རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་སའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཡོ་གཱ་ཙཪྻ་བྷཱུ་མི་སྱེ་བོ་དྷི་སཏྭ་བྷཱུ་མི་བྱཱ་ཁྱཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 133 · folio 163b

སྟོབས་བསྐྱེད་པ་ཐོབ་པ་དང་། རྟེན་གྱི་ཁྱད་པར་ཐོབ་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པའི་བར་གྱི་སྡོམ་པར་འགྱུར་ཏེ། དེ་བས་ན་ཚེ་བརྗེས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོག་ཅེས་བྱ་བ་ནི་ངན་སོང་རྣམས་ཏེ། སྨོན་ལམ་གྱི་སྟོབས་དང་དབང་གི་སྦྱོར་བས་སེམས་ཅན་ཡོངས་སུ་སྨིན་

པར་བྱ་བའི་དོན་དུ་ངན་སོང་དུ་སྐྱེས་ནས་ཡང་སྡོམ་པ་ཡོངས་སུ་བཏང་བ་མེད་དེ། གཏོང་བའི་རྒྱུ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྡོམ་པ་གཏོང་བའི་རྒྱུ་རྣམ་པ་གཉིས་ནི་བསྟན་ཟིན་ཏོ། །སོ་སོ་ཐར་པའི་སྡོམ་པ་གཏོང་བའི་རྒྱུ་ནི་རྣམ་པ་ལྔར་བསྟན་ཏེ། བྱེ་བྲག་མེད་པར་བསླབ་པ་ཕུལ་བ་དང་།

ཤི་འཕོས་པ་དང་། མཚན་གཉིས་ཅིག་ཅར་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། ཉིན་ཞག་འདས་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའི་དུས་ངེས་པ་མེད་པ་དང་། གཏོང་བའི་རྒྱུ་མེད་པའི་ཕྱིར་ཚེ་བརྗེས་སུ་ཟིན་ཀྱང་སྡོམ་པ་གཏོང་བ་མེད་པ་ཁོ་ན་ཡིན་ནོ། །སྟེང་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ནང་

དུའོ། །ཐད་ཀ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་དུའོ། །གཏོང་བའི་རྒྱུ་མེད་པ་ནི་བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །མི་དྲན་དུ་ཟིན་ན་ཡང་རང་བཞིན་གྱིས་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཚམ་པ་མ་ཡིན་པ་བྱེད་པ་མེད་

པས་ན་དེ་རྗེས་སུ་འབྲང་བ་ཁོ་ནར་འགྱུར་ཏེ། དྲན་པ་གསོ་བའི་ཕྱིར་ཡང་མནོས་ན་ཡང་ཉེས་པ་མེད་པ་དེ་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དཔེར་ན་ཉན་ཐོས་ཀྱི་འདུལ་བ་ལ་ལ་ལ་ཞིག་ལ་རེས་འགའ་ཙམ་དངོས་པོའི་འགལ་བ་བྱུང་ན་ཡང་དངོས་པོ་དེ་ཉིད་ཀྱི་ཉེས་པར་འགྱུར་བ་

བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དེ་དང་འདྲ་བར་བསྟན་པའི་ཕྱིར་ཉེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ཉན་ཐོས་རྣམས་ཀྱི་ཉེས་པ་ནི་རྣམ་པ་གཉིས་ཡོད་དེ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དེ་བྱས་ན་ནི་ཉོན་མོངས་པ་ཅན་དུ་འགྱུར་ལ། ཉོན་མོངས་པ་ཅན་མ་ཡིན་པས་

བྱས་ན་ནི་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ། །དཔེར་ན་ཉན་ཐོས་རྣམས་ཀྱི་ཉེས་པ་རྣམས་ནི་རྣམ་པ་ལྔས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་འགྱུར་ཏེ། ངོ་བོ་ཉིད་དང་། ཉེས་པ་

Vol. 133 · folio 164a

བྱེད་པ་དང་། བསམ་པ་དང་། དངོས་པོ་དང་། བསགས་པའོ། །དེ་ལ་ཕམ་པ་རྣམས་ནི་ངོ་བོ་ཉིད་ཀྱིས་ཉེས་པ་ཆེན་པོ་ཡིན་ནོ། །དགེ་འདུན་གྱི་ལྷག་མ་ནི་འབྲིང་ངོ་། །དེ་མ་ཡིན་པ་རྣམས་ནི་ཆུང་ངུའོ། །ཡང་ཕམ་པ་རྣམས་དང་། དགེ་འདུན་ལྷག་མ་རྣམས་ཀྱི་ནི་ཆེན་པོ་སྟེ།

ཉེས་པ་ལྕི་བས་ཕྱེ་བ་ཡིན་པའི་ཕྱིར་རོ། །ལྟུང་བ་ནི་འབྲིང་པོའོ། །ཉེས་བྱས་ནི་ཡང་བ་སྟེ། དེ་ལྟར་ན་ངོ་བོ་ཉིད་ཀྱི་སྒོ་ནས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་འགྱུར་རོ། །ཉེས་པ་བྱེད་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། མི་ཤེས་པའམ་བག་མེད་པས་བྱས་པ་གང་ཡིན་པ་འདི་ནི་ཆུང་ངུའོ། །ཉོན་མོངས་པ་ཤས་

ཆེ་བས་བྱས་པ་གང་ཡིན་པ་འདི་ནི་འབྲིང་ངོ་། །མ་གུས་པས་བྱས་པ་གང་ཡིན་པ་འདི་ནི་ཆེན་པོའོ། །བསམ་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། འདོད་ཆགས་ལ་སོགས་པའི་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པ་གང་ཡིན་པ་དེ་ནི་ཆུང་ངུའོ། །འབྲིང་དང་ཆེན་པོས་བྱས་པ་ནི་འབྲིང་དང་ཆེན་པོར་འགྱུར་རོ། །དངོས་

པོའི་སྒོ་ནས་ཇི་ལྟ་བུ་ཞེ་ན། བསམ་པའི་སྒོ་ནས་མཚུངས་སུ་ཟིན་ཀྱང་དངོས་པོའི་ཁྱད་པར་གྱིས་ཆུང་ངུ་དང་འབྲིང་དང་། ཆེན་པོར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཀུན་ནས་དཀྲིས་པ་མཚུངས་པས་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སྲོག་ཆགས་གསོད་དམ་གསོད་དུ་བཅུག་ན་ལྟུང་བར་འགྱུར་གྱི་

མི་ནི་དེ་ལྟ་མ་ཡིན་ནོ། །མིར་གྱུར་པ་ལས་ཀྱང་ཕ་མ་གསོད་དམ་གསོད་དུ་བཅུག་ན་ནི་ཕམ་པར་ཡང་འགྱུར་ལ། མཚམས་མེད་པར་ཡང་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་དངོས་པོའི་སྒོ་ནས་ཀྱང་འགྱུར་རོ། །བསགས་པའི་སྒོ་ནས་ཇི་ལྟ་བུ་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་ཉེས་པ་གཅིག་གམ། གཉིས་

སམ། གསུམ་མམ། ལྔའི་བར་དུ་བྱས་ན་ཡང་ཆོས་བཞིན་དུ་ཡང་ཕྱིར་འཆོས་པར་མི་བྱེད་པ་འདི་ནི་བསགས་པའི་སྒོ་ནས་ཆུང་ངུ་ཡིན་ནོ། །དེ་ཡན་ཆད་ཉེས་པ་བཅུའམ་ཉི་ཤུ་ནས་རྟོགས་པར་ནུས་པ་བརྒྱའི་བར་དུ་བྱས་ཀྱང་ཕྱིར་འཆོས་པར་མི་བྱེད་པ་འདི་ནི་འབྲིང་ངོ་། །ཉེས་པ་ཚད་མེད་པ་བྱུང་

ཡང་ཕྱིར་འཆོས་པར་མི་བྱེད་པ་འདི་ནི་ཆེན་པོ་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཆུང་ངུ་ལ་སོགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །གསུམ་ལ་སྐྱབས་སུ་སོང་བ་དང་། ལྷག་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་ཉིན་གཅིག་བཞིན་དུ་དཀོན་མཆོག་གསུམ་ལ་

Vol. 133 · folio 164b

མཆོད་པ་དང་། རིམ་གྲོ་མི་བྱ་བར་མི་རུང་བས་ན་དཀོན་མཆོག་གསུམ་ལ་མཆོད་པ་མི་བྱེད་པའི་ཉེས་པ་དེ་བཞིན་གཤེགས་པ་ཞེས་བྱ་བས་བསྟན་ཏེ། དེ་བཞིན་གཤེགས་པ་ཕྱོགས་གང་ན་བཞུགས་པའི་ཕྱོགས་དེ་ལོགས་སུ་བལྟས་ནས་རྗེས་སུ་དྲན་པའི་རྣམ་པས་ཕྱག་བྱའོ། །དེའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་

མཆོད་རྟེན་ལ་ཡང་དེ་བཞིན་དུ་བྱའོ། །ཆོས་དང་དམ་པའི་ཆོས་ཀྱི་གླེགས་བམ་ལ་ཡང་དེ་བཞིན་དུ་བྱ་སྟེ། འདི་ནི་བླ་ན་མེད་པར་གཏོགས་པ་ཁོ་ནའི་བསྟན་པའི་ཆོས་ལ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་

འདུན་ལ་བྱ་བའི་ཕྱིར་དགེ་འདུན་ལ་ཡང་རུང་ཞེས་བྱ་བ་ནས་གང་ཡིན་པ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྟོན་ཏོ། །མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱིས་བྱ་བ་སྟེ། ལུས་ཀྱིས་ནི་ཐ་ན་ཕྱག་བྱ་བ་ཡན་ཆད་དེ་གཅིག་ཙམ་ཞེས་བྱ་བས་སྟོན་ཏོ། །ངག་གིས་ནི་ཐ་ན་ཞེས་བྱ་བ་ནས། ཚིག་བཞི་པའི་

ཚིགས་སུ་བཅད་པ་གཅིག་ཙམ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྟོན་ཏོ། །ཡིད་ཀྱིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་སྟོན་ཏོ། །དེ་ལ་ཡང་མཐའ་ནི་དད་པ་གཅིག་ཙམ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཉེས་པ་དང་བཅས་པ་ནི་ཁ་ན་མ་ཐོ་བ་བསྐྱེད་པའི་ཕྱིར་རོ། །འགལ་བ་དང་བཅས་པ་ནི་བྱང་

ཆུབ་སེམས་དཔའི་ཆོས་ཉིད་དང་འགལ་བའི་ཕྱིར་རོ། །བསམ་པ་དག་པའི་སར་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་བསམ་པ་དག་པའི་ཁྱད་པར་ཐོབ་པའི་ཕྱིར་ཆོས་ཉིད་ཀྱིས་དཀོན་མཆོག་གསུམ་གྱི་མཆོད་པ་ལ་རྟག་ཏུ་ཞུགས་པ་ཉིད་ཡིན་པས་དེ་ནི་སྒྲུབ་པའི་མཆོད་པ་དང་འབྲལ་བའི་དུས་མེད་དེ། དཔེར་

ན་བདེན་པ་མཐོང་བའི་འཕགས་པའི་གང་ཟག་བཞིན་ནོ། །གལ་ཏེ་ལུས་དང་ལོངས་སྤྱོད་ལ་ལྟ་བས་འདོད་པ་ཆེ་བ་ལ་སོགས་པ་གསུམ་དང་དུ་ལེན་པར་བྱེད་ན་ཉེས་པ་དང་བཅས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་འགལ་བའི་ཕྱིར་རོ། །འདོད་པ་ཆེ་བ་ལ་སོགས་པ་ནི་གཅིག་ཏུ་ངེས་

པར་ཉོན་མོངས་པ་ཅན་ཁོ་ན་ཡིན་པས་ན་དེ་ལ་ནི་ཉོན་མོངས་ཅན་མ་ཡིན་པ་མེད་དོ། །སྤང་བའི་ཕྱིར་འདུན་པ་བསྐྱེད་ན་ནི་ཉེས་པ་མེད་དེ་དེའི་གཉེན་པོ་ལ་ལེགས་པར་བསྟེན་པས་འབད་པ་ལ་སོགས་པ་དེའི་གེགས་ལ་གནས་ཤིང་བཟློག་པ་མེད་བཞིན་པས་ན་རྒྱུའི་སྟོབས་ཀྱིས་ཟིལ་གྱིས་མནན་ནས་ཀུན་དུ་སྤྱོད་

Vol. 133 · folio 165a

ན་ཡང་ཉེས་པ་མེད་དོ། །བཀུར་སྟི་བྱ་བར་འོས་པ་རྣམས་ལ་བཀུར་སྟི་བྱ་བའི་འོས་སུ་བྱས་ནས་ཆེས་རྒན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཡོན་ཏན་དང་ལྡན་པ་ནི་ཡིད་ཆེས་པར་བྱ་བའོ། །བཀུར་སྟི་བྱ་བར་འོས་པ་ནི་རྣམ་པ་དེ་གཉིས་ཀྱི་སྒོ་ནས་གསོང་པོར་སྨྲ་བ་ལ་སོགས་པའི་འོས་

ཡིན་པའི་ཕྱིར་རོ། །མ་བྱས་ན་ཉེས་པ་དང་བཅས་པའི་རྒྱུ་ནི་ང་རྒྱལ་གྱིས་ནོན་ཅེས་བྱ་བས་བསྟན་ཏེ། ང་རྒྱལ་གྱིས་ཁེངས་ན་ཉོན་མོངས་པ་ཅན་དུ་འགྱུར་བའི་ཕྱིར་རོ། །སྙོམ་ལས་དང་ལེ་ལོ་མ་བྱས་པ་ནི་ཉོན་མོངས་པ་ཅན་མ་ཡིན་ཏེ། སེམས་ཀྱི་ཉེས་པ་ཤས་ཆེ་བ་ཉིད་མེད་པའི་ཕྱིར་རོ། །སྨྲ་བ་པ་ནི་བློ་

དོར་གྱི་ཚིག་གོ། །ཀུན་དུ་སྨྲ་བ་ཐུགས་བདེ་བའམ་ཞེས་འདྲི་བ་ལ་སོགས་པའི་ཚིག་གོ། །ཡང་དག་པར་དགའ་བར་བྱེད་པ་ནི་དོན་གཞན་གྱི་ཚིག་དྲི་བའོ། །རིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ལན་གྱི་རྙེད་པའི་བསམ་པ་སྤངས་པའོ། །གཉིད་ཀྱིས་ལོག་པ་ནི་ཡང་ཕྲད་དུ་འོངས་པ་ལ་སོགས་པའི་བྱ་བ་བྱུང་

བ་ནི་སད་པའི་འདུ་ཤེས་ཞེས་བྱ་བར་བསྟན་ཏོ། །འབྲེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་ནི་ཆོས་མངོན་པ་དང་འདུལ་བ་མངོན་པའི་དབང་དུ་བྱས་ནས་ཕན་ཚུན་རྟོག་པར་བྱེད་པའོ། །འདྲི་བའི་ཚུལ་གྱིས་གཞན་ཡང་དག་པར་དགའ་བར་བྱེད་པ་ན་ངག་ཅིག་ཅར་འབྱུང་དུ་མི་རུང་བས་ན་ཉེས་པ་

མེད་དོ། །ཆོས་ཉན་པའི་བར་ཆད་དུ་འགྱུར་རོ་སྙམ་པའི་བསམ་པ་ཅན་ལ་ཡང་ཉེས་པ་མེད་དོ། །རྣམ་པར་གཏན་ལ་འབེབས་པ་ཡང་དེ་དང་འདྲའོ། །དེ་བཞིན་དུ་གཞན་ཆོས་ཉན་པ་རྣམས་ཀྱི་གཡེང་བ་བསྲུང་བའི་བསམ་པ་དང་ཆོས་སྨྲ་བའི་སེམས་བསྲུང་ན་ཡང་ཉེས་པ་མེད་དོ། །དེ་ལྟར་བྱས་ན་དེ་

དག་ལ་ཕན་པར་འགྱུར་བ་ཞིག་ན་ཡང་ཉེས་པ་མེད་དོ། །གལ་ཏེ་དགེ་འདུན་གྱིས་དེར་ཕྱག་བྱ་བའི་ལས་དེ་མི་བྱ་བའམ། དེ་དང་ལྷན་ཅིག་ཏུ་གཏམ་མི་བྱ་བ་དེ་ལྟ་བུའི་ནང་ཁྲིམས་བཅས་པའམ། དེ་དང་ལྷན་ཅིག་ཏུ་དེ་ལྟར་བྱས་ན་གཞན་ཆེས་མང་བ་རྣམས་བྱང་ཆུབ་སེམས་དཔའ་ལ་ཀུན་ནས་མནར་

སེམས་ཀྱི་སེམས་སྐྱེ་བར་འགྱུར་བ་དེ་བསྲུང་བའི་ཕྱིར་ཡང་ཉེས་པ་མེད་དོ། །ཟང་ཟིང་ཡོངས་སུ་འཛིན་པའི་དབང་དུ་བྱས་ནས་བོས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི་རྒྱུན་དུ་བྱ་བ་ལས་ཉམས་པར་འགྱུར་བ་བསྲུང་བའི་ཕྱིར་

Vol. 133 · folio 165b

ཞེས་བྱ་བའི་ཐ་ཚིག་གོ། །མ་ཐོས་པའི་ཆོས་མཉན་པ་ལས་ཉམས་པར་འགྱུར་དུ་དོགས་པ་ལ་ཡང་ཉེས་པ་མེད་དོ། །འབེལ་བའི་གཏམ་གཏན་ལ་འབེབས་པ་ཡང་དེ་དང་འདྲའོ། །ཀུན་ནས་མནར་སེམས་ཀྱི་སེམས་ཀྱིས་ཞེས་བྱ་བ་ནི་དེ་དག་ལ་དགའ་བ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཆགས་པ་ཞེས་བྱ་བ་ནི་

ཡོངས་སུ་གཟུང་བ་དེ་ལ་བདག་ཉིད་ཀུན་དུ་འཛིན་པར་འགྱུར་བར་མཐོང་བའོ། །སྦྱིན་པ་པོ་འགྱོད་པར་འགྱུར་བའམ་གཏི་མུག་གི་དབང་གིས་སྦྱིན་པ་འཁྲུལ་པའམ། ཀུན་དུ་འཛིན་པ་བཏང་སྟེ་ནོར་ཐམས་ཅད་བཏང་བས་དབུལ་པོར་འགྱུར་དུ་དོགས་པ་ལ་ཡང་ཉེས་པ་མེད་དོ། །ཆོས་མ་ཡིན་པའི་སྦྱིན་

པར་བྱ་བའི་ཆོས་མ་བླངས་ན་ཉེས་པ་མེད་དོ། །མི་རིགས་པ་ལས་འོངས་པ་དེ་དང་འདྲ་སྟེ་མི་རིགས་པ་ལས་འོངས་པ་བླངས་པའི་ཉེས་དམིགས་བསྟན་པའི་ཕྱིར་རྒྱུ་དེས་ཞེས་བྱ་བ་སྨོས་སོ། །ཆོས་ཀྱི་བགོ་བཤའི་དབང་དུ་བྱས་ནས་གཞན་ཆོས་འདོད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྣམ་པ་

གཉིས་ཀྱིས་ཉན་པ་པོ་སྣོད་དུ་མི་འགྱུར་ཏེ། ཞེ་འགྲས་པའི་སེམས་ཀྱི་ཕྱིར་ནི་མུ་སྟེགས་ཅན་ཞེས་བྱ་བ་སྨོས་སོ། །ཞེ་ས་མེད་པའི་ཕྱིར་ནི་མ་གུས་ཞེས་བྱ་བ་སྨོས་སོ། །དབང་པོ་ཡོངས་སུ་མ་སྨིན་པ་ལ་ཟབ་མོ་བསྟན་པ་བསྲུང་བའི་བསམ་པ་ཅན་ལ་ཉེས་པ་མེད་དེ། དེའི་ཉེས་དམིགས་ནི་སྐྲག་ཅེས་བྱ་བ་ལ་སོགས་

པས་བསྟན་ཏེ། སྐྲག་པ་ནི་དཀའ་བར་འཛིན་པའི་ཕྱིར་རོ། །ལོག་པར་ལྟ་བ་ནི་ཡིད་མི་ཆེས་པའི་ཕྱིར་རོ། །ལོག་པར་མངོན་པར་ཞེན་པ་ནི་གཞན་དག་གིས་ལེགས་པར་བརྡ་སྤྲད་ཀྱང་མི་ཉན་པའི་ཕྱིར་རོ། །དེའི་རྒྱུ་ལས་ཀྱང་བསོད་ནམས་མ་ཡིན་པ་འཕེལ་བ་དང་ངན་སོང་གི་འགྲོ་བར་འགྲོ་བའི་ཕྱིར་གནོད་པ་

དང་ཉམས་པར་འགྱུར་རོ། །གཅིག་ནས་གཅིག་ཏུ་སྣོད་དུ་མ་གྱུར་པ་ལ་སྟོན་པར་འགྱུར་བར་མཐོང་ན་ཡང་ཉེས་པ་མེད་དོ། །ཚུལ་ཁྲིམས་ཁོ་ནའི་དབང་དུ་བྱས་ནས་ཚུལ་ཁྲིམས་འཆལ་བ་རྣམས་ལ་སེམས་འཁྲུལ་པས་ཡལ་བར་འདོར་བ་དང་། བརྙས་པའི་སེམས་ཀྱིས་ཁྱད་དུ་གསོད་ན་ཉེས་པ་དང་བཅས་

པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པ་རྣམས་ལ་སྙིང་རྗེ་ཆེན་པོ་ཉེ་བར་འཇོག་པས་ཡང་དག་པར་བསྒྲུབ་པ་ལྟར་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་དག་ནི་བདག་ཉིད་ལེགས་པར་ཞུགས་པ་མ་ཡིན་པའི་ཕྱིར་དེ་དག་ལ་ཕན་པ་དང་བདེ་བ་བྱར་

Vol. 133 · folio 166a

མེད་པས་ན་དེའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་ཚུལ་ཁྲིམས་འཆལ་བ་དང་འདྲ་བ་ཡིན་ནོ་ཞེས་སྐུར་པ་འདེབས་པ་བསྲུང་བ་དང་། དགེ་འདུན་གྱི་ནང་ཁྲིམས་སྲུང་ན་ཉེས་པ་མེད་དོ། །སོ་སོར་ཐར་པའི་སྡོམ་པ་ལ་ཉན་ཐོས་རྣམས་དང་ཐུན་མོང་པ་དང་ཐུན་མོང་མ་ཡིན་

པའི་བསླབ་པ་རྣམ་པར་གཞག་པ་བསྟན་པའི་ཕྱིར། སོ་སོར་ཐར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོར་ཐར་པ་ནི་མ་མོའི་མདོ་ཡིན་ནོ། །འདུལ་བ་ནི་དེའི་རྣམ་པར་དབྱེ་བའོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། རང་བཞིན་གྱིས་མི་དགེ་བ་མ་ཡིན་ལ་མི་བྱ་

བར་བཅོམ་ལྡན་འདས་ཀྱིས་བཅས་པའི་ཕྱིར་ཁ་ན་མ་ཐོ་བ་སྟེ། དེ་བྱས་ན་ཁ་ན་མ་ཐོ་བ་འཕེལ་བའི་ཕྱིར་དཔེར་ན་ཆང་འཐུང་བ་ལ་སོགས་པ་ལྟ་བུའོ། །ཆང་འཐུང་བ་ཇི་ལྟར་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་མངོན། འོ་ན་མ་ཡིན་པར་ཡང་ཇི་ལྟར་མངོན་སྨྲས་པ། སྲོག་གཅོད་པ་ལ་སོགས་པ་བཞིན་དུ་

ཉེས་པར་སྤྱོད་པ་ཞེས་གསུངས་པའི་ཕྱིར་དང་། ངན་སོང་གི་འགྲོ་བའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་དང་། བག་མེད་པའི་གནས་ཀྱི་གཞི་ཡིན་པར་གསུངས་པའི་ཕྱིར་དང་། གཅིག་ཏུ་ངེས་པར་མ་གནང་བའི་ཕྱིར་རོ། །ཇི་ཙམ་གྱིས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་

དང་བཅས་པར་འགྱུར་བ་འདི་སྤྱད་ན་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནས་བྱས་པ་གང་ཡིན་པ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཀྱང་སྤྱད་པར་ནུས་ལ། ཉེས་པ་གཞན་བསྲུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཅས་པ་གང་ཡིན་པ་དེ་ནི་

བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །འདི་ཡང་དཔྱད་པར་བྱ་སྟེ། ཅི་མི་འདོད་བཞིན་དུ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་སྨན་པའི་མན་ངག་ལས་སོ་སོར་བརྟགས་ཏེ་ཆང་འཐུང་བར་གྱུར་པ་ཡོད་དམ་འོན་ཏེ་མེད། འདི་ལས་ཅིར་འགྱུར། གལ་ཏེ་ཡོད་ན་ནི་ཉོན་མོངས་པ་

ཅན་མ་ཡིན་པའི་སེམས་ཇི་ལྟར་ཉེས་པར་སྤྱོད་པར་རུང་། འོན་ཏེ་མེད་ན་ནི་དེ་བཞིན་དུ་འཐུང་བ་ཉོན་མོངས་པ་མེད་པའི་སེམས་སུ་ཇི་ལྟར་འགྱུར་ཏེ། གང་གི་ཕྱིར་དེས་ཆང་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པར་ཤེས་བཞིན་དུ་ངོ་ཚ་མི་ཤེས་པས་འཐུང་བའི་ཕྱིར་རོ། །ཁ་ན་མ་ཐོ་བ་དང་བཅས་པའི་ཆང་

Vol. 133 · folio 166b

ལ་ཁ་ན་མ་ཐོ་བ་མ་ཡིན་པར་འཛིན་པ་དེ་ཁ་ན་མ་ཐོ་བ་མེད་པར་ཇི་ལྟར་འགྱུར། རན་པར་འཐུང་བས་ར་རོ་བར་མི་ནུས་པ་དེ་ལྟར་ཡང་ཤེས་བཞིན་དུ་འཐུང་བ་གང་ཡིན་པ་དེ་ཅིའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། དཔེར་ན་དུག་ཚོད་ཟིན་པར་སྦྱར་ཏེ་ཟོས་ན་དུག་གི་ཉེས་པ་བསྐྱེད་པའི་མཐུ་མེད་དེ་

ཉེས་པར་མི་འགྱུར་བ་བཞིན་ནོ། །དེ་བས་ན་ཆང་འཐུངས་སོ་ཅོག་ཀྱང་ཉེས་པར་སྤྱོད་པ་མ་ཡིན་ནོ། །ཆང་འཐུང་བ་རྣམས་ནི་ཕལ་ཆེར་ར་རོ་བར་བྱ་བའི་ཕྱིར་ཆང་འཐུང་བར་བྱེད་དེ། ཅི་ནས་དགའ་བར་བྱའོ་སྙམ་པ་དང་། ཡང་ན་ར་རོ་བར་འགྱུར་བར་བདག་ཉིད་ཀྱིས་ཤེས་བཞིན་དུ་འཐུང་བ་དེ་དག་ནི་ཉོན་མོངས་

པ་ཅན་གྱི་སེམས་ཡིན་པའི་ཕྱིར་དེ་ལུས་ཀྱིས་ཉེས་པར་སྤྱོད་པར་འགྱུར་བ་འདིར་དགོངས་པར་རིག་པར་བྱ་སྟེ། དེ་དག་ཉིད་ཀྱིས་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ནོ། །ཉེས་དམིགས་མང་བས་ན་བག་མེད་པའི་གནས་ཀྱི་གཞི་ཡིན་ནོ། །འཐུང་བ་ན་ཚོད་རིག་པར་མི་ནུས་པས་ན་གཅིག་ཏུ་ངེས་པར་མ་གནང་ངོ་། །

འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ཀྱང་སྤྱད་པའི་ཕྱིར་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱིས་སྤྱད་པ་གང་ཡིན་པ་དེ་ནི་མི་དགེ་བ་མ་ཡིན་ནོ། །ཆང་ནི་འདོད་ཆགས་དང་བྲལ་བས་ཀྱང་འཐུང་སྟེ། དེ་བས་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་ནོ། །སོགས་པའི་སྒྲས་ནི་དུས་མ་ཡིན་པའི་

