱི་རིགས་སྦྱོང་ངོ་། །དབང་པོ་ལ་གདམས་པས་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །བསམ་པ་ལ་གདམས་པས་ནི་མོས་པ་སྣ་ཚོགས་མཁྱེན་པའི་

སྟོབས་སོ། །བག་ལ་ཉལ་ལ་གདམས་པས་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སོ། །འཇུག་པའི་སྒོ་སྣ་ཚོགས་ལ་གདམས་པས་ནི་ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སོ། །མི་བདེན་པའི་རྟག་པའི་མཐར་འཛིན་པ་ལ་གདམས་པས་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་

སོ། །མི་བདེན་པའི་ཆད་པའི་མཐར་འཛིན་པ་ལ་གདམས་པས་ནི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་སོ། །མ་བྱས་པ་བྱས་པར་མངོན་པར་ང་རྒྱལ་བ་ལ་གདམས་པས་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་ལ་རྗེས་སུ་བསྟན་པ་གང་ཞེ་ན་ཞེས་བྱ་བ་ནི་གདམས་ངག་དང་རྗེས་སུ་བསྟན་པ་

ཞེས་བསྟན་པ་དེ་ལས་རྗེས་སུ་བསྟན་པའི་དོན་བླངས་ནས་དྲིས་པ་ཡིན་ནོ། །རྣམ་པ་ལྔར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་དངོས་པོ་ཉིད་ཀྱིས་ནི་གཉིས་སོ། །རྣམ་པས་ནི་གསུམ་མོ། །དེ་དག་གཉི་ག་བསྡུས་ན་རྣམ་པ་ལྔའོ། །སེམས་ལ་སོགས་པ་ཤེས་པར་བྱས་ནས་གནང་བ་དང་བཀག་པ་དག་བྱ་བ་དང་

བྱ་བ་མ་ཡིན་པར་སྟོན་པའི་ཚིག་ནི་རྗེས་སུ་བསྟན་པའོ། །དེ་བཞིན་གཤེགས་པས་བཅས་པའི་བསླབ་པའི་ཚིག་རྣམས་ཀྱི་རྗེས་སུ་འབྲངས་ནས་སེམས་ལ་སོགས་པ་ཤེས་པར་བྱས་ནས་སློབ་མ་ལ་སྟོན་པ་ནི་རྗེས་སུ་བསྟན་པའོ། །དེའི་ཕྱིར་སྨྲས་པ། ཁ་ན་མ་ཐོ་བ་དང་བཅས་པ་ཀུན་དུ་སྤྱོད་པ་དགག་

པ་དང་ཞེས་བྱ་བ་ལ་སོགས་པའོ། །ལུས་དང་ངག་སྡོམ་པས་ན་སྡོམ་པ་སྟེ། ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་ཀུན་དུ་སྤྱོད་པ་དགག་པའོ། །ལུས་དང་ངག་གིས་འདི་དག་ནི་བྱ་བ་མ་ཡིན་ནོ་ཞེས་སློབ་པ་ནི་རྗེས་སུ་བསྟན་པའི་དོན་ཡིན་ནོ། །ཁ་ན་མ་ཐོ་བ་མེད་པ་ཀུན་དུ་སྤྱོད་པ་གནང་བ་

Vol. 133 · folio 132b

དང་ཞེས་བྱ་བ་ནི་ལུས་དང་ངག་གིས་འཇུག་པར་བསྐུལ་བ་སྟེ། འདི་ནི་ལུས་དང་ངག་གིས་བྱ་བ་ཡིན་ནོ་ཞེས་རྗེས་སུ་སྟོན་པའོ། །དེ་ལྟར་རྗེས་སུ་བསྟན་པ་བྱས་ན་ཡང་འགའ་ཞིག་གུས་པར་མི་བྱེད་པས་སམ། བག་མེད་པའི་དབང་གིས་བྱ་བ་ནི་མི་བྱེད་ལ། བྱ་བ་མ་ཡིན་པ་ནི་བྱེད་པ་དེ་

ནི་འཁྲུལ་པ་ཀུན་དུ་སྤྱོད་པ་ཞེས་བྱ་སྟེ། ལུས་ཀྱི་ཀུན་དུ་སྤྱོད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱིས་བྱ་བ་མ་ཡིན་པ་ནི་འདི་དང་འདི་ལྟ་བུ་བྱས་བྱ་བ་འདི་དང་འདི་ལྟ་བུ་ནི་མ་བྱས་ཞེས་མཚོན་པར་བྱེད་པ་ནི་བསྐུལ་བ་ཞེས་བྱ་བའོ། །དེ་ལྟར་བསྐུལ་བ་ན་ཡང་གུས་པར་མི་བྱེད་ཅིང་བྱ་བ་མ་

ཡིན་པ་ལ་སྤྱོད་ན་སྨ་དབབ་པར་བྱ་སྟེ། ཚིག་རྩུབ་མོ་དང་། ཆད་པའི་ལས་དང་། གནས་ནས་བསྐྲད་པས་སྨ་དབབ་ཅིང་། དྲན་པར་བྱེད་དུ་གཞུག་པ་སྟེ། ཕྱིས་སྡོམ་དུ་གཞུག་པའི་ཕྱིར་རོ། །རང་གི་རྒྱུད་ཀྱི་སེམས་བསྲུངས་ནས་བསམ་པ་བཟང་པོས་སྨ་དབབ་པ་ལ་སོགས་པའི་ལས་བྱའོ་

