ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར
Sanskrit title (Tibetan script, as in the text) མ་ཧཱ་ཡཱ་ན་སཾ་གྲ་ཧ་ཨུ་པ་ནི་བནྡྷ་ནཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 134 · folio 271a
འབྱུང་བ་དེ་ལ་ལྷ་རྣམས་ཀྱིས་མི་གཙང་བར་མཐོང་སྟེ། འགལ་བ་རྣམས་ནི་གཅིག་ལ་མི་སྲིད་པས་ཀུན་བརྟགས་པའི་དོན་མེད་དོ། །གལ་ཏེ་མེད་ན་དམིགས་པ་མེད་པའི་ཤེས་པ་ཇི་ལྟར་ཀུན་དུ་འབྱུང་ཞེ་ན། འདི་ལ་དྲི་བ་ཅི་ཡོད་ཅེ་ན། མདོ་སྡེ་པ་ཁྱོད་ཀྱི་ལྟར་ན་ཡང་འདས་པ་དང་མ་
འོངས་པ་ལ་དམིགས་པ་མེད་པའི་ཤེས་པ་ཇི་ལྟར་འཇུག །རྨི་ལམ་ན་ཡང་ཞེས་བྱ་བ་ནི་ཁྱིམ་ངན་པ་ཆུང་ངུའི་ནང་ན་ཉལ་བའི་རྨི་ལམ་གྱི་ཤེས་པ་རི་དང་ཆུ་ཀླུང་དང་གླང་པོ་ཆེ་མང་པོའི་ཤེས་པ་དང་། རང་གི་མགོ་གཅོད་པར་མཐོང་བ་ཡང་དམིགས་པ་དང་བཅས་པ་མ་ཡིན་ནོ། །གཟུགས་བརྙན་རྣམ་པ་གཉིས་
པོ་ལ། །ཞེས་བྱ་བ་ནི་མེ་ལོང་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཞེས་བྱ་བ་ལ་སྟེ། རང་གི་སེམས་ཀྱི་གཟུགས་བརྙན་ལ་དམིགས་པའི་ཕྱིར་དམིགས་པ་མེད་པའོ། །དེ་ལ་དམིགས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། འདས་པ་དང་མ་འོངས་པ་ལ་སོགས་པ་ལ་དམིགས་པ་དང་ལྡན་པའི་
ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དོན་ནི་དོན་དུ་གྲུབ་ན་ནི། །ཡེ་ཤེས་རྟོག་པ་མེད་མི་འགྱུར། །ཞེས་བྱ་བ་ནི་གལ་ཏེ་དོན་ངོ་བོ་ཉིད་ཀྱིས་དོན་དུ་གྲུབ་པར་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་འགྲུབ་སྟེ། རྣམ་པར་བརྟག་པར་བྱ་བ་ཡོད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་མེད་པའི་ཕྱིར། སངས་རྒྱས་ཉིད་
མེད་པར་འགྱུར་ཞེས་བྱ་བ་ནི་རྩ་བ་ལ་གནོད་པའི་སྐྱོན་ནོ། །དེ་ལྟ་བས་ན་ངེས་པར་དོན་མི་འགྲུབ་པར་ཤེས་པར་བྱའོ། །འདིའི་ཕྱིར་ཡང་དོན་མེད་དེ་འདི་ལྟར་བྱང་ཆུབ་སེམས་དཔའ་དབང་ཐོབ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དབང་རྙེད་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་པའི་ཞེས་བྱ་བ་
ནི་བྱང་ཆུབ་སེམས་དཔའ་ལས་གཞན་པ་ཉན་ཐོས་ལ་སོགས་པ་རྣམས་ཏེ། དེ་དག་བསམ་གཏན་བྱེད་པའི་ཚུལ་ཅན་ཡིན་པས་བསམ་གཏན་པའོ། །མོས་པའི་དབང་གིས་ཞེས་བྱ་བ་ནི་བསམ་པའི་དབང་གིས་སོ། །འདི་ལྟར་ས་ལ་སོགས་པ་དག །དངོས་པོ་དེ་ལྟར་དམིགས་པར་འགྱུར། །ཞེས་བྱ་བ་ནི་
གསེར་ལ་སོགས་པའི་དངོས་པོར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་རྣམ་པར་འབྱེད་གྲུབ་པ། །ཞེས་བྱ་བ་ནི་ཤེས་རབ་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བློ་ལྡན་ཞེས་བྱ་བ་ནི་བློ་གྲུབ་པ་དང་ལྡན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཉིད་བློ་ལྡན་ནོ། །ཞི་བ་ཐོབ་པའི་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའོ། །
Vol. 134 · folio 271b
ཆོས་ཀུན་ཡིད་ལ་བྱེད་པ་ལ། །ཞེས་བྱ་བ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་དོ། །དེ་ལྟར་དོན་དུ་སྣང་ཕྱིར་རོ། །ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་མདོའི་སྡེ་ལ་སོགས་པ་བདག་མེད་པ་ལ་སོགས་པའི་རྣམ་པར་ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་དེ་དག་གི་དོན་སྣང་བར་འགྱུར་
བའི་ཕྱིར་ཏེ། ཡིད་ལ་བྱེད་པ་ཉིད་གཟུང་བ་དང་འཛིན་པ་ཉིད་དུ་དེ་ལ་སྣང་བར་འགྱུར་གྱི། ཕྱི་རོལ་གྱི་དོན་གང་ཡང་མེད་པར་མངོན་ནོ། །ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །ཞེས་བྱ་བ་ལ་སོགས་པ་ནི་དོན་དུ་གྲུབ་པ་མེད་ཅེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པ་ལ་
དོན་ཐམས་ཅད་མི་སྣང་བས་དེའི་ཕྱིར་ཡང་དོན་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་བྱ་བ་ནི་དོན་མེད་པའི་ཕྱིར་ཏེ། དེའི་ཕྱིར་རྣམ་པར་རིག་པ་ཡང་མེད་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པར་ཤེས་པར་བྱ་བའི་དོན་མེད་ན་རྣམ་པར་རིག་པར་མི་རུང་ངོ་ཞེས་ཤེས་བྱའི་
མཚན་ཉིད་བཤད་པ་ཉིད་དུ་སྔར་ལེགས་པར་རྣམ་པར་ཕྱེ་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ་ཞེས་བྱ་བ་ནི་མཚུངས་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་དེ་ཉིད་ལས་
ཀྱང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་ནས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འབྱུང་ངོ་། །དེ་ཇི་ལྟ་བུ་ཞེ་ན། གནས་རྣམ་པ་ལྔ་ཡོངས་སུ་སྤོང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ།
མུ་སྟེགས་ཅན་གྱི་ངར་འཛིན་པའི་གནས་ཡོངས་སུ་སྤོང་ཞེས་བྱ་བ་ལ་སོགས་པས་གནས་ལྔ་བསྟན་ཏོ། །འདི་ལ་གནས་པས་གནས་ཏེ་བདག་ཅག་གི་ཤེས་རབ་ཀྱི་བདག་ཅག་གིས་རབ་ཏུ་ཤེས་སོ་ཞེས་མུ་སྟེགས་ཅན་རྣམས་ངར་འཛིན་པ་ལ་གནས་སོ། །གནས་དེ་ནི་བྱང་ཆུབ་སེམས་དཔས་
ཡོངས་སུ་སྤོང་སྟེ། ང་དང་ངའི་ཞེས་བྱ་བ་ཤེས་རབ་ལ་མི་འབྱུང་ངོ་། །དེ་ཡོངས་སུ་སྤངས་པའི་ཕྱིར་མི་གནས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ། །དེ་ཁོ་ན་མ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་ན་ཤེས་རབ་
Vol. 134 · folio 272a
ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རྣམ་པར་རྟོག་པ་ལ་གནས་པ་ལྟ་བུ་སྟེ། གནས་དེ་བྱང་ཆུབ་སེམས་དཔས་ཡོངས་སུ་སྤོང་ངོ་། །དེ་ལྟར་ན་མི་གནས་པའི་ཚུལ་གྱིས་དེ་ལ་གནས་པ་ཡིན་ཏེ། ཇི་སྐད་དུ། ཁྱོད་ཉིད་མཐོང་བ་འཆིང་བ་སྟེ། །མ་མཐོང་བ་ཡང་འཆིང་བར་འགྱུར། །ཁྱོད་ཉིད་
མཐོང་བ་གྲོལ་བ་སྟེ། །མ་མཐོང་བ་ཡང་གྲོལ་བར་འགྱུར། །ཞེས་བཤད་པ་ལྟ་བུའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱི་གནས་ཡོངས་སུ་སྤོང་བ་ཞེས་བྱ་བ་ནི་ཇི་ལྟར་འཇིག་རྟེན་པ་དག་ང་རྒྱལ་དང་བཅས་པའི་ཕྱིར་འཁོར་བའི་མཐའ་ལ་གནས་པ་དང་། ཇི་ལྟར་འཕགས་པ་
ཉན་ཐོས་དག་ཉོན་མོངས་པ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་མཐའ་དེ་གཉི་གའི་གནས་ཡོངས་སུ་སྤངས་པས་མི་གནས་པའི་ཚུལ་དུའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་ཆོག་པར་
འཛིན་པའི་གནས་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་སྟེ། དེ་ཙམ་གྱིས་དོན་བྱས་པར་སེམས་དཔའི་ཕྱིར་རོ། །དེ་ནི་སེམས་ཅན་གྱི་དོན་གྱི་བར་ཆད་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤོང་སྟེ། ཇི་སྐད་དུ། དམྱལ་བར་འགྲོ་བ་བྱང་ཆུབ་ལ། །གཏན་དུ་བགེགས་བྱེད་མ་ཡིན་གྱི། །
རང་སངས་རྒྱས་ཀྱི་ས་དང་ནི། །ཉན་ཐོས་ས་དག་བགེགས་བྱེད་དོ། །ཞེས་བཤད་པ་ལྟ་བུ་སྟེ། གནས་དེ་ཡོངས་སུ་སྤངས་པས་མི་གནས་པའི་ཚུལ་དུའོ། །སེམས་ཅན་གྱི་དོན་ལ་མི་ལྟ་བ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་གནས་ཞེས་བྱ་བ་ནི་ཉན་ཐོས་རྣམས་
སེམས་ཅན་གྱི་དོན་ལ་མི་ལྟ་བར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་ཏེ། ཤིང་ཚིག་པའི་མེ་བཞིན་དུ་མྱ་ངན་ལས་འདས་པའོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤོང་སྟེ། ཤེས་རབ་དང་སྙིང་རྗེས་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །
དེ་ཡོངས་སུ་བོར་བས་མི་གནས་པའི་ཚུལ་དུ་བཤད་པར་བྱའོ། །ཉན་ཐོས་ཀྱི་ཡེ་ཤེས་ལས་བྱང་ཆུབ་སེམས་དཔའི་ཡེ་ཤེས་རྣམ་པ་ལྔས་ཁྱད་པར་དུ་སྟོན་ཏེ། རྣམ་པར་མི་རྟོག་པའི་ཁྱད་པར་ཞེས་བྱ་བ་ནི་ཉན་ཐོས་རྣམས་ནི་ཕྱིན་ཅི་ལོག་བཞི་ལ་རྣམ་པར་མི་རྟོག་གོ། །བྱང་ཆུབ་སེམས་དཔའ་
Vol. 134 · folio 272b
རྣམས་ནི་བྱང་ཆུབ་ཅེས་བྱ་བའི་བར་དུ་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་གོ། །ཉི་ཚེ་བ་མ་ཡིན་པའི་ཁྱད་པར་ནི་རྣམ་པ་གསུམ་སྟེ། དེ་ཁོ་ན་རྟོགས་པ་ཉི་ཚེ་བ་མ་ཡིན་པ་ནི་ཉན་ཐོས་རྣམས་དེ་ཁོ་ནའི་ཕྱོགས་གཅིག་གང་ཟག་ལ་བདག་མེད་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་
གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་སོ། །ཤེས་བྱའི་ཉི་ཚེ་བ་མ་ཡིན་པ་ནི་ཉན་ཐོས་རྣམས་སྡུག་བསྔལ་ལ་སོགས་པའི་བདེན་པ་ཙམ་ལ་ཤེས་པ་སྐྱེད་དེ། དེ་ཙམ་གྱིས་དོན་བྱས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ལ་ནི་ཤེས་པ་བསྐྱེད་དེ། སེམས་ཅན་
རྣམས་ལ་ཉི་ཚེ་བ་མ་ཡིན་པ་ནི་ཉན་ཐོས་རྣམས་ནི་བདག་གི་དོན་དུ་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སྦྱོར་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཆེན་པོར་སྦྱོར་ཏེ། རྣམ་པ་འདི་གསུམ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀྱི་ཉི་ཚེ་བ་མ་ཡིན་པའི་
ཁྱད་པར་རོ། །མི་གནས་པ་ཉིད་ཁྱད་པར་ཡིན་པས་མི་གནས་པའི་ཁྱད་པར་ཏེ། ཉན་ཐོས་རྣམས་ནི་མྱ་ངན་ལས་འདས་པ་ལ་གནས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་དང་ཡེ་ཤེས་ཀྱི་དབང་གིས་མྱ་ངན་ལས་འདས་པ་ལ་མི་གནས་སོ། །གཏན་དུ་བའི་ཁྱད་པར་ཞེས་བྱ་བ་ནི་ཉན་
ཐོས་དང་བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདས་པའི་ཁྱད་པར་སྟོན་ཏེ། ཉན་ཐོས་རྣམས་ནི་མར་མེའི་འོད་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་སུ་གྱུར་ནས་གཟུགས་མེད་པ་བཞིན་དུ་ཆོས་ཀྱི་སྐུས་
འཁོར་བ་ཇི་སྲིད་པར་གནས་སོ། །གོང་ན་མེད་པའི་ཁྱད་པར་ཞེས་བྱ་བའི་ཁྱད་པར་འདིས་ཀྱང་དེ་དག་གི་ཡེ་ཤེས་ཁྱད་པར་དུ་འཕགས་ཏེ། ཉན་ཐོས་རྣམས་ཀྱི་གོང་ན་ནི་རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཐེག་པའི་
གོང་ན་ནི་ཐེག་པ་གཞན་མེད་པས་རྣམ་པ་ལྔ་པོ་འདི་དག་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཁྱད་པར་དུ་རིག་པར་བྱའོ། །དོན་དེ་ཉིད་ཚིགས་སུ་བཅད་པས་སྡུད་དེ། སྙིང་རྗེའི་བདག་ཉིད་ཡེ་ཤེས་ཀྱིས། །རྣམ་ལྔ་ཁྱད་པར་འཕགས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་
Vol. 134 · folio 273a
པ་ལྔ་བཤད་ཟིན་ཏོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་མྱ་ངན་ལས་འདས་པ་ཁྱད་པར་དུ་འཕགས་
པའོ། །དེའི་བགེགས་སུ་གྱུར་པའི་ལས་མཐོང་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མཐུ་མངའ་ཡང་ཅིའི་ཕྱིར་གཞན་ལ་ནོར་ལ་སོགས་པ་མི་སྒྲུབ་པ་དེ་བརྗོད་དེ། དེའི་ཞེས་བྱ་བ་ནི་ལོངས་སྤྱོད་རྣམས་དང་སྦྱར་རོ། །ལོངས་སྤྱོད་རྣམས་ཀྱི་བར་དུ་གཅོད་པའི་ལས་མཐོང་ནས་
སྤྱད་དུ་མེད་པའི་ཕྱིར་སྦྱིན་པ་འབྲས་བུ་མེད་པར་འགྱུར་དུ་འོང་ཞེས་དེ་དག་ལ་མི་སྦྱིན་ཏེ། གལ་ཏེ་དེ་དག་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབས་ཀྱང་ལོངས་སྤྱོད་མི་ནུས་པས་འདི་བསྒྲུབས་ཀྱང་ཅི་ཕན་སྙམ་མོ། །དཔེར་ན། མ་ནི་བྱིས་པའི་བུ་རྣམས་ལ། །ནུ་ཞོ་བླུད་པར་ནུས་མོད་ཀྱི། །ཁ་ཡི་
བུ་ག་ཟུམས་པ་ཡི། །བུ་ལ་མས་ནི་ཇི་ལྟར་བྱ། །ཞེས་བཤད་པ་ལྟ་བུའོ། །ལོངས་སྤྱོད་དེ་ཉེ་བར་སྒྲུབ་ན་དགེ་བའི་ཆོས་སྐྱེ་བའི་བར་དུ་གཅོད་པ་ཉིད་དུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་ལོངས་སྤྱོད་བསྒྲུབས་པ་ལ་སྤྱོད་པའི་བགེགས་སུ་གྱུར་པའི་ལས་མེད་དུ་ཟིན་ཀྱང་། གལ་ཏེ་འདི་ལྟར་དེ་ལོངས་སྤྱོད་ཕུན་སུམ་ཚོགས་
པ་རྙེད་ནས་བག་མེད་པས་དགེ་བའི་ཆོས་སྐྱེ་བར་མི་འགྱུར་བར་མཐོང་ན་མི་སྒྲུབ་སྟེ། འདི་ནི་མཐོང་བའི་ཆོས་ལ་དབུལ་པོར་གྱུར་པ་ནི་བླའི། འདི་ཚེ་རབས་གཞན་དག་ན་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་བྲལ་བར་གྱུར་ན་མི་རུང་ངོ་ཞེས་མི་སྒྲུབ་པོ། །འདི་ལྟ་བུས་ཀྱང་མི་སྒྲུབ་སྟེ། ཀུན་
དུ་སྐྱོ་བ་མངོན་དུ་གྱུར་པར་མཐོང་བའི་ཕྱིར། །ཞེས་བྱ་བའོ། །བདག་ནི་དབུལ་པོའོ་ཞེས་གང་ཞིག་ཀུན་དུ་སྐྱོ་བ་མངོན་དུ་གྱུར་པར་མཐོང་ན་དེ་ལ་ཡང་མི་སྒྲུབ་སྟེ། ལོངས་སྤྱོད་བསྒྲུབས་པས་བདེ་བར་གྱུར་ན་ཀུན་དུ་སྐྱོ་བ་མངོན་དུ་གྱུར་པ་མེད་པར་འགྱུར་ཏེ། དེས་ཀྱང་དགེ་བའི་ཆོས་རྣམས་མི་
སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་མོ། །མི་དགེ་བའི་ཆོས་སོགས་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་གང་ལོངས་སྤྱོད་ཆེན་པོ་བསྒྲུབས་ན་ཕུན་སུམ་ཚོགས་པ་དེས་རྒྱགས་ནས་མི་དགེ་བའི་ཆོས་ལ་སོགས་པར་མཐོང་བ་དེ་ལ་ཡང་མི་སྒྲུབ་སྟེ། དཔེར་ན་བློ་གྲོས་ཡངས་པ་རྣམས་ལ་ནོར་མེད་དགེར་
Vol. 134 · folio 273b
འགྱུར་ཏེ། །ཉིས་ན་དབུལ་བར་གྱུར་ཉིད་བླ་ཡི་སྡིག་སྤྱོད་དེ་ལྟ་མིན། །མ་རབས་སེམས་རྒྱགས་གྱུར་ན་དབང་པོའི་རྟ་འཁྲུལ་ཏེ། །རིགས་པ་མིན་དང་ཕོངས་པ་ཀུན་གྱི་སྣོད་དུ་འགྱུར། །ཞེས་བཤད་པ་ལྟ་བུའོ། །སེམས་ཅན་ཆེས་མང་བ་དག་ལ་གནོད་པའི་རྒྱུ་ཉིད་དུ་མ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་སུ་དབང་
ཕྱུག་ཐོབ་ནས་སེམས་ཅན་ཤིན་ཏུ་མང་པོ་དག་ལ་གནོད་པར་བྱེད་པ་དེ་ལ་ཡང་མི་སྒྲུབ་སྟེ། འདི་གཅིག་པུ་དབུལ་བའི་སྡུག་བསྔལ་མྱོང་བ་ནི་བླའི། འདིས་གཞན་མང་པོ་ལ་གནོད་པ་བྱས་ན་མི་རུང་ངོ་སྙམ་མོ། །དོན་དེ་ཉིད་ཚིགས་སུ་བཅད་པས་སྡུད་དེ། ལས་དང་སྒྲིབ་དང་མངོན་གྱུར་དང་། །ཞེས་བྱ་
བ་ལ་སོགས་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་བཤད་ཟིན་ཏོ། །མི་མཐུན་པའི་ཕྱོགས་སྤང་བའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གཉེན་པོ་ཉིད་ཡིན་པས་དེའི་འོག་ཏུ་སྤོང་བའི་ཁྱད་པར་བརྗོད་དོ། །མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་ཉན་ཐོས་
ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །ཉོན་མོངས་པ་ཡོངས་སུ་བཏང་བ་དང་བཅས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་རྣམས་དང་། དེ་ཡོངས་སུ་བཏང་བ་དང་བཅས་པ་སྟེ། དེའི་མཐུ་ལ་གནོད་པའི་ཕྱིར་རོ། །འཁོར་བ་ཡོངས་སུ་མི་གཏོང་པའི་གནས་ཏེ།
གནས་གྱུར་པ་ཞེས་བྱ་བ་ནི་གནས་གྱུར་པ་དེ་ལ་གཟུགས་མེད་པ་བཞིན་དུ་གནས་པ་ནི་ཤེས་རབ་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཉོན་མོངས་པ་རྣམས་ཀྱི་སྐབས་ཀྱང་མི་འབྱེད་ལ། སྙིང་རྗེའི་གཞན་གྱི་དབང་གིས་འཁོར་བ་ཡང་མི་འདོར་རོ། །གནས་ནི་གང་དེའི་གྱུར་པ་ནི་གང་ཞེ་ན། འཁོར་བ་
ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཞེས་བྱ་བས་སྟོན་ཏོ། །འཁོར་བ་ནི་འཁྲུལ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། སྐྱེ་བ་དང་འཆི་བའི་དཔྱངས་ཐག་ལ་འཕྱང་མོ་ཉུག་པའི་རྒྱུན་མི་འཆད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཆ་ཞེས་བྱ་བ་ནི་ཀུན་བརྟགས་པའི་རྣམ་པའི་ཆས་སོ། །མྱ་
ངན་ལས་འདས་པ་ནི་དེ་ཉིད་རྣམ་པར་བྱང་བའི་ཆར་གཏོགས་པ་སྟེ། ཀུན་བརྟགས་པའི་དངོས་པོ་མེད་པའི་ཆར་གཏོགས་པའོ། །གནས་ནི་དེ་ཉིད་གཉི་གའི་ཆར་གཏོགས་པ་སྟེ། གཞན་གྱི་དབང་ངོ་། །གང་གི་གནས་ཤེ་ན། གྱུར་པའི་སྟེ་འབྲེལ་པའི་ཕྱིར་རོ། །དེ་གྱུར་པ་ནི་དེ་ཡོངས་སུ་
Vol. 134 · folio 274a
གྱུར་པའོ། །ཡང་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གནས་ཏེ། ཇི་སྐད་དུ། ས་དང་ཕ་རོལ་ཕྱིན་པ་ནི། །སངས་རྒྱས་ཆོས་ཀྱི་གནས་ཡིན་ནོ། །གནས་གྱུར་པ་ནི་འབྲས་བུ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །ཇི་ལྟར་ནི་འགྱུར་གྱུར་པ་དེ་
གང་ཡིན་སྙམ་པ་ལ། གཞན་གྱི་དབང་འཁྲུལ་པའི་བདག་ཉིད་དེའི་གཉེན་པོ་སྐྱེས་ན་ཞེས་བྱ་བ་སྨོས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ནའོ། །ཀུན་ནས་ཉོན་མོངས་པའི་ཆ་ལྡོག་ཅིང་ཞེས་བྱ་བ་ནི་འཁྲུལ་པའི་ཆ་གཟུང་བ་དང་འཛིན་པ་ཉིད་དེ། ལྡོག་པ་ནི་གཞན་དུ་གྱུར་པའོ། །