ཁ་ཟས་ལ་སོགས་པ་བསྟན་ཏོ། །གཞན་དག་གི་སེམས་སྲུང་བས་ཞེས་བྱ་བ་ནི་གཞན་དག་གི་སེམས་སྲུང་པས་ཞེས་བྱ་བའི་ཐ་ཚིག་གོ། །མ་དད་པ་རྣམས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་རྣམ་པར་འགྲེལ་ཏེ། གང་ཟག་མ་དད་པ་རྣམས་སློབ་མ་སྒྲུབ་པ་རྣམས་ཉིད་ལ་དད་པ་བསྐྱེད་པའི་ཕྱིར་དང་། སྔ་ནས་

དད་པ་རྣམས་ཀྱི་དད་པ་འཕེལ་བར་བྱ་བའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བའི་དངོས་པོ་ཅི་ཡང་རུང་བའོ། །མཚུངས་པར་བསླབ་ཅེས་བྱ་བ་ན་ཉན་ཐོས་རྣམས་ཀྱིས་ཀྱང་མི་བྱ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མི་བྱའོ། །དེ་བས་ན་མཚུངས་པར་འགྱུར་ཏེ། མཚུངས་པར་

འགྱུར་བའི་གཏན་ཚིགས་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་གི་དོན་ལྷུར་བྱེད་ཅེས་བྱ་བ་ནི་བདག་ཉིད་འདུལ་བ་ལ་ཞུགས་པའི་ཕྱིར་རོ། །གཞན་གྱི་དོན་ལ་མི་ལྟ་བ་ཞེས་བྱ་བ་ནི་དེ་དག་ནི་གཞན་ལ་ཕན་པའི་ཕྱིར་ཞུགས་པ་མ་ཡིན་མོད་ཀྱི། དེ་དག་ཀྱང་གལ་ཏེ་ན་གཞན་དད་པར་

Vol. 133 · folio 167a

བྱ་བའི་ཕྱིར་འཇུག་པར་བྱེད་ན། བྱང་ཆུབ་སེམས་དཔའ་གཞན་ལ་ཕན་པའི་ཕྱིར་ཞུགས་པ་རྣམས་ལྟ་ལོས་ཀྱང་བྱེད་དོ་ཞེས་བསྟན་ཏོ། །དོན་ཉུང་བ་ལས་བརྩམས་ཏེ་ཞེས་བྱ་བ་ནི་འདོད་པ་ཆུང་བའི་སྒོ་ནས་སོ། །བྱ་བ་ཉུང་བ་ཞེས་བྱ་བ་ནི་ཡོ་བྱད་ཡོངས་སུ་འཛིན་པ་མང་ན་བྱ་བ་མང་བར་

འགྱུར་ཏེ་དེ་སྤང་བའི་ཕྱིར་རོ། །སྙིང་ལས་ཆུང་ངུར་གནས་པ་ཞེས་བྱ་བ་ནི་འཕགས་པའི་རིགས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་གཞན་གྱི་དོན་ལ་བརྩམས་ཏེ་དོན་ཉུང་ཞིང་བྱ་བ་ཉུང་ལ་སྙིང་ལས་ཆུང་ངུར་གནས་པ་ནི་

མཛེས་པ་མ་ཡིན་ཏེ། དེ་བས་ན་གཞན་གྱི་དོན་ཉིད་བདག་གི་དོན་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཅི་ནས་ཀྱང་གཞན་གྱི་དོན་རྣམས་ལ་བསླབ་པར་བྱ་བར་ཉེ་དུར་མི་འོང་བའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལས་མི་བསླང་བར་མི་བྱ་ཞེས་བྱ་བས་སྟོན་ཏོ། །ཉན་ཐོས་རྣམས་ལ་ནི་མི་གནང་བར་བཅས་ཏེ་གོས་

མང་པོ་དག་ལ་སྐབས་ཕྱེ་བ་རྣམས་ལ་ཡང་གོས་ཡ་གཉིས་ཙམ་བླང་བར་བྱ་བའི་ཕྱིར་བཅས་སོ། །ལྷུང་བཟེད་རྣམས་ཀྱང་དེ་དང་འདྲའོ། །བདག་ཉིད་ཀྱིས་རྒྱུ་སྐུད་པ་བླངས་པ་ཉེ་དུར་མི་འོང་བའི་ཐག་པ་ལ་འཐག་ཏུ་འཇུག་པ་ཡང་དེ་དང་འདྲའོ། །མལ་སྟན་སྲིན་བལ་ཅན་གདིང་བ་དང་། སྟན་ནང་ཚངས་ཅན་

བཅང་བར་མི་བྱ་བ་ཡང་དེ་དང་འདྲའོ། །གསེར་དངུལ་བླང་བར་མི་བྱ་ཞེས་བྱ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནི་བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་དང་བསླབ་པ་མཚུངས་པ་མ་ཡིན་ཏེ། གལ་ཏེ་ཉན་ཐོས་ལྟར་བསླབ་ན་ནི་ཉེས་པ་དང་བཅས་པར་འགྱུར་རོ། །གནས་

འདི་དག་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་གནང་བའི་ཕྱིར་རོ། །དེ་ལྟར་ན་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཉན་ཐོས་རྣམས་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་རྣམ་པར་གཞག་པ་ནི་

བཤད་ཟིན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་ལ་བསླབ་པའི་ཁྱད་པར་བསྟན་པར་འདོད་པའི་ཕྱིར། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ལ་ལྟོས་ནས་གྲགས་པའི་སྒོ་ནས་རང་བཞིན་གྱི་ཁ་

Vol. 133 · folio 167b

ན་མ་ཐོ་བ་དང་བཅས་པ་ཞེས་བྱའི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་མ་ཡིན་ཏེ། ཉོན་མོངས་ཅན་མ་ཡིན་པའི་སེམས་ཀྱིས་བྱེད་པའི་ཕྱིར་རོ། །ཐབས་མཁས་པ་ཞེས་བྱ་བ་ནི་གཞན་མཚམས་མེད་པ་ལ་སོགས་པའི་ལས་བྱ་བར་མངོན་དུ་ཕྱོགས་པར་མཐོང་ན་

ལས་དེའི་རྣམ་པར་སྨིན་པ་ཡུན་རིང་པོར་མི་བཟད་པར་འགྱུར་བར་རིག་ནས་སྙིང་རྗེ་སྐྱེ་སྟེ། དེ་བསད་པས་བདག་ཉིད་སེམས་ཅན་དམྱལ་བར་སྐྱེ་བར་ཁས་བླངས་ནས་དེ་ཡོངས་སུ་སྤང་བའི་ཕྱིར་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལ་གནས་ནས་བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་ནི་

བླའི། འདི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་ཕྲད་ན་མི་རུང་ངོ་སྙམ་ནས་སྲོག་དང་བྲལ་བར་བྱེད་དོ། །དེ་ལྟ་ཡིན་ན་མཆོད་སྦྱིན་བྱེད་པ་རྣམས་དང་འཁོར་བ་ལས་ཐར་པར་འདོད་པ་རྣམས་ཀྱི་ཕན་པར་འདོད་པ་དང་། དེ་དག་མཐོ་རིས་ཐོབ་པར་བྱ་བའི་ཕྱིར་ཕྱུགས་རྣམས་དང་། དུད་འགྲོ་སྣ་ཚོགས་

གསོད་པ་གང་ཡིན་པ་དེ་དག་ཀྱང་ཅིའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར། ཅིའོ་ཐུག་དང་ཁྭ་མཚུངས་སམ། དེ་དག་གི་སྲོག་གཅོད་པ་དེ་ནི་གཏི་མུག་ལས་བྱུང་བ་དང་ཆགས་པ་ལས་བྱུང་བ་ཡིན་ཏེ། ཕྱུགས་སམ། སྲོག་ཆགས་གཞན་མཆོད་སྦྱིན་དུ་སྡུག་བསྔལ་བའི་གསོད་པས་བསད་ན་མཐོ་

རིས་སམ། ཐར་པ་ཐོབ་པར་འགྱུར་རོ་སྙམ་པ་ནི་གཏི་མུག་ཡིན་ཏེ། ལས་ཀྱི་འབྲས་བུ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་ཕྱིར་རོ། །ལས་འདིས་བདག་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་དུ་འཛིན་ན་ནི་གཏི་མུག་དང་ཆགས་པ་ཡིན་ནོ། །མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་སྤྱིའི་མཚན་ཉིད་བཅོམ་ལྡན་

འདས་ཀྱིས་རྣམ་པར་གཞག་པ་ནི་དགེ་སློང་དག་སྲོག་གཅོད་པ་ལ་རྣམ་པ་གསུམ་སྟེ། ཆགས་པ་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བའོ། །དེ་བཞིན་དུ་ལོག་པར་ལྟ་བའི་བར་དུ་ཡང་དེ་བཞིན་ནོ་ཞེས་གསུངས་སོ། །དེ་བས་ན་དེ་ཁ་ན་མ་ཐོ་བ་མེད་པར་ཇི་ལྟར་འགྲུབ་པར་འགྱུར།

ཐབས་མཁས་པའི་མདོ་ལས་ཀྱང་། ཆགས་པ་མེད་པ་ལ་སོགས་པའི་སྲོག་གཅོད་པ་ཁ་ན་མ་ཐོ་བ་མེད་པར་བསྟན་ན་དེ་དང་དེ་དག་ཇི་ལྟར་མཚུངས། དེ་བས་ན་དགེ་བའི་སེམས་ལས་བྱུང་བའི་ཕྱིར་དགེ་བ་ཡིན་ཏེ། སེམས་དེ་ནི་ཆགས་པ་མེད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། ལས་སུ་བྱ་བ་

Vol. 133 · folio 168a

ཐམས་ཅད་ནི་སེམས་ཀྱི་དབང་གིས་རྣམ་པར་གཞག་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡིད་ནི་ཆོས་རྣམས་སྔོན་དུ་འགྲོ། །གཙོ་བོ་ཡིད་ཡིན་ཡིད་ལས་བྱུང་། །དགའ་བའི་ཡིད་དུ་གྱུར་ན་ནི། །སྨྲའམ་ཡང་ན་བྱེད་པར་འགྱུར། །སྡང་བའི་ཡིད་དུ་གྱུར་ན་ནི། །སྨྲ་འམ་ཡང་ན་

བྱེད་པར་འགྱུར། །ཡང་གསུངས་པ། འཇིག་རྟེན་དག་ནི་སེམས་ཀྱིས་ཁྲིད། །སེམས་ཀྱིས་ཡོངས་སུ་འདྲེན་པར་བྱེད། །ཐམས་ཅད་ཀྱང་ནི་སེམས་གཅིག་གི །ཆོས་ཀྱི་ཕྱི་བཞིན་འབྲང་བར་འགྱུར། །ཞེའོ། །དེ་ལྟར་ན་བསམ་པའི་རྗེས་སུ་ཞུགས་པས་སྦྱོར་བ་ལ་འཇུག་པའི་ཕྱིར་བསམ་པ་དག་པས་སྲོག་

གཅོད་པ་ནི་ཁ་ན་མ་ཐོ་བ་མེད་པ་ཁོ་ན་ཡིན་ནོ། །ཅི་སྟེ་ཆགས་པ་མེད་པ་ལ་སོགས་པ་ལས་བྱུང་བའི་སྲོག་གཅོད་པ་ཡང་སྐྱོན་ཆགས་པར་འགྱུར་ན་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལ་ཕན་པའི་ཚིག་རྩུབ་པོ་གསུང་པ་དང་། བརྫུན་དུ་གསུང་པ་དང་། མཛའ་བོ་འབྱེད་པ་ཡང་སྐྱོན་ཆགས་པར་

འགྱུར་ཏེ། མངལ་གནས་ཁྱོད་ནི་བྲན་མོའི་བུ་ཡིན་ནོ་ཞེས་གསུངས་པ་དང་། འཆར་ཀའི་མདོ་ལས་ཀྱང་མི་དབུལ་པོ་ལོང་བ་ཁོ་ན་དང་མཚུངས་པ་ཁྱོད་ལྟ་བུ་ཡང་མིག་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་ཆོས་མངོན་པ་དང་འདུལ་བ་མངོན་པ་ལས་ཀུན་བརྗོད་པར་སེམས་སམ་ཞེས་གསུངས་པ་ལྟ་བུ་ནི་

ཚིག་རྩུབ་པོ་ཡིན་ནོ། །འཇིགས་སྲུང་གི་མདོ་ལས་ཀྱང་མཛའ་བོ་འབྱེད་པའི་ཚིག་ཕལ་ཆེར་གསུངས་ཏེ། འདི་ལྟར་མདོ་སྡེ་དེ་ཉིད་ལས་སྔོན་གཅེར་བུ་པའི་དགེ་བསྙེན་དུ་གྱུར་པ་གྲོང་དཔོན་རལ་གྲི་ཐོགས་ཀྱིས་འདི་སྐད་དུ། བཙུན་པ་དཔེར་ན་མི་ཞིག་འབྱོར་པ་འཚལ་ཞིང་འབྱོར་པ་ཚོལ་ལ་རྟ་དམུ་རྒོད་

གསོས་ན་དེས་འབྱོར་པ་དེ་ཡང་མ་ཐོབ་ཀྱི་སྟེང་དུ་གནོད་པ་ཆེན་པོ་ཡང་ཐོབ་པར་འགྱུར་བ་དེ་བཞིན་དུ་བཙུན་པ་བདག་གིས་ནི་འབྱོར་པ་འཚལ་ཞིང་འབྱོར་པ་ཚོལ་བ་ལས་གཅེར་བུ་པ་བྱིས་པ་ལྟ་བུ་རྨོངས་ཤིང་མི་གསལ་ལ་མི་མཁས་པ་དོན་མ་མཆིས་པར་བསྟེན་ཏེ། དོན་མ་མཆིས་པར་བསྐོར་ཏོ། །དོན་

མ་མཆིས་པར་བསྙེན་བཀུར་བགྱིས་སོ། །བདག་གིས་ནི་དེ་དག་ལས་འབྱོར་པ་དེ་ཡང་མ་ཐོབ་ཀྱི་སྟེང་དུ་གནོད་པ་ཆེན་པོ་ཡང་ཐོབ་པར་གྱུར་ཏོ་ཞེས་སྨོས་སོ། །མདོ་གཞན་ལས་ཀྱང་གསུངས་ཏེ། རྒྱས་པར་བསྟན་ནས་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་རུང་བ་གཉིས་ལ་ཡང་ངས་དགེ་སློང་གི་དགེ་འདུན་

Vol. 133 · folio 168b

མ་བཏང་ན་རོ་དང་འདྲ་བ་ངར་སྣབས་ཟ་བ་ཁྱོད་ལ་ལྟ་ཅི་སྨོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཕྲ་མ་དང་ཚིག་རྩུབ་པོ་ཡང་བསྟན་ཏོ། །བརྫུན་དུ་སྨྲ་བ་ཡང་དོན་ཇི་ལྟ་བ་བཞིན་དུ་མ་བསྟན་པའི་ཕྱིར་གསུངས་ཏེ། འདི་ལྟ་སྟེ། དགེ་སློང་དག་ཚུར་ཤོག་ཁྱེད་ཀྱིས་མའི་ན་ཚོད་ཙམ་མཐོང་ན་ནི་མའི་འདུ་

ཤེས་ཉེ་བར་ཞོག་ཅིག །སྲིང་མོའི་ན་ཚོད་ཙམ་མཐོང་ན་ནི་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །འོ་ན་དེ་ཡོངས་སུ་གཏོང་བའི་སེམས་དེ་ཉིད་འདིར་ཞེ་སྡང་མ་ཡིན་ནམ། སྡུག་བསྔལ་གྱི་ཆུ་བོ་ལས་ཡོངས་སུ་བསྐྱབ་པར་འདོད་དེ། བདག་ལ་བྱམས་པ་བས་ཀྱང་ལྷག་པའི་བྱམས་པས་ངེས་པར་མྱོང་བར་འགྱུར་བའི་

ལས་བྱས་པ་ལས་མངོན་དུ་ཕྱོགས་པའི་གནས་ལས་ཡང་དག་པའི་རྟེན་བཟང་པོ་ཐོབ་པར་བྱས་ནས་དེ་ཇི་ལྟར་ཡོངས་སུ་བཏང་བར་འགྱུར། གཞན་ཡང་། འབྱོར་པ་གང་གིས་བདག་ཉིད་འཆི་བ་ཕན་པར་མཐོང་། །དེ་ནི་སྙིང་བརྩེའི་བདག་ཉིད་ལྡན་པ་རྣམས་ཀྱི་ཡིན། །གང་ཕྱིར་དགེ་སློང་དྲུག་ཅུ་ལ་སོགས་

ཤི་བར་འགྱུར། །མདོ་སྡེ་གཉིས་ལས་དེ་ནི་ཐུབ་པས་མ་གསུངས་སམ། །མདོ་སྡེ་གཉིས་ལས་གསུངས་པ་ནི་ཤིང་གི་ཕུང་པོ་ལྟ་བུའི་མདོ་ལས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་དྲུག་ཅུ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་དྲུག་ཅུ་ནི་ཁ་ནས་ཁྲག་དྲོན་མོ་

སྐྱུགས་སོ། །དགེ་སློང་དྲུག་ཅུ་ནི་བསླབ་པ་ཕུལ་ནས་ཉམས་པར་གྱུར་ཏེ། འདི་སྐད་དུ་སྟོན་པའི་བསྟན་པ་ལ་བརྩོན་པར་བགྱི་བ་ནི་བཅོམ་ལྡན་འདས་དཀའ་ལགས་སོ། །བདེ་བར་གཤེགས་པ་དཀའ་བ་ལགས་སོ་ཞེས་ཀྱང་ཟེར་ཏོ་ཞེས་འབྱུང་སྟེ། མདོ་དེ་ལས་དེ་སྐད་ཅེས་བཤད་པའི་རྒྱུས་འབྲས་བུ་

རྣམ་པ་གསུམ་བསྟན་ཏེ། བསྟན་པའི་མཇུག་ཐོགས་སུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་། ཁ་ཅིག་ནི་མངོན་པར་མ་ཐོབ་པ་དང་། ཁ་ཅིག་ནི་དགེ་བའི་ཆོས་མང་པོ་ལས་ཉམས་ཏེ་གནས་ཡོངས་སུ་བཏང་བ་ནི་སེམས་ཐ་དད་པ་རྣམས་སོ། །དབྱུག་པས་རི་དྭགས་འཆོར་གྱི་མདོ་ལས་ཀྱང་དེ་ལ་བཅོམ་ལྡན་

འདས་ཀྱིས་དགེ་སློང་རྣམས་ལ་མི་སྡུག་པ་བཤད་ཅིང་མི་སྡུག་པ་བསྒོམ་པའི་བསྔགས་པ་ཡང་བརྗོད་དེ། དགེ་སློང་དག་མི་སྡུག་པ་བསྒོམ་པ་ཞེས་བྱ་བ་ནས་ཕན་ཡོན་ཆེའོ་ཞེས་བྱ་བའི་བར་དང་། དེའི་ཚེ་དགེ་སློང་རྣམས་མི་སྡུག་པ་སྒོམ་པར་བྱེད་དེ། མི་སྡུག་པ་བསྒོམས་ནས་ལུས་རུལ་པ་འདིས་ངོ་ཚ་ཞིང་

Vol. 133 · folio 169a

འཕྱ་སྨོད་དེ། དེས་དམོད་པའི་བར་དུ་བྱེད་ཅིང་མཚོན་གྱིས་ཀྱང་ལྕེབ་པར་བྱེད། དུག་ཀྱང་ཟ་བར་བྱེད། གཡང་སར་ཡང་མཆོང་བར་བྱེད། ཐག་པས་ཀྱང་འགེགས་ཏེ་འཆི་བར་ཡང་བྱེད་པས་དགེ་སློང་གིས་དགེ་སློང་གསོད་པར་བྱེད་པའི་བར་དུ་བྱེད་དེ། སྲོག་གཅོད་པ་དེ་

དང་སྔ་མའི་ཚིག་རྩུབ་པོ་ལ་སོགས་པ་ལ་དགོངས་པ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཚུལ་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱ་བ་བྱས་པ་བྱེད་པ་བྱས་པ་ཡིན་མོད་ཀྱི་

སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་འདུལ་བའི་ཐབས་ལ་མཁས་པའི་ཕྱིར། ཐ་ན་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སེམས་ཅན་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་ལ་ཞུགས་པ་ཡིན་ཏེ། བྱིས་པ་ནི་ཚེ་འདི་ཆེད་ཆེར་འཛིན་ཏོ། །མཁས་པ་ནི་ཚེ་ཕྱི་མ་ཆེད་ཆེར་འཛིན་ཏོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །

མིག་རྒྱང་རིང་བ་དག་ཚེ་ཕྱི་མ་ཆེད་ཆེར་འཛིན་པའི་ཕྱིར་ཡང་སེམས་ཅན་རྣམས་ཀྱི་ཚེ་འདིའི་ཁ་ན་མ་ཐོ་བ་དང་བཅས་པའི་བདེ་བ་ཆུང་ངུ་ཕྲན་ཚེགས་ཙམ་ལ་ནི་མི་ལྟའི། སྡུག་བསྔལ་ཡང་ཚེ་ཕྱི་མའི་ཕན་པ་དང་བདེ་བ་མང་པོ་ཁ་ན་མ་ཐོ་བ་མེད་པ་ཁོ་ན་ལ་ལྟ་སྟེ། འདི་ལྟར་ཁ་ཅིག་ལ་ནི་དགེ་བ་གཞིག་

པའི་ཕྱིར་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་ལོངས་སྤྱོད་གཞིག་པའི་ཕྱིར། ཁ་ཅིག་ལ་ནི་བདེ་བ་གཞིག་པའི་ཕྱིར། ཁ་ཅིག་ལ་ནི་བདེ་བ་དང་ཡིད་བདེ་བས་སྦྱོར་བར་མཛད་དོ། །ཁ་ཅིག་ལ་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བས་སྦྱོར་བར་མཛད་དོ། །ཁ་ཅིག་ལ་ནི་ལག་ན་རྡོ་རྗེ་ལ་སོགས་པ་གནོད་སྦྱིན་དྲག་

པོ་ཡང་དག་པར་བསྟན་པས་འཆི་བའི་འཇིགས་པ་བསྐྱེད་ནས་འདུལ་བར་བྱེད་དོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་དགོངས་པ་ཡོངས་སུ་དག་པ་རྣམས་ཀྱིས་ནི་སེམས་ཅན་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་མི་མཛད་པའི་བག་མེད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲའོ། །

ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་ནི་མི་དགེ་བའི་ལས་ཀྱི་ལམ་རྣམ་པར་གཞག་པ་ཡེ་མེད་དེ། འདི་ལྟར་འདུལ་བ་ལས་ཀྱང་ཆོམ་རྐུན་གྱིས་ཁྱེར་བའི་རྫས་དགྲ་བཅོམ་པས་ཕྱིར་དགུག་གོ་ཞེས་འབྱུང་ལ། མ་བྱིན་པར་ལེན་པའི་ཉེས་པ་ཡང་མེད་དེ། བསམ་པ་ཉོན་མོངས་པ་ཅན་མ་

Vol. 133 · folio 169b

ཡིན་པའི་ཕྱིར་རོ། །དགྲ་བཅོམ་པས་ནི་ཏིལ་གྱི་འབྲུ་ཙམ་ནང་དུ་བཅུག་ཏུ་ཟིན་ཀྱང་ཉོན་མོངས་པ་ཅན་གྱི་བསམ་པ་མེད་དེ་ཉམས་སུ་མྱོང་བ་མེད་ཅིང་ཚོར་བ་མེད་པའི་ཕྱིར་འཁྲིག་པ་ཡོངས་སུ་སྤྱོད་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་པ་ཅན་དབང་ཐོབ་ཅིང་

བསམ་པ་ཡོངས་སུ་དག་པ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་ཞུགས་པ་ཡིན་པས་ན་ངག་གི་ཀུན་དུ་སྤྱོད་པ་མི་དགེ་བའི་ལས་ཀྱི་ལམ་དང་འབྲེལ་པ་མེད་པ་ཁོ་ནར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་མཆོག་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱི་སྤྱོད་པ་ནི་

བསམ་གྱིས་མི་ཁྱབ་སྟེ། དེ་ལ་ནི་དགེ་བའི་རྩ་བ་ཆུང་བ་དང་། ཤེས་རབ་རྟུལ་བ་དང་། བདག་གི་ཕྱོགས་ལ་མངོན་པར་ཞེན་པ་དང་། སྒྲ་ཇི་བཞིན་དུ་དོན་འཛིན་པ་རྣམས་ཀྱི་བློ་ཡང་འཇུག་པར་མི་འགྱུར་རོ། །དེ་ལ་ནི་སངས་རྒྱས་ཉིད་ཀྱི་མངོན་སུམ་ཡིན་ཏེ། དེ་དག་གི་ཁ་ན་མ་ཐོ་བ་དང་བཅས་

པ་སྤྱོད་པ་ནི་དེ་དག་ཉིད་ཀྱིས་མཁྱེན་པར་ཟད་དེ། དེ་བས་ན་གཞན་དག་གིས་ནི་བསོད་ནམས་མ་ཡིན་པ་མང་པོ་ཡོངས་སུ་འཛིན་པའི་ཐབས་ཡེ་སྤང་བར་བྱའོ། །དགེ་བའི་སེམས་སམ་ལུང་དུ་མ་བསྟན་པའི་སེམས་སུ་རིག་ནས་ཞེས་བྱ་བ་ནི་བདག་ཉིད་ཀྱི་བསམ་པ་དག་པ་རྟོགས་ནས་བྱེད་པའོ། །འཛེམ་

བཞིན་དུ་ཞེས་བྱ་བ་ནི་ཐབས་གཞན་མེད་དེ་ཕོངས་ཆོས་སུ་བྱེད་པའི་ཕྱིར་རོ། །ཕྱི་མ་ལ་སྙིང་བརྩེ་བའི་སེམས་ཁོ་ནས་ཞེས་བྱ་བ་ནི་དེ་དག་ལ་ཕྱི་མ་ལ་ཕན་པའི་བསམ་པ་ཁོ་ན་བསྐྱེད་ན་ལས་དེ་ལྟ་བུ་བྱེད་དུ་ཟིན་ཀྱང་ཉེས་པ་མེད་དེ། ཡང་དག་པའི་དོན་གྱི་བྱང་ཆུབ་སེམས་དཔའ་ནི་བྱ་བ་ལ་ནན་ཏན་བྱེད་

པ་ཡིན་པའི་ཕྱིར་ཞེས་སྟོན་ཏོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཁོ་ན་འཇུག་པར་རིག་པར་བྱ་སྟེ། མདོ་ལས་དེ་དག་ཁོ་ནའི་ཡིན་པར་མཐོང་བའི་ཕྱིར་རོ། །མ་བྱིན་པར་ལེན་པའི་སྐབས་སུ་རྒྱལ་སྲིད་ཀྱང་འཕྲོག་པ་ནི་སེམས་ཅན་མང་

པོ་ལ་ནོར་མང་པོ་སྦྱིན་པའི་བསམ་པ་ཡོད་པ་ཡིན་པར་བསྟན་པའི་ཕྱིར་སྨོས་སོ། །གཅིག་ཏུ་ངེས་པར་ཕ་རོལ་ལ་གནོད་པ་བྱེད་པ་ལ་ཞུགས་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ལ་གནོད་པ་བྱེད་པའོ། །ནོར་དེ་ལ་ལོངས་སྤྱད་པས་ཡུན་རིང་པོར་གནོད་པ་དང་རྗེས་སུ་འབྲེལ་པའི་ཕྱིར་ནོར་དེ་

Vol. 133 · folio 170a

སླར་འཕྲོགས་ཏེ། གནས་ཇི་ལྟ་བ་བཞིན་དུ་འབུལ་བར་བྱེད་ན་ཉེས་པ་མེད་དོ། །མི་ཚངས་པར་སྤྱོད་པས་གཟིར་བ་ཞེས་བྱ་བ་ནི་མ་ཕྲད་ན་འཆི་བར་འགྱུར་ལ། བྱང་ཆུབ་སེམས་དཔའ་ལ་ཡང་ཁོན་གྱི་བསམ་པ་འཛིན་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་སྙམ་དུ་

