ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་སརྦ་དུཙྪ་ཡ་བྷཱ་ཥུཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 135 · folio 28b

པར་མ་བཞག་པའི་སྐད་ཅིག་འདྲེན་མར་རྗེས་སུ་འཇུག་གོ། །དེ་དང་མི་མཐུན་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ནི་རྒྱུ་ལ་སོགས་པའི་སྟོབས་བཞིས་ཀུན་ཏུ་འབྱུང་བར་རིག་པར་བྱའོ། །དེ་ལ་རྒྱུའི་སྟོབས་ཀྱིས་ནི་གལ་ཏེ་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བའི་སྒྲིབ་པ་སྔོན་བསགས་པར་

གྱུར་པའོ། །ཡུལ་གྱི་སྟོབས་ཀྱིས་ནི་གལ་ཏེ་འདོད་ཆགས་ལ་སོགས་པ་འབྱུང་བ་དང་མཐུན་པ། སྡུག་པ་ལ་སོགས་པའི་མཚན་མའི་སྟོབས་ཤས་ཆེ་བའི་ཡུལ་སྣང་བར་འགྱུར་བའོ། །དྲན་པའི་སྟོབས་ཀྱིས་ནི་གལ་ཏེ་དྲན་པའི་ཀུན་ཏུ་རྟོག་པ་དག་གིས་འདས་པའི་ཡུལ་ལ་འཕོ་བར་བྱེད་པའོ། །ཡིད་ལ་བྱེད་པའི་

སྟོབས་ཀྱིས་ནི་གལ་ཏེ་སྤྱོད་པའི་ཡིད་ལ་བྱེད་པས་སྡུག་པའི་མཚན་མ་གང་ཡང་རུང་བ་ཡིད་ལ་བྱེད་པའོ། །ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་ནི། འཆི་བའི་སེམས་རྣམ་པ་དགུ་སྟེ་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ཁམས་གསུམ་དུ་སོ་སོར་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་དག་

གོ། །དེ་ལ་འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དེ་ཉིད་དུ་ཉིང་མཚམས་སྦྱོར་བའི་འདོད་པ་ན་སྤྱོད་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ནི་འཆི་འཕོ་བའི་སེམས་སུ་རིག་པར་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉིང་མཚམས་སྦྱོར་བའི་སེམས་ནི་གཟུགས་དང་གཟུགས་

མེད་པ་ན་སྤྱོད་པའི་འཆི་བའི་སེམས་སུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དང་། གཞན་དུ་སྐྱེས་པའི་སེམས་ཀྱང་དྲུག་ཏུ་སྦྱར་བར་བྱའོ། །ལུས་ལ་སྲེད་པ་དེ་ནི་ལྷན་ཅིག་སྐྱེས་པ་དང་། དམིགས་པ་ལ་མི་སྤྱོད་པ་དང་། བསྒྲིབས་པའི་ལུང་དུ་མ་བསྟན་

པའོ། །ལུས་དང་ལྷན་ཅིག་སྐྱེས་པ་འདི་ནི་དམིགས་པ་ནི་རྣམ་པ་ཡོངས་སུ་མི་གཅོད་པར་རིག་པར་བྱ་སྟེ། དེའི་དབང་གིས་དེ་མ་ཐག་ཏུ་སོ་སོའི་སྐྱེ་བོ་རྣམས་ནི་བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོར་རོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་འཆི་བའི་དུས་ན་ཇི་ཙམ་དུ་འདུ་ཤེས་མི་གསལ་བའི་

གནས་སྐབས་སུ་མ་གྱུར་པ་དེ་སྲིད་དུ་སྲེད་པ་དེ་ཀུན་ཏུ་འབྱུང་ངོ་། །དེ་དག་ནི་ཡོངས་སུ་རྟོགས་ནས་གཉེན་པོས་ཚར་གཅོད་དོ། །འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ནི་མ་སྤོངས་སུ་ཟིན་ཀྱང་གཉེན་པོའི་སྟོབས་ཆེ་བས་དེ་ཀུན་ཏུ་མི་འབྱུང་ངོ་། །དེའི་བག་ལ་ཉལ་གྱི་དབང་གིས་ནི་དེ་དག་ཉིང་མཚམས་

Vol. 135 · folio 29a

སྦྱོར་རོ། །བར་མ་དོའི་སྲིད་པའི་ཉིང་མཚམས་སྦྱོར་བའི་སྐད་ཅིག་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དེ། རྣམ་པར་སྨིན་པའི་ཕྱིར་རོ། །དེའི་འོག་ཏུ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འཆི་འཕོ་བའི་སེམས་མ་གཏོགས་སོ། །

བར་མ་དོའི་སྲིད་པའི་འཆི་འཕོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་པ་ཅན་ཏེ། འཆི་འཕོ་བའི་སྲིད་པ་བཞིན་ནོ། །སྐྱེ་བའི་ཉིང་མཚམས་སྦྱོར་བ་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་རྣམས་ཀྱི་འཆི་བའི་སེམས་ལ་སོགས་པ་ནི་

ཐམས་ཅད་ཀྱང་གཅིག་ཏུ་དགེ་བར་རིག་པར་བྱའོ། །དེ་མ་ཐག་པའི་རྐྱེན་གྱི་སྐབས་རྫོགས་སོ།། །།ཡུལ་ཡོངས་སུ་ཆད་པའི་དམིགས་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཚོགས་ལྔ་པོ་དག་གི་དམིགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །

ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི་མིང་ལ་མ་བྱང་བ་རྣམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། མིང་

དང་ཡི་གེར་བྱེད་མི་ནུས་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པའི་དམིགས་པ་ཞེས་བྱ་བ་ནི། དེ་ལས་བཟློག་པར་རིག་པར་བྱའོ། །དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་ལྟ་བ་དང་། ང་རྒྱལ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་མ་གཏོགས་པར་དེ་ལས་གཞན་པ་

དག་གི་དམིགས་པའོ། །དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་རྣམས་ཀྱི་དམིགས་པ་སྟེ། བདག་གཞི་ཡིན་པའི་ཕྱིར་རོ། །དངོས་པོའི་དམིགས་པ་ཞེས་བྱ་བ་ནི། ཟག་པ་མེད་པ་ལ་དམིགས་པ་དང་། སྐལ་བ་མི་མཉམ་པའི་ཁམས་དང་། སའི་ཀུན་ཏུ་འགྲོ་བ་

རྣམས་དང་། མ་འོངས་པའི་དམིགས་པ་གཞི་གཏན་ལ་ཕེབས་པ་མེད་པ་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས་པའོ། །ཀུན་ཏུ་བརྟགས་པའི་དམིགས་པ་ཞེས་བྱ་བ་ནི་མ་གཏོགས་པ་རྣམས་ཀྱི་དམིགས་པ་སྟེ། རང་གི་ཀུན་བརྟགས་པ་ཙམ་ལ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་

Vol. 135 · folio 29b

ལོག་གི་དམིགས་པ་ཞེས་བྱ་བ་ནི་རྟག་པ་ལ་སོགས་པའི་རྣམ་པར་བྱུང་བ་རྣམས་ཀྱི་དམིགས་པའོ། །ཕྱིན་ཅི་མ་ལོག་པའི་དམིགས་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་འབྱུང་བ་རྣམས་ཀྱི་དམིགས་པའོ། །ཐོགས་པ་དང་བཅས་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པ་

རྣམས་ཀྱི་དམིགས་པའོ། །ཐོགས་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་སྤོངས་པ་རྣམས་ཀྱི་དམིགས་པའོ། །དམིགས་པའི་རྐྱེན་གྱི་རྣམ་པར་ངེས་པ་ནི་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། བཞག་པ་དང་། ཡོངས་སུ་ཤེས་པ་དང་སྤངས་པས་ཀྱང་དམིགས་པ་རྣམ་པར་གཞག་

པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་བའི་རྒྱུ་དང་། དེ་དག་བྱུང་ནས་ཀྱང་དོན་དེ་ལ་མངོན་པར་ཞེན་པ་དང་། ཐ་སྙད་འདོགས་པ་དང་། སོ་སོ་རང་གིས་རིག་པར་འགྱུར་བ་ནི་དམིགས་པའི་མཚན་ཉིད་

དོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མེད་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་པ་རྣམས་ཀྱི་དམིགས་པ་དང་། འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་། གཟུགས་བརྙན་དང་། སྒྱུ་མ་ལ་སོགས་པའི་དམིགས་པའོ། །ཡོད་པའི་དམིགས་པ་ནི་དེ་

ལས་གཞན་པ་དག་གི་དམིགས་པའོ། །དམིགས་པ་མེད་པའི་དམིགས་པ་ནི་གཟུགས་དང་། སེམས་དང་ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་སོ། །དམིགས་པ་དང་བཅས་པའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡང་དག་པ་ཉིད་ཀྱི་

དམིགས་པ་ནི་འདི་ལྟ་སྟེ་དགེ་བའོ། །ལོག་པ་ཉིད་ཀྱི་དམིགས་པ་ནི་འདི་ལྟ་སྟེ་ཉོན་མོངས་པ་ཅན་ནོ། །ཡང་དག་པ་ཉིད་ཀྱང་མ་ཡིན་ལ་ལོག་པ་ཉིད་ཀྱང་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །ཚུལ་བཞིན་གྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་

