ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར
Sanskrit title (Tibetan script, as in the text) མ་ཧཱ་ཡཱ་ན་སཾ་གྲ་ཧ་ཨུ་པ་ནི་བནྡྷ་ནཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 134 · folio 217b
བ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལས་གྲོལ་བ་ཟག་པ་མེད་པ་སྟེ། ཟག་པ་མེད་པ་དེ་ལས་གཞན་པ་ཟག་པ་དང་བཅས་པ་ནི་བསྩལ་བ་དེ་ལས་གཞན་པའོ། །གཉེན་པོ་ཉིད་ལ་ནི་མཐུན་པའི་ཕྱོགས་ཀྱི་བག་ལ་ཉལ་དུ་མི་རུང་ངོ་། །གལ་ཏེ་གཉེན་པོ་ཉིད་འགྱུར་བ་ཡིན་པར་འདོད་
ན་དེའི་ཕྱིར། སྤངས་པ་མིན་ཕྱིར་མི་རུང་ངོ་། །ཞེས་བྱ་བ་སྨོས་ཏེ། གཉེན་པོ་ནི་སྤངས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྤངས་པའི་རྒྱུ་ཡིན་ནོ། །གྱུར་པ་ནི་སྤངས་པ་སྟེ། འབྲས་བུ་ཡིན་པའི་ཕྱིར་རོ། །གལ་ཏེ་གཉེན་པོ་ཉིད་སྤངས་པ་ཡིན་པར་འདོད་ན། རྒྱུ་འབྲས་ཐ་དད་མེད་པར་
འགྱུར། །སྤངས་པའི་རྒྱུ་གཉེན་པོ་འབྲས་བུ་ཉིད་དུ་ཁས་ལེན་ན་གཅིག་ཏུ་གྱུར་པའི་ཕྱིར་རོ། །གལ་ཏེ་ས་བོན་བྲལ་བའམ། །དངོས་པོ་མེད་པར་འགྱུར་འདོད་ན། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ། འགྱུར་བ་ཞིག་ཡིན་ན་ཀུན་ནས་ཉོན་མོངས་པའི་ས་བོན་རྣམ་པ་མང་པོ་བསགས་པའི་
སེམས་ཀྱི་ས་བོན་དང་བྲལ་བར་འགྱུར་བའམ། ཡང་ན་ས་བོན་རྣམས་མེད་པར་འགྱུར་གྲང་ན། དེ་མེད་པར་ནི་གཉིས་མེད་དེ། །ཞེས་བྱ་བ་ནི་ཡོད་ན་ས་བོན་དང་བྲལ་བའམ། དངོས་པོ་མེད་པར་འགྱུར་གྱི། མེད་ན་ནི་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་སེམས་མངོན་དུ་གྱུར་པ་དེའི་
ཚེ་ནི་དེ་དག་མེད་ན་ས་བོན་དང་བྲལ་བའམ། ཆད་པ་ཇི་ལྟར་འགྱུར། ཀུན་གཞི་རྣམ་པར་ཤེས་པ་འདིའི་རབ་ཏུ་དབྱེ་བ་གང་ཞེ་ན་ཞེས་བྱ་བ་ནི་གྲུབ་པའི་མཚན་ཉིད་ཀྱི་དོན་རབ་ཏུ་དབྱེ་དགོས་པས་རབ་ཏུ་དབྱེ་བ་འདྲི་བའོ། །རྣམ་པ་གསུམ་དང་རྣམ་པ་བཞིར་བལྟ་བར་བྱའོ། །ཞེས་བྱ་བ་ལ། མངོན་
པར་བརྗོད་པའི་བག་ཆགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་བདག་དང་ཆོས་དང་། བྱ་བར་མངོན་པར་བརྗོད་པ་ཐ་སྙད་བཏགས་པ་རྣམས་ཏེ། ལྷ་དང་མི་དང་མིག་དང་། གཟུགས་དང་། འགྲོའོ་ཞེས་བྱ་བ་ལ་སོགས་པའི་བག་ཆགས་སྣ་ཚོགས་ཡིན་ཏེ། ནུས་པའི་ཁྱད་པར་གང་ལས་
བདག་དང་། ཆོས་དང་། བྱ་བའི་མངོན་པར་བརྗོད་པར་འབྱུང་བའོ། །བདག་ཏུ་ལྟ་བའི་བག་ཆགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་ཉོན་མོངས་པ་བཞིས་ཉོན་མོངས་པར་གྱུར་པའི་ཡིད་འཇིག་ཚོགས་ལ་ལྟ་བའི་དབང་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་གོ་སྙམ་པའི་བག་ཆགས་ཀྱི་བྱེ་བྲག་
Vol. 134 · folio 218a
གོ། །སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་ཀྱི་དབང་གིས་ལྷ་ལ་སོགས་པའི་འགྲོ་བ་རྣམས་སུ་མ་རིག་པ་ནས་རྒ་ཤི་ལ་ཐུག་པ་རྣམས་ཀྱི་བག་ཆགས་ཀྱི་བྱེ་བྲག་གོ། །
རྣམ་པ་གསུམ་བཤད་ཟིན་ཏོ། །རྣམ་པ་བཞིར་བརྗོད་པར་བྱ་སྟེ། འཕེན་པས་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ། གང་རྣམ་པར་སྨིན་པའི་བག་ཆགས་གསར་དུ་འབྱུང་བ་ཞེས་བྱ་བ་ནི་བག་ཆགས་འབྱུང་བ་བརྗོད་པས་ཐོག་མར་སྐྱེ་བ་གང་ཡིན་པ། དེ་འཕེན་པས་རབ་ཏུ་དབྱེ་བ་སྟེ། དེས་སྐྱེ་
བ་འཕེན་པའི་ཕྱིར་རོ། །དེ་མེད་དུ་ཟིན་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་ངོ་། །ཞེས་བྱ་བ་ནི་འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཉོན་མོངས་པའི་བག་ལ་ཉལ་ལ་ལྟོས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་གནས་པ་དེ་ཉིད་སྲིད་པ་ཞེས་
བྱའོ། །རྣམ་པར་སྨིན་པས་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་གང་འདུ་བྱེད་དང་། སྲིད་པའི་རྐྱེན་གྱིས་འགྲོ་བ་རྣམས་སུ་འཕངས་པ་རྣམ་པར་སྨིན་པ་སྟེ། དེ་མེད་དུ་ཟིན་ན་རྒྱུ་མེད་པར་གྱུར་པས་ཡང་འབྱུང་བའི་མིག་ལ་སོགས་པའི་ཆོས་རྣམས་སྐྱེ་བར་མི་རུང་སྟེ། རྩ་བ་མེད་པར་ཡལ་ག་ལ་
སོགས་པ་མི་འབྱུང་ངོ་། །རྒྱུ་ཉིད་དུ་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་གང་ཀུན་གཞི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་འཇིག་ཚོགས་ལ་ལྟ་བའི་དབང་གིས་བདག་ཏུ་འཛིན་པས་དམིགས་པ་དེ་ཉིད་ནི་བདག་ཏུ་འཛིན་པའི་རྒྱུ་ཉིད་དེ། དེ་མེད་དུ་ཟིན་ན་ཉོན་མོངས་པ་ཅན་གྱི་ཡིད་དང་
འབྲེལ་པ་ཅན་གྱི་ངར་འཛིན་པའི་དམིགས་པ་མེད་པར་འགྱུར་རོ། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི་ཐུན་མོང་པ་ལ་སོགས་པའི་བྱེ་བྲག་གི་རྣམ་པ་དུ་མའོ། །དེ་ལ་ཐུན་མོང་ནི་སྣོད་ཀྱི་འཇིག་རྟེན་གྱི་ས་བོན་གང་ཡིན་པའོ། །ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་རྣམ་པར་རིག་པ་རྣམས་
ཀྱི་བྱེད་རྒྱུའོ། །ཐུན་མོང་བ་ནི་རང་གི་ལས་དང་མཐུན་པའི་རྣམ་པར་སྨིན་པའི་དབང་གིས་དེ་ལ་སྤྱོད་པ་པོ་ཐམས་ཅད་ལ་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ནི་སོ་སོ་རང་གི་སྐྱེ་མཆེད་ཀྱི་ས་བོན་གང་ཡིན་པའོ་ཞེས་བྱ་བ་ལ་རང་རང་ལ་ཡོད་པ་ནི་སོ་སོ་རང་རང་གི་
Vol. 134 · folio 218b
སྟེ། ནང་གི་སྐྱེ་མཆེད་དྲུག་གི་ས་བོན་ཞེས་བྱ་བའི་ཐ་ཚིག་གོ། །ཐུན་མོང་མ་ཡིན་པ་དེ་ནི་ཚོར་བ་མེད་པ་འབྱུང་བའི་ས་བོན་ནོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བས་ཕན་འདོགས་པ་དང་གནོད་པར་བྱེད་པ་མེད་པའི་ཕྱིར་ཏེ། སྣོད་ཀྱི་འཇིག་རྟེན་ལ་བདེ་བ་དང་སྡུག་བསྔལ་བ་མེད་
དོ། །གཉེན་པོ་བྱུང་སྟེ་ལམ་གྱི་བདེན་པ་སྐྱེས་པ་ན་མི་མཐུན་པའི་ཕྱོགས་ནང་གི་སྐྱེ་མཆེད་དྲུག་གི་ས་བོན་འགགས་ཏེ་མི་མཐུན་པའི་ཕྱིར་རོ། །ཐུན་མོང་པ་གཞན་གྱི་རྣམ་པར་རྟོག་པས་ཡོངས་སུ་ཟིན་པ་ལ་ནི་མཐོང་བ་རྣམ་པར་དག་པར་འགྱུར་ཏེ། ཞེས་བྱ་བ་ནི་རྣལ་འབྱོར་པ་ནང་གི་སྐྱེ་
མཆེད་ཀྱི་རྣམ་པར་རྟོག་པ་འགགས་པ་རྣམས་ཀྱང་ཐུན་མོང་པ་སྣོད་ཀྱི་འཇིག་རྟེན་སེམས་ཅན་གཞན་གྱི་རྣམ་པར་རྟོག་པས་ཟིན་པ་གང་ཡིན་པ་དེ་ལ་མཐོང་བ་རྣམ་པར་དག་པར་འགྱུར་ཏེ། དེ་དག་གིས་དེ་ནམ་མཁའ་དང་འདྲ་བར་མཐོང་བས་ཆུས་ཀྱང་མི་འཁྲུའོ། །སས་ཀྱང་མི་
འཛིན་ཏོ། །མེས་ཀྱང་མི་ཚིག་གོ། །རླུང་གིས་ཀྱང་མི་བསྒུལ་ཏོ། །དོན་ཡོད་པ་ལ་མཐོང་བ་རྣམ་པར་དག་པར་ཇི་ལྟར་འགྱུར་ཞེས་གཞན་གྱི་ཀླན་ཀའི་སྐབས་རིག་ནས། རྣལ་འབྱོར་པ་རྣམས་ཀྱི་མོས་པ་ཐ་དད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མོས་པ་གང་དང་གང་ཡིན་
པ་ཇི་ལྟར་མོས་པ་བཞིན་དུ་གསེར་ལ་སོགས་པའི་བྱེ་བྲག་གིས་བལྟ་བར་བྱ་བ་སྣ་ཚོགས་པ་དམིགས་པ་ལྟ་བུ་སྟེ། གསེར་དང་། དངུལ་དང་། རྩྭ་དང་ཤིང་ལ་སོགས་པའི་བྱེ་བྲག་གིས་དམིགས་པ་སྣ་ཚོགས་སོ། །ཐུན་མོང་འཆིང་བ་སྤང་དཀའ་དང་། །ཡོངས་ཤེས་བྱ་བར་དཀའ་
བར་འདོད། །ཅེས་བྱ་བ་ལ། ཐུན་མོང་ཞེས་བྱ་བ་ནི་ཐུན་མོང་གི་རྒྱུ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །འཆིང་བ་ཞེས་བྱ་བ་ནི་ཆགས་པའོ། །སྤང་བར་དཀའ་ཞིང་ཡོངས་སུ་ཤེས་པར་བྱ་བ་དཀའ་བས་ན་སྤང་དཀའ་དང་ཡོངས་ཤེས་བྱ་བར་དཀའ་བའོ། །ཕྱི་རོལ་མཚན་མ་ཆེན་པོ་
ལས། །ཞེས་བྱ་བ་ནི་གནས་པ་ཆེན་པོ་སྣོད་ཀྱི་འཇིག་རྟེན་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་སེམས་ཞེས་བྱ་བ་ནི་མོས་པ་སྣ་ཚོགས་རྣམས་ཀྱིའོ། །དེ་ནི་འགགས་པར་མ་གྱུར་ཀྱང་། །ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་རྣམ་པར་རྟོག་པས་ཡོངས་སུ་ཟིན་པའི་ཕྱིར་མ་འགགས་པའོ། །
Vol. 134 · folio 219a
དག་པ་རྣམས་ཀྱི་ཞེས་བྱ་བ་ནི་གནས་གྱུར་པ་རྣམས་ཀྱིའོ། །སངས་རྒྱས་གཟིགས་པ་རྣམ་དག་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་མ་སྤངས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཞིང་གང་དག་འདམ་རྫབ་དང་། རྡོ་དང་བ་ཚ་ཅན་
དང་། མི་མཉམ་པ་དང་། སྡོང་དུམ་དང་། ཚེར་མ་དང་། མི་གཙང་བ་དང་ལྡན་པར་མཐོང་བ་དེ་དག་ཉིད་གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསེར་ལ་སོགས་པའི་རང་བཞིན་དུ་གཟིགས་ཏེ། མྱ་ངན་ལ་ཤིང་དུ་མཐོང་བ་བཞིན་ནོ། །
ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་ཏེ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཚོར་བའི་གནས་ཡིན་པའི་ཕྱིར་རོ། །དེ་མེད་དུ་ཟིན་ན་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་མེད་དུ་ཟིན་ན་འདི་ནི་
སེམས་ཅན་གྱི་འཇིག་རྟེན་ནོ། །འདི་ནི་སྣོད་ཀྱི་འཇིག་རྟེན་ནོ། །འདི་ནི་བདེ་བ་ཅན་ནོ། །འདི་ནི་སྡུག་བསྔལ་ཅན་ནོ་ཞེས་བྱ་བའི་བྱེ་བྲག་མེད་པར་འགྱུར་རོ། །གནས་ངན་ལེན་གྱི་མཚན་ཉིད་ཅེས་བྱ་བ་ལ་ངན་པ་ནི་སྡིག་པའོ། །དེ་ལེན་པ་ནི་གནས་ངན་ལེན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་
མོངས་པའི་ས་བོན་ནོ། །གནས་ངན་ལེན་ནི་ལས་སུ་མི་རུང་བ་ཉིད་དོ། །ཤིན་ཏུ་སྦྱངས་པའི་མཚན་ཉིད་ཅེས་བྱ་བ་ལ། ཤིན་ཏུ་སྦྱངས་པ་ནི་ཇི་སྐད་སྨོས་པ་ལས་བཟློག་པ་སྟེ། ལས་སུ་རུང་བ་ཉིད་དང་ཡང་བ་དང་། ཟོ་མདོག་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱད་ཟིན་པའི་མཚན་
ཉིད་ནི་གང་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྨིན་ཟིན་པ་ཡང་སྨིན་པར་མི་ནུས་ཏེ། སྤྱད་ཟིན་པའི་ཕྱིར་རོ། །དཔེར་ན་ས་བོན་གྱིས་མྱུ་གུ་བསྐྱེད་ནས་ཡང་བསྐྱེད་མི་ནུས་པ་བཞིན་ནོ། །མ་སྤྱད་པའི་མཚན་ཉིད་ནི་གང་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ཏེ།
ཞེས་བྱ་བ་ནི་རྐྱེན་ཇི་ལྟ་བ་བཞིན་དུ་ས་བོན་རྒྱས་པར་འགྱུར་བ་ལ་ཐོག་མའི་མཐའ་མེད་པའི་སྤྲོས་པ་རྒྱུར་གྱུར་པའི་ཕྱིར་རོ། །དེ་མེད་དུ་ཟིན་ན་ཞེས་བྱ་བ་ནི་གཉི་གའི་མཚན་ཉིད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སྟེ། རེ་ཞིག་སྤྱད་ཟིན་པའི་མཚན་ཉིད་མེད་ན་དགེ་བ་དང་སྡིག་པ་ཞེས་བྱ་བ་ལ་
Vol. 134 · folio 219b
སོགས་པ་ནི་འབྲས་བུ་བྱིན་པས་སྤྱད་ཟིན་པ་འཇིག་པ་དེ་མེད་པར་འགྱུར་ཏེ། འབྲས་བུ་བྱིན་ནས་ཡང་འབྲས་བུར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མ་སྤྱད་པའི་ཀུན་གཞི་རྣམ་པར་ཤེས་པ་མེད་དུ་ཟིན་ན་མངོན་པར་བརྗོད་པའི་བག་ཆགས་གསར་དུ་འབྱུང་བར་ཡང་མི་རུང་སྟེ། མངོན་པར་
བརྗོད་པ་སྔོན་གྱི་རྙིང་བར་མ་གྱུར་པ་སྔོན་མ་བྱུང་བ་ལ་ད་ལྟར་གྱུར་པ་ནི་འཇིག་རྟེན་ན་གང་མེད་དོ། །དཔེ་མཚན་ཉིད་ཅེས་བྱ་བ་ནི། དཔེ་སྒྱུ་མ་ལ་སོགས་པ་དང་བསྟུན་པར་བྱ་བར་མཚོན་པ་སྟེ། དཔེར་ན་སྒྱུ་མ་ལ་སོགས་པ་ནི་ཡང་དག་པ་གང་ཡིན་པ་མཐོང་བའི་རྒྱུར་གྱུར་པ་ཇི་ལྟ་བར་ཀུན་གཞི་རྣམ་
པར་ཤེས་པ་ཡང་དེ་བཞིན་ནོ། །དེ་མེད་དུ་ཟིན་ན་ཞེས་བྱ་བ་ནི་དཔེ་སྒྱུ་མ་ལ་སོགས་པ་དང་བསྟུན་པར་བྱ་བ་མེད་དུ་ཟིན་ན་ཀུན་གཞི་རྣམ་པར་ཤེས་པ་ཕྱིན་ཅི་ལོག་གི་རྒྱུར་རྟོག་པར་མི་འགྱུར་གྱི། ཡང་དག་པ་མཐོང་བའི་རྒྱུ་ཉིད་དུ་རྟོག་པར་འགྱུར་རོ། །དེ་ལྟར་ཀུན་གཞི་རྣམ་པར་ཤེས་པའི་དོན་རྣམ་
གྲངས་དང་། ངེས་པའི་ཚིག་དང་། མཚན་ཉིད་དང་། རབ་ཏུ་དབྱེ་བས་བཤད་ཟིན་ཏེ། །སོ་སོ་ཡང་དག་པར་རིག་པ་དང་མཐུན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་དྲི་བ་བརྩམས་ནས་བརྗོད་པ་འདོད་པ་བརྗོད་དེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་མ་
ཡིན་ལ་ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཞེས་བྱ་བས་ནི་རྒྱུ་སྟོན་ཏོ། །འདི་ལྟར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་དགེ་བ་དང་མི་དགེ་བ་དང་འགལ་བ་མེད་དོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོར་རོ། །ཕན་ཚུན་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡིན་པའི་
ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་སྨིན་པ་ནི་དགེ་བ་དང་མི་དགེ་བ་མ་ཡིན་ཏེ། མི་མཐུན་པ་གཉིས་ལྷན་ཅིག་ཏུ་གནས་པར་འགྱུར་དུ་འོང་ངོ་། །ཤེས་བྱའི་གནས་བཤད་ཟིན་ཏོ། །ཞེས་བྱ་བ་ནི་ཡང་བཤད་པར་བྱ་བ་མ་ཡིན་པའོ།། །།བམ་པོ་གསུམ་པ། ཤེས་བྱའི་མཚན་ཉིད་
མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པ་གསུམ་དུ་ཡོངས་སུ་ཆད་པའི་ཕྱིར་རོ། །གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པར་ཡོངས་སུ་རྟོག་པའི་རྗེས་སུ་འཇུག་པའི་ལས་དང་ཉོན་མོངས་པ་གཞན་དག་གིས་དབང་བྱས་པའི་ཕྱིར་ཏེ། ཤེས་
Vol. 134 · folio 220a
བྱ་ཅི་ཡང་རུང་སྟེ་དེ་ལྟར་མཚོན་པ་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ནི་གཏན་མེད་པའི་མཚན་ཉིད་དེ། ཀུན་བརྟགས་པར་བྱ་བ་གཟུང་བ་དང་འཛིན་པ་དང་། གང་ཟག་དང་ཆོས་གང་ཡིན་པ་ཀུན་བརྟགས་པར་
མཚོན་པའི་ཕྱིར་མཚན་ཉིད་དོ། །དེ་ཇི་ལྟར་ན་མཚན་ཉིད་དུ་འགྱུར་ཞེ་ན། ཇི་ལྟར་ན་མི་འགྱུར། འདི་ལྟར་ཀུན་བརྟགས་པ་ཤེས་པ་མེད་དེ། ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མི་ཤེས་པ་ནི་མཚན་ཉིད་དུ་ཡང་མི་རུང་མཚན་གཞིར་ཡང་མི་རུང་ངོ་ཞེ་ན། ཇི་ལྟར་མི་ཤེས་ཏེ། བཅོམ་
ལྡན་འདས་ཀྱིས་ཇི་ཙམ་དུ་ཡོད་པ་ལ་ཡོད་པར་མི་ཤེས་པ་དང་། ཅི་ཙམ་དུ་མེད་པ་ལ་མེད་པར་མི་ཤེས་པ་ཞེས་བྱ་བ་དང་། དེ་བཞིན་དུ་ཡོད་པ་ལ་ཡང་ཡོད་པར་ཤེས་པར་འགྱུར། མེད་པ་ལ་ཡང་མེད་པར་ཤེས་པར་འགྱུར་ཞེས་མ་གསུངས་སམ། ཀུན་བརྟགས་པ་གཟུང་བའམ།
འཛིན་པའམ། བདག་གམ་ཆོས་ཀྱི་མེད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཚད་མའི་ཡུལ་དུ་གྱུར་ན་རྣམ་པར་ཤེས་སོ། །དེ་ཡོངས་སུ་ཤེས་པས་ཀུན་དུ་བརྟགས་པ་ཡོད་པ་ཡིན་པར་ཡོངས་སུ་གཅོད་དེ་མི་མཐུན་པ་ཡོད་པའི་ཕྱིར་རོ། །ཡུལ་གྱི་དངོས་པོར་ཁས་བླངས་པས་
ཡོངས་སུ་གཅོད་པ་ནི་མ་ཡིན་ནོ། །ལུས་དང་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་ལུས་ཀྱི་རྣམ་པར་རིག་པ་ནི་དབང་པོ་གཟུགས་ཅན་དུ་སྣང་བ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྣང་བའི་སྒྲ་སྦྱར་བར་བྱའོ། །ལུས་ཅན་གྱི་རྣམ་པར་རིག་པ་ནི་ཡིད་
དོ། །ཟ་བ་པོའི་རྣམ་པར་རིག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་ནི་ཕྱིའི་སྐྱེ་མཆེད་རྣམས་སོ། །དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་ནི་རྣམ་པར་ཤེས་པ་ལྔ་པོ་དག་གོ། །དུས་ཀྱི་རྣམ་པར་རིག་པ་ནི་དུས་གསུམ་དུ་སྣང་བའོ། །གྲངས་
ཀྱི་རྣམ་པར་རིག་པ་ནི་གཅིག་ལ་སོགས་པར་བགྲང་བར་སྣང་བའོ། །ཡུལ་གྱི་རྣམ་པར་རིག་པ་ནི་གྲོང་དང་ཀུན་དགའ་ར་བ་ལ་སོགས་པར་སྣང་བའོ། །ཐ་སྙད་ཀྱི་རྣམ་པར་རིག་པ་ནི་མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ཞེས་བྱའོ། །བདག་དང་གཞན་
Vol. 134 · folio 220b
གྱི་བྱེ་བྲག་གི་རྣམ་པར་རིག་པ་ནི་ངར་འཛིན་པ་དང་ང་ཡིར་འཛིན་པར་ཆད་པ་ལུས་ལ་སོགས་པའི་རྣམ་པར་རིག་པ་སྟེ། ངའོ་ངའིའོ། །འདི་ནི་ངའི་མ་ཡིན་གྱི་འདི་ནི་གཞན་གྱིའོ། །ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་ཏུ་འཛིན་པའི་ཕྱིར་རོ། །བདེ་འགྲོ་དང་ངན་འགྲོ་དང་། འཆི་འཕོ་དང་། སྐྱེ་
བའི་རྣམ་པར་རིག་པ་ནི་ལྷ་དང་། མི་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། སྐྱེ་བ་དང་། འཆི་བར་སྣང་བའོ། །དེ་ལ་ལུས་དང་ལུས་ཅན་དང་། ཞེས་བྱ་བ་ནས་ཐ་སྙད་ཀྱི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་
བྱུང་བའི་ཕྱིར་རོ། །ཞེས་བྱ་བའི་བར་ནི་དེའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ་བདག་དང་གཞན་གྱི་བྱེ་བྲག་གི་རྣམ་པར་རིག་པ་ནི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་ས་བོན་ཡིན་པའི་ཕྱིར་རོ། །བདེ་འགྲོ་ལ་སོགས་པའི་རྣམ་པར་རིག་པ་ནི་མ་རིག་
པ་ལ་སོགས་པ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བའོ། །རྣམ་པར་རིག་པ་འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པར་རིག་པ་འདི་རྣམས་ཀྱི་ཞེས་བྱ་བ་ནི་ཇི་སྐད་སྨོས་པ་རྣམས་ཀྱིའོ། །རྣམ་པར་རིག་པ་ཙམ་ཉིད་ཅེས་བྱ་བ་ནི་