དེ་ལྟར་རིག་ནས་བྱེད་དོ། །མགོ་གཙང་ཞེས་བྱ་བ་ནི་འདོད་པ་ལ་སོགས་པ་གཡེམ་པའི་ཉེས་པ་སྤངས་པའི་ཕྱིར་ཏེ། དེ་ལྟར་བུད་མེད་དབང་དུ་གྱུར་ན་ཅི་དགའ་མགུར་དགེ་བའི་རྩ་བ་ལ་ཡང་སྦྱར་དུ་ཡོད་ལ་མི་དགེ་བ་ཡང་སྤང་དུ་གཞུག་ཏུ་རུང་བའི་ཕྱིར་རོ། །དེ་ལྟ་བུའི་ལས་མང་པོ་སེམས་ཅན་ལ་

ཕན་པ་དག་མཐོང་ན་བདག་ལ་མི་ལྟ་ཞིང་སེམས་ཅན་གྱི་དོན་ལ་བལྟས་ཏེ་བྱེད་ན་ཉེས་པ་མེད་དོ། །མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་གནས་སྐབས་ལ་བབ་པའི་ཚེ་ཐབས་གཞན་མེད་པའི་ཕྱིར་ཕྲ་མས་མཛའ་བོའི་དབྱེན་བྱས་ནས་བསྟན་པ་ལ་འཛུད་པར་

བྱེད་ན་ཡང་ཉེས་པ་མེད་དོ། །ཚིག་རྩུབ་པོ་དྲག་པོའི་སྦྱོར་བ་དྲག་པོས་མི་དགེ་པའི་གནས་ནས་བསླང་སྟེ། དགེ་བའི་གནས་སུ་དགོད་པའི་ཕྱིར་སྨ་འབེབས་པར་བྱེད་ན་ཚིག་རྩུབ་མོ་སྨྲས་ཀྱང་ཉེས་པ་མེད་དོ། །ཚིག་འཁྱལ་པས་འདུལ་བའི་སེམས་ཅན་རྣམས་དེའི་སྒོ་ནས་འདུལ་བ་ལ་ཡང་ཉེས་པ་

མེད་པར་བསྟན་ཏོ། །ཉན་ཐོས་ཀྱང་ལོག་པར་འཚོ་བའི་སྦྱོར་བས་ཉེས་པ་དང་བཅས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ལོག་པར་འཚོ་བའི་སེམས་སྐྱེས་མ་ཐག་ཏུ་ཉེས་པར་ཡོངས་སུ་མ་ཤེས་ན་ཉེས་པར་འགྱུར་བར་སྟོན་ཏོ། །རྒོད་པས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་འདོད་

ཆགས་ཀྱིས་བསྐྱེད་པའི་རྣམ་པར་མ་ཞི་བ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་མ་ཞི་བ་ཞེས་སྨོས་པ་ཡིན་ནོ། །རྟ་གད་དུ་དགོད་པ་ཞེས་བྱ་བ་ནི་སྐད་ཆེར་དགོད་པའོ། །ཀུན་དུ་རྩེ་ཞེས་བྱ་བ་ནི་ལུས་ཀྱི་སྦྱོར་བའོ། །ཀུན་དུ་ཅ་ཅོ་འདོན་ཞེས་བྱ་བ་ནི་ལུས་དང་ངག་གི་སྒོ་ནས་སོ། །དགའ་བའི་

བཞིན་གྱིས་ནི་ནང་གི་བསམ་པ་དག་པར་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ངས་རྟོགས་ཏེ། བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཉིད་དུ་གནས་པར་བྱ་བ་ཡིན་ནོ་ཞེས་མདོ་ལས་བྱུང་བ་ཁོ་ན་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ལ་མངོན་པར་དགའ་

Vol. 133 · folio 170b

བར་གནས་ན་ཡང་ཉེས་པར་འགྱུར་བར་བསྟན་ཏེ། ཉན་ཐོས་ཤེས་རབ་རྟུལ་པོས་ཀྱང་འཁོར་བའི་ཉེས་དམིགས་ཅན་གྱི་ཉོན་མོངས་པ་ཡོངས་སུ་ཤེས་པ་ཡང་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་འཁོར་བ་ལ་སྐྱོ་བར་བྱ་དགོས་ན་བྱང་ཆུབ་སེམས་དཔའ་ལ་ཧ་ཅང་ཡང་བྱ་དགོས་པར་སྟོན་ཏོ། །དེ་

ལས་ཁྱད་པར་དུ་འཕགས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཡེ་ཤེས་ཆེན་པོ་དང་མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །དགེ་སློང་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། །སྙན་པ་དང་མི་སྙན་པ་ཤིན་ཏུ་རྟོགས་པ་དེ་ཉིད་ནི་དྲི་ངས་ཞེས་བྱ་བ་ལ་སོགས་པས་བཤད་དོ། །

མི་སྲུང་ཞེས་བྱ་བ་ནི་ཡོངས་སུ་མི་སྤོང་བ་སྟེ། མི་བདེན་པས་མི་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། བདེན་པའི་དངོས་པོ་དང་། བདེན་པའི་དངོས་པོ་མ་ཡིན་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །མུ་སྟེགས་ཅན་ནི་ཤིན་ཏུ་མངོན་པར་ཞེན་ཏེ་དགའ་བར་བྱ་བར་མི་ནུས་པའི་ཕྱིར་རོ། །བྱིས་པ་རྣམས་ཀྱིས་

ཁ་ན་མ་ཐོ་བ་མ་ཡིན་པའི་སྒོ་ནས་གཞག་པའི་དྲི་ངས་ལ་དྲི་ངས་མ་ཡིན་པའི་འདུ་ཤེས་ཀྱིས་ཡོངས་སུ་སྤོང་བར་མི་བྱེད་ན་ཉེས་པ་མེད་དོ། །ཐབས་དྲག་པོ་ཞེས་བྱ་བ་ནི་ལུས་དང་ངག་གི་སྤྱོད་པ་མི་སྡུག་པས་ཆད་པས་འདུལ་བ་རྣམས་ལ་བྱ་བའོ། །ཡིད་མི་དགའ་བར་འགྱུར་བ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི་བདག་

གི་སེམས་ཀྱི་སྡུག་བསྔལ་བ་ཡོངས་སུ་སྤང་བའི་ཐ་ཚིག་གོ། །གཞན་དག་གི་དོན་ཆུང་ངུ་ལ་བདག་ཉིད་ཀྱི་ཚེགས་ཆེན་པོར་འགྱུར་ན་མ་བྱས་ཀྱང་ཉེས་པ་མེད་དོ། །དགེ་སྦྱོང་གི་ཆོས་བཞི་དང་བྲལ་བའི་ཉེས་པ་བསྟན་ཏེ། གཤེ་བ་ནི་ཁྲོས་ནས་སྤྱོ་བའི་ཐ་ཚིག་གོ། །ཁྲོ་བ་ནི་ཁྲོར་གཞུག་པའི་

བསམ་པ་ཅན་གྱི་ངག་གི་སྤྱོད་པ་མི་སྡུག་པའོ། །རྡེག་པ་ནི་སྡུག་བསྔལ་བསྐྱེད་པའི་བསམ་པས་སྣུན་པར་བྱེད་པའོ། །མཚང་འདྲུ་བ་ནི་གཅིག་ལ་གཅིག་ཉེས་པ་གླེང་བའོ། །ཉེས་པ་བྱས་པ་ཤད་ཀྱིས་བྱང་བར་མི་བྱེད་པའི་ཉེས་པ་བསྟན་ཏེ། ཉེས་པ་བྱས་སམ་མ་བྱས་པར་ཡང་

བརྒྱ་ལ་ན་བྱས་སུ་དོགས་པ་ནི་དེ་ལྟ་དེ་ལྟར་འཛིན་པའི་ཕྱིར་རོ། །ཀུན་ནས་མནར་སེམས་ཞེས་བྱ་བ་ནི་ཕྲག་དོག་གི་ཤས་ཆེ་བའི་ཕྱིར་རོ། ང་རྒྱལ་གྱིས་ནོན་པ་ཞེས་བྱ་བ་ནི་དམན་པའི་ཚུལ་གྱིས་ངོ་ཚ་བའི་ཕྱིར་རོ། །ཉེས་པ་བྱས་ན་ཡང་ཤད་ཀྱིས་བྱང་བར་མི་བྱེད་པ་དང་། དགོས་པ་ལ་ཡལ་བར་

Vol. 133 · folio 171a

འདོར་བའོ། །འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་ཤད་ཀྱིས་བྱང་བར་བྱས་ན་ཡང་འཁྲུག་པར་འགྱུར་བའོ། །རྩོད་པར་བྱེད་པ་ནི་དེའི་སྒོ་ནས་རྩོད་པར་བྱེད་པའི་ཕྱིར་རོ། །བཟོད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི་འགྱུར་བ་མེད་པར་ཤེས་པ་སྟེ། ཤད་ཀྱིས་བྱང་བར་བྱས་ཀྱང་རུང་དེའི་

སེམས་འགྱུར་བ་མེད་པར་རིག་པའམ། ཤད་ཀྱིས་བྱང་བར་བྱེད་མི་འདོད་པའམ། ངོ་ཚ་བར་བྱེད་དེ་མི་མཐུན་པར་འདུ་ཤེས་པར་རིག་ན་ཤད་ཀྱིས་མ་སྦྱངས་ཀྱང་ཉེས་པ་མེད་དོ། །རྩོད་པ་གང་ལ་གཞན་ཉེས་པ་བྱུང་བ་དག་ཅེས་བྱ་བ་ནི་རྩོད་པ་བྱུང་བ་རྣམས་དང་རྩོད་པ་ལ་ཞུགས་པ་རྣམས་ལ་

ཤད་ཀྱིས་བྱང་བར་བྱེད་པའོ། །མི་ཉན་ཞེས་བྱ་བ་ནི་སེམས་མི་དགའ་བའམ། མི་བཟོད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཆོས་བཞིན་མ་ཡིན་པ་ཞེས་བྱ་བ་ནི་མི་རིགས་པའོ། །ཁྲོ་བའི་བསམ་པ་ཞེས་བྱ་བ་ནི་ཁྲོ་བའི་སེམས་ཏེ། དེ་རྒྱུན་མི་འཆད་པར་འབྱུང་བའོ། །འཛིན་པ་ནི་

རྣམ་གྲངས་སོ། །ཚོགས་སྡུད་པའི་དབང་དུ་བྱས་ཏེ་སྨྲས་པ་ནི་རིམ་གྲོ་བྱ་བ་དང་བསྙེན་བཀུར་བྱ་བ་ཁོ་ནའི་དབང་དུ་བྱས་ནས་དེ་ཁོ་ནའི་ཕྱིར་ཟང་ཟིང་མེད་པའི་སེམས་དང་ལྡན་པས་རིམ་གྲོ་བྱ་བ་དང་བསྙེན་བཀུར་བྱ་བ་བདག་གིར་བྱེད་ན་ཉེས་པ་མེད་དེ་སྦྱོར་བ་ཡོད་དུ་ཟིན་ཀྱང་བསམ་པ་

དག་པའི་ཕྱིར་རོ། །འདུ་འཛིའི་གཏམ་ལ་ཀུན་དུ་ཆགས་པའི་སེམས་ནི་བྲེ་མོའི་གཏམ་ལ་འདུས་པའི་ནང་དུ་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གཏམ་ངན་པ་ལ་འཇུག་པའོ། །བརྗེད་པ་ཞེས་བྱ་བ་ནི་སེམས་རྣམ་པར་གཡེང་བའོ། །དྲན་པ་ལ་གནས་ཀྱང་ཕ་རོལ་གྱི་ངོར་ཉན་པ་དང་། ཡ་

མཚན་དུ་འཛིན་ཏེ་འདྲི་བ་ཙམ་དང་དྲིས་པའི་ལན་འདེབས་པ་ཙམ་ལ་ནི་ཉེས་པ་མེད་དོ། །སློབ་པ་ལ་བརྩོན་པ་དང་། འོག་ནས་འབྱུང་བ་ལ་ནི་དེ་ཡང་ཉེས་པའི་གནས་ཡིན་ནོ། །སེམས་གནས་པ་ཉིད་ནི་སེམས་མཉམ་པར་འཇོག་པར་འདོད་ཅེས་བྱ་བས་སྟོན་ཏོ། །བསམ་གཏན་ལ་བརྩོན་

པ་ཁོ་ནའི་སྒྲིབ་པའི་དབང་དུ་བྱས་ནས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཏིང་ངེ་འཛིན་ཐོབ་ན་ཡང་བསམ་གཏན་ཙམ་གྱིས་ཆོག་པར་འཛིན་པ་ཉེས་པར་འགྱུར་བ་ནི་ཡོན་ཏན་དུ་བལྟ་ཞེས་བྱ་བས་སྟོན་ཏོ། །ཤེས་རབ་མངོན་པར་སྒྲུབ་པའི་སྦྱོར་བ་ལ་ཉེས་པར་འགྱུར་བའི་དབང་དུ་

Vol. 133 · folio 171b

བྱས་ནས། བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བསླབ་པར་ཡང་མི་བྱའོ་ཞེས་བྱ་བ་ནི་ནན་ཏན་དུ་སྒྲུབ་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་མེད་པ་ནི་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ཉིད་ལ་བྱེ་བྲག་ཏུ་བརྩོན་པར་བྱ་བ་ནི། འདི་ལྟར་ཞེས་བྱ་བ་ལ་

སོགས་པས་སྟོན་ཏོ། །གཅིག་ཏུ་ངེས་པར་དེ་ལ་བརྩོན་པའི་འདུན་པ་བཟློག་པའི་ཕྱིར་ན་ཉེས་པ་མེད་དོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕལ་པོ་ཆེའི་ལམ་སྟོན་པར་བྱེད་པ་ཡིན་པས་ན་དེ་ཉིད་ལ་བྱེ་བྲག་ཏུ་བསླབ་པར་བྱ་དགོས་ཏེ། དེའི་ཕྱིར་བྱང་ཆུབ་

སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུན་ཐུང་ངུས་ཀྱང་དྲན་པར་ནུས་པ་དང་། སེམས་རྣོ་ཞིང་ཤེས་རབ་གསལ་བས་དོན་སེམས་པ་དང་རྟོགས་པར་བྱེད་ནུས་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་གསུང་རབ་རྟོགས་པར་ནུས་ཏེ། རྟོགས་པའི་ཤས་

ཆེ་བ་ལ་ནི་ཉེས་པ་མེད་དེ། དེ་ལས་ཉིས་འགྱུར་དུ་ཞེས་བྱ་བ་ནི་མྱུར་བ་ཁོ་ནར་རྒྱུན་དུ་ཆུད་པ་དང་། གུས་པར་བརྩོན་ཞིང་གོམས་པར་བྱེད་དེ། རང་གི་གཞུང་ལ་བརྩོན་དུ་ཟིན་ཀྱང་ཉེས་པ་མེད་དོ། །དེ་ལྟ་བུའི་ཚུལ་དང་ཡང་མི་འགལ་བར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གསུང་རབ་ལ་

བརྩོན་པར་བྱས་སུ་ཟིན་ཀྱང་དེ་ལ་གནས་པའི་ལྟ་བ་ཅན་གྱི་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་སྦྱོར་བ་མ་གནང་སྟེ། དཔེར་ན་དགོས་པའི་དབང་གིས་སྨན་ཚ་བ་ལ་བརྟེན་པ་དེ་བཞིན་དུ་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་ཡང་དེ་དང་འདྲ་བར་བྱའོ། །མཆོག་ཏུ་ཟབ་པ་ནི་ཉན་ཐོས་ལ་སོགས་

པའི་བློ་ལས་འདས་པའི་ཕྱིར་དེ་ཁོ་ནའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དང་ལྡན་པ་མ་ཡིན་ཞེས་བྱ་བ་ནི་དོན་དང་འབྲེལ་པ་མ་ཡིན་ཞིང་ཤེས་རབ་ཀྱི་ཁྱད་པར་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །ཆོས་དང་ལྡན་པ་མ་ཡིན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཁྱད་པར་གྱི་རྟེན་མ་ཡིན་པའི་

ཕྱིར་རོ། །གཅིག་ཏུ་ན་དོན་བཟང་པོ་ཡང་མ་ཡིན་ལ་ཚིག་འབྲུ་བཟང་པོ་ཡང་མ་ཡིན་པ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །དེའི་ཕྱིར་ཕན་པ་དང་། བདེ་བར་འགྱུར་བ་མ་ཡིན་ཞེས་སྨོས་སོ། །སྐུར་པ་འདེབས་པ་དང་ལྡན་པ་ནི་བདག་ཉིད་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་

Vol. 133 · folio 172a

པའམ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རང་གི་སྟོབས་སམ་རྒྱུའི་སྟོབས་སམ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་གཞན་གྱི་སྟོབས་དང་སྦྱོར་བའི་སྟོབས་སོ། །གལ་ཏེ་ཟབ་མོ་ལ་སེམས་མི་འཇུག་པར་འགྱུར་ན། དེ་ལ་སྒྲུབ་པ་

ནི། དེ་ལ་བྱང་ཆུབ་སེམས་དཔའ་དད་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ལོང་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་མིག་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྱན་གྱིས་ཞེས་བྱ་བ་ནི་ཡིད་ཆེས་པའི་ལུང་གི་ཚད་མས་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་ཏེ་གསུངས་པ་ཞེས་བྱ་བ་ནི་དོན་

གཞན་ལ་ལྡེམ་པོར་དགོངས་པའི་ཚིག་ཡིན་པའི་ཕྱིར་རོ། །མོས་པའི་དབང་ཁོ་ནས་སྤོང་བར་མི་བྱེད་ན་ནི་ཉེས་པ་མེད་དོ། །ལ་ལས་ནི་མོས་པ་མེད་དུ་ཟིན་ཀྱང་ཞེས་བརྗོད་དེ། དེ་དང་སྦྱར་ན་ནི་མ་མོས་སུ་ཟིན་ཀྱང་སྤོང་བར་མི་བྱེད་ན་ཉེས་པ་མེད་ཅེས་བྱའོ། །སྔར་ནི་རྙེད་པ་དང་བཀུར་སྟི་ལ་བརྐམ་

པའི་དབང་དུ་བྱས་ནས་བདག་ལ་བསྟོད་པ་ཕམ་པ་ལྟ་བུའི་གནས་སུ་བསྟན་ཏོ། །འདིར་ནི་བདག་ལ་གཅེས་པར་འཛིན་པའི་སེམས་ཀྱིས་བདག་ལ་སྟོད་པར་བྱེད་པའི་ཉེས་པའི་གནས་གཞན་བསྟན་ཏེ། དེའི་ཕྱིར་ཟང་ཟིང་དང་བཅས་པའི་སེམས་ཞེས་སྨོས་སོ། །བསྟན་པའི་དགྲ་ཡིན་

པར་བསྟན་པའི་ཕྱིར་མུ་སྟེགས་ཅན་ལ་དམོད་པར་བྱེད་པ་ལ་ནི་ཉེས་པ་མེད་དོ། །མུ་སྟེགས་ཅན་རྣམས་ཟིལ་གྱིས་གནོན་པའི་དགོས་པ་ནི་བསྟན་པ་གནས་པར་བྱ་བ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་ཉིད་གཅེས་པར་བྱ་བ་བསྐྱེད་པའི་སྒོ་ནས་གཞན་གྱི་དད་པ་བསྐྱེད་པའི་

ཕྱིར་བདག་ལ་བསྟོད་པ་ལ་ནི་ཉེས་པ་མེད་དོ། །མ་ཚོར་ན་ཞེས་བྱ་བ་ནི་ཆོས་སྒྲོགས་པ་ཡོད་པར་མི་ཤེས་པའོ། །གལ་ཏེ་དེར་འགྲོ་ན་ཆོས་སྨྲ་བ་མི་དགའ་བར་འགྱུར་བ་དང་། ལན་མང་དུ་ཐོས་པ་དང་སྔོན་ཤེས་ཟིན་པའི་དོན་གྱི་གཏམ་ཡིན་པར་ཤེས་ན་ཉེས་པ་མེད་དོ། །ཐོས་པ་མཐར་ཕྱིན་

པ་ནི་མང་དུ་ཐོས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྒྱུན་མི་འཆད་པར་བསམ་གཏན་ལ་བརྩོན་པ་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཤེས་རབ་རྟུལ་བ་དང་ལུང་ནོད་པ་ལ་སོགས་པ་བསླབ་པ་ལ་བརྩོན་པ་ལ་ཡང་ཉེས་པ་མེད་དོ། །ཁྱད་དུ་གསོད་ཅེས་བྱ་བ་ནི་སྙིང་

Vol. 133 · folio 172b

ནས་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། སྟོན་པ་ལ་སོགས་པའི་འདུ་ཤེས་མི་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ། །བཀུར་སྟི་མི་བྱེད་ཅེས་བྱ་བ་ནི་ལུས་ཀྱི་སྤྱོད་པའོ། །འཕྱ་བ་ཞེས་བྱ་བ་ནི་སྨ་འབེབས་པ་དང་ལྡན་པའི་ཚིག་གོ། །བསྟིང་བར་བྱེད་ཅེས་བྱ་བ་ནི་ཚིག་བླང་པོ་སྟེ། དེ་ལྟ་བུ་ནི་ཆོས་སྨྲ་བ་ལ་མ་

གུས་པ་དང་ལྡན་པ་ཡིན་ནོ། །ཆོས་ལ་མ་གུས་པའི་དབང་དུ་བྱས་ནས་ཚིག་འབྲུ་ལ་རྟོན་གྱི་ཞེས་བྱ་བ་སྨོས་སོ། །སེམས་ཅན་གྱི་དོན་བྱ་བ་ལ་མི་བརྩོན་པའི་ཉེས་པ་ནི་སེམས་ཅན་གྱི་བྱ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་བསྟན་པ་ལས་བྱུང་བའི་སེམས་ཅན་གྱི་

བྱ་བ་རྣམ་པར་དབྱེ་བ་ལས་བརྩམས་ཏེ་གྲོགས་བྱ་བ་ཡིན་པར་རིག་པར་བྱའོ། །རྟེན་ཡོད་པ་ནི་བྱེད་པ་ཡོད་པའོ། །ཆོས་མ་ཡིན་པའི་བྱ་བ་དག་ལ་ཉེས་པ་མེད་པ་ནི་གནོད་པ་དང་ལྡན་པ་ཞེས་བྱ་བས་བསྟན་ཏོ། །གཞན་ལ་བཅོལ་བ་ཞེས་བྱ་བ་ནི་གཞན་བྱེད་དུ་གཞུག་པའོ། །དེ་བས་ཆོས་ཁྱད་

པར་དུ་འཕགས་པར་དགེ་བའི་ཕྱོགས་ལ་བརྩོན་པ་དང་། རང་བཞིན་གྱིས་ཤེས་རབ་མེད་པ་དང་། བསླབ་པ་ལ་བརྩོན་པ་དང་། སེམས་ཅན་ཆེས་མང་པོ་དག་གི་སེམས་སྲུང་བ་དང་། དགེ་འདུན་གྱིས་བཅས་པ་སྲུང་བ་ལ་ཡང་ཉེས་པ་མེད་དོ། །མགོན་ཡོད་པ་ཉིད་ཀྱི་ཕྱིར་ན་ནུས་

པའོ། །དེའི་ཕྱིར་ཡང་རྟེན་ཡོད་པ་སྟེ། རྣམ་པ་གཞན་དུ་ཡང་འཚོལ་ནུས་པའི་ཕྱིར་རོ། །ཡང་ན་བདག་ཉིད་ཀྱིས་ནུས་པའི་ཕྱིར་རོ། །ནད་རྒྱུན་རིངས་ནི་ཡུན་རིང་དུ་ན་བ་ལ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་དང་ཁ་ཏོན་ལ་བརྩོན་པ་ནི་སྔ་མ་ཁོ་ན་བཞིན་ནོ། །རིགས་པའི་

གདམས་ངག་མི་སྟོན་པའི་ཉེས་པ་བསྟན་ཏེ། རིགས་པ་ཞེས་བྱ་བ་ནི་སྐྱོན་མེད་པའོ། །མི་ཤེས་ཞེས་བྱ་བ་ནི་ཚུལ་སྟོན་མི་ཤེས་པའོ། །དེ་ཉིད་མཁས་སམ་སྟོན་པ་གཞན་ཡོད་པ་དང་། གལ་ཏེ་མི་དགའ་བས་ཉན་པར་མི་འགྱུར་བའམ། བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང་།

དགའ་ཞིང་གུས་པ་མེད་པས་གདུལ་དཀའ་བའི་ཕྱིར་དམུ་རྒོད་ཀྱི་རང་བཞིན་ཅན་དང་། ལན་དུ་ཕན་འདོགས་པ་ལ་བརྩོན་པར་བྱས་ཀྱང་མི་འདོད་ན་མ་བྱས་ཀྱང་ཉེས་པ་མེད་དོ། །ཡང་དག་པར་སློང་བ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པའི་སློང་བ་པོ་སྟེ། སྡུག་བསྔལ་བར་གྱུར་པ་ལ་སོགས་པས་

Vol. 133 · folio 173a

བསྡུས་སོ། །རུང་བ་མ་ཡིན་པའི་བསམ་པས་མ་ཡིན་པ་དང་། མི་འཕྲོད་པ་སློང་བ་དང་། རྒྱལ་པོ་ལ་གནོད་པར་སེམས་ཤིང་རྒྱལ་པོ་ལ་གློ་བ་རིང་བ་ལ་རྒྱལ་པོའི་སེམས་སྲུང་ན་ཉེས་པ་མེད་དོ། །འཁོར་བསྡུས་ལ་ཞེས་བྱ་བ་ནི་ཡོངས་སུ་གཟུང་བ་བདག་ཉིད་གྲགས་ཤིང་

བསོད་ནམས་ཆེ་བའི་ཕྱིར་གོས་ལ་སོགས་པ་རྙེད་པའམ། ཡང་ན་བདག་ཉིད་ཚོལ་ནུས་ཀྱང་རུང་སྟེ་དེ་མ་བྱིན་པའོ། །མི་རིགས་པ་ལ་ཞུགས་པའི་ཕྱིར་འདུལ་བའི་སྐལ་བ་མེད་པ་སྟེ། དེ་ལ་མ་བྱིན་ན་ཡང་ཉེས་པ་མེད་དོ། །མུ་སྟེགས་ཅན་ནི་བསྟན་པའི་དགྲ་ཡིན་པའི་ཕྱིར་ཚར་གཅད་པར་

བྱ་བ་ཡིན་ནོ། །ཡོན་ཏན་བརྗོད་པ་ཉིད་ནི་བསྔགས་པ་ཡིན་པར་ཤེས་པར་བྱའོ། །འདོད་པ་ཆུང་བ་ནི་བདག་ཉིད་ཀྱི་ཡོན་ཏན་རྣམས་གཞན་ཡང་བརྗོད་དུ་མི་འཇུག་པའི་ཕྱིར་རོ། །ཡོན་ཏན་གླེང་བའི་རྒྱུས་གང་ཟག་དེ་ཉིད་ཀྱི་རྒྱགས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་མཐོང་ན་

ཉེས་པ་མེད་དོ། །བསྐྲད་པ་ནི་གཏན་དུ་མ་ཡིན་པའི་ཕྱིར་རོ། །བཅོས་སུ་མི་རུང་བའི་སྐབས་ཉིད་ནི་བཀའ་བློ་མི་བདེ་བ་ཞེས་བྱ་བ་ལ་སོགས་པས་བཤད་དོ། །དུས་ལ་སྡོད་ཅེས་བྱ་བ་ནི་དུས་གཞན་ལ་སྡོད་པ་དང་འཐབ་པ་ལ་སོགས་པའི་འཇིགས་པ་ལ་ལྟ་བའོ། །དགེ་འདུན་འཁྲུག་ཅིང་

དབྱེ་བ་ཞེས་བྱ་བ་ནི་དགེ་འདུན་ཁྲག་འཁྲུག་ཏུ་གྱུར་པའམ་ཐད་ཀར་དབྱེ་བར་འགྱུར་བ་དང་། དེ་ཉིད་གཡོ་མེད་པ་དང་། ཤས་ཆེར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པས་སྒྲུབ་སྟེ། ཉེས་པ་འཆགས་པར་བྱེད་པ་ལ་ནི་ཉེས་པ་མེད་དོ། །བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་དད་