ལས་བྱུང་བའི་དགེ་བ་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་ཡང་མ་ཡིན་ལ་ཚུལ་བཞིན་མ་ཡིན་པ་ཡང་མ་ཡིན་པའི་དམིགས་པ་ནི་དེ་དག་མ་གཏོགས་པ་རྣམས་ཀྱི་དམིགས་པའོ། །འདྲ་བའི་དམིགས་པ་

Vol. 135 · folio 30a

ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པ་རྣམས་ཀྱི་དགེ་བ་ལ་སོགས་པ་དང་། རང་གི་ས་པ་རྣམས་ཀྱི་རང་གི་ས་པ་དང་། ཟག་པ་དང་བཅས་པ་རྣམས་ཀྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པའོ། །མི་མཐུན་པའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་

སོགས་པ་རྣམས་ཀྱི་མི་དགེ་བ་ལ་སོགས་པ་དང་། ས་གཞན་པ་རྣམས་ཀྱི་ས་གཞན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པ་དང་། ཟག་པ་དང་བཅས་པའོ། །སྣ་ཚོགས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྟོག་པ་དང་བཅས་དཔྱོད་པ་

དང་བཅས་པ་རྣམས་ཀྱི་དམིགས་པའོ། །གཅིག་པུའི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་མི་རྟོག་མི་དཔྱོད་པ་རྣམས་ཀྱི་དམིགས་པའོ། །འབྲལ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། ནམ་མཁའ་དང་

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དམིགས་པའོ། །འབྲལ་བ་ནི་མེད་པར་འགྱུར་བའོ། །གཞན་དུ་ན་འབྲལ་བ་ཆེན་པོ་ཉིད་ལ་བྱའོ། །བསྡུས་པ་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །མཐར་ཕྱིན་པའི་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་

འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །ཉོན་མོངས་པའི་དམིགས་པ་ནི་དེས་དམིགས་པར་བྱེད་པའི་ཕྱིར་དམིགས་པ་ཞེས་བྱའོ། །མདོ་སྡེའི་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། གཙུག་ལག་རྣམས་ཀྱི་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་

ཚོགས་རྣམས་སོ། དོན་གྱི་དམིགས་པ་ནི་དེ་ལ་བརྟེན་པ་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །ཆུང་ངུའི་དམིགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའོ། །རྒྱ་ཆེན་པོའི་དམིགས་པ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའོ། །མཚན་མའི་དམིགས་པ་ནི་འདི་ལྟ་སྟེ། ཞི་གནས་དང་། རབ་ཏུ་འཛིན་

པ་དང་། བཏང་སྙོམས་ཀྱི་མཚན་མ་རྣམས་སོ། །མཚན་མ་མེད་པའི་དམིགས་པ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པ་དང་། སྲིད་པའི་རྩེ་མོའོ། །དེ་ཁོ་ནའི་དམིགས་པ་ནི་འདི་ལྟ་སྟེ། །དེ་བཞིན་ཉིད་དང་། རྣམ་པ་བཅུ་དྲུག་པོ་དག་གི་དམིགས་པའི་བདེན་པ་རྣམས་སོ། །གནས་པར་བྱ་བའི་

Vol. 135 · folio 30b

དམིགས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་བ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །དབང་བསྒྱུར་བའི་དམིགས་པ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་རྣམས་ཀྱི་དམིགས་པའོ། །

སྐད་ཅིག་པའི་དམིགས་པ་ནི་འདི་ལྟ་སྟེ། མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་དོ། །རྗེས་སུ་འབྲང་བ་རྣམས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པའོ། །གཞན་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་དུ་རྣམ་པར་གཞག་པའི་ཕྱིར་དམིགས་པ་ཡོངས་སུ་མ་གྲུབ་

པས་སོ། །རྣམ་པ་བཞིས་ཡོངས་སུ་མ་གྲུབ་པའི་དམིགས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང་། དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང་། བསྒྲིབས་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང་། ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར་འགྱུར་བས་

སོ། །དེའི་ཕྱིར་འཛིན་པ་ཡང་ཡོངས་སུ་མ་གྲུབ་པའོ། །ཤེས་པ་རྣམ་པ་གསུམ་ནི་དབང་གི་ཤེས་པ་དང་། ལྷག་མཐོང་གི་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཤེས་པའོ། །དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། །ཡི་དགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །

དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང་། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང་། །མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །དེ་ནི་དམིགས་པར་རུང་མ་ཡིན། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་

འགྱུར། །ཤེས་པ་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་པ་ལ་འདི་ལྟར་ཡང་། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །འདི་ལ་

རྣམ་པར་འབྱེད་གྲུབ་དང་། །བློ་ལྡན་ཞི་བ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་ནི་སྣང་བའི་ཕྱིར། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། མཚན་ཉིད་

Vol. 135 · folio 31a

དང་། རབ་ཏུ་དབྱེ་བ་དང་། གཞག་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །སྤོང་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་ཐེག་པ་ཆེན་པོས་གནས་གྱུར་པ་སྟེ། ཉན་ཐོས་ཀྱི་ཐེག་པས་གནས་གྱུར་པས་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་

དམིགས་པ་དག་ལས་རྣམ་པར་ཐར་གྱི། དེ་དག་ལ་དབང་འབྱོར་པ་ཐོབ་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོས་གནས་གྱུར་པ་ནི་གཉིས་པའོ། །དམིགས་པའི་རྐྱེན་གཞུང་ཇི་ལྟ་བ་བཞིན་དུ་རྣམ་པར་ངེས་པ་རྫོགས་སོ།། །།རྟེན་ལ་དབང་བྱེད་པ་ཞེས་བྱ་བ་ལ་རླུང་གི་དཀྱིལ་འཁོར་ལ་

སོགས་པ་ནི་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་རྟེན་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་གྱིའོ། །འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་རྣམས་ཀྱིའོ། །དབང་པོ་རྣམས་ནི་རྣམ་པར་ཤེས་པ་རྣམས་ཀྱིའོ་ཞེས་བྱ་བ་ལ་སོགས་པའོ། །འཕེན་པ་ལ་

དབང་བྱེད་པ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ནི་སྣོད་ཀྱི་འཇིག་རྟེན་འཕེན་པ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྔོན་གྱི་ཟག་པ་དང་བཅས་པའི་ལས་རྣམས་ནི་རྣམ་པར་སྨིན་པའིའོ་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་ཞེས་བྱ་བ་ལ། སེམས་ནི་

སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །ཡིད་ལ་བྱེད་པ་ནི་སེམས་ཀྱིའོ། །རེག་པ་ནི་ཚོར་བའོ་ཞེས་བྱ་བ་ལ་སོགས་པའོ། །འདི་མན་ཆད་ནི་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱས་ཏེ། བདག་པོར་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་

ཡུལ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ། །སྐྱེ་བར་དབང་བྱེད་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེའི་དབང་གིས་མངལ་དུ་འཇུག་པའི་ཕྱིར་རོ། །གནས་

པར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གི་དབང་པོ་སྟེ། དེའི་དབང་གིས་རིས་མཐུན་པར་གནས་པའི་ཕྱིར་རོ། །འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ཏེ། དེའི་

Vol. 135 · folio 31b

དབང་གིས་སྡུག་པ་དང་མི་སྡུག་པའི་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ཏེ། དེ་དག་གིས་ཉོན་མོངས་པ་རྣམ་

པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་དག་གིས་བག་ལ་ཉལ་ལེགས་པར་

བཅོམ་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོ་ཡུལ་ལ་རྒྱུན་དུ་འབྱུང་བ་ཞེས་བྱ་བ་ནི་བརྟེན་པ་མཚུངས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་དང་ལྡན་ཞིང་རྣམ་པར་ཤེས་པ་དང་འདྲ་བའི་དབང་པོ་ཡུལ་རྣམས་ལ་རྒྱུན་དུ་འབྱུང་ཞིང་རྣམ་པར་ཤེས་པ་འབྱུང་བ་དང་འདྲ་

བའི་ཕྱིར་དབང་པོ་དེ་ནི་བརྟེན་པ་དང་མཚུངས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང་བྲལ་ཞིང་རང་དང་འདྲ་བ་རྒྱུན་དུ་འབྱུང་བས་ཞེས་བྱ་བ་ནི་དེ་དག་དང་མཚུངས་པ་སྟེ། རྣམ་པར་ཤེས་པ་དང་མི་ལྡན་པའི་དབང་པོ་བདག་ཉིད་དང་འདྲ་བ་ནི་རྒྱུན་དུ་འབྱུང་ཞིང་དབང་པོའི་མཚན་ཉིད་དང་འདྲ་བའི་ཕྱིར་དེ་དང་

མཚུངས་པར་རིག་པར་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་དོ། །གཟུག་ཅན་གྱི་ཁམས་དང་སྐྱེ་མཆེད་ལྔའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ཉིད་དོ། །ཚོར་བ་འབྱུང་བའི་གནས་ཀྱི་གཟུགས་ཀྱི་ཞེས་བྱ་བ་ནི་གཟུགས་གང་ལ་བརྟེན་

ནས་ཚོར་བ་འབྱུང་བ་དེ་ཟིན་པ་ཞེས་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་གནས་དང་བཅས་པའི་དབང་པོས་བསྡུས་པའོ། །ཁམས་དང་སྐྱེ་མཆེད་གཟུགས་ཅན་ལྔ། །ཞེས་བྱ་བ་ནི་མིག་ལ་སོགས་པའོ། །བཞིའི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་གཟུགས་དང་། དྲི་དང་།