རྣམ་པར་བྱང་བའི་ཆར་གྱུར་པ། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མེད་པའི་དངོས་པོར་ཏེ། གཟུང་བ་དང་འཛིན་པ་མེད་པ་ཉིད་ནི་སོ་སོ་རང་གིས་རིག་པར་བྱ་བ་བརྗོད་དུ་མེད་པའོ། །ཉམ་ཆུང་བར་བྱེད་ཅིང་རྒྱས་པར་གྱུར་པ་སྟེ། མོས་པའི་དབང་གིས་ཐོས་པའི་བག་ཆགས་བསྐྱེད་པའི་སྟོབས་ཀྱིས་
རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་གནས་པའི་ཉོན་མོངས་པའི་བག་ཆགས་ཉམ་ཆུང་བར་བྱེད་ཅིང་རྣམ་པར་བྱང་བ་རྒྱས་པར་འགྱུར་བའོ། །མོས་པ་དང་ཐོས་པའི་བག་ཆགས་གནས་པས་འཛེམ་པ་དང་བཅས་པ་ལ་ཉོན་མོངས་པ་ཆུང་ངུ་ཀུན་དུ་འབྱུང་བའམ་ཀུན་དུ་མི་འབྱུང་བར་
འགྱུར་རོ། །རྟོགས་ནས་གྱུར་པ་ནི་སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་དང་དེ་ཁོ་ན་ཡིན་པ་སྣང་བ་སྟེ། བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀུན་དུ་འབྱུང་བའི་ཕྱིར་དེ་ལ་རེས་འགའ་ནི་དེ་ཁོ་ན་
སྣང་། རེས་འགའ་ནི་དེ་ཁོ་ན་མ་ཡིན་པ་སྣང་སྟེ། ལངས་པའི་འོག་ཏུ་སྟེ་ས་དྲུག་པའི་བར་དུའོ། །བསྒོམས་པས་གྱུར་པ་ནི་སྒྲིབ་པ་དང་བཅས་པ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་བྱའི་སྒྲིབ་པ་དང་བཅས་པར་གྱུར་པའི་མཚན་མ་ཐམས་ཅད་མི་སྣང་བ་དང་། དེ་ཁོ་ན་ཉིད་སྣང་བར་གནས་གྱུར་པ་གང་ཡིན་
པ་དེ་སྟེ། ས་བཅུ་པའི་བར་དུའོ། །འབྲས་བུ་ཡོངས་སུ་རྫོགས་པར་གྱུར་པ་ནི་སྒྲིབ་པ་མེད་པ་རྣམས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་གང་སྒྲིབ་པ་ཐམས་ཅད་ཀྱིས་སྒྲིབ་པ་མེད་པར་གྱུར་པའི་མཚན་མ་ཐམས་ཅད་མི་སྣང་བར་གྱུར་པ་དང་། སྒྲིབ་པ་ཐམས་ཅད་མེད་པའི་ཕྱིར་དེ་ཤིན་ཏུ་རྣམ་པར་དག་
Vol. 134 · folio 274b
པའི་དེ་ཁོ་ན་སྣང་བ་དང་མཚན་མ་དེ་དག་ཉིད་ལ་དབང་ཐོབ་པར་གྱུར་བའི་གནས་ཡིན་ཏེ། འདི་ལྟར་མཚན་མ་ལ་དབང་ཐོབ་པ་དེ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་དོ། །གྱུར་པ་དམ་པ་ནི་གོ་བླ་སྟེ། བཤད་པ་ཉིད་ཀྱིས་དེ་བཤད་པ་ཡིན་ནོ། །གྱུར་པ་རྒྱ་ཆེ་བ་ནི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ཉོན་མོངས་པ་སྤོང་ཞིང་དེ་ཡོངས་སུ་མི་གཏོང་བའི་ཕྱིར་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་འཁོར་བ་བདག་མེད་པར་རྟོགས་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ཡང་ཡོངས་སུ་མི་གཏོང་བ་ནི་འཁོར་བ་དེ་ཉིད་
ལ་ཞི་བར་མཐོང་བས་སོ། །གྱུར་པ་དམན་པའི་ཉེས་དམིགས་ནི་གོ་(བླ་‚སླ་)བས་མ་བཤད་དོ། །གྱུར་པ་རྒྱ་ཆེ་བའི་ཕན་ཡོན་ནི་ཆོས་ཐམས་ཅད་ལ་དབང་འབྱོར་པ་ཐོབ་ནས་དེ་སྐལ་བ་མཉམ་པའི་ལུས་ཐམས་ཅད་ཀུན་དུ་སྟོན་པས་ཐབས་རྣམ་པ་སྣ་ཚོགས་ཀྱིས་མངོན་པར་མཐོ་བ་འཇིག་རྟེན་
པའི་ཕུན་སུམ་ཚོགས་པ་དང་། ཐེག་པ་གསུམ་ལ་གདུལ་བ་ལ་སྐལ་བ་ཅན་རྣམས་འདུལ་ཞིང་འགོད་དེ་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་ནི་ཕན་ཡོན་ཡིན་ནོ། །གནས་གྱུར་པའི་སྐབས་ནས་ཚིགས་སུ་བཅད་པ། བྱིས་པ་རྣམས་ལ་ཡང་དག་བསྒྲིབས། །ཡང་དག་མ་ཡིན་ཀུན་དུ་
སྣང་། །ཞེས་བྱ་བ་ལ་སོགས་པའོ། །མ་རིག་པ་མ་སྤངས་པ་རྣམས་ལ་ནི་དེ་ཁོ་ན་མི་སྣང་སྟེ། དེའི་ཕྱིར་བསྒྲིབས་པ་ཞེས་བྱའོ། །བྱིས་པ་རྣམས་ལ་ཇི་ལྟར་དེ་ཁོ་ན་བསྒྲིབས་ནས་མ་རིག་པའི་དབང་གིས་དེ་ཁོ་ན་མ་ཡིན་པ་ཀུན་དུ་སྣང་བ་དེ་ལྟར་བྱང་ཆུབ་སེམས་རྣམས་ལ་ནི་མ་ཡིན་ཏེ། མ་
རིག་པ་སྤངས་པའི་ཕྱིར་དེ་དག་ལ་ནི་དེ་ཁོ་ན་ཉིད་སྣང་སྟེ། རིག་པས་ཀྱང་དེ་ཁོ་ན་མ་ཡིན་པ་མེད་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་བྱས་ན་དོན་མེད་པ་དང་དོན་ཡོད་པ། །མི་སྣང་སྣང་བར་ཤེས་པར་བྱ། །ཞེས་བྱ་བ་ལ་མི་སྣང་བ་ནི་དོན་མེད་པ་ཀུན་དུ་བརྟགས་པའོ། །སྣང་བ་ནི་དོན་ཡོད་
པ་ཡོངས་སུ་གྲུབ་པའོ། །གང་དེ་ཁོ་ན་མ་ཡིན་པ་མི་སྣང་བ་དང་། དེ་ཁོ་ན་སྣང་བ་འདི་ནི་གནས་གྱུར་པའོ། །འདོད་དགུར་སྒྱུར་ཕྱིར་ཐར་པ་ཡིན། །ཞེས་བྱ་བ་ནི་གནས་གྱུར་པ་དེ་ཉིད་ཐར་པ་སྟེ། རང་དབང་ཡོད་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་འདོད་དགུར་སྒྱུར་བ་འཐོབ་པ་ནི་ཅི་འདོད་པ་བཞིན་
Vol. 134 · folio 275a
སྤྱོད་པས་གྲོལ་བ་ཞེས་བྱའོ། །འཁོར་བ་དང་ནི་མྱ་ངན་འདས། །མཚུངས་པར་ཤེས་པ་ནམ་སྐྱེ་བ། །ཞེས་བྱ་བ་ལ། འཁོར་བ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཡང་དངོས་པོ་མེད་པ་ཉིད་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་
ན་གཏོང་བ་མ་ཡིན་ཏེ། འདི་ལྟར་འཁོར་བ་ཉིད་དེའི་མྱ་ངན་ལས་འདས་པར་འགྱུར་རོ། །མི་གཏོང་མིན་ཏེ། འདི་ལྟར་དེ་ཡང་འཁོར་བ་ལ་འཁོར་བའི་འདུ་ཤེས་མི་འཇུག་གོ། །ཐོབ་པ་མ་ཡིན་ཏེ། འདི་ལྟར་འཁོར་བ་ལས་གུད་ན་མྱ་ངན་ལས་འདས་པ་མི་རྙེད་དོ། །མི་འཐོབ་མིན་ཏེ། འདི་ལྟར་དེ་ཉིད་དེའི་
མྱ་ངན་ལས་འདས་པའོ། །སྤོང་བའི་རྣམ་པར་འགྲེལ་པའོ། །སྤོང་བར་བྱ་བ་སྤངས་པས་ཡེ་ཤེས་དྲི་མ་མེད་ཅིང་ཐོགས་པ་མེད་པར་འགྱུར་བས་ན་སྤོང་བའི་ཁྱད་པར་གྱི་འོག་ཏུ་ཡེ་ཤེས་ཀྱི་ཁྱད་པར་བརྗོད་དོ། །ངོ་བོ་ཉིད་ཀྱི་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པའི་ཕྱིར་རོ། །སྐུ་ནི་བསྩགས་པ་ལྟ་བུ་སྟེ།
ཆོས་རྣམས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུའོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གནས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གནས་དང་ལྡན་པའི་ཕྱིར་རོ། །ཡང་ན་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཡང་ཡིན་ལ་གནས་ཀྱང་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་
ནི་གང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་རབ་ཏུ་ཕྱེ་བ་སྟེ། བདེ་བ་ཅན་ལ་སོགས་པས་རབ་ཏུ་ཕྱེ་བའོ། །ཆོས་ཀྱི་སྐུ་ལ་བསྟན་པ་ཞེས་བྱ་བ་ནི་དེ་ཡོད་ན་དེ་ཡོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་མདོ་ལ་སོགས་པའི་
ཆོས་མྱོང་སྟེ། དེའི་དོན་རྟོགས་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གསེར་ལ་སོགས་པའི་རང་བཞིན་ཅན་དང་ཆོས་མྱོང་བར་མཛད་པ་སྟེ། སྔོན་གྱི་ཚོགས་ཀྱི་འཕེན་པའི་མཐུས་སོ། །རྣམ་པར་མི་རྟོག་ཅིང་དྲི་མ་མེད་ལ་ཐོགས་པ་མེད་པའི་ཡེ་ཤེས་སྔོན་དུ་འགྲོ་བའི་ཡེ་ཤེས་
དེའི་དབང་གིས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པས་ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་སྣང་བའི་ཡེ་ཤེས་སྐྱེའོ། །སྤྲུལ་པའི་སྐུ་ནི་གང་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་
Vol. 134 · folio 275b
དེ་སྔ་མ་བཞིན་ནོ། །ཡེ་ཤེས་ཀྱི་ཁྱད་པར་དེའི་མཐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ། །ཞེས་བྱ་བའི་བར་སྐལ་བ་ཅན་རྣམས་ཀྱི་རྒྱུད་གཞན་དག་ལ་མིང་དང་སྐལ་བ་མཉམ་པར་སྣང་བའི་རྣམ་པར་རིག་པ་རྣམས་འབྱུང་ངོ་། །འདིར་སྡོམ་གྱི་ཚིགས་སུ་
བཅད་པ་ཞེས་བྱ་བ་ནི་བསྡོམས་པའི་དོན་བསྟན་པ་ནི་སྡོམ་མོ། །མཚན་ཉིད་དང་ནི་ཐོབ་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་ལྔ་ཞེས་བྱ་བ་ནི་བསྟན་པའོ། །གནས་གྱུར་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །སྒྲིབ་པ་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཆར་
གཏོགས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་ལོག་ན་ཞེས་བྱ་བ་ནི་གཞན་གྱི་དབང་གི་ཀུན་ནས་ཉོན་མོངས་པའི་ཆ་གཟུང་བ་དང་། འཛིན་པའི་དངོས་པོ་གང་ཡིན་པ་དེའི་གཟུང་བ་དང་འཛིན་པ་རྣམ་པར་ལོག་པར་གྱུར་ན་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཆོས་ཐམས་ཅད་ལ་དབང་
སྒྱུར་བ་ཉེ་བར་གནས་པ་རྣམ་པར་བྱང་བའི་ཆར་གཏོགས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་ཏེ། གཟུང་བ་དང་འཛིན་པའི་དངོས་པོའི་ངོ་བོ་ཉིད་ལས་གྱུར་པའོ། །དཀར་པོའི་ཆོས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་ཉན་ཐོས་རྣམས་ཀྱི་གནས་གྱུར་པ་ནི་ཉོན་མོངས་པ་སྤངས་པ་ཙམ་
གྱིས་རབ་ཏུ་ཕྱེ་བའི་ཕྱིར་དཀར་པོའི་ཆོས་ཀྱི་རང་བཞིན་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དཀར་པོའི་ཆོས་ཀྱི་རང་བཞིན་ཉིད་དེ། དེ་ལ་ནི་ལུང་དུ་མ་བསྟན་པའི་གནས་སྐབས་ཀྱང་གང་ཡང་མེད་ན་ཉོན་མོངས་པ་ཅན་གྱི་གནས་སྐབས་ལྟ་ག་
ལ་ཡོད། དབང་བཅུ་སྟོན་ཏེ། ཚེ་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་འཆི་བའི་ཕྱིར་རོ། །སེམས་ལ་དབང་བ་ནི་གང་འཁོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། གཞན་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཀྱང་སྒྲུབ་ཅིང་དེ་ལ་དེ་དག་གི་སེམས་གཏོང་པའོ། །ཡོ་བྱད་ལ་དབང་བ་ནི་ཟས་
ལ་སོགས་པའི་ཡོ་བྱད་རྣམས་ཇི་ལྟར་བསམས་པ་བཞིན་དུ་གནས་པའི་ཕྱིར་རོ། །ཡོ་བྱད་ནི་འཚོག་ཆས་ཞེས་བྱ་བ་དང་དོན་གཅིག་སྟེ། བསམ་པ་ཇི་ལྟར་བ་བཞིན་དུ་སེམས་ཅན་རྣམས་ལ་ཡོ་བྱད་སྦྱིན་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་
Vol. 134 · folio 276a
ཆར་ཡང་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །ལས་ལ་དབང་བ་ནི་ལུས་དང་ངག་གི་ལས་ཇི་ལྟར་བསམས་པ་བཞིན་དུ་གནས་པའི་ཕྱིར་ཏེ། སེམས་ཅན་རྣམས་ཀྱང་དེ་ལ་འཛུད་པའི་ཕྱིར་རོ། །སྐྱེ་བ་ལ་དབང་བ་ནི་ཇི་ལྟར་བསམས་པ་བཞིན་དུ་འགྲོ་བ་རྣམས་སུ་སྐྱེ་བའི་ཕྱིར་
ཏེ། །ཇི་སྐད་དུ། ཚུལ་ཁྲིམས་དང་ལྡན་པའི་སྨོན་པ་འགྲུབ་པོ་ཞེས་གསུངས་པ་ལྟ་བུའོ། །མོས་པ་ལ་དབང་བ་ནི་ཇི་ལྟར་མོས་པ་བཞིན་དུ་ས་ལ་སོགས་པ་གསེར་ལ་སོགས་པར་བསྒྱུར་བས་དེའི་མོས་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི། ཇི་ལྟར་
སྔོན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་མཐུན་པར་བྱས་པ་དེ་བཞིན་དུས་ལ་སོགས་པ་ཡང་དེའི་མོས་པའི་རྗེས་སུ་མཐུན་པར་འགྱུར་རོ། །སྨོན་ལམ་ལ་དབང་བ་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་དོན་འགྲུབ་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་སྔོན་སེམས་
ཅན་གྱི་དོན་ལ་བརྩོན་འགྲུས་མ་བཏང་བའི་ཕྱིར་རོ། །མངོན་པར་ཤེས་པ་ལྔས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་ནི་ཇི་ལྟར་བསམས་པ་བཞིན་དུ་མངོན་པར་སྒྲུབ་པའི་ཕྱིར་རོ། །བསམ་གཏན་གྱི་འབྲས་བུ་ནི་སྔོན་སེམས་ཅན་རྣམས་ཀྱི་དགོས་པ་ཇི་ལྟ་བ་བཞིན་དུ་བསམ་གཏན་ལ་སྙོམས་
པར་ཞུགས་པའི་ཕྱིར་རོ། །ཡེ་ཤེས་ལ་དབང་བ་ནི་ཇི་ལྟར་བཞེད་པ་བཞིན་ཡེ་ཤེས་མངོན་སུམ་དུ་མཛད་པའི་ཕྱིར་རོ། །ཆོས་ལ་དབང་བ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་ཏེ། སྔོན་གཞན་དག་ལ་ཇི་ལྟར་འདོད་པ་བཞིན་དུ་
ཡེ་ཤེས་བཏང་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུའི་ཁྱད་པར་རོ། །ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་ཞེས་བྱ་བ་ལ་ཡོད་པའི་མཚན་ཉིད་མ་ཡིན་པ་ནི། ཆོས་ཐམས་ཅད་དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །མེད་པའི་མཚན་ཉིད་མ་
ཡིན་པ་ནི། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི། ལས་དང་ཉོན་མོངས་པ་རྣམས་ཀྱིས་མངོན་པར་འདུས་མ་བྱས་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །ཆོས་འདུས་བྱས་སུ་སྣང་བ་ཀུན་དུ་སྟོན་
Vol. 134 · folio 276b
པ་ལ་དབང་འབྱོར་པ་ཐོབ་ནས་དེ་དག་ལ་ཡང་དང་ཡང་སྟོན་པའི་ཕྱིར་འདུས་མ་བྱས་ཀྱི་མཚན་ཉིད་མ་ཡིན་ནོ། །ཐ་དད་པ་དང་ལྷན་ཅིག་པ་གཉིས་སུ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་གཅིག་པའི་ཕྱིར་ཐ་དད་པའི་མཚན་ཉིད་མ་ཡིན་ནོ། །གནས་ཚད་མེད་པ་དག་གིས་འཐོབ་པའི་ཕྱིར་གཅིག་
པའི་མཚན་ཉིད་མ་ཡིན་ནོ། །འདི་གཉིས་ལས་གང་ཡང་རུང་བ་གཅིག་མེད་པའི་ཕྱིར་གཉིས་སུ་མེད་པའོ། །རྟོགས་པར་སླ་བར་བྱ་བའི་ཕྱིར་དོན་དེ་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་སྡུད་དེ། བདག་ཏུ་འཛིན་པ་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །གང་ལ་ངའོ་སྙམ་དུ་འཛིན་པ་ཡོད་
པ་དེ་ལ་ནི་འདི་ནི་གཞན་ནོ་ཞེས་བྱ་བ་ཡོད་ལ། གང་ལ་གཞན་ཞེས་བྱ་བ་ནི་རྣམ་པར་གཅོད་པ་ཡོད་པ་དེ་ན་ཐ་དད་པ་ཡོད་ཀྱི་ཆོས་ཀྱི་སྐུ་ལ་ནི་བདག་ཏུ་འཛིན་པ་གང་ཡང་མེད་པས་ཐ་དད་པ་མེད་དོ། །གལ་ཏེ་ཐ་དད་པ་མེད་ན་ཇི་ལྟར་སངས་རྒྱས་ཉིད་མང་སྙམ་པ་ལ། སྔོན་གྱི་རྗེས་སུ་འབྲང་བས་ན། །དེ་
ལ་གདགས་པ་ཐ་དད་བྱེད། །ཅེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་རྗེས་སུ་འགྲོ་བས་འདི་ནི་ཤཱཀྱ་ཐུབ་པའོ། །འདི་ནི་རྣམ་པར་གཟིགས་སོ་ཞེས་ཐ་སྙད་དང་མཐུན་པར་བྱས་པའི་ཕྱིར་རོ། །ཐ་དད་རིགས་ཕྱིར་སངས་རྒྱས་ཉིད་གཅིག་མ་ཡིན་ནོ། །རིགས་ནི་སྐྱེ་མཆེད་དྲུག་
གི་ཁྱད་པར་ཏེ། དེ་ནི་ཐ་དད་དེ། རང་བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབས་པའི་ཕྱིར་རོ། །དེ་ཐ་དད་པས་སྦྱོར་བ་ཡང་ཐ་དད་དེ། དེ་ལས་སངས་རྒྱས་ནི་གཅིག་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་མི་རིགས་སོ། །དོན་མེད་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཉིད་མང་པོ་ཉིད་ཅེས་བྱ་བར་
སྦྱར་ཏེ། སངས་རྒྱས་ཉིད་གཅིག་ཏུ་ཟད་ན་ནི་སོ་སོའི་ཚོགས་རྣམས་དོན་མེད་པར་འགྱུར་རོ། །ཀུན་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་རྣམས་ནི་ཐེག་པ་གསུམ་པོ་དག་ལ་འགོད་པའི་ཕྱིར་སོ་སོར་སེམས་ཅན་གྱི་དོན་མཐའ་དག་ལ་ནན་ཏན་མཛད་དོ། །གལ་ཏེ་སངས་རྒྱས་གཅིག་ཁོ་ན་
ཡིན་ན་ནི་སངས་རྒྱས་གཉིས་པ་མེད་པའི་ཕྱིར་དེ་སེམས་ཅན་རྣམས་སངས་རྒྱས་ཉིད་ལ་འཇོག་པར་མི་མཛད་པས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་པར་མ་གྱུར་ཏེ། དེའི་ཕྱིར་སངས་རྒྱས་ཉིད་མང་པོ་ཉིད་དུ་ཤེས་པར་བྱའོ། །ཐོག་མ་མེད་པའི་ཕྱིར་ཞེས་བྱ་བ་ནི་འཁོར་བ་བཞིན་དུ་
Vol. 134 · folio 277a
སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་ཐོག་མའི་མཐའ་མེད་པར་འདོད་དེ། སངས་རྒྱས་གཞན་ལ་བསྙེན་བཀུར་མ་བྱས་པའི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཉིད་ནི་རྒྱུ་མེད་པ་ལས་བྱུང་བར་གྱུར་དུ་འོང་ངོ་། །དེ་ལྟ་བས་ན་གཅིག་པ་མ་ཡིན་ནོ། །མང་པོ་ཡང་མ་ཡིན་
ཏེ། དྲི་མ་མེད་པའི་གནས་ལ་ཐ་དད་པ་མེད་པའི་ཕྱིར་རོ། །དྲི་མ་མེད་པའི་གནས་ནི་འདིར་ཆོས་ཀྱི་དབྱིངས་སུ་འདོད་དེ། ཡེ་ཤེས་ཀྱི་བྱེ་བྲག་གིས་གློ་བུར་དྲི་མ་སྤངས་པའི་ཕྱིར་ཏེ། དེ་ལ་ཐ་དད་པ་མེད་དོ། །རྟག་པའི་མཚན་ཉིད་ཅེས་བྱ་བ་ནི་ཐེར་ཟུག་གི་མཚན་ཉིད་དོ། །དེ་བཞིན་ཉིད་རྣམ་པར་དག་པ་
དེ་ནི་རྟག་པ་སྟེ། གཞན་དུ་ན་དེ་བཞིན་ཉིད་ཅེས་བྱ་བ་ཡང་མེད་པར་འགྱུར་རོ། །སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེས་སྔོན་འདི་སྐད་དུ་སེམས་ཅན་ཚད་མེད་པ་དག་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་སྨོན་ལམ་བཏབ་པ་ཡང་རྟག་པ་ཉིད་མེད་དུ་ཟིན་ན་དེ་གྲུབ་པར་མི་འགྱུར་རོ། །སྨོན་
ལམ་བཏབ་ཏུ་ཟིན་ཀྱང་སེམས་ཅན་མཐའ་ཡས་པའི་ཕྱིར་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། སེམས་ཅན་ཇི་སྲིད་པར་གནས་པའི་ཕྱིར་རྟག་པ་ཉིད་དོ། །བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པར་དག་པ་དེ་སོ་སོ་རང་གིས་རིག་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ཞེས་བྱ་བ་