པས་བྱིན་པའི་ལོངས་སྤྱོད་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་བས་ན། སྤོང་དུ་གཞུག་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །མངོན་པར་ཞེན་པ་ཞེས་བྱ་བ་ནི་སྔགས་སམ་སྨན་ནམ་ཆོ་འཕྲུལ་བྱེད་པ་ཡིན་གྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནི་མ་ཡིན་ནོ་ཞེས་སྒྲོགས་པའོ། །གནས་ཐམས་ཅད་ལ་ཡང་ཉེས་པ་མེད་

པ་ནི་སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ་ལྷག་པར་ཡང་ཉེས་པ་མེད་དེ། ཚོར་བས་ཉེན་པ་ནི་ཚོར་བ་དྲག་པོས་བརྒྱལ་བར་གྱུར་པའོ། །སྡོམ་པ་མ་མནོས་པ་ནི་སྡོམ་པ་མ་བཟུང་བའོ། །དངོས་སུ་བྱུང་བ་ཤ་སྟག་སྟེ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་པ་སྟེ། །

Vol. 133 · folio 173b

དེ་དག་དེར་དངོས་སུ་བསྟན་པ་རྣམས་སོ། །ཐོར་བུ་ཞེས་བྱ་བ་ནི་འཐོར་བ་རྣམས་སོ། །ཚང་བར་ཞེས་བྱ་བ་ནི་ལྷན་ཅིག་ཏུ་བསྡུས་ཏེ་བསྟན་པའོ། །སློབ་པར་འདོད་པའི་བསམ་པས་ཞེས་བྱ་བ་ནི་སྡོམ་པའི་ཚུལ་ཁྲིམས་ལའོ། །བྱང་ཆུབ་འདོད་པའི་བསམ་པས་ཞེས་བྱ་བ་ནི་དགེ་བ་སྡུད་པའི་ཚུལ་ཁྲིམས་

ལའོ། །སེམས་ཅན་གྱི་དོན་བྱ་བའི་བསམ་པས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལའོ། །ཉེས་བྱས་སུ་བསྡུས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་ནི་ཐ་དད་པ་མེད་དེ། བྱང་ཆུབ་སེམས་དཔའི་བྱ་བ་ལས་འགལ་བའི་ཕྱིར་ཉེས་པ་ཁོ་ནར་ཟད་དོ། །གང་སུ་ཡང་རུང་སྟེ་ཁོང་

དུ་ཆུད་པ་ལ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་པ་ནི་སྐལ་བ་མེད་པ་མ་ཡིན་པར་སྟོན་ཏེ། ཉན་ཐོས་ལ་སོགས་པ་ཐམས་ཅད་ལས་འདས་པའི་སྡོམ་པའི་ཁྱད་པར་ལ་གནས་པ་ནི་དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་སྐལ་བ་མེད་པར་འགྱུར་བ་མེད་པའི་ཕྱིར་རོ། །ཕམ་པའི་གནས་

ལྟ་བུའི་ཉེས་པ་འབྲིང་ནི་ཚོགས་སམ། ཡང་ན་དགེ་འདུན་ལ་བཤགས་པར་བྱའོ་ཞེས་སྟོན་ཏེ། དེ་ཡང་གནས་ཀྱིས་ལྕི་བ་ཡིན་པའི་ཕྱིར་རོ། །ཐོག་མར་དངོས་པོ་བརྗོད་དེ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་བདག་ལ་ནི་དངོས་པོ་ཆེ་གེ་མོ་ཞིག་ལས་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བཤགས་པའི་

རིམ་པ་སྟོན་ཏོ། །ལྷག་མ་ཞེས་བྱ་བ་ནི་ཉེས་བྱས་ཀྱི་ནོངས་པ་བྱུང་བ་དེ་དག་བཤགས་སོ་ཞེས་བྱ་བའོ། །ལེན་པ་པོས་ཀྱང་ཉེས་པ་དེ་དག་མཐོང་ངམ་ཞེས་བརྗོད་པར་བྱའོ། །དེས་ཀྱང་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཕྱིན་ཆད་སྡོམ་པར་བྱེད་དམ། ལེགས་པར་སྡོམ་པར་བགྱིད་དོ་ཞེས་དེ་

ལྟར་ལན་གསུམ་གྱི་བར་དུ་བྱའོ། །ལེན་པ་པོ་མེད་ན་བྱིན་གྱིས་བརླབས་པའི་སྒོ་ནས་ཀྱང་ཉེས་པ་བཤགས་པར་བསྟན་ཏོ། །སྡོམ་པ་བླང་པའི་ཆོ་ག་གཞན་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་དེ་ཡང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདོད་ཆགས་ནི་འདིར་

སེམས་ཅན་ལ་རྗེས་སུ་ཆགས་པ་ཡིན་པར་བསྟན་ཏེ། སེམས་ཅན་ལ་བྱམས་པ་དེའི་སྒོ་ནས་བྱང་ཆུབ་སེམས་དཔའ་གང་ཅི་སྤྱོད་ཀྱང་རུང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་བྱ་བ་ཉིད་ཡིན་ཏེ། སེམས་ཅན་གྱི་དོན་དུ་གཏོགས་པའི་ཕྱིར་བྱས་ན་ཡང་ཉེས་བྱས་སུ་ནི་མི་འགྱུར་གྱི། ཅིར་

Vol. 133 · folio 174a

འགྱུར་ཞེ་ན། ལེགས་པར་བྱས་པ་ཉིད་དུ་འགྱུར་རོ། །དེ་བས་ན་འདོད་ཆགས་ལས་འབྱུང་བ་ནི་ཉེས་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྡང་བ་ནི་བདག་དང་གཞན་ལ་ཕན་པར་སྤྱོད་པ་མ་ཡིན་ཏེ། བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་ཡང་མི་འགྱུར་

ལ། སེམས་ཅན་ཡོངས་སུ་སྨིན་པར་ཡང་མི་འགྱུར་བས་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་མ་ཡིན་ཏེ། བྱ་བ་མ་ཡིན་པ་བྱེད་པ་ནི་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ། །དེ་བས་ན་ཞེ་སྡང་ལས་བྱུང་བའི་ཉེས་པའི་གནས་ལ་ཕལ་ཆེར་ཀུན་ནས་མནར་སེམས་ཀྱི་སེམས་ཞེས་འབྱུང་ངོ་། །འདི་ལྟ་སྟེ་

གཞི་བསྡུ་བ་ལས་འབྱུང་བ་བཞིན་ཞེས་བྱ་བ་ནི་རྒྱུ་རྣམ་པ་ལྔ་སྟེ། ཆུང་ངུ་དང་ཆེན་པོ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། །ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ཉན་ཐོས་རྣམས་ཀྱི་ཕུན་སུམ་ཚོགས་པ་དང་། ཉམས་པ་བཞི་བཞིར་རྣམ་པར་གཞག་སྟེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་

དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། འཚོ་བ་ཕུན་སུམ་ཚོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་གཏན་གྱི་སྡོམ་པ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཉམས་པ་མེད་དོ། །དེ་བས་ན་རྣམ་པ་གཞན་དུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་བསྟན་པའི་

ཕྱིར། རང་གི་འདུལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་དག་པ་ལ་བརྟེན་པ་ནི་ཕུན་སུམ་ཚོགས་པ་དང་པོའོ། །ཡང་དག་པར་རབ་ཏུ་བྱུང་བའི་སྒྲུབ་པའི་བསམ་པས་ལེགས་པར་བརྗོད་པའི་གནས་པ་ལ་བརྟེན་པ་ནི་གཉིས་པའོ། །འཚོ་

བའི་ཡོ་བྱད་རྣམས་ཀྱིས་ཕོངས་པ་མེད་པའི་མཆོག་ལ་བརྟེན་པ་ནི་གསུམ་པའོ། །འདྲལ་བར་མི་བྱེད་པ་ནི་བསླབ་པའི་གཞི་ལས་འགལ་བར་མི་བྱེད་པའི་ཕྱིར་རོ། །བསླབ་པར་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པའི་ཕྱིར་ལུས་ལ་སོགས་པའི་ཀུན་དུ་སྤྱོད་པ་ཡོངས་སུ་

དག་པའོ། །བསླབ་པ་དག་ལ་གུས་པ་དང་བག་ཡོད་པར་ཤས་ཆེར་གནས་པས་ན་ཉེས་པ་རྒྱུན་དུ་མི་བྱེད་དོ། །བརྒྱ་ལ་ཉེས་པ་ཞིག་བྱས་ན་ཡང་མ་ཐོལ་བས་སྡིག་པ་འཆགས་པར་བྱེད་དོ། །རྣམ་པ་གསུམ་པོ་འདི་དག་གིས་ཐོག་མ་དང་བར་མ་དང་། ཐ་མ་རྣམས་སུ་སྦྱོར་བ་ཕུན་སུམ་ཚོགས་

Vol. 133 · folio 174b

པ་བསྟན་ཏོ། །ཡང་དག་པར་རབ་ཏུ་བྱུང་བར་སྦྱོར་བ་ནི་ཆོས་ཀྱི་བསམ་པས་རབ་ཏུ་བྱུང་བ་ཡིན་ནོ། །ཉན་ཐོས་རྣམས་ནི་བདག་གདུལ་བར་བྱ་བ་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་ལེགས་པར་རབ་ཏུ་བྱུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་

སྨིན་པར་བྱ་བའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་ལེགས་པར་རབ་ཏུ་བྱུང་བ་ཡིན་ཏེ། དེའི་ཕྱིར། བྱང་ཆུབ་ཆེན་པོ་དོན་དུ་གཉེར་བ་ཞེས་སྨོས་སོ། །དོན་དུ་མི་གཉེར་བ་མ་ཡིན་ཞེས་བྱ་བ་ནི་དེ་གཅིག་པུར་ངེས་པར་བསྟན་པ་སྟེ། དེའི་དོན་ཁོ་ནར་རབ་ཏུ་བྱུང་བའི་ཐ་ཚིག་གོ། །དགེ་སྦྱོང་གི་ཚུལ་དོན་

དུ་གཉེར་བ་ཞེས་བྱ་བ་ནི་སྒྲུབ་པའི་སྦྱོར་བ་དང་འབྲས་བུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་དགེ་སྦྱོང་གི་ཚུལ་ནི་ས་བཅུ་པོ་དག་ལ་བསླབ་པ་གསུམ་གྱི་སྦྱོར་བར་གཏོགས་པའི་ལམ་མོ། །མྱ་ངན་ལས་འདས་པ་ནི་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། མི་གནས་པའི་

མྱ་ངན་ལས་འདས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་འཇུག་པའི་བསམ་པའི་དབང་གིས་བསམ་པ་ཕུན་སུམ་ཚོགས་པ་ཀུན་ནས་ཉོན་མོངས་པ་མེད་པར་བསྟན་ཏེ། ཀུན་ནས་ཉོན་མོངས་པ་མེད་པར་གནས་པའི་ཕྱིར་བསམ་པ་ཕུན་སུམ་ཚོགས་པ་ནི་ལེ་ལོ་མེད་པ་ཞེས་བྱ་བ་ལ་

སོགས་པས་སྟོན་ཏེ། ལེ་ལོ་མེད་པ་ཞེས་བྱ་བ་ནི་དགེ་བ་རྣམས་ལ་བརྩོན་འགྲུས་བརྩམས་པའི་ཕྱིར་རོ། །མ་འདྲེས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པར་སྤྱོད་པ་དང་བར་ཆད་མེད་པར་ཀུན་དུ་མི་སྤྱོད་པ་སྟེ། དེ་ལ་སྡིག་པ་ནི་དམད་པ་ཡིན་པའི་ཕྱིར་རོ། །མི་དགེ་བ་རྣམས་

ནི་དགེ་བ་དང་མི་མཐུན་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ནི་ཚེ་འདི་ཉིད་ལ་ཀུན་ནས་ཉོན་མོངས་པ་ཕྱིར་ཞིང་འགྲུབ་པར་འགྱུར་བའི་ཕྱིར་རོ། །ཡང་འབྱུང་བ་ནི་ཚེ་ཕྱི་མ་ལ་ཡང་འབྱུང་བའི་སྡུག་བསྔལ་འགྲུབ་པའི་ཕྱིར་རོ། །རིམས་ནད་ནི་ཀུན་ནས་ཉོན་མོངས་པ་ཡིན་པའི་

ཕྱིར་རོ། །རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་ཡང་འབྱུང་བར་འགྱུར་བའི་ཕྱིར་ཏེ། དེའི་ཉེས་དམིགས་ནི་ཚེ་འདི་ལ་ཉོན་མོངས་པ་ཀུན་དུ་སྤྱོད་པས་ལུས་དང་སེམས་ཡོངས་སུ་གདུང་བར་འགྱུར་བ་དང་། ཚེ་ཕྱི་མ་ལ་ངན་འགྲོར་འགྲུབ་པར་འགྱུར་བའི་ཕྱིར་རོ། །ཡང་འབྱུང་བ་རྣམས་ཡོད་པས་

Vol. 133 · folio 175a

ན་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་ཤིར་འགྱུར་བ་དེ་ནི་ཉེས་དམིགས་ཡིན་ཏེ། ཡུན་རིང་པོར་སྐྱེ་བ་དང་རྒ་ཤི་འདྲེན་པའི་ཕྱིར་རོ། །བསོད་ནམས་བྱས་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཀུན་ཏུ་བསྟེན་པའི་ཕྱིར་རོ། །དགེ་བ་བྱས་པ་ནི་ལོངས་སྤྱོད་ཆེན་

པོའི་བར་དུ་གཅོད་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །གཞན་ཡང་བསོད་ནམས་ནི་བསོད་ནམས་ཀྱི་དོན་གྱི་ཕྱིར་རོ། །དགེ་བ་ནི་ཁ་ན་མ་ཐོ་བ་མེད་པའི་དོན་གྱི་ཕྱིར་རོ། །ཕོངས་པར་མི་འགྱུར་ཞེས་བྱ་བ་ནི་མི་ལྡན་པ་མ་ཡིན་པ་སྟེ། དེ་དག་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །ཕུན་སུམ་ཚོགས་

པ་དང་པོས་ཉིན་མཚན་དུ་དགའ་ཞིང་མཆོག་ཏུ་དགའ་བའི་ཤས་ཆེ་བའི་ཕྱིར་བདེ་བ་ལ་རེག་པར་གནས་སོ། །གཉིས་པ་སྟེ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་གནས་པའི་ཕྱིར་ཡང་བདེ་བ་ལ་རེག་པར་གནས་སོ། །གསུམ་པ་སྟེ་ཕོངས་པ་རྣམ་པར་སྤངས་པའི་ཕྱིར་ཡང་བདེ་བ་ལ་

རེག་པར་གནས་སོ། །བསྡུས་པ་དང་རྒྱས་པ་ཞེས་བྱ་བ་ལ་མདོར་བསྡུས་པ་ནི་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང་། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའོ། །ཡང་རྣམ་པ་གསུམ་སྟེ། སྡོམ་པ་ཡང་དག་པར་ལེན་པ་དང་དགེ་བ་སྡུད་པ་དང་།

སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །རྒྱས་པར་བཤད་པ་ནི་ཇི་སྐད་བསྟན་པའི་རབ་ཏུ་དབྱེ་བ་བཞིན་ནོ། །དེ་ལས་གཞན་པ་འདིའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཐམས་ཅད་པ་ཉིད་ཀྱི་ཕྱོགས་གཅིག་སྟེ། དཀའ་བའི་ཚུལ་ཁྲིམས་ནས་རྣམ་པར་དག་པའི་ཚུལ་ཁྲིམས་

ཀྱི་བར་རོ། །དེ་ལྟར་བསྟན་པས་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་བསྟན་ཏེ། བཤད་པས་ནི་ཚུལ་ཁྲིམས་ཐམས་ཅད་བསྟན་ཏོ། །བཤད་པའི་རབ་ཏུ་དབྱེ་བས་ནི་དཀའ་བའི་ཚུལ་ཁྲིམས་ལ་སོགས་པ་བསྟན་ཏོ། །དཀའ་བའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་གྱིས་རྣམ་པར་གཞག་སྟེ།

གཏང་དཀའ་བའི་དངོས་པོ་ཡོངས་སུ་གཏོང་བས་ན་ཚུལ་ཁྲིམས་ལེན་པས་ན་ཡང་དག་པར་ལེན་པ་དཀའ་བ་ལ་བརྟེན་ཏོ། །བླངས་ནས་ཉམ་ཐག་པར་གྱུར་ཀྱང་ཡོངས་སུ་མི་གཏོང་བས་ན་རྗེས་སུ་བསྲུང་བ་དཀའ་བ་ལ་བརྟེན་ཏོ། །རྒྱུ་བ་དང་གནས་པ་དག་ལ་ཤིན་ཏུ་དྲན་པ་ཉེ་བར་གནས་

Vol. 133 · folio 175b

པས་ཡོངས་སུ་དག་པ་དཀའ་བ་ལ་བརྟེན་པའོ། །གཞན་དག་ནི་གཞན་དུ་ཡང་འཆད་དེ། ལེན་པ་དང་སྲུང་བའི་སྒོ་ནས་དཀའ་བར་བསྟན་ཏོ། །དེ་ལ་སྲུང་བ་ནི་ཉམས་ལ་བབ་པར་གྱུར་ཀྱང་ཤིན་ཏུ་ཡོངས་སུ་སྐྱོང་བ་དང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ལོངས་སྤྱོད་ཆེ་བ་ནི་རྣམ་པ་

བཞི་དང་ལྔས་རིག་པར་བྱ་སྟེ། བཞི་ཞེས་བྱ་བ་ནི་གང་གིས་ལོངས་སྤྱད་པར་བྱ་བའི་ལུས་ཀྱིས་ཏེ། ལུས་ཀྱི་འབྱོར་པས་གྱུར་པས་ན་ལོངས་སྤྱོད་ཆེ་བའོ། །གང་དག་དང་ལྷན་ཅིག་པ་སྟེ། གཉེན་འདབ་དང་རྩ་ལག་སྡུག་ཅིང་བྱམས་པ་ནས་ཡིད་དུ་འོང་བའི་བར་དག་དང་ངོ་། །དེ་

དག་ཀྱང་མང་བ་དང་ཆེ་བའི་ཕྱིར་ན་ཆེ་བའོ། །གང་དག་གིས་བསྒྲུབས་པ་ནི་བྲན་ལ་སོགས་པ་རྣམས་ཀྱིས་ཏེ། དེ་དག་ཀྱང་མང་བ་དང་ཆེ་བའི་ཕྱིར་ཆེ་བའོ། །གང་ལོངས་སྤྱོད་པ་ནི་ཟས་དང་སྐོམ་ལ་སོགས་པ་སྟེ། དེ་ལྟར་ན་ལུས་ཕུན་སུམ་ཚོགས་པ་དང་ཕྱོགས་ཆེན་པོ་དང་། འཁོར་

ཆེན་པོ་དང་། ནོར་དང་ཡོ་བྱད་ཕལ་པོ་ཆེར་གྱུར་པའི་ཕྱིར་ལོངས་སྤྱོད་ཆེ་བར་བསྟན་ཏོ། །རྣམ་པ་ལྔས་ཇི་ལྟར་ཞེ་ན། ལུས་དང་ངག་གིས་ཅིའི་ཕྱིར་ལོངས་སྤྱོད་པ་ཡིན་ཏེ། འཚོ་བའི་ཕྱིར་ཡིན་ལ་དེ་གཉིས་ཀྱང་ཆེ་བའི་ཕྱིར་ཆེ་བའོ། །ལྷག་མ་ནི་སྔ་མ་དང་འདྲའོ། །ནོར་དང་འབྲུ་

དང་མཛོད་དང་བང་བའི་ཚོགས་ཕལ་པོ་ཆེ་སྤངས་པའི་ཕྱིར་དཀའ་བའོ། །ནོར་དང་འབྲུ་མང་བས་ན་ལོངས་སྤྱོད་ཆེན་པོའི་བཀའ་བཙན་པས་དེ་དག་ལ་ཅི་དགའ་མགུར་དབང་བྱེད་པའི་ཚུལ་གྱིས་ན་དབང་ཕྱུག་ཆེན་པོ་ལ་དབང་བྱེད་པ་སྟེ། གསུམ་པོ་འདི་དག་ནི་གཏང་བར་

མི་ནུས་པ་ཡིན་ལ། དེ་བཏང་དགོས་པས་ན་ཚུལ་ཁྲིམས་ཡང་དག་པར་ལེན་པ་དཀའ་བ་ཡིན་ཏེ། མདོ་གཞན་ལས་ཀྱང་འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞིའི་དབང་ཕྱུག་ལ་དབང་བྱེད་པར་གྱུར་པ་དེ་ལྟ་བུ་ཡང་འདོད་ན་སྐད་ཅིག་གཅིག་ཁོ་ནས་བཙུན་མོ་དང་

ལོངས་སྤྱོད་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །ཉམས་པ་ལ་བབ་པར་གྱུར་པ་ནི་སྲོག་ལ་ཐུག་ཀྱང་ཞེས་བྱ་བས་བསྟན་ཏེ། འཆི་བ་ལ་ཐུག་པའི་སྡུག་བསྔལ་གྱིས་ཐེབས་ན་ཡང་གཏོང་བས་སྲོག་གི་

Vol. 133 · folio 176a

ཕྱིར་ཡང་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་བ་དང་གནས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ལ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པ་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པའི་ཕྱིར་དང་། ཡན་ལག་ལྔ་དང་ལྡན་པའི་བག་ཡོད་པ་ལ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་

དཔའ་ནི་བསམ་པ་དང་སྦྱོར་བ་དག་པས་ན་བརྒྱ་ལམ་ན་གནས་སྐབས་འགའ་ཙམ་ལ་ཡང་ཡང་དག་པར་བླངས་པའི་སྐད་ཅིག་ཕྱིན་ཆད་ནས་མ་ཤིའི་བར་དུ་ཡང་སྡིག་པ་མི་བྱེད་དོ། །དེ་ལྟར་ན་རྗེས་སུ་སྲུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་དཀའ་བ་ཉིད་ཡིན་ནོ། །རྣམ་པ་བཞིའི་སྒོ་ནས་

ཞུགས་པའི་ཚུལ་ཁྲིམས་ནི་ཐམས་ཅད་ཀྱི་སྒོའོ། །སྦྱོར་བའི་ཁྱད་པར་གྱིས་བསྒྲུབས་པས་ན་ཡང་དག་པར་བླང་བར་བྱས་པའོ། །སེམས་པ་དང་མངོན་པར་འདུ་བྱེད་པ་དང་སྨོན་པ་ལ་མི་ལྟོས་པས་ན་རང་བཞིན་གྱི་ཚུལ་ཁྲིམས་སོ། །ཡུན་རིང་པོ་དང་རྒྱུན་མི་འཆད་པའི་དུས་ནས་

ཞུགས་པ་ན་གོམས་པའོ། །བསྡུ་བའི་དངོས་པོས་ཡོངས་སུ་ཟིན་པས་ན་ཐབས་དང་ལྡན་པའོ། །རིགས་ལ་གནས་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་རྟགས་ཀུན་དུ་སྤྱོད་པའི་གནས་སྐབས་ཀྱིའོ། །ཁ་ན་མ་ཐོ་བ་མེད་པ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། དེ་

ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འཐོབ་པོ། །གོམས་པའི་ཁྱད་པར་གྱི་སྦྱོར་བས་གོང་མ་བས་ཀྱང་ཆེས་གོང་མ་དང་། གྱ་ནོམ་པ་བས་ཀྱང་ཆེས་གྱ་ནོམ་པར་ཚུལ་ཁྲིམས་ལ་གོམས་པར་འགྱུར་ཏེ། དེ་བས་ན་སྔོན་གྱི་ཚེ་རབས་

གཞན་དག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་དཔེར་ན། རང་བཞིན་གྱིས་གཙང་ཞིང་ཁྲུས་བྱས་ལ་ལུས་བྱུགས་པ་ནི་མི་གཙང་བ་དང་མི་མཐུན་ཞིང་མི་འདོད་པ་དེ་བཞིན་དུ་རང་བཞིན་གྱིས་སྡིག་པ་རྣམས་ལ་ཞེ་སྡང་ལ་དེའི་གཉེན་པོར་དགེ་བ་རྣམས་ལ་དགའ་ཞིང་དགེ་

བ་འདོད་དོ། །བསླབ་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་སྒོ་ནས་ཞུགས་པའི་ལུས་ལ་སོགས་པའི་ལས་ནི་ཐབས་དང་ལྡན་པའི་ཚུལ་ཁྲིམས་ཏེ། བསྡུ་བའི་དངོས་པོ་བཞི་ནི་ཐབས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །བདག་དང་གཞན་ལ་མི་གནོད་པར་

Vol. 133 · folio 176b

སྒྲུབ་པའི་ཕྱིར་སྐྱེས་བུ་དམ་པ་ཡིན་ཏེ། སྒྲུབ་པ་དེ་ཡང་བདག་ཉིད་དང་གཞན་དག་ལ་ཕན་འདོགས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པའི་ཕྱིར་རོ། །སྐྱེས་བུ་དམ་པའི་ཚུལ་ཁྲིམས་རྣམ་པར་གཞག་པ་ནི་བདག་ཉིད་ཀྱང་ཡང་དག་པར་ལེན་པ་དང་། ཡོངས་སུ་བསྲུང་བའི་ཡན་ལག་

ཕུན་སུམ་ཚོགས་པས་ཐོག་མ་དང་ཐ་མས་སྐྱེས་བུ་དམ་པའི་ཚུལ་ཁྲིམས་སུ་གྱུར་པའོ། །གཞན་ནི་ཐ་མལ་པ་དང་། ཞེ་འགྲས་པ་དང་། ཡང་དག་པར་ཞུགས་པའི་བྱེ་བྲག་གིས་ཚུལ་ཁྲིམས་རྣམ་པ་གསུམ་གྱི་དབང་དུ་བྱས་པའོ། །དེ་ལ་སྔ་མ་རྣམས་ནི་ཡང་དག་པར་ལེན་དུ་འཇུག་གོ། །

ཞེ་འགྲས་པ་རྣམས་ལ་ནི་བསྔགས་པ་བརྗོད་དོ། །དེ་དག་གིས་བསྔགས་པ་དང་ཕན་ཡོན་ཐོས་ན་ཀུན་ནས་མནར་སེམས་ཀྱི་སེམས་རྩེ་ཞིལ་བར་འགྱུར་དུ་རེ་བའི་ཕྱིར་རོ། །ཡང་དག་པར་ཞུགས་པ་རྣམས་མཐོང་ན་ནི་ཡིད་དགའ་བར་འགྱུར་ལ་འགྲན་པར་ཡང་མི་བྱེད་དེ། དེ་ལྟར་ན་

ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་གཞན་དག་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་ཁྱད་པར་དང་ལྡན་པའི་སྐྱེས་བུ་དམ་པའི་ཚུལ་ཁྲིམས་ཉིད་དུ་བསྟན་ཏོ། །རྣམ་གྲངས་གཅིག་གིས་རྣམ་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བས་ན་རྣམ་པ་དྲུག་གོ། །རྣམ་གྲངས་ཅིག་ཤོས་ཀྱིས་

ནི་རྣམ་པ་བདུན་ཡོངས་སུ་རྫོགས་པར་འགྱུར་བས་ན་རྣམ་པ་བདུན་ནོ། །གཉིས་ཀ་བསྡོམས་པས་རྣམ་པ་བཅུ་གསུམ་ཡོངས་སུ་རྫོགས་པར་འགྱུར་བས་ན་རྣམ་པ་བཅུ་གསུམ་མོ། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་ཕྱིར་འབྲས་བུ་དང་ཕན་ཡོན་ཆེ་བ་སྟེ། དེ་བས་ན་འབྲས་བུ་

ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པའོ། །རྒྱ་ཆེན་པོ་ནི་བསླབ་པའི་གཞི་རྒྱས་པར་བླངས་པའི་ཕྱིར་གནས་ཡོངས་སུ་རྫོགས་པས་ཡོངས་སུ་རྫོགས་པའོ། །རྒྱ་ཆེ་བ་ནི་རྒྱ་ཆེར་བརྗོད་པར་བྱ་བའོ། །འདོད་པའི་བསོད་ཉམས་ཀྱི་མཐའ་རྣམ་པར་སྤངས་པའི་ཕྱིར་ཉོན་མོངས་