རོ་དང་། རེག་བྱ་དབང་པོ་ལས་གཞན་དུ་མ་གྱུར་པའོ། །ཡུལ་ལ་འཛིན་པར་དབང་བྱེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་སྟེ། དེའི་དབང་གིས་གཟུགས་ལ་སོགས་པའི་དམིགས་པ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བའི་ཕྱིར་རོ། །རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ཞེས་

Vol. 135 · folio 32a

བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེ་ལས་བུ་དང་ཚ་བོ་ལ་སོགས་པའི་རིགས་འབྱུང་བའི་ཕྱིར་རོ། །ལྷག་མ་ནི་བདག་པོའི་རྐྱེན་ཇི་སྐད་བསྟན་པ་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་།

ལུས་དང་། ཡིད་དང་། ཕོ་དང་མོའི་དབང་པོའི་མཚན་ཉིད་དོ། །འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི་སྲོག་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའི་མཚན་ཉིད་དོ། །ཁམས་བཅུ་གཉིས་ཞེས་བྱ་བ་ནི་དབང་པོ་དང་། རྣམ་པར་

ཤེས་པའི་ཁམས་རྣམས་སོ། །སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་ནང་གི་རྣམས་སོ། །ཆོས་ཀྱི་ཁམས་དང་། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ་ཞེས་བྱ་བ་ནི་སྲོག་གི་དབང་པོ་དང་། བདེ་བ་ལ་སོགས་པ་དང་དད་པ་ལ་སོགས་པ་ལྔ་ལྔའོ། །སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་གྱི་བདག་ཉིད་ཡིན་ཏེ། རང་

གི་མཚན་ཉིད་ཁོ་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །དེ་ལས་འབྱུང་བའི་རྒྱུར་གྱུར་པ་དབང་པོ་དང་། དོན་རྣམས་དང་དེ་དང་མཚུངས་པར་ལྡན་པ་རྣམས་ནི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ། །བདེ་བའི་ཚོར་བ་དང་། དེ་མྱོང་བར་བྱེད་པའི་ཆོས་རྣམས་འགྱུར་

བས་ཡིད་མི་བདེ་བ་འབྱུང་བའི་ཕྱིར་དེ་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དུ་རིག་པར་བྱ་སྟེ། ཇི་སྐད་དུ་ཞེན་ནས་གྱུར་པའི་སེམས་ཀྱིས་ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་

ཚོར་བ་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང་། དེ་མྱོང་བར་བྱེད་པའི་འདུ་བྱེད་རྣམས་དང་། སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་ངན་ལེན་དང་ལྡན་པ་དང་། སྡུག་བསྔལ་དེ་གཉིས་ལས་རྣམ་པར་མ་གྲོལ་བས་རེས་འགའ་ནི་བདེ་བའི་གནས་སྐབས་ལ་བརྟེན། རེས་

འགའ་ནི་སྡུག་བསྔལ་གྱི་གནས་སྐབས་ལ་བརྟེན་ཏེ། རྟག་ཏུ་ཁོར་མོར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་སུ་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མི་རྟག་པ་རྗེས་སུ་བཅིངས་པས་གྲུབ་པ་དང་། བདེ་བ་མ་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་རིག་པར་བྱའོ། །ཕུང་པོ་

Vol. 135 · folio 32b

རྣམས་དང་ཁམས་གསུམ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ། །སྐྱེ་མཆེད་གཉིས་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །ཕྱོགས་གཅིག་མ་གཏོགས་པ་ནི་ཟག་པ་མེད་པའི་མཚན་ཉིད་དོ། །ཐམས་ཅད་དོ་ཞེས་བྱ་བ་ནི་དེ་ལས་གཞན་པ་དག་གོ། །མི་དགེ་བ་དང་དགེ་བ་ཟག་པ་དང་

བཅས་པའི་རྣམ་པར་སྨིན་པའི་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ནི་ཕྱི་མ་ལ་ཡོད་དེ། དེའི་ཕྱིར་རྣམ་པར་སྨིན་པ་དེས་ན་དེ་གཉིས་རྣམ་པར་སྨིན་པ་དང་བཅས་པ་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ལས་གཞན་པ་མིག་ལ་སོགས་པ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་

པ་ནི་རྣམ་པར་སྨིན་པ་དེ་ལས་བྱུང་བ་ཞེས་བརྗོད་པ་འཐོབ་སྟེ། དེ་ལས་སྐྱེས་པའི་ཕྱིར་རོ། །ཕུང་པོ་རྣམས་དང་ཁམས་བཅུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདུན་དང་། གཟུགས་དང་སྒྲ་དང་། ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་། ཡིད་དང་། ཆོས་ཀྱི་སྐྱེ་

མཆེད་རྣམས་སོ། །ཕྱོགས་གཅིག་གོ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་དང་། ཟག་པ་མེད་པ་མ་རྟོགས་པའོ། །འཇུ་བས་ཀྱང་འཇུ་བ་ལས་གྱུར་པ་ཞེས་བྱ་བ་ནི་ཁམ་གྱི་ཟས་འཇུ་བའི་དུས་ན་དབང་པོའི་འབྱུང་བ་ཆེན་པོ་བརྟས་པར་བྱེད་པའི་ཕྱིར་རོ། །ཡུལ་གྱིས་ཀྱང་ཡུལ་ལས་གྱུར་པ་ཞེས་བྱ་བ་ནི་

རེག་པའི་ཟས་ཏེ། ཡིད་དུ་འོང་བའི་ཡུལ་གྱི་གནས་ཀྱིས་རེག་པས་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །རེ་བས་ཀྱང་རེ་བ་ལས་གྱུར་པ་ཞེས་བྱ་བ་ནི་ཡིད་ལ་སེམས་པའི་ཟས་ཏེ། འདོད་པའི་དངོས་པོ་དང་འབྲེལ་བའི་རེ་བའི་དབང་གིས་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །ལེན་པས་ཀྱང་

ལེན་པ་ལས་གྱུར་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཟས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་དབང་གིས་ལུས་གནས་པའི་ཕྱིར་ཏེ། འདི་ལྟར་དེ་དང་བྲལ་ན་ལུས་རུལ་བར་འགྱུར་བའི་ཕྱིར་རོ། ཡང་ཟས་རྣམ་པ་བཞི་པོ་དག་ནི་བསྡུས་ནས་རྣམ་པ་བཞིས་རྣམ་པར་གཞག་གོ། །འདི་

ལྟ་སྟེ། མ་དག་པའི་ལུས་གནས་པར་བྱེད་པ་ནི་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྟེ། མཐའ་དག་ནི་འཆིང་བ་དང་ལྡན་པའི་ཕྱིར་མ་དག་པའི་གནས་སོ། །དག་པ་དང་མ་དག་པའི་ལུས་གནས་པར་བྱེད་པ་ནི་སློབ་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་

Vol. 135 · folio 33a

རྣམས་ཀྱི་སྟེ། འཆིང་བའི་ལྷག་མ་ལས་པའི་ཕྱིར་རོ། །དག་པའི་ལུས་གནས་པར་བྱེད་པ་ནི་དགྲ་བཅོམ་པ་རྣམས་ཀྱི་སྟེ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །གནས་པར་ཀུན་ཏུ་སྟོན་པ་ནི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་

པ་རྣམས་ཀྱི་སྟེ། ཟས་ཀྱི་དབང་གིས་གནས་པར་ཀུན་ཏུ་སྟོན་པ་ཙམ་གྱི་ཕྱིར་རོ། །འདུས་མ་བྱས་ཀྱི་ཕྱོགས་གཅིག་གིས་ཀྱང་གོང་མ་དང་བཅས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མ་གཏོགས་པ་སྟེ། དེའི་མཚན་ཉིད་ནི་རྣམ་པར་དག་པའི་དེ་བཞིན་ཉིད་ཡིན་པས་དེ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་

པའི་ཕྱིར་རོ། །བསྡུས་པའི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་སྟེ། གང་ཟག་ལ་བདག་མེད་པའི་ཚུལ་གྱིས་ངོ་བོ་ཉིད་གསུམ་གྱི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ནི་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་མེད་པར་ཡང་བདག་ལ་སོགས་པའི་ངོ་བོ་ཉིད་དུ་གང་ཀུན་ཏུ་རྟོག་

པའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཕུང་པོ་ལ་སོགས་པ་དེ་དག་ནི་གང་དུ་ཡང་དག་པ་མ་ཡིན་པ་བདག་ལ་སོགས་པའི་རྣམ་པར་རྟོག་པ་དེ་འབྱུང་བའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དང་མི་ལྡན་པའི་མཚན་ཉིད་དེ། ཕུང་པོ་ལ་སོགས་པ་ལ་བདག་ལ་སོགས་པ་མེད་པ་

པ་དང་བདག་མེད་པ་ལ་སོགས་པ་ཡོད་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་དབང་དུ་བྱས་ཏེ། གཟུགས་དང་ཚོར་བ་ལ་སོགས་པའོ། །རྣམ་པའི་རབ་ཏུ་དབྱེ་བ་ནི་ཁྱད་པར་གྱི་དབང་དུ་བྱས་ནས་རྫས་སུ་ཡོད་པ་དང་། བཏགས་པའི་ཡོད་པ་