ཞེས་བསྟན་པའི་ཕྱིར། རྙོག་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་དོན་བསྟན་པའི་ཕྱིར། མི་མཐུན་པ་མེད་པ་དང་ཞེས་བྱ་བ་དང་། གནོད་སེམས་ལ་སོགས་པ་ཀུན་དུ་སྤྱོད་ན་སྨད་པར་བྱ་བ་ཡིན་པས་མི་མཐུན་པར་སྤྱོད་པ་ཞེས་བྱ་བའམ། ངན་པའི་རྣམ་པ་ཞེས་བྱའོ། །

དེ་ལྟ་བུ་མ་ཡིན་པ་ནི་མི་མཐུན་པ་མེད་པ་ཞེས་བྱའོ། །འོ་ན་འདི་ལྟ་བུ་བསམ་པ་ཇི་ལྟ་བུས་ཤེ་ན། སྣུམ་པའི་བསམ་པས་ཞེས་སྨོས་ཏེ། ཕན་པ་དང་བདེ་བའི་བསམ་པས་ཞེས་བྱ་བའི་དོན་ཏོ། །ནད་པ་དང་བུ་གཅིག་པ་གཅེས་པ་ལ་སྨན་པ་མཁས་པ་དང་ཕ་བྱམས་པས་སྦྱོར་བ་རྩུབ་པོ་བྱེད་

པ་བཞིན་ནོ། །ཇི་སྐད་བསྟན་པ་སྒྲུབ་པའི་སྦྱོར་བ་དང་ཡང་དག་པར་ལྡན་པའི་ནན་ཏན་བྱེད་པ་དག་ལ་ནི་ཁྱོད་ནི་དད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡང་དག་པའི་ཡོན་ཏན་བརྗོད་པར་བྱའོ། །དེས་ན་དགའ་བ་བསྟན་པས་ཞེས་བྱ་བ་ནི་བཟང་པོ་ཚུར་སྤྱོན་དང་

ཞེས་བྱ་བ་ལ་སོགས་པས་ཡང་དག་པར་དགའ་བར་བྱའོ་ཞེས་བྱ་བ་སྟེ། སེམས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ལྟ་ན་བསྐུལ་བ་དང་། ཆད་པ་དང་། སྤྲོ་བ་བསྐྱེད་པས་རྗེས་སུ་གནང་བ་དང་རབ་ཏུ་དགག་པས་འཇུག་པ་དང་ལྡོག་པ་ལ་ངེས་པར་གཞག་པར་བྱ་བ་ཡོངས་སུ་གསལ་བར་བྱས་

Vol. 133 · folio 133a

པ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཐབས་ཀྱིས་ཟིན་པ་ནི་བསླབ་པ་ཞེས་གསུངས་པས་བསླབ་པའི་རྣམ་པ་མདོར་བསྟན་པའི་ཐ་མའོ། །དེས་ན་དྲིས་པ། ཐབས་ཀྱིས་ཟིན་པ་གང་ཞེ་ན་ཞེས་བྱ་བ་ལ། བསྡུ་བའི་དངོས་པོ་བཞིའི་ངོ་བོས་བསྡུས་པའི་དངོས་

པོ་བཞིའི་སྒོ་ནས་ཞུགས་པར་གྱུར་པ་ན་ལུས་ལ་སོགས་པའི་ལས་ཐབས་ཀྱིས་ཟིན་པའོ་ཞེས་བསྟན་པས་བསྡུ་བའི་དངོས་པོ་བཞི་པོ་ཐབས་ཉིད་དུ་ལུང་གིས་བསྟན་པའི་ཕྱིར། ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་ནི་ཡང་དག་

པའི་དོན་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཐབས་མན་ངག་བསྟན་པས་རྒྱུ་དྲིས་པ། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། དོན་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སུ་གྱུར་པས་ཐབས་ཞེས་བྱའོ་ཞེས་བསྟན་པའི་ཕྱིར་དེས་ན་

སྨྲས་པ། སེམས་ཅན་རྣམས་གདུལ་བ་དང་ཞེས་བྱ་བ་ལ་སོགས་པའམ། དེ་དག་ལས་གཞན་པ་མེད་པའི་ཕྱིར་སྨྲས་པ། འདི་ལས་གོང་ན་ཡང་མེད་ཅེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་ནི་ལུས་བརྟན་པར་བྱེད་པ་ཡིན་པའི་ཕྱིར་ཕན་འདོགས་པ་ཡིན་ནོ། །ཕན་བཏགས་པར་གྱུར་

པས་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ། །དེའི་ཕྱིར་འཁོར་སྡུད་པའི་ཐབས་ཡིན་ནོ། །དེས་ན་སྨྲས་པ། ཚིག་མཉན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཕན་བཏགས་པས་གུས་པར་བྱེད་ཅིང་སྨྲས་པའི་ཚིག་མཉན་པ་དང་ངོ་། །བསྒྲུབ་པར་འདོད་པས་ན་བྱེད་པར་སེམས་