པ་ཅན་གྱི་བདེ་བ་དང་བྲལ་བ་ཡིན་ཏེ། དེ་བས་ན་ཁ་ན་མ་ཐོ་བ་མེད་པའོ། །བདག་ཉིད་དུབ་པར་བྱེད་པའི་མཐའ་རྣམ་པར་སྤངས་པའི་ཕྱིར་དང་དོན་མེད་པའི་སྡུག་བསྔལ་རྣམ་པར་སྤངས་ཏེ། དེ་བས་ན་རབ་ཏུ་དགའ་བའི་གནས་དང་མཐུན་པའོ། །བར་དུ་གཅོད་པ་ཡོངས་

Vol. 133 · folio 177a

སུ་བཏང་བས་ཇི་སྲིད་འཚོའི་བར་གྱི་བསླབ་པ་དང་ལྡན་པས་ན་རྒྱུན་དུ་ཆུད་པའོ། །རྙེད་པ་དང་བཀུར་སྟི་ལ་མི་བརྟེན་ཏེ་དེའི་སྒོ་ནས་ཉམས་པར་མི་བྱེད་པས་དེའི་ཕྱིར་ཟིལ་གྱིས་མི་ནོན་པའོ། །དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་ཕུལ་ནས་མུ་སྟེགས་ཅན་གྱི་གནས་

རྣམས་སུ་སྡོམ་པ་ཡང་དག་པར་ལེན་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པས་ཟིལ་གྱིས་གནོན་པར་མི་འགྱུར་ཏེ། དེ་མེད་པས་ན་དེ་དག་གིས་ཟིལ་གྱིས་གནོན་པར་གྱུར་པ་མ་ཡིན་ནོ། །དགེ་སྦྱོང་སར་པ་སར་པ་རྣམས་ནི་དགེ་སྦྱོང་གི་གནོད་པ་རྣམས་ཀྱིས་གཙེས་སོ་ཞེས་མདོ་ལས་

གསུངས་པའི་ཕྱིར་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དེ་ལྟ་བུས་བསླབ་པ་ཕུལ་ནས་ཉམས་ཤིང་ལྡོག་པའི་ཕྱིར་དང་། བསླབ་པ་འདྲལ་བས་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་ལ། རྣམ་པ་དེ་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་བསྟན་པའོ། །རྒྱན་དང་

ལྡན་པ་ཡིན་པས་ན་རྒྱན་དང་བཅས་པའོ། །འདི་ལྟ་སྟེ་ཉན་ཐོས་ཀྱི་ས་ལས་ཞེས་བྱ་བ་ནི་དད་པ་དང་ལྡན་པ་དང་། གཡོ་མེད་པ་དང་། ནད་ཉུང་བ་དང་། བརྩོན་འགྲུས་བརྩམས་པ་ཉིད་དང་། ཤེས་རབ་ཅན་དང་འདོད་པ་ཆུང་བ་ལ་སོགས་པ་ནས་སྦྱངས་པའི་ཡོན་ཏན་ལ་ཐུག་པ་

རྣམས་ནི་ཚུལ་ཁྲིམས་ཀྱི་རྒྱན་ཡིན་ནོ་ཞེས་དེ་ལས་བསྟན་ཏོ། །ཚུལ་ཁྲིམས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། གཏན་མི་བྱ་བ་ཁོ་ནས་ཉེས་པར་སྤྱོད་པ་སྤོང་བ་ཡང་དག་པར་ལེན་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་དང་། གཅིག་ཏུ་ངེས་པར་བྱ་བ་ཁོ་ནས་བསླབ་པ་སྟེ་འཇུག་

པའི་ཚུལ་ཁྲིམས་དང་། དེ་གཉིས་རྟག་ཏུ་བག་ཡོད་པར་བསྲུང་བའི་ཕྱིར་ཀུན་ནས་བསྲུང་བའི་ཚུལ་ཁྲིམས་ཏེ། དེ་ལྟར་རྣམ་པ་གསུམ་དང་། རྣམ་པར་སྨིན་པའི་འབྲས་བུས་རབ་ཏུ་ཕྱེ་བས་ན་རྣམ་པར་སྨིན་པར་བྱེད་པ་སྟེ། དེ་ཡང་ས་རེ་རེ་ལ་ཇི་ལྟར་འཚམ་པའི་མཚན་འགྲུབ་

པར་བྱེད་པའི་ཕྱིར་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འགྲུབ་པར་བྱེད་པའི་ཕྱིར་དང་། ལྷ་དང་མིའི་འགྲོ་བ་འགྲུབ་པར་བྱེད་པའི་ཕྱིར་དང་། སེམས་ཅན་གྱི་དོན་མང་པོའི་འབྲས་བུ་འགྲུབ་པར་བྱེད་པའི་ཕྱིར་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལྟར་ན་རྣམ་པ་

Vol. 133 · folio 177b

བདུན་དུ་འགྱུར་རོ། །བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཕྱིར་འདོད་པ་ཉིད་དང་། ཕོངས་པ་ཉིད་ལ་ལྟ་ཞིང་སོ་སོར་བརྟགས་ནས་བླངས་པ་ནི་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་སོ། །དེ་ཡང་སྡུག་བསྔལ་རྣམ་པ་བརྒྱད་ཀྱི་གཉེན་པོའི་ཕྱིར་རྣམ་པ་བརྒྱད་དེ། སེམས་ཅན་ཐམས་ཅད་ནི་འཚོ་

བ་འདོད་ཀྱི་འཆི་བ་མི་འདོད་པའི་ཕྱིར་འཚོ་བ་དང་སྲོག་འདོད་པ་རྣམས་དང་། ལོངས་སྤྱོད་འདོད་པ་རྣམས་དང་། ཁ་མི་ཕྱིན་པའི་ཆུང་མ་འདོད་པ་རྣམས་དང་། མི་བླུ་བ་འདོད་པ་རྣམས་དང་། མི་ཕྱེད་པའི་གཡོག་འཁོར་འདོད་པ་རྣམས་དང་། སྒྲ་སྙན་པ་ཐོས་པ་རྣམས་དང་། དོན་དང་ལྡན་

པའི་འབྲེལ་པའི་གཏམ་འདོད་པ་རྣམས་དང་། སྡུག་པའི་འདུས་ཏེ་རེག་པ་འདོད་པ་རྣམས་སོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་རྣམ་པ་བརྒྱད་དེ། ཕོངས་པར་བྱེད་པ་དང་། མི་སྡུག་པ་དང་། ཡིད་དུ་མི་འོང་བ་དེ་ལས་བཟློག་པའི་སྒོ་ནས་ཕོངས་ཤིང་འདོད་པའི་ཚུལ་ཁྲིམས་རྣམ་པར་གཞག་

གོ། །སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་བཀག་པའི་སྒོ་ནས་འདི་དང་ཕྱི་མ་ལ་བདག་དང་གཞན་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་པས་ན་འགོག་པའི་ཚུལ་ཁྲིམས་སོ། །འདི་དང་ཕྱི་མ་ལ་བདེ་བ་སྟེ་བདེ་བའི་རྒྱུ་ལ་འཇུག་པ་གནང་བས་ན་གནང་བའི་ཚུལ་ཁྲིམས་སོ། །དེ་བཞིན་དུ་གཉི་གར་

ཕན་འདོགས་པར་བྱེད་པའི་ཕྱིར་དེ་གཉིས་ལ་ཡང་དག་པར་ཞུགས་པའི་སེམས་ཅན་སྡུད་པས་ན་སྡུད་པའི་ཚུལ་ཁྲིམས་སོ། །གཞན་དག་གི་འདི་དང་ཕྱི་མའི་བདེ་བ་ལ་ལོག་པར་ཞུགས་པའི་སེམས་ཅན་ཚར་གཅོད་པར་བྱེད་པས་ན་ཚར་གཅོད་པའི་ཚུལ་ཁྲིམས་སོ། །སྦྱིན་པ་དང་ལྡན་པ་

ཁོ་ནས་ཕྱི་མ་ལ་ལོངས་སྤྱོད་ཆེན་པོའི་འབྲས་བུར་གྱུར་པའི་ཕྱིར་དང་བཟོད་པ་དང་ལྡན་པས་ནི་འདི་དང་ཕྱི་མ་ལ་བདག་དང་གཞན་གྱི་བདེ་བའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་བདག་ཉིད་གཡོག་འཁོར་དང་ལྡན་པའི་རྒྱུར་འགྱུར་བའི་ཕྱིར་འདི་དང་ཕྱི་མ་ལ་བདེ་བ་དང་བརྩོན་འགྲུས་

དང་ལྡན་པ་ནི་ཚེ་འདི་ཉིད་ལ་བརྩོན་འགྲུས་བརྩམས་པས་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མི་འདྲེ་བའི་རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་བདེ་བ་ཆེན་པོའི་རྒྱུར་འགྱུར་བའི་ཕྱིར་འདི་དང་ཕྱི་མ་ལ་བདེ་བ་དང་། བསམ་གཏན་དང་ལྡན་པའི་ཚེ་འདི་ཉིད་ལ་བདེ་བ་ལ་རེག་པའི་

Vol. 133 · folio 178a

རྒྱུར་འགྱུར་བའི་ཕྱིར་དང་། ཕྱི་མ་ལ་རྣམ་པར་དག་པའི་ལྷར་སྐྱེ་བའི་རྒྱུར་འགྱུར་བའི་ཕྱིར་གཉི་གར་བདེ་བ་དང་། ཤེས་རབ་དང་ལྡན་པ་ནི་ཚེ་འདི་ཉིད་ལ་དེ་དང་དེ་དག་ལ་མཁས་པ་བསྐྱེད་པའི་ཕྱིར་དང་། ཕྱི་མ་ལ་ཤེས་རབ་ཀྱི་ཁྱད་པར་གྱི་རྒྱུར་གྱུར་པའི་ཕྱིར་

གཉི་གར་བདེ་བ་སྟེ། །དེ་ལྟར་ན་ཚུལ་ཁྲིམས་རྣམ་པ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་ཏེ་ཅི་རིགས་པར་སྦྱར་རོ། །བདག་དང་ཕ་རོལ་རྣམ་པ་གཉི་གར་ཕན་འདོགས་པས་ན་འདི་དང་ཕྱི་མ་ལ་བདེ་བའོ། །ཉེས་པ་རྣམ་པ་བཅུའི་གཉེན་པོར་གྱུར་པས་ན་རྣམ་པར་དག་པ་སྟེ། རྣམ་

པ་བཅུ་ནི་ཉེས་པ་རྣམ་པ་བཅུའོ། །བསམ་པ་ཉམས་པས་ན་ཡང་དག་པར་ལེན་པ་ཉམས་པའི་ཉེས་པའོ། །དེའི་གཉེན་པོར་དགེ་སྦྱོང་གི་ཚུལ་འདོད་པ་ནས་ཐ་མ་རྫོགས་པའི་བྱང་ཆུབ་འདོད་པ་ལ་ཐུག་པ་རྣམས་སྨོས་སོ། །བསླབ་པ་ལ་མི་སྦྱོར་བའི་ཉེས་པ་ནི་དེ་བཞིན་གཤེགས་པས་བསླབ་

པའི་གཞི་བཅས་པ་རྣམས་ལ་གུས་པར་མི་བྱེད་པས་ན་དེའི་ཕྱིར་ཧ་ཅང་ཞུམ་པ་མ་ཡིན་པ་ཞེས་སྨོས་ཏེ། དེ་ཉིད་ནི་འགལ་བར་བྱས་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་ཏོ། །བསླབ་པའི་གཞི་མ་བཅས་པའི་རྗེས་སུ་འཇུག་པའི་ཉེས་པ་ཡིན་པས་ན་ཧ་ཅང་ཐལ་བ་ཉིད་དོ། །

ཉེས་པ་དེ་གཉི་གའི་གཉེན་པོར་ཇི་ལྟར་བཅས་པ་རྣམས་ལ་ཡང་དག་པར་བསླབ་པས་ན་རྣམ་པར་དག་པའོ། །ལེ་ལོའི་ཉེས་པ་ཉམས་པར་གྱུར་པའི་གཉེན་པོར་ལེ་ལོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེ་ལོ་དང་བྲལ་བ་ནི་ཉིན་མཚན་དུ་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་

པ་ཞེས་བྱ་བས་བསྟན་ཏོ། །བག་མེད་པའི་ཉེས་པའི་གཉེན་པོར་ནི་བག་ཡོད་པས་ཡོངས་སུ་ཟིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟེན་ངན་པའི་ཉེས་པ་ནི་རྙེད་པ་དང་བཀུར་སྟི་དང་སྐྱེ་བའི་ཁྱད་པར་ལ་བརྟེན་པའི་ཕྱིར་ཏེ། དེའི་གཉེན་པོར་སྨོན་ལམ་ལེགས་པར་བཏབ་པ་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་འདུན་པར་མི་བྱེད་པའི་ཉེས་པ་དེའི་གཉེན་པོར་ནི་ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོག་པར་འཚོ་བའི་ཉེས་པ་དེའི་གཉེན་པོར་ནི་འཚོ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཐའ་གཉིས་སུ་

Vol. 133 · folio 178b

ལྷུང་བའི་ཉེས་པ་དེའི་གཉེན་པོར་ནི་མཐའ་གཉིས་རྣམ་པར་སྤངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཆོག་ཏུ་འཛིན་པའི་ཉེས་པ་དེའི་གཉེན་པོར་ནི་ངེས་པར་འབྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉམས་པར་བྱེད་པའི་གཉེན་པོར་ནི་བསླབ་པ་ལས་འགལ་བར་བྱེད་པ་སྟེ། དེའི་གཉེན་པོར་ནི་མ་

ཉམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོ་ནི་ཡངས་ཤིང་རྒྱ་ཆེ་ལ་བསོད་ནམས་ཆེ་བའི་ཕྱིར་རོ། །བྱང་ཆུབ་ཆེན་པོའི་འབྲས་བུ་བསྐྱེད་པ་ནི་འབྲས་བུ་ཆེ་བའི་ཕྱིར་ཏེ། དེ་གཉིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་ཏེ།

བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་སློབ་པ་ནི་ཕན་ཡོན་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པར་བསྟན་ཏེ། དེ་ལ་སློབ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་པར་འགྱུར་གྱི། ཉན་ཐོས་ཀྱི་སྡོམ་པ་ལ་སློབ་པ་ལ་ནི་མ་ཡིན་ནོ། །འཆི་བའི་ཚེ་འདི་ནས་

ཤི་འཕོས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་པ་ཡིད་ལ་བྱེད་པས་འཆི་བའི་འཇིགས་པ་ལས་འདས་པའི་ཕྱིར་མཆོག་ཏུ་དགའ་བ་ཆེན་པོ་འཐོབ་བོ། །ཕྱི་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་ཕྲད་པའི་ཕན་ཡོན་གསུམ་པའོ། །ཕ་

རོལ་ཏུ་ཕྱིན་པ་བསྡུས་པའི་བསོད་ནམས་ཡོངས་སུ་འཛིན་པའི་ཕྱིར་བཞི་པའོ། །གཏན་དུ་བའི་ཚུལ་ཁྲིམས་ཡིན་པས་ཆོས་ཉིད་ཀྱི་ཚུལ་ཁྲིམས་ཐོབ་པའི་ཕྱིར་ལྔ་པའོ། །རྣམ་པ་རེ་རེ་ལ་ཡང་ཚུལ་ཁྲིམས་རྣམ་པ་གསུམ་གསུམ་དུ་བསྡུས་པ་ནི་དེ་ཐམས་ཅད་ནི་སྡོམ་པའི་ཚུལ་ཁྲིམས་དང་

ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་ལས་མི་ཉུང་མི་མང་ཞེས་རྒོལ་པའི་ལན་གྱི་སྒོ་ནས་ཚུལ་ཁྲིམས་རྣམ་པ་གསུམ་དུ་གཞག་པར་བསྟན་པའི་ཕྱིར་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་

སེམས་གནས་པ་སྟེ། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཀྱི་བདེ་བ་ལ་གནས་པའི་ཕྱིར་རོ། །ལུས་དང་སེམས་ཀྱི་མངོན་པར་འདུས་བྱ་བ་ཡང་དེ་དང་འདྲའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྒོ་ནས་བདག་ལ་ཕན་པ་སྒྲུབ་པའོ། །སེམས་

Vol. 133 · folio 179a

ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་སྒོ་སྟེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྒོ་ནས་ནི་གཞན་ལ་ཕན་པ་སྒྲུབ་པོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་འདི་དག་ཏུ་ཟད་དོ། །འདི་ལྟ་སྟེ་བདག་ཉིད་སྣོད་དུ་གྱུར་པར་བྱ་བ་དང་། གཉི་ག་ལ་ཕན་པ་སྒྲུབ་པའོ། །བྱང་ཆུབ་སེམས་དཔའི་

ཚུལ་ཁྲིམས་ཀྱི་ལེའུ་སྟེ་བཅུ་པའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡང་རྣམ་པ་དགུ་ཉིད་དུ་རྣམ་པར་གཞག་པར་བྱའོ་ཞེས་བྱ་བས་ཀུན་ལ་ཡང་སྡོམ་གྱི་ཚིག་གཅིག་ཉིད་ཀྱིས་བསྟན་པ་ཡིན་ནོ། །རྣམ་པ་བཞིར་བཟོད་པའི་ངོ་བོ་ཉིད་རྣམ་པར་གཞག་པར་བྱ་སྟེ། རྟེན་

གྱི་ཁྱད་པར་ཉིད་དང་། གཞིའི་ཁྱད་པར་ཉིད་དང་། དམིགས་པའི་ཁྱད་པར་ཉིད་དང་། རྒྱུའི་ཁྱད་པར་ཉིད་དོ། །དེ་ལ་རྟེན་ནི་མོས་པས་སྤྱོད་པའི་གནས་སྐབས་ཀྱི་ནི་སོ་སོར་རྟོག་པའི་སྟོབས་ཡིན་ཏེ། གང་གི་ཕྱིར་སྨྲས་པ། སོ་སོར་བརྟགས་པའི་སྟོབས་ལ་བརྟེན། །ཞེས་བྱ་བ་སྟེ། མི་མཐུན་

པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྟོབས་ཞེས་བྱའོ། །ས་ལ་ཞུགས་པ་རྣམས་ཀྱི་ནི་བསྒོམས་པའི་སྟོབས་ཀྱིས་ཏེ། གང་གི་ཕྱིར་སྨྲས་པ། རང་བཞིན་གྱིས་ཞེས་བྱ་བ་སྟེ། ས་ལ་ཞུགས་པ་རྣམས་ཀྱིས་བདག་མེད་པ་རྣམ་པ་གཉིས་རབ་ཏུ་རྟོགས་པས་འཁོར་གསུམ་ཡོངས་སུ་དག་པའི་བཟོད་པ་

ལ་རབ་ཏུ་ཞུགས་པས་ཞེས་བྱ་བས་རང་བཞིན་གྱིས་བཟོད་པའོ། །གཞི་ནི་གནོད་པ་བྱེད་པའི་སེམས་ཅན་ཐམས་ཅད་དེ། དེ་དག་དབྱེ་བ་མེད་པའོ། །དེས་ན་སྨྲས་པ། ཇི་མི་སྙམ་པ་དང་ཞེས་བྱ་བའོ། །དམིགས་པ་ནི་གནོད་པ་བྱས་པ་ཐམས་ཅད་ལ་དབྱེ་བ་མེད་པའོ། །གང་གི་

ཕྱིར་སྨྲས་པ། ཐམས་ཅད་ལ་ཇི་མི་སྙམ་པ་སྟེ་ཞེས་བྱ་བ་ལ། རྣམ་པ་གཉིས་ཀྱིས་ཇི་མི་སྙམ་པས་ནུས་པ་དང་ལྡན་ཡང་རུང་། ནུས་པ་དང་མི་ལྡན་ཡང་རུང་། གོ་རིམས་བཞིན་དུ་ལན་དུ་གནོད་པ་མི་བྱེད་པ་དང་། སེམས་མི་ཁྲོ་བའོ། ཟང་ཟིང་མེད་པའི་སེམས་ནི་མཐོང་བའི་ཆོས་ལ་

ལན་དུ་ཕན་འདོགས་པ་ལ་རེ་བ་མེད་པའི་ཕྱིར་དང་། ཕྱི་མ་ལ་ཡང་འདོད་པ་དང་། མི་འདོད་པའི་འགྲོ་བ་ལ་མངོན་པར་འདོད་པ་དང་། བག་ཚ་བ་མེད་པའི་ཕྱིར་རོ། །རྒྱུའི་ཁྱད་པར་ཉིད་ནི་གང་གི་ཕྱིར་སྨྲས་པ་སྙིང་རྗེ་འབའ་ཞིག་གིས་ཞེས་བྱ་བའོ། །རྣམ་གྲངས་གཞན་ཡང་བཟོད་པའི་

Vol. 133 · folio 179b

ངོ་བོ་རྣམ་པར་གཞག་པ་ནི་རྣམ་པ་གསུམ་སྟེ། གཉེན་པོའི་ཁྱད་པར་དང་སོ་སོར་རྟོག་པའི་སྟོབས་དང་། བསྒོམས་པའི་སྟོབས་དང་། རྒྱུའི་ཁྱད་པར་ཏེ། གནོད་པ་བྱེད་པའི་སེམས་ཅན་དང་། བྱས་པའི་གནོད་པའོ། །རྒྱུའི་ཁྱད་པར་ནི་ཟང་ཟིང་མེད་པའི་སེམས་དང་། སྙིང་རྗེ་འབའ་ཞིག་པའོ། །

བཟོད་པ་ཐམས་ཅད་མདོར་བསྡུ་ན་རྣམ་པ་གཉིས་སུ་གཞག་པར་བྱ་སྟེ། ཕྱོགས་ཉིད་དང་། དབྱེ་བ་ཉིད་དོ། །མིའི་འགྲོ་བ་ཉིད་ལ་བཟོད་པའོ། །མི་བཟོད་པ་མང་དུ་འབྱུང་བར་འགྱུར་ཞིང་དེ་ཉིད་ལ་མནར་སེམས་ཀྱི་དངོས་པོ་འབྱུང་བར་འགྱུར་ལ། མནར་སེམས་ཀྱི་དངོས་པོ་རྣམས་སྤོང་བར་བྱེད་

པའི་གཉེན་པོ་ཀུན་དུ་སྤྱོད་པར་བྱེད་པ་ཡང་འབྱུང་བར་འགྱུར་རོ། །དེའི་ཕྱིར་སྨྲས་པ། ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟན་པའོ་ཞེས་བྱ་བའོ། །འདིའི་ཕྱིར་ཡང་། དེ་ལྟར་བསྐྱེད་པའི་བཟོད་པ་དེ་ནི་བསྔགས་པར་འོས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་པ་

རྣམས་ལས་ཀྱང་ལོངས་སྤྱོད་ཀྱི་འབྱོར་པ་དང་ལྡན་པ་རྣམས་ཀྱིས་ལན་དུ་གནོད་པ་བྱ་བར་ནུས་ལ། རབ་ཏུ་བྱུང་བ་རྣམས་ཀྱང་སེམས་ཀྱི་འབྱོར་པ་དང་ལྡན་པས་ལན་དུ་གནོད་པ་བྱེད་ནུས་སོ། །དེ་ལྟར་བྱེད་ནུས་ན་ཡང་ལུས་ལ་སོགས་པས་བཟོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། ཁྱིམ་པར་གྱུར་

ཀྱང་རུང་། རབ་ཏུ་བྱུང་བས་ཀྱང་རུང་བཟོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དབྱེ་བ་ཉིད་ནི་རྣམ་པ་གསུམ་སྟེ། ཇི་མི་སྙམ་པའི་བཟོད་པ་ནི་གནོད་པ་བྱེད་པར་ཡིད་ལ་མི་བྱེད་པ་དང་། མནར་སེམས་ཀྱི་གཉེན་པོ་ཡིད་ལ་བྱེད་པའོ། །དེ་དག་ནི་ཞེ་སྡང་མེད་པ་དང་། ཁོང་ཁྲོ་བ་མེད་པའི་

རང་བཞིན་དུ་རིག་པར་བྱའོ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་ལུས་ཀྱི་བརྩོན་འགྲུས་ཀྱི་སྟོབས་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་སྟོབས་ལ་བརྟེན་ནས་སྐྱེས་པ་དང་། མ་སྐྱེས་པའི་སྡུག་བསྔལ་བ་རྣགས་པར་ནུས་པ་ཉིད་དོ། །ཆོས་ལ་སོ་སོར་རྟོག་པའི་བཟོད་པ་ནི་ཆོས་རྣམས་ཀྱི་

ཕྱིན་ཅི་མ་ལོག་པ་ཉིད་ཆེན་པོར་བཟོད་པ་སྟེ། ཡང་དེ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །བཟོད་པ་དང་། འདོད་པ་དང་། ཤེས་རབ་ཅེས་བྱ་བ་འདི་ནི་རྣམ་གྲངས་སོ། །དེ་ལྟར་ན་རྫས་སུ་ནི་ངོ་བོ་གཉིས་བཟོད་པར་རིག་པར་བྱ་སྟེ། ཞེ་སྡང་མེད་པའི་ངོ་བོ་ཉིད་དང་། ཤེས་རབ་ཀྱི་ངོ་བོ་ཉིད་དོ། །

Vol. 133 · folio 180a

ཇི་ལྟར་ན་གཞན་གནོད་པར་བྱེད་པ་ལ་ཇི་མི་སྙམ་པར་བཟོད་པར་བྱེད་ཅེ་ན་ཞེས་བྱ་བ་ནི། སོ་སོར་རྟོག་པའི་རབ་ཏུ་དབྱེ་བ་བསྟན་ཏེ་སོ་སོར་རྟོག་པའི་སྟོབས་ཀྱིས་ཡིན་གྱི། བསྒོམས་པའི་སྟོབས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཇི་མི་སྙམ་པར་ཞེས་བྱ་བ་ནི་ལན་དུ་གནོད་པར་

བྱེད་པ་མ་ཡིན་པའི་ཕྱིར་རོ། །བཟོད་པར་བྱེད་ཅེས་བྱ་བ་ནི་སེམས་རབ་ཏུ་མི་འཁྲུགས་པ་ཉིད་དོ། །ཡང་ན་ཚིག་གཞན་གྱིས་བཤད་པ་ཡིན་ནོ། །དྲག་པ་ནི་བརྣགས་པར་མི་ནུས་པའོ། །རྒྱུན་མི་འཆད་པ་ནི་བར་མཚམས་མེད་པའོ། །སྣ་ཚོགས་པ་ནི་སྒོ་སྣ་ཚོགས་ནས་འབྱུང་བའོ། །

ཡུན་རིང་བ་ནི་དུས་ཡུན་རིང་པོ་དག་ཏུ་འཇུག་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སློབ་སྟེ་ཞེས་བྱ་བ་ནི་བརྟག་པ་བཞིས་བརྟགས་ལ་བཟོད་པར་བྱའོ་ཞེས་བྱ་བའོ། །རྣམ་གྲངས་དང་པོ་བསྟན་པའི་ཕྱིར་བརྟག་པ་བཞི་ནི་བདག་ཉིད་ཀྱི་སྔོན་གྱི་ལས་ཀྱི་དབང་གིས་འབྱུང་བར་བརྟག་པ་སྟེ།

བདག་གི་ལུས་འབྱུང་བ་བཞི་ལས་གྱུར་པའི་གཟུགས་ཐོགས་པ་དང་བཅས་པ་འདི་ལྟ་བུ་གང་ལ་བདག་གནས་ན་མི་འདོད་པའི་སྡུག་བསྔལ་གྱི་རེག་པ་མྱོང་ཞིང་། མི་འདོད་པའི་ཚིག་གི་ལམ་ཡང་ཐོས་པར་འགྱུར་གྱི་ཞེས་རང་གི་ལས་ཀྱི་དབང་ཁོ་ནས་འདི་ལྟར་གྱུར་ཏོ་ཞེས་ལྟ་ཞིང་། གཞན་

དག་ལ་མནར་སེམས་སམ། ལན་དུ་གནོད་པ་བྱ་བའི་སེམས་བསྐྱེད་པར་མི་བྱེད་དོ། །ཡང་ན་སྡུག་བསྔལ་གྱི་ཚོར་བ་འདི་ལྟ་བུ་ཉམས་སུ་མྱོང་བ་ན་བདག་གིས་མི་དགེ་བའི་ལས་བྱས་པའི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ་ཞེས་ཡིད་ལ་བསམས་ནས་སྔ་མ་བཞིན་ནོ། །བརྟག་པ་གཉིས་པ་ནི་མི་བཟོད་