ནི་རིགས་པ་ངེས་པར་སེམས་པ་ལས་བྱུང་བའི་ཤེས་པ་སྟེ། རྟོག་གེར་རྟོགས་པ་དཔེར་ཤེས་པར་བྱ་སྟེ། དེའི་སྤྱོད་ཡུལ་མ་ཡིན་པས་རྟོག་གེའི་ས་ལ་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཆོས་ཀྱི་སྐུ་ནི་མོས་པ་དང་ཆོས་སྤྱོད་པ་རྣམས་ཀྱིས་ཀྱང་ཐོག་མ་ཉིད་
དུ་འཐོབ་པས་ན་རེག་པས་འཐོབ་ཅེས་བྱེ་བྲག་ཏུ་བྱས་ཏེ། འཐོབ་པས་རྙེད་པ་ཡིན་ནོ། །རྟག་པའི་ཕྱིར་བསྐྱེད་པ་ཞེས་ནི་མི་བརྗོད་དོ། །ཐེག་པ་ཆེན་པོའི་ཆོས་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པ་ལྔ་ལེགས་པར་
བསྒོམས་པ་ཞེས་བྱ་བ་ལ། རྣམ་པ་ལྔ་ནི་སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་དང་། ཆོས་ཀྱི་སྣང་བ་ཐམས་ཅད་དུ་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་
Vol. 134 · folio 277b
ཡང་དག་པར་ཤེས་པ་དང་། རྣམ་པར་དག་པའི་ཆ་དང་མཐུན་པའི་མཚན་མ་རྣམ་པར་བརྟགས་པ་མ་ཡིན་པ་རྣམས་དེ་ལ་ཀུན་དུ་འབྱུང་བ་དང་། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་གོང་མ་བས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །སྒྲིབ་པ་སྲབ་མོ་
གཞིག་པར་དཀའ་བ་ཤིགས་པའི་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་མཚན་མ་སྟོན་ཏེ། དཔེར་ན་རྡོ་རྗེས་ནི་ཤིན་ཏུ་སྲ་བ་གཞིག་པར་དཀའ་བའི་རྡོ་རྗེ་ཡང་ཕིགས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་འདི་ཡང་དེ་ལས་གཞན་པའི་ཤེས་པ་རྣམས་ཀྱིས་གཞིག་པར་དཀའ་བ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་
རྣམ་པ་ཤིན་ཏུ་སྲ་བ་གཞིག་པའི་ཕྱིར་ཡེ་ཤེས་ཀྱི་དེ་མ་ཐག་པའི་ལམ་ཡིན་པས་རྡོ་རྗེ་དང་བསྟུན་པ་སྟེ། ཏིང་ངེ་འཛིན་དེས་ནི་སྒྲིབ་པ་ཐམས་ཅད་དང་བྲལ་ལོ། །དེ་དག་གིས་གནས་གྱུར་པས་འཐོབ་བོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་དང་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་དེ་གཉིས་ཀྱིས་གནས་གྱུར་
པ་ཆོས་ཀྱི་སྐུ་འཐོབ་པོ། །འབྱོར་པ་རྣམ་པ་ལྔས་ཞེས་བྱ་བ་ནི་ཕུང་པོ་ལྔ་གྱུར་པས་སོ། །ཉན་ཐོས་ནི་སྡུག་བསྔལ་གྱིས་འཇིགས་པའི་ཕྱིར་མཛེ་ཅན་ལུས་འདོར་བ་བཞིན་དུ་ཕུང་པོའི་རྒྱུན་གཅོད་དོ། །བྱང་ཆུབ་སེམས་དཔའ་ནི་ཐབས་ཡོངས་སུ་བཟུང་བའི་ཕྱིར་མཛེ་ཅན་སྒྲིན་པོ་སྨན་བཅུད་ཀྱིས་
ལེན་ལ་བརྟན་པ་བཞིན་དུ་ཁ་ན་མ་ཐོ་བ་མེད་པ་ཉིད་དུ་སྒྱུར་རོ། །དེ་ལ་གཟུགས་ཀྱི་ཕུང་པོ་གྱུར་པས་སངས་རྒྱས་ཀྱི་ཞིང་ལ་དབང་འབྱོར་ཏེ། ཇི་ལྟར་འདོད་པ་བཞིན་དུ་གསེར་ལ་སོགས་པའི་རང་བཞིན་དུ་སྟོན་པའི་ཕྱིར་རོ། །ལུས་བསྟན་པ་ལ་དབང་འབྱོར་ཏེ། ཇི་ལྟར་བསམས་པ་བཞིན་དུ་
ལུས་འགྱུར་བ་དང་འཁོར་གྱི་དཀྱིལ་འཁོར་ཐ་དད་པ་རྣམས་སུ་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་སྟོན་པའི་ཕྱིར་རོ། །མཚན་དང་དཔེ་བྱད་བཟང་པོ་ལ་དབང་འབྱོར་ཏེ། མཚན་དེ་དང་དཔེ་བྱད་བཟང་པོ་དེ་དང་དེ་ཇི་ལྟར་འདོད་པ་བཞིན་དུ་རབ་ཏུ་སྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་གསུང་དབྱངས་
མཐའ་ཡས་པ་དང་། སྤྱི་གཙུག་བལྟར་མི་མཐོང་བ་ལ་ཡང་དབང་འབྱོར་ཏོ། །ཚོར་བའི་ཕུང་པོ་གྱུར་པས་ནི་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ལ། རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་པ་འཐོབ་སྟེ། དེ་ལ་ཁ་ན་མ་ཐོ་བ་མེད་པ་ནི་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཚད་མེད་པ་ནི་སྣ་ཚོགས་ཀྱི་
Vol. 134 · folio 278a
ཕྱིར་རོ། །རྒྱ་ཆེ་བ་ནི་ཁམས་གསུམ་པའི་བདེ་བ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །འདུ་ཤེས་ཀྱི་ཕུང་པོ་གྱུར་པས་ནི་བསྟན་པ་ལ་སོགས་པ་ལ་དབང་འབྱོར་བ་ཐོབ་སྟེ། འདི་ལྟར་འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དེ། དོན་ཡོངས་སུ་གཅོད་པའོ། །ཇི་ལྟར་
འདུ་ཤེས་སུ་འགྱུར་བ་དེ་ལྟ་བུ་མིང་གི་ཚོགས་ལ་སོགས་པས་རྗེས་སུ་ཐ་སྙད་འདོགས་སོ། །འདུ་བྱེད་ཀྱི་ཕུང་པོ་གྱུར་པས་ནི་སྤྲུལ་པ་དང་བསྒྱུར་བ་དང་། འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་ཐོབ་སྟེ། དེ་ལ་སྤྲུལ་པ་ལ་དབང་འབྱོར་བ་ནི་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པའི་ཕྱིར་རོ། །བསྒྱུར་
བ་ལ་དབང་འབྱོར་བ་ནི་ས་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་གསེར་ལ་སོགས་པ་དངོས་པོར་བསྒྱུར་བའི་ཕྱིར་རོ། །འཁོར་བསྡུ་བ་ལ་དབང་འབྱོར་པ་ནི་ཇི་ལྟར་བསམས་པ་བཞིན་དུ་ལྷ་ལ་སོགས་པའི་འཁོར་འགུགས་པའི་ཕྱིར་རོ། །དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་པ་ནི་ཇི་
ལྟར་བསམས་པ་བཞིན་དུ་ཟག་པ་མེད་པའི་ཆོས་མངོན་དུ་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཕུང་པོ་གྱུར་པས་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་དབང་འབྱོར་པ་ཐོབ་སྟེ། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་དམིགས་པ་མངོན་དུ་
མ་གྱུར་ཀྱང་བསྙེལ་བ་མི་མངའ་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་གཟིགས་པ་གང་ལས་བྱུང་བའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་གང་གིས་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། ཤེས་བྱ་གཞན་དག་ཀྱང་ཇི་ལྟར་བཞེད་པ་
བཞིན་དུ་ཐོགས་པ་མེད་པར་མཁྱེན་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་གང་གིས་དགའ་ལྡན་ལ་སོགས་པ་ན་གནས་པ་ནས་བཟུང་སྟེ། མྱ་ངན་ལས་འདས་པའི་བར་དུ་དེ་དག་ཀུན་དུ་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའོ། །ཆོས་ཇི་སྙེད་ཅིག་གི་གནས་ཡིན་ཞེས་བྱ་བ་ནི་འདྲི་བར་
སྨྲས་པའོ། །མདོར་བསྡུ་ན་གསུམ་གྱིས་གནས་ཏེ་ཞེས་བྱ་བ་ནི་རྒྱས་པར་བྱ་ན་ཡོན་ཏན་ཚད་མེད་པ་རྣམས་ཀྱི་གནས་སོ། །མདོར་བསྡུ་ན་ནི་གསུམ་གྱི་གནས་ཏེ། སངས་རྒྱས་ཀྱི་གནས་པ་སྣ་ཚོགས་ཀྱིས་གནས་ཞེས་བྱ་བ་ནི་འདི་ལྟར་ཆོས་ཀྱི་སྐུ་ལ་བརྟེན་ནས་གནས་པ་རྣམ་པ་སྣ་ཚོགས་ལྷ་དང་
Vol. 134 · folio 278b
འཕགས་པ་དང་ཚངས་པའི་གནས་པ་རྣམས་ཀྱིས་གནས་ཏེ། དེའི་ཕྱིར་དེ་ནི་དེ་དག་གི་གནས་སོ། །དེ་ལ་ལྷའི་གནས་པ་རྣམས་ཀྱི་ནང་ན་ནི་བསམ་གཏན་བཞི་པ་ལ་དེ་བཞིན་གཤེགས་པ་རྣམས་ལན་མང་དུ་གནས་པ་མཛད་དོ། །འཕགས་པའི་གནས་པ་རྣམས་ཀྱི་ནང་ན་ནི་སྟོང་པ་ཉིད་ལ་
གནས་སོ། །ཚངས་པའི་གནས་པ་རྣམས་ཀྱི་ནང་ན་ནི་སྙིང་རྗེ་ལ་གནས་སོ། །སྣ་ཚོགས་འདི་དག་གིས་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་སོ། །ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་བསྟན་པའི་ཕྱིར། གང་ཕྱིར་སངས་རྒྱས་རང་གིས་དབྱིངས་བརྙེས་ནས། །ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །རང་གི་དབྱིངས་བརྙེས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་བརྙེས་པའོ། །དགའ་དང་བྲལ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ཆོས་ཀྱི་དབྱིངས་དེ་མ་རྙེད་པས་རྣམ་པ་ལྔའི་བདག་ཉིད་ཀྱི་དགའ་བ་དང་བྲལ་ཏེ། མགོ་བཅད་པ་དང་འདྲ་བའི་མྱ་ངན་ལས་འདས་པར་མྱ་ངན་ལས་འདའ་བས་
དགའ་བ་དང་བྲལ་བའོ། །དེའི་ཕྱིར། དེ་འདོད་པས་ནི་དེ་ཐོབ་བྱེད། །ཅེས་བྱ་བ་ནི་དགའ་བ་རྣམ་པ་ལྔ་འདོད་པའི་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་དེ་ཡང་དག་པར་ཐོབ་པར་བྱེད་དོ། །རྣམ་པ་ལྔའི་བདག་ཉིད་ཀྱི་དགའ་བ་དེ་གང་ཞེ་ན། མཐུ་དང་བྱ་བ་གྲུབ་དང་ཆོས་རོ་དང་། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དགའ་བའི་རྒྱུ་ཐ་དད་པའི་ཕྱིར་རོ། །མཐུ་ནི་ནུས་པ་སྟེ། དེའི་དཔག་ཏུ་མེད་པ་ནི་དེ་དེ་བཞིན་གཤེགས་པ་མཐུ་དང་ལྡན་པ་གང་གཱའི་ཀླུང་དུ་མའི་བྱེ་མ་བགྲང་བ་ལས་འདས་པ་རྙེད་ཀྱི་ཆོས་ཀྱི་སྐུ་ལ་ཐ་དད་པ་མེད་པའི་ཕྱིར་ཏེ། ཐམས་ཅད་ཀྱང་མཐུ་མཚུངས་པའི་ཕྱིར་རོ། །
གང་དག་ལ་མཐུ་དཔག་ཏུ་མེད་པ་མངའ་བ་དེ་དག་ལ་དགྱེས་པ་སྐྱེའོ། །དང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། །བྱ་བ་ནི་བྱེད་པ་སྟེ། སེམས་ཅན་གྱི་དོན་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་འགོད་པའོ། །དེ་གྲུབ་པ་དཔག་ཏུ་མེད་པ་ནི་དུས་གསུམ་པོ་དག་ལ་ཡང་ཐོགས་པ་མེད་
པའི་ཕྱིར་རོ། །དེའི་ཕྱིར་མཐུ་དཔག་ཏུ་མེད་པ་དང་བྱ་བ་གྲུབ་པ་དཔག་ཏུ་མེད་པ་ལས་དགྱེས་པ་སྐྱེ་བའོ། །ཆོས་ཀྱི་རོ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེའི་ཆོས་དང་ལྡན་པའོ། །དཔག་ཏུ་མེད་པ་ནི་འདྲེས་པའི་ཕྱིར་རོ། །དེའི་དོན་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཀྱིས་བརྗོད་པར་
Vol. 134 · folio 279a
པར་བྱའོ། །དེའི་འབྱོར་པ་ནི་ཇི་ལྟར་ཡིད་ལ་བྱེད་པ་བཞིན་དུ་སྣང་བའི་ཕྱིར་རོ། །ཆོས་ཀྱི་རོ་དཔག་ཏུ་མེད་པ་དང་། དོན་འབྱོར་པ་དཔག་ཏུ་མེད་པ་ལས་དགྱེས་པ་སྐྱེའོ། །ཡོན་ཏན་རྣམས་ནི་མངོན་པར་ཤེས་པ་ལ་སོགས་པ་སྟེ། དེ་དག་གི་འབྱོར་པ་དཔག་ཏུ་མེད་པ་ལས་
དགྱེས་པ་སྐྱེའོ། །ཁ་ཅིག་ན་རེ་དོན་ནི་མྱ་ངན་ལས་འདས་པའམ་ཇི་ལྟར་འདོད་པའོ། །ཡོན་ཏན་ནི་སྟོབས་ལ་སོགས་པ་ཞེའོ། །རྟག་ཏུ་མི་ཟད་གཟིགས་པས་ཞེས་བྱ་བ་ནི་མཐུ་ལ་སོགས་པ་བདག་ལ་ཡོད་པ་དེ་བཞིན་ཉིད་དང་རོ་གཅིག་པ་དེ་དག་ཉིད་མྱ་ངན་ལས་འདས་པར་ཡང་ཡོངས་སུ་ཟད་པ་
མེད་པར་གཟིགས་ནས་དགྱེས་པ་སྐྱེའོ། །མཆོག་ནི་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཉིད་དེ་དེ་
ཡོད་ན་ཀུན་དུ་སྟོན་པ་འབྱུང་བའི་ཕྱིར་རོ། །དེ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་ལྟ་བུ་ཡིན་ནོ། །སྤྲུལ་པའི་སྐུའི་གནས་ཞེས་བྱ་བ་ནི་འདིར་ཡང་དེ་ཉིད་གནས་ཀྱི་དོན་ཏོ། །ཕལ་ཆེར་ཞེས་བྱ་བ་ལ་སོགས་པས་ནི་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་བསྡུ་བའི་ཕྱིར་རོ། །ཉན་ཐོས་རྣམས་ནི་
དམན་པ་ལ་མོས་པ་སྟེ། དེ་དག་དང་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་མཐོང་བ་མེད་པར་ཡོངས་སུ་སྨིན་པར་མི་འགྱུར་རོ། །ས་ཆེན་པོར་ཆུད་པ་རྣམས་ནི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྟོགས་པའི་ཕྱིར་སྤྲུལ་པའི་སྐུས་ཡོངས་སུ་སྨིན་པར་བྱ་བ་མ་ཡིན་ནོ། །བསྡུས་
པ་ངོ་བོ་ཉིད་ཀྱིས་བསྡུས་པ་ནི། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པས་ཞེས་བྱ་བ་སྟེ། ཆོས་ཀྱི་སྐུའི་ངོ་བོ་ཉིད་གང་ཡིན་པ་དེ་སྟོན་ཏེ། ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གང་ཞིག་རྣམ་པར་དག་པའམ། གང་ཞིག་གྱུར་པས་ཡིན་སྙམ་པ་ལ། ཀུན་གཞི་རྣམ་པར་
ཤེས་པ་གྱུར་ནས་ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་ཅན་དེ་གཉེན་པོས་བསྩལ་ན་ཡོན་ཏན་ཁ་ན་མ་ཐོ་བ་མེད་པ་མང་པོ་ཐམས་ཅད་དང་མཐུན་པར་འགྱུར་ཏེ། །དཔེར་ན་སྨན་ནད་མེད་ཀྱིས་དུག་བསལ་ན་སྨན་ནད་མེད་དུ་འགྱུར་བ་བཞིན་དུ་གྱུར་པ་བརྗོད་
Vol. 134 · folio 279b
པར་བྱའོ། །རྣམ་པར་སྨིན་པས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱིས་བསྡུས་ཞེས་བྱ་བར་སྦྱར་རོ། །མིག་ལ་སོགས་པའི་དབང་པོ་གྱུར་ནས་ཞེས་བྱ་བ་ནི་དེ་དག་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །དེ་གྱུར་པ་ཡང་སྔོན་བྱུང་བའི་ཚུལ་གྱིས་རྣམ་པར་སྨིན་པ་ཉིད་དུ་གནས་ཏེ། སྔོན་བྱུང་བའི་
ཚུལ་ཉིད་ཀྱིས་རྣམ་པར་སྨིན་པའི་ཡེ་ཤེས་ཐོབ་པོ། །གནས་པས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱིས་བསྡུས་པའོ། །འདོད་པ་ལ་སྤྱོད་པ་ལ་སོགས་པ་ལ་གནས་གྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་མོས་པས་སྤྱོད་པ་ལ་སོགས་པ་བསྡུའོ། །དེ་གྱུར་པས་གནས་པའི་ཡེ་
ཤེས་འཐོབ་བོ། །ཡེ་ཤེས་ཚད་མེད་པས་གནས་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གིས་ལྷ་ལ་སོགས་པའི་གནས་པ་སྣ་ཚོགས་རྣམས་ཀྱིས་གནས་སོ། །དབང་འབྱོར་བས་ས་ནི་ཡོངས་སུ་འཛིན་པའི་ལས་སྣ་ཚོགས་གྱུར་ནས་ཞེས་བྱ་བ་ནི་འཇིག་རྟེན་ན་ཞིང་ལས་དང་ཚོང་ལ་སོགས་པ་
ཡོངས་སུ་འཛིན་པའི་ལས་སྣ་ཚོགས་གང་ཡིན་པ་དེ་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པའི་ཡེ་ཤེས་འཐོབ་བོ། །ཐ་སྙད་པས་ཞེས་བྱ་བ་ནི་འཇིག་རྟེན་ན་མཐོང་བ་ལ་སོགས་པའི་ཐ་སྙད་གང་ཡིན་པ་དེ་དག་གྱུར་ནས་མཐོང་བ་དང་ཐོས་པ་ལ་སོགས་པ་
ལ་དབང་འབྱོར་པ་ཐོབ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པའི་ཡེ་ཤེས་ཐོབ་བོ། །སེལ་བ་བས་ཞེས་བྱ་བ་ནི་གང་འཇིག་རྟེན་ན་མཛའ་བོ་དང་ནོར་གྱི་སྟོབས་ཀྱིས་རྒྱལ་པོའི་ཕོ་བྲང་འཁོར་བ་ལ་སོགས་པ་ནས་བྱུང་བའི་གནོད་པ་ཞི་བར་བྱེད་པ་སྟེ། དེ་གྱུར་ནས་སེམས་
ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་འཐོབ་བོ། །རྣམ་པ་དྲུག་པོ་འདི་དག་གྱུར་པས་སངས་རྒྱས་ཀྱི་ཆོས་དྲུག་འཐོབ་བོ། །གནས་དང་དགོངས་པ་དང་ཕྲིན་ལས་ཐ་དད་པ་མེད་པ་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དབྱེར་མེད་དོ། །གནས་ཐ་དད་པ་
མེད་པ་ནི་དེ་བཞིན་ཉིད་ཐ་དད་པ་མེད་པའི་ཕྱིར་རོ། །དགོངས་པ་ཐ་དད་པ་མེད་པ་ནི་ཐམས་ཅད་ཀྱང་ཕན་པ་དང་བདེ་བར་དགོངས་པའི་ཕྱིར་རོ། །ཕྲིན་ལས་ཐ་དད་པ་མེད་པ་ནི་ཐམས་ཅད་ཀྱང་འགྲོ་བའི་དོན་མཛད་པའི་ཕྱིར་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཡོངས་སུ་མྱ་ངན་ལས་
Vol. 134 · folio 280a
འདས་པ་སྟོན་པའི་ཕྲིན་ལས་ཅན་ཡིན་པའི་ཕྱིར་རོ། །ལུས་ཚད་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་ཐ་དད་པ་ཞེས་བྱའོ་ཞེས་བྱ་བ་ནི་འདི་ལྟར་ལུས་གཞན་དང་གཞན་ཚད་མེད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དག་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ།
དེའི་ཕྱིར་ཐ་དད་པ་མེད་པ་མ་ཡིན་ཏེ། ཇི་སྐད་དུ་སྔར། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་པ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲང་བས་ན། །དེ་ལ་གདགས་པས་ཐ་དད་བྱེད། །ཅེས་བཤད་པ་ལྟ་བུའོ། །དེ་བཞིན་དུ་གཉིས་པ་ལ་ཡང་བརྗོད་པར་བྱ་སྟེ། དེ་གཉིས་ཀྱི་གནས་ནི་ཆོས་
ཀྱི་སྐུ་ཡིན་ལ། དགོངས་པ་དང་ཕྲིན་ལས་དག་ཀྱང་ཐ་དད་པ་མེད་དོ། །ཐ་དད་པ་འདི་ནི་འཁོར་གྱི་དཀྱིལ་འཁོར་གཞན་ནོ། །འདི་ནི་གཞན་ནོ་ཞེས་བྱ་བ་དང་། འདི་ནི་ཤཱཀྱ་ཐུབ་པའོ། །འདི་ནི་རྣམ་པར་གཟིགས་སོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་སློབ་མ་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་
ཡོན་ཏན་རྣམས་ཀྱང་ཤིན་ཏུ་སྦྱངས་པའི་ཕྱིར། ཁྱད་པར་དུ་འཕགས་པ་བརྗོད་དེ། ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་རྒྱུད་ལ་ཡོད་པའི་ཕྱིར་རོ། །ཚད་མེད་པ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་བྱམས་པ་དང་། སྙིང་
རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །མངོན་པར་ཤེས་པ་དྲུག་ཅེས་བྱ་བ་ནི་རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། སྔོན་གྱི་གནས་རྗེས་
སུ་དྲན་པའི་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའི་བདག་ཉིད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་ཡོད་པ་ལ་སོགས་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་སེན་མོ་མཐོ་བ་ལ་སོགས་པ་སྟེ། མདོ་
ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ། །དེ་དག་ནི་ཆོས་ཀྱི་སྐུ་དང་ལྡན་པ་སྟེ། དེ་ཡོད་ན་དེ་དག་ཀུན་དུ་སྟོན་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་ཞེས་བྱ་བ་ནི་གནས་ཡོངས་སུ་དག་པ་དང་། དམིགས་པ་ཡོངས་སུ་དག་པ་དང་། ཐུགས་ཡོངས་སུ་དག་པ་དང་།