ལོག་པར་ཡོངས་སུ་རྟོག་པའོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བསྡུས་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་དངོས་པོར་རྣམ་པར་འཇོག་པའོ། །ཡོད་པ་མ་ཡིན་པ་དང་ནོར་བའི་དོན་སྣང་བའི་གནས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ཡོད་པ་མ་ཡིན་པ་དང་། དེར་རྣམ་པར་རྟོག་
པ་ནོར་བར་སྣང་བ་རབ་ཏུ་གསལ་བའི་རྒྱུའོ། །འདི་ནི་གཞན་གྱི་དབང་གི་མཚན་ཉིད་དོ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་ཟློས་ཏེ་སྟོན་པའོ། །གང་དོན་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་གི་རང་བཞིན་རྣམ་པར་རིག་པ་ཙམ་ཉིད་སེམས་དང་སེམས་ལས་བྱུང་བ་འཁྲུལ་པའི་རང་གི་ངོ་བོ་ཉིད་ཀྱི་
དོན་གྱི་རྣམ་པར་རིག་པའི་ཆ་ལ་དངོས་པོར་བྱེད་པ་ནི་ཀུན་བརྟགས་པའི་མཚན་ཉིད་དོ། །དེ་ཉིད་ཀུན་བརྟགས་པ་དེ་དང་གཏན་དུ་བྲལ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དཔེར་ན་སྨིག་རྒྱུ་ལ་རང་གི་རྒྱུད་སྔོན་དུ་བཏང་སྟེ། ཆུར་གཟུང་བ་དང་འཛིན་པའི་དངོས་པོར་རྣམ་པར་འཇོག་པའི་ལོག་པར་
Vol. 134 · folio 221a
ཡོངས་སུ་རྟོག་པ་ནི་གཞན་གྱི་དབང་ངོ་། །ཆུར་སྣང་བ་ལ་དངོས་པོར་བྱེད་པ་ནི་ཀུན་བརྟགས་པའོ། །དེ་དང་གཏན་དུ་བྲལ་བ་ནི་ཡོངས་སུ་གྲུབ་པ་ལྟ་བུའོ། །རྣམ་པར་རྟོག་པས་བརྟགས་པའི་དོན། །ཀུན་དུ་བརྟགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་
དབང་། །དེ་ཡི་སྟོང་ཉིད་ཡོངས་སུ་གྲུབ། །རྣམ་པར་རིག་པ་འདི་དག་གི། །ཞེས་བྱ་བ་ནི་ལུས་ལ་སོགས་པ་ནས་དེ་ལ་ཉེ་བར་སྤྱོད་པ་ལ་ཐུག་པའི་བར་གྱི་རབ་ཏུ་དབྱེ་བ་སྟེ། དེ་དག་ལས་བྱུང་བའི་ཕྱིར་རོ། །རྣམ་པར་རིག་པ་རྣམ་པར་དོན་མེད་པའི་དཔེར་རྨི་ལམ་སྨོས་ཏེ་གྲུབ་པའི་ཕྱིར་རོ། །
དཔེར་ན་རྨི་ལམ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །ལུང་དང་རིགས་པས་ཞེས་བྱ་བ་བརྗོད་པས་ནི་ལུང་ལས་འབྱུང་བའི་དོན་རྗེས་སུ་དཔག་པའི་ཡུལ་ཉིད་དུ་སྟོན་ཏོ། །ས་བཅུ་པ་ཞེས་བྱ་བ་ནི་མདོ་གང་ལས་བྱང་ཆུབ་སེམས་དཔའི་ས་བཅུ་བསྟན་པ་དེ་ས་བཅུ་རྣམ་པར་གཞག་
པའི་རྣམ་པ་སྟེ། མིང་དང་། ཚིག་དང་། ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་འདུས་པ་འཕགས་པ་རྡོ་རྗེའི་སྙིང་པོའི་དབང་གིས་ཉན་པ་པོའི་སེམས་ཀྱི་རྒྱུད་ལ་ཡོད་པའི་ཆོས་ཀྱི་རྣམ་གྲངས་ཏེ། དེ་བརྗོད་པ་ཡིད་ཆེས་པར་རུང་བ་ཉིད་དུ་སྟོན་ཏོ། །སེམས་ཙམ་ཞེས་བྱ་བ་ལ་སོགས་པ་ལ་
སེམས་ནི་རྣམ་པར་རིག་པ་དང་དོན་གཅིག་གོ། །ཙམ་གྱི་སྒྲས་ནི་དོན་སེལ་བར་བྱེད་དེ། དེ་མེད་པས་འཛིན་པ་ཡང་སེལ་ཏེ། བརྟགས་པའི་ཕྱིར་རོ། །དེ་སེམས་ལས་འབྱུང་བ་མེད་པར་མི་འབྱུང་བའི་ཕྱིར་སེམས་ལས་བྱུང་བ་རྣམས་ནི་མི་དགག་སྟེ། ཇི་སྐད་དུ་སེམས་ལས་བྱུང་བ་རྣམས་མེད་
པར་སེམས་ནམ་ཡང་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འགོག་པའི་སྙོམས་པར་འཇུག་པ་གང་ཡིན་པ་དེའི་སེམས་ཇི་ལྟ་བུ་ཞེ་ན། འདི་ནི་ཕྱོགས་ཅན་ལ་ཉེས་པར་འགྱུར་རོ། །ཁོ་བོ་ཅག་ལ་ནི་དེ་ན་སེམས་གང་ཡོད་པ་དེ་མཚུངས་པར་ལྡན་པ་དང་བཅས་པར་ཡོད་དོ། །གང་
མེད་པ་དེ་ནི་མཚུངས་པར་ལྡན་པ་དང་བཅས་སུ་མེད་དེ། ཁམས་གསུམ་པ་ནི་ཁམས་གསུམ་དུ་སྣང་བའི་རྣམ་པར་རིག་པ་རྣམས་སོ། །ཁམས་གསུམ་པ་སྨོས་པས་ནི་འདོད་པ་ལ་སོགས་པའི་སྲེད་པ་དང་མཚུངས་པར་ལྡན་པ་ཁམས་གསུམ་པར་གཏོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་
Vol. 134 · folio 221b
རྣམ་པར་རིག་པ་ཙམ་ཉིད་དུ་དམ་བཅའ་བ་སྟེ། །དེ་བཞིན་ཉིད་ལ་དམིགས་པ་དང་། །གཞན་གྱི་དབང་ལ་དམིགས་པ་ལམ་གྱི་བདེན་པས་བསྡུས་པ་རྣམས་དང་རྗེས་ལས་ཐོབ་པ་རྣམས་ནི་མ་ཡིན་ཏེ། ཁམས་གསུམ་ན་སྤྱོད་པའི་སྲེད་པ་རྣམས་ཀྱིས་བདག་གིར་མ་བྱས་པ་དང་། གཉེན་
པོ་ཡིན་པ་དང་། མ་འཁྲུལ་པའི་ཕྱིར་རོ། །མདོ་སྡེ་པའི་གཞུང་ལྟར་ན་གཟུགས་མེད་པའི་ཁམས་ནི་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་པས་ཁམས་གཉིས་པ་ཞེས་མི་བྱའམ་ཞེ་ན་མ་ཡིན་ཏེ། ནོར་བར་བསྟན་པའི་ཕྱིར་རོ། །གཟུགས་འབའ་ཞིག་མེད་པས་རྣམ་པར་རིག་པ་
ཙམ་ནི་མ་ཡིན་གྱི་དོན་ཐམས་ཅད་མེད་པས་སོ། །མདོ་སྡེ་པ་རྣམས་ནི་གཟུགས་མེད་པ་རྣམས་ཀྱི་དམིགས་པ་ནོར་བར་ཁས་མི་ལེན་ཏོ། །དགོངས་པ་ངེས་པར་འགྲེལ་པ་ཡང་ས་བཅུ་པ་བཞིན་དུའམ། ཆོས་མངོན་པའི་མདོར་བསྡུས་བྱས་པ་བཞིན་དུ་བཤད་པར་བྱའོ། །ཏིང་ངེ་འཛིན་ནི་སེམས་
རྩེ་གཅིག་ཏུ་བྱེད་པ་སེམས་ལས་བྱུང་བའི་ཆོས་སོ། །དེའི་སྤྱོད་ཡུལ་ནི་ཡུལ་ལོ། །གཟུགས་བརྙན་ནི་གཟུགས་དངོས་ལྟར་སྣང་བའོ། །དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཅན་ཞེས་བྱ་བ་ནི་ཕྱི་རོལ་གྱི་དམིགས་པ་མེད་པའོ། །རྣམ་པར་ཤེས་པ་དམིགས་པ་ཡིན་པར་ངས་
བཤད་དོ། །ཞེས་བྱ་བ་ནི་འདི་ལྟར་དམིགས་པ་དེ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་དེའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་ཤེས་པ་ནི་དམིགས་པར་སྣང་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་
བདག་ཉིད་ལ་བྱེད་པ་འགལ་བར་སྟོན་པའོ། །བྱམས་པ་ཆོས་གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་པ་སྟེ། ཆོས་ཐམས་ཅད་ནི་བྱེད་པ་མེད་པས་བྱེད་པ་དང་བྱེད་པ་པོ་མི་འཐད་པའི་ཕྱིར་རོ། །དེ་ལྟར་སྐྱེས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆེ་བ་ཉིད་ཀྱིས་ནི་གཅིག་ཁོ་ན་རྣམ་
པ་གཉིས་སུ་སྣང་བའི་ཚུལ་བརྗོད་པའོ། །དཔེར་ན་གཟུགས་ཀྱི་གཞི་པོ་རང་གི་བཞིན་ཉིད་ལ་བརྟེན་ནས་མེ་ལོང་ལ་སོགས་པའི་ནང་དུ་དེ་ཉིད་སྣང་ཡང་གཟུགས་བརྙན་མཐོང་ངོ་སྙམ་དུ་ལོག་པར་སེམས་ཏེ། མེ་ལོང་ལ་སོགས་པ་རྒྱུའི་མཐུས་དོན་གཞན་དུ་མེད་ཀྱང་སྣང་བའི་ཕྱིར་རོ། །དེ་བཞིན་དུ་
Vol. 134 · folio 222a
དྲན་པ་དང་ཀུན་དུ་རྟོག་པ་ལ་སོགས་པའི་རྐྱེན་གྱིས་མཐུས་གང་ཐ་དད་པ་མ་ཡིན་ཡང་ཐ་དད་པར་སྣང་བ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་དེ་བཞིན་དུ་སྐྱེས་སོ། །ལུང་དེ་ནི་ཚད་མ་དང་བཅས་པར་བཅོམ་ལྡན་འདས་ཉིད་ཀྱིས་གཏན་ལ་ཕབ་པོ། །འདི་ལྟར་
སེམས་མཉམ་པར་གཞག་པ་ན་ཞེས་བྱ་བ་ལ་སོགས་པས་ནི་རིགས་པ་གཞན་ཉེ་བར་འགོད་དོ། །ཇི་ལྟར་འདོད་པ་བཞིན་དུ་སྣང་བའི་ཕྱིར་རྣམ་པར་བསྔོས་པ་ལ་སོགས་པ་ནི་སེམས་ལས་གཞན་མ་ཡིན་ཏེ། རྣལ་འབྱོར་པའི་རྨི་ལམ་དུ་རྣམ་པར་བསྔོས་པ་ལ་སོགས་པ་རྨིས་པ་བཞིན་ནོ། །དྲན་
པའི་རྣམ་པར་ཤེས་པའང་མི་རུང་སྟེ་ཞེས་བྱ་བ་ནི་གཞན་གྱི་དོགས་པ་བསལ་བའི་ཕྱིར་སྨོས་པ་སྟེ། སུ་འདི་སྙམ་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི་དུར་ཁྲོད་ལ་སོགས་པ་ན་མཐོང་བའི་ཀེང་རུས་མོང་པོ་མྱོང་བའི་རྒྱུ་ལས་བྱུང་བས་དྲན་ནོ་སྙམ་དུ་སེམས་པ་དེ་ལ། འདི་ནི་དེ་ལྟ་མ་
ཡིན་ནོ་ཞེས་སེལ་ཏོ། །དམིགས་པ་དེ་མདུན་དུ་གཞག་ན་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དེ་དྲན་པ་ཡིན་ན་ནི་ཇི་ལྟར་ཡུལ་ན་མཐོང་བ་དེའི་ཡུལ་ངེས་པར་འདི་ཇི་ལྟར་མྱོང་བ་བཞིན་དུ་དྲན་པའི་རིགས་ན་དེ་ནི་དེ་ལྟ་ཡང་མ་ཡིན་ནོ། །དེའི་ཕྱིར་ད་ལྟར་མངོན་སུམ་དུ་གྲུབ་པ་བསྒོམས་པ་ལས་བྱུང་བའི་
ཤེས་པ་དེ་ནི་དྲན་པ་མ་ཡིན་ནོ། །འོ་ན་ཐོས་པ་དང་བསམས་པ་ལས་བྱུང་བའི་དངོས་པོ་ལ་རྣམ་པར་ཤེས་པ་གང་འབྱུང་བ་དེ་དྲན་པ་ཡིན་པས་དེའི་སྤྱོད་ཡུལ་ནི་རྣམ་པར་ཤེས་པ་དང་ཐ་དད་པར་འགྲུབ་པར་འགྱུར་རོ། །ཞེ་ན། དེ་ཡང་དེ་ལྟར་མ་ཡིན་ཏེ། འདི་ལྟར་ཐོས་པ་ལ་སོགས་པ་ལས་བྱུང་
བ་ལ་དྲན་པ་གང་ཡིན་པ་དེ་ནི་འདས་པ་ལ་དམིགས་པའི་ཕྱིར་རོ། །འདས་པ་ནི་མེད་པའི་ཕྱིར་དེར་སྣང་བ་ནི་རྣམ་པར་རིག་པ་ཙམ་ཉིད་དུ་འགྱུར་ཏེ། དྲན་པར་བྱས་པས་སྟོང་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ལྟར་སྣང་བའི་ཕྱིར་འདི་ནི་རྣམ་པར་རིག་པ་ཙམ་སྟེ། རྣལ་འབྱོར་པས་མདུན་དུ་ཀེང་རུས་
དམིགས་པ་དེའི་གཟུགས་བརྙན་བཞིན་ནོ། །རྗེས་སུ་དཔག་པ་འདིས་ཞེས་བྱ་བ་ལ་སོགས་པ་ནི་གསལ་བའི་ཕྱིར་རྣམ་པར་དགྲོལ་བར་མི་འབད་དོ། །གང་རྨི་ལམ་ལྟ་བུའི་རྣམ་པར་རིག་པ་སྣ་ཚོགས་ཞེས་བྱ་བ་ནི་ལུས་དང་ལུས་ཅན་ལ་སོགས་པའི་རྣམ་པར་རིག་པ་རྣམས་སོ། །དེ་དག་ལས་
Vol. 134 · folio 222b
མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་བསྡུའོ། །དེ་དག་ནི་རྣམ་པར་རིག་པ་ཙམ་ཉིད་དུ་རིགས་ཏེ་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་
པར་རིག་པ་གཟུགས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་དཔྱད་པར་བྱ་བའི་རྣམ་པར་རིག་པ་བསྡུའོ། །ཇི་ལྟར་རྣམ་པར་རིག་པ་ཙམ་ཉིད་དུ་ཞེས་བྱ་བ་ནི་གཟུགས་ཅན་ཡིན་པས་མི་སྲིད་པ་འཛིན་པའོ། །དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་ལུང་ནི་ས་བཅུ་པ་དང་།
དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པའོ། །རིགས་པ་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དང་རྨི་ལམ་ལ་སོགས་པའོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མཚུངས་པར་སྦྱར་བའོ། །གལ་ཏེ་དེ་དག་ཀྱང་ཞེས་བྱ་བ་ནི་མཚུངས་པ་ལ། བརྟན་པར་རྒྱུན་གྱིས་འཇུག་པའི་
རྒྱུ་འདྲི་བ་སྟེ། དེ་ལ་མཚུངས་པ་ནི་འདྲ་བའོ། །བརྟན་པ་ནི་བར་མ་དོར་རྒྱུན་ཆད་པར་མི་མཐོང་བའོ། །དེ་ཉིད་རྒྱུན་ཏེ་རྒྱུན་ཆགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ཉོན་མོངས་པ་
དང་ལས་དང་སྐྱེ་བ་བསྡུའོ། །མིག་ལ་སོགས་པའི་རྣམ་པར་རེག་པ་རྣམས་ནི་ཕྱིན་ཅི་ལོག་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་གཞིའི་གནས་ཉིད་ཡིན་ཏེ། རྒྱུའི་དངོས་པོར་གནས་པ་ཉིད་ཡིན་པའི་ཕྱིར་རོ། །ཕྱིར་རོ་ཞེས་བྱ་བ་ནི་དགོས་པ་འདྲི་བ་ལ་ལྟོས་ནས་ལན་བཏབ་པ་སྟེ། གང་
གི་ཕྱིར་མིག་ལ་སོགས་པ་དང་གཟུགས་ལ་སོགས་པའི་དོན་མེད་བཞིན་དུ་དེ་དག་ཏུ་སྣང་བའི་རྣམ་པར་རིག་པ་རྣམས་མཚུངས་པ་དང་། བརྟན་པར་རྒྱུན་གྱིས་འཇུག་པ་དེ་ཁོ་ནའི་ཕྱིར་ཕྱིན་ཅི་ལོག་རྣམས་འབྱུང་ངོ་། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་མི་འབྱུང་ན་དོན་མེད་པ་ལ་དོན་དུ་ཕྱིན་ཅི་
ལོག་ཏུ་མི་འགྱུར་རོ། །ཕྱིན་ཅི་ལོག་མེད་ན་རྒྱུ་མེད་པའི་ཕྱིར། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་མེད་དུ་ཟིན་ན། རྣམ་པར་བྱང་བ་ཡང་མེད་པར་འགྱུར་ཏེ། དེ་ལྡོག་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར་
Vol. 134 · folio 223a
དེ་ལྟར་འདི་དག་ཅེས་བྱ་བའི་དོན་ནི་བརྡ་ཕྲད་པར་ཟད་དོ། །དགོས་པའི་དབང་གིས་འབྱུང་བ་ནི་མ་ཡིན་གྱི། རྒྱུའི་དབང་གིས་འབྱུང་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཇི་ལྟར་དྲིས་པ་བཞིན་ལན་བཏབ་པའི་ཕྱིར་ཏེ། གཞན་གྱིས་ནི་དགོས་པ་དྲིས་ཀྱི། ས་བོན་ཞེས་
བྱ་བའི་རྒྱུ་ནི་མ་དྲིས་ཏེ། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པ་ཐོག་མ་མེད་པ་ཅན་ཡིན་པར་ཤེས་པས་མ་དྲིས་སོ། །འཁྲུལ་པའི་རྒྱུ་ནི་གཟུགས་སུ་སྣང་བའི་རྣམ་པར་རིག་པར་འདོད་དོ། །འཁྲུལ་པ་ནི་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པར་འདོད་དོ། །དེ་བས་ན་གལ་
ཏེ་གཟུགས་སུ་སྣང་བ་གཟུགས་ཅན་གྱི་རྣམ་པར་རིག་པ་མེད་དུ་ཟིན་ན་འཁྲུལ་པ་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་ཡང་མེད་པར་འགྱུར་ཏེ། ཡུལ་མེད་པའི་ཡུལ་ཅན་ནི་མི་རུང་ངོ་། །ཅིའི་ཕྱིར་ལུས་ལ་སོགས་པའི་རྣམ་པར་རིག་པ་ལྷན་ཅིག་འབྱུང་ཞེས་བྱ་བ་ལ་སོགས་པས་ནི་
སྔ་མ་བཞིན་དུ་འདྲི་བར་བྱེད་དོ། །སྐྱེ་བ་དང་ཉེ་བར་སྤྱོད་པ་ཡོངས་སུ་རྫོགས་པར་མངོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་འདེབས་པ་སྟེ། སྔ་མ་བཞིན་ནོ། །འདི་ལྟར་རྣམ་པར་རིག་པ་ལྔ་པོ་འདི་དག་ལུས་ཐམས་ཅད་ལ་ཞུགས་ན་ཉེ་བར་སྤྱད་པ་དང་བཅས་པའི་ལུས་མཐའ་དག་མངོན་ཏེ།
ཡན་ལག་གང་ཡང་རུང་བ་ཞིག་མ་ཚང་ན་དེར་མི་འགྱུར་རོ། །ཅིའི་ཕྱིར་དུས་ཀྱི་རྣམ་པར་རིག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་འདྲི་བ་སྟེ། སྔ་མ་བཞིན་ནོ། །སོགས་པ་སྨོས་པ་ནི་གྲངས་དང་། ཡུལ་དང་། ཐ་སྙད་དང་། བདག་དང་། གཞན་དང་། བདེ་འགྲོ་དང་། ངན་
འགྲོ་དང་། འཆི་འཕོ་དང་། སྐྱེ་བར་སྣང་བའི་རྣམ་པར་རིག་པ་དྲུག་བསྡུའོ། །ཐོག་མ་མེད་པའི་དུས་ཀྱི་འཁོར་བའི་རྒྱུན་མི་འཆད་པ་ཞེས་བྱ་བ་ལ་སོགས་པ་ནས། སྐྱེ་བ་དང་རྒ་ཤི་མྱོང་བའི་རབ་ཏུ་དབྱེ་བ་དཔག་ཏུ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་བར་ནི་དགོས་པ་དྲུག་པོ་དག་གིས་
དུས་ལ་སོགས་པའི་རྣམ་པར་རིག་པ་འཆི་འཕོ་དང་། སྐྱེ་བའི་རྣམ་པར་རིག་པ་ལ་ཐུག་པ་དག་འབྱུང་བར་སྟོན་ཏེ་གོ་རིམས་བཞིན་ནོ། །ཇི་ལྟར་རྣམ་པར་རིག་པ་འདི་དག་ཅེས་བྱ་བ་ལ་སོགས་པས་རིགས་པའི་སྐབས་ཀྱིས་འཐད་པ་གཞན་དང་སྒྲུབ་པ་འདྲི་བའོ། །དེ་ཙམ་དུ་ཟད་པས་ཞེས་
Vol. 134 · folio 223b
བྱ་བ་ནི་དོན་མེད་ཅེས་བྱ་བའི་ཐ་ཚིག་སྟེ། དོན་མེད་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཙམ་སྨོས་པས་ནི་དོན་དགག་པའི་དོན་བཤད་པ་ཡིན་ནོ། །ཇི་ལྟར་དོན་མེད་པ་དེ་ལྟར་ལུང་གིས་ཀྱང་བསྟན་ཏོ། །རིགས་པ་ནི་ཁ་ཅིག་ནི་བཤད་ཟིན་ཁ་ཅིག་ནི་འཆད་པར་འགྱུར་རོ། །
གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་མཚན་དང་ལྟ་བ་ནི་རྒྱུ་མཚན་དང་ལྟ་བ་དག་གོ། །དེ་གཉིས་དང་ལྷན་ཅིག་པ་ནི་རྣམ་པར་རིག་པ་རྒྱུ་མཚན་དང་ལྟ་བ་དང་བཅས་པ་སྟེ། མིག་ལ་སོགས་པ་ཞེས་བྱ་བ་ནས་ལུས་ཀྱི་རྣམ་པར་རིག་པ་ལ་ཐུག་པ་རྣམས་སོ། །བདག་
ཉིད་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པའི་རྒྱུ་མཚན་གྱིས་ནི་རྒྱུ་མཚན་དང་བཅས་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡུལ་སོ་སོར་རྣམ་པར་རིག་པར་སྣང་བའི་ལྟ་བས་ནི་ལྟ་བ་དང་བཅས་པའོ། །ཡང་ན་གཟུང་བའི་ཆ་ནི་རྒྱུ་
མཚན། འཛིན་པའི་ཆ་ནི་ལྟ་བ་སྟེ་གཉིས་སོ། །སྣ་ཚོགས་ཀྱི་རྣམ་པ་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བ་ནི་རི་མོའི་གདིང་བ་ལ་སོགས་པ་ལ་སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་ཤེས་པ་གཅིག་ཁོ་ན་ཆ་གཅིག་ནི་གཟུང་བ་དང་། ཆ་གཅིག་ནི་འཛིན་པར་ཅིག་ཅར་འབྱུང་ངོ་། །གང་དག་
དེའི་སྐྱེ་བ་རིམ་གྱིས་འབྱུང་བར་འདོད་པ་དེ་དག་གི་ལྟར་ན་གཞི་ཆེན་པོ་ལ་ཡང་ཉིན་གཅིག་ཏུ་ཡང་སྣ་ཚོགས་ཀྱི་བློ་འབྱུང་བར་མི་འགྱུར་རོ། །ཡིད་ཀྱི་རྣམ་པར་རིག་པ་ནི་མིག་ལ་སོགས་པ་ནས་ཆོས་ལ་ཐུག་པའི་རྣམ་པར་རིག་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་དོན་
ཐམས་ཅད་དམིགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དབང་བྱེད་པ་མིག་ལ་སོགས་པའི་རྣམ་པར་རིག་པ་ནས་ཆོས་ཀྱི་རྣམ་པར་རིག་པ་ལ་ཐུག་པའི་བར་དག་རྒྱུ་མཚན་ཉིད་དུ་རྣམ་པར་གནས་ཏེ། དེ་དག་གིས་དེ་རྒྱུ་མཚན་དང་བཅས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་
རིག་པས་ནི་ལྟ་བ་དང་བཅས་པ་སྟེ། འདི་ལྟར་དེ་དག་ཐམས་ཅད་ལ་རྣམ་པར་རྟོག་པར་བྱེད་པ་དང་། རྣམ་པར་རིག་པ་ཐམས་ཅད་ཀྱི་རྣམ་པར་འབྱུང་བའི་ཚུལ་ཅན་ཡང་ཡིན་ཏེ། དེ་ལྟ་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་དེ་འདིར་ལྟ་བ་ཞེས་བྱའོ། །འདིར་ཚིགས་སུ་བཅད་པ་ཞེས་
Vol. 134 · folio 224a
བྱ་བས་ནི་དེ་ཙམ་ཉིད་དང་གཉིས་དང་སྣ་ཚོགས་ཉིད་དུ་རྟོགས་པས། དེ་ཙམ་གཉིས་དང་སྣ་ཚོགས་ཉིད། །རྣལ་འབྱོར་པ་རྣམས་རྟོགས་པར་འདོད། །ཅེས་བྱ་བ་སྟེ། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཡོངས་སུ་ཤེས་པར་འདོད་དོ། །དེ་དང་བྲལ་ན་ཞེས་བྱ་བ་ལ་སོགས་
པ་ལ་བྲལ་བར་གྱུར་པས་བྲལ་བ་སྟེ། དམིགས་པ་མེད་པའོ། །དམིགས་པ་རྣམ་པར་བཤིག་པ་དེ་མེད་ན་རྣམ་པར་རིག་པ་ཙམ་ཉིད་དང་བྲལ་བ་ཉེ་བར་གནས་ཏེ། རྣམ་པར་རིག་པ་རྣམ་པར་ཤེས་པར་བྱེད་པ་ཉིད་དུ་མེད་པའི་ཕྱིར་རོ། །ཤེས་བྱ་མེད་ན་ཤེས་པར་བྱེད་པ་མི་རུང་
སྟེ། རྒྱུ་ཡུལ་མེད་པའི་ཡུལ་ཅན་དུ་འགྱུར་དུ་འོང་ངོ་། །གཟུང་བ་དང་འཛིན་པར་རྣམ་པར་བརྟག་པར་བྱ་བ་མ་ཡིན་པའི་དངོས་པོ་འཕགས་པའི་སོ་སོ་རང་གི་ཡེ་ཤེས་ཀྱིས་རིག་པ་བེམས་པོ་མ་ཡིན་པའི་དངོས་པོ་འདི་ནི་གནས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཅེས་བྱ་བ་ལ་