པ་ནི་ཕྱི་མ་ལ་རང་གི་རྒྱུད་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་པ་ཉིད་དུ་སོ་སོར་བརྟགས་ནས་སྡུག་བསྔལ་ནི་མི་འདོད་ལ། བདེ་བ་ནི་འདོད་པ་ཉིད་ཡིན་པས་བཟོད་པར་བྱེད་དེ། །གང་གི་ཕྱིར་སྨྲས་པ། བདག་ནི་སྡུག་བསྔལ་མི་འདོད་དེ། །ཞེས་བྱ་བ་ལ་སོགས་པའོ། །བདག་དང་གཞན་དག་

རང་བཞིན་གྱིས་སྡུག་བསྔལ་བའི་གནས་སྐབས་ལ་སོ་སོར་བརྟག་པ་ཉིད་དུའོ། །གང་ཡང་སྨྲས་པ། ངོ་བོ་ཉིད་ཀྱིས་ཀྱང་སྡུག་བསྔལ་བའི་རང་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས་ལ་མི་ཤེས་པའི་སེམས་ཅན་གཞན་

Vol. 133 · folio 180b

དག་ནི་སྡུག་བསྔལ་སྐྱེད་པར་འདོད་ཀྱི། བདག་གིས་འདི་ནི་ཤེས་བཞིན་དུ་དེ་དག་ལ་ཇི་ལྟར་སྡུག་བསྔལ་སྐྱེད་པར་བྱེད་པར་རིགས་ཏེ། རྨའི་ནང་དུ་ཚ་ལྡུགས་པ་དང་འདྲའོ་སྙམ་དུ་བརྟགས་ནས་སྔ་མ་བཞིན་དུ་བཟོད་པར་བྱེད་དོ། །བཞི་པ་ནི་བདག་ཉིད་ཀྱི་སྒྲུབ་པའི་གནས་སྐབས་ལ་བརྟགས་

ནས་གཞན་གྱི་སྡུག་བསྔལ་བསལ་བའི་ཕྱིར་ཞུགས་པ་ཡིན་ནོ། །བདག་ཉིད་ཀྱིས་དེ་དག་ལ་གནོད་པ་བྱེད་པ་ནི་ཤིན་ཏུ་མཛེས་པ་མ་ཡིན་ནོ་ཞེས་བརྟགས་ནས་སྔ་མ་བཞིན་དུ་བཟོད་པར་བྱེད་དོ། །རྣམ་གྲངས་གཉིས་པ་ནི་བརྟེན་ནས་སོ་སོར་བརྟགས་པའི་དབྱེ་བ་ངེས་པར་སྟོན་པ་སྟེ། འདུ་ཤེས་

རྣམ་པ་ལྔ་བསྒོམ་ཞིང་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་འགྲེལ་པར་བྱེད་དོ། །འདི་དག་གིས་ནི་རྒྱུའི་ཁྱད་པར་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའ་ལས་གཞན་དག་ནི་ཤེས་པ་རྣམས་མི་མཐུན་པ་བྱེད་པ་ལ་བཟོད་པར་ཟད་དོ། །

དགྲའི་ཕྱོགས་ཀྱང་མ་ཡིན་པའི་བར་མ་རྣམས་ལ་ནི་བཏང་སྙོམས་སུ་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་བའི་དབང་གིས་དེ་ལྟ་བུའི་རང་བཞིན་ཅན་ནོ། །གཞན་དག་ནི་དམན་པ་རྣམས་ལ་ང་རྒྱལ་དང་། མཚུངས་པ་རྣམས་ལ་འགྲན་པ་དང་། ཁྱད་པར་དུ་འཕགས་པ་

རྣམས་ལ་ཕྲག་དོག་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེའི་དབང་གིས་དེ་ལྟ་བུ་མ་ཡིན་ནོ། །ཡང་གཞན་དག་ནི་སྐྱིད་པ་རྣམས་ལ་ནི་གནོད་པ་བྱེད་པར་ནུས་ཀྱང་འདོད་པའི་དབང་གིས་སྟེར་དུ་རེ་བའི་བློས་བཟོད་པར་བྱེད་དོ། །སྡུག་པ་རྣམས་ལ་ནི་ཕྱི་མའི་རྣམ་པར་སྨིན་པ་

འདོད་པའི་དབང་གིས་སོ། །ཡོན་ཏན་དང་ལྡན་པ་དང་། སྐྱོན་དང་ལྡན་པ་རྣམས་ལ་ནི་འདི་ཉིད་ལ་མི་འདོད་པའི་བྱ་བ་འབྱུང་དུ་དོགས་པས་བཟོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཁོ་ནས་སོ། །གནོད་པ་ཐམས་ཅད་བཟོད་པར་བྱེད་དོ་ཞེས་བྱ་བ་ནི་མི་ཁྲོ་བ་ལ་

སོགས་པའི་སྒོ་ནས་ཞུགས་པའི་ཕྱིར་རོ། །འདུ་ཤེས་ལྔ་ནི་ཐ་སྙད་དང་། དམ་པའི་དོན་དག་གི་མཚན་ཉིད་དེ། ཐ་སྙད་དང་དམ་པའི་དོན་དུ་ཉེ་བར་མཚོན་པའི་དབང་དུ་བྱས་ནས་རྣམ་པར་གཞག་པ་ནི་དང་པོ་དང་ཐ་མ་དང་། བར་མའི་ཚིག་ལ་གོ་རིམས་བཞིན་ནོ། །གནོད་པ་བྱེད་པ་རྣམས་ལ་

Vol. 133 · folio 181a

འདས་པའི་དུས་ཉེ་བར་བཟུང་ནས་ཇི་ལྟར་འོས་ཤིང་གཤའ་བར་གཉེན་བཤེས་ཀྱི་འདུ་ཤེས་ཡིད་ལ་བྱེད་པས་ཁྲོ་བའི་སེམས་སྐྱེས་པ་རྣམས་བསལ་ནས་སྙིང་རྗེ་ཁོ་ནས་བཟོད་པར་བྱེད་དོ་ཞེས་བྱ་བའི་དབང་དུ་བྱས་པའོ། །ཐོག་མ་མེད་པའི་དུས་ནས་སེམས་ཅན་གྱི་

གནས་སྐབས་ལ་ཡང་ངེས་པ་མེད་པས་རྙེད་པར་དཀའོ་ཞེས་སྨྲས་པ། སེམས་ཅན་གང་བདག་གི་ཕ་མ་ལ་སོགས་པར་མ་གྱུར་པ་ནི་རྙེད་པར་དཀའོ་ཞེས་བྱ་བར་བསམས་པའོ། །གནས་སྐབས་དང་རྗེས་སུ་མཐུན་པར་འདུ་ཤེས་ཡིད་ལ་བྱ་བའི་བྱེ་བྲག་ནི་གང་གི་ཕྱིར་གནོད་པ་བྱེད་པའི་སེམས་ཅན་བུད་

མེད་ཡིན་ལ་རྒན་པར་གྱུར་ན་ནི་མའི་འདུ་ཤེས་ཡིད་ལ་བྱའོ། །འོན་ཏེ་སྐྱེས་པ་ཡིན་ལ་རྒན་ན་ནི་ཕའི་འདུ་ཤེས་ཡིད་ལ་བྱའོ། །ན་ཚོད་མཉམ་པའི་སྐྱེས་པ་ལ་ནི་སྤུན་ཟླའི་འདུ་ཤེས་སོ། །བུད་མེད་ལ་ནི་སྲིང་མོའི་འདུ་ཤེས་སོ། །དེ་ལྟ་བུ་ནི་ཁྱིམ་པའི་ཕྱོགས་ཀྱི་འདུ་ཤེས་ཡིད་ལ་བྱ་བའོ། །གལ་

ཏེ་རབ་ཏུ་བྱུང་བ་གནོད་པར་བྱེད་པར་གྱུར་ན་ནི་སློབ་དཔོན་ལ་སོགས་པའི་འདུ་ཤེས་ཇི་ལྟར་རིགས་པར་རིག་པར་བྱའོ། །ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་ཞེས་བྱ་བ་ནི་བདག་མེད་པར་མཐོང་བའི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཐ་ཚིག་གོ། །རྐྱེན་ལ་རག་ལས་པ་དང་ཞེས་བྱ་བ་ནི།

སྲིད་པ་བྲག་ཅ་ལྟ་བུར་ཡིད་ལ་བྱེད་པ་དང་། གཟུགས་བརྙན་ལྟ་བུར་ཡིད་ལ་བྱེད་པའོ། །འདུ་བྱེད་ཙམ་དང་ཞེས་བྱ་བ་ནི། བདག་དང་གཞན་དག་སེམས་ཅན་མེད་པར་ཡིད་ལ་བྱེད་པའོ། །བདག་ཉིད་བདག་མེད་པའི་དབང་དུ་བྱས་ནས་སྨྲས་པ། གཤེ་བར་བྱེད་པའམ་ཞེས་བྱ་བ་

ལ་སོགས་པ་ལ། འདུ་ཤེས་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པས་འཇུག་པས་ན། གང་དག་སྡུག་བསྔལ་སྐྱེད་པར་བྱེད་ཅིང་བདེ་བ་འགག་པར་བྱེད་པ་དེ་དག་ནི་ཟད་ཅིང་འགགས་ལ་བྲལ་ཞིང་ཡོངས་སུ་གྱུར་ཏོ། །ད་ལྟར་བྱུང་བ་ནི་གཞན་དག་སྟེ། གནོད་པ་མི་བྱེད་པ་དེ་དག་

ལ་བདག་གནོད་པ་བྱེད་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་ཞེས་མི་རྟག་པ་ཉིད་ཡིད་ལ་བྱེད་པས་གནས་སོ་ཞེས་བྱ་བ་ནི་རང་བཞིན་ནོ། །སེམས་ཅན་ཐམས་ཅད་ནི་དོན་དམ་པར་ན་སྡུག་བསྔལ་དུ་བྱིང་བ་ཡིན་གྱི། སེམས་ཅན་གང་ཡང་གཅིག་ཏུ་བདེ་བ་ནི་འགའ་ཡང་མེད་དོ། །

Vol. 133 · folio 181b

དེ་ལྟ་བུར་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ལ་བདག་གིས་སྡུག་བསྔལ་བསལ་བ་ལ་འབད་པར་འོས་པ་ཡིན་གྱི། སྡུག་བསྔལ་བསྐྱེད་པར་འོས་པ་ནི་མ་ཡིན་ནོ་ཞེས་ཡིད་ལ་བྱེད་ཅིང་སྔ་མ་བཞིན་དུ་བཟོད་པར་བྱེད་དོ། །བདག་གིས་བྱང་ཆུབ་ཏུ་

སེམས་བསྐྱེད་པའི་སྨོན་ལམ་བཏབ་པའི་རྗེས་ཐོགས་ལ་སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་བཟུང་ནས། སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པར་འདོད་པའི་སྦྱོར་བས། དེ་ལྟར་མི་འཇིགས་པའི་སྦྱིན་པ་ལ་མགྲོན་དུ་བོས་ནས་བདག་ཉིད་ཀྱིས་འཇིགས་པ་སྐྱེད་པར་བྱེད་པ་ནི། ཚུལ་

དང་མཐུན་པ་མ་ཡིན་ནོ་ཞེས་ཡིད་ལ་བྱེད་ཅིང་སྔ་མ་བཞིན་དུ་བཟོད་པར་བྱེད་དེ། དེ་ལ་བཟོད་པ་གང་ཞེ་ན་ཞེས་བྱ་བ་ནི་བཟོད་པ་རྣམ་པ་གསུམ་གྱི་བྱེ་བྲག་ལས་འཇུག་པའི་རྣམ་པའི་ཁྱད་པར་བསྟན་པར་འདོད་པའོ། །བཟོད་པ་དང་པོའི་དབང་དུ་བྱས་ནས་སྨྲས་པ། མི་འཁྲུགས་པ་དང་ཞེས་བྱ་

བ་ནི་སེམས་སོ། །ཕྱིར་གནོད་པ་མི་བྱེད་པ་དང་ཞེས་བྱ་བ་ནི་ལུས་དང་ངག་གིས་སོ། །དེ་བཞིན་དུ་འདིར་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ཡང་ཇི་ལྟར་རིགས་པར་སྦྱར་བར་རིག་པར་བྱའོ། །སེམས་ལ་ཡང་མི་འཛིན་ཞེས་བྱ་བ་ནི་གནོད་པ་བྱེད་པས་བྱས་པའི་ཕྱི་ནས་ཁོན་དུ་འཛིན་པ་སྤོང་

བའོ། །བདག་སྔོན་གྱིས་བྱིས་པའི་གནས་སྐབས་ན་དོན་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་སོ་ཞེས་དྲན་པར་བྱས་ནས། དེ་ནི་སེམས་བསྐྱེད་ནས་སྡུག་བསྔལ་དང་དུ་ལེན་པ་ན་ནི་དོན་དང་བཅས་པ་ཡིན་ནོ་ཞེས་བསམས་ནས་སྡུག་བསྔལ་དང་དུ་བླང་བར་བྱ་བ་ནི་གཅིག་ཏུ་

ལེགས་པ་ཡིན་པར་སྟོན་པར་བྱེད་དོ། །འདོད་པ་སྤྱོད་པ་ནི་འདོད་པ་ཚོལ་བ་དང་། སྲུང་བ་དང་། ལོངས་སྤྱོད་པའི་དབང་དུ་བྱས་ནས་ལུས་དང་ངག་གིས་སྦྱོར་བའོ། །རང་བཞིན་གྱིས་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་ན་འདོད་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན་སོམ་ཉི་བཟློག་པའི་ཕྱིར་

སྨྲས་པ། སྡུག་བསྔལ་གྱི་རྒྱུ་ཡིན་པར་ཚོར་བཞིན་དུ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་གྱི་ངོ་བོ་ཉིད་ཀྱི་སྡུག་བསྔལ་ནི་མ་ཡིན་ནོ། །དེས་ན་སློབ་དཔོན་ཀུ་མཱ་ར་ལ་ཏས་ཀྱང་། སྡུག་བསྔལ་ཉིད་ཀྱི་རྒྱུ་ཡི་ཕྱིར། །སྡུག་བསྔལ་མི་ཉུང་བས་བསྒྲུབས་ཤིང་། །

Vol. 133 · folio 182a

སྡུག་བསྔལ་ཉིད་ལ་བདེར་བརྟགས་པས། །སྡུག་བསྔལ་ཡིན་པར་དེ་ཉིད་འདོད། །ཅེས་བསྟན་པ་ཡིན་ནོ། །ཉམས་སུ་བླངས་པ་ནི་སྡུག་བསྔལ་འོང་བར་ཤེས་བཞིན་དུ་ཉམས་སུ་བླངས་ཤིང་བརྩམས་པའོ། །དང་དུ་བླངས་པ་ནི་མྱོང་བའི་ཚེ་བརྣགས་པའོ། །

ཉམས་སུ་མྱོང་བ་ནི་དེ་ལ་ཞུགས་པར་གྱུར་པའི་ཚེ་བཟོད་པར་བྱེད་པའོ། །ཅིའི་དོན་དུ་ཞེ་ན། དེའི་རྒྱུ་བསྟན་པའི་ཕྱིར་མི་ཤེས་པའི་ཉེས་པས་ཞེས་བྱ་བ་ལ། དེ་ལྟར་འདོད་པ་སྐྱོན་དང་ལྡན་པ་ཡིན་ཡང་མི་ཤེས་པའི་དབང་གིས་ཉེས་དམིགས་མཐོང་བར་མ་གྱུར་ཏོ་ཞེས་བསམས་

པའོ། །བདེ་བ་སྒྲུབ་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་བདེ་བ་འབྱུང་བའི་གནས་སོ། །ཉམས་སུ་བླང་བ་ནི་ཆ་ཡིན་ནོ་ཞེས་བྱ་བ་ནི་དོན་དང་བཅས་པའི་ཕྱིར་རོ། །གཞི་ཐམས་ཅད་ལས་བྱུང་བ་ཞེས་བྱ་བ་ནི་ཐམས་ཅད་ལས་བྱུང་བའོ། །སྡུག་བསྔལ་ལ་བརྟེན་པ་ནི་རྣམ་པ་བརྒྱད་དུ་

རྣམ་པར་གཞག་པར་བྱ་སྟེ། ཁྱིམ་པ་དང་། རབ་ཏུ་བྱུང་བའམ། བདག་གི་དོན་དང་ལྡན་པའམ། གཞན་གྱི་དོན་དང་ལྡན་པ་ཇི་ལྟར་རིགས་པར་སྦྱར་རོ། །ལུས་ཉེ་བར་བརྟན་པར་བྱེད་པའི་ཕྱིར་ཆོས་གོས་ལ་སོགས་པ་བཞི་ནི། འཚོ་བའི་ཡོ་བྱད་དེ། རྟེན་ཅེས་བརྗོད་དོ། །ཇི་སྐད་

དུ་འདུལ་བ་ལས་ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པ་ཡིན་ནོ། །རབ་ཏུ་བྱུང་བ་རྣམས་ནི་ཆོས་གོས་ལ་སོགས་པ་ངན་ནམ་མེད་ན་སྡུག་བསྔལ་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་སྨྲས་པ། དེ་དག་ངན་པ་དང་ཞེས་བྱ་བ་ལ་སོགས་

པ་ལ། དེ་དག་ཇི་ལྟར་རིགས་པར་ལུས་དང་སེམས་ཀྱི་སྡུག་བསྔལ་དུ་ཤེས་པར་བྱའོ། །དེའི་ཕྱིར་སྨྲས་པ། མི་དགའ་བར་མི་འགྱུར་ཞེས་བྱ་བ་ལ། མི་དགའ་བར་མི་འགྱུར་བ་ནི་མངོན་པར་དགའ་ཞིང་མི་དགའ་བ་མེད་པའོ། །ཡོངས་སུ་ཡི་ཆད་པར་མི་འགྱུར་བ་ནི་ཚུལ་བཞིན་མ་

ཡིན་པ་ཡིད་ལ་བྱེད་པའི་སེམས་ཀྱི་གདུང་བ་མེད་པའོ། །གཞི་དེས་བརྩོན་འགྲུས་ཀྱང་གཏོང་བར་མི་བྱེད་ཅེས་བྱ་བ་ནི་ལེ་ལོའི་དངོས་པོ་བསྟན་པའི་རྗེས་སུ་འབྲངས་ནས་ཉམས་པར་མི་བྱེད་པའམ། བརྩོན་འགྲུས་བརྩམས་པའི་དངོས་པོའི་སྒོ་ནས་བརྩམས་པ་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 133 · folio 182b

འཇིག་རྟེན་གྱི་ཆོས་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། རབ་ཏུ་གྲགས་པའི་ནག་པོའི་ཕྱོགས་དང་། དཀར་པོའི་ཕྱོགས་ཀྱིས་བརྒྱད་ལས་དེ་དག་ལས་ནག་པོའི་ཕྱོགས་སུ་གྱུར་པ། འདིར་ཡོངས་སུ་བཟུང་བས་སྡུག་བསྔལ་གྱི་དབང་དུ་བྱས་པའི་ཕྱིར་རོ། །མཚན་ཉིད་

ཀྱིས་ནི་རྣམ་པ་ལྔ་སྟེ། རྒས་པ་དང་། ན་བ་དང་། འཆི་བ་དང་། འཇིག་པ་དང་། ཟད་པའི་རང་བཞིན་ནོ། །དེ་ལ་འགལ་བའི་རྐྱེན་ཉེ་བར་གནས་པས་དངོས་པོ་མྱུར་དུ་ཉམས་པར་འགྱུར་བ་ནི་འཇིག་པ་ཞེས་བྱའོ། །རང་ཉིད་དུས་གཞན་ན་ངང་གིས་མེད་པར་འགྱུར་བ་ནི་ཟད་པ་ཞེས་བྱའོ། །

ཡིད་དུ་འོང་བའི་ལང་ཚོ་ཉམས་པར་འགྱུར་བ་ནི་རྒ་བའོ། །འདོད་པར་བྱ་བའི་ནད་མེད་པ་ཉམས་པར་གྱུར་པ་ནི་ནད་དོ། །ཡིད་དུ་འོང་བའི་སྲོག་ཡོངས་སུ་གཏོང་བ་ནི་འཆི་བའོ། །སྤྱོད་ལམ་ནི་བཞི་སྟེ་ཞེས་བྱ་བ་ལ་གང་གིས་འགྲོ་བར་བྱེད་པ་ལ་སོགས་པ་དང་། གང་འགྲོ་བར་བྱེད་པ་དེ་

དག་གཉི་ག་སྤྱོད་ལམ་ཉིད་དུ་རྣམ་པར་གཞག་པར་བྱའོ། །འགྲོ་བ་ལ་སོགས་པ་ཀུན་ནས་སློང་བར་བྱེད་པའི་སེམས་ནི་སྐུལ་བར་བྱེད་པས་སྤྱོད་ལམ་ཞེས་བྱ་སྟེ། འདིས་འབྱུང་བ་རྣམས་སྐུལ་ཞིང་འདེབས་པ་དང་ཡུལ་གཞན་དུ་ཕྱིན་པར་བྱེད་པས་སོ། །དེའི་ལམ་ནི་འགྲོ་བ་ལ་སོགས་

པའི་བྱ་བ་སྟེ། འགྲོ་བ་ལ་སོགས་པའི་སྒོ་ནས་དེ་ལ་འཇུག་པའོ། །ཉིན་མོ་དང་མཚན་མོ་དུས་རིང་དུ་སེམས་ཀྱི་སྒྲིབ་པ་སྦྱོང་བར་བྱེད་པ་ན་སྤྱོད་ལམ་གཅིག་གིས་གནས་པར་བྱེད་པ་ནི་སྡུག་བསྔལ་སྐྱེད་པར་བྱེད་པས། དེ་ལ་བཏང་སྙོམས་སུ་ཡིད་ལ་བྱེད་ཅིང་དེ་བསལ་བའི་ཐབས་

ཀྱང་མི་བྱེད་པར་དགེ་བའི་ཕྱོགས་ལ་རབ་ཏུ་སྦྱོར་བ་ནི་སྡུག་བསྔལ་བྱུང་བ་དང་དུ་ལེན་པ་ཞེས་བྱ་བའོ། །དེ་བསལ་བའི་ཐབས་མི་བྱེད་པ་ཉིད་བསྟན་པའི་ཕྱིར། དུས་མ་ཡིན་པར་ཁྲིའམ་ཞེས་བྱ་བ་ལ་སོགས་པ་ལ། ཁྲིའམ་ཁྲིའུ་ཞེས་བྱ་བ་ནི་གཙུག་ལག་ཁང་དུ་གཏོགས་པ་ཡིན་

ནོ། །རྩྭ་བཏིང་བའམ་ལོ་མ་བཏིང་བ་ནི་དགོན་པར་གཏོགས་པའོ། །ཆོས་ཡོངས་སུ་འཛིན་པ་རྣམ་པར་གཞག་པ་ནི་རྣམ་པ་བདུན་ཏེ། རབ་ཏུ་བྱུང་བ་ནི་དམན་པ་དང་། འབྲིང་དང་། མཆོག་སྟེ། དགེ་སློང་གི་དབང་དུ་བྱས་ནས་དམན་པ་ནི་ཞལ་ཏ་བྱ་བའོ། །དེ་ཡང་རྣམ་པ་

Vol. 133 · folio 183a

གཉིས་ཏེ། གང་གི་ཕྱིར་སྨྲས་པ། དཀོན་མཆོག་གསུམ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་དང་ཞེས་བྱ་བ་ལ། ཇི་ལྟར་རིགས་པར་ལུས་ལ་སོགས་པས་སངས་རྒྱས་ལ་མཆོད་པ་ནས་དགེ་འདུན་ལ་མཆོད་པའི་བར་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བླ་མ་མཆོད་

པ་ནི་སློབ་དཔོན་དང་། མཁན་པོ་ལ་ཡོངས་སུ་བསྙེན་བཀུར་བྱེད་པའོ། །མདོ་ལ་སོགས་པ་གཞན་གྱིས་བསྟན་པ་འཛིན་པ་ནི་ཆོས་རྣམས་བཟུང་བའོ། །བཟུང་བའི་དོན་དང་གཞུང་རྣམས་གཞན་དག་ལ་སྟོན་པ་ནི་རྒྱ་ཆེར་སྟོན་པའོ། །དེ་དག་ཉིད་ཚིག་གིས་ཡང་དང་ཡང་དུ་ཟློས་པ་ནི་ཁ་

ཏོན་དུ་བྱའོ། །ཐོས་པའི་རྗེས་སུ་འབྲངས་ནས་དབེན་པར་འཇལ་བ་ནི་སེམས་པའོ། །ཞི་གནས་དང་ལྷག་མཐོང་གོམས་པར་བྱེད་པ་ནི་སྒོམ་པའོ། །ཚེ་དང་ལྡན་པ་དག་སློང་མོ་པ་རྣམས་ཀྱིས་སློང་མོའི་གནས་ཉི་ཤུ་རྩ་གཉིས་ལ་བརྟག་པར་བྱའོ་ཞེས་བསྟན་པའི་མདོ་དེ་ལས་གནས་དང་པོ་

བདུན་བཟུང་ནས་འདི་ལྟར་བསྟན་ཏེ། དེ་དག་ནི་སྡུག་བསྔལ་གྱི་གནས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །བདག་ནི་ཁྱིམ་པའི་རྟགས་སྤངས་པས་གཟུགས་མི་སྡུག་པའོ་ཞེས་བྱ་བ་ནི་རྣམ་པས་གཟུགས་མི་སྡུག་པ་ལ་བླངས་པ་ཡང་ཁྱིམ་པའི་མཚན་མ་སྤངས་པས་མཚོན་ཏོ། །

ཁྱིམ་པའི་མཚན་མ་སྤངས་པའི་ཕྱིར་སྐྲ་དང་ཁ་སྤུ་ལ་སོགས་པ་བྲེགས་པའོ། །བདག་གིས་ཁ་དོག་ངན་པ་ཉམས་སུ་བླང་ངོ་ཞེས་བྱ་བ་ནི་གཉིས་པའོ། །གོས་དྲས་པ་དང་། གོས་ཁ་དོག་ངན་པ་འཆང་བ་ནི་ཁ་དོག་ངན་པ་འཆང་བའོ། །གོས་ཁ་དོག་དམར་སེར་འཆང་བ་ནི་གོས་

ཁ་དོག་ངན་པ་འཆང་བའོ། །བདག་གིས་ཚུལ་གཞན་བྱའོ་ཞེས་བྱ་བ་ནི་གསུམ་པ་སྟེ། འགྲོ་བ་ལ་སོགས་པ་ལ་འཇིག་རྟེན་པའི་སྤྱོད་པ་དང་སྤྱོད་ཡུལ་ཐམས་ཅད་ལས་བསྡམས་ནས་གནས་པའི་ཕྱིར་རོ། །བདག་གཞན་ལ་རག་ལས་པས་འཚོ་བར་བྱའོ་སྙམ་པ་ནི་བཞི་པ་སྟེ།

ལས་ཀྱི་མཐའ་ཐམས་ཅད་ཡོངས་སུ་སྤངས་ནས་གཞན་གྱིས་བྱིན་པས་ཉེ་བར་འཚོ་ཞིང་གཞན་དག་ལས་རྙེད་པས་སྲོག་འཛིན་པར་བྱེད་ཅིང་དུས་འདའ་བར་བྱེད་དེ། ཇི་སྲིད་འཚོའི་བར་དུ་གཞན་དག་ལས་བསླངས་ཤིང་འཚོ་བར་བྱ་བ་སྟེ། ལན་ཅིག་ལ་མང་པོ་རྙེད་དུ་ཟིན་ཀྱང་བསགས་

Vol. 133 · folio 183b

ནས་ལོངས་སྤྱད་པར་མ་གནང་བའི་ཕྱིར་རོ། །མིའི་འདོད་པ་རྣམས་ནི་འཁྲིག་པའི་འདོད་པའོ། །དེ་ལས་ལྡོག་པ་ནི་འཁྲིག་པའི་ཆོས་ལས་ལྡོག་པ་ཡང་དག་པར་བླངས་པའི་ཕྱིར་རོ། །མིའི་དགའ་བ་དང་། རྩེད་མོ་དང་། གར་ལ་སོགས་པ་མཐོང་ན་དེ་དག་ལས་ལྡོག་པའི་སྡོམ་པ་ཡང་དག་པར་བླངས་