པའོ། །དེ་ལྟར་དེ་དག་ལ་ཉེས་པར་སྤྱོད་པ་ལས་དབེན་པ་དང་། ལེགས་པར་སྤྱོད་པ་ལ་སྒྲུབ་ཏུ་གཞུག་པའི་ཕྱིར་རིགས་པ་དང་བཅས་པ་སེམས་འཕྲོག་པར་བྱེད་པའི་ཆོས་སྟོན་ཏོ། །དེའི་ཕྱིར་སྨྲས་པ། སྙན་པར་སྨྲ་བས་ཞེས་བྱ་བ་ལ་སོགས་པ་ལ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་

མ་ཐོ་བ་མེད་པའི་ཆོས་རྣམ་པར་ཕྱེ་ནས་ཤེས་པར་བྱེད་པས་འཛིན་དུ་འཇུག་པའི་ཐབས་ཡིན་ནོ། །དེ་ལྟར་འཛིན་དུ་བཅུག་ནས་ཀྱང་མི་དགེ་བ་སྤོང་ཞིང་དགེ་བ་ལ་ཡང་དག་པར་འགོད་ཅིང་འཛུད་པ་ཞེས་བྱ་བ་འདི་དང་འདི་ལྟ་བུར་གྱིས་ཤིག་ཅེས་སྦྱོར་བ་ནི་དོན་སྤྱོད་པ་སྟེ། གདུལ་བའི་ཐབས་སུ་གྱུར་པ་འདུལ་

Vol. 133 · folio 133b

བ་ཞེས་བྱའོ། །སྒྲུབ་པ་ལ་འགོད་པར་བྱེད་པས་འཇོག་པ་ཞེས་བྱའོ། །བྱ་བ་ལ་མི་གཡོ་བར་སྦྱོར་བས་ན་འགོད་པ་ཞེས་བྱའོ། །ཡང་ན་འདི་དག་ནི་སྤང་བར་བྱའོ། །འདི་ནི་ཡང་དག་པར་སྒྲུབ་ཅིང་གནས་པར་བྱའོ་ཞེས་མན་ངག་རྗེས་སུ་སྟོན་པ་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །

མི་དགེ་བའི་གནས་ནས་སློང་བ་ནི་འདུལ་བའོ། །དགེ་བ་ལ་འགོད་པ་ནི་འཇོག་པ་ཞེས་བྱའོ། །དེ་ལས་མི་འཕྲོགས་པར་འགོད་པ་ནི་ཕན་པ་དང་བདེ་བའི་རྒྱུ་ཡིན་པའི་ཕྱིར། དོན་དཔྱོད་པ་ཞེས་བྱའོ། །གདུལ་བྱ་ཡང་དག་པར་འཛིན་དུ་བཅུག་པ་ལ་སོགས་པ་རྣམས་བསྟན་པར་བྱ་བའི་

ཕྱིར་རང་ཉིད་ཀྱང་དེ་བཞིན་དུ་རྗེས་སུ་སྒྲུབ་པར་བྱེད་ཅིང་དེ་དང་སྐལ་བ་མཉམ་པར་སྤྱོད་པ་ནི་དོན་མཐུན་པ་ཞེས་བྱ་སྟེ། མཐུན་པར་སྒྲུབ་པའི་ཐབས་ཞེས་བྱའོ། །དེ་ལྟར་སྒྲུབ་པར་བྱེད་ན་སུ་ཡང་ཅི་ཡང་སྨྲ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་གིས་ན་དེ་ལ་ད་དུང་ཁྱོད་བདག་

ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། བསྡུས་པས་སམ། སོ་སོ་བས་ཡོངས་སུ་ཟིན་པ་གང་ཡིན་པ་ཞེས་བྱ་བ་ནི་དེའི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དང་པོས་ནི་སྡུད་པར་བྱེད་དོ། །གཉིས་པས་ནི་འདུལ་བར་བྱེད་དོ། །ཕྱི་མ་གཉིས་ཀྱིས་ནི་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་

སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་སྟོབས་ཀྱི་རིགས་ཀྱི་ལེའུ་སྟེ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །།ངོ་བོ་ཉིད་ལ་སོགས་པའི་སྡོམ་གྱིས་བསྡུས་པའི་དགོས་པ་ཅི་ཡིན་ཞེ་ན། བདག་དང་གཞན་གྱི་དོན་ལ་སོགས་པའི་དོན་རྣམ་པ་བདུན་ལ་མོས་པ་མང་བ་ཉིད་ལ་སོགས་

པ་རྣམ་པ་བདུན་གྱིས་བསླབ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དོན་དེ་དག་ཉིད་ཡང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྦྱོར་བས་ཀྱང་བསླབ་པར་བྱའོ་ཞེས་བསྟན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པའི་དབང་དུ་བྱས་ནས་མདོར་བསྟན་པའི་སྡོམ་གྱིས་སྟོན་པར་བྱེད་པ་ནི་ཕ་རོལ་ཏུ་

ཕྱིན་པ་དྲུག་ཅིར་ཡང་རྣམ་པ་འདྲ་བར་མདོར་བསྟན་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མ་བསླབས་པར་རང་གི་དོན་ལ་སོགས་པ་ལ་བསླབ་པར་མི་ནུས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