Vol. 134 · folio 280b
མཁྱེན་པ་ཡོངས་སུ་དག་པའོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་
མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་
པ་མཁྱེན་པའི་སྟོབས་སོ། །མི་འཇིགས་པ་བཞི་ནི་ང་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལ་ང་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་འདིར་ང་ལ་སུ་ཡང་རྒོལ་བའི་མཚན་མ་ཡང་དག་པར་མི་མཐོང་ཞེས་བྱ་བ་ནི་མི་འཇིགས་པ་དང་པོའོ། །ང་ཟག་པ་ཟད་པ་ལ་
ང་ཟག་པ་འདི་དག་མ་ཟད་དོ་ཞེས་འདིར་ང་ལ་སུ་ཡང་རྒོལ་བའི་མཚན་མ་ཡང་དག་པར་མི་མཐོང་ངོ་ཞེས་བྱ་བ་ནི་མི་འཇིགས་པ་གཉིས་པའོ། །ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བའི་ལམ་བཤད་པ་དེ་ནི་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་
འདིར་ང་ལ་སུ་ཡང་རྒོལ་པའི་མཚན་མ་ཡང་དག་པར་མི་མཐོང་ངོ་ཞེས་བྱ་བ་ནི་མི་འཇིགས་པ་གསུམ་པའོ། །ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གང་དག་བཤད་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་འདི་རང་ལ་སུ་ཡང་རྒོལ་བའི་མཚན་མ་ཡང་དག་
པར་མི་མཐོང་ངོ་ཞེས་བྱ་བ་ནི་མི་འཇིགས་པ་བཞི་པའོ། །མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་པ་བག་ཚ་བ་མེད་པ་ཐོབ། མི་འཇིགས་པ་ཐོབ་ནས་གནས་སོ་ཞེས་བྱ་བ་ཞིག་ཀུན་ལ་ཡང་བརྗོད་པར་བྱའོ།། །།བམ་པོ་བདུན་པ་སྟེ་ཐ་མ། བསྲུང་བ་མེད་པ་གསུམ་ནི་དེ་
བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་ལ་མ་ལྟོས་ཏེ་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་ཞེས་བཅས་པར་བྱ་བ་སྐུའི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་འདི་ནི་བསྲུང་བ་མེད་པ་དང་པོའོ། །སྐུའི་ཕྲིན་ལས་ཇི་ལྟ་བ་དེ་བཞིན་
Vol. 134 · folio 281a
དུ་གསུང་གི་ཕྲིན་ལས་དང་། ཐུགས་ཀྱི་ཕྲིན་ལས་ཀྱང་བརྗོད་པར་བྱའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པ་ན་ཁ་ཅིག་གུས་པར་ཉན་ཅིང་རྣ་བ་གཏོད་པ་དང་། ཀུན་ཤེས་པར་བྱེད་པའི་སེམས་ཉེ་བར་འཇོག་པ་དང་། ཆོས་ཀྱི་རྗེས་སུ་
མཐུན་པའི་ཆོས་སྒྲུབ་ཀྱང་དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་ཡ་ཡ་པོར་མི་འགྱུར་བ་དང་། བཟློག་སྟེ་ཁ་ཅིག་གུས་པར་མི་ཉན་ཅེས་བྱ་བ་རྒྱས་པར་སྦྱར་ཏེ། དེས་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་མི་འགྱུར། མི་བཟོད་
པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར་བ་དང་། ཁ་ཅིག་གུས་པར་བྱས་ཏེ་ཉན་པ་དང་། ཁ་ཅིག་གུས་པར་མི་ཉན་ཀྱང་དེས་དེ་བཞིན་གཤེགས་པ་དགྱེས་པ་དང་ཀུན་ནས་མནར་སེམས་གཉི་གར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་ཡང་དྲན་པ་དང་ལྡན་ཞིང་
མཁྱེན་བཞིན་དུ་བཏང་སྙོམས་ཅན་དུ་བཞུགས་སོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་བག་ཆགས་ལེགས་པར་བཅོམ་པ་ཁོ་ནའི་ཕྱིར་ཏེ། འོག་ནས་འཆད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བ་ལ། ཐུན་མོང་མ་ཡིན་པའི་དོན་ནི་མ་འདྲེས་པའི་དོན་ཏོ། །དེ་བཞིན་
གཤེགས་པ་ལ་འཁྲུལ་པ་མེད་པ་ནི་འདི་ལྟ་སྟེ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་རྒྱུ་བ་ན་རེས་འགའ་གླང་པོ་ཆེ་གཏུམ་པོ་དང་། རྟ་གཏུམ་པོ་དང་། བ་རྡུང་ཁུས་མ་དང་། ཁྱི་ཟ་བ་དང་། ལྷན་ཅིག་འགྲོ་བ་དང་། ཚང་ཚིང་ཚེར་མས་འཛིངས་པར་འགྲོ་བ་དང་།
སྦྲུལ་ལ་རྐང་པ་གཉིས་ཀས་བརྫིས་པ་དང་། གང་དུ་བུད་མེད་མི་རིགས་པ་སྐྱེས་པས་བོས་པའི་ཁྱིམ་དེ་ལྟ་བུར་འཇུག་པ་དང་། དགོན་པར་ལམ་ནོར་ནས་ལམ་ལོག་པར་འགྲོ་བ་དང་། ཆོམ་རྐུན་རྣམས་དང་། རྐུན་པོ་རྣམས་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དང་ལྷན་ཅིག་འགྲོ་བ་
དང་། དེ་ལྟ་བུ་ལ་སོགས་པ་དགྲ་བཅོམ་པའི་འཁྲུལ་པ་དེ་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་རེས་འགའ་དགོན་པ་ན་ནགས་ཁྲོད་ཆེན་པོར་རྒྱུ་བ་ན་ལམ་ནོར་ཏེ་གྲོང་སྟོང་དུ་ཕྱིན་ནས་སྒྲ་འབྱིན་པ་དང་། སྒྲ་སྒྲོགས་པ་དང་། ཀུ་
Vol. 134 · folio 281b
ཅོ་ཆེར་འདོན་པ་དང་། བག་ཆགས་ཀྱི་ཉེས་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་གད་མོ་རྟ་གད་མོ་སྣང་བར་དགོད་པ་ཉེ་བར་སྟོན་པ་དེ་ལྟ་བུའི་དགྲ་བཅོམ་པའི་ཅ་ཅོ་དེ། དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །དེ་བཞིན་གཤེགས་པ་ལ་བསྙེལ་བ་མི་མངའ་བ་སྟེ་ཉོན་མོངས་པ་མེད་པར་ཡུན་རིང་པོ་ནས་མཛད་པ་
དང་གསུངས་པ་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ན་མཉམ་པར་གཞག་པར་འགྱུར་གྱི། ལངས་ན་མཉམ་པར་གཞག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་མ་བཞག་པ་མེད་དོ། །གཞན་ཡང་དགྲ་བཅོམ་པ་ནི་
ཕུང་པོ་ལ་ཤིན་ཏུ་མི་མཐུན་པའི་འདུ་ཤེས་སུ་མི་འགྱུར་ཞིང་། ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་སུ་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པའི་འདུ་ཤེས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ལ་ནི་སོ་སོར་མ་བརྟགས་པར་
སེམས་ཅན་གྱི་དོན་ཡལ་བར་འདོར་རོ། །དེ་བཞིན་གཤེགས་པ་ལ་ནི་སོ་སོར་མ་བརྟགས་པའི་བཏང་སྙོམས་དེ་ལྟ་བུ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ། འདུན་པ་ལས་ཀྱང་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་
སོ། །བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་ལས་ཀྱང་ཡོངས་སུ་ཉམས་སོ། །དེ་བཞིན་གཤེགས་པ་ལ་ནི་ཡོངས་སུ་ཉམས་པ་རྣམ་པ་འདི་དྲུག་མེད་དོ། །གཞན་ཡང་དགྲ་བཅོམ་པ་ནི་རེས་འགའ་ལུས་ཀྱི་ལས་དགེ་བ་ལ་འཇུག །རེས་འགའ་ལུང་
དུ་མ་བསྟན་པ་ལ་འཇུག་གོ། །ལུས་ཀྱི་ལས་ཇི་ལྟ་བར་ངག་གི་ལས་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ཕྲིན་ལས་གསུམ་པོ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུང་དུ་མ་བསྟན་པའི་ལས་མེད་དོ། །དེ་ལ་ཡེ་ཤེས་ཀྱིས་ཀུན་
ནས་བསླང་བའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བའོ། །ཡེ་ཤེས་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །གཞན་ཡང་དགྲ་བཅོམ་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྟོགས་པར་མི་ནུས་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཆགས་པར་འགྱུར་རོ། །ཐམས་
Vol. 134 · folio 282a
ཅད་རྟོགས་པར་ཡང་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བ་ཐོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་ཏེ། དེ་ལྟ་བས་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །
རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡོད་པའི་རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་སྟེ་དེའི་ངོ་བོའོ། །འདིར་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་རྣམ་པར་འགྲེལ་པ་འདིར་བསྟོད་པའི་སྒོ་
ནས་ཚིགས་སུ་སྦྱར་བ་བྱས་ཏེ། དེས་ཡོན་ཏན་འདི་དག་རྣམ་པར་འགྲེལ་ཏོ། །སེམས་ཅན་རྣམས་ལ་ཐུགས་བརྩེ་བ། །ཞེས་བྱ་བ་ནི་ཚད་མེད་པ་བཞི་པོ་དག་སྙིང་བརྩེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བཤད་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དུས་ན་བདེ་བ་དང་ཕྲད་པར་ཤོག་ཅིག་
ཅེས་པའི་བསམ་པ་ནི་བྱམས་པའོ། །སྡུག་བསྔལ་གྱི་དུས་ན་དེ་དང་བྲལ་བར་ཤོག་ཅིག་པའི་བསམ་པ་ནི་སྙིང་རྗེའོ། །བདེ་བའི་དུས་ན་དེ་དང་མི་འབྲལ་བར་ཤོག་ཅིག་པའི་བསམ་པ་ནི་དགའ་བའོ། །དགོངས་པ་ཅན་ཞེས་བྱ་བ་ནི་བོད་པའོ། །བདེ་བ་དང་ཕན་དགོངས་པ་ཞེས་བྱ་བ་ཉིད་བཏང་
སྙོམས་ཏེ། བཏང་སྙོམས་ནི་བརྟུལ་ཅེས་བྱ་བའི་ཐ་ཚིག་སྟེ། གཞན་དག་གི་ཉོན་མོངས་པ་མི་སྐྱེ་བར་བྱ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པའི་མཚན་ཉིད་དོ། །གང་གི་ཕྱིར་ཁྱོད་ཉིད་ཡོན་ཏན་ཡིན་པ་དེའི་ཕྱིར། ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བ་ཐམས་ཅད་དང་
སྦྱར་རོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཞེས་བྱ་བ་ནི་ཉན་ཐོས་རྣམས་ལས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་ཁྱད་པར་དུ་བསྟན་པའོ། །ཐུབ་པས་འཇིག་རྟེན་ཀུན་ཟིལ་མནན། །ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་ཁྱད་པར་ཡོངས་སུ་སྟོན་ཏོ། །ཁྱོད་ཀྱི་མཁྱེན་
པས་ཤེས་བྱ་ཁྱབ། །ཅེས་བྱ་བ་ནི་ཟད་པར་གྱི་སྐྱེ་མཆེད་ཡོངས་སུ་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པ་ལས་བྱུང་བ་ལྟ་བུའི་རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་བར་གྱི་སྐྱེ་མཆེད་བཅུ་ནི་མ་ཡིན་གྱི། རྣམ་པར་གཞག་པ་འདིར་ནི་རྣམ་པར་
Vol. 134 · folio 282b
ཐར་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་ཀུན་རྫོབ་ཀྱི་མཁྱེན་པའི་བདག་ཉིད་དོ། །དེའི་ཁྱད་པར་དུ་བྱེད་དེ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོང་ངམ་འབྲོག་གང་དུ་སོང་ན་སེམས་ཅན་གཅིག་
འགའ་ལ་འཐབ་པ་དང་། ཉོན་མོངས་པ་བདག་དང་གཞན་ལ་གནོད་པ་འབྱུང་བར་འགྱུར་བ་དེར་ཡང་མི་འཇུག་གོ། །སངས་རྒྱས་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་ཉོན་མོངས་པ་སྐྱེ་ཡང་སྐལ་པ་ཡོད་པ་རྣམས་འདུལ་བར་གཟིགས་ན། གཤེགས་ནས་ཉོན་མོངས་པ་འདུལ་ཏེ། དེ་ནི། སེམས་ཅན་
ཀུན་གྱི་ཉོན་མོངས་ཀུན། །མ་ལུས་པ་དག་འདུལ་མཛད་པ། །ཞེས་བྱ་བས་འབྲེལ་ཏོ། །ཇི་ལྟར་ཉོན་མོངས་པ་མེད་པ་ལ་གནས་པ་གཞན་དག་ལས་ཉོན་མོངས་པ་འགའ་ཞིག་སྐྱེ་བའི་རྐྱེན་ཙམ་སྤོང་བ་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་གཞི་དང་བཅས་པ་འདུལ་གྱི་གཞན་ནི་མི་འདུལ་བ་
ལྟར། སངས་རྒྱས་ནི་དེ་ལྟར་མ་ཡིན་ཏེ། དེ་ནི་ཉོན་མོངས་པ་ཐམས་ཅད་སྤོང་ངོ་། །ཉོན་མོངས་པ་སེལ་བ་ཡིན་གྱི། ཉོན་མོངས་པ་ཅན་སྤོང་བ་ནི་མ་ཡིན་ཞིང་ཉོན་མོངས་པ་ཅན་རྣམས་ལ་རྟག་ཏུ་ཐུགས་བརྩེ་བ་དང་བཅས་པ་སྟེ། ཇི་སྐད་དུ། གདོན་གྱིས་ཟིན་ལ་གནོད་གསལ་ཕྱིར་ནི་སྨན་པ་བརྡེག་
པ་དང་། །ཚིག་རྩུབ་སྨྲ་བ་སྤྱོད་བྱེད་ཟིན་པ་བརྡེག་པར་མི་བྱེད་ལྟར། །དེ་བཞིན་ཉོན་མོངས་རྣམས་ལ་ཐུགས་རྗེ་འཇུག་པ་མི་མངའ་ཞིང་། །ཉོན་མོངས་ཟིན་པའི་སྐྱེ་བོའི་ཆེད་དུ་ཁྱོད་ནི་བཞུགས་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །སྨོན་ནས་ཤེས་པ་ཡང་རྣམ་པ་ལྔས་ཁྱད་པར་དུ་འཕགས་
ཏེ། ལྷུན་གྱིས་གྲུབ་པ་དང་། ཆགས་པ་མི་མངའ་བ་དང་། ཐོགས་པ་མི་མངའ་བ་དང་། རྟག་ཏུ་མཉམ་པར་གཞག་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པས་སོ། །ཉན་ཐོས་ནི་ཤེས་པ་གང་ལ་སྨོན་ནས་མཉམ་པར་གཞག་པ་དེ་ཁོ་ན་ཤེས་ཀྱི། གཞན་དུ་མ་ཡིན་ནོ། །སངས་
རྒྱས་ནི་དེ་ལྟ་མ་ཡིན་ཏེ། བསྒྲིམ་མི་དགོས་པར་ལྷུན་གྱིས་གྲུབ་པར་མཁྱེན་པས་ནོར་བུ་དང་སིལ་སྙན་བཞིན་ནོ། །ཤེས་པར་བྱ་བ་མཁྱེན་པར་གྱུར་ཟིན་པས་མཁྱེན་པ་ལ་ཆགས་པ་མི་མངའ་སྟེ། ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །ཤེས་བྱའི་
Vol. 134 · folio 283a
སྒྲིབ་པ་སྤངས་པའི་ཕྱིར་མཁྱེན་པ་ཐོགས་པ་མི་མངའོ། །སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པའི་ཕྱིར་རྟག་ཏུ་མཉམ་པར་གཞག་པ་སྟེ། སྐྱོན་མེད་བཞུད་ཀྱང་མཉམ་པར་གཞག །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །གང་གི་ཕྱིར་དེ་ལྟ་བུར་གྱུར་པ་དེའི་ཕྱིར་ཁྱོད་
རྟག་ཏུ་འདྲི་བ་ཐམས་ཅད་ཀྱི་ལན་ལྡོན་པ་ཞེས་བྱའོ། །སོ་སོ་ཡང་དག་པར་རིག་པའི་འགྲེལ་བའི་ཚིགས་སུ་བཅད་པ་ནི། གནས་དང་གནས་པ་བཤད་བྱ་དང་། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གནས་ནི་བསྟན་པའི་ཆོས་ཏེ། མདོའི་སྡེ་ལ་སོགས་པའོ། །གནས་པ་ནི་དེའི་བརྗོད་པར་བྱ་བའི་
དོན་ཏོ། །དེ་ནི་གཉིས་ཀྱིས་བཤད་པར་བྱ་བ་ཡིན་པས་སྟོན་པ་གཉིས་ཏེ། ཚིག་དང་། ཤེས་པ་སྟེ། ངག་ཀུན་དུ་སློང་བར་བྱེད་པའི་ཕྱིར་རོ། །དེ་དག་ལ་བློ་གྲོས་མི་ཐོགས་པ་ནི་མཁྱེན་པ་ལྡོག་པ་མེད་པའོ། །དེ་ལ་གནས་ལ་བློ་གྲོས་ཐོགས་པ་མེད་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་སྟེ།
རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པའི་ཕྱིར་རོ། །གནས་པ་བློ་གྲོས་ཐོགས་པ་མེད་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་སྟེ། རང་དང་སྤྱིའི་མཚན་ཉིད་དང་། ཆོས་རྣམས་ཀྱི་དོན་གཞན་ལ་སོགས་པའི་དགོངས་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །ཚིག་ལ་བློ་གྲོས་ཐོགས་
པ་མེད་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། ཡུལ་གྱི་སྐད་ཐ་དད་པ་རང་རང་དང་ཕན་ཚུན་མིང་གཞན་གྱིས་ཐ་སྙད་འདོགས་པ་དང་། ཆོས་ཀྱི་ངེས་པའི་ཚིག་ལ་ཐོགས་པ་མེད་པའི་ཕྱིར་རོ། །ཆོས་རབ་ཏུ་དབྱེ་བའི་ཤེས་པ་ལ་བློ་གྲོས་ཐོགས་པ་མེད་པ་ནི་སྤོབས་པ་སོ་སོ་
ཡང་དག་པར་རིག་པའོ། །མངོན་པར་ཤེས་པ་རྣམ་པར་འབྱེད་པའི་ཚིགས་སུ་བཅད་པ་ནི། ཆེད་དུ་བཞུད་དང་དེ་དག་གི། །ཞེས་བྱ་བ་ལ་སོགས་པའོ། །ལེགས་འདོམས་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། དེ་ནི་མཛེས་པར་འདོམས་པ་ཡིན་པས་ལེགས་པར་འདོམས་སོ། །བྱེ་
བྲག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་ནི་འདོམས་པའོ། །ཆེད་དུ་བཞུད་ནས་ལེགས་པར་འདོམས། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་འདུལ་བ་ཇི་ལྟ་བ་བཞིན་དུ་བཞུད་པའི་ཕྱིར་རོ། །དེ་དག་གི་ཚིག་རྣམས་ཀྱིས་ལེགས་པར་འདོམས་ཞེས་བྱ་བ་ནི་ལྷའི་རྣ་བའི་
Vol. 134 · folio 283b
མངོན་པར་ཤེས་པས་འགྲོ་བ་ཐམས་ཅད་པའི་འདུལ་བ་རྣམས་ཀྱིས་སྨྲས་པའི་སྒྲ་དོན་དང་ལྡན་པའི་རྒྱང་རིང་པོ་ཡང་གསན་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པའི་ཕྱིར་རོ། །སྤྱོད་པ་མཁྱེན་ནས་ལེགས་པར་འདོམས། །ཞེས་བྱ་བ་ནི་སེམས་ཀྱི་རྣམ་གྲངས་ཀྱི་མངོན་པར་ཤེས་པས་དབང་པོ་མཆོག་དང་
མཆོག་མ་ཡིན་པ་རྟོགས་པའི་ཕྱིར་རོ། །འོངས་པ་ལ་ལེགས་པར་འདོམས་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་སྟེ། དེས་འོངས་པ་རྟོགས་པའི་ཕྱིར་རོ། །འགྲོ་བ་ལ་ལེགས་པར་འདོམས་པ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་སྟེ། དེས་འགྲོ་བ་རྟོགས་པའི་ཕྱིར་རོ། །ངེས་པར་
འབྱུང་བ་ལ་ལེགས་པར་འདོམས་ཞེས་བྱ་བ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པས་ཉོན་མོངས་པ་སྤངས་པ་རྟོགས་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་མཚན་དང་དཔེ་བྱད་བཟང་པོ་ཀུན་དུ་སྟོན་པའི་གནས་ཡིན་པས་དེ་དང་ལྡན་པ་ལྟ་བུར་སྟོན་ཏོ། །སེམས་ཅན་ཀུན་གྱིས་ཁྱོད་མཐོང་ན། །
སྐྱེས་བུ་མཆོག་ཏུ་རྟོགས་པར་འགྱུར། །ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་ཁོང་དུ་ཆུད་པར་འགྱུར་བ་སྟེ། མཚན་དང་དཔེ་བྱད་དང་ལྡན་པ་ཁྱོད་མཐོང་ན་ཀྱེ་མ་བཅོམ་ལྡན་འདས་ནི་སྐྱེས་བུ་ཆེན་པོའོ་ཞེས་རྟོགས་པར་འགྱུར་རོ། །མཐོང་བ་ཙམ་གྱིས་དད་པར་འགྱུར། །ཞེས་བྱ་བ་ནི་དད་པ་སྐྱེད་
པར་མཛད་པའོ། །ཡོངས་སུ་དག་པ་བཞིའི་རྣམ་པར་འགྲེལ་པའི་བསྟོད་པ་ནི། ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་པ་དང་ནི་བསྒྱུར་བ་དང་། །ཞེས་བྱ་བ་ལ་སོགས་པའོ། །གནས་ཡོངས་སུ་དག་པ་ནི་བསམ་གཏན་ལ་བརྟེན་ནས་ཇི་ལྟར་བཞེད་པ་དང་། ཇི་སྲིད་དུ་བཞེད་པ་