ཞེས་བྱ་བ་ལ་སོགས་པའོ། །ལུས་ཀྱི་རབ་ཏུ་དབྱེ་བ་ནི་སོ་སོའི་ལུས་ཏེ། ཕུང་པོ་ལ་སོགས་པ་ཐ་དད་པའི་དབང་དུ་བྱས་པའོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་ནི་ལུས་གཅིག་ལ་ཡང་ཕུང་པོ་ལ་སོགས་པའི་སྐད་ཅིག་སོ་སོ་གཞན་གྱི་དབང་དུ་བྱས་པའོ། །ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན།

ཕལ་ཆེར་འདོད་པའི་ཁམས་ན་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཐོས་པ་དང་། སེམས་པ་ལས་བྱུང་བ་མ་རྟོགས་པ་སྟོན་པའི་ཕྱིར་རོ།། །།བམ་པོ་བཞི་པ། མཚན་ཉིད་ཀྱིས་བསྡུས་པ་ནི་གཟུགས་ཀྱི་ཕུང་པོ་ཉིད་ཀྱིས་གཟུགས་ཀྱི་ཕུང་པོ་བསྡུས་པ་ནས། རྒྱ་

Vol. 135 · folio 33b

ཆེར་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཆོས་ཀྱི་སྐྱེ་མཆེད་བསྡུས་པའི་བར་དུའོ། །ཁམས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་སྟེ། དེ་ལ་དེ་དག་ཐམས་ཅད་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །རིགས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམས་

ཀྱིས་སྤུངས་པ་ལ་སོགས་པའི་དོན་དང་ལྡན་པ་གཟུགས་ལ་སོགས་པའོ། །རང་གི་མཚན་ཉིད་ཀྱིས་ཕན་ཚུན་མཚན་ཉིད་མི་འདྲ་ཡང་རིགས་གཅིག་པའི་ཕྱིར་ཐམས་ཅད་བསྡུས་སོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཀྱིས་ཀྱང་ཉེ་བར་སྤྱོད་པ་འཛིན་པའི་དོན་དང་ལྡན་པ་དང་། སྐྱེ་བའི་སྒོའི་

དོན་དང་ལྡན་པ་མིག་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །གནས་སྐབས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམས་རིགས་གཅིག་ཏུ་ཟིན་ཀྱང་བདེ་བ་ལ་སོགས་པའི་གནས་སྐབས་ངེས་པར་བྱས་ནས་བདེ་བའི་གནས་སྐབས་ནི་བདེ་བའི་གནས་སྐབས་ཉིད་ཀྱིས་བསྡུས་ཀྱི། སྡུག་བསྔལ་གྱི་གནས་སྐབས་

ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་ཀྱང་དེ་ཉིད་ཀྱི་གནས་སྐབས་ཀྱིས་བསྡུས་སོ། །ཕུང་པོ་རྣམས་ཇི་ལྟ་བར་ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །གྲོགས་ཀྱིས་བསྡུས་པ་ཞེས་བྱ་བ་ལ། གཟུགས་ཀྱི་ཕུང་པོ་ནི་སྡུད་པ་ན་དེ་ལ་བརྟེན་པ་ཚོར་བ་

ལ་སོགས་པ་གྲོགས་རྣམས་དང་ལྷན་ཅིག་ཏུ་ཕུང་པོ་ལྔ་པོ་དག་གིས་བསྡུས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ཀྱང་སྡུད་པ་ན་སོ་སོར་ཕུང་པོ་ལྔ་པོ་དག་གིས་བསྡུས་པར་འགྱུར་རོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་འཁོར་དང་བཅས་པ་རྣམས་ཀྱང་སོ་

སོར་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱིས་བསྡུས་པར་རིག་པར་བྱའོ། །ཕྱོགས་གཅིག་གིས་བསྡུས་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ། །ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་

སོ། །འདོད་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་དག་ཏུ་ཕུང་པོ་དང་

Vol. 135 · folio 34a

ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་གང་ཡང་རུང་བས་བསྡུས་པ་ནི་ཕྱོགས་གཅིག་གིས་བསྡུས་པར་རིག་པར་བྱའོ། །མཐའ་དག་གིས་བསྡུས་པ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཕུང་པོ་ལྔ་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གིས་བསྡུས་སོ། །

འདོད་པའི་ཁམས་ནི་བཅོ་བརྒྱད་པོ་དག་གིས་བསྡུས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་སྐྱེ་མཆེད་ནི་དྲི་དང་རོའི་སྐྱེ་མཆེད་མ་གཏོགས་པ་སྐྱེ་མཆེད་བཅུ་པོ་དག་གིས་བསྡུས་པའོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་

དེ་དག་ནི་མཐའ་དག་གིས་བསྡུས་པར་རིག་པར་བྱའོ། །གཅིག་གིས་གཅིག་བསྡུས་པ་ཞེས་བྱ་བ་ལ། ཕུང་པོ་རྣམས་ནི་སོ་སོར་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་བཞིན་དུ་ཁམས་རྣམས་ཀྱང་ཕུང་པོ་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་ཤིང་། སྐྱེ་མཆེད་

རྣམས་ཀྱང་ཕུང་པོ་དང་ཁམས་ཀྱིས་བསྡུས་པར་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །ཡང་བསྡུས་པའི་མཚན་ཉིད་ནི་འཇིག་རྟེན་གྱི་གྲགས་པས་བསྡུས་པ་དང་མཐུན་པར་རྣམ་པ་དྲུག་ཏུ་བལྟ་སྟེ། དེ་ཡང་གང་ཞེ་ན། གཞིའི་གནས་ཀྱིས་བསྡུས་པ་ནི་དཔེར་ན་མི་རྣམས་ནི་འཛམ་བུའི་གླིང་གིས་བསྡུས་སོ། །རི་དགས་

རྣམས་ནི་དགོན་པས་བསྡུས་སོ་ཞེས་འཇིག་རྟེན་ན་བརྗོད་པ་དེ་བཞིན་དུ་འདིར་ཡང་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །འཆིང་བས་བསྡུས་པ་ནི་དཔེར་ན་ཐག་པ་ལ་སོགས་པས་ཤིང་ཁུར་བ་ལ་སོགས་པ་བཅིངས་པ་དེ་བཞིན་དུ་ལུས་ཀྱིས་མིག་ལ་

སོགས་པའི་དབང་པོ་རྣམས་བཅིངས་སོ། །དོན་མཐུན་པས་བསྡུས་པ་ནི་དཔེར་ན་དགོས་པ་ཐམས་ཅད་མཐུན་པའི་མི་ཡིད་གཅུགས་པ་རྣམས་ཕན་ཚུན་བརྟེན་པ་དེ་བཞིན་དུ་དམིགས་པ་གཅིག་ལ་འབྱུང་བ་མཚུངས་པར་ལྡན་པ་རྣམས་ཀྱང་གཅིག་གིས་གཅིག་བསྡུས་སོ། ཉེ་བར་འཛིན་པས་བསྡུས་པ་ནི།

དཔེར་ན་ཇོ་བོས་བྲན་ལ་སོགས་པ་བདག་གིར་ཡོངས་སུ་བཟུང་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པས་ཀྱང་ལུས་བཟུང་ངོ་། །རྣམ་པར་མི་འཕྲོ་བས་བསྡུས་པ་ནི་དཔེར་ན་བུམ་པས་ཆུ་བཟུང་བ་དེ་བཞིན་དུ་ཏིང་ངེ་འཛིན་གྱིས་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་བཟུང་ངོ་། །

Vol. 135 · folio 34b

མངོན་པར་སྡུད་པས་བསྡུས་པ་ནི། དཔེར་ན་རྒྱ་མཚོས་འབབ་ཆུ་རྣམས་བསྡུས་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོས་མིག་ལ་སོགས་པ་བསྡུས་སོ། །འདིར་མངོན་པར་སྡུད་པས་བསྡུས་པའི་དབང་དུ་བྱས་ནས་བསྡུས་པ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱའོ། རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན་

ཐམས་ཅད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་གཅིག་ཏུ་གཏོགས་པའི་གཟུགས་ལ་སོགས་པ་ནི་ཕྱོགས་མཐུན་པས་ཐ་དད་པ་མེད་པར་རིག་པར་བྱའོ། རྡུལ་ཕྲ་རབ་ལས་གོང་མ་ཕྱོགས་ཅན་རྣམས་འདྲེས་པར་གྱུར་པ་ནི་འདི་ལྟ་སྟེ། ཆུ་རྙོག་མ་ཅན་གྱི་ནང་ན་ཆུ་དང་སའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་དུ་འདྲེས་པ་ལྟ་

བུའོ། །ཕྱོགས་ཅན་འདུས་པ་རྣམས་ཕན་ཚུན་དུ་ཕྲད་པ་ནི་འདི་ལྟ་སྟེ། རྩིག་པ་ལ་འཇིམ་གོང་དང་འཇིམ་གོང་གཞན་ཕྲད་པ་ལྟ་བུའོ། །ལྷན་ཅིག་འབྱུང་བས་མཚུངས་པར་ལྡན་པ་ནི་ལུས་གཅིག་ལ་ཕུང་པོ་ལ་སོགས་པ་སྐད་ཅིག་པ་རྣམས་སོ། །བྱ་བ་གྲུབ་པས་མཚུངས་པར་ལྡན་པ་ནི་