Vol. 133 · folio 134a

རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བར་སྨྲས་པ། ས་དང་ས་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས་ཏེ་བཞི་པའི་བདུན་པའི་དོན་ཏོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་མ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་མ་

བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་སྨྲས་པ། རྫོགས་པར་བྱས་ནས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་གྱུར་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་བསྟན་པ་ནི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་དེ་དག་གི་ནང་དུ་འདུས་

པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་གཞག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྣམ་པར་དབྱེ་བའི་སྒོ་ནས་སྔར་ཉིད་དུ་བསྟན་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་དགུས་བསྟན་ཏེ། མཚན་ཉིད་བསྟན་པ་ཉིད་དང་། སྦྱིན་པའི་དངོས་པོ་བསྟན་པ་ཉིད་དང་།

འཇུག་པར་མི་ནུས་པ་བསྟན་པ་ཉིད་དང་། སྒོ་བསྟན་པ་ཉིད་དང་། རྟེན་བསྟན་པ་ཉིད་དང་། རྣམ་པ་བསྟན་པ་ཉིད་དང་། སྡུག་བསྔལ་བསལ་བའི་བྱ་བ་བསྟན་པ་ཉིད་དང་། འཇིག་རྟེན་གཉི་གར་བདེ་བ་ཉེ་བར་སྒྲུབ་པའི་མཚན་ཉིད་དང་། རྣམ་པར་དག་པ་བསྟན་པ་ཉིད་དོ། །རྣམ་པ་དགུ་ཉིད་

མདོར་བསྡུ་ན་རྣམ་པ་གཉིས་སུ་གཞག་པར་བྱ་སྟེ། མཚན་ཉིད་དང་། མཚན་ཉིད་ཀྱི་དབྱེ་བའོ། །དེ་ཡང་དང་པོ་དང་ཕྱི་མ་རྣམས་ཀྱིས་རྣམ་པ་རྣམས་རིམ་པ་བཞིན་ནོ། །ཡང་ཐམས་ཅད་ཀྱང་འདུས་བྱས་ཀྱི་མཚན་ཉིད་བཞི་རབ་ཏུ་མི་འདོར་བར་ཞེས་བྱ་བས་རྣམ་པ་དགུ་པོ་ཉིད་མཚན་ཉིད་རྣམ་པ་

བཞི་པོར་གཞག་པར་བྱ་སྟེ། ཇི་ལྟར་རིགས་པར་རང་གི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། འབྲས་བུའི་མཚན་ཉིད་དོ། །རྣམ་པ་རེ་རེ་ལ་ཡང་རང་རང་གི་ཕུན་སུམ་ཚོགས་པའི་མཐར་ཐུག་པར་འགྲོ་བའི་དོན་གྱིས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བསྟན་

པའི་ཕྱིར་སྨྲས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་མ་ལུས་པ་ལ་མ་ཡིན་གྱི། འོ་ན་ཇི་ལྟ་ཞེ་ན། རེ་རེ་ལ་ཡང་སྟེ། ངོ་བོ་ཉིད་ཀྱི་སྦྱིན་པ་ནས་རྣམ་པར་དག་པའི་སྦྱིན་པ་ཞེས་བྱ་བའི་བར་དུའོ། །རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་སྟེ། སྦྱིན་པའི་

Vol. 133 · folio 134b

ངོ་བོ་ཉིད་ནས་རྣམ་པར་དག་པའི་སྦྱིན་པའི་བར་དུའོ། །དེའི་ཕྱིར་བསྟོད་པ། བསེ་རུ་ལྟ་བུའི་རང་རྒྱལ་ལ། །ཕ་རོལ་ཕྱིན་པའི་མིང་ཡང་མེད། །ཕ་རོལ་ཕྱིན་པ་དྲུག་པོ་ཡང་། །སྤྱི་བོར་ཁྱོད་ཉིད་ཞོན་པར་གྱུར། །ཞེས་བྱ་བ་ཡིན་ནོ། །སྦྱིན་པའི་ངོ་བོ་ཉིད་ནི་མདོར་ན་རྣམ་པ་ལྔར་རིག་པར་བྱ་སྟེ།

ངོ་བོ་ཉིད་ཀྱི་ཁྱད་པར་དང་། སྒོར་འཇུག་པའི་ཁྱད་པར་དང་། དངོས་པོའི་ཁྱད་པར་དང་། བསམ་པའི་ཁྱད་པར་དང་། ལེན་པ་པོའི་ཁྱད་པར་རོ། །ངོ་བོ་ཉིད་ཀྱི་ཁྱད་པར་གྱི་དབང་དུ་བྱས་ནས་སྨྲས་པ། སེམས་པའི་མ་ཆགས་པ་དང་། ལྷན་ཅིག་སྐྱེས་པ་ཞེས་བྱའོ། །སྒོར་འཇུག་པའི་ཁྱད་

པར་གྱི་དབང་དུ་བྱས་ནས་སྨྲས་པ། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཞེས་བྱ་བའོ། །སྦྱིན་པར་བྱ་བའི་དངོས་པོའི་ཁྱད་པར་གྱི་དབང་དུ་བྱས་ནས་སྨྲས་པ། སྦྱིན་པར་བྱ་བའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་ཞེས་བྱ་བའོ། །བསམ་པའི་ཁྱད་པར་ནི་ཚུལ་ཁྲིམས་