བཞིན་དུ་སྐུ་ལུས་ལེན་པ་དང་། བཞུགས་པ་དང་འདོར་བ་ལ་མངའ་བརྙེས་པའོ། །དམིགས་པ་ཡོངས་སུ་དག་པ་ནི་སྔོན་མེད་པའི་གཟུགས་སྤྲུལ་པ་དང་། སྔོན་བྱུང་བའི་གཟུགས་གསེར་ལ་སོགས་པའི་དངོས་པོར་བསྒྱུར་བ་དང་། རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་མངའ་བརྙེས་
པའོ། །ཐུགས་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བསྒྱུར་བ་སྟེ། སྐད་ཅིག་རེ་རེ་ལ་ཇི་ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གཞན་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །མཁྱེན་པ་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་གཟུངས་ཀྱི་སྒོ་ཀུན་དུ་འཛིན་
Vol. 134 · folio 284a
པ་ཡང་དག་པར་འབྱོར་པའོ། །སྟོབས་ཀྱི་རྣམ་པར་འགྲེལ་པའི་བསྟོད་པ་ནི། ཐབས་དང་སྐྱབས་དང་དག་པ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། བདེ་འགྲོ་དང་ངན་འགྲོ་དང་ལས་དང་དག་པ་དང་། ཐེག་པ་ཆེན་པོ་དང་། དོན་བཞི་པོ་དག་ལ་སེམས་ཅན་རྣམས་སླུ་བའི་ཕྱིར་
བདུད་གང་ཡིན་པ་དེ་འཇོམས་པར་བྱེད་པས་སྟོབས་བཅུ་རྣམས་ཀྱི་ལས་བརྗོད་དོ། །དེ་ལ་དགེ་བ་ནི་བདེ་འགྲོའི་ཐབས་སོ། །མི་དགེ་བ་ནི་ངན་འགྲོའི་ཐབས་སོ་ཞེས་དེ་སྟོན་པ་ལ་བསླུ་བའི་ཕྱིར་བདུད་ཉེ་བར་གནས་ཏེ། འདི་ནི་དེ་ལྟ་མ་ཡིན་གྱི། འདི་ནི་ལོག་པ་སྟེ། མི་དགེ་བ་ལས་བདེ་འགྲོའོ། །བདེ་
བ་ལས་ནི་ངན་འགྲོ་ཞེའམ། ཡང་ན་ཐམས་ཅད་ནི་རྒྱུ་མེད་པའམ། དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བའོ་ཞེས་ཟེར་བ་ལ་བཅོམ་ལྡན་འདས་ཀྱིས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་འགྲོ་བ་རྒྱུ་མེད་པ་ལས་བྱུང་བ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་གནས་མ་
ཡིན་ཞིང་གོ་སྐབས་མེད་དེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་གི །རིམ་ལ་སོགས་པས་དབང་ཕྱུག་ལ་སོགས་པ་ལ་མ་ཡིན་ནོ་ཞེས་འཇོམས་ཏེ། གནས་དང་ཐབས་ཞེས་བྱ་བ་ནི་དོན་གཅིག་གོ། །
སྐྱབས་ཞེས་བྱ་བ་ནི་ལས་ཏེ། ཇི་སྐད་དུ། འཇིག་རྟེན་འདི་ནི་ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འདིར་ཡང་སླུ་བ་ནི་སྔ་མ་བཞིན་ནོ། །དེ་ཡང་བདུད་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་
མཁྱེན་པའི་སྟོབས་ཐོགས་པ་མེད་པ་སེམས་ཅན་ནི་ལས་ཀྱིས་མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོར་རྣམ་པར་ཕྱེ་བ་ཡིན་གྱི། དབང་ཕྱུག་ལ་སོགས་པ་ལས་བྱུང་བ་ནི་མ་ཡིན། གློ་བུར་དུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འཇོམས་སོ། །དག་པ་ཞེས་
བྱ་བ་ནི་དག་པ་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ། རྣམ་པར་གནོན་པ་དང་བག་ལ་ཉལ་ཡང་དག་པར་འཇོམས་པ་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་དག་པ་དང་། འཕགས་པའི་ལམ་གྱིས་དག་པའི་ཕྱིར་རེ་ཞིག་པ་དང་གཏན་
Vol. 134 · folio 284b
དུ་བའོ། །འདི་ལ་ཡང་སླུ་བ་ནི་སྔ་མ་བཞིན་ནོ། །དེར་ཡང་བདུད་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇོམས་སོ། །ངེས་འབྱུང་ཐེག་པ་ཆེན་པོ་ལ། །ཞེས་བྱ་བ་ནི་སྟོབས་ལྷག་མའི་ལས་སྟོན་ཏོ། །སངས་རྒྱས་ཉིད་དུ་ངེས་པར་
འབྱུང་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་སྟོན་པ་ན་སླུ་བའི་ཕྱིར་བདུད་ཉེ་བར་འདུག་སྟེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྙེད་པར་དཀའ་བས། ཉན་ཐོས་ཉིད་དུ་ངེས་པར་འབྱུང་ཡང་བླའོ་ཞེས་ཟེར་བ་དེ་ལ། བཅོམ་ལྡན་འདས་ཀྱི་སྟོབས་རྣམ་པ་བདུན་གྱིས་འཇོམས་སོ། །མི་
འཇིགས་པ་རྣམས་རྣམ་པར་འབྱེད་པ་ནི་བསྟོད་པའི་སྒོ་ནས། ཡེ་ཤེས་དང་ནི་སྤངས་པ་དང་། ངེས་འབྱུང་བགེས་བྱེད་སྟོན་མཛད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ང་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཞེས་བྱ་བ་ནི་ཡེ་ཤེས་སོ། །ཟག་པ་འདི་དག་སྤངས་སོ་ཞེས་བྱ་བ་ནི་སྤངས་
པ་སྟེ། འདི་གཉིས་ནི་རང་གི་དོན་གྱི་དབང་དུ་བྱའོ། །ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བའི་ཆོས་གང་དག་བཤད་པ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་སྟོན་པའོ། །དེ་དག་ཉིད་ལ་བར་དུ་གཅོད་པའི་ཆོས་གང་དག་བསྟན་པ་ཞེས་བྱ་བ་ནི་བགེགས་བྱེད་པ་སྟེ། བར་དུ་གཅོད་པ་
དང་བགེགས་བྱེད་པ་ཞེས་བྱ་བ་ནི་དོན་གཅིག་གོ། །འདི་གཉིས་ནི་གཞན་གྱི་དབང་ལས་བརྩམས་པ་སྟེ། དེའི་ཕྱིར། བདག་གཞན་དོན་ལ་མུ་སྟེགས་གཞན། །མི་ཚུགས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨོས་ཏེ། འཇིགས་པ་མེད་ཅིང་མི་ཚུགས་པའི་ཕྱིར་འཇིགས་པ་དང་
བྲལ་བར་སྟོན་ཏོ། །བསྲུང་བ་མེད་པ་དང་དྲན་པ་ཉེ་བར་གཞག་པ་རྣམ་པར་འབྱེད་པས་བསྟོད་པའི་ཚིགས་སུ་བཅད་པ། འཁོར་དུ་ཚར་བཅད་གསུང་མཛད་པ། །ཞེས་བྱ་བ་ནི་བསྲུང་བ་མེད་པ་རྣམས་སྟོན་ཏེ། སུ་ལ་བསྲུང་བར་བྱ་བ་ལུས་ལ་སོགས་པའི་ལས་སྦ་བར་བྱ་བ་ཡོད་པ་དེས་
ནི་སྤྱོད་ལམ་ངན་པ་ལ་སོགས་པའི་འཇིགས་པས་འཁོར་གྱི་ནང་དུ་ཚར་བཅད་ནས་སྨྲ་བར་མི་ནུས་སོ། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །ཞེས་བྱ་བ་ནི་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉི་ག་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །སློབ་
Vol. 134 · folio 285a
མའི་ཚོགས་སྡུད་པ་ནི་དྲན་པ་ཉེ་བར་གཞག་པའི་ཕྱིར་ཏེ། དེའི་ཕྱིར་བསྙེལ་བ་མི་མངའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བོད་པའི་ཚིག་གོ། །བག་ཆགས་ལེགས་པར་བཅོམ་པའི་དབང་དུ་བྱས་ཏེ་བསྟོད་པ། གཤེགས་བཞུགས་ཀུན་དུ་རྟག་པར་ཡང་། །ཞེས་
བྱ་བ་ལ་སོགས་པ་སྟེ། གྲོང་ངམ་གྲོང་ཁྱེར་གང་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་དེ་ནི་གཤེགས་པའོ། །བཞུགས་པ་ནི་ཤིང་དྲུང་ལ་སོགས་པ་གང་དུ་སྤྱོད་ལམ་བཞི་པོ་དག་གིས་བཞུགས་པའོ། །ཀུན་མཁྱེན་མ་ལེགས་སྤྱོད་མི་མངའ། །ཞེས་བྱ་བ་ནི་ཉོན་མོངས་པ་ཟད་ཀྱང་
བག་ཆགས་ཀྱི་རྗེས་སུ་བཅིང་བས་བྱས་པའི་རྒོད་པ་ལ་སོགས་པ་སྟེ། དཔེར་ན་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ཚེ་རབས་ལྔ་བརྒྱར་སྤྲེའུར་གྱུར་པའི་བག་ཆགས་ཀྱི་རྗེས་སུ་འཆིང་བ་ཡོད་པས་ཉོན་མོངས་པ་མེད་པར་གྱུར་ཀྱང་སྤྲེའུ་ལྟར་མཆོང་ཞིང་འགྲོའོ་ཞེས་གྲགས་པ་དང་། རང་
སངས་རྒྱས་གཅིག་ཚེ་རབས་མང་པོར་སྨད་འཚོང་པར་གྱུར་པའི་བག་ཆགས་ཀྱི་ལྷག་མས་བདག་ཆ་བར་བྱེད་པ་རྣམ་པ་དེ་ལྟ་བུ་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་དེ་བཅོམ་ལྡན་འདས་ལ་མི་མངའ་བས་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་དོ། །ཁྱོད་ནི་ཡང་དག་དོན་དུ་ན། །ཀུན་
མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཇི་ལྟར་རྫོགས་བྱེད་ལ་སོགས་པ་གཞན་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པ་ལྟར་འཆོས་པ་ལྟར་བཅོམ་ལྡན་འདས་ནི་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་བདེན་པའི་དོན་དུ་ཐམས་ཅད་མཁྱེན་པའོ། །ཡང་ན་ཡང་དག་པའི་དོན་དུ་ན་ཞེས་བྱ་བ་དང་།
ཀུན་མཁྱེན་ཞེས་བྱ་བ་གཉི་ག་སོ་སོར་བོད་པའི་ཚིག་གོ། །བསྙེལ་བ་མེད་པའི་ཆོས་ཉིད་ཀྱིས་བསྟོད་པ་ནི། སེམས་ཅན་ཀུན་གྱི་དོན་མཛད་ལ། །ཁྱོད་ནི་དུས་ལས་ཡོལ་མི་གདའ། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་གང་གི་བྱ་བ་ཡོད་པ་དེའི་ཚེ་དེ་ལ་བཅོམ་ལྡན་འདས་ཉེ་བར་བཞུགས་
ཤིང་དུས་ལས་ཡོལ་བར་མི་མཛད་དེ། ཇི་སྐད་དུ། ཆུ་སྲིན་གནས་པའི་རྒྱ་མཚོ་ནི། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །བེའུ་ལྟ་བུའི་འདུལ་བ་ལ། །སངས་རྒྱས་དུས་ལས་ཡོལ་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །རྟག་ཏུ་འབྲས་བུ་ཡོད་མཛད་པ། །ཞེས་བྱ་བ་ནི་དེའི་མཛད་པ་འབྲས་
Vol. 134 · folio 285b
བུ་ཡོད་པར་མཛད་པས་འབྲས་བུ་ཡོད་པ་སྟེ། མཛད་པ་དོན་མེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བསྙེལ་བ་མི་མངའ་བས་མི་བསྙེལ་ལོ། །ཐུགས་རྗེ་ཆེན་པོས་བསྟོད་པ། འཇིག་རྟེན་ཀུན་ལ་གདུགས་ཞག་གཅིག །ཅེས་བྱའོ། །ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཀྱི་མཁྱེན་པ་སྟེ། དེས་
སུ་ནི་འཕེལ་སུ་ནི་འགྲིབ། སུ་ནི་ཡོངས་སུ་སྨིན་པར་བྱ་བ་ཡིན། སུ་ནི་རྣམ་པར་གྲོལ་བར་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་པར་བཅོམ་ལྡན་འདས་ཉིན་མཚན་ལན་དྲུག་འཇིག་རྟེན་ལ་སོ་སོར་རྟོག་གོ། །ཐུགས་རྗེ་ཆེན་པོ་དེ་ཡང་འཇིག་རྟེན་ཐམས་ཅད་ལ་སོ་སོར་རྟོག་པའི་ལས་ཅན་དང་།
ཕན་པར་བྱ་བ་བསམ་པའི་ངོ་བོ་ཉིད་དོ། །དེའི་ཆེན་པོ་ཉིད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་སྡུད་པ་དང་། སྡུག་བསྔལ་ཉིད་གསུམ་དང་བྲལ་བའི་རྣམ་པ་དང་། ཁམས་གསུམ་པའི་སེམས་ཅན་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ལ་མཚུངས་པར་
འཇུག་པ་དང་། དེ་བས་ཆེས་ཁྱད་པར་དུ་འཕགས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དག་གིས་བསྟོད་པ། གཤེགས་དང་ཐུགས་སུ་ཆུད་པ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། གཤེགས་པ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་
ཞེས་བྱ་བ་ནས་བཟུང་སྟེ། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱ་བའི་བར་ཆོས་དྲུག་བསྟན་ཏོ། །ཐུགས་སུ་ཆུད་པ་ཞེས་བྱ་བ་འདིས་ཀྱང་དྲན་པ་ཉམས་པ་མེད་པ་ཞེས་བྱ་བ་ནས་བཟུང་སྟེ། རྣམ་པར་གྲོལ་བ་ཉམས་པ་མེད་པ་ཞེས་བྱ་བའི་བར་དྲུག་སྟོན་ཏོ། །མཁྱེན་པ་
དང་ཞེས་བྱ་བ་འདིས་ནི་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་ཅེས་བྱ་བ་གསུམ་སྟོན་ཏེ། ཕྲིན་ལས་ཀྱིས་ཞེས་བྱ་བ་འདིས་ཀྱང་གསུམ་བསྟན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་འཇུག་པར་བྱེད་པ་དང་། རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པའི་
ཕྱིར་རོ། །ཉན་ཐོས་དང་ནི་རང་སངས་རྒྱས། །ཀུན་མཆོག་ཅེས་བྱ་བ་ནི་མ་འདྲེས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་བསྟོད་པ། བྱང་ཆུབ་ཆེན་པོ་རྣམ་པ་ཀུན། །སྐུ་གསུམ་དག་གིས་བརྙེས་གྱུར་པ། །ཞེས་བྱ་བ་ལ་སོགས་པ་སྟེ།
Vol. 134 · folio 286a
རྣམ་པ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པས་རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་སྟེ། དེའི་ངོ་བོ་ནི་རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པའི་ཁྱད་པར་ཐམས་ཅད་དུ་འཕགས་པ་ཐམས་ཅད་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པའོ། །སྐུ་
གསུམ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྟེ། དེ་དག་གིས་བྱང་ཆུབ་ཆེན་པོ་དྲི་མ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་བརྙེས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་མཁྱེན་པར་མ་གྱུར་པའི་རྣམ་པ་དེ་མེད་དོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་ན་
ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཕྱིར་དོགས་པ་ཐམས་ཅད་གཅོད་པ་སྟེ། སོམ་ཉི་ཐམས་ཅད་ཀྱི་མདུད་པ་འགྲེལ་པ་ལ་མཁས་པ་ཉིད་ཀྱི་བྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱེ་བྲག་དུ་བྱས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་
ཀྱིས་བསྟོད་པ། སྲི་བ་མི་མངའ་སྐྱོན་མི་མངའ། །ཞེས་བྱ་བ་ལ་སོགས་པ་སྟེ། སྲི་བ་མི་མངའ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྐྱོན་མི་མངའ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྙོག་པ་མི་མངའ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྙོག་པའི་རྒྱུ་གནོད་སེམས་ཀྱི་སེམས་
དེ་མེད་པས་རྙོག་པ་མེད་པའོ། །བཞུགས་མི་མངའ་བ་ཞེས་བྱ་བ་ནི་སྤྲོ་བ་སྔོན་དུ་དྲངས་པའི་སྦྱོར་བས་བསྐྱེད་པའི་བརྩོན་འགྲུས་ཀྱིས་མི་བཞུགས་པའོ། །གཡོ་བ་མི་མངའ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ་མཉམ་པར་གཞག་པས་མ་གཡེངས་པ་ནི་མི་གཡོ་བའོ། །ཆོས་ཀུན་ལ་མ་སྤྲོས་
ཞེས་བྱ་བ་ནི་ཤེས་རབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཤེས་རབ་དེ་ཡང་ཆུང་ཟད་ཀྱང་སྤྲོས་པ་མི་བྱེད་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་སྐུ་ནི་གཞན་ཡང་ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་ནོ་ཞེས་བསྟན་ནས་ཚིགས་སུ་བཅད་པ་འདི་
དག་གིས་འཆད་དོ། །ཁྱོད་ནི་དམ་པའི་དོན་གྲུབ་སྟེ། །ཞེས་བྱ་བ་ནི་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པའི་ཕྱིར་རོ། །བརྗོད་པར་འདོད་པའི་དབང་གིས་ན་ངོ་བོ་ཉིད་ཁོ་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཉིད་དུ་སྟོན་ཏེ།
Vol. 134 · folio 286b
དཔེར་ན་ཡོན་ཏན་བརྗོད་པར་འདོད་པ་ལ་མེའི་ཚ་བ་ཞེས་བྱ་བ་ལྟ་བུའོ། །ས་རྣམས་ཀྱིས་འབྱུང་བ་ལགས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་ཞེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་དོན་དམ་པ་འགྲུབ་པའི་རྒྱུ་སྟོན་ཏོ། །སེམས་ཅན་ཀུན་གྱི་མཆོག་ཉིད་བརྙེས། །
ཞེས་བྱ་བ་ནི་འབྲས་བུ་བསྟན་པ་སྟེ། འབྲས་བུ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཐམས་ཅད་མཁྱེན་པ་ཉིད་དོ། །སེམས་ཅན་ཐམས་ཅད་རྣམ་འགྲེལ་བ། །ཞེས་བྱ་བས་ནི་ལས་སྟོན་ཏོ། །མི་བས་མཚུངས་པ་མ་མཆིས་པའི། །ཡོན་ཏན་ལྡན་ཞིང་ཞེས་བྱ་བ་ནི་ལྡན་པ་སྟེ། སྟོབས་ལ་སོགས་
པ་ཐུན་མོང་མ་ཡིན་པའི་ཡོན་ཏན་མཐའ་ཡས་པ་དག་དང་ལྡན་པའི་ཕྱིར་ཡོན་ཏན་དང་འབྲེལ་པ་ཡིན་ནོ། །འཇིག་རྟེན་དང་། འཁོར་མ་གདའ་ལ་རྣམ་ཀུན་དུ། །ལྷ་མིས་མཐོང་བ་ཡང་མ་ལགས། །ཞེས་བྱ་བ་ལ། ཡང་གི་སྒྲ་ནི་མཐོང་བ་སྡུད་དོ། །རྣམ་པ་ཀུན་དུ་ལྷ་མི་རྣམས་ཀྱིས་མཐོང་བ་ཡང་མ་
ལགས་ཞེས་བྱ་བ་ནི་སྐུ་གསུམ་གྱིས་བཅོམ་ལྡན་འདས་ཀྱི་ཚུལ་བསྟན་པ་སྟེ། གཉིས་ཀྱིས་ནི་མཐོང་བའི་ཕྱིར་རོ། །གཅིག་གིས་ནི་མི་མཐོང་བའི་ཕྱིར་རོ། །ཟབ་པ་ཞེས་བྱ་བས་ནི་ངོ་བོ་ཉིད་སྟོན་ཏོ། །མཆོག་ཏུ་ཟབ་པ་ཞེས་བྱ་བས་ནི་ཁྱད་པར་སྟོན་ཏོ། །འཇིག་རྟེན་གྱི་མཁས་པའི་བློའི་སྤྱོད་ཡུལ་མ་
ཡིན་པའི་ཕྱིར་གང་རྟོགས་པར་དཀའ་བ་འདི་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དོ། །ཉན་ཐོས་ལ་སོགས་པའི་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གང་མཆོག་ཏུ་ཟབ་པ་འདི་ནི་དེའི་ཁྱད་པར་རོ། །ཟབ་པ་ཉིད་རྣམ་པ་བཅུ་གཉིས་པོ་འདི་ནི་ཚིགས་སུ་བཅད་པ་རྣམས་ཀྱིས་སྡུད་དེ། དེ་ལ་སྐྱེ་བ་ཟབ་པ་ཉིད་དེ། སྐྱེ་
མེད་སངས་རྒྱས་སྐྱེ་བ་སྟེ། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་སྐྱེ་བ་ནི་གཞན་ཉོན་མོངས་པ་རྣམས་ཀྱི་སྐྱེ་བ་མེད་པ་སྟེ། དེ་དག་སྐྱེ་བ་མེད་པ་ནི་སངས་རྒྱས་རྣམས་ཀྱི་སྐྱེ་བ་ཡིན་པས་སྐྱེ་མེད་སྐྱེ་བའོ། །མྱ་ངན་ལས་འདས་པ་ཟབ་པ་ཉིད་ནི། མི་གནས་པ་ལ་རབ་ཏུ་བཞུགས། །ཞེས་བྱ་བའོ། །འཁོར་
བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ལ་རབ་ཏུ་བཞུགས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕྲིན་ལས་ཟབ་པ་ཉིད་ནི་ལྷུན་གྱིས་གྲུབ་པར་ཐམས་ཅད་མཛད་ཅེས་བྱ་བ་སྟེ། ནོར་བུ་དང་སིལ་སྙན་ལ་སོགས་པ་བཞིན་དུ་འབད་པ་ཡང་མེད་ལ་སེམས་ཅན་