སོགས་པས་ནི་ལྟ་བའི་བྱེ་བྲག་བརྗོད་དེ། ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ཁོ་ན་མིག་ལ་སོགས་པ་རྟེན་དེ་དང་དེ་ནས་སྐྱེ་བ་ན་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དེ་དང་དེའི་མིང་འཐོབ་སྟེ། རིགས་གཞན་དུ་གྱུར་པའི་རྣམ་པར་ཤེས་པ་གཞན་ནི་མེད་
དོ་སྙམ་དུ་བྱང་ཆུབ་སེམས་དཔའ་ཁ་ཅིག་སེམས་སོ། །ཅི་དང་འདྲ་ཞེ་ན་སེམས་པ་དཔེར་བརྗོད་དེ། དཔེར་ན་སེམས་པ་གཅིག་ལུས་ལ་གནས་ཏེ། ལུས་འཇུག་པར་བྱེད་པ་ན་ལུས་ཀྱི་ལས་ཞེས་བྱ། ངག་ལ་གནས་ཏེ་ངག་འཇུག་པར་བྱེད་པ་ན་ངག་གི་ལས་ཞེས་བྱ།
ཡིད་དང་མཚུངས་པར་ལྡན་པ་ན་ཡིད་ཀྱི་ལས་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལྟ་བུ་ནི་རྣམ་པར་མི་རྟོག་པར་འགྱུར་ཏེ། གནས་ཀྱི་རིགས་ཀྱིས་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །གནས་པ་ནི་གནས་ཀྱི་རྗེས་སུ་བྱེད་དེ། འདི་ལྟར་ཉོན་མོངས་
པ་ཅན་གྱི་ཡིད་ཀུན་ནས་ཉོན་མོངས་པའི་གནས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་ན་ཉོན་མོངས་པ་ཅན་ཉིད་དུ་འགྱུར་རོ་ཞེ་ན། རྟེན་ཐམས་ཅད་དུ་འབྱུང་བ་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། མིག་ལ་སོགས་པ་གནས་ཐམས་ཅད་དུ་འབྱུང་བ་ནི་སྐྱེ་བའོ། །སྣ་
Vol. 134 · folio 224b
ཚོགས་ཀྱི་རྣམ་པས་གཉིས་སུ་སྣང་བ་འབྱུང་སྟེ། ཞེས་བྱ་བ་ནི་འཛིན་པར་རྣམ་པར་རྟོག་པའི་བདག་ཉིད་སྣ་ཚོགས་ཀྱི་རྣམ་པས་གཉིས་སུ་སྣང་སྟེ། རྣམ་པར་ཤེས་པ་གཅིག་པོ་ལས་ཆ་གཅིག་ནི་དོན་ཙམ་དུ་སྣང་བར་འགྱུར། དེའི་ཆ་གཅིག་ནི་དོན་ལ་རྣམ་པར་རྟོག་པའི་རྣམ་པར་
འབྱུང་ངོ་། །དེ་ལྟ་བས་ན་རྣམ་པར་མི་རྟོག་པ་ཉིད་ཀྱི་སྐྱོན་དུ་མི་འགྱུར་རོ། །གཟུགས་ཅན་གྱི་ཁམས་ན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ན་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ལུས་ལ་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དཔེར་
ན་མིག་ལ་སོགས་པའི་དབང་པོ་ལུས་ལ་གནས་པ་བཞིན་དུ་ཞེས་བྱ་བ་ནི་དེས་བྱས་པའི་ཕན་པ་དང་གནོད་པ་ལུས་ཀྱི་ཡང་ཡིན་པ་དེ་བཞིན་དུ་གཟུགས་ཅན་གྱི་ཁམས་ན་ཡིད་ཀྱི་རྣམ་པར་ཤེས་པ་ལུས་ལ་གནས་པའི་ཕྱིར་དེས་བྱས་པའི་མྱོང་བ་ལུས་ཀྱི་ཡང་ཡིན་ནོ། །གནས་ཐམས་ཅད་
དུ་ཡང་རེག་བྱ་ལ་འཛིན་པར་སྣང་བ་ཡང་འབྱུང་ངོ་ཞེས་བྱ་བ་ནི་མཉམ་པར་གཞག་པ་ཁོང་ལྕི་བ་དང་། ཡང་ན་མྱོང་བ་ཡོངས་སུ་གཅོད་པའི་ཕྱིར་རོ། །གཅིག་བུར་སྨྲ་བའི་བྱང་ཆུབ་སེམས་དཔའ་ལུང་སྨོས་པ། གང་ཞིག་ལུས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ལུས་མེད་ཅེས་བྱ་
བ་ནི་ཁོག་པ་མེད་པའི་ཕྱིར་རོ། །ཕུག་གནས་ཞེས་བྱ་བ་ནི་ནང་ན་ཡོད་པའི་ཕྱིར་རོ། །རིང་དུ་འགྲོ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །གཅིག་པུ་རྒྱུ་ཞེས་བྱ་བ་དེ་ནི་ཁུངས་ཏེ། གཉིས་པ་མེད་པའི་ཕྱིར་རོ། །གདུལ་དཀའ་ཞེས་བྱ་བ་ནི་དམུ་རྒོད་དོ། །འདུལ་
བྱེད་ཅེས་བྱ་བ་ནི་དབང་དུ་བྱེད་པའོ། །ལུང་གཉིས་པ་ཡང་དབང་པོ་ལྔ་པོ་འདི་དག་གི་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་ཡུལ་གྱི་ཡུལ་ནི་ཡིད་ཀྱིས་མྱོང་སྟེ། ཞེས་བྱ་བ་ལ་ཡིད་ཀྱི་རྣམ་པར་ཤེས་པས་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ནི་འདི་དག་གི་རྟོན་པའོ། །ཞེས་བྱ་བ་ནི་དེའི་དབང་གིས་
འགྲུབ་པའི་ཕྱིར་རོ། །ཡང་ཁུངས་གསུམ་པ་སྨོས་སོ། །རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་མཆེད་ཅེས་བྱ་བའི་ཐ་ཚིག་གོ། །གང་དུ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྣམ་པར་རིག་པ་ནི་དོན་གྱི་རྣམ་པར་རིག་པར་རྣམ་པར་འཇོག་པ་ཞེས་
Vol. 134 · folio 225a
བྱ་བ་ནི་དོན་གྱི་རྣམ་པར་ཤེས་པའི་རྒྱུ་ཡིན་པས་དེ་ལྟར་རྣམ་པར་འཇོག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་རྣམ་པར་རིག་པ་རྣམས་སོ། །རྒྱུ་མཚན་ཞེས་བྱ་བ་ནི་དམིགས་པ་ཡིན་ཏེ། རྣམ་པར་བྱང་བ་ཡིན་པའི་
ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རིག་པ་རྟེན་དང་བཅས་པ་ནི་ཞེས་བྱ་བ་ནི་འདས་མ་ཐག་པའི་ཡིད་དང་ཉོན་མོངས་པ་ཅན་དང་བཅས་པ་སྟེ། དེ་གཉིས་སྐྱེད་པ་དང་ཀུན་ནས་ཉོན་མོངས་པའི་གནས་ཡིན་པའི་ཕྱིར་རོ། །ལྟ་བ་ནི་རྣམ་པར་རྟོག་པའི་ཕྱིར་རོ། །དེའི་ལྟ་བ་འབྱུང་བའི་
རྒྱུ་མཚན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་དེའི་ལྟ་བ་རྣམ་པ་སྣ་ཚོགས་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་རིག་པ་དག་དོན་ལྟར་སྣང་བ་ནི་ཡིད་ཀྱི་རྣམ་པར་རིག་པའི་ལྟ་བ་དེ་དང་། རྩ་བའི་རྣམ་པར་ཤེས་པ་འབྱུང་བའི་རྟེན་གྱི་བྱ་བ་བྱེད་དོ། །
ཡང་དོན་མེད་པར་བསྟན་པའི་ཕྱིར་ལུང་གཞན་དང་རིགས་པ་གཞན་བརྗོད་དེ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཞེས་བྱ་བ་ལ་སོགས་པའོ། ཕན་ཚུན་མི་མཐུན་པ་འགལ་བའི་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུ་མཚན་གྱི་དངོས་པོ་ནི་རྣམ་པར་ཤེས་པ་འབྱུང་བའི་རྒྱུ་མཚན་ཉིད་དེ། ཕྱི་རོལ་གྱི་
དོན་ནི་རྒྱུ་མཚན་ཉིད་དུ་མི་རུང་བའི་ཕྱིར་དེ་ཤེས་པས་ནི་དོན་མེད་པར་ཁོང་དུ་ཆུད་པར་བྱའོ། །ཡི་དགས་དང་། དུད་འགྲོ་དང་མི་ཞེས་བྱ་བ་ལ་སོགས་པ་ནི་ཆུ་ཀླུང་གང་ལ་ཡི་དགས་རྣམས་ཀྱི་རང་གི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་རྣག་ལ་སོགས་པས་གང་བར་མཐོང་བ་དེ་ཉིད་ལ་དུད་འགྲོ་ཉ་ལ་
སོགས་པས་བཏུང་བ་དང་གནས་ཡིན་པའི་བློས་གནས་པར་བྱེད་དོ། །མི་རྣམས་ནི་དངར་བ་དང་དང་བ་དང་བསིལ་བའི་ཆུར་རྟོག་ཅིང་ཁྲུས་བྱེད་དོ། །འཐུང་ངོ་། །འཇུག་གོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལྷ་རྣམས་ཀྱིས་ནི་ནམ་མཁར་མཐོང་སྟེ། གཟུགས་ཀྱི་འདུ་ཤེས་
རྣམ་པར་བཤིག་པའི་ཕྱིར་རོ། །དངོས་པོ་གཅིག་ལ་ཕན་ཚུན་མི་མཐུན་པའི་རྣམ་པར་ཤེས་པ་དུ་མ་འབྱུང་བ་དེ་ནི་མི་རུང་བ་སྟེ། ཆུ་ཀླུང་དེ་ཉིད་རྣག་དང་གཅིན་དང་ཕྱི་སས་གང་བ་དང་། དབྱུག་པ་དང་རལ་གྲི་ཐོགས་པའི་མིས་བསྲུངས་པ་ཡིན་ན་དྲི་ཞིམ་པ་དང་བསིལ་བའི་ཆུ་དང་། གནས་དང་།
Vol. 134 · folio 225b
བཏུང་བ་ལ་སོགས་པའི་བྱ་བའི་འོས་དང་ནམ་མཁའི་བདག་ཉིད་དུ་ཇི་ལྟར་འགྱུར་ཏེ། ཕྱི་རོལ་གྱི་དོན་མེད་དོ། །བརྟགས་པས་དེར་སྣང་བར་ནི་རུང་སྟེ། ཇི་སྐད་དུ། བུད་མེད་ལུས་ནི་གཅིག་པུ་ལ། །རོ་དང་འདོད་བྱ་ཟ་བ་ཞེས། །ཀུན་རྒྱུ་འདོད་ཅན་ཁྱི་རྣམས་ཀྱི། །རྣམ་པར་རྟོག་པ་རྣམ་
གསུམ་མོ། །ཞེས་བཤད་པ་ལྟ་བུའོ། །འདས་པ་དང་མ་འོངས་པ་ལ་ནི་མདོ་སྡེ་པའི་ལྟར་ན་རྣམ་པར་ཤེས་པ་དམིགས་པ་མེད་པར་གྲུབ་པོ། །རྨི་ལམ་ཡང་གྲགས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི་བརྗོད་ཟིན་ཏེ། མདུན་ན་སྣང་བའི་ཕྱིར་དེ་ནི་དྲན་པར་མི་རུང་ངོ་ཞེས་བཤད་པ་
ཡིན་ནོ། །མེ་ལོང་ལ་སོགས་པའི་ནང་དུ་བཞིན་ལ་སོགས་པའི་གཟུགས་བརྙན་སྣང་བ་ཡང་ཇི་ལྟར་ཅི་ཡང་མ་ཡིན་པ་དེ་ལྟར་སྔར་བཤད་ཟིན་ཏེ། དེ་དག་ལ་རྣམ་པར་ཤེས་པ་དམིགས་པ་མེད་པ་ཉིད་དུ་གྲུབ་བོ། །འབད་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་ནི་གསལ་བའི་ཕྱིར་
རྣམ་པར་དགྲོལ་བར་ཁོ་བོས་འབད་པ་མ་བྱས་སོ། །གལ་ཏེ་ཇི་ལྟར་དམིགས་པ་བཞིན། །དོན་རྣམས་ཡང་དག་ཉིད་རྟོགས་ན། །ཡང་དག་མཐོང་བས་ལུས་ཅན་རྣམས། །འབད་པ་མེད་པར་དགྲོལ་བར་འགྱུར། །བསམ་གཏན་པ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་
ཏེ། བསམ་གཏན་ནི་སེམས་རྩེ་གཅིག་པ་དགེ་བའོ། །འདི་དག་ལ་བསམ་གཏན་བྱེད་པའི་ངང་ཚུལ་ཡོད་པ་ནི་བསམ་གཏན་པའོ། །སེམས་ལ་དབང་ཐོབ་པས་རྣམས་ལ་ཞེས་བྱ་བ་ནི་སེམས་ལས་སུ་རུང་བ་ཉིད་ཐོབ་པ་རྣམས་སོ། །མོས་པ་ནི་མོས་པར་བྱེད་པ་སྟེ། ཡིད་ཆེས་པའོ། དེའི་དབང་
གིས་ཞེས་བྱ་བ་ནི་ཇི་ལྟར་མོས་པ་བཞིན་དུ་ས་ལ་སོགས་པ་ཆུ་ལ་སོགས་པའི་དངོས་པོར་སྣང་བའི་ཕྱིར་རོ། །ཞི་གནས་ཐོབ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པ་རྣམས་ཏེ། ཞི་གནས་དང་ཏིང་ངེ་འཛིན་ནི་དོན་གཅིག་གོ། །འདིས་སེམས་གཡེངས་བ་ཞི་བར་བྱེད་པས་ཞི་གནས་སོ། །རྣལ་འབྱོར་
པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་དམིགས་པའམ། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པ་རང་གི་ངང་གིས་འཇུག་པ་དང་ལྡན་པ་ནི་རྣལ་འབྱོར་པ་སྟེ། དེ་སུ་དག་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་པའོ། །དེ་དག་གི་རྗེས་ལ་ཐོབ་པ་མེད་པ་
Vol. 134 · folio 226a
ལ་སོགས་པའི་ཆོས་ལ་ལྷག་མཐོང་ཞེས་བྱ་བ་ནི་ཤེས་རབ་བོ། །དེ་ལ་བརྩོན་པ་རྣམས་ཞེས་བྱ་བ་ནི་མངོན་པར་བརྩོན་པ་རྣམས་སོ། །མདོ་ལ་སོགས་པའི་ཆོས་ལ་ལྷག་མཐོང་བྱེད་པ་ན་མི་རྟག་པ་ལ་སོགས་པའི་དོན་གཅིག་པུ་ལ་ཡང་ཇི་ལྟ་ཇི་ལྟར་སྐད་ཅིག་མར་འཇིག་
པ་ལ་སོགས་པའི་དངོས་པོར་ཡིད་ལ་བྱེད་པ་རྣམས་ཀྱི་ཡུལ་དུ་འགྱུར་བ་དེ་ལྟ་དེ་ལྟར་རྣམ་པ་དུ་མར་སྣང་ངོ་། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། དེ་ལ་གནས་པ་རྣམས་ལ་དོན་ཐམས་ཅད་མི་སྣང་ངོ་ཞེས་བྱ་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་འོག་ནས་འཆད་དོ། །དོན་དེ་ཡོད་ན་
རྣམ་པར་མི་རྟོག་པར་མི་རུང་སྟེ། རྣམ་པར་བརྟག་པར་བྱ་བ་ཡོད་ན་རྣམ་པར་མི་རྟོག་པ་ཉིད་དུ་མི་འཐད་དོ། །གལ་ཏེ་དོན་ཡང་དག་པ་ཡིན་དུ་ཟིན་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱུང་ཡང་དེ་མི་སྣང་བར་མི་འགྱུར་ཏེ། ཡང་དག་པའི་དོན་ལ་དམིགས་པའི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་
རིགས་པ་སྨོས་མ་ཐག་པ་དང་རྒྱུད་སྔར་བཤད་པ་རྣམས་ཀྱིས་ཀྱང་དོན་མེད་དོ་ཞེས་མཇུག་སྡུད་པའོ། །དེ་ཇི་ལྟར་ན་གཞན་གྱི་དབང་ཡིན་ཞེས་བྱ་བ་ནི་བདག་རང་གིས་ཤེས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གཞན་ལ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་
དུ་ངོ་བོ་ཉིད་གཉིས་པོ་ལ་ཡང་དྲི་བ་གཉིས་གཉིས་སོ། །དྲི་བ་དེ་དག་གི་ལན་ཀྱང་གཉིས་གཉིས་སོ། །རང་གི་བག་ཆགས་ཀྱི་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་ཀུན་བརྟགས་པར་བརྗོད་པའི་བག་ཆགས་སུ་བསྟན་ཏེ། རང་གི་ས་བོན་དེས་དབང་དུ་བྱས་པའི་ཕྱིར་གཞན་གྱི་དབང་སྟེ། བདག་རང་
གིས་ཤེས་པར་བྱ་བ་ཡིན་ནོ། །སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་གཞན་ལ་བརྗོད་དོ། །ས་བོན་གྱི་གཞན་གྱི་དབང་དང་། སྐྱེ་བ་དང་འཇིག་པ་གཞན་གྱི་དབང་གི་ཕྱིར་ཏེ་གོ་རིམས་བཞིན་ནོ། །དེ་ལ་གནས་པའི་ཞེས་བྱ་བ་ནི་གཞན་གྱི་དབང་ལ་བརྟེན་པའོ། །དོན་མེད་པ་ཞེས་བྱ་བ་གལ་ཏེ་
མེད་ན་དོན་ཞེས་ཇི་སྐད་བྱ་ཞེ་ན། ལེན་འདེབས་ཏེ། སྣང་བ་ཞེས་བྱ་བ་ནི་དེ་མངོན་པར་བརྗོད་པའི་ས་བོན་ལས་ཡོད་པ་མ་ཡིན་ཡང་དོན་བཞིན་དུ་སྣང་བ་སྟེ། དེས་ན་དོན་ཞེས་བརྗོད་དོ། །སྣང་བ་ནི་གསལ་བ་དང་མངོན་པ་དང་རབ་ཏུ་གསལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དཔག་ཏུ་མེད་པའི་རྣམ་
Vol. 134 · folio 226b
པ་ཅན་གྱི་ཞེས་བྱ་བ་ནི་བདག་དང་ཆོས་རྣམ་པ་སྣ་ཚོགས་མཐའ་ཡས་པ་ཡུལ་དུ་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ཀུན་དུ་རྟོག་པའོ། །ཕྱིན་ཅི་ལོག་ཅེས་བྱ་བ་ནི་འཁྲུལ་པ་སྟེ། གཟུང་བ་དང་འཛིན་པའི་དོན་གྱི་རྣམ་པར་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཀུན་དུ་བརྟགས་པ་སྟེ། དེ་ལ་དོན་དུ་
ཀུན་དུ་རྟོག་པའི་ཕྱིར་རོ། །རང་གི་མཚན་ཉིད་མེད་ལ་ཀུན་དུ་རྟོག་པ་ཙམ་དུ་དམིགས་པས་ཞེས་བྱ་བ་ནི། བདག་དང་ཆོས་དག་མེད་པ་ལ་རྟོག་པའི་དེའི་རྣམ་པར་སྣང་བས་ཀུན་བརྟགས་པ་ཞེས་བྱའོ། །གཞན་དུ་མི་འགྱུར་བ་ནི་འགྱུར་བ་མེད་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་
ཤེས་པར་བྱའོ། །རྣམ་པར་དག་པའི་དམིགས་པ་ཡིན་པ་དང་། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པ་གཉིས་ཀྱི་ཡོངས་སུ་གྲུབ་པ་ཞེས་བརྗོད་དོ། །ཡང་ཀུན་དུ་རྟོག་པ་ཡོད་ཅིང་ཞེས་བྱ་བ་ལ་སོགས་པ་ཀུན་བརྟགས་པ་དཔྱོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཀུན་དུ་རྟོག་
པ་སྟེ། རྣམ་པར་རྟོག་པ་ཅན་གྱི་ཕྱིར་རོ། །ཞེས་བྱ་བ་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་འབྲེལ་པའི་ཕྱིར་རོ། །རང་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་ཐོག་མ་མེད་པའི་འཁོར་
བ་ན་ཐ་སྙད་དུ་བརྗོད་པ་སྟེ། དེའི་བག་ཆགས་ནི་འདིའི་ས་བོན་ནོ། །རྣམ་པར་རིག་པ་ཐམས་ཅད་ཀྱི་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བ་ཞེས་བྱ་བ་ནི་འདི་ལྟར་གཟུགས་ལ་སོགས་པ་མཐའ་ཡས་པར་སྣང་བའི་རྣམ་པར་རིག་པ་བརྗོད་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་སྟེ།
དེར་སྣང་བར་འབྱུང་བའི་ཚུལ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པ་མཐའ་ཡས་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་འབྱུང་བའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་དུ་བརྟགས་པར་བྱའོ་ཞེས་བྱ་བ་ནི་དེའི་ཕྱོགས་གཅིག་མིག་ལ་སོགས་པ་ཡུལ་
དུ་གྱུར་པའོ། །རྣམ་པ་གང་དུ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་དུ་བརྟགས་པ་དེ་ནི་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་རྣམ་པ་རྒྱུར་གྱུར་པ་ཀུན་བརྟགས་པ་ཉིད་དུ་བསྟན་ཏོ། །ཀུན་དུ་རྟོག་པས་ཇི་ལྟར་ཀུན་དུ་རྟོག་ཅེས་བྱ་བ་ནི་རྣམ་པའི་རབ་ཏུ་དབྱེ་བ་དྲིས་ནས། ཀུན་བརྟགས་པའི་རབ་
Vol. 134 · folio 227a
ཏུ་དབྱེ་བ་སྟོན་ཏོ། །མིང་གིས་དམིགས་པ་ཞེས་བྱ་བ་ནི་ལྷ་སྦྱིན་ཞེས་བྱ་བ་ལ་སོགས་པའི་མིང་ཐོས་ནས་དོན་ལ་ཀུན་དུ་རྟོག་པར་བྱེད་ཀྱི་མིང་མ་ཐོས་པར་ནི་དོན་ལ་རྣམ་པར་རྟོག་པར་བྱེད་མི་ནུས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལུས་ལ་སོགས་པ་ལ་དེར་མཚན་མར་འཛིན་
པ་ཞེས་བྱ་བ་ནི་རང་གི་མཚན་མ་ལ་མངོན་པར་ཞེན་ཞེས་བྱ་བའི་ཐ་ཚིག་གོ། །མཚན་མར་འཛིན་པ་ནི་འདུ་ཤེས་ཏེ། ཇི་ལྟར་འདུ་ཤེས་སུ་འགྱུར་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་སོ། །ཡང་ན་གཞན་གྱི་དབང་གི་ངོ་བོ་ཉིད་མིག་ལ་སོགས་པ་ལའོ། །ལྟ་བ་རྣམ་པ་ལྔ་ངེས་པར་རྟོག་པའི་རྣམ་པར་
འཇུག་པས་སོ། །དེ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་མཚན་མར་བྱས་པས་མངོན་པར་ཞེན་པའི་ཕྱིར་ཏེ་མཚན་མ་ལ་མངོན་པར་ཞེན་པའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བས་ངེས་པར་བརྟགས་པའི་དོན་ལ་འདི་ནི་དེ་བཞིན་ནོ་ཞེས་མངོན་པར་ཞེན་ནས་གཞན་དག་ལ་སྟོན་
པར་འདོད་པ་ན་རྟོག་པ་དང་དཔྱོད་པ་དག་གིས་ངག་ཀུན་ནས་སློང་སྟེ། མ་བརྟགས་མ་དཔྱད་པར་ཚིག་མི་སྨྲའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མཐོང་བ་ལ་སོགས་པ་ཞེས་བྱ་བ་ནི་མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ཐ་སྙད་རྣམ་པ་བཞི་པོ་དག་གིས་ཏེ།
ཇི་ལྟར་སྦྲུལ་གྱི་མིང་ལ་དམིགས་པ་ན་ཐག་པ་ལ་སྦྲུལ་གྱི་མཚན་མ་ཀྱག་ཀྱོག་ལ་སོགས་པ་མཚན་མར་བྱེད་ཅིང་དེ་ལ་མངོན་པར་ཞེན་ནས་གཞན་ལ་བསྟན་པའི་ཕྱིར་སྦྲུལ་མཐོང་ངོ་ཞེས་ཚིག་ཏུ་སྨྲ་བ་དེ་དང་མཚུངས་སོ། །ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་གཞན་གྱི་
དབང་གཉིས་ཡོད་པ་དང་མེད་པའི་ཕྱིར་རོ། །ཡོད་པ་ལས་ཡོད་པ་ཉིད་ནི་གཞན་མ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པ་ནི་ཡོད་པ་ལས་གཞན་མ་ཡིན་ནོ། །ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་གཅིག་པ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། དེ་བཞིན་དུ་གཞན་
གྱི་དབང་དང་ཡོངས་སུ་གྲུབ་པ་གཉིས་ཀྱང་རང་བཞིན་གྱིས་དག་པ་དང་མ་དག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདིར་དགོངས་པའི་རྣམ་གྲངས་ལ་བརྟེན་ནས་ནི་འདི་དག་གཅིག་པར་ཡང་འགྱུར། དུ་མར་ཡང་འགྱུར་བས་རྣམ་གྲངས་ཀྱིས་གཞན་གྱི་དབང་ཉིད་ཀུན་བརྟགས་པར་བསྟན་ཏེ།
Vol. 134 · folio 227b