དང་ལྟ་བ་དག་ཏུ་རིག་པར་བྱའོ། །གང་གི་ཕྱིར་སྨྲས་པ། སྡོམ་པ་ལ་གནས་པ་དང་ཞེས་བྱ་བ་ལ་སོགས་པའོ། །ལེན་པ་པོའི་དབང་དུ་བྱས་ནས་སྨྲས་པ། སུ་གང་འདོད་པ་ཞེས་བྱ་བ་ལ་སོགས་པའོ། །ཡང་ཁྱད་པར་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཀྱི་སྦྱིན་པ་རྣམ་པར་གཞག་པར་རིག་པར་བྱ་

སྟེ། ངོ་བོ་ཉིད་ཀྱི་ཁྱད་པར་དང་། སྦྱིན་པར་བྱ་བའི་ཆོས་ཀྱི་ཁྱད་པར་དང་། ལྷག་པའི་བསམ་པའི་ཁྱད་པར་རོ། །ཡོ་བྱད་ཐམས་ཅད་དང་། རང་གི་ལུས་ལ་མི་ལྟ་བ་དང་ཞེས་བྱ་བ་ནི་འདི་དང་། ཕ་རོལ་དང་། མཐར་ཐུག་པའི་གནས་སྐབས་ན་ཡང་གོ་རིམས་བཞིན་དུ་འབྲས་བུ་རྣམ་པ་གསུམ་ལ་

རེ་བ་མེད་པ་ནི་དེ་གཉི་ག་ལ་མི་ལྟོས་པར་འགྱུར་ཏེ། འདི་ལ་ཕན་འདོགས་པའི་འབྲས་བུ་དང་། ཕ་རོལ་ཏུ་རྣམ་པར་སྨིན་པའི་འབྲས་བུ་དང་། མཐར་ཐུག་པའི་ཚེ་རྣམ་པར་གྲོལ་བའི་འབྲས་བུའོ། །དེ་དག་གིས་ནི་ངོ་བོ་ཉིད་ཀྱི་ཁྱད་པར་གསལ་བར་བྱས་པ་ཡིན་ནོ། །འཇིག་རྟེན་པ་དང་། ཉན་ཐོས་

དང་། རང་སངས་རྒྱས་རྣམས་ཀྱི་སྦྱིན་པའི་སེམས་ཀྱང་དེ་ལྟ་བུའི་མ་ཆགས་པ་དང་བཅས་པར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་རིགས་པར་འབྲས་བུ་རྣམ་པ་གསུམ་ལ་རེ་བ་དང་བཅས་པའི་ཕྱིར་རོ། །ཡང་ཤེས་རབ་དང་སྙིང་རྗེ་དག་གིས་གོ་རིམས་བཞིན་དུ་བདག་ལ་ཆགས་པ་ཟད་པར་བྱེད་པ་དང་།

Vol. 133 · folio 135a

གཞན་ལ་ཆགས་པ་འཕེལ་བར་བྱེད་པའི་ཕྱིར་ཡོ་བྱད་ཐམས་ཅད་དང་། རང་གི་ལུས་ལ་མི་ལྟ་བ་ཉིད་དུ་རིག་པར་བྱའོ། །དེ་དག་གིས་ནི་མ་ཆགས་པའི་དགེ་བའི་རྩ་བ་དང་བཅས་པ་ཉིད་ཀྱི་ཕྱིར་སྦྱིན་པའི་སེམས་པ་བསྟན་པ་ཡིན་ནོ། །དེས་ཀུན་ནས་བསླང་བ་

ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་སེམས་པས་ཀུན་ནས་བསླང་བའོ། །རང་གི་ལག་གིས་སྟེར་བའི་དུས་སུ་ནི་ལུས་ཀྱི་ལས་སོ། །གཞན་ལ་བྱིན་ཅིག་ཅེས་སྟེར་དུ་བཅུག་པ་ནི་ངག་གི་ལས་སོ། །དེ་དག་གིས་ནི་ཀུན་དུ་རྟོག་པ་ཙམ་གྱིས་སེམས་པ་བསལ་བར་འགྱུར་རོ། །ཕུང་པོ་ལྔའི་མཚན་ཉིད་

ཅན་གྱི་སྦྱིན་པའི་མཚན་ཉིད་བསྟན་པར་འགྱུར་ཏེ། ཇི་སྐད་དུ། དགེ་བ་ཡིད་ལ་བྱེད་པའི་དངོས། །སྐྱེས་བུ་གང་ཚེ་སྦྱིན་བྱེད་པ། །དགེ་བའི་ཕུང་པོའི་སྐད་ཅིག་དེ། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི་གང་བྱང་ཆུབ་སེམས་དཔའ་

སྦྱིན་པར་བྱ་བ་མ་ཡིན་པ་དེ་ཡོངས་སུ་སྤང་ཞིང་མི་སྦྱིན་པའོ། །དེ་ལྟར་སྦྱིན་པར་བྱ་བའི་ཆོས་རྣམ་པ་ཐམས་ཅད་ཡོངས་སུ་གཏོང་བས་རབ་ཏུ་ཕྱེ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའོ། །གཞན་དག་གི་ནི་གང་གིས་ལོངས་སྤྱོད་པའི་ལུས་དེ་ཡང་སྦྱིན་པར་མི་བྱེད་དོ། །གང་གི་དོན་དུ་ལོངས་སྤྱོད་པར་