དགོས་པ་ཅིག་ལ་ཞུགས་པ་རྣམས་ཕན་ཚུན་དུའོ། །མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་ནི་གཞན་གྱི་དངོས་པོ་དང་ཡིན་གྱི་རང་གི་དངོས་པོ་དང་ནི་མ་ཡིན་པ་སྟེ། འདི་ལྟར་སེམས་ནི་སེམས་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཞིང་ཚོར་བ་ཡང་ཚོར་བ་གཞན་དང་མཚུངས་པར་

ལྡན་པ་མ་ཡིན་པ་ལ་སོགས་པའོ། །མི་མཐུན་པ་གཉིས་མ་ཡིན་པ་ནི་དཔེར་ན་འདོད་ཆགས་དང་ཞེ་སྡང་གཉིས་དང་། དགེ་བ་དང་མི་དགེ་བ་གཉིས་ལ་སོགས་པའོ། །དུས་མི་འདྲ་བ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། ད་ལྟར་དང་མ་འོངས་པ་གཉིས་དང་། འདས་པ་དང་ད་ལྟར་གཉིས་སོ། །མི་

མཐུན་པའི་ཁམས་དང་ས་པ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་གཉིས་དང་། བསམ་གཏན་དང་པོ་དང་། གཉིས་པའི་ས་པ་གཉིས་ལ་སོགས་པའོ། །མཐུན་པར་གཏོགས་པས་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་དྲུག་པ་འདི་དག་ནི་ཀུན་ཏུ་འགྲོ་བ་སྟེ།

གནས་སྐབས་ཐམས་ཅད་དུ་འདི་དག་ལས་གང་ཡང་རུང་བ་གཅིག་མེད་ན་མེད་པའི་ཕྱིར་རོ། །འདྲིས་པ་ནི་སློབ་པ་དང་མི་སློབ་པ་དག་ལས་ཀྱང་ཁ་ཅིག་གོ་ཞེས་བྱ་བ་ནི་གཅིག་ཏུ་འཇིག་རྟེན་པའི་དགེ་བ་རྣམས་དང་། མི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་རྣམས་ཀྱིས་ཏེ། ཇི་ལྟར་

Vol. 135 · folio 35a

མཐུན་མཐུན་དུ་སྦྱར་རོ། །དང་པོ་དེ་དང་དེའི་འོག་མ་རྣམས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་སྐད་ཅིག་དང་པོ་ལས་བྱུང་བ་རྣམས་དང་། སྐད་ཅིག་གཉིས་པ་ལ་སོགས་པ་ལས་བྱུང་བ་རྣམས་ཀྱང་སྔོན་གྱི་རང་བཞིན་མ་ཡིན་པས་མ་འདྲིས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ལྡན་

པ་གང་ཞེ་ན། མཚན་ཉིད་ཀྱིས་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་ལ་འཐོབ་པ་དང་རྙེད་པ་དང་ལྡན་པ་གདགས་སོ་ཞེས་བྱའོ། །ས་བོན་དང་ལྡན་པ་གང་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ནི་ཁམས་གསུམ་པའི་

ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་ལྡན་ཏེ། དེ་ནི་སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བའི་དབང་དུ་བྱས་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བ་ནི་དེ་འམ། གོང་མར་སྐྱེས་ཀྱང་རུང་སྟེ། ས་གོང་གིས་འདོད་ཆགས་དང་བྲལ་བར་ས་དེ་པ་རྣམས་དང་། དེ་དག་དང་མི་ལྡན་

པ་དང་། ལྡན་པ་ཡང་ཡིན་ཏེ། གཉེན་པོས་གནོད་པར་བྱས་པ་དང་། བག་ལ་ཉལ་ལེགས་པར་མ་བཅོམ་པའི་ཕྱིར་གོ་རིམས་བཞིན་ནོ། །སྐྱེ་བས་ཐོབ་པའི་དགེ་བ་རྣམས་ཞེས་བྱ་བ་ནི་གོང་དུ་སྐྱེས་པའི་ས་པ་དེའི་ས་པ་རྣམས་ཉིད་དང་ལྡན་ནོ། །ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཞེས་བྱ་

བ་ནི་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའོ། །རྣམ་པ་གང་དང་གང་གི་གཉེན་པོ་བྱུང་བ་ཞེས་བྱ་བ་ནི་བསྒོམས་པས་སྤོང་བར་བྱ་བའི་ཉོན་མོངས་པ་ཆེན་པོ་ལ་སོགས་པའོ། །དེ་དང་དེའི་ས་བོན་དང་མི་ལྡན་པས་ལྡན་པ་མ་ཡིན་ཞེས་བྱ་བ་ནི། བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར་རོ། །དབང་དང་

ལྡན་པ་གང་ཞེ་ན། སྦྱོར་བ་ལས་བྱུང་བ་དགེ་བའི་ཆོས་འཇིག་རྟེན་པ་རྣམས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ས་བོན་ཡོད་དུ་ཟིན་ཀྱང་དེ་གོམས་པར་མ་བྱས་པས་ཚེ་དེའི་ས་བོན་བརྟས་པ་མེད་པས་མངོན་དུ་བྱེད་མི་ནུས་པའི་ཕྱིར་རོ། །དེ་དག་ལས་ཀྱང་ལུང་དུ་མ་བསྟན་པ་ཁ་ཅིག་ཅེས་བྱ་བ་

ནི་བཟོའི་གནས་ནས་སྤྲུལ་པའི་སེམས་ལ་སོགས་པའོ། །ཐར་པའི་རྒྱུ་དང་མི་ལྡན་པའི་ཕྱིར། དེ་དག་གཏན་དུ་རྒྱུ་དང་མི་ལྡན་ཏེ། འཇིག་རྟེན་ལས་འདས་པ་རྣམས་དང་། ཐར་པ་ཐོབ་པའི་རྒྱུ་དང་མི་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐར་པ་ཐོབ་པའི་རྒྱུ་གང་ཡིན་ཞེ་ན། དེ་བཞིན་ཉིད་ལ་ཉོན་མོངས་

Vol. 135 · folio 35b

པའི་གནས་ངན་ལེན་གནས་པ་ཡིན་ཏེ། རྒྱུ་གང་གཉེན་པོའི་རྗེས་སུ་མཐུན་པའི་རྐྱེན་རྙེད་ན་ལེགས་པར་འཇོམས་ནུས་པ་དེ་སྐལ་བ་དང་ལྡན་པའི་ཕྱིར་རྒྱ་ཞེས་བྱའོ། །བཟློག་པ་ནི་རྒྱུ་དང་མི་ལྡན་པར་རིག་པར་བྱའོ། །དེ་ནི་སེམས་ཅན་གྱི་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་ཞེས་བྱ་བ་ནི་སེམས་ཅན་གྱི་

འཇིག་རྟེན་གང་སྐྱེ་བ་དང་སྣོད་ཀྱི་འཇིག་རྟེན་གང་དུ་སྐྱེ་བ་དེ་གཉི་ག་སྡུག་བསྔལ་གྱི་བདེན་པ་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ལས་དང་ཉོན་མོངས་པས་སྐྱེད་པ་དང་། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་ཞེས་བྱ་བ་ནི་གོ་

རིམས་བཞིན་ཏེ། དེ་གཉིས་ཀྱིས་ནི་སྡུག་བསྔལ་ཉིད་ཀྱི་རྒྱུ་སྟོན་ཏོ། །ཡང་སྐྱེ་བ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་མདོར་བསྡུས་ཏེ་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་བསྟན་ནས། ད་ནི་སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ཏེ། མདོ་སྡེ་ལས་བྱུང་བ་བསྟན་པའི་དོན་རྣམ་པར་

དབྱེ་བར་བརྩམས་ཏེ། སྐྱེ་བའི་སྡུག་བསྔལ་ནི་དོག་པའི་སྡུག་བསྔལ་ཉིད་དང་། དེ་ལས་གཞན་པའི་སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མའི་མངལ་ན་ཞུ་བ་དང་མ་ཞུ་བ་གཉིས་ཀྱི་བར་ན་འདུག་པ་ལས་འབྱུང་བ་དང་། མངལ་ན་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་གཟིར་ཏེ།

ལུས་ཀྱི་ཡན་ལག་ཀུན་ཏུ་བཙིར་བ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་ཕྱིར་རོ། །བཙས་ནས་ཀྱང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཞར་ལ་འབྱུང་བའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །བརྒྱད་ཡིན་ཡང་དྲུག་ཏུ་འགྱུར་ཞེས་བྱ་བ་ནི་གསུམ་འགྱུར་བའི་སྡུག་བསྔལ་དུ་བྱས་པའི་ཕྱིར་རོ། །སྐྱེ་བ་

ལ་སོགས་པས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ་ཞེས་བྱ་བ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྡུག་པ་དང་བྲལ་བའི་དངོས་པོ་ལ་སོགས་པས་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ་ཞེས་བྱ་བའི་ཚིག་ནི་ཕྲད་པ་

དང་མ་ཕྲད་པས་བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བའི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་འདིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ་ཞེས་བྱ་བའི་ཚིག་འདི་གཉིས་ལས་རྣམ་པར་མ་གྲོལ་ཞིང་མི་རྟག་པ་ཉིད་རྗེས་སུ་

Vol. 135 · folio 36a

འབྲེལ་ཏེ་གྲུབ་པ་དང་བདེ་བ་མ་ཡིན་པའི་ཕྱིར་རོ། །སྐྱེ་བ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་སྟེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་ནི་གནས་པའི་དེ་