ཀུན་དུ་རྟོག་པའི་རྒྱུ་མཚན་ཡིན་པ་དང་དེས་ཀུན་བརྟགས་པའི་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་བདག་དང་གཟུགས་ལ་སོགས་པ་ཀུན་བརྟགས་པའི་རྟེན་ཡིན་པ་དང་། ཀུན་དུ་རྟོག་པ་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པས་བདག་དང་གཟུགས་ལ་སོགས་པའི་དངོས་པོར་ཀུན་དུ་རྟོག་སྟེ།
དགོངས་པ་དེས་ཀུན་བརྟགས་པ་ཞེས་ཉེ་བར་འདོགས་པར་མཛད་དོ། །རྣམ་གྲངས་ཀྱིས་ནི་དེ་ཉིད་ཡོངས་སུ་གྲུབ་པའོ་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་གཏན་དུ་མེད་པའི་ཕྱིར་རོ། །བག་ཆགས་ཀྱི་ས་བོན་གྱི་གཞན་གྱི་དབང་ཞེས་བྱ་བ་ནི་རྒྱུ་ལ་རག་ལས་པས་གཞན་གྱི་དབང་ངོ་། །ཀུན་ནས་ཉོན་
མོངས་པ་དང་རྣམ་པར་བྱང་བའི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པ་གཞན་གྱི་དབང་ཞེས་བྱ་བ་ནི་འདི་ལྟར་རྣམ་པར་བརྟག་པར་བྱ་བའི་ཚེ་ནི་ཀུན་ནས་ཉོན་མོངས་པར་འགྱུར་རོ། །རྣམ་པར་བརྟག་པར་བྱ་བ་མ་ཡིན་པའི་ཚེ་ནི་རྣམ་པར་བྱང་བར་འགྱུར་ཏེ། དེ་ལྟར་རྣམ་པ་གཉིས་ལ་རག་ལུས་པས་གཞན་གྱི་
དབང་ངོ་། །དེ་ལྟར་ན་རེ་ཞིག་ངོ་བོ་ཉིད་རྣམ་པ་གསུམ་པོ་དེ་དག་གི་ཚུལ་ནི་ལྟོས་པའི་བྱེ་བྲག་གིས་ཐ་དད་པ་ཡང་མ་ཡིན། ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ཏེ། བག་ཆགས་ཀྱི་ས་བོན་ལས་བྱུང་བ་ལ་སོགས་པ་ལ་ལྟོས་པ་གང་གིས་གཞན་གྱི་དབང་ཡིན་པ་དེ་ཉིད་ཀྱིས་གཉིས་པོ་དག་ནི་མ་ཡིན་ནོ། །
ཀུན་དུ་རྟོག་པའི་རྒྱུ་མཚན་དང་། དེས་ཀུན་བརྟགས་པ་ཉིད་ལ། ལྟོས་པ་གང་གིས་ཀུན་བརྟགས་པ་ཡིན་པ་དེ་ཉིད་ཀྱིས་གཉིས་པོ་དག་ནི་མ་ཡིན་ནོ། །ཀུན་བརྟགས་པ་གཏན་མེད་པ་ལ་ལྟོས་པ་གང་གིས་ཡོངས་སུ་གྲུབ་པ་ཡིན་པ་དེ་ཉིད་ཀྱིས་གཉིས་པོ་དག་ནི་མ་ཡིན་ནོ། །ཇི་ལྟར་གཞན་
གྱི་དབང་གི་རྣམ་པ་གཉིས་ཡིན་པ་ལྟར་ཀུན་བརྟགས་པ་ཡང་དེ་བཞིན་ཏེ། དེ་ལ་ངོ་བོ་ཉིད་དུ་ཀུན་དུ་རྟོག་པ་ནི་མིག་ལ་སོགས་པ་སྟེ། དངོས་པོ་ཙམ་ཉེ་བར་འཛིན་པའོ། །ཁྱད་པར་དུ་ཀུན་དུ་རྟོག་པ་ནི་མི་རྟག་པ་ཉིད་ལ་སོགས་པའི་ཆོས་ལ་རྟོག་པའོ། །རང་བཞིན་གྱིས་ཡོངས་སུ་གྲུབ་པ་ནི་དྲི་
མ་དང་བཅས་པའི་དེ་བཞིན་ཉིད་དུ་བསྟན་ཏོ། །རྣམ་པར་དག་པར་ཡོངས་སུ་གྲུབ་པ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་དོ། །བྱ་བ་ནི་ཐ་སྙད་ལ་མཁས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཚིག་སྔོན་དུ་བཏང་ནས་རང་གི་བསམ་པ་བརྗོད་པ་དང་འབྲེལ་པའོ། །མ་བྱང་བ་ནི་བཟློག་པ་སྟེ། །བ་ལང་ལ་སོགས་པ་
Vol. 134 · folio 228a
རྣམས་ཀྱིའོ། །མིང་ལ་བརྟེན་ཏེ་མིང་གི་ངོ་བོ་ཉིད་ལ་ཀུན་དུ་རྟོག་པ་ཞེས་བྱ་བ་ནི་དཔེར་ན་ན་ལི་ཀེ་རའི་གླིང་ན་གནས་པས་བ་ལང་གི་སྒྲ་ཐོས་ནས་དེའི་དོན་མ་རྟོགས་ནས་བ་ལང་གི་སྒྲའི་མིང་གིས་མིང་ལ་ཀུན་དུ་རྟོག་པའོ། །མིང་མ་རྟོགས་པའི་དོན་ཞེས་བྱ་བ་ནི་མིང་དང་
མིང་ཅན་འབྲེལ་བར་མ་བྱས་པ་དེ་ཉིད་ཀྱིས་བ་ལང་གི་ལུས་མཐོང་ནས་ཕྱིར་ཞིང་དོན་ལ་རྟོག་པའོ། །དེ་གཉི་ག་ལ་བརྟེན་པ་ནི་བརྡ་ཤེས་པར་བྱ་བ་བརྗོད་པ་དང་། བརྗོད་པར་བྱ་བ་གཉིས་ལ་བརྟེན་ནས་རྟོག་པའོ། །རྩ་བའི་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པ་དེ་ལས་གཞན་པ་དག་གི་རྩ་བ་ཡང་ཡིན་ལ།
རང་ཡང་རྣམ་པར་རྟོག་པས་ན་རྩ་བའི་རྣམ་པར་རྟོག་པ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །མཚན་མའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པ་སྟེ། འདིའོ་ཞེས་མཚན་མར་བྱེད་པའི་ཕྱིར་རོ། །མཚན་མར་སྣང་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། རྟེན་དང་བཅས་
པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པའོ་ཞེས་བྱ་བ་ནི་མཚན་མར་སྣང་བའི་ཕྱིར་རོ། །མཚན་མར་འགྱུར་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པའི་འགྱུར་བ་སྟེ། དེ་ཉིད་རྣམ་པར་རྟོག་པའོ། །རྒ་བ་ལ་སོགས་པ་
ཞེས་བྱ་བ་ནི་རྒ་བ་ལ་སོགས་པས་གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་རྣམས་འགྱུར་བར་བྱེད་པའི་ཕྱིར་ཏེ། འདི་ལྟར་རྒས་ན་ཕྱི་དང་ནང་གི་གཟུགས་ལ་སོགས་པར་འགྱུར་རོ། །སོགས་པ་སྨོས་པས་ནི་བདེ་བ་ལ་སོགས་པའི་ཚོར་བ་བསྡུ་སྟེ། བདེ་བའི་མིག་དང་བཞིན་གསལ་
བའི་ཕྱིར་ཏེ། ཁྲོས་པར་གྱུར་པ་ལ་སོགས་པའི་མདོག་མི་སྡུག་ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །གནོད་པ་དང་དུས་ཀྱིས་ཡོངས་སུ་འགྱུར་བ་ལ་སོགས་པ་ཞེས་བྱ་བ་ནི་གསད་པ་དང་བཅིང་བ་ལ་སོགས་པས་ལུས་ལ་སོགས་པའི་འགྱུར་བ་སྐྱེད་པའི་ཕྱིར་ལ། གྲང་བ་དང་། ཚ་བ་དང་། ཆར་པ་
ལ་སོགས་པས་ཀྱང་ཕྱི་དང་ནང་གི་ལུས་དང་ཤིང་ལ་སོགས་པའི་གཟུགས་ལ་སོགས་པ་གཞན་དུ་འགྱུར་ཏེ། གྲང་བའི་ཚེ་གྲང་བས་ཉེན་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །སེམས་ཅན་དམྱལ་བའི་འགྲོ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ངན་འགྲོ་ཐམས་
Vol. 134 · folio 228b
ཅད་བསྡུས་ཏེ། དེ་དག་ཏུ་གཟུགས་ལ་སོགས་པ་འགྱུར་བ་ནི་གྲགས་པ་ཡིན་ནོ། །འདོད་པའི་ཁམས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་གཟུགས་ཀྱི་ཁམས་བསྡུས་ཏེ། གཟུགས་མེད་པའི་ཁམས་ན་གཟུགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་མེད་པའི་ཕྱིར་རོ། །
བསམ་གཏན་བཞི་པོ་དག་ན་སེམས་ཅན་དང་སྣོད་ཀྱི་གཟུགས་ལ་སོགས་པ་ནོར་བུའི་འོད་ལྟར་དང་བ་ཡིན་དུ་ཟིན་ཀྱང་འགྱུར་བ་ཡོད་པ་ཉིད་དེ། གནས་པ་གཞན་དུ་འགྱུར་བ་ཡང་སྣང་ངོ་ཞེས་གསུངས་པའི་ཕྱིར་རོ། །མཚན་མར་སྣང་བ་འགྱུར་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་མིག་གི་
རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་གཟུགས་ལ་སོགས་པའི་མཚན་མར་སྣང་བ་རྣམས་ཏེ། རྟེན་མིག་ལ་སོགས་པ་དང་བཅས་ཏེ་འགྱུར་བའོ། །དེ་ཉིད་རྣམ་པར་རྟོག་པ་སྟེ། །ཇི་སྐད་སྨོས་པ་རྒ་བ་ལ་སོགས་པ་འདི་དག་གིས་ཇི་ལྟར་མཐུན་མཐུན་དུ་འགྱུར་བར་བྱེད་པའི་ཕྱིར་
རོ། །འདི་ལྟར་རྒས་ན་མིག་ལ་སོགས་པ་ཉམས་པ་ཉིད་དང་། རྟུལ་བ་ཉིད་ཅེས་བྱ་བ་ལ་སོགས་པ་འབྱུང་སྟེ། གནས་གྱུར་པའི་ཕྱིར་དེ་ལ་གནས་པའི་རྣམ་པར་རིག་པ་རྣམས་ཀྱང་འགྱུར་རོ། །དེ་བཞིན་དུ་བདེ་བ་ལ་སོགས་པའི་ཚོར་བ་ལ་སོགས་པས་ཀྱང་གཞན་དུ་འགྱུར་ཏེ། བདེ་བར་
གྱུར་པའི་སེམས་མཉམ་པར་འཇོག་པ་དང་། སྡུག་བསྔལ་བར་གྱུར་པའི་སེམས་རྣམ་པར་འཁྲུག་པའི་ཕྱིར་རོ། །དེ་བཞིན་དུ་གནོད་པ་བསད་པ་ལ་སོགས་པ་དང་། དུས་ཀྱི་ཡོངས་སུ་འགྱུར་བ་དང་། །འདོད་པ་ལ་སོགས་པའི་ཁམས་རྣམས་ཀྱི་གནས་དང་བཅས་པའི་རྣམ་པར་རིག་པར་
འགྱུར་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱོར་རོ། །གཟུགས་མེད་པའི་ཁམས་ན་ནི་བདེ་བ་ལ་སོགས་པའི་ཚོར་བས་བྱས་པའི་རྣམ་པར་རིག་པར་འགྱུར་བའི་རྣམ་པར་རྟོག་པའོ། །གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་དམ་པ་དང་། དམ་པ་མ་ཡིན་པའི་བཤེས་གཉེན་
དང་ཕྲད་ནས་དམ་པ་དང་དམ་པ་མ་ཡིན་པའི་ཆོས་མཉན་པའི་རྒྱུ་ལས་བྱུང་བའི་རྣམ་པར་རྟོག་པའོ། །འདི་ཉིད་ཕྱི་རོལ་པ་སེར་སྐྱ་ལ་སོགས་པ་དང་། ཆོས་འདི་པ་བདེ་བར་གཤེགས་པ་པ་རྣམས་ཀྱི་ནི་ཚུལ་བཞིན་དང་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་ཡིན་ཏེ། ཡང་དག་པ་དང་ལོག་པའི་
Vol. 134 · folio 229a
ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཅི་རིགས་སུ་སྦྱར་རོ། །ཚུལ་ཞེས་བྱ་བ་ནི་རིགས་པ་སྟེ། དེ་ལ་དེ་ཡོད་པས་ཚུལ་བཞིན་ནོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་
སྔོན་དང་། ཕྱི་མ་དང་། དབུས་ལ་རྟོག་པའི་རྣམ་པ་སྟེ། །ཚངས་པའི་དྲ་བའི་མདོ་ལས་འབྱུང་བའི་ཚུལ་དུ་ཅི་བདག་འདས་པའི་དུས་ན་འབྱུང་བ་ཞིག་གམ་ཞེས་བྱ་བ་ལ་སོགས་པའོ། །ལྟ་བ་ལ་མངོན་པར་ཞེན་པ་དེ་ཉིད་རྣམ་པར་རྟོག་པའོ། །སོང་བ་ཞེས་བྱ་བའི་སྒྲ་ནི་རྣམ་པའི་དོན་ཏོ། །
རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་རྣམ་པར་གཡེང་བར་བྱེད་པས་རྣམ་པར་གཡེང་བ་སྟེ། དེ་ཉིད་རྣམ་པར་རྟོག་པའོ། །གང་ལས་རྣམ་པར་གཡེང་བར་བྱེད་ཅེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་སོ། །ཅི་མངོན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་
མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ལྷུར་ན་རྣམ་པར་རྟོག་པ་རྣམ་པ་བཅུས་སེལ་བ་ཡིན་ནོ། །དངོས་ཀྱི་སྒོ་ནས་དེ་ཁོ་ན་རྟོགས་པའམ། བརྗོད་པར་མི་ནུས་པའི་ཕྱིར་ཏེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་རྟོག་པ་རྣམ་པ་བཅུའི་གཉེན་པོ་ཉིད་བསྟན་ཏོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་བྱང་ཆུབ་སེམས་
དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་
མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ།
Vol. 134 · folio 229b
སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ། །གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །གཟུགས་ནི་སྟོང་པ་ཉིད་ལས་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་
ནི་མིང་ཙམ་སྟེ། ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ཏེ། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་གློ་བུར་གྱི་མིང་གིས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་
མངོན་པར་ཞེན་ཏོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ། །གཟུགས་ལ་ཇི་ལྟ་བར་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་
དངོས་པོ་མེད་པའི་མཚན་མའི་རྣམ་པར་གཡེང་བའི་རྣམ་པར་རྟོག་པའི་གཉེན་པོར་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སྟོང་པ་ཉིད་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ། །དངོས་པོའི་མཚན་མར་རྣམ་པར་
རྟོག་པའི་གཉེན་པོར་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་བརྟགས་པའི་བདག་ཉིད་དུ་མེད་པའི་ཕྱིར་རོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་བཀའ་སྩལ་པ། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་
སྟོང་ངོ་ཞེས་བྱ་བ་ལ་སོགས་པའི་བར་དུ་སྟེ། བརྟགས་པས་སོ་ཞེས་བྱ་བར་དགོངས་པའོ། །སྐུར་པ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོར་བཀའ་སྩལ་པ། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། ཆོས་ཉིད་ཡོད་པའི་ཕྱིར་རོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པ་དགག་
པའི་དོན་དུ་བཀའ་སྩལ་པ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། དག་པ་དང་མ་དག་པ་ལ་དམིགས་པའི་ཕྱིར་རོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་དགག་པའི་དོན་དུ་བཀའ་སྩལ་པ། གཟུགས་ནི་སྟོང་པ་ཉིད་ལས་གཞན་པ་ཡང་
Vol. 134 · folio 230a
མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་བརྟགས་པའི་གཟུགས་ཀྱི་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ངོ་བོ་ཉིད་རྣམ་པར་རྟོག་པ་དགག་པའི་དོན་དུ་བཀའ་སྩལ་པ། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་
བྱ་བ་ལ་སོགས་པའོ། །ཁྱད་པར་དུ་རྣམ་པར་རྟོག་པ་དགག་པའི་དོན་དུ་བཀའ་སྩལ་པ། ངོ་བོ་ཉིད་ནི་མི་སྐྱེ་མི་འགག་ཅེས་བྱ་བ་ལ་སོགས་པའོ། །མིང་ཇི་ལྟ་བ་བཞིན་དུ་ཡང་དག་པའི་དོན་དུ་རྣམ་པར་རྟོག་པ་དགག་པའི་དོན་དུ་བཀའ་སྩལ་པ། མིང་བཅོས་མ་ལ་ཆོས་དེ་དག་སོ་
སོར་བརྟགས་ནས་མིང་གློ་བུར་གྱིས་རྗེས་སུ་ཐ་སྙད་འདོགས་ཞེས་བྱའོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པ་དགག་པའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔས་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་
བས་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་སྟེ། དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་དགོངས་པའོ་ཞེས་བྱ་བའོ། །རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་ཞེས་བྱ་བ་ནས་བཟུང་སྟེ། དེས་ཀུན་བརྟགས་མ་ཡིན་ཞེས་བྱ་བའི་བར་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏེ། བརྡ་ཕྲད་པར་ཟད་དོ། །ཇི་
ལྟར་གཞན་གྱི་དབང་ཀུན་བརྟགས་པའི་ཆར་སྣང་ཡང་དེའི་བདག་ཉིད་མ་ཡིན་པ་དེ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མིང་གི་སྔ་རོལ་ན་བློ་མེད་པས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གཞན་གྱི་དབང་ཉིད་ཀུན་བརྟགས་པ་ཡིན་དུ་ཟིན་ན་མིང་སྨོས་པ་མེད་པར་ཡང་ཀུན་བརྟགས་པ་ལ་བློ་འབྱུང་བའི་
རིགས་སོ། །གང་ཇི་ལྟར་དམིགས་པ་དེ་ཡོད་པས་གཞན་གྱི་དབང་ལ་མིང་ལ་མི་ལྟོས་པར་བློ་འབྱུང་བ་ཞིག་ན་དེ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གཞན་གྱི་དབང་ནི་ཀུན་བརྟགས་པའི་བདག་ཉིད་དུ་འགལ་ལོ། །མིང་མང་པོས་ཞེས་བྱ་བ་ནི་མིང་གི་དབང་གིས་གཞན་གྱི་དབང་གི་ངོ་བོ་ཉིད་དོན་ཉིད་དུ་
རྟོག་སྟེ། དོན་གཅིག་ལ་མིང་མང་པོ་ཡོད་པ་ནི་སྒྲ་ངེས་པར་སྦྱོར་བ་ལས་རྣམ་གྲངས་འབྱུང་བ། འགྲོ་བ་དང་བཟོད་པ་དང་ས་དང་སྲ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཅིག་ལ་དུ་མའི་ངོ་བོ་ཉིད་མེད་པས་འགལ་བའི་ཕྱིར་གཞན་གྱི་དབང་དང་ཀུན་བརྟགས་པ་གཉིས་གཅིག་ཏུ་མི་རུང་
Vol. 134 · folio 230b
ངོ་། །མིང་ངེས་པ་མེད་པས་ཞེས་བྱ་བ་ནི་དཔེར་ན་འགྲོ་ལྡིང་བ་རྣམས་རྣ་བ་ལ་མིག་ཅེས་ཟེར་བ་དང་། འབྲས་ཆན་ལ་ཆོམ་རྐུན་ཞེས་ཟེར་བ་དང་། མཆུ་ལ་ཐ་དད་པ་ཞེས་ཟེར་བ་ལྟ་བུའོ། །གལ་ཏེ་མིང་དང་དོན་གཉིས་གཅིག་པར་གྱུར་དུ་ཟིན་ན། དེའི་ཕྱིར་རྣ་བ་ལ་སོགས་པའི་དོན་འཆོལ་
བར་འགྱུར་ཏེ། དེ་ཡང་མེད་པས་ཇི་ལྟར་བརྗོད་པ་བཞིན་དུ་དོན་མེད་དོ། །དོན་མེད་པ་དེ་ཉིད་ཚིག་ཏུ་སྦྱར་བས་སྡུད་དེ། བདེ་བླག་ཏུ་བླང་བ་དང་ཟིན་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཆོས་རྣམས་མེད་པའང་ཡིན་ལ་དམིགས་པར་ཡང་འགྱུར་བ་དང་། ཇི་ལྟར་ཀུན་ནས་ཉོན་མོངས་པར་ཡང་
མི་འགྱུར་ལ། རྣམ་པར་བྱང་བར་ཡང་འགྱུར་ཞེས་གཏན་ལ་དབབ་པའི་ཕྱིར་ཚིགས་སུ་བཅད་པ་སྨོས་ཏེ། ཆོས་རྣམས་མེད་ལ་དམིགས་པ་དང་། །ཞེས་བྱ་བ་ལ་སོགས་པའོ། །སྒྱུ་མ་ལ་སོགས་པའི་གླང་པོ་ཆེ་ལ་སོགས་པ་བཞིན་དུ་མེད་ཀྱང་དོན་དུ་སྣང་བ་དང་། ཇི་ལྟར་ནམ་མཁའ་
རྣམ་པར་དག་པས་སྤྲིན་ལ་སོགས་པས་ཉོན་མོངས་པར་མ་གྱུར་ཀྱང་དེ་དང་བྲལ་ན་རྣམ་པར་དག་པ་ཞེས་བྱ་བ་བཞིན་ནོ། །ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་ཅིའི་ཕྱིར་མི་འགྱུར་ཞེས་བྱ་བ་ལ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྣང་བའི་གནས་དང་། རྩ་ནས་བཏོན་པས་དམིགས་པ་མེད་པའི་ཕྱིར་
རོ། །ཐམས་ཅད་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །ཡོངས་སུ་གྲུབ་པ་མེད་ཅེས་བྱ་བ་དེ་གཉི་ག་མེད་ན་ཡོངས་སུ་གྲུབ་པ་ཤིན་ཏུ་འགྲུབ་པ་མ་ཡིན་ནམ་ཞེ་ན། རང་བཞིན་གྱིས་རྣམ་པར་བྱང་བ་ནི་འགྲུབ་ཀྱི། དྲི་མ་མེད་པའི་རྣམ་པར་བྱང་བ་ནི་མེད་དོ་ཞེས་ལན་འདེབས་སོ། །ཚིགས་སུ་
བཅད་པ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །ཐེག་པ་ཆེན་པོ་བསྟན་པ་ལ་སྦྱོར་བས་གཞན་གྱི་དབང་ལ་སོགས་པ་མཚོན་པའི་ཕྱིར་དྲི་བ་སྔོན་དུ་བཏང་སྟེ། མེད་པ་ལ་སོགས་པའི་རྣམ་གྲངས་སྟོན་ཏོ། །སྒྱུ་མ་ལ་སོགས་པ་དཔེ་རྣམས་ཀྱི་དོན་ཐ་དད་པ་ནི་འོག་ནས་འཆད་དོ། །རང་བཞིན་
གྱིས་རྣམ་པར་བྱང་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ངོ་བོ་ཉིད་ཡང་དག་པ་གང་ཡིན་པའོ། །དེ་བཞིན་ཉིད་ནི་གཞན་དུ་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ཏེ། དེ་ཉིད་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཞེས་གསུངས་རབ་ལས་
Vol. 134 · folio 231a
འབྱུང་ངོ་། །སྟོང་པ་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པ་མེད་པའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་བདེན་པའི་མུར་ཐུག་པའོ། །མཚན་མ་མེད་པ་ནི་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དོན་དམ་པ་ནི་ཡེ་ཤེས་མཆོག་