Vol. 134 · folio 287a
གྱི་དོན་ཡང་མཛད་དོ། །གནས་པ་ཟབ་པ་ཉིད་ནི། ཟས་བཞི་པོ་ནི་གསོལ་བ་ལགས། །ཞེས་བྱ་བ་སྟེ། ཟས་རྣམ་པ་བཞི་ལ་མ་དག་པའི་རྟེན་གནས་པར་བྱེད་པ་ནི་ཁམ་གྱི་ཟས་ཏེ། །ཉོན་མོངས་པའི་འཆིང་བ་ཅན་མཐའ་དག་གནས་པར་འགྱུར་བའོ། །དག་པ་དང་མ་དག་
པའི་རྟེན་གནས་པར་བྱེད་པ་ནི་གཟུགས་དང་། གཟུགས་མེད་པར་སྐྱེས་པ་རྣམས་ཀྱི་རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་སྟེ། ཁམ་གྱི་ཟས་ལས་འདོད་ཆགས་དང་བྲལ་བ་རྙེད་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་ཡང་ལུས་དག་པ་དང་མ་དག་པ་སྟེ། སློབ་པའི་
ཕྱིར་རོ། །དེ་དག་ནི་ཟས་རྣམ་པ་བཞི་ཆར་གྱིས་གནས་པར་འགྱུར་རོ། །རྣམ་པར་དག་པའི་རྟེན་གནས་པར་བྱེད་པ་ནི་དགྲ་བཅོམ་པ་རྣམས་ཀྱི་སྟེ། བཞི་པོ་དེ་དག་ཉིད་དོ། །ཟས་ཀྱིས་གནས་པ་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟས་ཀྱང་ཁམ་གྱི་ཟས་ལ་སོགས་པ་བཞི་པོ་དེ་
དག་ཉིད་དོ། །དེ་དག་ནི་དེ་དག་མི་གསོལ་ལ། དེ་དག་གིས་དེ་དག་གནས་པའང་མ་ཡིན་མོད་ཀྱི། འཇིག་རྟེན་དང་མཐུན་པར་དེ་ལྟར་སྟོན་ཅིང་གནས་པར་ཡང་མཛད་དོ། །ཐ་དད་མེད་ཅེས་བྱ་བ་ནི་རྣམ་པར་གནས་པ་ཟབ་པ་ཉིད་དོ། །དཔག་ཏུ་མེད་ཅེས་བྱ་བ་ནི་གྲངས་ཟབ་པ་ཉིད་དེ་ཆོས་ཀྱི་
སྐུ་དབྱེར་མེད་པ་དང་། སྐུ་མང་པོ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །དཔག་ཏུ་མེད་པ་ཡིན་ཡང་ཕྲིན་ལས་ཐ་དད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྲིན་ལས་གཅིག་པ་དག་པ་སྟེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པས་གཞན་གྱི་དོན་གྲུབ་པའི་ཕྱིར་རོ། །དེའི་
ཕྱིར། མི་བརྟན་པ་བརྟན་པའི་ཕྲིན་ལས་ཅན་ཞེས་བྱ་བ་སྟེ། གཉིས་ཀྱིས་ནི་མི་བརྟན་ནོ། །ངོ་བོ་ཉིད་ཀྱིས་ནི་བརྟན་ཏེ། འདི་ནི་ཕྲིན་ལས་ཟབ་པ་ཉིད་གཞན་ནོ། །གང་ཡང་མངོན་རྫོགས་སངས་རྒྱས་མེད། །ཅེས་བྱ་བ་ལ་སོགས་པ་ནི་མངོན་པར་བྱང་ཆུབ་པ་ཟབ་པ་ཉིད་དོ། །ཇི་ལྟར་
མངོན་པར་རྫོགས་པར་སངས་རྒྱས་པ་མེད་ཅེ་ན། གཞན་གྱི་དབང་ཀུན་བརྟགས་པ་ཉིད་དུ་མེད་པའི་ཕྱིར་རོ། །ཐམས་ཅད་སངས་རྒྱས་མ་ཡིན་མིན། །ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྲུབ་པར་ཡོད་པའི་ཕྱིར་རོ། །སྐད་ཅིག་རེ་ལ་དཔག་ཏུ་མེད། །ཅེས་བྱ་བ་ནི་གང་
Vol. 134 · folio 287b
གཱའི་ཀླུང་གི་བྱེ་མའི་གྲངས་ལས་འདས་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །དངོས་པོའི་དངོས་མེད་རབ་ཏུ་ཕྱེ། །ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་སངས་རྒྱས་ཉིད་ཕུལ་དུ་ཕྱིན་པའི་གོ་འཕང་བརྙེས་པར་བྱས་
པའོ། །འདོད་ཆགས་དང་བྲལ་བ་ཟབ་པ་ཉིད་ནི། །ཆགས་པ་མ་ཡིན་མི་ཆགས་མིན། །ཞེས་བྱ་བ་སྟེ། ཇི་ལྟར་ཆགས་པ་མ་ཡིན་ཞེ་ན། གཞན་གྱི་དབང་ཀུན་བརྟགས་པ་ཉིད་དུ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཆགས་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་མི་ཆགས་པ་མ་ཡིན་ཏེ། འདོད་ཆགས་
ཡོད་ན་འདོད་ཆགས་མེད་པ་འབྱུང་བའི་ཕྱིར་རོ། །འདོད་ཆགས་ཉིད་ཀྱིས་འབྱུང་བ་ཡིན། །ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ཆགས་པ་གང་ཡིན་པ་དགེ་བའི་ཆོས་ལ་འདུན་པ་ཞེས་བྱ་བའི་རྒྱུ་དེས་བྱུང་བ་ཡིན་ནོ། །ཡང་ན་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ནི་སྤངས་ལ། འདོད་ཆགས་
ཀྱི་བག་ལ་ཉལ་མི་སེལ་བ་སྟེ། དེ་ཉིད་ཡོ་བྱད་དུ་བྱས་ནས་བྱང་ཆུབ་ཆེན་པོ་ཐོབ་པའོ། །གལ་ཏེ་བག་ལ་ཉལ་སེལ་ན་ཉན་ཐོས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །འདོད་ཆགས་འདོད་ཆགས་མིན་མཁྱེན་ནས། །ཞེས་བྱ་བ་ནི་ཀུན་བརྟགས་པའི་འདོད་ཆགས་འདོད་
ཆགས་མ་ཡིན་པ་ཉིད་དུ་མཁྱེན་ནས་སོ། །འདོད་ཆགས་ཆོས་ཉིད་ལ་ཡང་བཞུགས། །ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་སྟེ། དེ་ལ་འཇུག་པ་ནི་མངོན་སུམ་དུ་བྱེད་པའོ། །ཕུང་པོ་སྤངས་པ་ཟབ་པ་ཉིད་ནི། །སངས་རྒྱས་ཕུང་པོ་རྣམས་ལས་འདས། །ཞེས་བྱ་བ་སྟེ། ཀུན་བརྟགས་པའི་
གཟུགས་ལ་སོགས་པ་ཕུང་པོ་ལྔ་ལ་ཀུན་མ་བརྟགས་པས་འདས་ཏེ། དེ་མི་དམིགས་པའི་ཕྱིར་རོ། །ཕུང་པོ་རྣམས་ལའང་རྣམ་པར་བཞུགས། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ཕུང་པོ་རྣམས་ལའོ། །དེ་ལས་གཞན་མིན་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཕུང་པོ་རྣམས་ལས་ཆོས་ཉིད་ཀྱི་ཕུང་པོ་
རྣམས་གཞན་མ་ཡིན་ཏེ། ཀུན་བརྟགས་པ་མེད་པའི་ཕྱིར་རོ། །གཞན་མིན་ཡིན་ཞེས་བྱ་བ་ནི་ཀུན་བརྟགས་པ་རྣམས་ཀུན་ནས་ཉོན་མོངས་པ་ཡིན་པའི་ཕྱིར། ཆོས་དང་ཆོས་ཅན་གཞན་དང་གཞན་མ་ཡིན་པ་ཉིད་ལས་གྲོལ་བའི་ཡང་ཕྱིར་རོ། །དེ་མ་བཏང་བས་ལེགས་པར་འདས། །
Vol. 134 · folio 288a
ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ཕུང་པོ་ཡོངས་སུ་མ་བཏང་བས་ཤིས་པར་མྱ་ངན་ལས་འདས་པའོ། །ཡོངས་སུ་སྨིན་པར་མཛད་པ་ཟབ་པ་ཉིད་ནི། །ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །ཞེས་བྱ་བ་སྟེ། སེམས་ཅན་གྱི་དོན་གྱི་ཕྱིར་ཕན་ཚུན་དུ་ཡན་ལག་གི་དངོས་པོར་
འདྲེ་བའི་ཕྱིར་སྤྱོད་པ་འདྲེས་པ་དང་ཉེ་བར་འདྲེས་པ་དག་གོ། །ཅི་འདྲ་ཞེ་ན། རྒྱ་མཚོར་ཆུ་འདྲ་ཞེས་བྱ་བ་སྨོས་ཏེ། དཔེར་ན་རྒྱ་མཚོ་ཆེན་པོར་བབ་པའི་ཀླུང་གི་ཆུ་རྣམ་པར་དབྱེ་བ་མེད་པར་ཉ་ལ་སོགས་པའི་དོན་བྱེད་པ་དེ་བཞིན་ནོ། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །ཅེས་བྱ་
བ་ནི་སེམས་མངོན་པར་འདུ་བྱ་བ་མེད་པར་བསྒྲིམ་མི་དགོས་པར་མཛད་པ་སྟེ། བརྒྱ་བྱིན་ལ་སོགས་པ་བཞིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྟག་པ་ཡིན་ན་ཅིའི་ཕྱིར་རྟག་ཏུ་མི་སྣང་སྙམ་པ་ལ་སེམས་ཅན་ཉེས་པས་མི་སྣང་སྟེ། སྣོད་ཆག་(པི་‚པ་)ཡི་ཟླ་བ་བཞིན། །ཞེས་བྱ་བ་སྨོས་ཏེ།
དཔེར་ན་སྣོད་ཆག་པའི་ནང་དུ་ཟླ་བ་མི་སྣང་བ་ནི་སྣོད་ཀྱི་ཉེས་པས་ཆུ་མི་གནས་པའི་ཕྱིར་རོ། །དེ་བཞིན་དུ་ཞི་གནས་ཀྱི་རླན་མེད་པ་དག་གི་རྒྱུད་རྣམས་ལ་སངས་རྒྱས་མི་སྣང་སྟེ། རྒྱུད་ཀྱི་ཉེས་པའི་ཕྱིར་རོ། །ཆུ་ལྟ་བུ་ནི་ཏིང་ངེ་འཛིན་ཏེ། མཉེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་
པ་ནི་དགེ་བའི་ཆོས་ཟག་པ་མེད་པའི་གཟུགས་བརྙན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཡང་གསུངས་པས་སོ། །གང་དག་སྐལ་བ་ཡོད་པ་དེ་དག་གིས་ནི་མཐོང་ངོ་། །དེ་དག་མི་སྣང་དུ་ཟིན་ཀྱང་ཕྲིན་ལས་རྣམས་མཐོང་སྟེ། འདི་ལྟར། འཇིག་རྟེན་ཀུན་ལ་ཉི་བཞིན་དུ། །དེ་དག་ཆོས་འདོད་ཁྱབ་པར་མཛད། །
མདོའི་སྡེ་ལ་སོགས་པ་དམ་པའི་ཆོས་དག་གི་རང་བཞིན་གྱི་འོད་ཟེར་སྟོང་གི་ཕྲེང་བ་དང་ལྡན་པའི་སངས་རྒྱས་ཉི་མ་རྣམས་ནི་བཤད་པས་འཇིག་རྟེན་མངོན་པར་ཁྱབ་པར་མཛད་ནས། ཡོངས་སུ་སྨིན་པར་མཛད་པ་ལ་སོགས་པ་ཕྲིན་ལས་མཛད་པ་ཉིད་དོ། །རྫོགས་པར་བྱང་ཆུབ་པ་དང་མྱ་ངན་
ལས་འདས་པ་ཀུན་དུ་སྟོན་པ་ཟབ་པ་ཉིད་ནི། ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདས། །ཞེས་བྱ་བ་སྟེ། དཔེར་ན་མེ་ནི་ཁ་ཅིག་ཏུ་འབར་ལ། ཁ་ཅིག་ཏུ་འཆི་བ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱང་ཡོངས་སུ་སྨིན་པ་ཁ་ཅིག་ལ་རྫོགས་པར་བྱང་ཆུབ་པ་སྟོན་ཏེ། དེ་རྣམ་པར་
Vol. 134 · folio 288b
ཐར་པར་བྱ་བའི་ཕྱིར་རོ། །ཡོངས་སུ་མ་སྨིན་པ་ཁ་ཅིག་ཏུ་མྱ་ངན་ལས་འདས་ཏེ་མཛད་པ་མེད་པའི་ཕྱིར་རོ། །ནམ་ཡང་མེད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །བཞུགས་པ་ལ་ཟབ་པ་ཉིད་ནི། སངས་རྒྱས་འཕགས་མིན་ཆོས་རྣམས་དང་། །ཞེས་བྱ་བ་ལ་སོགས་པའོ། །
འཕགས་པ་མ་ཡིན་པ་རྣམས་ཀྱི་ཆོས་ནི་མི་དགེ་བ་རྣམས་ཏེ། དེ་དག་ལ་ཡང་བདག་ཉིད་མཆོག་དང་བཞུགས་པ་མཆོག་ཡིན་ཏེ། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་ཞེས་བྱ་བའི་གནས་པས་མི་དགེ་བའི་ཆོས་ལ་དམིགས་ནས་བཞུགས་པའི་ཕྱིར་རོ། །མི་དང་ངན་སོང་བ་རྣམས་
ལ་ཡང་བདག་ཉིད་དང་བཞུགས་པ་མཆོག་རྣམས་ཡིན་ཏེ། བསམ་གཏན་དང་སྙོམས་པར་འཇུག་པ་ལྷའི་གནས་པས་དེ་ལ་དམིགས་ནས་བཞུགས་པའི་ཕྱིར་རོ། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལ་ཡང་བདག་ཉིད་དང་བཞུགས་པ་མཆོག་རྣམས་ཡིན་ཏེ། ཚད་མེད་པ་བཞི་ཞེས་བྱ་བའི་ཚངས་
པའི་གནས་པས་དེ་ལ་དམིགས་ནས་བཞུགས་པའི་ཕྱིར་རོ། །དེ་ལ་མཆོག་ནི་ཆོས་ཀྱི་དབྱིངས་སོ། །དེའི་བདག་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་དེའི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟག་པའོ། །སྐུ་ཀུན་དུ་སྟོན་པ་ཟབ་པ་ཉིད་ནི། དེ་དག་ཀུན་དུ་རྣམ་པར་དཔྱོད། །ཅེས་བྱ་བ་སྟེ། རྣམ་པར་མི་
རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་རྣམ་པར་དཔྱོད་པ་ནི་འདིར་རྣམ་པར་དཔྱོད་པའོ། །གང་དུ་ཞེ་ན། ཀུན་དུ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཤེས་བྱ་ཐ་དད་པ་ལའོ། །
གང་དུའང་རྣམ་པར་དཔྱོད་མི་མངའ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པས་ཏེ། དེ་རྣམ་པར་དཔྱོད་པ་དང་བྲལ་བའི་ཕྱིར་རོ། །གནས་རྣམས་ཀུན་དུའང་སྣང་མོད་ཀྱི། །ཞེས་བྱ་བ་ནི་སྤྲུལ་པའི་སྐུས་སྐྱེ་བ་ལ་སོགས་པ་ཀུན་དུ་སྟོན་པའི་ཕྱིར་རོ། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་དོན་དམ་
པར་ཆོས་ཀྱི་སྐུ་ནི་སྐྱེ་བའི་སྐྱེ་མཆེད་སེམས་ཅན་དམྱལ་བ་ལ་སོགས་པ་དང་སྐལ་བ་མཉམ་པ་རྣམས་ཀྱི་མི་རྟོགས་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པ་ཟབ་པ་ཉིད་ནི། ཉོན་མོངས་ཐུལ་ལ་སྤངས་པ་མེད། །ཅེས་བྱ་བ་སྟེ། ཐུལ་བ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན་དེ་དག་གི་ཉོན་མོངས་
Vol. 134 · folio 289a
པ་མ་སྤངས་པ་སྟེ། འདི་ལྟར། སྔགས་ཀྱིས་བསད་པའི་དུག་དང་འདྲ། །དཔེར་ན་སྔགས་ཀྱིས་བསད་པའི་དུག་ནི་ནད་པ་རྣམས་ཀྱི་ཡོ་བྱད་དུ་འགྱུར་བ་དེ་བཞིན་དུ་དེ་དག་གི་ཉོན་མོངས་པ་རྣམས་ཀྱང་ཀུན་ནས་དཀྲིས་པ་མེད་ཅིང་བག་ལ་ཉལ་ལུས་པའི་ཕྱིར་རོ། །ཅིའི་ཕྱིར་བག་ལ་
ཉལ་ལྷག་མ་འཇོག་ཅེ་ན། ཉན་ཐོས་ཀྱི་ཐེག་པས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་ན་མི་རུང་ངོ་སྙམ་མོ། །དེའི་ཕྱིར་ཉོན་མོངས་པ་ཉིད་ཉོན་མོངས་པ་ཟད་པ་ཐམས་ཅད་མཁྱེན་པའི་རྒྱུ་སྟེ། ཇི་སྐད་དུ། དྲན་དང་ཤེས་པས་ཟིན་པའི་ཉོན་མོངས་ཡོན་ཏན་སྣ་ཚོགས་ཡོངས་འགྲུབ་པས། །ཡང་པར་
གྱུར་པ་ཁྱོད་ཀྱི་བྱང་ཆུབ་ཡོ་བྱད་རྣམས་སུ་འགྱུར་བ་ལགས། །ཞེས་བཤད་པ་ལྟ་བུའོ། །བསམ་གྱིས་མི་ཁྱབ་པ་ཟབ་པ་ཉིད་ནི་ཇི་ལྟར་ན། དེ་དག་གི་ཉོན་མོངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་ཞིང་འཁོར་བ་ཡང་ཞི་བའི་བདག་ཉིད་དུ་འགྱུར་བ་དང་། དེའི་འབྲས་བུ་ཅི་ཡིན་ཞེས་དེ་ལྟར་རིགས་པས་ནམ་ཡང་
སངས་རྒྱས་རྣམས་བསམ་པར་མི་ནུས་པའོ། །ཟབ་པ་ཉིད་རྣམ་པ་བཅུ་གཉིས་བཤད་ཟིན་ཏོ། །ཟབ་པའི་དོན་ནི་རྟོགས་པར་དཀའ་བའི་དོན་ཏོ། །སངས་རྒྱས་རྗེས་སུ་དྲན་པའི་དབང་དུ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ངང་ཅན་ཞེས་བྱ་བ་སྨོས་ཏེ། ཆོས་
ཐམས་ཅད་ལ་དབང་སྒྱུར་བའི་ངང་ཚུལ་ཅན་ཡིན་པས་དབང་སྒྱུར་བའི་ངང་ཅན་ཏེ། བཞེད་པ་ཙམ་ལ་རག་ལས་པར་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་བརྙེས་
པའི་ཕྱིར་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པ་ཡིན་ན་ཅིའི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མི་ཟློ་ཞེ་ན། ཆོས་ཐམས་ཅད་ལ་དབང་སྒྱུར་བ་སྤྱིར་གཏང་བ་དམིགས་ཀྱིས་བསལ་བར་
ཚིགས་སུ་བཅད་པས་སྟོན་ཏེ། བསྒྲིབས་ཤིང་རྒྱུ་དང་མི་ལྡན་ལ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བསྒྲིབས་པ་ནི་ཉོན་མོངས་པ་དང་། ལས་དང་། རྣམ་པར་སྨིན་པའི་སྒྲིབ་པ་རྣམས་ཀྱིས་ཏེ། ཉོན་མོངས་པ་ཤས་ཆེ་བ་ཡིན། མཚམས་མེད་པའི་ལས་བྱེད་པ་ཡིན། བླུན་ཞིང་ལྐུགས་པ་ཡིན་
Vol. 134 · folio 289b
ནོ། །རྒྱུ་དང་མི་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་ཏེ། ལོག་པ་ཉིད་དུ་ངེས་པའོ། །ངེས་པ་གཉིས་ནི་ལས་བྱེད་པར་ངེས་པ་དང་། རྣམ་པར་སྨིན་པ་མྱོང་བར་ངེས་པའོ། །ཡུལ་འདི་ལ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སངས་རྒྱས་རྣམས་ལ་མངའ་དབང་མི་མངའོ། །དེ་ལ་ལས་
བྱེད་པར་ངེས་པ་ནི་ཡང་དང་ཡང་དུ་གོམས་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ལས་གདོན་མི་ཟ་བར་རྒྱུ་མཐུན་པའི་འབྲས་བུ་འབྱུང་བའི་ཕྱིར་ཏེ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་ལྟ་བུའོ། །རྣམ་པར་སྨིན་པ་མྱོང་བར་ངེས་པ་ནི་ངེས་པར་རྣམ་པར་སྨིན་པའི་ལས་ཀྱི་འབྲས་བུ་མྱོང་བར་འགྱུར་
བས་ཏེ། དཔེར་ན་ཤཱཀྱ་པ་རྣམས་འཕགས་སྐྱེས་པོས་གནོད་པ་བྱས་ཏེ་བསད་པ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ངང་ཅན་ཞེས་སྤྱིར་བཏང་བ་གང་ཡིན་པ་དེ་ནི་དམིགས་ཀྱིས་བསལ་བའི་ཡུལ་འདི་བྱས་ཏེ། མཚམས་མེད་པ་ཡི་ལས་རྣམས་
དང་། །ཉོན་མོངས་དྲག་དང་ངན་འགྲོ་དང་། །མི་སྙན་སེམས་ཅན་འདུ་ཤེས་མེད། །སྒྲིབ་པ་གསུམ་དུ་འདོད་པ་ཡིན། །ཞེས་ཀྱང་བཤད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྟག་པའོ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་གཞན་དུ་མི་འགྱུར་བས་
འགྱུར་བ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་མཆོག་ཏུ་ཁ་ན་མ་ཐོ་བ་མི་མངའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཁ་ན་མ་ཐོ་བ་སྤངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ལྷུན་གྱིས་གྲུབ་པའོ་ཞེས་བྱ་བའི་དོན་ནི་བརྡ་ཕྲད་པར་ཟད་དེ། རྣམ་པ་ནི་སིལ་སྙན་ལ་སོགས་
པ་ལྟ་བུའོ། །དེ་བཞིན་གཤེགས་པ་རྣམས་ལ་ལོངས་སྤྱོད་ཆེན་པོ་མངའ་བའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་ནི་ལོངས་སྤྱོད་ཆེ་བའི་ཕྱིར་རོ། །གོས་པ་མེད་པའི་རྣམ་པའི་དོན་ཡང་བརྡ་ཕྲད་པར་ཟད་དེ་པདྨ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་དོན་ཆེན་པོའོ་ཞེས་བྱ་བ་
ནི་སེམས་ཅན་གྱི་དོན་ཆེ་བའི་ཕྱིར་ཏེ། སྐལ་བ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་ཀུན་དུ་སྟོན་པས་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་མཛད་པའི་ཕྱིར་རོ། །སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་བདུན་པོ་འདི་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་སྡུད་
Vol. 134 · folio 290a
དེ། རང་གི་སེམས་ལ་རག་ལས་དང་། །ཞེས་བྱ་བ་ལ་སོགས་པའོ། །རང་གི་སེམས་ལ་རག་ལས་པའི་ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རྣམ་པ་སྟོན་ཏེ། རྟག་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རང་གི་སྒྲ་ཉིད་ཀྱིས་རྟག་པའི་རྣམ་
པ་སྟོན་ཏོ། །དགེ་ལྡན་ཕུན་སུམ་ཚོགས་པ་ཞེས་བྱ་བས་ནི་མཆོག་ཏུ་ཁ་ན་མ་ཐོ་བ་མི་མངའ་བ་སྟོན་ཏོ། །བརྩལ་མི་དགོས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་ལྷུན་གྱིས་གྲུབ་པའི་རྣམ་པ་སྟོན་ཏོ། །ཆོས་ཀྱི་ལོངས་སྤྱོད་ཆེན་པོ་རྣམས། །རྗེས་སུ་སྦྱིན་མཛད་ཕུན་སུམ་ཚོགས། །ཞེས་བྱ་
བ་འདིས་ནི་ལོངས་སྤྱོད་ཆེན་པོའི་རྣམ་པ་སྟོན་ཏོ། །དབང་དུ་མ་གྱུར་རབ་ཏུ་རྒྱུ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ་སྟོན་ཏོ། །སྐྱེ་བོ་མང་པོར་འདིར་འདོད་པ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་འདིས་ནི་དོན་ཆེན་པོ་མཛད་པའི་ཕྱིར་རོ། །སངས་