བཞིན་ཉིད་ཀྱི་སྒོ་ནས་དོན་དམ་པའི་བདེན་པར་སྡུག་བསྔལ་བ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱི་སྤྱིའི་མཚན་ཉིད་ནི་རྣལ་འབྱོར་པས་རྣམ་པ་གང་དག་གིས་སྡུག་བསྔལ་གྱི་བདེན་པར་སྤྱད་པ་སྟེ། འདི་ལྟ་སྟེ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་

དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་ཀྱིས་སོ། །དེ་ལ་མཚན་ཉིད་རྣམ་པ་བཅུ་གཉིས་ཀྱིས་མི་རྟག་པ་སྡུག་བསྔལ་གྱི་བདེན་པར་རིག་པར་བྱ་སྟེ། དེ་ཡང་མེད་པའི་མཚན་ཉིད་ནི་འདི་ལྟ་སྟེ། བདག་དང་བདག་གི་བའི་ངོ་བོ་ཉིད་ཀྱི་སྡུག་བསྔལ་བའི་བདེན་པ་རྟག་ཏུ་མེད་པའི་དོན་གང་ཡིན་པའི་

དོན་དེ་ནི་མི་རྟག་པ་སྡུག་བསྔལ་གྱི་བདེན་པའོ། །མི་ཞེས་བྱ་བ་ནི་དགག་པའི་དོན་ཡིན་པའི་ཕྱིར་རོ། །རྟག་ཅེས་བྱ་བའི་སྒྲ་ནི་དུས་ཐམས་ཅད་པའི་དོན་ཡིན་པའི་ཕྱིར་རོ། །རྣམ་པར་འཇིག་པའི་མཚན་ཉིད་ནི་འདུ་བྱེད་རྣམས་བྱུང་ནས་མེད་པར་འགྱུར་བའོ། །འགྱུར་བའི་མཚན་ཉིད་ནི་རྒྱུ་

མི་འདྲ་བ་ཉིད་དུ་འབྱུང་བའོ། །འབྲལ་བའི་མཚན་ཉིད་ནི་དངོས་པོའི་གནས་སྐབས་དེ་དག་ཉིད་ལ་རང་བཞིན་གྱི་དབང་ཉམས་པ་དང་། ཁ་ཅིག་ཏུ་ནི་གཞན་དག་གིས་བདག་གིར་བྱས་པར་ཡང་རིག་པར་བྱའོ། །ཉེ་བའི་མཚན་ཉིད་ཀྱི་ཚེ་ན་མི་རྟག་པ་ཉིད་མྱོང་བ་གང་ཡིན་པའོ། །ཆོས་ཀྱི་མཚན་

ཉིད་ནི་གང་གདོན་མི་ཟ་བར་མྱོང་བར་འགྱུར་བའོ། །སྐད་ཅིག་གི་མཚན་ཉིད་ནི་བདག་ཉིད་རྙེད་ནས་དེ་མ་ཐག་ཏུ་གདོན་མི་ཟ་བར་རྣམ་པར་འཇིག་པ་ཉིད་དོ། །རྒྱུན་གྱི་མཚན་ཉིད་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་འོང་བ་དང་། འགྲོ་བར་འགྱུར་བས་འབྱུང་བའོ། །ན་བ་དང་རྒ་བ་དང་འཆི་

བའི་མཚན་ཉིད་ནི་ཁམས་མ་སྙོམས་པ་དང་། སྤྱི་ཅེར་དུ་གྱུར་པ་དང་། གནས་པའི་དུས་ཀྱི་འཕེན་པ་ཟད་པའོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་གནས་ལ་གནས་པའོ། །ལོངས་སྤྱོད་འབྱོར་པ་རྒུད་པའི་མཚན་ཉིད་ནི་འཇིག་རྟེན་

Vol. 135 · folio 36b

པའི་འབྱོར་པ་ཐམས་ཅད་གཏན་དུ་འདུག་པ་མ་ཡིན་པས་མཐར་ཉེས་པ་ཉིད་དོ། །སྣོད་འཇིག་པ་དང་ཆགས་པའི་མཚན་ཉིད་ནི་ས་ཆེན་པོ་ལ་སོགས་པ་མེ་ལ་སོགས་པས་ཡང་དང་ཡང་འཇིག་པ་དང་འབྱུང་བ་སྟེ། མེ་དང་ཆུ་དང་རླུང་འཚིག་པར་བྱེད་པ་དང་རུལ་བར་བྱེད་པ་དང་སྐམ་པར་བྱེད་པའི་བདག་ཉིད་

ཀྱི་འཇིག་པ་རྣམས་དང་གོ་རིམས་བཞིན་དུ་བསམ་གཏན་དང་པོ་དང་། གཉིས་པ་དང་གསུམ་པའི་གནས་ཀྱི་མཐར་ཐུག་པར་འཇིག་རྟེན་གནས་པ་འཇིག་གོ། །དེའི་གོང་མ་ལྷག་མ་ལུས་པ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པའི་གནས་གཞན་གང་ཡིན་པ་དེ་དག་ནི་དེ་དག་གིས་

བསྡུས་པར་རིག་པར་བྱའོ། །བསམ་གཏན་བཞི་པ་རྣམས་ཀྱི་གཞལ་མེད་ཁང་རྣམས་གང་གིས་འཇིག་ཅིང་ཆགས་ཤེ་ན། ཕྱི་རོལ་གང་གིས་ཀྱང་མ་ཡིན་གྱི་གཞལ་མེད་ཁང་དེ་དག་ནི་སེམས་ཅན་དེ་དག་ཉིད་སྐྱེ་བ་དང་ལྷན་ཅིག་ཏུ་འགྲུབ་ཅིང་འཆི་བ་དང་ལྷན་ཅིག་ཏུ་འགག་སྟེ། དེ་ཉིད་དེ་དག་གི་འཇིག་

པ་དང་ཆགས་པར་རིག་པར་བྱའོ། །དེ་དག་གིས་བསྐལ་པ་ཚར་ཕྱིན་པར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཆགས་པའི་དུས་ན་མར་འབྲི་བ་བར་གྱི་བསྐལ་པ་གཅིག་དང་། ཡར་འཕེལ་བ་དང་མར་འབྲི་བ་བཅོ་བརྒྱད་དེ་བཅུ་དགུའོ། །དེའི་འོག་ཏུ་ཐ་

མར་ཡང་སྐྱེ་བ་གཅིག་གོ། །ཚེ་ཟད་ཅེས་བྱ་བ་ནི་འཆི་བ་སྟེ། ཚེའི་འཕེན་པ་ཇི་ཙམ་ཡོངས་སུ་རྫོགས་པའི་ཕྱིར་དུས་སུ་འཆི་བའི་དབང་དུ་བྱས་པའོ། །བསོད་ནམས་ཟད་ཅེས་བྱ་བ་ནི་དུས་མ་ཡིན་པར་འཆི་བའི་དབང་དུ་བྱས་པ་སྟེ། སྙོམས་པར་འཇུག་པའི་རོ་མྱོང་བར་བྱེད་པས་དེའི་ཚེ་འཕེན་པར་

བྱེད་པའི་ལས་བསྒོས་པ་ལས་གནོད་པའི་ཕྱིར་རོ། །ལས་ཀྱང་ཟད་ནས་ཞེས་བྱ་བ་ནི་རྒྱུན་ཆད་ནས་འཆི་བའི་དབང་དུ་བྱས་པ་སྟེ། གནས་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སྤྱད་ཟིན་པའི་ཕྱིར་རམ། མེད་པའི་ཕྱིར་དེར་ཡང་མི་སྐྱེ་བར་

རིག་པར་བྱའོ། །སྡུག་བསྔལ་རྣམ་པ་བརྒྱད་ཅེས་བྱ་བ་ནི་དོག་པའི་སྡུག་བསྔལ་ཉིད་ལ་སོགས་པའོ། །སྐྱེ་བའི་ཆར་གཏོགས་པའི་མི་རྟག་པ་ཉིད་ནི་མ་བྱུང་བ་ལས་འབྱུང་བ་སྟེ། དེ་ནི་སྡུག་བསྔལ་གྱི་ཕྱོགས་ཀྱི་འདུ་བྱེད་རྣམས་ལ་གནོད་པའི་བདག་ཉིད་དོ། །མི་རྟག་པ་ཉིད་དེ་ལ་བརྟེན་ནས་

Vol. 135 · folio 37a

སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་པའི་ཆར་གཏོགས་པ་ན་བྱུང་ནས་མེད་པར་འགྱུར་བ་སྟེ། དེ་ནི་བདེ་བའི་ཕྱོགས་ཀྱི་འདུ་བྱེད་རྣམས་ཀྱི་མི་འདོད་པའོ། །དེ་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །གནས་ངན་ལེན་དང་བཅས་

པའི་འདུ་བྱེད་རྣམས་ཀྱི་རྒྱུན་དུ་འབྱུང་བ་དང་། འཇིག་པ་ཡང་འདོད་པ་མ་ཡིན་ཏེ། དེ་གཉི་གའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །ངས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས་གང་ཅི་ཚོར་ཡང་རུང་འདི་ནི་འདིར་