གིས་ཐོབ་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ནི་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དབྱིངས་ཀྱི་སྒྲ་ནི་འདིར་རྒྱུའི་ཚིག་སྟེ། གསེར་ལ་སོགས་པའི་འབྱུང་ཁུངས་བཞིན་ནོ། །དྲི་མ་མེད་པས་རྣམ་པར་བྱང་བ་ཞེས་བྱ་བ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །དེ་འཐོབ་
པའི་ལམ་རྣམ་པར་བྱང་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཏེ། ལམ་ཉིད་རྣམ་པར་བྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་དྲི་མ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེའི་རྗེས་སུ་མཐུན་པའི་ཕྱིར་དྲན་པ་
ཉེ་བར་གཞག་པ་ལ་སོགས་པའི་མིང་དུ་སུམ་ཅུ་རྩ་བདུན་ལ། རྫས་སུ་བཅུ་དང་། ཤེས་རབ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་འོག་ནས་འབྱུང་བ་རྣམས་སོ། །དེ་སྐྱེད་པའི་ཕྱིར་དམིགས་པ་རྣམ་པར་བྱང་བ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ལམ་དང་སྦྱར་ཏེ། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ། །
ལྷག་མ་རྣམས་ནི་ཚིགས་སུ་བཅད་པ་གཉིས་དང་བཅས་ཏེ། ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །ནོར་བ་ཉིད་དུ་སོམ་ཉི་ཟ་བ་ལས་བཟློག་པའི་ཕྱིར་རོ་ཞེས་བྱ་བ་ནི་ནོར་བ་ཉིད་དུ་སོམ་ཉི་ཟ་བ་སྟེ། ཇི་ལྟར་དོན་མེད་པ་ཀུན་བརྟགས་པ་སྤྱོད་ཡུལ་དུ་འགྱུར་སྙམ་དུ་སེམས་པ་དེ་དག་གི་སོམ་ཉི་དེ་བཟློག་པའི་
དོན་དུ་སྒྱུ་མ་ལྟ་བུ་ཉིད་དེ། ཇི་ལྟར་སྒྱུ་མ་ལ་གླང་པོ་ཆེ་མེད་ཀྱང་དམིགས་པ་དེ་བཞིན་དུ་གཟུགས་ལ་སོགས་པ་མེད་ཀྱང་གཞན་གྱི་དབང་ལ་སྐྱེ་མཆེད་དྲུག་ཉིད་དུ་རྣམ་པར་རྟོག་པ་ནི་ཡུལ་དུ་འགྱུར་རོ། །སྨིག་རྒྱུ་ལྟ་བུ་ཉིད་ནི་ཇི་ལྟར་ཉི་མའི་སྨིག་རྒྱུ་གཡོ་བ་ན་ཆུ་མེད་ཀྱང་དེའི་བློ་འབྱུང་བ་ལྟར་ཕྱི་རོལ་གྱི་
སྣོད་ཀྱི་འཇིག་རྟེན་ཡང་དེ་བཞིན་ནོ། །རྨི་ལམ་ནི་གཉིད་ཀྱིས་སེམས་དང་སེམས་ལས་བྱུང་བའི་ཚོགས་བསྡུས་པར་འགྱུར་བའོ། །དེ་དང་འདྲ་བ་ནི་ཇི་ལྟར་དེ་ནི་གོས་ལ་སོགས་པའི་དོན་མེད་པར་ཡང་སྡུག་པ་དང་མི་སྡུག་པའི་ཡུལ་ལ་ཉེ་བར་སྤྱོད་པ་ལྟར་གཉིད་ཀྱིས་མ་ལོག་པའི་སྤྱོད་པ་ཡང་དེ་
Vol. 134 · folio 231b
བཞིན་ནོ། །གཟུགས་བརྙན་ལྟ་བུ་ཉིད་ནི་ཇི་ལྟར་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་ཀྱི་ངོ་བོ་ཉིད་སྣང་གི། གཟུགས་བརྙན་མེད་ཀྱང་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་པ་དེ་བཞིན་དུ་མཉམ་པར་མ་བཞག་པའི་དགེ་བ་དང་མི་དགེ་བའི་སེམས་པ་ལས་ཀྱི་ངོ་བོ་ལ་བརྟེན་ནས་མེད་
བཞིན་དུ་ཡང་འབྲས་བུ་འགྲུབ་པའོ། །མིག་ཡོར་ནི་བག་འདྲ་བའི་རྩེད་མོ་སྟེ། དེ་དང་འདྲ་བ་ཉིད་ནི་མཉམ་པར་མ་བཞག་པའི་རྣམ་པར་ཤེས་པ་སྣ་ཚོགས་རྣམས་དེ་མ་ཡིན་པའི་བདག་ཉིད་དོན་མེད་པ་རྣམས་ལ་འབྱུང་བའི་ཕྱིར་རོ། །བྲག་ཅ་ལྟ་བུ་ཉིད་ནི་ཇི་ལྟར་བྲག་ཅ་མེད་བཞིན་དུ་རྣ་བའི་
ཡུལ་མང་པོར་གནས་པ་དེ་བཞིན་དུ་ངག་གི་ལས་མེད་བཞིན་དུ་ཡང་ཐ་སྙད་རྣམ་པ་སྣ་ཚོགས་སུ་གནས་སོ། །ཆུ་ཟླ་ནི་ཆུའི་ནང་གི་ཟླ་བ་སྟེ། ཇི་ལྟར་ཆུ་གཤེར་བ་དང་། དང་བའི་ཕྱིར་ཟླ་བ་མེད་བཞིན་དུ་ཡང་དེའི་ནང་ན་ཡོད་པར་འཛིན་པ་དེ་བཞིན་དུ་ཡང་དག་པའི་དོན་ལ་དམིགས་པ་ཉིད་དུ་ཡིད་
ཆེས་པའི་རླན་གྱིས་བདག་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་ཡིད་ཀྱང་དམིགས་པའི་དོན་མེད་བཞིན་དུ་འཇུག་གོ། །འདི་གཟུགས་བརྙན་དང་བྱེ་བྲག་ཅི་ཡོད་ཅེ་ན། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་ཉིད་དུ་བརྗོད་པར་འདོད་པའོ། །གལ་ཏེ་འདི་སྙམ་དུ་བཞིན་ལ་སོགས་
པ་རྐྱེན་ཚོགས་པའི་ཆེ་བ་ཉིད་ཀྱིས་ཆུ་དང་མེ་ལོང་ལ་སོགས་པ་དེ་ལྟར་བྱུང་བ་ལ་འཛིན་ཏེ། དཔེར་ན་ཉེ་བར་གཞག་པ་ལ་སོགས་པའི་དབང་གིས་ཤེལ་ལ་སོགས་པ་ལྟ་བུའོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། ཐ་དད་དུ་འཛིན་པའི་ཕྱིར་རོ། །ཁྲོན་པའི་ནང་ལྟར་བཞིན་དང་ཟླ་བ་ལ་སོགས་པའི་
གཟུགས་བརྙན་མེ་ལོང་དང་ཆུ་དང་ཐ་དད་པར་དམིགས་པ་ལྟར་ཤེལ་ལ་སོགས་པ་ནི་དེ་ལྟར་མ་ཡིན་ཏེ་མི་འདྲའོ། །ཁོ་བོ་ཅག་གི་གཞུང་ལ་ནི་ཆུ་ལ་སོགས་པའི་དོན་ཡོད་པ་མ་ཡིན་པས་ཆོས་ཅན་མི་འགྲུབ་པོ། །སྤྲུལ་པ་བྱས་པ་གང་ཡིན་པ་དེ་ནི་སྤྲུལ་པ་སྟེ། དེ་དང་འདྲ་བ་ནི་ཇི་ལྟར་སྤྲུལ་པ་
མེད་བཞིན་དུ་ཡང་སྤྲུལ་པ་བྱེད་པ་ལ་ནོར་བ་མེད་པ་དེའི་ཕྱིར་འབད་པ་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བརྟགས་པའི་དོན་མེད་བཞིན་དུ་གཞན་གྱི་དབང་གིས་སེམས་ཅན་རྗེས་སུ་བཟུང་བར་འདོད་པས་སྐྱེ་བའི་གནས་དེ་དང་དེ་དག་ཏུ་ལུས་ཡོངས་སུ་འཛིན་ཏོ། །འདི་ནི་དེ་ཙམ་དུ་
Vol. 134 · folio 232a
ཟད་དེ། འདི་ལྟ་སྟེ། ནད་དང་ཕྱིའི་འོ། །དེའི་དབྱེ་བ་ནི་ཉེ་བར་སྤྱོད་པ་ལུས་ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་རྣམ་པ་གསུམ་དང་། མཉམ་པར་མ་བཞག་པའི་ས་དང་། མཉམ་པར་བཞག་པའི་ས་དང་། ནོར་བ་མེད་པའོ། །དོན་བརྒྱད་པོ་འདི་
དག་གི་དཔེ་བརྒྱད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་མཁས་པ་ཁ་ཅིག་ནི་དཔེས་བཤད་པའི་དོན་ཤེས་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། འདི་ལས་དགོངས་ནས་བཀའ་སྩལ་ཏོ་ཞེས་བྱ་བའི་
མདོ་གཉིས་ཀའི་ཚིག་ཀྱང་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་བྱེ་བྲག་མེད་པ་ལ་དགོངས་ནས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མ་ལུས་པར་རྣམ་པར་བཤིག་པས་འཁོར་བ་མི་དམིགས་སོ། །དེ་མི་དམིགས་ན་གང་གི་འགོག་པ་ལ་མྱ་ངན་ལས་འདས་པར་
ལྟ། གཞན་ཉིད་དུ་ཡོངས་སུ་གྲུབ་པ་མེད་པ་ནི་འདིར་བྱེ་བྲག་མེད་པ་ཉིད་དེ། བྱིས་པས་མངོན་པར་ཞེན་པའི་ཁྱད་པར་ལས་བཟློག་པའི་ཕྱིར་རོ། །ངོ་བོ་ཉིད་གཉིས་ཀྱི་དབང་དུ་གྱུར་པ་ཉིད་གང་ཡིན་པ་དེ་ཉིད་གཉིས་གཞན་གྱི་དབང་གི་དོན་གྱི་མཆོག་གོ། །དཔེར་ན་ས་ཁོང་ན་གསེར་ཡོད་པ་ལ་
ནི་སའི་ཁམས་དང་། ས་དང་གསེར་དང་གསུམ་དམིགས་སོ་ཞེས་བྱ་བ་ལ་སའི་ཁམས་ནི་སྲ་བ་ཉིད་དོ། །ས་ནི་ཁ་དོག་དང་དབྱིབས་ཏེ། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་གོ་རིམས་བཞིན་ནོ། །གསེར་ཞེས་བྱ་བ་ནི་གསེར་གྱི་ས་བོན་ནོ། །སར་སྣང་བ་ན་ལོག་པར་སྣང་ངོ་ཞེས་
བྱ་བ་ནི་དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །གསེར་དུ་སྣང་བ་ན་དེ་བཞིན་ཉིད་དུ་སྣང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །སའི་ཁམས་ནི་གཉི་གའི་ཆར་གཏོགས་པའོ་ཞེས་བྱ་བ་ནི་ས་དང་གསེར་གཉིས་ཀྱི་ཆ་དང་ལྡན་པ་སྟེ། གཞན་གྱི་དབང་གི་དཔེའོ། །ས་དང་
གསེར་ནི་ཀུན་བརྟགས་པ་དང་ཡོངས་སུ་གྲུབ་པའི་དཔེའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དཔེ་དང་བསྟུན་པར་བྱ་བ་ལ་དཔེ་གཏོད་པ་སྟེ། རྣམ་པར་རིག་པ་ཙམ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ། བརྟགས་པ་དང་ཡོངས་སུ་གྲུབ་པ་གཉིས་ཀྱི་ཆ་དང་ལྡན་པའོ། །དེ་ལ་རྣམ་པར་མི་རྟོག་པའི་
Vol. 134 · folio 232b
ཡེ་ཤེས་ཀྱི་མེས་རེག་པ་ན་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཆ་སྣང་བ་དང་མི་སྣང་བ་གོ་རིམས་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ལ་ལར་ནི་ཆོས་ཐམས་ཅད་རྟག་གོ་ཞེས་བསྟན་པ་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་དབང་གི་ཆོས་ཉིད་དེ་བཞིན་ཉིད་གང་ཡིན་པ་དེས་དེ་རྟག་གོ། །
ཀུན་བརྟགས་པའི་ཆས་མི་རྟག་པ་སྟེ། དེ་ལ་རྟག་པ་མེད་པའི་ཕྱིར་རོ། །རྟག་པ་མེད་པ་ནི་མི་རྟག་པའོ་ཞེས་ངེས་པའི་ཚིག་གོ། །གཉི་གའི་ཆས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་དོ། །ཡོངས་སུ་གྲུབ་པའི་ཆས་བདེ་བ་དག་གོ། །ཀུན་བརྟགས་པའི་ཆས་སྡུག་
བསྔལ་དག་གོ། །གཞན་གྱི་དབང་གི་ཆས་གཉིས་སུ་མེད་དོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བ་དག་དང་། སྟོང་བ་དང་མི་སྟོང་བ་དག་དང་། བདག་དང་བདག་མེད་པ་དག་དང་། ཞི་བ་དང་མ་ཞི་བ་དག་དང་། ངོ་བོ་ཉིད་ཡོད་པ་དག་དང་། ངོ་བོ་ཉིད་མེད་པ་དག་དང་། སྐྱེས་པ་དང་མ་སྐྱེས་པ་དག་དང་།
འགགས་པ་དང་མ་འགགས་པ་དག་དང་། མྱ་ངན་ལས་འདས་པ་དང་མྱ་ངན་ལས་མ་འདས་པ་དག་ཀྱང་གཉིས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཡང་ཅི་རིགས་སུ་ངོ་བོ་ཉིད་གསུམ་ལ་བརྟེན་ཏེ་སྦྱར་བར་བྱའོ། །བདེ་བླག་ཏུ་བླང་བར་བྱ་བ་དང་ཟིན་པར་བྱ་བའི་ཕྱིར། །ཇི་ལྟར་ཆོས་རྣམས་
ཡོད་མིན་ཞིང་། །ཇི་ལྟར་རྣམ་པ་དུ་མར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱང་པ་དང་ཚིགས་སུ་བཅད་པ་སྦྱར་བ་དག་གིས་གསལ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་སྣང་བ་བཞིན་དུ་མེད་པས་ཆོས་རྣམས་ཡོད་པ་མ་ཡིན་ནོ། །སྣང་བས་ན་ཆོས་རྣམས་མེད་པ་ཡང་མ་ཡིན་ནོ། །གང་གི་
ཕྱིར་ཆོས་ཀྱང་མ་ཡིན། ཆོས་མེད་པ་ཡང་མ་ཡིན་པ་དེའི་ཕྱིར་གཉིས་སུ་མེད་པའི་དོན་དུ་བསྟན་ཏོ། །དེ་ལྟར་ན་ཆ་རེས་དེ་དག་མེད་པ་དང་ཡོད་པ་ཞེས་ཀྱང་བཤད་པར་བྱ་སྟེ། ཇི་ལྟར་སྣང་བ་བཞིན་དུ་མེད་པ་དང་སྣང་བའི་ཕྱིར་རོ། །གཉི་གའི་ཆས་ནི་ཡོད་མིན་ཞིང་། །མེད་པའང་མིན་ཞེས་
བརྗོད་པ་མཛད། །ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཕྱིར་ཏེ། སྔ་མ་བཞིན་ནོ། །ཇི་ལྟར་སྣང་བ་དེ་བཞིན་མེད། །ཅེས་བྱ་བ་ནི་བདག་དང་ཆོས་སམ་གཟུང་བ་དང་འཛིན་པའི་དངོས་པོར་མེད་པ་ཉིད་དེ། ཚད་མ་མེད་པའི་ཕྱིར་རོ། །གང་ཕྱིར་དེ་ལྟར་སྣང་གྱུར་པ། །ཞེས་བྱ་བ་ནི་བདག་དང་བདག་གི་ལ་སོགས་པ་མེད་
Vol. 134 · folio 233a
བཞིན་དུ་ཡང་འཇིག་ཚོགས་ལ་ལྟ་བ་བཞིན་དུ་ཐོག་མ་མེད་པའི་དུས་ཀྱི་མངོན་པར་བརྗོད་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་སོ། །དེའི་ཕྱིར་ཡོད་ཅེས་བརྗོད་པ་མཛད། །ཅེས་བྱ་བ་ནི་སྣང་བའི་སྒོ་ནས་སྒྲ་འཇུག་པའི་ཕྱིར་རོ། །རྣམ་པ་ཇི་ལྟ་བ་བཞིན་དུ་མ་
ཡིན་པས་གཉིས་སུ་མེད་པ་ཉིད་དོ། །དེ་ལྟ་ན་གཅེར་བུ་པའི་སྨྲ་བ་ལྟར་མི་འགྱུར་རམ་ཞེ་ན། འབྲེལ་པ་ཅི་ཞིག་ཡོད་དེ། དེ་དག་ནི་ལོག་པར་ལྟ་བ་ཚོགས་པར་ཡོད་པ་ལ་ཡང་དག་པར་ལྟ་བའོ་ཞེས་ལྟ་བ་ཐམས་ཅད་དང་མི་མཐུན་པ་ལ་བརྟེན་ནས་གཅིག་པུ་འགལ་བ་དུ་མའི་བདག་ཉིད་ཅན་
དུ་འདོད་དོ། །འདིར་ནི་གཉི་ག་མ་ཡིན་པའི་བདག་ཉིད་དེ། དེ་ལྟར་སྣང་བས་བདག་ཉིད་གཅིག་ཏུ་བརྗོད་པར་མི་ནུས་པས་གཞན་གྱི་དབང་ནི་གཉིས་སུ་མེད་པའོ་ཞེས་བྱའོ། །དེ་དག་ནི་གཉིས་སུ་བརྗོད་པས་མི་མཐུན་ནོ། །རང་དང་བདག་ཉིད་མེད་པའི་ཕྱིར། །ཞེས་བྱ་བ་ལ་རང་མེད་པ་ནི་
རྐྱེན་གྱི་ཁ་ན་ལས་པའི་ཕྱིར་རོ། །བདག་ཉིད་ཀྱིས་མེད་པ་ནི་སྔར་འགགས་པའི་སྐད་ཅིག་རྙིང་པ་མེད་པ་དང་གསར་པ་ནི་ཡོད་པའི་ཕྱིར་རོ། །རང་གི་དངོས་ལ་མི་གནས་ཕྱིར། །ཞེས་བྱ་བ་ནི་སྐད་ཅིག་གི་འོག་ཏུ་འཇིག་པའི་ཕྱིར་རོ། །འདི་ནི་ཉན་ཐོས་དང་ཐུན་མོང་བའི་བདག་ཉིད་མེད་པའོ། །
གཟུང་བ་བཞིན་དུ་དེ་མེད་ཕྱིར། །ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་བདག་མེད་པ་བསྟན་པ་སྟེ། རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་བཟུང་བ་ལྟ་བུ་དང་། གཟུགས་ལ་སོགས་པར་ཕྱིན་ཅི་ལོག་ཏུ་བཟུང་བ་ལྟ་བུ་མེད་པའི་ཕྱིར་རོ། །བྱིས་པ་རྣམས་ཀྱིས་ཇི་ལྟར་བཟུང་བ་དེ་བཞིན་དུ་མེད་པས་
ཐེག་པ་ཆེན་པོ་ལ་ངོ་བོ་ཉིད་མེད་པར་འདོད་དོ། །ངོ་བོ་ཉིད་མེད་པས་འདིས་ཀྱང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པར་གྲུབ་པོ། །ཕྱི་མ་ཕྱི་མ་བརྟེན་བྱས་ཏེ། །ཞེས་བྱ་བ་ནི་གང་གི་ཕྱིར་ངོ་བོ་ཉིད་མེད་པ་དེའི་ཕྱིར་མ་སྐྱེས་པའོ། །གང་གི་ཕྱིར་མ་སྐྱེས་པ་དེའི་ཕྱིར་མ་འགགས་པའོ། །
གང་གི་ཕྱིར་མ་འགགས་པ་དེའི་ཕྱིར་གཟོད་མ་ནས་ཞི་བའོ། །གང་གི་ཕྱིར་གཟོད་མ་ནས་ཞི་བ་དེའི་ཕྱིར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཚིག་སྔ་མ་སྔ་མ་ལ་བརྟེན་ནས་ཚིག་ཕྱི་མ་ཕྱི་མ་བཤད་པར་རིག་པར་བྱའོ། །དགོངས་པ་ནི་ཡིད་ལ་གཞག་པ་ཙམ་ཡིན་གྱི་ཕ་རོལ་
Vol. 134 · folio 233b
ལྟོས་པར་ནི་ཁས་མི་ལེན་ནོ། །ལྡེམ་པོར་དགོངས་པ་ནི་དེ་ཉིད་ཕ་རོལ་གཟུད་པ་ལ་ལྟོས་པའོ། །མཉམ་པ་ཉིད་ལ་དགོངས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་མཉམ་པའི་ཕྱིར། ང་ཉིད་དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་འགའ་ཞིག་མཚུངས་པ་ཡིད་ལ་
བསམས་ནས་འདི་གང་ཡིན་པ་དེ་ངའོ་ཞེས་བྱ་བ་ལྟ་བུ་ཡིན་གྱི། རྣམ་པར་གཟིགས་པ་གང་ཡིན་པ་དེ་ཉིད་ཤཱཀྱ་ཐུབ་པ་ནི་མ་ཡིན་པའོ། །དུས་གཞན་ལ་དགོངས་པ་ཞེས་བྱ་བ་ནི་ལེ་ལོ་ཅན་གང་དག་ཆོས་འདི་ལ་མི་སྦྱོར་བ་དེ་དག་ལ་ལྟོས་ནས་དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་བཟུང་བས་
ངེས་པར་འགྱུར་བ་དང་། སྨོན་ལམ་བཏབ་པ་ཙམ་གྱིས་བདེ་བ་ཅན་དུ་སྐྱེ་བར་བསྟན་ཏོ། །དེ་དག་སྔོན་དུ་བཏང་བའི་དགེ་བའི་རྩ་བ་ལ་དགོངས་པ་སྟེ། དཔེར་ན་འཇིག་རྟེན་ན་པ་ནེ་གཅིག་གིས་སྟོང་བསྒྲུབས་སོ་ཞེས་བྱ་བ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ཞེས་བྱ་བ་ནི་ལུང་གི་མཚན་ཉིད་ཀྱི་
ཐེག་པ་ཆེན་པོའི་ཆོས་ལས་རྟོགས་པའི་མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ཆོས་ནི་དོན་གཞན་ཏེ། དེ་ལ་དགོངས་ནས་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདི་སྙེད་ཅིག་ལ་བསྙེན་བཀུར་བྱས་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། འཕགས་པ་སོ་སོ་
རང་གིས་རིག་པའི་ཆོས་ནི་རྟོགས་པར་དཀའ་བའི་ཕྱིར་རོ། །འདིས་ནི་ཐེག་པ་ཆེན་པོ་ལ་སྒྲ་ཇི་བཞིན་ཉིད་བསྩལ་པར་རིག་པར་བྱའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་འཆལ་བའི་ཚུལ་ཁྲིམས་ཅན་གང་ཡིན་པ་དེ་ལ་ཚུལ་ཁྲིམས་བསྔགས་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་
དགེ་བའི་ཕྱོགས་རྒྱ་ཆེན་པོ་ལ་གཞུག་པའི་ཕྱིར་ཚུལ་ཁྲིམས་མི་བསྔགས་པའོ། །བསྒོམ་པ་ཁ་ཅིག་ཅེས་བྱ་བ་ནི་འཇིག་རྟེན་པའི་འོ། །གཞུག་པ་ལ་ལྡེམ་པོར་དགོངས་པ་ཞེས་བྱ་བ་ནི་གཞན་གཟུད་པའི་ཕྱིར་གང་དུ་གང་ཟག་དང་། ཆོས་ཉིད་ཀྱི་ངོ་བོ་ཉིད་དང་ཁྱད་པར་ཀུན་རྫོབ་ཏུ་བསྟན་པ་
སྟེ། དཔེར་ན་ཉན་ཐོས་ཀྱི་ཐེག་པ་ལ་གཞུག་པའི་ཕྱིར་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་བྱ་བ་ལ་སོགས་པ་དང་། ཐེག་པ་ཆེན་པོ་ལ་གཞུག་པའི་ཕྱིར་གཟུགས་སྟོང་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། ཆད་པར་འགྱུར་གྱིས་འཇིགས་པའི་སྐྱེ་བོའི་དབང་གིས་སོ། །མཚན་ཉིད་ལ་
Vol. 134 · folio 234a
ལྡེམ་པོར་དགོངས་པ་ཞེས་བྱ་བ་ནི་ཤེས་བྱའི་མཚན་ཉིད་ལ་གཞུག་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་མི་མཐུན་པའི་ཕྱོགས་འགལ་བ་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་དེ་ཉིད་
ཀྱིས་བཤད་ཟིན་ཏོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་ཡི་གེའི་དོན་གཞན་དུ་བསྒྱུར་བའི་ཕྱིར་ཏེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་བྱ་བ་ལ་སོགས་པའོ། །འཕྲོ་བར་བྱེད་པས་འཕྲོ་བ་སྟེ་རྣམ་པར་གཡེང་བའོ། །མི་འཕྲོ་བས་ན་འཕྲོ་བ་མེད་པ་ནི་རྣམ་པར་མི་གཡེང་
བ་སྟེ། ཏིང་ངེ་འཛིན་ཏོ། །དེ་ལ་སྙིང་པོར་འདུ་ཤེས་པ་ནི་ཤེས་རབ་བརྟན་པའོ། །ཕྱིན་ཅི་ལོག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་བཞི་སྟེ། དེ་དག་ལ་ཤིན་དུ་གནས་ཞེས་བྱ་བ་ནི་འདི་དག་ཕྱིན་ཅི་ལོག་གོ་ཞེས་བྱ་བར་ངེས་ཏེ་མི་འགྱུར་བའི་ཕྱིར་རོ། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །ཞེས་
བྱ་བ་ནི་ཤ་ཐང་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་སྟེ། དུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ། །ཐུགས་རྗེའི་ཕྱིར་ནི་འབའ་ཞིག་གིས། །འཁོར་བར་ཡུན་རིང་ཁྱོད་འོ་བརྒྱལ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུའོ། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་