རྒྱས་ཀུན་གྱི་འདི་དག་ཀུན། །ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་རྣམ་པ་བདུན་པོ་འདི་དག་ཐམས་ཅད་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དྲན་པར་བྱས་ཏེ། བསམ་པར་བྱ། བརྗོད་པར་བྱ་ཞིང་། བརྗེད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིན་པོ་ཆེ་མཆོག་ཏུ་འབར་བ་སྣ་བདུན་གྱིས་བཀོད་པ་སྟེ་སྤྲས་པའི་བྱེ་བྲག་གོ། །ཡང་ན་བཀོད་པ་དེ་ཉིད་
དེ་དག་གིས་མཆོག་ཏུ་འབར་བའོ། །དེ་ལ་རིན་པོ་ཆེ་སྣ་བདུན་ནི་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། སྤུག་དང་། ཤེལ་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོའོ། །རྡོའི་སྙིང་པོ་ནི་ཨནྡ་རྙིལ་དང་། མཐོན་ཁ་དང་། མཐོན་ཁ་ཆེན་པོ་ལ་སོགས་པའོ། །མུ་ཏིག་དམར་པོ་ནི་སྲོག་
ཆགས་དམར་པོ་པ་ཞེས་བྱ་བའི་རིགས་ཀྱི་སྟེ། དེའི་ཁོང་ནས་བྱུང་བའི་མུ་ཏིག་ནི་མུ་ཏིག་དམར་པོ་ཞེས་བྱའོ། །དེ་ལྟར་མཆོག་ཏུ་འབར་བ་དེ་ནི་གང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་འབྱུང་བ་སྟེ། འཇིག་རྟེན་གྱི་ཁམས་
Vol. 134 · folio 290b
དཔག་ཏུ་མེད་པ་དག་རྒྱས་པར་འགེངས་པས། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་རྒྱས་པར་འགེངས་པ་སྟེ། དེ་དག་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པ་ཡང་ཡིན་ལ། འོད་ཟེར་ཆེན་པོ་ཡང་ཡིན་པས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་
པའི་འོད་ཟེར་དག་སྟེ། དེ་ན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་འབྱུང་བ་དེ་ནའོ། །དེ་ལྟ་བས་ན་འདིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཁ་དོག་ཕུན་སུམ་ཚོགས་པ་བསྟན་ཏོ། །འདིར་གནས་ཀྱི་བྱེ་
བྲག་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་དག་རྣམ་པར་གཞག་པས། གནས་ཀྱི་བྱེ་བྲག་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པར་གཞག་པ་སྟེ། ཤིན་ཏུ་རྣམ་པར་ཕྱེ་བ་ནི་བློ་སྔོན་དུ་བཏང་ནས་ཆ་རྣམ་པར་གཞག་སྟེ་བཀོད་པའི་ཕྱིར་རོ། །འདིས་ནི་དབྱིབས་ཕུན་སུམ་ཚོགས་པ་བསྟན་ཏོ། །དཀྱིལ་
འཁོར་ཡོངས་སུ་མ་ཆད་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་དག་འདི་ཙམ་མོ་ཞེས་ཡོངས་སུ་མ་ཆད་པའམ། ཡང་ན་གང་གི་དཀྱིལ་འཁོར་ཡོངས་སུ་མ་ཆད་པ་དེ་ནི་དཀྱིལ་འཁོར་ཡོངས་སུ་མ་ཆད་པའོ་དེ་ན་སྟེ། འདིས་ནི་ཚད་ཕུན་སུམ་ཚོགས་པ་བསྟན་ཏོ། །དེའི་གནས་སམ་ཡུལ་ཁམས་གསུམ་པ་
ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཡིན་པས། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ནི་སངས་རྒྱས་ཀྱི་ཞིང་སྟེ། ཁམས་གསུམ་ན་སྤྱོད་པའི་སྲེད་པ་རྣམས་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །འདིས་ནི་ཡུལ་ཕུན་སུམ་ཚོགས་པ་བསྟན་ཏོ། །གལ་ཏེ་རྣམ་པར་སྨིན་
པ་མ་ཡིན་ན་དེའི་རྒྱུ་གང་ཡིན་སྙམ་པ་ལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་བྱ་བ་སྨོས་སོ། །འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ནི་རྣམ་པར་མི་རྟོག་པའོ། །དེའི་བླ་མའི་དགེ་བའི་རྩ་བ་ནི་དེའི་རྗེས་ལ་ཐོབ་པ་སྟེ། རྒྱུ་དེས་འབྱུང་བ་ཡིན་གྱི། རྒྱུ་
མེད་པ་ལས་བྱུང་བའམ། དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ནི་མ་ཡིན་ནོ། །འདིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཅེས་བྱ་བ་ནི་དེ་དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དེའི་
Vol. 134 · folio 291a
མཚན་ཡིད་ཡིན་ཏེ། དེ་རྣམ་པར་རིག་པ་ཙམ་གྱི་ཕྱིར་རོ། །དེ་ན་རྣམ་པར་རིག་པ་ལས་གཞན་པའི་རིན་པོ་ཆེ་ལ་སོགས་པ་མེད་ཀྱི། རྣམ་པར་རིག་པ་དེ་ཉིད་ཤིན་ཏུ་རྣམ་པར་དག་པས་དེ་ལྟར་སྣང་སྟེ། འདིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་བཞིན་གཤེགས་
པའི་གནས་ཞེས་བྱ་བ་འདིས་ནི་བདག་པོ་ཕུན་སུམ་ཚོགས་པ་བསྟན་ཏེ། བདག་པོ་ཁྱད་པར་ཅན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་རྟེན། །ཞེས་བྱ་བ་ནི་ཕྱོགས་ཕུན་སུམ་ཚོགས་པ་སྟེ། དེར་ནི་ས་ཆེན་པོར་ཆུད་པའི་
བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་ཡིན་གྱི། ཉན་ཐོས་རྣམས་ནི་མ་ཡིན་ནོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་ཚད་མེད་པ་རྣམ་པར་རྒྱུ་བ་ཞེས་བྱ་བས་ནི་ཞབས་འབྲིང་བ་ཕུན་སུམ་ཚོགས་པ་སྟོན་ཏེ།
དེར་ནི་ལྷ་ལ་སོགས་པ་ཞབས་འབྲིང་བ་ཡིན་གྱི། གང་ཡང་རུང་བ་ནི་མ་ཡིན་ནོ། །ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་ལོ། །ལྷག་མ་ནི་གོ་(བླ་‚སླ་)བས་མ་བཤད་དོ། །ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ་ཞེས་བྱ་བ་ནི་དེ་ན་ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ་ཡོད་པས་ཞེས་ཚིག་རྣམ་
པར་སྦྱར་རོ། །བརྟན་པ་ནི་ཟས་ཏེ་འདིས་ནི་དེའི་ཕུན་སུམ་ཚོགས་པ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པས་ཉེ་བར་གནས་པ་ཞེས་བྱ་བ་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །ཉོན་མོངས་པའི་གནོད་པ་ཐམས་ཅད་དང་བྲལ་བ་
ཞེས་བྱ་བ་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པ་སྟེ། ཉོན་མོངས་པ་ལས་གྱུར་པའི་གནོད་པ་མེད་པའི་ཕྱིར་རོ། །བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་ཕུན་སུམ་ཚོགས་པ་སྟེ། ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཀྱི་དགྲའི་
འཇིགས་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཀོད་པ་གང་དག་ཡིན་པ་དེ་དག་པས་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེར་བཀོད་པ་
Vol. 134 · folio 291b
ཞེས་བྱ་བའི་ཕྱིར་རོ། འདིས་ནི་རྟེན་ཕུན་སུམ་ཚོགས་པ་བསྟན་ཏེ། གནས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ་ཞེས་བྱ་བ་ལ་དྲན་པ་ཆེན་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པའོ། །བློ་གྲོས་ཆེན་པོ་ནི་བསམས་པ་ལས་བྱུང་བའི་
ཤེས་རབ་བོ། །རྟོགས་པ་ཆེན་པོ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་སྟེ། འདིས་ནི་ལམ་ཕུན་སུམ་ཚོགས་པ་བསྟན་ཏོ། །ལམ་ནི་ངེས་པར་འབྱུང་བའི་རྣམ་གྲངས་སུ་གཏོགས་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་ཆེན་པོའི་ཐེག་པ་ཞེས་བྱ་བ་ནི་ལམ་ནས་གང་ལ་ཞོན་ཏེ་
འགྲོ་བ་དེ་ཐེག་པ་སྟེ་ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་འགྲོ་བའི་ཕྱིར་རོ། །ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། འདིས་ནི་བཞོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ་ཞེས་བྱ་བས་ནི་སྒོ་ཕུན་སུམ་ཚོགས་པ་སྟོན་ཏོ། །སྒོ་ནི་སྒོ་མོ་དང་དོན་གཅིག་གོ། །འཇིག་རྟེན་གྱི་གྲོང་ཁྱེར་དང་མཐུན་པར་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ནས་དེར་འཇུག་པའི་ཕྱིར་རོ། །ཆེན་པོ་ནི་སྔ་མ་བཞིན་ནོ། །ཡོན་
ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ་རིན་པོ་ཆེ་པདྨའི་རྒྱལ་པོ་ཆེན་པོའི་བཀོད་པ་ལ་བརྟེན་པ་ཞེས་བྱ་བ་ནི་གཞི་ཕུན་སུམ་ཚོགས་པ་བསྟན་ཏེ། དཔེར་ན་ས་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་པ་དེ་བཞིན་དུ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ་ཡང་པདྨ་ཆེན་པོའི་རྒྱལ་པོ་ལ་བརྟེན་ཏོ། །རྒྱལ་
པོ་བཀོད་པ་ནི་པདྨ་གཞན་ཐམས་ཅད་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཡང་ན་རྒྱལ་པོ་ཆེན་པོ་ནི་སངས་རྒྱས་རྣམས་ཏེ། ཆོས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་རོ། །དེ་དག་གི་པདྨ་བཀོད་པའི་བརྟེན་པ་དེ་ལ་དུས་དང་མཐུན་པར་བཞུགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེའི་
ལོངས་སྤྱོད་ནི་ཤིན་ཏུ་དག་པ་སྟེ། བཤང་གཅི་དང་བྲལ་བས་མི་གཙང་བ་མེད་པའི་ཕྱིར་རོ། །ཤིན་ཏུ་བདེ་བ་སྟེ། སྡུག་བསྔལ་དང་ཚོར་བ་བར་མ་མེད་པའི་ཕྱིར་རོ། །ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་སྟེ། མི་དགེ་བ་དང་ལུང་དུ་མ་བསྟན་པ་མེད་པའི་ཕྱིར་རོ། །ཤིན་ཏུ་དབང་སྒྱུར་བ་ཅན་ཏེ།
Vol. 134 · folio 292a
སེམས་བསྐྱེད་པ་ཙམ་ལ་རག་ལས་པས་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །ཕྲིན་ལས་ལྔ་དང་ལྡན་པ་ཞེས་བྱ་བ་ལ། གནོད་པ་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཞེས་བྱ་བ་ལ། གནོད་པ་ནི་སྨྱོས་པ་དང་འོན་པ་ལ་སོགས་པ་སྟེ།
ཇི་སྐད་དུ་སངས་རྒྱས་མཐོང་བས་ལོང་བ་རྣམས་ཀྱིས་ནི་མིག་རྙེད། འོན་པ་རྣམས་ཀྱིས་ནི་རྣ་བས་ཐོས། སྨྱོན་པ་རྣམས་ཀྱིས་ནི་དྲན་པ་རྙེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཆོས་ཀྱི་སྐུ་ནི་དབང་པོ་དྲུག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ། ལོང་བའམ་གཞན་དག་གིས་
མཐོང་བ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་སྐུ་མཐོང་ཞེས་མི་སྨྲའི། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་རྣམ་པར་མི་རྟོག་བཞིན་དུ་དེ་དག་གི་སྤྲུལ་པའི་སྐུའི་འཇུག་པ་ཡོད་པ་དེ་ལྟར་ལོང་བ་ལ་སོགས་པས་མིག་ལ་སོགས་པ་འཐོབ་པ་གང་ཡིན་པ་དེ་ཆོས་ཀྱི་སྐུ་གྲུབ་པའི་
ཕྲིན་ལས་ཏེ། ཚོགས་ཀྱི་ཤུགས་ཀྱི་མཐུས་འཁོར་ལོ་བསྐོར་བ་བཞིན་ནོ། །ངན་སོང་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཞེས་བྱ་བ་ནི་མི་དགེ་བའི་གནས་ནས་བསླང་སྟེ། དགེ་བའི་གནས་ལ་འཇོག་པའི་ཕྱིར་རོ། །དོན་གྱིས་ན་ངན་སོང་ལས་ཡོངས་སུ་སྐྱོབ་པར་འགྱུར་ཏེ། རྒྱུ་
མེད་ན་འབྲས་བུ་མེད་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཞེས་བྱ་བ་ནི་བཤད་པ་དེ་ཉིད་ཀྱིས་བཀྲོལ་ཟིན་ཏོ། །འཇིག་ཚོགས་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཞེས་བྱ་བ་ལ་འཇིག་ཚོགས་ནི་འཇིག་པའི་བདག་ཉིད་ཀྱི་ཚོགས་སོ། །ཁམས་
གསུམ་པ་གང་དུ་འཇིག་ཚོགས་ལ་ལྟ་བ་འཇུག་པ་དེ་ལས་འདའ་བའི་ཕྱིར་སྤྲུལ་པའི་སྐུས་ཆོས་སྟོན་པས་ཡོངས་སུ་སྐྱོབ་བོ། །ཐེག་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཞེས་བྱ་བ་ནི་མ་ངེས་པའི་རིགས་ཅན་ཉིད་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་དང་སྦྱར་ཏེ། དེ་དག་ཐེག་
པ་ཆེན་པོ་ལ་འཇོག་པ་ནི་ཕྲིན་ལས་ལྔ་པའོ། །ལྔ་པོ་དེ་དག་ལ་སངས་རྒྱས་རྣམས་ཕྲིན་ལས་མཚུངས་པར་བལྟ་བར་བྱའོ། །ཇི་ལྟ་ཞེ་ན། རྒྱུ་དང་གནས་དང་བྱ་བ་དང་ནི་བསམ་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པའོ། །རྒྱུ་ཐ་དད་པས་འཇིག་རྟེན་ན་
Vol. 134 · folio 292b
ལས་ཐ་དད་པར་འགྱུར་ཏེ། འདི་ལྟ་སྟེ། རྒྱུ་གཞན་གྱིས་ལྷར་འགྱུར་རོ། །གཞན་གྱིས་མིར་འགྱུར་རོ། །དེ་ཐ་དད་པས་ལྷ་ལ་སོགས་པའི་ལས་ཐ་དད་དོ། །སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ཏེ། ཚོགས་ཐ་དད་པ་མེད་པའི་ཕྱིར། རྒྱུ་ཐ་དད་པ་མེད་དོ། །གནས་ནི་ལུས་ཏེ་ཁོག་པའོ། །དེ་ཐ་
དད་པས་ཀྱང་ལས་ཐ་དད་པར་འགྱུར་ཏེ། འདི་ལྟ་སྟེ། ལྷ་སྦྱིན་གྱི་ལུས་ཀྱང་གཞན། མཆོད་སྦྱིན་གྱི་ལུས་ཀྱང་གཞན་ནོ། །སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ཏེ། ཆོས་ཀྱི་སྐུ་ཐ་དད་པ་མེད་པའི་ཕྱིར་སྐུ་ཐ་དད་པ་མེད་དོ། །བྱ་བ་ནི་བྱེད་པ་སྟེ། དགོས་པ་ཞེས་བྱ་བ་དང་དོན་གཅིག་གོ། །དེ་ཐ་
དད་པའི་ཕྱིར་ཡང་ལས་ཐ་དད་དེ། འདི་ལྟ་སྟེ། ཚོང་བ་རྣམས་ཀྱི་ལས་ཀྱང་གཞན། ཞིང་རྨེད་པ་རྣམས་ཀྱི་ལས་ཀྱང་གཞན། རྒྱལ་པོའི་ཞབས་འབྲིང་བྱེད་པ་རྣམས་ཀྱི་ལས་ཀྱང་གཞན་ནོ། །སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ཏེ། འགྲོ་བའི་དོན་སྤྱོད་པའི་མཛད་པ་ཐ་དད་པ་མེད་པའི་ཕྱིར་རོ། །
བསམ་པ་ནི་སེམས་པ་སྟེ། དེ་ཐ་དད་པས་ཀྱང་ལས་ཐ་དད་དེ་འདི་ལྟ་སྟེ། ཕན་པའི་བསམ་པའི་ལས་ཀྱང་གཞན། ཕན་པ་མ་ཡིན་པའི་བསམ་པའི་ལས་ཀྱང་གཞན་ནོ། །སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ཏེ། ཕན་པ་དང་བདེ་བ་མཛད་པར་དགོངས་པའི་ཕྱིར་རོ། །འདུ་བྱེད་ནི་རྩོལ་བ་སྟེ།
དེ་ཐ་དད་པས་ཀྱང་ལས་ཐ་དད་པར་འགྱུར་ཏེ། འདི་ལྟ་སྟེ། རྩོལ་བ་ཆུང་ངུའི་ལས་ནི་ཆུང་བ་དང་། རྩོལ་བ་ཆེན་པོའི་ལས་ནི་ཆེ་བའོ། །སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་མི་མངའ་བའི་ཕྱིར་དེ་དག་ནི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །དེ་བས་ན་རྒྱུ་ལ་སོགས་པ་ཐ་དད་པ་ལྔ་
པ་མེད་པའི་ཕྱིར་ལྔ་པོ་དག་ལས་ཕྲིན་ལས་ཐ་དད་པ་མི་མངའ་བ་ནི་ལེགས་པར་བརྗོད་པ་ཡིན་ནོ། །ཐེག་པ་གཅིག་བསྟན་པའི་དགོངས་པ། ཁ་ཅིག་དག་ནི་དྲང་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་སྟོན་ཏོ། །མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་རྣམས་ཀྱིས་རྣམ་
པ་གཞན་གྱིས་ཐར་པར་མི་འགྱུར་བར་རྟོགས་ནས་ཐེག་པ་ཆེན་པོ་ཉིད་ཀྱིས་ངེས་པར་འབྱུང་བར་བྱ་བ་དང་། མ་ངེས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་གཞན་ཡང་ཀུན་དུ་བཟུང་བའི་ཕྱིར་ཏེ། དེ་དག་སྤྲོ་བ་མེད་པར་གྱུར་ཀྱང་ཐེག་པ་གཅིག་ཐོས་པར་བྱས་པས་ཀུན་དུ་བཟུང་ན་ཉན་
Vol. 134 · folio 293a
ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བར་བྱ་བ་ཡིན་ནོ། །ཆོས་མཐུན་པའི་ཕྱིར་ཞེས་བྱ་བ་ལ་ཆོས་ནི་འདིར་དེ་བཞིན་ཉིད་དེ། འདི་ནི་ཉན་ཐོས་ལ་སོགས་པ་ཐམས་ཅད་དང་ཡང་ཐུན་མོང་ངོ་། །དེའི་ཕྱིར་ལས་སུ་སྒྲུབ་པར་ཐེག་པའི་སྒྲ་སྨོས་ཏེ། དེ་བཞིན་ཉིད་
གཅིག་པའི་ཕྱིར་ཐེག་པ་གཅིག་གོ། །བདག་མེད་པ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་མཐུན་པའི་ཕྱིར་རོ། །གང་ཟག་གི་རྫས་ཐ་དད་པ་ཡིན་ན་ནི་འདི་ནི་ཉན་ཐོས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ་ཞེས་ཐེག་པ་ཐ་དད་པར་འགྱུར་བ་ཞིག་ན་དེ་མེད་པའི་ཕྱིར་ཐེག་པ་
གཅིག་པ་ཉིད་དོ། །གྲོལ་བ་མཐུན་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་ཐ་དད་པ་མེད་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བ་ནི་ཐ་དད་དུ་དབྱེར་མེད་དོ་ཞེས་གསུངས་པ་ལྟ་བུའོ། །དགོངས་པ་དེས་ན་ཐེག་པ་
གཅིག་པ་ཉིད་དོ། །རིགས་ནི་ཐ་དད་གྱུར་པའི་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་རིགས་མ་ངེས་པའི་ཕྱིར་རོ། །བྱང་ཆུབ་ཏུ་བསྔོས་པ་དག་ནི་ཉན་ཐོས་ཀྱི་རིགས་ཡིན་དུ་ཟིན་ཀྱང་སངས་རྒྱས་ཀྱི་རིགས་སུ་འགྱུར་ཏེ། དེའི་ཕྱིར་ཐེག་པ་གཅིག་ཉིད་དོ། །བསམ་གཉིས་བརྙེས་ཕྱིར་ཞེས་བྱ་བ་ནི་
བསམ་པ་རྣམ་པ་གཉིས་ཐོབ་པའི་ཕྱིར་ཏེ། སངས་རྒྱས་རྣམས་ནི་བདག་གང་ཡིན་པ་དེ་དག་གོ་ཞེས་སེམས་ཅན་ཐམས་ཅད་ལ་བདག་གི་སྐུར་དགོངས་པ་བརྙེས་སོ། །དེས་ན་མངོན་པར་རྫོགས་པར་སངས་རྒྱས་པ་དེས་དེ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། རེ་
ཞིག་འདི་ནི་བསམ་པ་བརྙེས་པ་གཅིག་གོ། །གཉིས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་པདྨ་དཀར་པོ་ལས་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་རྣམས་ལུང་བསྟན་པ་སྟེ། བདག་ཅག་ཀྱང་སངས་རྒྱས་དང་མཚུངས་སོ་སྙམ་པའི་བསམ་པ་འཛིན་དུ་གཞུག་པའི་
ཕྱིར་རོ། །ཡང་ན་མིང་དེ་སྐད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་དེར་དེ་སྐད་ལུང་བསྟན་ཏོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་གསུང་གཅིག་ལ་རྣམ་པ་གཉིས་ཏེ། ཉན་ཐོས་རྣམས་ཀྱང་སངས་རྒྱས་དང་མཚུངས་པར་ཐོབ་པའི་བསམ་པ་འཛིན་དུ་བཅུག་པ་དང་།