པས་སྤངས་པའོ། །མཛའ་བོ་ནི་མི་ཕན་པ་སྤོང་དུ་འཇུག་ཅིང་ཕན་པ་ལ་ཡང་དག་པར་སྦྱོར་བའོ། །སྙིང་དུ་སྡུག་པ་ནི་ཕོངས་པའི་དུས་ན་ཡང་མི་འདོར་བའོ། །ཆུང་པོ་གྲོགས་ནི་བྱིས་པའི་དུས་ནས་ཡུན་རིང་དུ་འགྲོགས་པའོ། །བགད་པ་ནི་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ངག་གི་སྦྱོར་བའོ། །རྩེ་

བ་ནི་དེ་བཞིན་དུ་ལུས་ཀྱི་སྦྱོར་བའོ། །དགའ་བ་ནི་དེ་བཞིན་དུ་ཡིད་ཀྱི་ཀུན་དུ་སྤྱོད་པའོ། །དགའ་མགུར་སྤྱོད་པ་ནི་ཕན་ཚུན་ཉོན་མོངས་པས་ཀུན་ནས་བསླང་བའི་དགའ་བའོ། །དེ་ལྟ་བུ་ལས་ལྡོག་པར་བྱ་སྟེ། དེ་ལྟ་བུའི་སྡུག་བསྔལ་བ་རྣམས་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ལུས་ཀྱི་དུབ་པ་

ནི་ཤིན་ཏུ་བརྩོན་འགྲུས་བརྩམས་པས་ལུས་ངལ་བའོ། །སེམས་ཀྱི་འཁྲུགས་པ་ནི་དྲན་པ་བརྗེད་ངས་པ་དང་། སེམས་རྣམ་པར་ཉམས་པའོ། །རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ནི་འདི་ལྟར་བྱ་བ་རྣམས་ཏེ། རབ་ཏུ་བྱུང་བ་རྣམས་ཀྱི་ནི་ཆོས་སྒྲུབ་པའི་ཡོ་བྱད་རྣམས་གཟུང་

བའི་བྱ་བའོ། །ཁྱིམ་པ་རྣམས་ཀྱི་ནི་ཡང་དག་པའི་ལས་ཀྱི་མཐའ་ཉམས་སུ་ལེན་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པ་ཁོ་ནར་བྱེད་ཀྱི་ཞེས་བྱ་བ་ནི་ངེས་པར་བྱང་ཆུབ་ཀྱི་ཚོགས་ལ་ཡང་དག་པར་འཛུད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྩོན་འགྲུས་བརྩམས་སུ་ཟིན་ཀྱང་

བར་དུ་ལྡོག་པ་ཡང་སྲིད་པས་ཞུགས་ནས་ཀྱང་ལྡོག་པར་མི་བྱེད་ཅིང་ཞེས་བྱ་བའོ། །དེ་ལ་མི་དགའ་བ་མེད་པས་ཡིད་མི་དགའ་བ་མེད་པའོ། །ཡོངས་སུ་གདུང་བ་མེད་པས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའོ། །ཡང་དག་པའི་ལམ་ལ་སོ་སོར་རྟོག་པ་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ།

ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པའོ། །ཆོས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པའོ། །སོ་སོར་འབྱེད་པས་ན་རབ་ཏུ་རྣམ་པར་འབྱེད་པའོ། །རིགས་པ་དང་བཅས་པ་ཡིན་ན་ཡང་ཕྱིན་ཅི་མ་ལོག་པར་རང་དང་སྤྱིའི་མཚན་ཉིད་ཚུལ་བཞིན་ཡིད་ལ་བྱེད་

Vol. 133 · folio 184a

པ་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་ལ་རིགས་པ་རྣམ་པ་བཞི་ལ་བརྟེན་ནས་རྣམ་པར་འབྱེད་པ་ནི་ཤིན་ཏུ་བརྟགས་པའོ། །རྒྱུ་དེས་མོས་པ་ནི་ཤིན་ཏུ་བརྟགས་པའི་བློས་མོས་པའོ། །ངེས་པའི་དངོས་པོ་ལ་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པ་ནི་ལེགས་པར་གནས་པ་ཞེས་བྱ་སྟེ། བདུད་དང་ཕས་

ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུབ་པའི་ཕྱིར་དང་། སྟོབས་བརྟན་པོ་ཐོབ་པའི་ཕྱིར་རོ། །དཀོན་མཆོག་གི་ཡོན་ཏན་ཞེས་བྱ་བ་ནི་དཀོན་མཆོག་གི་ཆེ་བའི་བདག་ཉིད་དོ། །དེ་ཁོ་ནའི་དོན་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །མཐུ་ཆེན་པོ་ནི་སྔར་བསྟན་པའི་རྣམ་པ་གསུམ་མོ། །གང་གནས་གསུམ་པོ་འདི་ལ་

མོས་པའི་བྱང་ཆུབ་སེམས་དཔའ་ནི་ཟབ་མོ་ལ་མོས་པ་དང་། རྒྱ་ཆེ་བ་ལ་མོས་པ་ཞེས་བྱའོ། ཇི་སྐད་བསྟན་པའི་རྒྱུ་དང་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་ནི་མོས་པ་སྟེ། རྒྱུ་དང་འབྲས་བུའི་མཚན་ཉིད་ནི་འདི་ལྟ་བུའོ་ཞེས་ངེས་པའི་སྟོབས་ཀྱིས་ལེན་པའོ། །བདག་གིས་ཐོབ་པར་བྱ་བའི་དོན་འདི་ནི་ངེས་པར་

ཡོད་དེ། །དེ་ཐོབ་པར་བྱའོ་ཞེས་ངེས་པར་ཐོབ་པའོ། །དེ་ཐོབ་པར་བྱེད་པའི་ལམ་ནི་འདི་ཡིན་ནོ་ཞེས་ངེས་པར་ཐོབ་པ་ནི་དེ་ཐོབ་པའི་ཐབས་ཞེས་བྱ་སྟེ། འདི་དག་ནི་མངོན་པར་མོས་པ་ཞེས་བྱའོ། །ཤེས་བྱའི་སྤྱོད་ཡུལ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་འདི་ནི་འདི་ལྟ་བུ་ཡིན་གྱི། གཞན་དུ་

མ་ཡིན་ནོ་ཞེས་ངེས་པར་གཟུང་བ་ཐོབ་པའོ། །བསྐལ་པ་གྲངས་མེད་པ་ཆེན་པོ་གཅིག་ཏུ་ཡོངས་སུ་བསྒོམས་པ་ཉིད་ཀྱི་ཕྱིར་མོས་པས་སྤྱོད་པའི་ས་ལ་ཡུན་རིང་དུ་སྦྱོར་བའོ། །ས་བཅུ་ལ་ལེགས་པར་ཞུགས་པར་གྱུར་པའི་རྟོགས་པའི་ཁྱད་པར་ཐོབ་པར་གྱུར་པའི་ཆོས་བདག་མེད་པའི་མཚན་ཉིད་

ཅན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །བཟོད་པ་ཐམས་ཅད་དུ་དཀའ་བའི་བཟོད་པ་ལ་སོགས་པ་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། དེ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ་ཞེས་བྱ་བ་ལ། དཀའ་བའི་བཟོད་པ་ཡང་རྣམ་

པ་གསུམ་དུ་རྣམ་པར་གཞག་པར་བྱ་སྟེ། བཟོད་པར་བྱ་བའི་ཁྱད་པར་དང་། བཟོད་པར་བྱེད་པའི་ཁྱད་པར་དང་། གནོད་པའི་དངོས་པོའི་ཁྱད་པར་རོ། །བཟོད་པར་བྱ་བའི་དབང་དུ་བྱས་ནས་སྨྲས་པ། ཉམ་ཆུང་བ་རྣམས་ཀྱི་ཞེས་བྱ་བ་ལ། དམན་པ་དེ་དག་ནི་བྱམས་པའི་ཡུལ་ཡིན་

Vol. 133 · folio 184b

ཞིང་། སྙིང་རྗེའི་རྟེན་ཡིན་པས་བཟོད་པར་བྱ་བ་ཡིན་གྱི། གཞན་པའི་བྱ་བ་མེད་པས་བཟོད་པ་ནི་དཀའ་བའི་བཟོད་པའོ། །བཟོད་པར་བྱེད་པའི་དབང་དུ་བྱས་ནས་སྨྲས་པ། བཟོད་པར་བྱེད་པ་ནི་ཞེས་བྱ་བ་ལ། རྗེ་དཔོན་ནི་ནུས་པ་དང་ལྡན་པ་སྟེ། རྣམ་པ་ཐམས་ཅད་དུ་གནོད་པ་བྱེད་པར་ནུས་པ་དེ་ལྟ་བུ་ལ་

བཟོད་པ་འདི་ནི་དཀའ་བའི་བཟོད་པ་ཞེས་བྱའོ། །དམན་པའི་གནས་ན་གནས་པ་དག་གིས་སྲོག་ལ་ཐུག་པའི་གནོད་པ་བྱས་ལ་བདག་ཉིད་ནི་ཆེན་པོར་གྱུར་པ་ཅིག་ཡིན་ན་ཡང་བཟོད་པ་དང་། དེ་བཞིན་དུ་ཉམ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་ལ་བཟོད་པ་དང་། མཚུངས་པ་རྣམས་ཀྱིས་གནོད་པ་བྱས་

པ་ཡང་བཟོད་པ་དང་། དམའ་བ་རྣམས་ཀྱིས་བརྣག་པར་དཀའ་བའི་གནོད་པ་བྱས་པ་ཡང་བཟོད་པ་ནི་དཀའ་བའི་བཟོད་པ་ཞེས་བརྗོད་དོ། །མཛའ་བོ་རྣམས་ལ་ནི་ཕན་པའི་སེམས་ཀྱིས་བཟོད་པར་བྱེད་དོ། །མི་མཛའ་བ་རྣམས་ལ་ནི་བྱམས་པའི་སེམས་ཀྱིས་སོ། །ཐ་མལ་པ་རྣམས་ལ་ནི་སོ་སོར་མ་

བརྟགས་པའི་བཏང་སྙོམས་ཀྱིས་སོ། །དེ་ལྟར་སྒོ་གསུམ་ནས་སོ། །གསུམ་ཆར་ལ་ཡང་མཉམ་པའི་རྣམ་པས་བཟོད་པར་བྱེད་པ་ནི་སྒོ་བཞི་པའོ། །མི་བཟོད་པའི་སྒོ་ནས་བདག་དང་གཞན་ལ་གནོད་པ་མི་བྱེད་པ་ནི་སྐྱེས་བུ་དམ་པ་ཞེས་བྱའོ། །དེའི་བཟོད་པ་ནི་སྐྱེས་བུ་དམ་པའི་བཟོད་པའོ། །མི་བཟོད་

པའི་ཉེས་པ་རྣམ་པ་ལྔ་མཐོང་ཞིང་། དེ་ལས་ལྡོག་པའི་བཟོད་པའི་ཕན་ཡོན་རྣམ་པ་ལྔ་མཐོང་བར་འགྱུར་རོ། །ཕན་ཡོན་བསྟན་པའི་ཕྱིར་ཕྱི་མ་ལ་དགྲ་མང་བར་མི་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་གི་ཕན་ཡོན་གྱི་དོན་བསྟན་པ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་ཐོས་པ་

ལས་བྱུང་བའི་ས་ལས་འབྱུང་བ་བཞིན་ནོ། །དེ་ལྟར་བཟོད་པའི་ཕན་ཡོན་མཐོང་བ་ནི་དེ་ལ་མང་དུ་གནས་པར་འགྱུར་རོ། །སེམས་ཅན་རྣམས་ལ་ཡང་རྗེས་སུ་བརྩེ་བའི་ཕྱིར་གཞན་དག་ཀྱང་བཟོད་པ་ལ་ཡང་དག་པར་འགོད་པར་བྱེད་དོ། །བཟོད་པའི་དབང་དུ་བྱས་ནས། སེམས་ཅན་རྣམ་པ་གསུམ་

ཡང་དག་པར་འགོད་པར་བྱེད་པ་ལ་སོགས་པ་སྔ་མ་བཞིན་དུ་རིག་པར་བྱའོ། །མི་སྡུག་པའི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་དཔྱས་ཤིང་འཇིགས་སུ་རུང་བ་ལ་བཟོད་པ་ཞེས་བྱ་བར་བསྟན་པར་འགྱུར་རོ། །སྙིང་བརྩེ་བའི་སེམས་ནི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་བསམ་པ་ཉིད་དོ། །

Vol. 133 · folio 185a

སྙིང་རྗེའི་སེམས་ནི་སྡུག་བསྔལ་བར་འདོད་པ་ཉིད་དོ། །མཉེན་པའི་སེམས་ནི་སེམས་ཅན་རྣམས་མི་གཏོང་བ་ཉིད་དོ། །དེ་ལྟ་ན་སེམས་ཅན་རྣམ་པ་གསུམ་ལ་ལྟོས་ནས་བཟོད་པར་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྷག་པར་མོས་པའི་བསམ་པ་

དྲག་པོ་དང་ལྡན་པས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཟོད་པའོ། །བཟོད་པའི་སྟོབས་ཅན་ཞེས་བྱ་བ་ནི་དཀའ་ཐུབ་ཅན་ཐམས་ཅད་ཀྱི་ནང་ན་བཟོད་པའི་དཀའ་ཐུབ་ནི་མཆོག་ཡིན་པའི་ཕྱིར་དང་། དེའི་སྟོབས་ཀྱིས་དཀའ་ཐུབ་དང་ཚུལ་ཁྲིམས་ཡང་དག་པར་འགྱུར་བའི་ཕྱིར་བཟོད་པའི་

སྟོབས་ཅན་ཞེས་བརྗོད་དོ། །དེ་ལྟར་ན་བདག་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་པ་དང་བཅས་པས་བཟོད་པར་བྱེད་དོ། །རིགས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རིགས་ཀྱི་རྟོགས་པ་དང་ལྡན་པའོ། །སྔོན་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་གནས་སྐབས་སོ། །གནས་ཤིང་ཞེས་བྱ་བ་བསྟན་པ་ནི་འདུག་

པས་ཞེས་བྱ་བའོ། །ཁ་ཅིག་ནས་གནས་པ་ལ་ཞེས་འདོན་པ་དེར་ནི་དོན་འདི་ཡིན་ཏེ། བཟོད་པ་གོམས་པར་བྱས་པས་མངོན་དུ་ཕྱོགས་པར་གྱུར་པས་འདུག་པ་ནི་གནས་པའོ། །རང་བཞིན་གྱིས་ཀྱང་བཟོད་པ་དང་། །ཞེས་བྱ་བ་ནི་རྒྱུའི་སྟོབས་ཅན་ཡིན་གྱི། སྦྱོར་བའི་སྟོབས་ཅན་མ་ཡིན་ནོ་ཞེས་བྱ་

བའི་ཐ་ཚིག་གོ། །ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་སྨྲས་པ། གང་ཟག་ལ་བདག་མེད་པ་སོ་སོར་རིག་པས་འདི་ལ་བཟོད་པར་བྱ་བ་བདག་གིས་བཟོད་པར་བྱའོ་ཞེས་རློམ་སེམས་མེད་པ་ནི་བཟོད་པའོ། །གང་གི་ཕྱིར་སྨྲས་པ། སེམས་ཅན་མེད་པར་རིག་ནས་ཞེས་བྱ་བ་ནི་ཆོས་ལ་བདག་

མེད་པར་རབ་ཏུ་རྟོགས་ནས་གནོད་པ་བྱེད་པ་ཐམས་ཅད་ལ་ཇི་མི་སྙམ་པའོ། །དེ་ལྟར་ན་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཤེས་པའི་སྟོབས་ཀྱིས་བཟོད་པར་འགྱུར་རོ་ཞེས་བསྟན་པར་འགྱུར་ཏེ། དེ་ལྟར་ན་རྣམ་པ་དྲུག་གོ། །རྣམ་པ་བདུན་གྱི་དབང་དུ་བྱས་ནས་སྨྲས་པ། ཐམས་ཅད་ཀྱིས་བཟོད་པ་དང་ཞེས་བྱ་བ་ལ་

སོགས་པའོ། །དེ་ལྟར་ན་དངོས་པོའི་བྱེ་བྲག་དང་། ཡུལ་གྱི་བྱེ་བྲག་དང་། དུས་ཀྱི་བྱེ་བྲག་དང་། གནས་སྐབས་ཀྱི་བྱེ་བྲག་དང་། རྣམ་པ་གསུམ་ལ་བྱེ་བྲག་མེད་པར་བཟོད་པ་ཞེས་བྱ་བ་ནི་རྣམ་པ་བདུན་ཡིན་ནོ། །ཕོངས་ཤིང་འདོད་པའི་བཟོད་པ་རྣམ་པ་བརྒྱད་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་རྣམ་པར་

Vol. 133 · folio 185b

གཞག་པར་བྱ་སྟེ། གང་གིས་སེམས་ཅན་ལ་གནོད་པར་འགྱུར་བ་དེ་བཟོད་པར་བྱས་ནས་སྤོང་བར་བྱེད་པ་དང་། གང་དག་དོན་དུ་གཉེར་བ་དེ་དག་ལ་ཉེ་བར་སྒྲུབ་པར་བྱེད་པར་རིག་པར་བྱའོ། །སློང་བའི་གནོད་པ་བཟོད་པ་ཞེས་བྱ་བ་ནི་སློང་བ་པོ་རྣམས་ཀྱི་འཁྲུལ་པ་སྣ་ཚོགས་ལ་མི་འབྱེད་པའི་བཟོད་པ་སྟེ། །དེ་

ལྟ་བུའི་བྱ་བས་འདོད་པ་རྣམས་ཀྱི་བསམ་པ་སྒྲུབ་པས་ཕོངས་ཤིང་འདོད་པའི་བཟོད་པ་ཞེས་བྱའོ། །མ་རུངས་པ་སྡིག་པ་ཆེན་པོའི་ལས་ཀྱི་ཉེས་པར་སྤྱོད་པ་ཆེན་པོ་ལ་སྤྱོད་པ་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་སྙིང་རྗེ་ཆེན་པོའི་དབང་དུ་བྱས་ནས་གནོད་སེམས་མི་སྐྱེད་ཅིང་ཉེས་པར་སྤྱོད་པ་ལ་གནས་པ་རྣམས་ལ་མནར་

སེམས་མེད་པ་ནི་བཟོད་པ་སྟེ། དེ་ལྟ་བུ་ནི་ཁྱིམ་པའི་ཕྱོགས་ཀྱི་དབང་དུ་བྱས་པའོ། །རབ་ཏུ་བྱུང་བ་ལོག་པར་ཞུགས་པ་རྣམས་ལ་བཟོད་པར་བྱ་བ་བསྟན་པའི་ཕྱིར། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། བརྩལ་བ་མི་མཇེད་པའི་བཟོད་པ་ཞེས་བྱ་བ་ནི་དེའི་སྒོ་ནས་སྐྱེས་པའི་སྡུག་

བསྔལ་དང་དུ་ལེན་པའི་བཟོད་པའོ། །གང་གིས་ཕོངས་པར་འགྱུར་བ་དེ་ནི་ཞེས་བྱ་བ་ལ། མི་འདོད་པ་དང་མི་འཕྲོད་པ་ནི་ཕོངས་པར་གྱུར་པའོ། །བཟོད་པས་ཡོངས་སུ་སྤོང་བར་བྱེད་ལ་ཞེས་བྱ་བ་ནི་བཟོད་པ་ལ་བརྟེན་ནས་ལུས་ལ་སོགས་པས་ལན་དུ་གནོད་པ་མི་བྱེད་པའོ། །གང་འདོད་པ་ཞེས་བྱ་བ་ནི་

ཟང་ཟིང་དང་ཆོས་ལ་སོགས་པའོ། །དེའི་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དེ་དག་ཉིད་གཞན་དག་ལ་རྒྱ་ཆེར་བསྟན་པ་ཞེས་བྱ་བ་ལ་སོགས་པས་རིག་པར་བྱའོ། །སྡུག་བསྔལ་རྣམ་པ་བརྒྱད་པོ་དང་དུ་བླངས་ནས་དགེ་བའི་ཕྱོགས་ལ་སྦྱོར་བ་དང་ལྡན་པས་མཐོང་བའི་ཆོས་ལ་སྡིག་པ་མི་དགེ་བའི་

ཆོས་རྣམས་དང་མ་འདྲེས་པའི་ཕྱིར་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་འཇིག་རྟེན་འདིར་བདེ་བའོ། །དེའི་སྒོ་ནས་བདག་ཉིད་ཀྱི་དགེ་བའི་ཆོས་རྣམས་ཉེ་བར་བསགས་པས་འཇིག་རྟེན་གཞན་དུ་བདེ་བར་འགྱུར་བའོ། །ཇི་སྐད་བསྟན་པའི་སྡུག་བསྔལ་ཁྱད་དུ་བསད་ནས་གཞན་དག་འདི་དང་གཞན་དུ་བདེ་བར་

འགྱུར་བ་ལ་རབ་ཏུ་བཀོད་པ་ནི་གཞན་དག་འདི་དང་གཞན་དུ་བདེ་བར་འགྱུར་བའི་བཟོད་པ་ཞེས་བྱ་བའོ། །སྡུག་བསྔལ་རྣམ་པ་བརྒྱད་ནི་དུས་ཚིགས་གཞན་དུ་གྱུར་པ་ལས་བྱུང་བ་ནི་གང་ཡང་སྨྲས་པ། གྲང་བ་དང་། ཚ་བ་ཞེས་བྱ་བའོ། །ལྷན་ཅིག་སྐྱེས་པ་གང་ཡིན་པ་ནི་བཀྲེས་པ་དང་། སྐོམ་པ་ཞེས་

Vol. 133 · folio 186a

བྱ་བའོ། །རྩུབ་པའི་རེག་པ་ལས་བྱུང་བའི་སྒོ་ནས་རྣམ་པ་གཉིས་སུ་བྱས་པ་ནི་གང་ཡང་སྨྲས་པ། སྦྲང་བུས་ཟིན་པ་དང་། ཤ་སྦྲང་གིས་ཟིན་པ་དང་ཞེས་བྱ་བའོ། །ལུས་གདུངས་པ་ལས་སྐྱེས་པ་ནི་རླུང་དང་། ཉི་ཚན་དང་ཞེས་བྱ་བ་ལ་གདུང་བ་དང་། སྐམ་པར་བྱེད་པའོ། །

སོས་རེག་པ་ལས་སྐྱེས་པ་ནི་བྲང་འགྲོ་ལ་སོགས་པ་སྟེ། གང་ཡང་སྨྲས་པ། སྡིག་སྦྲུལ་གྱིས་ཟིན་པ་རྣམས་ཞེས་བྱ་བའོ། །རྩལ་དྲགས་པ་ལས་བྱུང་བ་ནི་གང་ཡང་སྨྲས་པ། ངལ་བ་ལས་བྱུང་བའི་ལུས་དང་། སེམས་དུབ་པ་དང་ཞེས་བྱ་བའོ། །སྐྱེ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ནི་གང་

གི་ཕྱིར་སྨྲས་པ། འཁོར་བ་ན་ཡོད་པའི་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཐམས་ཅད་དང་དུ་བླངས་ནས་ཇི་ལྟར་རིགས་པར་བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཡང་དག་པར་སྦྱོར་བར་བྱེད་པ་ནི་དང་དུ་ལེན་པའི་བཟོད་པ་སྟེ། བདག་དང་གཞན་དག་འདི་དང་གཞན་དུ་བདེ་བའོ། །གནོད་པ་བྱས་པར་གྱུར་

པ་ལ་ལན་དུ་གནོད་པ་མི་བྱེད་པ་ནི་སྦྱོར་བ་དག་པས་ནི་རྣམ་པར་དག་པའི་བཟོད་པ་ཞེས་བྱ་བའོ། །ད་ལྟར་གཞན་གྱིས་གནོད་པ་བྱེད་པར་གྱུར་པ་ལ་སེམས་འཁྲུགས་པར་མི་བྱེད་པ་ཉིད་དང་། འདས་པའི་དུས་སུ་བྱས་པར་ཤེས་ཀྱང་ཞེ་ལ་མི་འཛིན་པ་ཉིད་དང་། དེ་དག་ལ་སླར་ཕན་གདགས་པར་འདོད་པ་ཉེ་བར་

བཟུང་ནས་བསམ་པ་དག་པ་ཡིན་པས་རྣམ་པར་དག་པ་ཞེས་བྱ་བའོ། །སེམས་ཅན་གནོད་པ་བྱེད་པ་རྣམས་ལ་རང་ཉིད་སོང་ནས་མཐུན་པར་སྨྲ་ཞིང་ཁོན་མེད་པར་སྟོན་པ་དང་། གཞན་གནོད་པར་བྱེད་པ་དག་འོངས་ནས་བཟོད་པ་གསོལ་ན་དེ་བཞིན་དུ་དང་དུ་ལེན་པར་བྱེད་པ་ཉིད་ནི་ཕྱིར་བཅོས་པས་

རྣམ་པར་དག་པའོ། །མི་བཟོད་པ་ལས་བརྩམས་ཏེ་ཤས་ཆེར་ངོ་ཚ་ཤེས་པ་ནི་བཟོད་པའི་སྒོ་ནས་སྟོན་པ་ལ་གུས་པར་བྱ་བའི་བསམ་པ་ཉིད་དང་། རྣམ་པར་ཐོ་མི་འཚམས་པ་ལས་བརྩམས་ཏེ། སྙིང་རྗེ་བའི་བསམ་པ་ཉིད་དང་། དངོས་པོའི་ཁྱད་པར་གྱི་སྒོ་ནས་བསམ་པའི་ཁྱད་པར་རྣམ་པར་དག་པའོ། །མི་

བཟོད་པའི་ཆོས་ཀྱི་གྲོགས་ནི་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་བཟོད་པའི་མི་མཐུན་པའི་ཕྱོགས་རབ་ཏུ་སྤངས་པས་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ན་མདོར་བསྡུ་ན་སྦྱོར་བ་རྣམ་པར་དག་པ་དང་། བསམ་པ་རྣམ་པར་དག་པ་དང་། སྦྱོར་བའི་

Vol. 133 · folio 186b

ཁྱད་པར་རྣམ་པར་དག་པ་དང་། བསམ་པའི་ཁྱད་པར་རྣམ་པར་དག་པ་དང་། འདོད་ཆགས་དང་བྲལ་བ་རྣམ་པར་དག་པས་བཟོད་པ་གསོལ་བར་བྱས་པ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་གཅིག་པའི་འགྲེལ་པ་རྫོགས་སོ།། །།བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ནི་རྣམ་པ་བཞིར་

རྣམ་པར་གཞག་པར་བྱ་སྟེ། གང་ཡང་རྣམ་པ་ཉིད་སྨྲས་པ། སེམས་མངོན་པར་སྤྲོ་བ་ཞེས་བྱ་བ་སྨྲས་སོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་རྣམ་པ་ཞེས་བརྗོད་པར་བྱ་སྟེ། བརྩོན་འགྲུས་གང་ཞེ་ན། དགེ་བའི་ལས་ལ་སེམས་སྤྲོ་བའོ་ཞེས་བསྟན་པའི་ཕྱིར་རོ། །སེམས་མངོན་པར་སྤྲོ་

བ་ཞེས་བྱ་བ་དང་། སེམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན་སེམས་མངོན་པར་འདུ་བྱེད་པ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་ཡང་འཇུག་པས་ཞེས་བྱ་བ་ནས་སྤྱིའི་རྣམ་པ་སྟེ། དེ་ནི་ལས་མངོན་པར་འདུ་བྱེད་པའི་སེམས་ཡོངས་སུ་གཡོ་བའི་བདག་ཉིད་ཅན་

ཡིན་པའི་ཕྱིར་རོ། །ཡང་མངོན་པར་སྤྲོ་བ་ཞེས་བྱ་བ་ནི་འདོད་པའི་བྱ་བ་སྒྲུབ་པའི་བདག་ཉིད་ཅན་ཏེ། ཡང་དག་པའི་གཙོ་བོས་བསྡུས་པའི་ཕྱིར་རོ། །སྤྲོ་བ་ནི་བརྩོན་འགྲུས་ཏེ། སེམས་ལས་བྱུང་བ་དགེ་བ་རྣམས་ཀྱི་རྒྱུར་གྱུར་པའོ། །དེ་བཞིན་དུ་བྱ་བ་ལ་མངོན་པར་ཕྱོགས་པ་ནི་སྤྲོ་བ་སྟེ། མངོན་པར་