སྡུག་བསྔལ་དུ་གསུངས་སོ་ཞེས་བྱ་བ་ནི་འདིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། བདེ་བ་མྱོང་བ་ནི་སྡུག་བསྔལ་ཉིད་ཀྱི་ཚིག་ཏུ་དགོངས་པར་རིག་པར་བྱའོ། །སྡུག་བསྔལ་མྱོང་བ་ནི་སྡུག་བསྔལ་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཕྱིར་དེར་ཡང་དགོངས་པ་བརྗོད་མི་དགོས་སོ། །འདུ་

བྱེད་མི་རྟག་པ་གང་དག་ལ་སྐྱེ་བ་ལ་སོགས་པར་སྣང་བ་དེ་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་དུ་དགོངས་པར་རིག་པར་བྱའོ། །གཞན་དུ་ན་ནི་ལམ་ཡང་མི་རྟག་པའི་ཕྱིར་སྡུག་བསྔལ་དུ་འགྱུར་རོ། །སྟོང་པའི་མཚན་ཉིད་ནི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་བདག་འདུ་བྱེད་རྣམས་ལས་དོན་

གཞན་དུ་གྱུར་བ་སྟེ། དེ་དག་ལ་མེད་པའོ། འདུ་བྱེད་དེ་དག་ནི་རྟག་ཏུ་དེ་དང་བྲལ་བའི་རང་བཞིན་གྱི་མཚན་ཉིད་ཀྱི་བདག་མེད་པའི་ངོ་བོ་ཉིད་ཡིན་ཏེ། འདི་གཉི་ག་ཡང་སྟོང་པ་ཉིད་ཅེས་བྱའོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་བཟུང་བ་སྟེ། །རང་གི་མཚན་ཉིད་ཁོ་

ནས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་བཟུང་བ་སྟེ། དེ་ནི་རྣམ་པ་གང་དང་གང་ཀུན་ཏུ་བརྟག་པར་བྱ་བའི་རྣམ་པ་དེ་དང་དེ་མེད་པའི་ཕྱིར་རོ། །རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་བཟུང་བ་སྟེ། དེ་ནི་སྟོང་

པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་མེད་པའི་མཚན་ཉིད་ནི་འདུ་བྱེད་དེ་དག་ཉིད་བདག་ཏུ་སྨྲ་བ་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་བདག་གི་མཚན་ཉིད་མ་ཡིན་པ་ཉིད་དོ། །འདུ་བྱེད་ཐམས་ཅད་འཇིག་པ་ལ་སོགས་པའི་མཚན་ཉིད་མི་རྟག་པ་ཉིད་དུ་ནི་གྲགས་ལ། སྐད་ཅིག་པའི་མཚན་ཉིད་

Vol. 135 · folio 37b

དུ་ནི་མ་གྲགས་ཏེ། དེའི་ཕྱིར་དེ་བསྒྲུབ་པར་བྱའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ནི་སྐད་ཅིག་པ་ཉིད་དུ་འཇིག་རྟེན་དུ་གྲགས་ཏེ། དེའི་ཕྱིར་དེས་མ་གྲུབ་པའི་གཟུགས་ཀྱི་སྐད་ཅིག་པ་ཉིད་བསྒྲུབ་བོ། །ཇི་ལྟར་ཞེ་ན། སེམས་ཀྱིས་ཟིན་པ་ཞེས་བྱ་བ་ནི་སེམས་སྐད་ཅིག་པས་ལུས་ཟིན་པའོ། །

ཅིའི་ཕྱིར་ཞེ་ན། གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཏེ། འདི་ལྟར་རྣམ་པར་ཤེས་པ་དང་བཅས་པ་ཉིད་ཀྱི་ལུས་ནི་ཡང་དག་པར་འགྲུབ་ཀྱི། རྣམ་པར་ཤེས་པ་དང་བྲལ་བ་ནི་རུལ་བར་འགྱུར་རོ། །དེ་ལྟ་བས་ན་སེམས་དང་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་དེ་བཞིན་དུ་འདི་ཡང་སྐད་ཅིག་པ་ཉིད་དུ་

རིག་པར་བྱའོ། །སེམས་གྱུར་ན་དེ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གནས་སྐབས་ན་སེམས་འགྱུར་བས་ལུས་འགྱུར་བར་སྣང་སྟེ། དེའི་ཕྱིར་སྐད་ཅིག་རེ་རེ་ལ་འགྱུར་བའི་སེམས་ཀྱི་རྗེས་སུ་འགྱུར་བས་ལུས་སྐད་ཅིག་པ་ཉིད་དུ་

གྲུབ་བོ། །སེམས་ཀྱི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དབང་པོ་དང་བཅས་པའི་ལུས་ནི་སེམས་ཀྱི་གནས་སུ་རབ་ཏུ་གྲུབ་པ་སྟེ། གང་ཞིག་གང་གི་སྐྱེ་བའི་གནས་ཡིན་པ་དེ་བདག་འཇིག་པ་མེད་པར་དེའི་གནས་སུ་འགྱུར་བར་མི་སྣང་སྟེ། དཔེར་ན་མེ་དང་མྱུ་གུ་ལ་སོགས་པའི་ཤིང་དང་ས་བོན་ལ་

སོགས་པ་བཞིན་ནོ། །དེ་བས་ན་སྐད་ཅིག་རེ་རེ་ལ་སེམས་ཀྱི་གནས་སུ་གྱུར་པས་སྐད་ཅིག་རེ་རེ་ཁོ་ན་ལ་རྣམ་པར་འཇིག་པ་གྲུབ་བོ། །སེམས་ཀྱི་དབང་གིས་འབྱུང་བའི་ཕྱིར་ཞེས་བྱ་བ་ལ་ནང་དང་ཕྱིའི་གཟུགས་ཐམས་ཅད་ནི་སེམས་ཀྱི་དབང་གིས་བྱུང་བ་སྟེ། དེ་བས་ན་རྒྱུ་སྐད་ཅིག་པ་ཡིན་པའི་

ཕྱིར། འབྲས་བུ་ཡང་སྐད་ཅིག་པ་ཉིད་དུ་རིག་པར་བྱ་སྟེ། གཟུགས་འབྱུང་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་དག་ནི་མི་རྟག་པ་ཡིན་ན། རྒྱུ་རྐྱེན་མི་རྟག་པ་ལ་བརྟེན་ནས་འབྱུང་བའི་གཟུགས་རྟག་པར་ག་ལས་འགྱུར་ཞེས་མདོ་ལས་བྱུང་བའི་ཚིག་གི་ཚུལ་དུ་རིག་པར་

བྱའོ། །སེམས་དབང་བསྒྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་མཐུ་ཁྱད་པར་དུ་འཕགས་པའི་སེམས་གཟུགས་ལ་དབང་བསྒྱུར་བ་སྟེ། དེ་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་རེ་རེ་ལ་རྣམ་པ་གཞན་དུ་མོས་ན་རྣམ་པ་གཞན་འབྱུང་བས་སྐད་ཅིག་པ་ཉིད་དུ་གྲུབ་པོ། །ཡང་

Vol. 135 · folio 38a

མཐར་འགྱུར་བར་དམིགས་པའི་ཕྱིར་ཞེས་བྱ་བ་ནི། སྐད་ཅིག་རེ་རེ་ལ་རང་བཞིན་གྱིས་འགྱུར་བ་མེད་པར་གློ་བུར་དུ་གཟུགས་ཀྱི་ཐ་མར་འགྱུར་བའི་མི་རིགས་ན་ཞེས་དཔེ་གཞན་ལས་འབྱུང་ངོ་། །མཐའ་མི་འགྱུར་བའི་རིགས་ན། དེ་ཡང་དམིགས་པ་དེ་བས་ན་མཐའ་

མའི་གཟུགས་ཀྱི་འགྱུར་བའི་རང་གི་རྒྱུད་ཀྱི་སྐད་ཅིག་རེ་རེ་འགྱུར་བ་འཕེལ་བའི་རྒྱུ་ལས་བྱུང་བའི་ཕྱིར་གཟུགས་སྐད་ཅིག་པར་གྲུབ་བོ། །སྐྱེས་ནས་ཀྱང་རྐྱེན་ལ་མི་ལྟོས་པར་རང་གི་ངང་གིས་རྣམ་པར་འཇིག་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་པ་ཐམས་ཅད་ནི་རྐྱེན་ལ་མི་ལྟོས་པར་རང་གི་ངང་ཉིད་ཀྱིས་

འཇིག་པར་འགྱུར་རོ། །དེའི་ཕྱིར་རྐྱེན་གཞན་ལ་མི་ལྟོས་པར་གདོན་མི་ཟ་བར་འཇིག་སྟེ། དངོས་པོ་སྐྱེས་པ་ཙམ་ཉིད་ཀྱིས་འཇིག་པ་མ་ཡིན་ལ། ཕྱིས་འཇིག་གོ་ཞེས་བྱ་བར་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་རྣམ་པར་འཇིག་པའི་ཚུལ་ཅན་ཐམས་ཅད་ནི་སྐྱེས་པ་ཙམ་གྱིས་འཇིག་པར་

འགྱུར་བས་སྐད་ཅིག་པ་ཉིད་དུ་གྲུབ་བོ། །ཕྱོགས་གཅིག་ལ་བརྟེན་པའི་དངོས་པོའི་དོན་ནི་རྒྱུར་བྱས་པའི་དོན་ཏོ་ཞེས་བྱ་བ་ནི་འབྱུང་བའི་ཕྱོགས་ལ་མི་ལྟོས་པར་འབྱུང་བར་གྱུར་པ་ལོགས་ཤིག་ཏུ་རང་དབང་དུ་འབྱུང་བའི་མཐུ་མེད་པའི་ཕྱིར་རོ། །འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་