Vol. 134 · folio 293b
བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལུང་བསྟན་ཏོ། །སྤྲུལ་བའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་དག་ངས་མངོན་པར་ཤེས་ཏེ། ཉན་ཐོས་ཉིད་དུ་ལན་བརྒྱ་ཕྲག་དུ་མ་བྱས་ནས་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་སུ་གྱུར་ནས་ཇི་ལྟར་ཉན་ཐོས་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་ཏེ།
དེ་ལ་དགོངས་པ་ནི་འདུལ་བ་རྣམས་ལ་ལུས་དེ་དང་དེར་སྤྲུལ་ནས་ངས་དགོས་པ་བྱས་ཏེ་མྱ་ངན་ལས་འདས་པ་བསྟན་ཏོ་སྙམ་པ་འདི་ཡིན་ནོ། །དེའི་ཕྱིར་དོན་དུ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དེ་ཉིད་ཐེག་པ་ཆེན་པོ་ཡིན་པས་ཐེག་པ་གཅིག་པ་ཉིད་དུ་གྱུར་ཏོ། །མཐར་ཕྱིན་པས་ཞེས་
བྱ་བ་ནི་མཐར་ཕྱིན་པར་ཞལ་གྱིས་བཞེས་ནས་ཐེག་པ་གཅིག་ཅེས་གསུངས་ཀྱི་གཞན་དག་མེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་གོང་ན་ཐེག་པ་མེད་པའི་ཕྱིར་ཐེག་པ་གཅིག་སྟེ་ཁྱད་པར་ཅན་མེད་པའི་ཕྱིར་རོ། །ཐེག་པ་གཞན་དག་ནི་ཁྱད་པར་ཅན་དང་བཅས་པའོ། །ཁམས་གཅིག་
ན་ནི་གཉིས་མེད་ཕྱིར། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་གཅིག་ན་སངས་རྒྱས་གཉིས་མེད་པའི་ཕྱིར་རོ། །འོ་ན་གཅིག་ཉིད་དུ་འགྱུར་རོ་སྙམ་པ་དེ་བཟློག་པའི་ཕྱིར། དཔག་མེད་ལྷན་ཅིག་ཚོགས་བསགས་ཕྱིར། །ཞེས་བྱ་བ་སྨོས་སོ། །འོ་ན་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་
མང་པོ་རིམ་གྱིས་འབྱུང་ངོ་སྙམ་པ་དེའི་ཕྱིར། རིམ་གྱིས་འབྱུང་བར་མི་རིགས་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཚོགས་ཡོངས་སུ་རྫོགས་པ་རྣམས་ལ་རིམ་གྱིས་འབྱུང་བའི་རྒྱུ་ཅི་ཡང་མེད་དོ། །འདི་ལ་ཁ་ཅིག་ཐེག་པ་ཆེན་པོ་པ་ཉིད་དུ་གྱུར་ཀྱང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་ཀྱི་བསམ་པས་སངས་རྒྱས་རྣམས་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་དོ། །ཁ་ཅིག་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བསམ་པས་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པར་འདོད་དོ། །དེ་གཉི་ག་ཡང་མི་རུང་སྟེ།
སངས་རྒྱས་རྣམས་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་ཡིན། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་པ་ཡང་མ་ཡིན་ཏེ། དགོངས་པ་འགས་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །དགོངས་པ་འགས་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་མ་འདས་སོ། །
Vol. 134 · folio 294a
སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །གཏན་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །མཛད་པ་རྣམས་ཀྱང་མ་རྫོགས་ཕྱིར། །ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །དེ་གཟུགས་ཀྱི་སྐུར་སྣང་བའི་ཕྱིར་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པར་སྣང་བའི་ཕྱིར་རོ། །ངོ་བོ་ཉིད་ནི་
གཟུགས་ཀྱི་སྐུར་སྣང་བ་མ་ཡིན་ནོ། །སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ལོངས་སྤྱོད་རྫོགས་པ་ཐ་དད་པ་སྣང་གི་ངོ་བོ་ཉིད་ཐ་དད་པ་མེད་དོ། །མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་ཁ་ཅིག་ལོངས་སྤྱོད་རྫོགས་པའི་
སངས་རྒྱས་ལ་བསྒྲེས་པར་མཐོང་ངོ་། །ཁ་ཅིག་གིས་གཞོན་ནུར་མཐོང་། ཁ་ཅིག་གིས་དར་ལ་བབ་པར་མཐོང་ཡང་ངོ་བོ་ཉིད་ལ་ནི་མ་ངེས་པ་མེད་དོ། །གཡོ་བའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་ཞེས་བྱ་བ་ནི་མཐོང་བ་པོ་གཅིག་ཉིད་ཀྱིས་ཀྱང་ལོངས་སྤྱོད་རྫོགས་པ་དེ། རེས་འགའ་ནི་རྣམ་པ་གཞན་དུ་
མཐོང་ཡང་། ངོ་བོ་ཉིད་ལ་ནི་གཡོ་བ་མེད་དོ། །བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་ལྷ་ལ་སོགས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྟག་ཏུ་འདྲེས་པ་ཡིན་ཡང་ངོ་བོ་ཉིད་ལ་ནི་འདྲེས་པར་མི་རུང་ངོ་། །གནས་གྱུར་པ་མི་རིགས་པར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལ། ཀུན་གཞི་རྣམ་པར་
ཤེས་པ་གྱུར་པ་ནི་ངོ་བོ་ཉིད་དོ། །འཇུག་པའི་རྣམ་པར་ཤེས་པ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའོ། །མི་རིགས་པ་དྲུག་པོ་འདི་དག་གིས་ངོ་བོ་ཉིད་ནི་ལོངས་སྤྱོད་རྫོགས་པར་མི་རུང་ངོ་། །སྤྲུལ་པ་ནི་རྣམ་པ་བརྒྱད་ཀྱིས་ངོ་བོ་ཉིད་དུ་མི་རུང་སྟེ། བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་མི་ཉམས་པའི་
ཏིང་ངེ་འཛིན་ཐོབ་པ་ཡོངས་སུ་མ་ཉམས་པ་རྣམས་དགའ་ལྡན་གྱི་ལྷ་དང་མིའི་ནང་དུ་འདོད་པ་ན་སྤྱོད་པ་རྣམས་སུ་སྐྱེ་བར་མི་རིགས་ཏེ། སྐལ་པ་མི་རུང་བར་ཏིང་ངེ་འཛིན་ལས་མི་ཉམས་པའི་འབྲས་བུ་ནི་འདོད་པ་ན་སྤྱོད་པར་མི་རིགས་སོ། །དེའི་ཕྱིར་སྤྲུལ་པ་དེ་ནི་ངོ་བོ་ཉིད་ལས་གཞན་ཞེས་བྱ་བར་
གྲུབ་བོ། །སྐྱེ་བ་དྲན་པ་རྣམས་ཞེས་བྱ་བ་ནས་བཟུང་སྟེ། དཀའ་བ་སྤྱོད་པ་མི་རིགས་སོ། །ཞེས་བྱ་བའི་བར་ནི་འགྲེལ་པ་ལ་མི་ལྟོས་པར་ཚིག་དེ་ཉིད་ཀྱིས་བཤད་ཟིན་ཏོ། །འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བོར་ཏེ། གཅིག་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་
Vol. 134 · folio 294b
པ་མི་རིགས་སོ་ཞེས་བྱ་བ་ནི་སྤྲུལ་པ་ནི་རིགས་ཏེ། ཐམས་ཅད་དུ་དེ་མཐུན་པའི་ཕྱིར་རོ། །དེའི་ཕྱིར་སྤྲུལ་པ་ནི་ངོ་བོ་ཉིད་དུ་མི་རུང་ངོ་། །ཇི་སྟེ་འཛམ་བུ་གླིང་གཞན་རྣམས་སུ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པ་མེད་པར་འཛམ་བུའི་གླིང་གཅིག་ཏུ་མངོན་པ་རྫོགས་པར་སངས་རྒྱས་ནས་ལྷག་མ་
རྣམས་སུ་སྤྲུལ་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་པ་མཛད་པར་འདོད་ན། དེའི་ཕྱིར་དགའ་ལྡན་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་ཅིའི་ཕྱིར་མི་འདོད། །གལ་ཏེ་ཁྱོད་ཀྱི་ལུགས་ལྟར་འཛམ་བུ་གླིང་གཅིག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། ལྷག་མ་རྣམས་སུ་སྤྲུལ་པ་
སྟོན་པར་རུང་ན། དེའི་ཕྱིར་དགའ་ལྡན་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་ཉིད་ན་བཞུགས་བཞིན་དུ་གླིང་བཞི་བའི་འཛམ་བུའི་གླིང་ཐམས་ཅད་དུ་སྤྲུལ་པ་སྟོན་པར་ཅིའི་ཕྱིར་མི་རུང་སྟེ། གླིང་བཞི་པའི་འཛམ་བུའི་གླིང་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་དོ་ཞེས་གང་
གི་སྟོབས་ཀྱིས་འཛམ་བུའི་གླིང་གང་དུ་ཡང་སངས་རྒྱས་འབྱུང་བ་མི་སྣང་བར་ཤེས་པར་བྱ་བའི་ལུང་ཡང་མེད་ལ། རིགས་པ་ཡང་མེད་དོ། །འོན་ཏེ་དེ་བཞིན་གཤེགས་པ་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་གྱི་ཁམས་གཅིག་ཏུ་འབྱུང་བ་ནི། གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་གང་
གསུངས་པའི་མདོ་དང་མི་འགལ་ལམ། འཛམ་བུའི་གླིང་ཐམས་ཅད་དུ་སངས་རྒྱས་ཅིག་ཅར་བྱུང་བར་གྱུར་ན་དེ་དང་འགལ་ལོ་ཞེ་ན། དེ་བཞིན་གཤེགས་པ་གཉིས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། མདོ་འདིར་ནི་འཇིག་རྟེན་གྱི་ཁམས་གླིང་བཞི་པར་བརྗོད་པར་བཞེད་པ་ཡིན་གྱི། སྟོང་
གསུམ་པ་ནི་མ་ཡིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་མི་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ཅིག་ཅར་དུ་མི་འབྱུང་བ་དེ་བཞིན་དུ་འཁོར་ལོས་སྒྱུར་བ་ཡང་ཅིག་ཅར་དུ་མི་འབྱུང་ངོ་ཞེས་མདོ་ལས་གསུངས་ལ། དེ་དག་ནི་གླིང་བཞི་པ་གཅིག་ཏུ་མི་འབྱུང་གི །སྟོང་གསུམ་
དུ་ནི་མ་ཡིན་པས། སངས་རྒྱས་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །འདིར་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ། སངས་རྒྱས་སྤྲུལ་པ་ཕྲ་བ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སྟོན་པའོ། །ཇི་ལྟར་སངས་རྒྱས་སྤྲུལ་པའི་སྐུ། །ཡུམ་གྱི་
Vol. 134 · folio 295a
ལྷུམས་སུ་མངལ་དུ་འཇུག་པ་དེ་བཞིན་དུ་དེའི་ཞབས་འབྲིང་བ་གནས་བརྟན་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་མང་པོ་དག་ཀྱང་། རང་རང་གི་སྤྲུལ་པས། རང་རང་གི་ཇི་ལྟ་བ་བཞིན་མའི་མངལ་དུ་ཞུགས་སོ། །མཚུངས་པར་ཞེས་བྱ་བ་ནི་དུས་མཐུན་པ་སྟེ། དེ་ལྟར་ན་རྣམ་པ་
ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་རབ་ཏུ་བསྟན་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་བཏབ་པ་དང་། སྒྲུབ་པ་གཉིས་ཀྱིས་ཞེས་བྱ་བས་ནི་ཇི་ལྟར་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་དེ་ལྟར་མི་རུང་བར་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ་
སྨོན་ལམ་བཏབ་ཅིང་སྒྲུབ་པས་སེམས་ཅན་གྱི་དོན་ཉིད་མཛད་དོ། །གལ་ཏེ་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་འདའ་ན། དེ་གཉིས་འབྲས་བུ་མེད་པར་འགྱུར་རོ་ཞེས་བྱ་བས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་མི་འཐད་པའི་རྒྱུ་བར་དུ་ཆོད་པ་དེ་བརྗོད་དོ། །ཁ་ཅིག་ཏུ་དེ་བཞིན་
གཤེགས་པ་རྣམས་ཀྱི་སྐུ་ནི་རྟག་པའོ་ཞེས་གང་གསུངས་པ་དེ་ནི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ནི་མི་རྟག་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་མི་རྟག་ན་སྐུ་རྟག་པའོ་ཞེས་ཇི་སྐད་དུ་ཞེ་ན། དེ་གཉིས་ཀྱང་རྟག་པ་ཡིན་ཏེ། རྒྱུ་མཐུན་པ་དང་སྤྲུལ་པའི་སྐུ་གཉིས་ཆོས་ཀྱི་སྐུ་རྟག་པ་ལ་བརྟེན་
པའི་ཕྱིར་རོ། །རྣམ་གྲངས་ཀྱི་རྟག་པ་ཉིད་དུ་སྟོན་ཏེ། ཆོས་ཀྱི་སྐུ་ལ་ལྟོས་ནས་དེ་དག་གི་སྐུ་རྟག་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །སྐུ་གཞན་གཉིས་ལ་ལྟོས་ནས། དེ་དག་གི་སྐུ་མི་རྟག་པ་ལ་གནས་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ལོངས་སྤྱོད་རྫོགས་པ་ནི། ལོངས་སྤྱོད་རྫོགས་
པར་རྒྱུན་མ་ཆད་པ་ཞེས་བྱ་བ་ནི། ལོངས་སྤྱོད་རྫོགས་པ་རྒྱུན་མ་ཆད་ཅིང་རྒྱུན་དུ་འཇུག་པས་རྟག་པའོ། །རྟག་ཏུ་བདེ་བ་སྤྱོད་དོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་རེ་ཞིག་དཔེར་ན་རྒྱུན་མ་ཆད་པར་བདེ་བ་སྤྱོད་པ་མ་ཡིན་མོད་ཀྱི། འོན་ཀྱང་རྒྱུན་མི་འཆད་པའི་ཕྱིར་འདི་རྟག་ཏུ་བདེ་བ་སྤྱོད་དོ་ཞེས་བྱ་བ་དེ་
བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་གཏན་དུ་གནས་པ་མ་ཡིན་མོད་ཀྱི། འོན་ཀྱང་རྟག་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དེ་དང་དེར་རྒྱུན་མི་འཆད་པར་སྟོན་པའི་ཕྱིར་རོ། །སྤྲུལ་པ་ནི་ཡང་དང་ཡང་སྟོན་པའི་དགོས་པས་རྟག་པ་སྟེ། རྟག་ཏུ་ཟས་སྦྱིན་
Vol. 134 · folio 295b
ནོ་ཞེས་བྱ་བ་བཞིན་ནོ། །དཔེར་ན་རྟག་ཏུ་ཟས་སྦྱིན་པ་མ་ཡིན་མོད་ཀྱི། ཡང་དང་ཡང་དུ་སྦྱིན་པའི་ཕྱིར་རྙེད་སླ་བ་ལ་དགོངས་ནས། རྟག་ཏུ་ཟས་སྦྱིན་པ་ཞེས་བྱ་བ་དེ་བཞིན་དུ་སྤྲུལ་པའི་སྐུ་ཡང་སྐྱེ་བ་དང་འཇིག་པ་མེད་པས་རྟག་པ་མ་ཡིན་མོད་ཀྱི། འདུལ་བ་ཇི་ལྟ་བ་བཞིན་དུ་ཡང་དང་ཡང་སྟོན་ཏོ། །རྙེད་སླ་
བའི་ཕྱིར་རྟག་པ་ཞེས་བྱའོ། །མྱ་ངན་འདས་པ་ལ་འདུན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཀུན་དུ་སྟོན་པའི་དགོས་པ་བསྟན་ཏོ། །དེ་བཞིན་གཤེགས་པ་རྟག་པར་རིག་ན། སངས་རྒྱས་ཀྱི་སྐུ་རྟག་པ་དོན་དུ་གཉེར་ཏེ། མྱ་ངན་ལས་འདས་པ་ལ་མི་ཕྱོགས་པར་
འགྱུར་བས་བཅོམ་ལྡན་འདས་ཀྱིས་དེ་བསྟན་ན་དེ་ལ་འདོད་པར་འགྱུར་རོ། །ཆོས་ཟབ་མོ་བསྟན་པ་ཁོང་དུ་མ་ཆུད་པ་ལ་ཞེས་བྱ་བ་ནི། སངས་རྒྱས་བཞུགས་ན་འདི་རྟག་གོ། །ཞེས་ཆོས་ཟབ་མོ་བསྟན་པ་ཁོང་དུ་ཆུད་པར་བྱ་བ་ལ་འབད་པ་མེད་པར་འགྱུར་ཏེ། གལ་ཏེ་དེ་ལྟར་ཁོང་དུ་མ་ཆུད་ཀྱང་
དུས་ཤིག་ན་རྟོགས་པར་འགྱུར་གྲང་སྙམ་མོ། །ཡང་དང་ཡང་འདྲིའམ་འཛིན་ན་བརྙས་པ་སྐྱེ་བར་འགྱུར་ཏེ། བདག་གིས་ལོག་པར་ཟིན་ན། དེ་ལ་འདིས་དེ་སྐད་བཤད་དོ་ཞེས་ཟེར་རོ། །མི་བཞུགས་ན་ནི་བརྙས་པ་མི་སྐྱེད་དོ། །དེའི་དགོངས་པ་བདག་ཅག་གིས་མ་ཟིན་གྱིས། བཅོམ་ལྡན་འདས་
ནི་ཡོངས་སུ་མྱ་ངན་ལས་མ་འདས་ན། བདག་ཅག་ལ་ཁོང་དུ་ཆུད་པར་བྱེད་པ་སུ་ཡོད་ཅེས་ཆོས་རྟོགས་པར་བྱེད་པ་ལྷུར་ལེན་པར་འགྱུར་རོ། །སྟོན་པ་མི་དམིགས་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན། བདག་ཅག་ཀྱང་བརྩོན་འགྲུས་ལ་གནས་ཏེ། སྟོན་པ་
མེད་པའི་འགྲོ་བ་ལ་སྟོན་པ་ཐོབ་པར་བྱ་བའི་རིགས་སོ་སྙམ་མོ། །གཞན་དུ་ན་ནི་བཅོམ་ལྡན་འདས་སྟོན་པ་འགྲོ་བའི་མགོན་མཛད་དོ་ཞེས་བརྩོན་འགྲུས་མི་རྩོམ་པར་འགྱུར་རོ། །སོ་སོ་རང་བརྩོན་འགྲུས་མི་འདོར་བས་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་རྣམས་བརྩོན་འགྲུས་འདོར་བ་ཡོངས་སུ་སྤང་བའི་
ཕྱིར་ཏེ། ཇི་སྲིད་དུ་བཅོམ་ལྡན་འདས་བཞུགས་པ་དེ་སྲིད་དུ་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱའོ་སྙམ་མོ། །རྒྱུ་དྲུག་ཇི་སྐད་བསྟན་པ་བསྡུ་བའི་ཚིགས་སུ་བཅད་པ་ནི། མཛད་པ་རྫོགས་པར་འགྱུར་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཆོས་ཀྱི་སྐུས་སངས་རྒྱས་
Vol. 134 · folio 296a
གཏན་དུ་དཔག་ཏུ་མེད་ན་སངས་རྒྱས་ཀྱིས་ཕོངས་པ་ཅུང་ཟད་ཀྱང་མེད་ཀྱི། དེའི་དོན་དུ་འབད་ཅི་དགོས་ཞེས་རྒོལ་བའི་སྐབས་རིག་ནས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ། ཐོག་མ་མེད་པའི་དུས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁ་ཅིག་འདི་སྙམ་དུ་སེམས་ཏེ།
སངས་རྒྱས་གཅིག་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དགོས་པ་སྒྲུབ་པར་སྤྱོད་ཀྱིས། དེ་ནི་དོན་ལ་འབད་ཅི་དགོས་སྙམ་དུ་སེམས་པ་དེའི་བློ་བསལ་བའི་ཕྱིར། གལ་ཏེ་སངས་རྒྱས་བརྙེས་པ་ཁྱད་མེད་དཔག་མེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཆོས་ཀྱི་སྐུ་ལ་སངས་རྒྱས་ཉིད་ཐོབ་པ་དུས་
ཐམས་ཅད་དུ་ཁྱད་པར་མེད་པ། སངས་རྒྱས་ཉིད་ལ་འབད་པ་ལྡོག་པའི་རྒྱུར་འགྱུར་ན་སངས་རྒྱས་ཉིད་ཐོབ་པ་རྟག་ཏུ་རྒྱུ་མེད་པ་ལས་བྱུང་བར་འགྱུར་བས། སྔོན་གྱི་སངས་རྒྱས་དེ་དག་ཀྱང་བསྒྲིམ་པ་མེད་པར་སངས་རྒྱས་ཉིད་དུ་འགྱུར་བར་ཐལ་བར་འགྱུར་རོ། །ཇི་སྟེ་དེ་དག་རྒྱུ་མེད་པ་ལས་འབྱུང་བར་
མི་འདོད་ན། རྒྱུའི་རྒྱུན་གཅོད་པ་ནི་རིགས་པའི་ཚུལ་མ་ཡིན། སངས་རྒྱས་ཉིད་ཐོབ་པ་དུས་ཐམས་ཅད་དུ་ཁྱད་པར་མེད་པ་ནི། འབད་པ་ཉམས་པའི་རྒྱུར་མི་འགྱུར་རོ། །བཤད་འདི་ངོ་བོ་ཉིད་མེད་པ། །སངས་རྒྱས་ཉིད་དུ་སྨོན་བྱས་ཤིང་། །ལུང་རིགས་དག་པས་དག་པའི་བློར། །སྙིང་རྗེར་
བརྟུལ་བའི་ཡིད་ཀྱིས་བྱས། །ཐེག་ཆེན་ཟབ་མོ་འདི་ལ་ནི། །སེམས་ནི་མཉམ་གཞག་མ་ཡིན་ཞིང་། །ད་ལྟར་གྱི་ནི་ཆ་མཐོང་བའོ། །བདག་འདྲའི་རྟོག་པ་ཅི་ཞིག་འདྲ། །འོན་ཀྱང་གྲུབ་མཐའ་ལ་བརྟེན་ནས། །དགེ་བ་གོམས་པ་སྔོན་འགྲོ་བའི། །བསོད་ནམས་ཀྱིས་ནི་འཇིག་རྟེན་རྣམས། །རྣམ་ཀུན་
མཆོག་མཁྱེན་ཐོབ་པར་ཤོག །ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར་སློབ་དཔོན་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ཆོས་རྣམས་ལ་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་
བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དགེ་སློང་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ཤློ་ཀ་ནི་ཉིས་སྟོང་བདུན་བརྒྱ་བདུན་ཅུ་རྩ་བཞི་ཡོད།། །།བམ་པོ་བདུན་དུ་བྱས་སོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words