སྤྲོ་བ་ཞེས་བརྗོད་དོ། །མངོན་པར་འདུ་བྱེད་པ་ནི་ཡོངས་སུ་གཡོ་བ་ཙམ་འབའ་ཞིག་ཉིད་དོ། །དམིགས་པ་ཉིད་ནི་གང་ཡང་སྨྲས་པ། དཔག་ཏུ་མེད་པ་བསྡུ་བ་དང་། །ཞེས་བྱ་བ་ལ་དགེ་བའི་ཆོས་དཔག་ཏུ་མེད་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། དགེ་

བའི་ཆོས་དཔག་ཏུ་མེད་པ་བསྡུ་བ་དང་ཞེས་བྱ་བ་ལ་སོགས་པའོ། །གང་ཡང་སྦྱོར་བ་ཉིད་སྨྲས་པ། །སྦྱངས་པ་ཞེས་བྱ་བ་ལ་སོགས་པ་ལ། གུས་པར་བྱ་བའི་སྦྱོར་བས་ཡོངས་སུ་བཟུང་བ་ནི་སྦྱངས་པ་ཞེས་བྱ་བ་སྟེ། མངོན་པར་འདུས་བྱས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པར་རྟག་ཏུ་

འཇུག་པ་ཉེ་བར་བཟུང་ནས་རྟག་ཏུ་སྦྱོར་བས་ཡོངས་སུ་བསྡུས་པ་ནི་བར་ཆད་མེད་པའོ། །ཐབས་ཀྱི་སྦྱོར་བས་ཡོངས་སུ་བཟུང་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། བརྩོན་འགྲུས་ཚུལ་བཞིན་བརྩམས་པ་ལ། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པས་སོ། །རྒྱུ་མཐུན་པ་ཉིད་

Vol. 133 · folio 187a

ནི་གང་ཡང་སྨྲས་པ། དེ་ལས་བྱུང་བའི་ཞེས་བྱ་བ་ལ། དེ་ལྟར་ན་ལུས་དང་ངག་དང་ཡིད་ཀྱི་དགེ་བའི་ཆོས་རྣམས་ནི་བརྩོན་འགྲུས་ཀྱིས་ཀུན་ནས་སློང་བའོ་ཞེས་བྱ་བའི་ཚིག་གིས་ཏེ། མངོན་པར་སྤྲོ་བ་དང་ལྡན་པའི་སེམས་ཀྱིས་མངོན་པར་འདུ་བྱེད་པའི་ཞེས་བསྟན་པ་ཡིན་ནོ། །སྡོམ་པ་

པའི་ཚུལ་ཁྲིམས་ཀྱི་ཡུལ་ནི་བརྩོན་འགྲུས་འདི་ལ་མ་སྨོས་ཏེ། དེ་ནི་ལྡོག་པའི་ངོ་བོ་ཡིན་པའི་ཕྱིར་ལ། བརྩོན་འགྲུས་ནི་སྤྲོ་བའི་བདག་ཉིད་ཅན་ཡིན་པས་འཇུག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འཇུག་པའི་ཚུལ་ཁྲིམས་ཉིད་ནི་སྤྲོ་བ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་ལྡོག་པའི་ཚུལ་ཁྲིམས་ཉིད་ནི་མ་ཡིན་ནོ། །ཚུལ་

ཁྲིམས་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་དང་། དེ་ཡང་ཡོངས་སུ་གཡོ་བ་ཙམ་ཞེས་བྱ་བའི་ཚིག་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །ཁྱིམ་པའམ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་སེམས་ཅན་ཡོངས་སུ་

སྨིན་པར་བྱ་བ་ལ་རབ་ཏུ་སྦྱོར་བར་བྱེད་དོ་ཞེས་བྱ་བ་སྨྲས་པ། རྣམ་པ་གཉིས་སུ་ཞེས་བྱ་བ་ལ། དེ་ཡང་གཉི་གའི་ཕྱོགས་ལ་བརྟེན་པས་སོ་སོར་རྣམ་པ་གསུམ་དུ་འགྱུར་རོ། །བརྩོན་འགྲུས་ཐམས་ཅད་ནི་རྣམ་པ་གཉིས་སུ་བསྡུ་སྟེ། གོ་ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་སོ། །སྦྱོར་བའི་བརྩོན་འགྲུས་ལ་རྫས་

ཀྱི་རྣམ་པ་དབྱེ་བས་རྣམ་པ་གཉིས་སུ་བྱས་ནས་རྣམ་པ་གསུམ་དུ་སྨྲས་ཏེ། ཚུལ་ཁྲིམས་ལ་སོགས་པའི་མདོར་བསྟན་པ་དང་ཆོས་མཚུངས་པའོ། །རྩོམ་པའི་བརྩོན་འགྲུས་དང་། རྫོགས་པར་བྱེད་པའི་བརྩོན་འགྲུས་ཞེས་བྱ་བ་ནི་འདི་དག་གི་རྣམ་གྲངས་སོ། །གོ་ཆ་ཞེས་བརྗོད་པ་ནི་དང་པོར་རྣམ་པར་བརྟགས་

ནས་ཡོངས་སུ་ལེན་པའོ། །དེའི་ཕྱིར་སྨྲས་པ། སྦྱོར་བའི་སྔ་རོལ་ནས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆའི་བརྩོན་འགྲུས་ནི་ཚད་མེད་པ་བཞིས་བསྡུས་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་བསྟོད་པ། ཚད་མེད་པ་ནི་བཞི་པོ་ཡིས། །ཡོངས་སུ་བཟུང་བས་འཇིགས་པ་

མེད། །ཅེས་བྱ་བ་ཡིན་ནོ། །ཚད་མེད་པ་བཞི་གང་ཞེ་ན། དུས་ཚད་མེད་པ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པར་ཐོས་ནས་དེ་བཞིན་དུ་དམ་བཅས་ནས་བརྩོན་འགྲུས་རྩོམ་པ་དང་། སྡུག་བསྔལ་དཔག་ཏུ་མེད་པ་ནི་དུས་དེ་སྙེད་གྲངས་མེད་པའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སོ་སོར་

Vol. 133 · folio 187b

རབ་ཏུ་མྱོང་བ་ཉམས་སུ་ལེན་པ་ཉིད་དོ། །བསོད་ནམས་ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་བསོད་ནམས་ཉེ་བར་སོགས་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །སེམས་ཅན་ཚད་མེད་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ཡོངས་སུ་མྱ་

ངན་ལས་འདས་པའི་ཕྱིར་ཡོངས་སུ་འཛིན་པ་ཉིད་དོ། །དེ་དག་ཉིད་ཀྱི་དོན་གྱི་རྣམ་གྲངས་རིམ་གྱིས་འདིར་བསྟན་པའི་ཕྱིར་གལ་ཏེ་སངས་རྒྱས་ཉིད་ལས་བརྩམས་ཏེ། སྦྱོར་བ་བྱས་པ་ལས་དགོས་པ་ཆུང་ངུ་ཙམ་དུ་གྱུར་ལ་ངལ་བ་ནི་ཆེན་པོར་གྱུར་ཀྱང་། དེ་ལྟ་ན་ཡང་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་སྦྱོར་བར་བྱེད་

པ་ཉིད་ཅེས་བྱ་བ་ནི་གོ་ཆ་ཆེན་པོ་ཉིད་བསྟན་པའོ། །དགོས་པ་ཆུང་བ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་སེམས་ཅན་གཅིག་ཅེས་བྱ་བ་ལ། དེ་ལྟ་བུའི་རྩོམ་པ་ཆེན་པོ་བརྩམས་པ་ལས་སེམས་ཅན་གཅིག་ཅིག་མྱ་ངན་ལས་འདས་པར་བྱེད་ནུས་ན་ཡང་དེ་ལྟ་ན་ཡང་སྦྱོར་བ་ཉིད་དུ་བྱེད་ན་མང་པོ་དག་གིས་

ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར་དང་། དུས་དང་སྡུག་བསྔལ་ཆེན་པོས་ཡོངས་སུ་ངལ་བ་ཆེན་པོ་བསྟན་པའི་ཕྱིར་ཏེ། ཡོངས་སུ་བགྲང་བ་བཟུང་ན་བསྐལ་པ་སྟོང་ཕྲག་གྲངས་མེད་པའི་ཉིན་དང་མཚན་མོའི་རྣམ་པར་གཞག་པ་དང་མཉམ་པ་གྲངས་མེད་པ་བརྒྱ་སྟོང་ཡོངས་སུ་བགྲང་བ་བཟུང་བ་སྙེད་དུ་

ཇི་སྲིད་འཚོའི་བར་དུ་དམྱལ་བར་གནས་པས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་ན་ཡང་དེ་ལྟ་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་བར་བྱའོ་ཞེས་གོ་བགོས་ན་མཐར་ཐུག་པར་མ་གྱུར་གྱི་བར་དུ་བར་མ་དོར་འདོར་བར་མི་བྱ་བ་དང་། གལ་ཏེ་

དེ་བས་ཡུན་ཐུང་བ་དང་། སྡུག་བསྔལ་ཆུང་བས་ཐོབ་པར་འགྱུར་ན་ལྟ་ཤིན་ཏུ་ཡང་འཇུག་པར་བྱའོ་ཞེས་བྱ་བའོ། །འདི་དག་གིས་ནི་དུས་རིང་པོ་དང་། དུས་རྒྱུན་མི་འཆད་པར་འཇུག་པས་སྡུག་བསྔལ་ཤིན་ཏུ་དྲག་ཅིང་ཆེ་བའི་སྒོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བ་དེ་ལྟ་ན་

ཡང་དེའི་དོན་དུ་སྦྱོར་བའི་དོར་བར་མི་བྱའོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་གོ་ཆ་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །དེ་ལྟ་བུ་ལ་མོས་པ་ཙམ་དང་ཞེས་བྱ་བ་ནི་འདི་ལྟ་བུ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ་ཞེས་དེ་བཞིན་དུ་བཟུང་ནས་དེ་ལྟ་བུའི་མོས་པ་ཙམ་གྱིས་དེ་དང་འདྲ་བའི་གོ་ཆ་ལ་དད་པ་སྐྱེ་

Vol. 133 · folio 188a

བར་འགྱུར་བ་ནི་དད་པ་ཙམ་སྐྱེད་པའོ། །དེ་ཡང་བརྟན་པོ་ཡིན་ཏེ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་ཅིང་བརྟན་པོར་འགྱུར་བ་སྟེ། ཕྱིར་མི་ལྡོག་པའི་ས་བོན་དང་ཡང་དག་པར་འགྱུར་བར་ལྡན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། རྒྱུ་ཡོངས་སུ་རྟས་པར་བྱེད་པ་ཡིན་ན་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་དོན་དུ་

བརྩོན་འགྲུས་བརྩམས་པས་ས་བོན་བསྐྲུན་པ་ཞེས་བྱ་བའི་དོན་ཏོ། །གོ་ཆ་དེ་དང་ཡང་དག་པར་ལྡན་པར་གྱུར་པ་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་ནས་དཀའ་བའི་སྤྱོད་པའི་བྱ་བ་ཡོད་པ་མ་ཡིན་ཏེ། དེ་ལས་ཁྱད་པར་དུ་འཕགས་པར་འཇུག་

པའི་དཀའ་བ་མེད་པའི་ཕྱིར་རོ། །སེམས་ཞུམ་པ་ནི་རྩོམ་པའི་དུས་སུ་ཡི་བསད་པའོ། །དཀའ་བ་སྤྱད་དགོས་པ་ནི་སྦྱོར་བའི་དུས་ན་མི་ནུས་ང་མེད་པའི་ཕྱིར་ཏེ། ཐམས་ཅད་རིམ་གྱིས་བདེ་བར་བྱེད་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བ་དང་། མངོན་པར་སྒྲུབ་པ་དང་། འཇུག་པའི་བརྩོན་འགྲུས་ནི་

དགེ་བ་སྡུད་པའི་བརྩོན་འགྲུས་ཞེས་བསྟན་པ་ཡིན་ནོ། །རེ་རེ་ཡང་རྣམ་པ་བདུན་བདུན་གྱིས་བསྡུས་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། རྣམ་པ་བདུན་པོ་དེ་དག་ཀྱང་མདོར་བསྡུ་ན་གསུམ་དུ་བྱས་པས་བསྡུ་བར་བྱའོ། །སྟོབས་བརྟན་པོས་བསྐྱེད་པ་དང་། སྦྱོར་བའི་ཁྱད་པར་དང་། གནས་རྣམས་དང་ཇི་ལྟར་

རིགས་པར་སྦྱར་བར་བྱའོ། །མི་གཡོས་པ་ཞེས་བྱ་བ་ནི་བརྟན་པ་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱང་རྣམ་པ་གཉིས་སུ་བསྡུ་བར་བྱ་སྟེ། རང་གི་རྒྱུད་དུ་གཏོགས་པ་དང་། གཞན་གྱི་རྒྱུད་དུ་གཏོགས་པའོ། །རང་

གི་རྒྱུད་དུ་གཏོགས་པ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་མེད་པ་དང་། ཉོན་མོངས་པ་ཅན་ནོ། །དེ་ལ་འཁོར་བའི་སྡུག་བསྔལ་དང་། སེམས་ཅན་གྱི་ལོག་པར་སྒྲུབ་པར་ལྟུང་བ་ཡིད་ལ་བྱེད་པས་ནི་བརྩོན་འགྲུས་ཉམས་པར་འགྱུར་རོ་ཞེས་བྱ་བས་བརྩོན་འགྲུས་མི་བརྟན་པར་འགྱུར་རོ། །དེ་ལས་བཟློག་

པ་ནི་བརྟན་པ་སྟེ་གནས་པའོ། །གནས་པའི་ཕྱིར་མི་གཡོ་བའོ། །ཉོན་མོངས་པ་ཅན་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྟེ། དེ་དག་གིས་མི་བསྐྱོད་པས་ན་བརྟན་པའོ། །གཞན་གྱི་རྒྱུད་དུ་གཏོགས་པ་ཡང་རྣམ་པ་གཉིས་ཏེ། བསྟན་པ་འདི་ལ་སྡང་ཞིང་གནོད་པར་བྱེད་པ་རྣམས་ཀྱིས་བཟློག་

Vol. 133 · folio 188b

ཏུ་ཟིན་ཀྱང་འདི་ཉིད་ལ་བརྩོན་འགྲུས་རྒྱུན་མི་འཆད་པར་གྱུར་པ་ནི་བརྟན་པའོ། །སྡུག་བསྔལ་གྱི་ཚོར་པའི་གཞི་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡང་དག་པར་མྱོང་ཞིང་དེ་དག་གི་གནོད་པ་དྲག་པོ་མྱོང་ཡང་བརྩོན་འགྲུས་རྒྱུན་མི་འཆད་པའོ། །བརྟན་པ་ནི་ཤིན་ཏུ་ལེགས་པར་ཞུགས་པའི་བརྩོན་འགྲུས་ཏེ། གུས་པར་བྱེད་

པའི་སྦྱོར་བའོ། འདི་དག་ཉིད་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཐོབ་པར་བྱེད་པའི་ཕྱིར་དང་། མཁས་པའི་སྒོར་ཞུགས་པའི་ཕྱིར་དཔག་ཏུ་མེད་པའོ། །ཐོབ་པར་བྱ་བའི་ཐབས་ཡང་དག་པ་དང་ལྡན་པས་ཐབས་དང་ལྡན་པའོ། །མཉམ་པ་ཉིད་རབ་ཏུ་རྟོགས་པས་ཉོན་མོངས་པ་ཉིད་དང་བྲལ་བའི་ཕྱིར་

ཡང་ཐབས་དང་ལྡན་པའོ། །དོན་ཆེན་པོ་ལ་སྦྱོར་བའི་ཕྱིར་ཡང་དག་པའི་བརྩོན་འགྲུས་ཞེས་བྱའོ། །དུས་རྟག་ཏུ་སྦྱོར་བ་དང་། རྒྱས་པར་ཞུགས་པས་ན། རྒྱས་པ་ཞེས་བྱའོ། །ངར་སེམས་པའི་སྐྱོན་དང་བྲལ་བའི་ཕྱིར་ང་རྒྱལ་མེད་པའོ་ཞེས་བསྟན་པའི་རྣམ་པ་བདུན་པོ་འདི་དག་ནི་བརྩོན་འགྲུས་བརྩམས་

པའི་ཚུལ་བསྟན་པ་ཡིན་ནོ། །བརྩོན་འགྲུས་ཚུལ་བཞིན་དུ་བརྩམས་པའི་འབྲས་བུ་ཉེ་བར་བསྟན་པའི་ཕྱིར་རྒྱུ་དང་འབྲས་བུ་ཡོངས་སུ་རྫོགས་པར་གྱུར་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཚོགས་ཐམས་ཅད་ཀྱི་གཙོ་བོ་ནི་བརྩོན་འགྲུས་

ཡིན་པར་བསྟན་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་དེ་ནི་དེའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྨྲས་པ། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བསྟན་པས་སྟོན་པར་མཛད་དོ་ཞེས་བྱ་བ་ནི་ཀུན་དགའ་བོ་བརྩོན་འགྲུས་ནི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོའོ་ཞེས་མདོ་སྡེ་ནས་བསྟན་པའི་ཕྱིར་རོ། །ལུས་ཀྱི་

སྟོབས་དང་། ནུས་པ་ཐོབ་པར་གྱུར་པས་ལོངས་སྤྱོད་དང་ལུས་དང་སྲོག་ལ་ལྟོས་པ་མེད་པར་སྦྱོར་བར་བྱེད་པར་མི་ནུས་པ་ཉིད་དཀའ་བ་དང་། རྣམ་པ་འདྲ་བས་དུས་རིང་པོར་རྒྱུན་མི་འཆད་པར་སྦྱོར་བ་བྱེད་པར་དཀའ་བ་ནི་གཉིས་པའོ། །བརྩོན་འགྲུས་ཀྱི་མཉམ་པ་ཉིད་རབ་ཏུ་རྟོགས་པར་དཀའ་བ་ཉིད་དང་།

ཕྱིན་ཅི་མ་ལོག་པ་ལ་འཇུག་པར་དཀའ་བ་ཉིད་ནི་དཀའ་བ་གསུམ་པའོ། །དེའི་རྒྱུ་བསྟན་པའི་ཕྱིར། འདི་སྡུད་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་ཀྱི་མཐུ་དང་སྟོབས་ཐོབ་པར་གྱུར་པས་ལུས་དང་སྲོག་ལ་ལྟོས་པ་མེད་པར་སྦྱོར་བར་བྱེད་དོ་ཞེས་བྱ་བ་ནི་རྒྱུ་དང་པོའོ། །སེམས་ཅན་རྣམས་ལ་

Vol. 133 · folio 189a

སྙིང་རྗེའི་སྟོབས་བརྟན་པོ་ཐོབ་པར་གྱུར་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་ཇི་སྲིད་འཚོའི་བར་དུ་སྦྱོར་བ་ཞེས་བྱ་བ་ནི་སྙིང་རྗེའི་སྦྱོར་བ་སྟེ། བརྩོན་འགྲུས་ཀྱི་རྒྱུ་གཉིས་པའོ། །སྐྱེས་ཤིང་སྐྱེས་པའི་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པར་རབ་ཏུ་སྦྱོར་བས་ཀུན་ནས་ཉོན་མོངས་

པ་མེད་པའི་བརྩོན་འགྲུས་ཞེས་བྱ་བ་སྟེ། མཉམ་པ་ཉིད་ཀྱི་བརྩོན་འགྲུས་ཀྱི་རྒྱུ་ནི་ཤེས་རབ་ཡིན་ནོ། །སྡུད་པར་བྱེད་པའི་རྒྱུ་ཞེས་བྱ་བ་ནི་འདྲེན་པར་བྱེད་པའི་རྒྱུ་སྟེ། སྒྲུབ་པར་བྱེད་པ་ཞེས་བྱས་ནས་རྒྱུ་གསུམ་པའོ། །ཐམས་ཅད་ཀྱི་སྒོ་ནས་བརྩོན་འགྲུས་ནི་ཡང་དག་པར་སྤོང་བས་བསྡུས་པ་སྟེ། དེ་རྫོགས་པར་བྱེད་པའི་

ཐབས་ཀྱིས་ཡོངས་སུ་བསྡུས་པ་དང་། རྣམ་པར་གཞག་པ་ནི་གཉིས་དང་གཉིས་ཀྱིས་བསྡུས་པར་རིག་པར་བྱའོ། །ཉོན་མོངས་པ་ཅན་གྱི་ཆོས་རྣམ་པར་སྤོང་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྤོང་བ་སྔ་མ་དག་གིས་བསྡུས་པ་ཡིན་ནོ། །དགེ་བའི་ཆོས་རྣམས་སྐྱེད་པར་བྱེད་པ་ནི་ཕྱི་མ་དག་གིས་བསྡུས་པ་ཡིན་

ནོ། །ཡོངས་སུ་དག་པའི་ལུས་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པས་ནི་ཡང་དག་པར་སྤོང་བ་དང་པོ་གཉིས་ཀྱིས་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་ལས་ཡོངས་སུ་དག་པར་བྱེད་པ་དག་གི་ཐབས་ཀྱི་རྒྱུ་ཡིན་ནོ། །ཡེ་ཤེས་ཀྱི་ཁྱད་པར་ཐོབ་པར་གྱུར་པ་དང་། དགེ་བའི་ཆོས་ལ་ཡང་དག་པར་སྦྱོར་བས་ཡེ་

ཤེས་རྣམ་པར་འཕེལ་བར་བྱེད་པ་ནི་ཕྱི་མ་གཉིས་རྣམ་པར་དག་པར་བྱེད་པའི་ཐབས་ཀྱི་རྒྱུ་ཡིན་ནོ། །རྣམ་པར་དག་པར་བྱེད་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་རོ། །དགེ་བའི་ཆོས་རྣམས་ཉེ་བར་སོགས་པའི་ཕྱིར་སྡུད་པར་བྱེད་

པའོ། །མ་སྐྱེས་པ་ལས་སྐྱེས་པ་ནི་ཡང་དག་པར་སྒྲུབ་པ་ཞེས་བྱའོ། །སྐྱེས་པ་རྣམས་ཁྱད་པར་དུ་འགྲོ་བ་ནི་རྣམ་པར་འཕེལ་བར་བྱེད་པའོ། །སྐྱེས་བུ་དམན་པ་རྣམས་ཀྱི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་བརྩོན་འགྲུས་རྣམ་པར་གཞག་པར་བྱའོ། །དམན་པ་རྣམས་ནི་

འདུན་པ་དང་མོས་པ་སྐྱེས་པ་རྣམས་ཀྱང་འདོར་བར་བྱེད་དོ། །དེ་ལས་བཟློག་པ་ནི་སྐྱེས་བུ་དམ་པ་སྟེ། འདུན་པ་སྐྱེད་པར་བྱེད་དོ་ཞེས་བྱས་ནས་སོ། །དམན་པ་རྣམས་ནི་བརྩམས་ནས་ཀྱང་འདོར་བར་བྱེད་དེ། སྦྱོར་བ་མི་བརྟན་པའི་ཕྱིར་རོ། །དེ་ལས་བཟློག་པ་རྣམས་ནི་ཕྱིར་ཞིང་རྩོམ་པ་ཁྱད་པར་དུ་འཕགས་པ་དང་ལྡན་པའི་

Vol. 133 · folio 189b

ཕྱིར་འཕེལ་བར་བྱེད་པའོ། །བརྩོན་འགྲུས་རྩོམ་པ་ལ་ཞེས་བྱ་བའི་མདོའི་ཚིག་གིས་ནི་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བས་བརྩོན་འགྲུས་བརྩམས་པའོ། །སེམས་མི་འགོང་ཞིང་སྒྱིད་ལུག་པ་མེད་པ་ནི་རབ་ཏུ་སྤྲོ་བ་ཉིད་དོ། །ཕྱིན་ཅི་མ་ལོག་པའི་སྒྲུབ་པས་འབྲས་བུ་ཉེ་བར་བྱེད་པའི་ཕྱིར་དང་ཡང་དག་པར་

སྤོང་བས་ཕྱིན་ཅི་མ་ལོག་པར་སྤངས་པ་བསྟན་པའི་ཕྱིར་མགོའམ་གོས་ལ་མེ་འབར་བ་གསོད་པ་ལ་བརྩོན་པ་ལྟ་བུའི་སྦྱོར་བས་མྱུར་དུ་བརྩོན་འགྲུས་རྩོམ་པ་ནི་བརྟུན་ཏེ་སྦྱོར་བའོ། །ཡོན་ཏན་རྣམ་པ་ཐམས་ཅད་ཀྱིས་བརྒྱན་པའི་ཕྱིར་རྣམ་པ་ཐམས་ཅད་དེ་བསྡུས་པ་དང་སོ་སོའི་རྣམ་པ་བསྟན་པའི་ཕྱིར་རོ། །དུས་རྟག་

ཏུ་འཇུག་པའི་ཕྱིར་རྟག་པའི་བརྩོན་འགྲུས་ཞེས་བྱའོ། །འདུན་པ་དྲག་པོའི་སྦྱོར་བ་དང་ལྡན་པས་གུས་པའི་བརྩོན་འགྲུས་ཞེས་བྱའོ། །མོས་པས་སྤྱོད་པའི་སའི་གནས་སྐབས་ཀྱི་རྒྱུའི་སྟོབས་ལས་ཀུན་དུ་འབྱུང་བའི་ཕྱིར་རྒྱུ་མཐུན་པའི་བརྩོན་འགྲུས་ཞེས་བྱའོ། །སྐྱེས་ཤིང་འབྱུང་བའི་མི་མཐུན་པའི་ཕྱོགས་

ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་ཞེས་བྱའོ། །སྡུག་བསྔལ་དྲག་ཅིང་རྩུབ་པའི་རེག་པ་ཐམས་ཅད་ཀྱིས་མི་ལྡོག་ཅིང་སྐྱོ་བ་མེད་པ་ནི་འཁྲུགས་པའི་བརྩོན་འགྲུས་ཞེས་བྱའོ། །བརྩོན་འགྲུས་བརྩམས་ནས་འབྲས་བུ་མཐར་ཐུག་པའི་བར་དུ་འགྲོ་བ་ཉིད་ནི་ཆོག་མི་ཤེས་པའི་བརྩོན་

འགྲུས་ཞེས་བྱའོ། །བརྩོན་འགྲུས་རྣམ་པ་དྲུག་པོ་འདི་ནི་མདོའི་ཚིག་དྲུག་དང་ཡང་དག་པར་སྦྱར་བར་བྱས་ཏེ། བརྩོན་འགྲུས་བརྩམས་པ་ཉིད་ནི་རྟག་པའི་བརྩོན་འགྲུས་ཞེས་བྱའོ། །བརྩོན་འགྲུས་ཀྱི་མཐུ་དང་སྟོབས་ཐོབ་པའི་ཕྱིར་གུས་པའི་བརྩོན་འགྲུས་ཞེས་བྱའོ། །ཁྱད་པར་ཅན་གྱི་བརྩོན་འགྲུས་ཀྱི་

སྦྱོར་བའི་རྒྱུ་མཐུན་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་རྒྱུ་མཐུན་པའི་བརྩོན་འགྲུས་ཞེས་བྱའོ། །གཉེན་པོའི་ཕྱོགས་ཀྱི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་ནས་སྤྲོ་བ་དང་ལྡན་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་ཞེས་བྱའོ། །བརྟུན་པ་བརྟན་པའི་ཕྱིར་མི་འཁྲུགས་པའི་བརྩོན་

འགྲུས་ཞེས་བྱའོ། །ངན་ངོན་ཙམ་གྱིས་ཆོག་མི་ཤེས་པའི་ཕྱིར་བརྩོན་པ་མི་གཏོང་བ་ཞེས་བྱའོ། བརྩོན་འགྲུས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དྲག་པོ་དང་ལྡན་པར་གྱུར་པ་དང་། སྨོན་ལམ་མང་དུ་འདེབས་པ་ནི་འདུན་པ་དང་ལྡན་པའི་གོ་ཆའི་བརྩོན་འགྲུས་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words