ཀྱི་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བཞི་པ། འཆད་པར་བྱེད་པ་རྣམས་ཀྱི་བཤད་པའི་རིགས་པ་བྱེ་བྲག་ཏུ་བསྟན་པའི་དབང་དུ་བྱས་ནས། མདོར་བསྡུ་ན་རྣམ་པ་གསུམ་གྱིས་བཤད་པར་བྱ་སྟེ་ཞེས་བྱ་ལ་སོགས་པ་སྨོས་ཏེ། རྟེན་ཅིང་འབྲེལ་
པར་འབྱུང་བ་བསྟན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ནི་ཤེས་བྱའི་གནས་བཤད་པའི་སྐབས་སུ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་གསུམ་གྱི་མཚན་ཉིད་རབ་ཏུ་རྣམ་པར་ཕྱེ་བའི་སྒོ་ནས་མཚན་ཉིད་
ཀྱིས་རྣམ་པར་ཕྱེ་ཟིན་ཏོ། །འདིར་ནི་སྦྱོར་བས་ཡང་ཀུན་གཞི་དང་། འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་དུ་རྒྱུ་དང་། ཕན་ཚུན་དུ་རྒྱུ་དང་ལྡན་པའི་དངོས་པོར་ཚིགས་སུ་བཅད་པས་སྟོན་ཏེ། །ཆོས་རྣམས་བརྗོད་པའི་བག་ཆགས་ལས། །ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མཚན་དང་
Vol. 134 · folio 234b
ལྟ་བ་དང་བཅས་པའི་རྣམ་པར་རིག་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་ཇི་སྐད་དུ་སྔར་བཤད་པ་ལྟ་བུ་སྟེ། རྒྱུ་མཚན་དང་བཅས་པའི་རྣམ་པར་རིག་པའི་ངོ་བོ་ཉིད་ནི་གཟུགས་ཀྱི་རྣམ་པར་རིག་པ་ལ་སོགས་པའོ། །ལྟ་བ་དང་བཅས་པའི་རྣམ་པར་རིག་པའི་ངོ་བོ་ཉིད་ནི་མིག་གི་རྣམ་པར་རིག་
པ་ལ་སོགས་པ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་དག་ཀྱང་གནས་ཀྱི་མཚན་ཉིད་དང་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དག་སྟེ། དེ་ནི་གཉི་གའི་གནས་ཡིན་པའི་ཕྱིར་རོ། །ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ནི་དེ་དག་གཉིས་དེར་
ཡོངས་སུ་བརྟག་པར་བྱ་བའི་ཕྱིར་རོ། །ཆོས་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་ནི་དེའི་ཆར་རྣམ་པར་གཞག་པའི་ཕྱིར་རོ། །དོན་དེ་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྟོན་ཏེ། །རྒྱུ་མཚན་ལྟ་དང་བཅས་པ་ལས། །དེ་དག་མཚན་ཉིད་གསུམ་ཤེས་བྱ། །ཞེས་བྱ་བའོ། །དེ་ཁོ་ན་མ་མཐོང་བ་
དང་། མཐོང་བས་དུས་གཅིག་ཏུ་ཞེས་བྱ་བ་ནི་གང་གི་ཚེ་དེ་ཁོ་ན་མ་མཐོང་བས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཡོངས་སུ་གྲུབ་པ་ནི་མེད་པར་མཐོང་ལ། ཀུན་བརྟགས་པ་ནི་ཡོད་པར་མཐོང་བ་དེ་ཉིད་ཀྱི་ཚེ། དེ་ཁོ་ན་མཐོང་བས་ཀུན་བརྟགས་པ་ནི་མེད་པར་དམིགས་ལ། ཡོངས་སུ་གྲུབ་པ་ནི་ཡོད་པར་
དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། །གཞན་དབང་ལ་ནི་བརྟགས་པ་མེད། །ཅེས་བྱ་བའོ། །འོ་ན་དེ་ལ་ཅི་ཡོད་ཅེ་ན། །ཡོངས་སུ་གྲུབ་པ་དེ་ནི་ཡོད། །ཅེས་བྱ་བ་སྨོས་སོ། །དེ་ལ་ཡང་དག་པ་མ་མཐོང་བ་ནི་བྱིས་པ་རྣམས་ཏེ། མེད་པ་ལ་ཡོད་པར་འཛིན་པ་དང་། ཡོད་པ་ལ་མེད་པར་འཛིན་
པས་ཕྱིན་ཅི་ལོག་ཏུ་དམིགས་སོ། །དེ་ཁོ་ན་མཐོང་བ་ནི་ཡང་དག་པ་མཐོང་བ་སྟེ། གང་མེད་པ་དེ་ཡང་མེད་པ་དང་། གང་ཡང་ཡོད་པ་དེ་ཡང་ཡོད་པར་ཁོང་དུ་ཆུད་དོ། །དོན་དེ་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྟོན་ཏེ། །དེ་ཕྱིར་དེ་ལ་གཉི་ག་ཡང་། །མི་དམིགས་དམིགས་པ་མཉམ་པ་ཡིན། །ཞེས་
བྱ་བའོ། །འདི་ནི་རེ་ཞིག་འཆད་པར་བྱེད་པའི་བསམ་པ་ལ་མི་ལྟོས་པར་བཤད་པར་བྱའོ། །བཤད་ཟིན་པའི་དོན་བཤད་པ་ནི་འཆད་པར་བྱེད་པའི་བསམ་པའི་ངོར་བྱ་བའོ། །ཡོན་ཏན་གྱི་དབང་དུ་བྱ་བའམ་དོན་གྱི་དབང་དུ་བྱ་བ་ཞེས་བྱ་བ་ནི་ཡོན་ཏན་གྱི་བསམ་པ་དང་། དོན་གྱི་བསམ་པས་སོ། །བཟླས་
Vol. 134 · folio 235a
ཤིང་བྱ་བ་ཡིན་པ་ནི་ཡོན་ཏན་རྣམས་ཏེ། གང་བདག་ལ་ལེགས་སུ་འདོད་པ་རྣམས་ཀྱིས་ལམ་བཞིན་དུ་གོམས་པར་བྱ་བའོ། །རྟོགས་པར་བྱ་བ་ཡིན་པས་དོན་དེ་ཤེས་པར་བྱ་བ་ཉིད་ཡིན་གྱི་གདོན་མི་ཟ་བར་གོམས་པར་བྱ་བ་ནི་མ་ཡིན་ཏེ་སྡུག་བསྔལ་ཉིད་བཞིན་ནོ། །
ཤིན་དུ་རྣམ་པར་དག་པའི་བློ་མངའ་བ། །ཞེས་བྱ་བའི་ཚིག་དང་པོ་འདི་ནི་ཚིག་ལྷག་མ་རྣམས་ཀྱིས་རྣམ་པར་དགྲོལ་བ་སྟེ། །གལ་ཏེ་ཡོན་ཏན་མང་པོས་ཡོན་ཏན་གཅིག་བཤད་ན། །དེ་ལྟ་ན་ལེགས་པར་བཤད་པ་ཡིན་ནོ། །ཤེས་བྱ་ལ་ཤིན་དུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན་ཞེས་བྱ་བ་ནི་
ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་འགྲེལ་ཏེ། དངོས་པོའི་བྱེ་བྲག་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཕྱིར་ཡེ་ཤེས་ཤིན་དུ་སྒྲིབ་པ་མེད་པ་སྟེ། ཇི་ལྟར་ཉན་ཐོས་ལ་སོགས་པ་ཁ་ཅིག་ཏུ་ནི་སྒྲིབ་པ་དང་བཅས་པ་ལ། ཁ་ཅིག་ཏུ་ནི་སྒྲིབ་པ་མེད་པས་ཀུན་དུ་སྤྱོད་པ་
གཉིས་དང་ལྡན་པ་དེ་ལྟ་བུ་ནི་མ་ཡིན་གྱི། འདིའི་འམ་འདི་ལ་ཀུན་དུ་སྤྱོད་པ་གཉིས་མི་མངའ་བས་ཀུན་དུ་སྤྱོད་པ་གཉིས་མི་མངའ་བའོ། །དེས་ན་ཤིན་དུ་རྣམ་པར་དག་པའི་བློ་མངའ་བའོ་ཞེས་བྱ་བར་སྦྱར་ཏེ། ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེ་བཞིན་དུ་ཚིག་འོག་མ་རྣམས་
ལ་ཡང་སྦྱར་བར་བྱའོ། །མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་གང་གསུང་པ་དེའི་འགྲེལ་པ་ནི་ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཀྱིས་ཡོད་པའི་ཕྱིར་ཡོད་པའི་མཚན་ཉིད་དོ། །ཀུན་བརྟགས་པ་མེད་པའི་ཕྱིར་མེད་
པའི་མཚན་ཉིད་དོ། །རིགས་པ་འདི་ཉིད་ཀྱིས་མེད་པའི་ཕྱིར་ཡོད་པ་མ་ཡིན་པའི་མཚན་ཉིད་དང་། ཡོད་པའི་ཕྱིར་མེད་པ་མ་ཡིན་པའི་མཚན་ཉིད་པས་གཉིས་སུ་མེད་པའི་མཚན་ཉིད་དོ། །མཆོག་ཏུ་རྣམ་པར་དག་པ་ཤེས་པར་མཛད་པའི་ཡོན་ཏན་ཞེས་བྱ་བ་ནི་དེ་བཞིན་ཉིད་མཆོག་ཏུ་རྣམ་པར་དག་
པ་སྟེ། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཆོག་ཏུ་དྲི་མ་མེད་པའོ། །དེ་རང་གིས་ཀྱང་ཐུགས་སུ་ཆུད་ལ། གཞན་དག་ལ་ཡང་ཁོང་དུ་ཆུད་པར་མཛད་པས་མཆོག་ཏུ་རྣམ་པར་དག་པ་ཤེས་པར་མཛད་པ་ཞེས་བྱ་སྟེ། དེ་ཉིད་ཡོན་ཏན་ནོ། །དེས་ན་སྔ་མ་བཞིན་དུ་དེ་དང་སྦྱར་བར་བྱ་སྟེ།
Vol. 134 · folio 235b
བདག་ཀྱང་རྣམ་པར་དག་ལ་གཞན་ཡང་རྣམ་པར་སྦྱོར་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་ཏེ། བསྒྲིམ་མི་དགོས་པར་སངས་རྒྱས་ཀྱི་
མཛད་པ་སེམས་ཅན་གྱི་དོན་ལ་སོགས་པ་ལ་འཕགས་པ་དང་ལྷ་དང་། ཚངས་པའི་གནས་པ་རྣམས་ཀྱིས་རྒྱུན་མི་འཆད་པར་ཇི་ལྟར་མཐུན་མཐུན་དུ་གནས་པའི་ཕྱིར་ཏེ། ཉན་ཐོས་ལྟར་རབ་ཏུ་བསྒྲིམས་ཏེ་བསྒྲུབས་ནས་གནས་པ་ནི་མ་ཡིན་པས་ཁྱད་པར་དུ་འཕགས་སོ། །སངས་རྒྱས་
ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི། ཆོས་ཀྱི་སྐུ་ལ་གནས་དང་དགོངས་པ་དང་ཕྲིན་ལས་ཐ་དད་པ་མེད་པའི་ཡོན་ཏན་ཞེས་བྱ་བ་སྟེ། གནས་ཐ་དད་པ་མེད་པ་ནི་ཐམས་ཅད་ཀྱང་ཡེ་ཤེས་རྣམ་པར་དག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དགོངས་
པ་ཐ་དད་པ་མེད་པ་ནི་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མཛད་པར་དགོངས་པའི་ཕྱིར་རོ། །ཕྲིན་ལས་ཐ་དད་པ་མེད་པ་ནི་ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་གཉིས་ཀྱིས་གཞན་གྱི་དོན་བསྒྲུབས་པའི་ཕྱིར་ཏེ། ཉན་ཐོས་ལ་སོགས་པ་ལྟར་
བསམ་པ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །སྒྲིབ་པ་མི་མངའ་བས་རྟག་པར་ཐུགས་སུ་ཆུད་པ་ཞེས་བྱ་བ་འདིའི་བཤད་པ་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་ཞེས་བྱ་བ་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འཕགས་པའི་ལམ་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་། ཏིང་ངེ་འཛིན་ལ་དབང་བའི་བདག་ཉིད་ཅན་གོམས་པར་མཛད་པས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་རྣམས་ཀྱིས་མ་བསྒྲིབས་པའི་རྟོགས་པ་བརྟན་པ་ཞེས་བྱ་བ་ཐུགས་སུ་ཆུད་པ་སྟེ། བརྙེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་མི་བཟློག་པའི་ཆོས་དང་ལྡན་པ་ཞེས་
བྱ་བ་འདིའི་འགྲེལ་པ་ནི། མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་ཞེས་བྱ་བ་སྟེ། བསྟན་པ་དང་ཐུགས་སུ་ཆུད་པའི་ཆོས་གཉིས་གཞན་དག་གིས་ཕྱིར་བཟློག་མི་ནུས་པའི་ཕྱིར་ཏེ། དེ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་མེད་ཅེས་བྱ་བའི་ཐ་ཚིག་གོ། །སྤྱོད་ཡུལ་གྱིས་མི་འཕྲོགས་
Vol. 134 · folio 236a
པ་ཞེས་བྱ་བ་འདིའི་བཤད་པ་ནི། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་ཞེས་བྱ་བ་སྟེ། གང་ལ་སུ་སྤྱོད་པ་དེ་དེའི་སྤྱོད་ཡུལ་ཡིན་པ་དང་འདྲ་བས་སྤྱོད་ཡུལ་ཏེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་མེད་པའི་ཕྱིར་དེ་ལ་
རྙེད་པ་དང་མ་རྙེད་པ་ལ་སོགས་པའི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་འཕྲོགས་པར་མི་ནུས་ཏེ། ཇི་སྐད་དུ་གང་ཞིག་ས་ལ་འཇིག་རྟེན་ཆོས་བརྒྱད་རླུང་གི་སྟོབས་ཀྱིས་མི་བསྐྱོད་པ། ཞེས་བྱ་ལ་སོགས་པ་བཤད་པ་ལྟ་བུའོ། །རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་འདིའི་
རྣམ་པར་བཤད་པ་ནི། ཆོས་རྣམ་པར་གཞག་པའི་ཡོན་ཏན་ཞེས་བྱ་སྟེ། མདོ་ལ་སོགས་པ་གསུངས་རབ་ཡན་ལག་བཅུ་གཉིས་པོ་དེ་དང་དེའི་རང་དང་སྤྱིའི་མཚན་ཉིད་བཤད་པ་རྣམ་པར་འཇོག་པའོ། །དེ་བསམ་གྱིས་མི་ཁྱབ་པ་ནི་བརྟག་ཏུ་མེད་པའི་ཕྱིར་ཏེ། བྱིས་པའི་བློའི་སྤྱོད་ཡུལ་མ་
ཡིན་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ཕྱིར་རོ། །དེའི་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པས་ན་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཉིད་ཡོན་ཏན་ནོ་ཞེས་སྔ་མ་བཞིན་ནོ། །དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་
ནི། ལུང་སྟོན་པའི་ཡོན་ཏན་ཞེས་བྱ་བ་སྟེ། དུས་གསུམ་པོ་དག་ལ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པར་གྱུར་པའམ། དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ཅེས་བྱ་བའི་ཚིག་རྣམ་པར་སྦྱར་བའོ། །ད་ལྟར་གྱི་བཞིན་དུ་འདས་པ་དང་མ་འོངས་པའི་དུས་ཀྱི་དོན་རྣམས་ཀྱང་འབྱུང་ངོ་། །འབྱུང་
བར་འགྱུར་རོ་ཞེས་ལུང་སྟོན་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་འདིའི་བཤད་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་ཞེས་བྱ་བ་སྟེ། ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སྐུ་
གཉིས་གདུལ་བ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྟོན་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་ཡེ་ཤེས་མངའ་བ་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ནི་ཐེ་ཙོམ་གཅོད་པའི་ཡོན་ཏན་ཞེས་བྱ་བ་སྟེ། བདག་ཉིད་ཀྱིས་གཏན་ལ་ཕེབས་པ་བཞིན་དུ་གཞན་ལ་ཡང་གཏན་ལ་འབེབས་པའི་ཕྱིར་རོ། །
Vol. 134 · folio 236b
བདག་ཉིད་ལ་ངེས་པ་མེད་པར་གཞན་གྱི་ཐེ་ཚོམ་ངེས་པར་བྱེད་མི་ནུས་ཏེ། ངེས་པ་མེད་པར་ཐེ་ཚོམ་གཅོད་པ་མེད་དོ། །སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བའི་རྣམ་པར་བཤད་པ་ནི་སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པར་མཛད་པའི་ཡོན་ཏན་ཞེས་བྱ་བ་སྟེ། རིགས་དང་
གནས་སྤྱོད་དང་ཡ་མཚན་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་འདྲ་བ་རྣམས་ཀྱི་སེམས་ཅན་སྐལ་བ་ཡོད་པ་རྣམས་འཛུད་པའི་ཕྱིར་ཏེ། སྐལ་བ་མཉམ་པའི་གན་དུ་འགྲོ་བའི་མདོ་ལས་འབྱུང་བ་བཞིན་ནོ། །གཟུགས་ནི་གང་དང་གང་གིས་སུ། །ལུས་ཅན་དག་ནི་འདུལ་འགྱུར་བ། །
ཐུགས་རྗེས་ནོན་ནས་དེ་དང་དེ། །ཐུགས་བརྩེ་བདག་ཉིད་སྟོན་པ་མཛད། །ཅེས་ཀྱང་བཤད་དོ། །ཆོས་མཁྱེན་པ་ལ་ནེམ་ནུར་མེད་པ་ཞེས་བྱ་བ་འདིའི་བཤད་པ་ནི། ཕྱི་མ་ལ་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་ཞེས་བྱ་བ་སྟེ། འཕགས་པ་ཉན་ཐོས་རྣམས་ཀྱིས་གང་ལ་འདི་ནི་དགེ་བའི་རྩ་བ་མེད་
པའོ་ཞེས་སྨྲས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དགེ་བའི་ཆོས་འབྱུང་བ་མཁྱེན་ཏེ། ཚེ་རབས་གཞན་དང་འབྲེལ་བའི་དགེ་བ་ཕྲ་མོ་མངོན་སུམ་དུ་མཛད་པའི་ཕྱིར་རོ། །རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བ་འདིའི་
བཤད་པ་ནི། མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཡོན་ཏན་ཞེས་བྱ་བ་སྟེ། མོས་པ་ཇི་ལྟ་བ་བཞིན་དུ་གསེར་ལ་སོགས་པའི་རང་བཞིན་དུ་སྣང་ཡང་སྐུ་ལ་རྣམ་པར་རྟོག་པ་མི་མངའ་བའི་ཕྱིར་ནོར་བུ་དང་སིལ་སྙན་ལ་སོགས་པ་བཞིན་ཏེ། དེ་བཞིན་གཤེགས་པའི་གསང་བའི་མདོ་
ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ་ཞེས་བྱ་བ་འདིའི་བཤད་པ་ནི། སྐུ་དཔག་ཏུ་མེད་པས་སེམས་ཅན་འདུལ་བར་སྤྱོད་པའི་ཡོན་ཏན་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཐོབ་པ་ཁྱད་པར་ཅན་
རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ལུས་དཔག་ཏུ་མེད་པས་སེམས་ཅན་འདུལ་བའི་དོན་དུ་སྦྱོར་བ་ཆོས་མཉན་པ་སྔོན་དུ་བཏང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་དབང་གིས་ཕན་གདགས་པ་དང་། ཡོངས་སུ་གཏད་པ་གཉིས་ཀྱིས་རྒྱུན་མི་འཆད་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་
Vol. 134 · folio 237a
འབྱུང་ངོ་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ་ནི་བདག་ཉིད་དུ་བྱས་པའོ། །སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདིའི་བཤད་པ་ནི། ཆོས་ཀྱི་སྐུ་མཉམ་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་
གྲུབ་པའི་ཡོན་ཏན་ཞེས་བྱ་བ་སྟེ། གཉིས་སུ་མེད་པའི་ཕྱིར་མཉམ་པ་ཉིད་དོ། །ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་གྲུབ་པ་ནི་འབྲས་བུའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཡང་ན་མཉམ་པ་ནི་ལྷག་ཆད་མེད་པ་སྟེ། ཆོས་ཀྱི་སྐུར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གྲུབ་པ་སྟེ།
ས་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟར་དེ་ལ་ནི་ལྷག་ཆད་ཅི་ཡང་མེད་དོ། །ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་འདིའི་བཤད་པ་ནི། མོས་
པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་སྟོན་པའི་ཡོན་ཏན་ཞེས་བྱ་བ་སྟེ། དབྱེར་མེད་པས་སངས་རྒྱས་ཀྱི་ཞིང་གཅིག་ཡིན་ཡང་སེམས་ཅན་རྣམས་ཀྱི་མོས་པ་ལ་ལྟོས་ནས་མཁྱེན་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསེར་ལ་སོགས་པའི་རང་བཞིན་དུ་མོས་པར་མཛད་ནས་མ་
འདྲེས་པར་ཀུན་དུ་སྟོན་ཏོ། །དེའི་ཕྱིར་སངས་རྒྱས་མ་འདྲེས་པའི་མོས་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། རྣམ་པར་ཐར་པ་ཞེས་བྱ་བ་ནི་འདིར་མོས་པར་བཞེད་དོ། །མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་བྱ་བ་
འདིའི་བཤད་པ་ནི། སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་ཞེས་བྱ་བ་སྟེ། ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་གྱིས་ནི་འཇིག་རྟེན་གྱི་ཁམས་བཞིན་དུ་སངས་རྒྱས་ཀྱི་ས་མཐའ་མེད་ཅིང་དབུས་མེད་པ་རྣམས་སུའམ། ཡང་ན་ས་ནི་འདིར་འཇིག་རྟེན་གྱི་
ཁམས་ཏེ། དེ་ཉིད་ཡུལ་ལོ། །མཐའ་དང་དབུས་མེད་པའི་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་ཀྱིས་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་མཉམ་པར་གཤེགས་ཏེ། ཆོས་ཀྱི་སྐུ་ལ་སེམས་པ་ནི་འཇིག་རྟེན་གྱི་ཁམས་འདི་ཙམ་དུ་ཟད་ཀྱི། གཞན་དུ་ནི་མ་ཡིན་ནོ་
Vol. 134 · folio 237b
ཞེས་བྱ་བར་ཡོངས་སུ་ཆད་པ་མེད་པའི་ཕྱིར་རོ། །ཡང་ན་ཆོས་ཀྱི་སྐུ་ལ་སོགས་པ་མཐའ་དང་དབུས་མེད་པ་མངའ་བའི་སངས་རྒྱས་དག་པ་རྣམས་སུ་མཉམ་པར་ཐུགས་སུ་ཆུད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་བ་སྟེ། ཐམས་ཅད་དུ་ཡང་སེམས་ཅན་གྱི་དོན་ཀུན་དུ་སྟོན་པའི་ཕྱིར་
དང་། ཆོས་ཀྱི་སྐུ་ཡང་རང་བཞིན་གྱིས་མཐའ་དང་དབུས་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་འདིའི་བཤད་པ་ནི། འཁོར་བའི་མཐའ་ཇི་ཙམ་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ཡོན་ཏན་ཞེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་དོན་