བྱེད་པའི་སྲོག་གི་དོན་དུ་སྤྱོད་པ་དེ་ཡང་སྦྱིན་པར་མི་བྱེད་དོ། །གང་དང་ལྷན་ཅིག་ལོངས་སྤྱོད་པའི་བུ་ལ་སོགས་པ་ཡང་སྦྱིན་པར་མི་བྱེད་དོ། །གང་ལ་ལོངས་སྤྱོད་པར་བྱ་བ་གྱ་ནོམ་ཞིང་རྒྱ་ཆེ་བའི་དངོས་པོ་དེ་ཡང་སྦྱིན་པར་མི་བྱེད་དོ། །དེས་ན་དེ་དག་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་མ་ཡིན་

ནོ། །སྡོམ་པ་ལ་གནས་པ་དང་ཞེས་བྱ་བ་ནི་སློང་བ་རྣམས་ལ་ལུས་ལ་སོགས་པས་གནོད་པ་མི་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་ཞེ་སྡང་མེད་པའི་དགེ་བའི་རྩ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སློང་བ་རྣམས་ལ་ཡིད་ཁྲོ་བ་མེད་དེ། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་བསྐྱེད་

པའི་ཕྱིར་རོ། །སྦྱིན་པ་བྱིན་པ་ལས་འབྲས་བུ་རྣམ་པ་གསུམ་འཐོབ་པར་མཐོང་བ་ནི་འོང་བ་མཐོང་པ་ཞེས་བྱའོ། །དེའི་དོན་བསྟན་པ་ནི་འབྲས་བུ་ལ་ལྟ་བ་ཞེས་བྱའོ། །འབྲས་བུ་རྣམ་པ་གསུམ་ནི་རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། མངོན་པར་བྱང་ཆུབ་བའི་

Vol. 133 · folio 135b

འབྲས་བུའོ། །དེ་དག་གིས་ནི་གཏི་མུག་མེད་པའི་དགེ་བའི་རྩ་བ་དང་ཡང་དག་པར་ལྡན་པའི་ཁྱད་པར་བསྟན་ཏོ། །གཞན་དག་ནི་ལོངས་སྤྱོད་ཆེན་པོ་ཉིད་ཀྱི་འབྲས་བུ་མཐོང་བ་ཉིད་དོ། །ཇི་སྐད་དུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་པ་ལྟ་བུའོ། །སུ་གང་འདོད་པ་དེ་ལ་

ཞེས་བྱ་བ་ནི་སྙིང་རྗེའི་བསམ་པ་བསྟན་པ་ཡིན་ཏེ། སློང་བ་པོའི་བསམ་པའི་དབང་གིས་སྦྱིན་པ་གཏོང་བའོ། །དེའི་ཕྱིར་སྙིང་རྗེ་ལས་བྱུང་བའི་སྦྱིན་པ་སྟོན་པ་ཡིན་ནོ། །ཐམས་ཅད་སྦྱིན་པ་ནི་ཐམས་ཅད་གཏོང་བ་སྟེ། དེས་ན་སྨྲས་པ། ཐམས་ཅད་ཅེས་བྱ་བ་ནི་ཞེས་བྱ་བ་ལ། ནང་གི་བདག་

ཉིད་ཅན་སྔོན་གྱི་སྐྱེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ཐོབ་པ་རྣམ་པར་སྨིན་པས་བསྡུས་པའོ། །དེའི་རྣམ་པར་གཞག་པ་ནི་རྣམ་པ་གཉིས་སུ་རིག་པར་བྱའོ། །ལུས་ཞེས་བྱ་བ་ནི་བསྡུས་པའོ། །ལག་པ་དང་། རྐང་པ་ལ་སོགས་པ་ནི་དེའི་དབྱེ་བའོ། །དེ་དག་གཉི་ག་བསྟན་པའི་ཕྱིར། རྐང་

ཡན་ཆད་རང་གི་ལུས་སུ་གཏོགས་པ་ཞེས་བྱ་བ་སྟེ། ནང་གི་བདག་ཉིད་འབའ་ཞིག་ཅེས་བྱ་བའི་དོན་ཏོ། །གཉིས་ཀའི་བདག་ཉིད་ཅན་གྱི་འདྲེས་པ་ཡང་ཡོད་པས་དེ་བསྟན་པའི་ཕྱིར། གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྐྱུགས་པ་ཟ་བས་འཚོ་བ་ནི་ཡི་དྭགས་དང་། དུད་འགྲོ་ཁ་ཅིག་སྟེ།

དེ་ཡང་ཟོས་ནས་མ་ཞུ་བའི་གནས་ཡན་ཆད་དུ་ཞུགས་པ་ཡིན་པས་ན་ནང་གི་བདག་ཉིད་ཅན་ཡིན་ཏེ། བདག་གི་ལུས་གནས་པའི་རྒྱུ་ཡིན་པའི་ཕྱིར་རོ། །མ་ཟིན་པ་ཡིན་པས་ཕྱི་རོལ་ཞེས་བྱའོ། །གཉིས་ཀར་གཏོགས་པས་འདྲེས་པ་སྟེ། དེའི་ཕྱིར་སྨྲས་པ། འདྲེས་པའི་སྦྱིན་པ་ཞེས་བྱ་བ་ལ་

སོགས་པའོ། །ནང་གི་བདག་ཉིད་ཅན་དང་ཕྱིའི་དངོས་པོ་སོ་སོར་ཡང་སྦྱིན་པའི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཡོངས་སུ་བཏོང་བའི་སྦྱིན་པ་ནི་གང་ཡང་སྨྲས་པ། ཅི་དགའ་དགུར་བྱེད་དུ་འཇུག་པས་ཞེས་བྱ་བ་ནི་སྦྱིན་པར་བྱེད་པ་ལ་སོགས་པ་དབང་དུ་གྱུར་པའི་སྦྱོར་བས་ཇི་ལྟར་འདོད་པ་བཞིན་

དགའ་དགུར་བྱེད་པ་ཉིད་དོ། །དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར་སྨྲས་པ། གཞན་ལ་དབང་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གསོས་པའི་བྲན་སྔོན་རང་དབང་ཡོད་པ་ལས་ཕྱིས་གཞན་གྱི་དབང་དུ་གྱུར་པ་ལྟར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་གི་ལུས་ཇི་ལྟར་འདོད་

Vol. 133 · folio 136a

པར་གསུངས་པའོ། །ཕ་རོལ་ལ་ཕན་པ་དང་བདེ་བ་ཡོངས་སུ་སྤྱད་པའི་ཕྱིར་གཞན་དག་ལ་ཡོངས་སུ་སྦྱིན་པར་བྱེད་ད། །ཟང་ཟིང་མེད་པའི་སེམས་ནི་འབྲས་བུ་ལ་རྗེས་སུ་ལྟོས་པ་མེད་པ་སྟེ། རྒྱུ་མེད་པར་གཞན་ལ་བརྩེ་བའོ། །ཟང་ཟིང་མེད་པ་ཉིད་བསྟན་པ་ནི།

བྱང་ཆུབ་དམ་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་དམ་པ་འདོད་པ་ཞེས་བྱ་བ་ནི་རང་གི་ཐར་པའི་འབྲས་བུ་འདོད་པ་མ་ཡིན་པར་གསུངས་པའོ། །ཕ་རོལ་ལ་ཕན་པ་དང་བདེ་བ་བྱ་བར་འདོད་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་། ལན་ལ་རེ་བ་མེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་རྫོགས་པར་བྱེད་པར་འདོད་དེ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུ་འདོད་པ་ཉིད་དོ། །གཞན་དག་ནི་གཞན་དུ་འཆད་དེ། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་ཚིག་གསུམ་པོ་འདི་དག་གསལ་བར་བསྟན་པ་ཡིན་ནོ་ཞེས་ཟེར་ཏེ། ལུས་སྙིང་པོ་མེད་པ་ཉིད་ལས་ཤིན་ཏུ་རྒྱ་ཆེ་བའི་

འབྲས་བུ་མཆོག་ཏུ་གྱུར་པའི་ཕྱིར་ཏེ། ལུས་ལ་ལྟོས་པ་མེད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །རྣག་དང་བཅས་པའི་ལུས་འདི་ནི་ལྷ་དང་མི་རྣམས་ལ་མཁོ་བ་མ་ཡིན་པས་དེ་བཏང་བས་ལྷ་དང་མི་མང་པོ་ལ་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་བ་དང་། ལུས་རིན་མེད་པའམ་རིན་ཆུང་བ་ཡང་བསོད་ནམས་

ཀྱི་ཕུང་པོ་ཆེན་པོ་རིན་ཐང་མེད་པར་འགྱུར་བའི་ཕྱིར་རྣམ་པ་གསུམ་གྱིས་སྙིང་པོ་ལེན་པར་རིག་པར་བྱའོ། །ཡོངས་སུ་སྤྱད་པའི་སྦྱིན་པ་ནི་གཞན་དག་གི་ཉེ་བར་ལོངས་སྤྱད་པའི་ཕྱིར་ཏེ། གང་ཡང་སྨྲས་པ། ལག་པ་དང་། རྐང་པ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཕྱི་རོལ་གྱི་དངོས་པོ་ཡང་རྣམ་པ་

གཉིས་ཀྱིས་ཡོངས་སུ་གཏོང་བར་བསྟན་པ་ཉིད་དེ། ཕྱི་རོལ་གྱི་ཡོངས་སུ་ལོངས་སྤྱོད་པ་མཐོང་ཡང་དུས་རེ་ཞིག་ཙམ་མཐོང་བས་ཐམས་ཅད་ཀྱི་ཐམས་ཅད་དུ་དངོས་པོ་ཡོངས་སུ་གཏོང་བའི་སྒོ་ནས་མ་ཡིན་པ་དང་། དེ་ལྟ་བུ་ལས་བཟློག་པའི་ཡོངས་སུ་གཏོང་བའི་སྦྱིན་པའོ། །བྱང་ཆུབ་སེམས་དཔའ་ནི་ཐམས་