ནི་བཤད་ཟིན་ཏོ། །འདིའི་དེས་ཀླས་པ་ན་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །དེའི་རྒྱུ་མཐུན་པ་མདོ་ལ་སོགས་པའི་ཆོས་རྣམས་ནི་ད་ལྟར་དང་། ཕྱི་མ་ལ་ཇི་ལྟར་མཐུན་མཐུན་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཉེ་བར་གནས་སོ། །ནམ་མཁའི་ཁམས་ཀྱི་མཐས་
གཏུགས་པ་ཞེས་བྱ་བ་འདིའི་བཤད་པ་ནི། མི་ཟད་པ་ཉིད་ཀྱི་ཡོན་ཏན་ཞེས་བྱ་བ་སྟེ། ནམ་མཁའ་ནི་སྒྲིབ་པ་མེད་པའི་ངོ་བོ་ཉིད་དེ། ཐོགས་པ་དང་བཅས་པའི་རྫས་རྣམས་ལ་མི་སྒྲིབ་པའི་ལས་ཅན་ནོ། །དེ་ཉིད་ཁམས་ཏེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཁུང་བུ་དང་སྣང་
བ་དང་མུན་པའི་ངོ་བོ་ཉིད་ནི་མ་ཡིན་ཏེ། མཐའ་ཡོད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་མཐའ་ཡས་མུ་མེད་ཅིང་ཟད་པ་མེད་ལ་འཇིག་པ་དང་སྐྱེ་བའི་འགྱུར་བ་མེད་ཅིང་རྟག་ཏུ་ལུས་ཅན་རྣམས་ལ་སྐབས་འབྱེད་པར་ཉེ་བར་གནས་པ་དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་སེམས་ཅན་
ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་མཚན་ཉིད་དེ། སེམས་ཅན་གྱི་ཁམས་ཇི་སྲིད་པར་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་རྒྱུན་མི་གཅོད་དོ། །བློ་ཕུལ་དུ་བྱུང་བའི་ཕྱིར་ཡོན་ཏན་དེས་ན་ཤིན་དུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱའོ། །བཅོམ་ལྡན་འདས་ནི་ཉན་ཐོས་དང་བྱང་ཆུབ་
སེམས་དཔའ་རྣམས་ལས་བློ་ཕུལ་དུ་བྱུང་བའི་ཕྱིར་ཁྱད་པར་དུ་འཕགས་སོ། །ཇི་ལྟ་ཞེ་ན། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་ལ་སོགས་པ་ནི་ཤེས་བྱ་ལ་གཉིས་ཀུན་དུ་འབྱུང་སྟེ། ཡེ་ཤེས་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །དེ་མེད་པའི་
Vol. 134 · folio 238a
ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་སོ། །སྤངས་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་མི་མཐུན་པའི་
མཚན་ཉིད་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །དེ་ཐབས་གང་གིས་བརྙེས་ཤེ་ན། །སངས་རྒྱས་ཀྱི་གནས་པ་གནས་པ་ཞེས་བྱ་བ་སྨོས་ཏེ། སྟོང་པ་ཉིད་དང་ཐུགས་རྗེ་ཆེན་པོ་ལ་གནས་པའི་ཕྱིར་བཅོམ་ལྡན་འདས་ནི་འཁོར་བ་ལ་ཡང་མི་གནས། མྱ་ངན་ལས་འདས་པ་ལ་ཡང་
མི་གནས་སོ། །སངས་རྒྱས་ཀྱི་གནས་པ་འདི་ཅི་ཞིག་གཞན་དག་དང་ཐུན་མོང་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་སྨོས་པ་སྟེ། སངས་རྒྱས་རྣམས་ནི་ཕན་ཚུན་འདྲེས་པ་ཉེ་བར་འདྲེས་པར་རྣམ་པ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །
ད་ལྟར་རང་གི་དོན་ཕུན་སུམ་ཚོགས་པ་གཞན་གྱི་དོན་མཛད་པ་ལ་གདུལ་བ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་དབང་དུ་བྱས་ནས་སྒྲིབ་པ་མི་མངའ་བར་རྟོགས་པར་ཐུགས་སུ་ཆུད་པ་ཞེས་བྱ་བ་སྨོས་སོ། །དེ་ལ་བར་ཆད་བྱེད་པ་བདུད་ལ་སོགས་པས་དེ་ལས་ཕྱིར་མི་ཟློགས་པའི་
དབང་དུ་བྱས་ནས་ཕྱིར་མི་ཟློགས་པའི་ཆོས་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །སེམས་ཅན་གང་དག་གི་དོན་མཛད་པ་ན་དེ་དག་གི་སྤྱོད་པས་མཐོན་དམན་དུ་འགྱུར་བ་མེད་པས་སྤྱོད་ཡུལ་གྱིས་མི་འཕྲོགས་པའོ། །ཐབས་གང་གིས་སེམས་ཅན་གྱི་དོན་མཛད་པ་དེའི་དབང་དུ་བྱས་
ནས་རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སྨོས་སོ། །ཅི་སངས་རྒྱས་རྣམས་ཀྱི་སོ་སོའི་སྦྱོར་བ་ཐ་དད་དམ་ཞེ་ན། མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་དུ་ངེས་པར་འབྱུང་བ་སྨོས་པ་སྟེ། དུས་གསུམ་རྣམས་སུ་སངས་རྒྱས་ཐམས་ཅད་དོན་ཐམས་
ཅད་མཛད་པར་མཐུན་པར་ངེས་པར་འབྱུང་བའི་ཕྱིར་རོ། །དེ་དེ་ལྟར་སེམས་ཅན་གྱི་དོན་མཛད་ན་འཇིག་རྟེན་གྱི་ཁམས་རེ་རེར་རིམ་གྱིས་མཛད་དམ་ཞེ་ན། མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་སྨོས་པ་སྟེ། འཇིག་
Vol. 134 · folio 238b
རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཀུན་དུ་སྟོན་པའི་ཕྱིར་རོ། །དེ་དང་དེར་ཐེ་ཙོམ་སྐྱེས་ཤིང་སྐྱེས་པ་རྣམས་གཅོད་པའི་མཐུ་མངའ་བར་བརྗོད་པའི་ཕྱིར། ཆོས་ཐམས་ཅད་ལ་ཐེ་ཙོམ་མི་མངའ་བའི་མཁྱེན་པ་ཅན་ཞེས་བྱ་བ་སྨོས་པའོ། །གདུལ་བ་རྣམས་ཀྱི་རིགས་ཐ་དད་
པའི་ཕྱིར་ཅི་རིགས་སུ་ཐེག་པ་ལ་འདུལ་བ་ལ་མཁས་པའི་དབང་དུ་བྱས་ནས། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་སྨོས་སོ། །གདུལ་བ་དེ་དག་ཉིད་ལ་སྐལ་བ་ཡོད་པའམ། སྐལ་བ་མེད་པ་ལ་མཁས་པའི་དབང་དུ་བྱས་ནས། ཆོས་ལ་ནེམ་ནུར་མི་མངའ་བའི་
མཁྱེན་པ་དང་ལྡན་པ་ཞེས་བྱ་བ་སྨོས་སོ། །ཡང་དག་པ་དང་། ལོག་པ་དང་། དེ་གཉི་ག་སྒྲུབ་པ་དང་ལྡན་པའི་གདུལ་བ་དེ་དག་ལ་དགའ་བ་ལ་སོགས་པའི་རྣམ་པའི་རྣམ་པར་རྟོག་པ་མི་མངའ་བའི་དབང་དུ་བྱས་ནས། རྣམ་པར་མ་བརྟགས་པའི་སྐུ་མངའ་བ་ཞེས་བྱ་བ་སྨོས་སོ། །མ་
ངེས་པའི་རིགས་ཀྱི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་དྲང་བ་དང་། ཡང་དག་པར་གཟུང་བའི་ཕྱིར་དང་། ཐེག་པ་ཆེན་པོ་ཡང་དག་པར་བསྔགས་པའི་དབང་དུ་བྱས་ནས། ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པ་ཞེས་བྱ་བ་སྨོས་སོ། །
ཐམས་ཅད་མཁྱེན་པ་ཡིན་ནམ་མ་ཡིན་ཞེས་སྟོན་པ་ལ་འདུལ་བ་རྣམས་ཐེ་ཙོམ་ཟ་བའི་སྐབས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ཀྱིས་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ་ཞེས་གསུངས་
པའི་ཕྱིར་རོ། །ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་བ་སྤངས་པའི་ཕྱིར། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ན་མཚན་ཉིད་ཅི་འདྲ་ཞེ་ན། མཐའ་དང་དབུས་
མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ་ཞེས་བྱ་བ་སྨོས་སོ། །རྟག་པ་དང་མི་རྟག་པ་ཉིད་ལ་སོགས་པ་ཐམས་ཅད་མཐའ་ཡིན་ན་དེའི་མཚན་ཉིད་མེད་པ་སྤངས་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཡོངས་
Vol. 134 · folio 239a
སུ་དག་པ་སྟེ། སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་ན་དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་དོན་མཛད་ཅེ་ན། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པ་ཞེས་བྱ་བ་སྨོས་སོ། །དོན་སུམ་ཅུ་རྩ་གཉིས་པོ་དག་ནི། ལས་བཅུ་དྲུག་གིས་རབ་ཏུ་
དབྱེ་བར་རིག་པར་བྱའོ་ཞེས་བྱ་བ་ལ། ལས་ཉིད་ནི་བྱ་བ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ཞེས་བྱ་བ་ལ་ཕན་པ་ནི་ཕྱི་མ་ལ་བདེ་བ་སྟེ། དཔེར་ན་འདོད་ཆགས་ཀྱི་ཤས་ཆེ་བ་ཚངས་པར་སྤྱོད་པ་ལྟ་བུའོ། །བདེ་བ་ནི་ད་ལྟར་གྱི་དགའ་བ་སྟེ།
དཔེར་ན་འདོད་པ་ཅན་རྣམས་ཁ་ན་མ་ཐོ་བ་དང་བཅས་པའི་ཡུལ་ལ་ཉེ་བར་སྤྱོད་པ་ལྟ་བུའོ། །ཕན་པ་དང་བདེ་བ་ནི་ད་ལྟར་དང་མ་འོངས་པ་ན་དགའ་བ་སྟེ། དཔེར་ན་འདོད་ཆགས་ཆུང་ངུའི་ཚངས་པར་སྤྱོད་པ་དེ་ཉིད་ལྟ་བུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ད་ལྟར་དང་མ་འོངས་པ་
ན་ལུས་ཅན་རྣམས་བདེ་བ་བླ་ན་མེད་པ་ལ་བརྟེན་པར་ཇི་ལྟར་འགྱུར་ཞིག་གུ་སྙམ་དུ་དད་པ་དང་འདུན་པའི་ངོ་བོ་ཉིད་ཀྱི་བསམ་པ་ཤས་ཆེ་བ་ནི་ལྷག་པའི་བསམ་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ་ཞེས་བྱ་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལས་ཀྱིས་སྟོན་ཏེ། མར་མེ་ལས་མར་
མེ་སྟོང་དུ་མཆེད་པར་བྱེད་པ་བཞིན་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལས་ཀྱིས་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་བསྟན་པ་ཡིན་ཏེ། དེ་བཞིན་དུ་ཚིག་འོག་མ་ཐམས་ཅད་ལ་ཡང་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པའི་བཤད་པ་སྦྱར་བར་བྱའོ། །ལ་ལ་ནི་ཕན་པ་དང་བདེ་
བར་བྱ་བའི་ལྷག་པའི་བསམ་པ་ཅན་ཡིན་ཡང་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡོད་པས། བདག་ཅི་རི་ཞེས་བྱ་བའི་ཤེས་པས་ཕྱིན་ཅི་ལོག་མེད་པའི་ལས་བསྟན་ཏེ། བདག་ཤེས་པ་ནི་ཕྱིན་ཅི་མ་ལོག་པར་སྦྱོར་བའི་ཕྱིར་རོ། །ཇི་སྐད་དུ། བདག་ཤེས་པའི་ཡོན་ཏན་མཚུངས་པ་མེད། བདག་མི་ཤེས་
པའི་དྲི་མ་མཚུངས་པ་མེད། ལྷ་དང་མིར་བཅས་པའི་འགྲོ་བ་འདི། ཆ་འདི་གཉིས་ཀྱིས་བརྒྱད་ཅིང་གནོད་པར་འགྱུར་ཞེས་བཤད་པ་ལྟ་བུའོ། །དེ་སྐད་དུ། བདག་ཤེས་པ་ནི་སྙིང་གི་རྩ་ལག་གྱུར་པ་ཡིན་ཞེས་བྱ་བ་ལ་སོགས་པས་ཀྱང་བཤད་དོ། །ང་རྒྱལ་བཅོམ་པ་ཞེས་བྱ་བ་ནི།
Vol. 134 · folio 239b
གཞན་གྱིས་བྱེད་དུ་མ་བཅུག་པར་བདག་ཉིད་སྦྱོར་བའི་ལས་ཀྱིས་བཤད་དེ། གསོལ་བ་འདེབས་པ་ལ་མི་སྡོད་པར་ཆོས་སྟོན་པར་འཇུག་པའི་ཕྱིར་རོ། །ལྷག་པའི་བསམ་པ་བསྟན་པ་ཞེས་བྱ་བ་ནི་མི་འཁྲུགས་པའི་ལས་ཀྱིས་སྟོན་ཏེ། འཁོར་བ་པའི་སྡུག་བསྔལ་རྣམས་ཀྱིས་སེམས་
སྐྱོ་བར་བྱེད་མི་ནུས་པའི་ཕྱིར་རོ། །བཅོས་མ་ཡིན་པར་བྱམས་པ་དང་། མཛའ་བ་དང་། མི་མཛའ་བ་ལ་སེམས་སྙོམས་པ་དང་། མྱ་ངན་ལས་འདས་པའི་མཐའི་བར་དུ་གཏན་དུ་མཛའ་བ་ཞེས་བྱ་བ་གསུམ་ནི་ཟང་ཟིང་མེད་པའི་ལས་རྣམ་པ་གསུམ་གྱིས་འཆད་དེ། དེ་ལ་ཟང་ཟིང་
དང་མ་འབྲེལ་པ་ཞེས་བྱ་བ་ལ། ཟང་ཟིང་གི་ཕྱིར་བྱམས་པ་དེ་ནི་བཅོས་མ་སྟེ། །རྙེད་པ་ཡོད་ཀྱི་བར་དུ་བྱམས་པའི་ཕྱིར་རོ། །ཟང་ཟིང་མེད་པར་བྱམས་པ་ནི་བཅོས་མ་མ་ཡིན་པ་སྟེ། དུས་ཐམས་ཅད་དུ་མེད་པར་མི་འགྱུར་བའི་ཕྱིར་རོ། །སུ་གང་ཟང་ཟིང་ལ་རག་ལུས་ཏེ་མཛའ་བ་ནི་
མཛའ་བ་དང་མི་མཛའ་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་ཏེ། སེམས་སྙོམས་པར་མི་འགྱུར་རོ། །ཟང་ཟིང་མེད་པའི་སེམས་དང་ལྡན་པ་ནི་གཉི་ག་ལ་ཡང་སེམས་སྙོམས་པར་འཇུག་གོ། །ཟང་ཟིང་གིས་བྱས་པའི་མཛའ་བ་ལ་མཐུན་པར་བྱེད་པ་ནི་ཇི་སྲིད་འཚོའི་བར་དུ་མཐུན་པར་
བྱེད་པ་སྟེ། གཏན་དུ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཟང་ཟིང་མེད་པར་བྱམས་པ་སྟེ། ཚེ་རབས་གཞན་དག་ན་ཡང་རྗེས་སུ་མཐུན་པར་བྱེད་པས་མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་གཏན་དུ་བྱམས་སོ། །ཚིག་རན་པ་དང་འཛུམ་པའི་བཞིན་གྱིས་གསོང་པོར་སྨྲ་བ་ཞེས་བྱ་བ་
འདི་གཉིས་ནི་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་མཐུན་པའི་ངག་དང་ལུས་ཀྱི་ལས་ཀྱིས་བཤད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ལས་ཀྱིས་བཤད་དེ། སུ་དག་སྡུག་བསྔལ་བ་ཉིད་དག་ལ་སྙིང་
རྗེ་འཇུག་གི། བདེ་བ་རྣམས་ལ་ནི་མ་ཡིན་པ་དེའི་ལས་ནི་མ་སྙོམས་པ་སྟེ། གཞན་དུ་མི་འཇུག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་རུང་། སེམས་ཅན་དུ་བསྡུས་པ་རྣམས་འདུ་བྱེད་ཀྱི་སྡུག་
Vol. 134 · folio 240a
བསྔལ་ཉིད་དང་ལྡན་པས་དེ་དག་ལ་བྱེ་བྲག་མེད་པར་སྙིང་རྗེ་བའི་ཕྱིར་ལས་མཉམ་པ་ཡིན་ནོ། །ཁུར་བླངས་པ་རྣམས་ལ་སྒྱིད་ལུག་པ་མེད་པ་ཞེས་བྱ་བ་ནི་མི་ཞུམ་པའི་ལས་ཀྱིས་བརྗོད་དོ། །སེམས་ཅན་ཐམས་ཅད་བསྒྲལ་བའི་ཁུར་ལ་བརྩོན་པར་བྱས་པའི་
རྩོལ་བ་ཡོངས་སུ་མི་གཏོང་བའི་ཕྱིར་ཇི་ལྟར་དམ་བཅས་པ་སྒྲུབ་པའི་ཕྱིར་རོ། །ཡིད་ཡོངས་སུ་མི་སྐྱོ་བ་ཞེས་བྱ་བ་ནི་མི་བཟློག་པའི་ལས་ཀྱི་རྣམ་པར་འགྲེལ་ཏེ། སེམས་ཅན་ལོག་པ་བསྒྲུབས་པས་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་མཐུན་པའི་ལས་ལས་བཟློག་
པར་མི་ནུས་པའི་ཕྱིར་རོ། །ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་ཞེས་བྱ་བ་ནི། ཐབས་ཡོངས་སུ་འཛིན་པའི་ལས་ཀྱིས་རྣམ་པར་འབྱེད་དོ། །མཉན་པ་ཡིན་པས་ཐོས་པ་སྟེ། མདོ་ལ་སོགས་པའི་ཆོས་རྣམས་ཡིན་གྱི་མཉན་པར་བྱ་བ་གང་ཅི་ཡང་རུང་བ་མ་ཡིན་ནོ། །དོན་ནི་དེ་དག་ཉིད་ཀྱིས་
བརྗོད་པར་བྱ་བའོ། །ཐོས་པ་དང་། དོན་གཉིས་ལ་ངོམས་མི་མྱོང་བ་ནི་ཆོག་མི་ཤེས་པ་སྟེ། དེ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཡོངས་སུ་འཛིན་པའི་ལས་ཏེ། ཐོས་པ་དང་དོན་གྱིས་མི་ངོམས་པ་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེ་འབྲེལ་པ་རྣམས་ཀྱིས་ཆོས་སྟོན་པའི་ཕྱིར་རོ། །
ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས་ཞེས་བྱ་བ་ནི། བདག་གི་འཁྲུལ་པ་རྣམས་ལ་ཉེས་པར་ལྟ་བ་དང་། གཞན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་བ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་འདོད་ཆགས་སོགས་པའོ། །
དེ་ལས་འདུན་པ་བཟློག་པ་ནི་ཕྱིར་བཟློག་པ་སྟེ། བདག་གི་འཁྲུལ་པའི་སྐྱོན་ཡང་དག་པར་མཐོང་ན་དེ་ལས་ལྡོག་གོ། །ལེགས་པ་བསྡམས་པས་ཀྱང་ཚིག་གཟུང་བར་འོས་པས་གཞན་དག་བྱ་བ་མ་ཡིན་པ་ལས་བཟློག་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཇི་སྐད་དུ། གནས་མ་ཡིན་ཞིང་གོ་སྐབས་
མེད་དེ། གང་བདག་ལོག་པར་ཞུགས་པ་ལ་ཞེས་བྱ་བ་ལ་སོགས་པ་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །འཇིག་རྟེན་ན་ཡང་། །རང་གི་ཉེས་ལ་ཉེས་ཤེས་ན། །དུས་ཞིག་ན་ནི་འབྲལ་བར་འགྱུར། །དེ་ལ་ཡོན་ཏན་འཛིན་པ་ཡི། །ང་རྒྱལ་ཅན་ལ་འབྲལ་མི་འགྱུར། །ཞེས་བརྗོད་དོ། །སུ་ཞིག་ལྟུང་
Vol. 134 · folio 240b
བ་འབྱུང་བ་ལ་ཕན་པར་འདོད་པའི་ཕྱིར་མ་ཡིན་གྱི། ཁྲོས་ཏེ་གླེང་ན་དེའི་ཚིག་དེ་ཡང་གཟུང་བར་འོས་པ་མ་ཡིན་པས་ཇེ་མི་མཐུན་ཞིང་ལོག་པར་སྒྲུབ་པར་འགྱུར་གྱི། བུ་གཅིག་པ་དང་འདྲ་བར་བྱམས་པ་སྐྱེས་པ་ནི་ལྟུང་བ་ཡང་གླེང་བར་བྱེད་ལ། ཕྱིན་ཅད་མི་བྱ་བའི་སྡོམ་པ་ཡང་འཛིན་ཏུ་འཇུག་
གོ། །སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནི། རྒྱུན་མི་འཆད་པར་དེ་ཡིད་ལ་བྱེད་པའི་ལས་ཀྱིས་དེ་ཤེས་པར་བྱེད་དོ། །དེ་ཞེས་བྱ་བ་ནི་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་སྦྱར་རོ། །བྱེད་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བའི་
ཕྱིར་ཏེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཇི་སྐད་དུ། འདུག་པ་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས་ཞེས་བྱ་བ་ནི། རྣམ་པར་སྨིན་པ་
ལ་མི་རེ་བའི་སྦྱིན་པ་ཞེས་བྱ་བ་ནས། བསྡུ་བའི་དངོས་པོ་བཞིས་ཟིན་པའི་ཐབས་ཞེས་བྱ་བའི་བར་རོ། །གོང་ནས་གོང་དུ་རབ་ཏུ་དགའ་བ་ལ་སོགས་པའི་སའི་གནས་སྐབས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཇི་སྐད་སྨོས་པའི་མི་མཐུན་པའི་ཕྱོགས་མ་ལུས་པར་བསལ་བ་རྣམས་དང་། བསྡུ་བའི་
དངོས་པོ་རྣམས་ནི་ཁྱད་ཞུགས་པར་ཁྱད་པར་དུ་འགྲོ་བ་འཕེལ་བ་འཐོབ་པའི་རྒྱུའོ། །ལས་ནི་བྱ་བ་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །གང་ལ་ཁྱད་པར་ཡོད་པ་དེ་བཤད་པར་བྱ་སྟེ། དེ་ན་སེམས་ཅན་གྱི་དོན་བྱ་བ་མི་མཐོང་བའི་ཕྱིར་བྱང་ཆུབ་སེམས་
དཔའ་ནི་གཟུགས་མེད་པའི་ཁམས་སུ་མི་སྐྱེའོ། །དེས་ན་བྱང་ཆུབ་སེམས་དཔའི་བསམ་གཏན་གང་ཡིན་པ་ནི། གཟུགས་མེད་པའི་ཁམས་རྣམ་པར་བསལ་བ་སྟེ་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །ཐབས་ལ་མཁས་པ་ནི་སྙིང་རྗེ་དང་ལྡན་པའི་ཤེས་རབ་སྟེ། དེས་སེམས་ཅན་གྱི་དོན་
བྱེད་པའི་ཕྱིར་རོ། །དེ་མེད་ན་སེམས་ཅན་གྱི་དོན་མེད་པར་འགྱུར་ཏེ། སངས་རྒྱས་ཉིད་ནི་སེམས་ཅན་གྱི་དོན་ནོ། །ཇི་སྐད་དུ། ཁྱོད་ནི་ཤེས་རབ་ཐུགས་རྗེ་ཟུང་འབྲེལ་བས། །ཟིན་ནས་གཞན་ལ་ཕན་པ་མཛད་པར་གྱུར། །གཞན་གྱི་དོན་དུ་ཡང་དག་སྤྱོད་པ་ནི། །བྱང་ཆུབ་བགྲོད་པ་
Vol. 134 · folio 241a
གཅིག་པུའི་ལམ་ལགས་སོ། །ཞེས་བཤད་པ་ལྟ་བུའོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །སྦྱིན་པ་ནི་ཕན་འདོགས་པའི་ཕྱིར་སྦྱིན་པ་ལ་འཇུག་པའོ། །སྙན་པར་སྨྲ་བ་ནི་བྱེ་བྲག་ཏུ་རྟོགས་པའི་
ཕྱིར་ཏེ། ཆོས་སྟོན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དོན་སྤྱོད་པ་ནི་དགེ་བ་ལ་འཛུད་པའི་ཕྱིར་ཏེ། ཡང་དག་པ་ལེན་དུ་འཇུག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་མཐུན་པ་ནི་མཐུན་པར་འཇུག་པའི་ཕྱིར་ཏེ། ཡོན་ཏན་མཚུངས་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་སྦྱིན་པས་
ནི་ཆོས་ཀྱི་སྣོད་དུ་བྱེད་དོ། །སྙན་པར་སྨྲ་བས་ནི་ཆོས་ལ་མོས་པར་བྱེད་དོ། །དོན་སྤྱོད་པས་ནི་ཆོས་ལ་མོས་པ་སྒྲུབ་པར་བྱེད་དོ། །དོན་མཐུན་པས་ནི་ཞུགས་པ་སྦྱོར་བར་བྱེད་དེ། ཡང་དང་ཡང་དུ་བཀྲ་བར་བྱེད་པའི་ཕྱིར་རོ། །དེ་དག་ཉིད་ཐབས་ཏེ། ངོ་བོ་ཉིད་ཀྱིས་བསྡུད་པའི་ཕྱིར་རོ། །ཚིག་དྲུག་