ཅད་སྦྱིན་པ་ཡིན་ནོ་ཞེས་བརྗོད་ན་ཡང་། དེ་ལྟར་ན་དུས་དང་ཡུལ་དང་དངོས་པོའི་བྱེ་བྲག་ལ་ལྟོས་ནས་དེའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ། ཐམས་ཅད་བྱེ་བྲག་མེད་པར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་རེས་འགའ་འགའ་ཞིག་ལ་ཐམས་ཅད་སྦྱིན་པར་བྱའོ། །རེས་འགའ་འགའ་ཞིག་

Vol. 133 · folio 136b

ལ་ཅི་ཡང་སྦྱིན་པར་མི་བྱའོ་ཞེས་པ་ནི་རྣམ་པར་དབྱེ་བ་ཡིན་ནོ། །འོ་ན་ཅི་ཞིག་ནི་སྦྱིན་པར་བྱེད་ཅེས་བྱ་བ་ལ་སོགས་པ་ལ། གང་བདེ་བ་ཁོ་ནའི་རྒྱུར་འགྱུར་བ་དེ་ནི་སྦྱིན་པར་མི་བྱ་སྟེ། དེའི་སྒོ་ནས་གཅིག་ཏུ་བྱ་བ་མ་ཡིན་པ་ལ་འཇུག་པར་མ་བྱེད་ཅིག །ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་འགྱུར་བ་མ་

ཡིན་པ་ཉོན་མོངས་པ་ཅན་གྱི་བདེ་བ་བསྐྱེད་པའམ། གང་ཡང་འཆི་བར་བྱེད་པའམ། ནད་སྐྱེད་པར་བྱེད་པ་དེ་ནི་ཕན་པ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པས་སྦྱིན་པར་མི་བྱའོ། །འདི་དང་ཕ་རོལ་གཉིས་སུ་བདེ་བར་འགྱུར་བ་དེ་ནི་ཡོངས་སུ་གྱུར་ནས་བདེ་བ་ཡིན་པའི་ཕྱིར་ད་ལྟར་ངེས་པར་བདེ་བ་ནི་མ་

ཡིན་ཡང་ངེས་པར་སྦྱིན་པར་བྱ་སྟེ། འཕྲལ་དུ་བདེ་བ་མ་ཡིན་པས་དེ་མི་འདོད་ཀྱང་དབང་མེད་དུ་སྦྱིན་པར་བྱའོ། །མདོར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་མདོར་བསྟན་པའོ། །ཕ་རོལ་ལ་གནོད་པ་བྱ་བ་དང་ཞེས་བྱ་བ་ནི་གཞན་དག་གི་སྲོག་གཅོད་པ་ལ་སོགས་པའི་ཆེད་དུ་བྱང་ཆུབ་སེམས་དཔའི་

ལུས་ཀྱིས་གྲོགས་བྱ་དགོས་པར་གསོལ་བ་འདེབས་པར་བྱེད་ན་དེ་གྲོགས་སུ་ཁས་མི་ལེན་ཏོ། །ཕ་རོལ་བྲིད་པ་དང་ཞེས་བྱ་བ་ནི་གཞན་དག་སླུ་བའི་དོན་དུའོ། །མི་རིགས་པས་བསྐྱེད་པས་བྱེད་དུ་བཅུག་ན་ཞེས་བྱ་བ་ནི་བུད་མེད་ཀྱི་ཡུལ་དང་འཁྲིག་པ་སྤྱོད་པ་ལ་སོགས་པའི་བྱ་བ་ལ་དེ་དག་གི་དབང་དུ་འགྱུར་

བར་བདག་ཉིད་སྦྱིན་པར་མི་བྱེད་དོ། །ཅི་སྟེ་ཞེ་ན། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དང་། གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་པའི་ཕྱིར་གཞན་གྱི་ངོར་བདག་ཉིད་ཀྱི་སྲོག་འདོར་བ་ནི་ནུས་ཀྱི། གཞན་གྱི་ངོར་གཞན་དག་ལ་གནོད་པ་བྱེད་པའི་གྲོགས་སུ་ནི་འགྲོ་བར་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་རོ། །སྦྱིན་

པ་ལས་བརྩམས་ཏེ་བསམ་པ་དག་པ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་དེ་ལ་བྱང་ཆུབ་སེམས་དཔའ་དངོས་པོ་ཡོངས་སུ་གཏོང་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། བདག་ཉིད་ཀྱི་སེར་སྣའི་འཛིན་པ་དམ་པོའི་དྲི་མ་སྤང་བའི་ཕྱིར་རོ། །གང་ལ་ལྷག་པར་ཞེན་པ་ཆེན་པོ་སྐྱེ་བའི་དངོས་པོ་མི་སློང་ཡང་སྦྱིན་པར་བྱ་སྟེ། ཡོངས་སུ་འཛིན་

པའི་སྐྱོན་གྱིས་གནོད་པ་བྱེད་པར་འགྱུར་བའི་ཕྱིར་ཞེས་བྱས་ནས་སམ། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ། །དེ་ལ་རྒྱུ་དང་པོ་མེད་པར་བསྟན་པའི་ཕྱིར། བསམ་པ་དག་པ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ། རྣམ་པ་གཉིས་ཀྱིས་བསམ་པ་དག་པར་འགྱུར་ཏེ། དེའི་གཉེན་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words