གིས་གྲུབ་པར་སྦྱོར་བའི་ལས་ཞེས་བྱ་བ་ལ་གྲུབ་པར་བྱ་བའི་ཕྱིར་སྦྱོར་བ་ནི་གྲུབ་པར་སྦྱོར་བའོ། །གང་གིས་གྲུབ་པ་དེ་ནི་ལས་སོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང་ཞེས་བྱ་བ་ནས། གྲོགས་ཀྱི་ཡོན་ཏན་ཞེས་བྱ་བ་དེ་དག་ནི་མདོའི་ཚིག་བརྒྱད་པའོ། །ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་
འཆལ་བ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་ཞེས་བྱ་བ་ནས། དགེ་བའི་བཤེས་གཉེན་ལ་བརྟེན་པ་ཞེས་བྱ་བའི་བར་གྱིས་བཤད་དེ། ཡིད་ལ་བྱེད་པའི་ཡོན་ཏན་དང་གྲོགས་ཀྱི་ཡོན་ཏན་གཉིས་ཚིག་གཉིས་གཉིས་ཀྱིས་བཤད་པའི་ཕྱིར་རོ། །འདི་དག་ལ་ཚུལ་ཁྲིམས་ཡོད་པའི་ཕྱིར་
ཚུལ་ཁྲིམས་དང་ལྡན་པའོ། །ཚུལ་ཁྲིམས་སྡིག་པ་ཅན་ནི་ཚུལ་ཁྲིམས་འཆལ་པའོ། །དེ་དག་ལས་ཆོས་ཉན་པ་ན་ཆོས་ལ་གུས་པའི་ཕྱིར་དེ་གཉི་ག་ལ་ཡང་བཤེས་གཉེན་བཟང་པོར་འདུ་ཤེས་ནས་དེ་དག་ལ་བརྟེན་ཏོ། །ཚུལ་ཁྲིམས་འཆལ་བ་ལ་སྐྱེས་བུ་ཐ་ཤལ་ཞེས་བརྙས་པར་མི་བྱེད་དེ།
ཇི་སྐད་དུ། །མཁས་པ་ཚུལ་ཁྲིམས་ངན་ཡང་མི་དམན་ཞིང་། །ཕན་པར་སྨྲ་ལ་གསལ་བར་སྨྲ་བ་ལ། །བླ་མ་ཅི་འདྲ་དེ་བཞིན་གུས་པར་བྱེད། །དེ་ཡིས་ལེགས་པར་སྨྲ་ལ་བྱམས་དེ་འདྲ། །ཞེས་བཤད་པ་ལྟ་བུའོ། །གུས་པར་བྱས་ཏེ་ཆོས་ཉན་ཞེས་བྱ་བ་ནི་ཇི་སྐད་དུ། དོན་རྣམ་པ་བཅུ་
Vol. 134 · folio 241b
དྲུག་གིས་ཆོས་མཉན་པར་བྱའོ། །ཞེས་བཤད་པ་ལྟ་བུའོ། །གནས་ནས་རྒྱང་གྲགས་གཅིག་ཕན་ཆད་ནི་དགོན་པའོ། །གུས་པར་བྱས་ཏེ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་གུས་པའོ། །རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ནི་འདོད་པ་ལ་སོགས་པ་དང་ལྡན་པ་སྟེ། གར་བྱེད་པ་དང་། གར་
བྱེད་དུ་འཇུག་པ་དང་། གླུ་ལེན་པ་ལ་སོགས་པ་འཇིག་རྟེན་གྱི་སྣ་ཚོགས་ལ་མི་དགའ་བས་དེ་དག་ཡོངས་སུ་སྤོང་ངོ་། །ཡིད་ལ་བྱེད་པའི་ཡོན་ཏན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་འདོར་བ་དང་། ཐེག་པ་ཆེན་པོའི་ཡོན་ཏན་འདོད་པ་དང་ལྡན་པའི་ཕྱིར་རོ། །གྲོགས་ཀྱི་ཡོན་
ཏན་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པའོ། །གསུམ་གྱིས་གྲུབ་པ་ལས་ཞེས་བྱ་བ་ནི་གྲུབ་པའི་རྟགས་སོ། །ལས་ཀྱི་སྒྲ་ནི་འདིར་རྟགས་ཀྱི་རྣམ་གྲངས་སུ་གཏོགས་པ་སྟེ། ཚད་མེད་པ་དང་། མཐུ་དང་། རྟོགས་པའི་ཡོན་ཏན་རྣམས་ཀྱིས་
དེ་དག་བཤད་དོ། །ཚངས་པའི་གནས་པ་བཞི་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ལ་སོགས་པ་ལ། ཚད་མེད་པ་བཞི་པོ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ནི་ཚངས་པའི་གནས་པའོ། །དེ་དག་ནི་གྲུབ་པ་ན་རྣམ་པར་དག་པ་བག་ལ་ཞ་བ་བཞིན་དུ་ཤེས་པར་བྱེད་
པས་རྟགས་ཀྱི་སྒྲ་འཐོབ་བོ། །མཐུ་ཞེས་བྱ་བ་ནི་མཐུ་སྟོབས་ཏེ། མངོན་པར་ཤེས་པ་ལྔ་པོ་དག་གིས་རྣམ་པར་རོལ་པའི་ཕྱིར་རྫུ་འཕྲུལ་ཆེ་བ་ཉིད་དོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་མཐུ་མ་ཡིན་ཏེ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྫུ་འཕྲུལ་ཆེ་བ་མ་ཡིན་པའི་ཕྱིར་རོ། །ཡང་
ན་བྱང་ཆུབ་སེམས་དཔའི་སྐབས་ཡིན་པས་དེ་མ་སྨོས་ཏེ། འདི་ཡང་གྲུབ་པའི་རྟགས་སོ། །རྟོགས་པ་ནི་མངོན་སུམ་དུ་བྱེད་པ་དང་། དེ་མངོན་སུམ་དུ་བྱེད་པའི་དབང་སྟེ། ཡེ་ཤེས་ལ་རྟོན་པ་ཞེས་བྱ་བས་སྟོན་ཏེ། སོ་སོ་རང་གིས་རིག་པ་བདག་ཉིད་ཀྱིས་མངོན་སུམ་པའི་ཡེ་ཤེས་སོ། །
རྟོན་པ་ནི་ཕུག་སྟེ་ཚད་མར་བཤད་པ་ཡིན་གྱི། དོན་ཙམ་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེས་ཞི་བར་མི་འགྱུར་བའི་ཕྱིར་རོ། །ཚིག་བཞིས་དེས་འཇོག་པའི་ལས་ཞེས་བྱ་བ་ནི་ཕན་བ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དེས་འཇོག་པ་ནི་དེས་འཇོག་པའོ། །དེ་ཉིད་ལས་ཏེ། སྒྲུབ་པ་དང་
Vol. 134 · folio 242a
ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་ཞེས་བྱ་བ་ནས་རྫོགས་པའི་བར་རོ། །འདི་དག་གི་བཤད་པ་ནི། ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་ཞེས་བྱ་བ་ནས་བཟུང་སྟེ། ཐ་མར་ཐུག་གི་བར་ཏེ། ཚུལ་ཁྲིམས་འཆལ་བ་མི་དགེ་བའི་གནས་ལས་
བསྐྱོད་དེ། དགེ་བ་ལ་འཇོག་གི། ཕྱུག་པར་ནི་མི་བྱེད་དོ། །ཚིག་གཅིག་ཏུ་ཆད་པ་ནི་ཐེ་ཚོམ་མེད་པར་གྱུར་པའི་གདམས་པ་དང་རྗེས་སུ་བསྟན་པ་ཚིག་གཟུང་བར་འོས་པ་ཡིན་པའི་ཕྱིར། ཐེ་ཚོམ་ཅན་གྱི་ཚིག་ནི་གཟུང་བར་འོས་པ་མ་ཡིན་པའི་ཕྱིར་རོ། །བདེན་པ་གཅེས་སུ་བྱེད་པ་ཞེས་བྱ་
བ་ནི། ཆོས་དང་ཟང་ཟིང་གི་སྡུད་པ་ཞེས་བྱ་བས་འཆད་དེ་བསྒོ་བ་དང་། གང་ཡང་རུང་བ་དང་། གཉི་ག་ལས་ཡང་དག་པར་བགོ་བཤའ་བྱ་བར་དམ་བཅས་ནས་ཆོས་དང་ཟང་ཟིང་གཉིས་ཀྱིས་དེ་བཞིན་དུ་སྒྲུབ་པའི་ཕྱིར་རོ། །འདི་ཡང་ལས་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་
དེས་ཡོངས་སུ་བཟུང་བས་སེམས་ཀུན་ནས་ཉོན་མོངས་པ་མེད་པར་བྱེད་དེ། བསྙེན་བཀུར་བྱེད་པ་ལ་སོགས་པ་ཚེ་འདིའི་འབྲས་བུ་ལ་ཆགས་པར་མི་སེམས་པའི་ཕྱིར་དང་། བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བར་སེམས་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་དོན་ནི་བརྡ་(ཕྤད་‚སྤྲད་)པར་ཟད་དོ། །
དེ་ལྟ་བུའི་ལས་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཤེས་བྱའི་མཚན་ཉིད་ཇི་ལྟར་མངོན་པར་རྟོགས་པར་བྱེད་པ་དེ་ལྟར་བརྗོད་པར་བྱའོ། །མང་དུ་ཐོས་པས་བསྒོས་པའི་གནས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྐབས་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་དང་དོན་མང་དུ་ཐོས་པས་
སེམས་དང་སེམས་ལས་བྱུང་བའི་རྒྱུད་བསྒོས་པ་ཡིན་ཏེ། མང་དུ་མ་ཐོས་པ་ལ་ནི་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་ལ་འཕགས་པ་སྒྲ་གཅན་ཟིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ལ་མངོན་པར་རྟོགས་པར་བགྱི་བའི་སླད་དུ། གདམས་
སུ་གསོལ། བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ཀྱིས་ཕུང་པོ་པ་བཟུང་ངམ། དེས་གསོལ་པ། །བཅོམ་ལྡན་འདས་མ་བཟུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྒྲ་གཅན་ཟིན་དེ་ལྟ་བས་ན་ཕུང་པོ་པ་ཉིད་ཇེ་ཟུང་ཤིག། ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བ་ལ་
Vol. 134 · folio 242b
སོགས་པའོ། །ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་མ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པའི་རྒྱུ་མཐུན་པ་དང་། དེའི་གཉེན་པོ་ཡིན་པའི་ཕྱིར། །དེའི་རང་བཞིན་མ་ཡིན་ཏེ། །འགལ་བའི་ཕྱིར་དེས་བསྡུས་པ་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ལྟར་ས་
བོན་ཡིན་པ་ཞེས་བྱ་བ་ནི་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་བཞིན་དུ་གནས་འདི་ཡང་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རྒྱུ་ཡིན་ཏེ། རྒྱུའི་དངོས་པོ་ཙམ་དུ་དཔེ་དང་བསྟུན་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །ཆོས་ནི་མདོ་ལ་སོགས་
པའོ། །དོན་ནི་དེ་དག་ཉིད་ཀྱི་བརྗོད་པར་བྱ་བ་བདག་མེད་པ་ལ་སོགས་པའོ། །འདི་དག་ནི་དེའི་རྣམ་པར་འབྱུང་བའི་ངང་ཚུལ་ཅན་ཡིན་པས་དེར་སྣང་བ་འབྱུང་བའི་ཚུལ་ཅན་ནོ། །གཟུང་བའི་དངོས་པོའི་གནས་ལྟ་བུ་ཞེས་བྱ་བ་ནི་དེ་དང་འདྲ་བར་སྣང་བའི་ཕྱིར་རོ། །ལྟ་བ་དང་བཅས་པ་ཞེས་
བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་དང་བཅས་པའོ། །ཡིད་ཀྱི་བརྗོད་པ་རྣམས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །ཡང་ན་ལྟ་བའི་ཆ་དང་བཅས་པའི་གཟུང་བ་དང་འཛིན་པའི་དངོས་པོར་རྣམ་པར་གཞག་པ་རྣམས་ཏེ། ཇི་སྐད་སྔར་བཤད་པ་བཞིན་ནོ། །འཇུག་པ་སུ་ཞེ་ན།
ཞེས་བྱ་བ་ནི་འཇུག་པར་བྱེད་པ་མངོན་པར་རྟོགས་པར་བྱེད་པ་པོ་དཔྱོད་པས་འདྲི་བ་གླེང་སློང་ངོ་། །སེམས་ཀྱི་རྒྱུད་ཐེག་པ་ཆེན་པོ་ཆོས་མང་དུ་ཐོས་པས་བསྒོས་པ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་འབྱུང་བ་ཚད་མེད་པ་མཉེས་པར་བྱ་བ་ནི་མངོན་དུ་བྱེད་པ་སྟེ། འདིས་དེ་ཐོབ་
པས་སངས་རྒྱས་འབྱུང་བ་ཚད་མེད་པ་མངོན་དུ་བྱེད་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །གཅིག་ཏུ་མོས་པ་ཅན་ཞེས་བྱ་བ་ནི་གང་ཐེག་པ་ཆེན་པོའི་ཆོས་ལ་མངོན་པར་ཡིད་ཆེས་ཏེ། བཤེས་གཉེན་ངན་པ་གང་གིས་ཀྱང་དབྱེར་མི་ཕྱེད་པའོ། །ཐེག་པ་ཆེན་པོ་མང་དུ་ཐོས་པ་ལ་སོགས་པ་རྣམ་
པ་འདི་གསུམ་གྱིས། དགེ་བའི་རྩ་བ་ལེགས་པར་བསགས་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་བྱང་ཆུབ་སེམས་དཔའོ། །གང་དུ་འཇུག་ཅེ་ན་ཞེས་བྱ་བ་ནི་ཡུལ་དམིགས་ཀྱིས་དབྱེ་བ་ལྷུར་ལེན་པས་འདྲི་བའོ། །ལྟ་བ་དང་བཅས་པའི་ཆོས་ཞེས་
Vol. 134 · folio 243a
བྱ་བ་ལ་སོགས་པ་ལ། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱུ་ལས་དེའི་རྣམ་པར་འབྱུང་བ་འཇུག་པ་པོའི་ཡིད་ཀྱི་བརྗོད་པ་ནི་འཇུག་པར་བྱ་བའི་ཡུལ་ཡིན་པས་གཞི་ཉིད་དུ་བརྗོད་པར་འདོད་པའོ། །ཡིད་ཀྱི་བརྗོད་པ་དེ་ལ་འཇུག་པ་ཁ་ཅིག་ནི། མོས་པས་སྤྱོད་པའི་ས་ལ་
འཇུག་སྟེ། ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་དུ་མོས་པའི་ཕྱིར་རོ། །ཁ་ཅིག་ནི་མཐོང་བའི་ལམ་ལ་འཇུག་སྟེ། ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བརྗོད་པ་རབ་ཏུ་རྟོགས་པའི་ཕྱིར་རོ། །དེ་ལ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། འདི་ལྟར་སེམས་
ཅན་མེད་པ་དང་། ཆོས་མེད་པ་དང་། གཟུང་བ་མེད་པ་དང་། འཛིན་པ་མེད་པར་རབ་ཏུ་རྟོགས་པའོ། །ཁ་ཅིག་ནི་བསྒོམ་པའི་ལམ་ལ་འཇུག་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་དུ་བསྒོམས་པས་དེ་རྣམ་པར་དག་པའི་ཕྱིར་རོ། །ཁ་ཅིག་ནི་
མཐར་ཕྱིན་པའི་ལམ་ལ་འཇུག་སྟེ། སྒྲིབ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་རབ་ཏུ་རྟོགས་པ་རྣམ་པ་བཞིའོ། །གང་གིས་འཇུག་ཅེ་ན་ཞེས་བྱ་བ་ནི་རྒྱུ་ཡོངས་སུ་འདྲི་བ་སྟེ། ཐབ་གང་གིས་འཇུག་ཅེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པས་
ནི་དེ་སྟོན་ཏོ། །དགེ་བའི་རྩ་བའི་སྟོབས་ཅན་དུ་གྱུར་དུ་ཟིན་ཀྱང་སེམས་ཞུམ་པ་ཡང་ཡོད་དོ་སྙམ་པ་ལ། རྣམ་པ་གསུམ་གྱིས་སེམས་སྦྱོང་བ་ཞེས་བྱ་བ་སྨོས་སོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་སྦྱོང་བ་དང་པོའོ། །ཞེས་བྱ་བ་ནི་གསལ་
བར་བྱེད་པ་སྟེ། བཤད་པ་ཉིད་ཀྱིས་གསལ་བར་བྱས་ཟིན་ཏོ། །བསམ་པ་དེ་བདག་གིས་ཐོབ་པ་སྟེ་ཞེས་བྱ་བ་ནི་བགེགས་མེད་ཅེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་སེར་སྣ་མེད་པ་དང་། འདོད་པ་ལ་རྣམ་པར་རྟོག་པ་མེད་པ་དང་། གནོད་སེམས་མེད་པ་དང་། ལེ་ལོ་མེད་པ་དང་།
གཉིད་དང་རྨུགས་པ་མེད་པ་དང་། །མ་རིག་པ་མེད་པ་དེའི་ཕྱིར། ཚེགས་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་པ་ནི་སེམས་སྦྱོང་བ་གཉིས་པ་སྟེ། བསམ་པ་ཁྱད་པར་དུ་འཕགས་པ་ཐོབ་ན་སྦྱིན་པ་ལ་སོགས་པ་རང་གི་ངང་གིས་འབྱུང་བའི་ཕྱིར་
Vol. 134 · folio 243b
རོ། །དགེ་བ་སྒྲིབ་པ་དང་བཅས་པ་ཡང་ཞེས་བྱ་བ་ནི་འཇིག་རྟེན་པའི་དགེ་བ་སྟེ། དེ་དང་ལྡན་པའོ། །དེ་ནི་མི་མཐུན་པའི་ཕྱོགས་མ་སྤངས་པའི་ཕྱིར་སྒྲིབ་པ་དང་བཅས་པའོ། །བདག་ནི་མི་མཐུན་པའི་ཕྱོགས་སྤངས་པ་སྒྲིབ་པ་མེད་པའི་དགེ་བས་དགེ་བ་ཅན་ཡིན་ནམ། སངས་རྒྱས་
ཉིད་དུ་ཕུན་སུམ་ཚོགས་པར་ཅིའི་ཕྱིར་མི་འགྱུར་སྙམ་པ་ནི་སེམས་སྦྱོང་བ་རྣམ་པ་གསུམ་པ་སྟེ། སེམས་རབ་ཏུ་འཛིན་ཅིང་རྣོན་པོར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དོན་དེ་ཉིད་ཚིགས་སུ་བཅད་པ་རྣམས་ཀྱིས་སྡུད་དེ། །གང་ཕྱིར་སེམས་ཅན་དཔག་མེད་པ། །མིར་འགྱུར་སྐད་ཅིག་རེ་རེ་ལ། །
རྫོགས་པའི་བྱང་ཆུབ་ཐོབ་གྱུར་པ། །ཞེས་བྱ་བ་ལ་སོགས་པའོ། །ཞུམ་པ་ཞེས་བྱ་བ་ནི་སེམས་གང་བའོ། །དེ་མི་བྱ་ཞེས་བྱ་བའི་ཐ་ཚིག་སྟེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་སྙམ་དུ་བདག་ལ་ནུས་པ་མེད་
པར་བསམ་པར་མི་བྱ་བ་སྟེ། ཇི་སྐད་དུ། གང་དག་ཁ་ཅིག་བདེ་བར་གཤེགས་པའི་གོ་འཕང་ཐོབ་གྱུར་པ། །དེ་ཡང་ཤིན་དུ་དམན་པའི་གནས་སྐབས་དེར་ནི་ལྷུང་བར་གྱུར། །ཁྱོད་ནི་ཉམ་ངར་ལྟུང་ཡང་བདག་ལ་སྨད་པར་མཛད་མ་གྱུར། །བདག་སྨོད་རོ་ཡིན་སྐྱེས་བུ་སྐྱིད་པ་འཇིག་པར་བྱེད། །ཅེས་
བཤད་པ་ལྟ་བུའོ། །བསམ་པ་གང་གིས་ཞེས་བྱ་བའི་བསམ་པ་དེ་ནི་སྔར་བཤད་ཟིན་ཏོ། །ཆགས་པ་མེད་པར་སྦྱིན་པ་ལ་འཇུག་པའི་རྒྱུ་ཡིན་ནོ། །ལེགས་ཡིད་ཀྱིས་ཞེས་བྱ་བ་ནི་དགེ་བའི་སེམས་རྣམས་ཀྱིས་ཡིན་གྱི། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ཀྱིས་ནི་མ་ཡིན་
ཏེ། ཇི་ལྟར་འཇིག་རྟེན་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམ་པར་གཡེངས་པའི་སེམས་དང་ལྡན་པ་རྣམས་ཀྱང་སྲིད་པ་དང་ལོངས་སྤྱོད་འདོད་པས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་རོ། །བསམ་པ་དེ་ཐོབ་ཅེས་བྱ་བ་ནི་རང་གི་ངང་གིས་འབྱུང་བའི་བསམ་པ་ཇི་སྐད་སྨོས་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པ་དེ་ཐོབ་པའོ། །བརྟན་རྣམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་གི་ཕྱིར། སྦྱིན་
Vol. 134 · folio 244a
པ་ལ་སོགས་པ་ཉིད་དུ་བརྗོད་པ་ཡིན་གྱི་དེ་ནི་མི་མཐུན་པའི་ཕྱོགས་ནི་མ་ཡིན་པར་ངེས་པར་བྱས་པས་མི་མཐུན་པའི་ཕྱོགས་སྤོང་བས་བསྒྲིམ་མི་དགོས་པར་འཇུག་པ་ཉིད་བསྟན་ཏོ། །སོགས་པ་སྨོས་པ་ནི་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པར་བྱའོ། །དགེ་བ་དང་ལྡན་
པ་ཤི་མ་ཐག་ཅེས་བྱ་བ་ནི་འཇིག་རྟེན་པའི་དགེ་བས་དགེ་བ་ཅན་ཤི་བའོ། །འདོད་བཞིན་ཕུན་སུམ་ཚོགས་ལུས་ཐོབ། །ཅེས་བྱ་བ་ནི་འཇིག་རྟེན་པ་རྣམས་སྲིད་པའི་རྩེ་མོའི་བར་དུ་ཡང་སྐྱེ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྤངས་པ་དགེ་ལྡན་ཞེས་བྱ་བ་ནི་སྒྲིབ་པ་སྤངས་པའི་དགེ་བས་དགེ་བ་དང་ལྡན་པ་རྣམས་ཞེས་
བྱ་བའི་ཐ་ཚིག་གོ། །ཕུན་སུམ་ཚོགས་དེ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་སངས་རྒྱས་ཉིད་དོ། །གནས་བཞི་སྤོང་བ་ཞེས་གང་སྨོས་པའི་སྤང་བར་བྱ་བ་དེ་དག་སྟོན་ཏེ། ཡིད་ལ་བྱེད་པ་སྤངས་པས་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པ་འདོར་བའི་ཕྱིར་རོ། །ཡིད་གཉིས་དང་སོམ་ཉི་སྤངས་པས་
ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ཟབ་པ་ཉིད་དང་རྒྱ་ཆེ་བ་ཉིད་ལ་ཡིད་གཉིས་ཕྱིན་ཅི་ལོག་དང་ཐེ་ཙོམ་མེད་པར་བྱའོ། །ཆོས་ལ་མངོན་པར་ཞེན་པ་སྤངས་པས་ཞེས་བྱ་བ་ནི། ཐོས་པ་དང་བསམས་པའི་ཆོས་ལ་ངར་འཛིན་པ་དང་ང་ཡིར་འཛིན་པར་མངོན་པར་ཞེན་པ་སྤང་བར་བྱ་སྟེ། མངོན་པར་རྟོགས་པའི་བར་དུ་གཅོད་པའི་ཕྱིར་
ངས་ཉན་ཏོ། །ངས་ཁོང་དུ་ཆུད་དོ། །ངའི་ཐོས་པའོ། །ངའི་དོན་ཏོ་ཞེས་མངོན་པར་ཞེན་པར་མི་བྱའོ། །རྣམ་པར་རྟོག་པ་སྤངས་པས་ཞེས་བྱ་བ་ནི་གང་མདུན་ན་བསྩལ་མི་དགོས་པར་རང་གི་ངང་གིས་གཟུགས་ལ་སོགས་པ་གནས་པ་དང་། གང་ཡང་ཏིང་ངེ་འཛིན་འདོད་པས་བསྒྲིམས་ཏེ། རྣམ་པར་བྱང་བ་པའི་ཀེང་རུས་
ལ་སོགས་པ་བཞག་པ་དམིགས་པར་གྱུར་པའི་མཚན་མ་དེ་ཐམས་ཅད་ཡིད་ལ་མི་བྱེད་པས་རྣམ་པར་མི་རྟོག་པར་སྤོང་བའམ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཚན་མའི་བར་ལ། དེ་ནི་འདི་ཡིན་ནོ་ཞེས་མངོན་པར་ཞེན་ནས་རྣམ་པར་རྟོག་པར་མི་བྱེད་པའོ། །ཚིགས་
སུ་བཅད་པ་ནི་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །གང་གིས་ཇི་ལྟར་འཇུག་ཅེ་ན། །ཞེས་བྱ་བ་ནི་བྱེད་པ་དང་འདི་ལྟར་བྱ་བ་འདྲི་བའོ། །འདི་ལྟར་འཇུག་པར་བྱེད་པ་པོ་ལས་འཇུག་པར་བྱེད་པ་ན། བྱེད་པ་པོ་དང་མངོན་པར་རྟོགས་པའི་མཚན་ཉིད་ཀྱི་བྱ་བ་འདི་ལྟ་བུ་དང་འདི་ལྟ་བུ་བྱའོ་ཞེས་བྱ་བ་འདི་ལྟར་བྱ་བ་གདོན་མི་ཟ་བར་དགོས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words