ཡོད་དེ། འདི་ལྟ་སྟེ་ས་རྡོག་སྐམ་པོ་ལྟ་བུའོ། །འབྱུང་བ་གཉིས་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བའོ། །འབྱུང་བ་གསུམ་ལས་གྱུར་པ་ཡང་ཡོད་དེ་དེ་ཉིད་དྲོ་བའོ། །འབྱུང་བ་ཐམས་ཅད་ལས་གྱུར་པ་ཡང་ཡོད་དེ། ས་རྡོག་དེ་ཉིད་གཤེར་བ་དང་དྲོ་བ་དང་འདྲིལ་ཞིང་འགྲོ་

བའི་ཚེའོ། །འདུས་པ་རྒྱུར་བྱས་པའི་གཟུགས་གཅིག་པ་ཡང་ཡོད་དེ། འདི་ལྟ་སྟེ་འོད་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་གཉིས་དང་ལྡན་པ་ཡང་ཡོད་དེ་འདི་ལྟ་སྟེ་སྒྲ་དང་། དྲི་དང་བཅས་པའི་རླུང་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་

སྟེ། དུ་བ་ལྟ་བུའོ། །དེ་ནི་གཟུགས་དང་དྲི་དང་རེག་བྱའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། རེག་བྱའི་བྱེ་བྲག་ནི་འདིར་ཡང་བ་ཉིད་དུ་རིག་པར་བྱའོ། །ཡང་རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན་པ་ཡང་ཡོད་དེ། དྲི་རྣམ་པ་མེད་པའི་ནོར་བུའི་སྣོད་ཀྱི་ནང་ན་ཡོད་པའི་ཆུ་ལ་གཟུགས་དང་

Vol. 135 · folio 38b

རོ་དང་རེག་བྱ་ཡོད་པའོ། །རྒྱུར་བྱས་པའི་གཟུགས་བཞི་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ། བུ་རམ་གྱི་ལིང་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་ལྔ་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ། དེ་ཉིད་སྒྲ་དང་བཅས་པའོ། །དེ་ལྟར་གཞན་ལ་ཡང་འབྱུང་བའམ་འབྱུང་བ་ལས་གྱུར་

པ་གང་ན་གང་དམིགས་པ་དེ་ན་ཡོད་པར་རིག་པར་བྱ་སྟེ། གཞན་དུ་ན་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་ལུས་མེད་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་གཞག་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཤིག་ན་མུ་ཐུག་པ་མེད་པའི་ཕྱིར་རོ། །བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་

རབ་ཏུ་རྣམ་པར་གཞག་ཅེས་བྱ་བ་ནི་བློས་ཇི་ཙམ་དུ་ཆ་ཤས་ཀྱིས་བཤིག་པའི་མཐར་རབ་ཏུ་དབྱེ་བར་ནུས་པ་དེ་ཙམ་དུ་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་པར་བྱེད་པའོ། །ཅིའི་ཕྱིར་དེ་ལྟར་ལུས་མེད་ཀྱང་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་ཅེ་ན། རིལ་པོའི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་ཏེ། གཟུགས་

ལ་བློས་ཆ་ཤས་ཀྱིས་བཤིག་ན་འདི་ཐམས་ཅད་ནི་གཟུགས་གཅིག་གོ་ཞེས་རིལ་པོར་འདུ་ཤེས་པ་དང་བྲལ་བར་འགྱུར་ཏེ། འདི་ལྟར་གང་ཟག་ལ་བདག་མེད་པར་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི།

དེ་ལྟར་བློས་རབ་ཏུ་ཕྱེ་ན་གཟུགས་ཅི་ཡང་མེད་པར་རྟོགས་ནས་གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་སྟེ། འདི་ལྟར་རྣམ་པར་རིག་པ་ཙམ་དུ་འཇུག་པས་ཆོས་ལ་བདག་མེད་པ་ལ་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །བློའི་དབྱེ་བ་དང་རྫས་ཀྱི་དབྱེ་བས་རྡུལ་ཕྲ་རབ་རྣམ་

པར་གཞག་པར་ཤེས་པར་བྱ་སྟེ། ཚིག་གཉིས་དང་གོ་རིམས་བཞིན་ནོ། །སྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ་ནི་འདོད་པའི་ཁམས་ན་སྤྱོད་པའི་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་སྟེ། འདོད་པའི་ཁམས་ནི་སྡུག་བསྔལ་ཉིད་ཐམས་ཅད་དང་། འགྲོ་བ་དང་སྐྱེ་གནས་ཀྱིས་

རབ་ཏུ་ཕྱེ་བ་དང་། དགེ་བའི་རྩ་བ་མ་བསགས་པས་ན། ཐོགས་པ་མེད་པར་འགྲོ་བ་ཐམས་ཅད་དུ་འགྲོ་བའི་ཕྱིར་ཏེ། གོ་རིམས་བཞིན་དུ་དེ་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པར་རིག་པར་བྱའོ། །བསྲབས་པ་ནི་དེ་ཉིད་ཐར་པའི་ཆ་དང་མཐུན་པ་སྐྱེས་པ་རྣམས་ཀྱི་སྟེ། གདོན་མི་ཟ་བར་ཡོངས་

Vol. 135 · folio 39a

སུ་མྱ་ངན་ལས་འདས་པར་ངེས་པར་བྱ་བའི་ཕྱིར་རོ། །བསྲབས་པའང་མ་ཡིན་ལ་མ་བསྲབས་པའང་མ་ཡིན་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་འཇིག་རྟེན་པས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་སྟེ། སྡུག་བསྔལ་གྱི་སྡུག་

བསྔལ་ཉིད་ལ་སོགས་པ་ལས་ཡང་དག་པར་ཤིན་ཏུ་འདའ་བར་ངེས་པར་བྱས་པ་དང་། གཏན་དུ་མ་ཡིན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །བར་མ་བསྲབས་པ་ལ་སོགས་པ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །བསྲབས་པ་ཆེན་པོས་ཉེ་བར་གནས་པ་ཞེས་བྱ་བ་ནི་སེམས་

ཅན་དུ་མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་བསལ་བར་ཉེ་བར་གནས་པའི་ཕྱིར་རོ། །དགེ་བ་ལ་སོགས་པའི་སེམས་ཡོད་པ་ལ་འཆི་བ་ཞེས་བྱ་བ་ནི་བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་འཆི་འཕོ་བའི་སེམས་ཀྱི་སྔ་རོལ་གྱི་གནས་སྐབས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །ཡིད་

ལས་བྱུང་བ་ཞེས་བྱ་བ་ནི་རྫུས་ཏེ་སྐྱེ་བ་ཉིད་དེ། སེམས་ཙམ་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དྲི་ཟ་ཞེས་བྱ་བ་ནི་དྲིས་འགྲོ་བའི་ཕྱིར་ཏེ། དྲི་དང་མཐུན་པར་སྐྱེ་བའི་ཡུལ་དུ་འགྲོ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཐོགས་ན་ཞག་བདུན་གནས་ཏེ། དེ་ཚུན་ཆད་ཀྱིས་འཆི་འཕོའོ་ཞེས་བྱ་

བ་ནི་གལ་ཏེ་སྐྱེ་བའི་རྐྱེན་རྙེད་ནའོ། །ཅི་སྟེ་མ་རྙེད་ན་ཞག་བདུན་གྱི་འོག་ཏུ་ཤི་འཕོས་ནས་ཡང་བར་དོའི་སྲིད་པ་ཉིད་འགྲུབ་བོ། །དེ་ལྟར་ལན་བདུན་གྱི་བར་དུ་བྱས་ནས་ཅི་སྟེ་ན་ལྡོག་གོ་ཞེས་བྱ་བ་ནི་གལ་ཏེ་གནས་སྐབས་དེ་ན་གཞན་དུ་སྐྱེ་བའི་རྐྱེན་སྟོབས་དང་ལྡན་པ་ཞིག་མངོན་དུ་གྱུར་ན་སྟེ། བསམ་

གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པའོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་ས་དེ་པའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་ན་ཐར་པ་ལ་སྐུར་བ་འདེབས་པ་ལོག་པར་ལྟ་བ་རྙེད་ནས་སེམས་ཅན་དམྱལ་བའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པ་བཞིན་ནོ། །དེ་ན་གནས་པ་ཡང་ལས་བསོགས་

སོ་ཞེས་པ་ནི་སྔོན་གྱི་འཕེན་པའི་དབང་གིས་དགེ་བ་ལ་སོགས་པའི་སེམས་ཀུན་ཏུ་འབྱུང་བའི་ཕྱིར་རོ། །སྐལ་བ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ཞེས་བྱ་བ་ནི་གང་དག་དང་ལྷན་ཅིག་ཏུ་སྔོན་དགེ་བའམ། མི་དགེ་བ་ཀུན་ཏུ་སྤྱོད་པར་གྱུར་པ་དེ་དག་དང་བདག་ལྷན་ཅིག་ཏུ་འདུག་པར་རྨི་

Vol. 135 · folio 39b

ལམ་ཙམ་གྱི་ཚོད་དུ་ཤེས་སོ། །གང་དུ་སྐྱེ་བར་འགྱུར་བ་དེའི་སྔོན་ལོགས་ཀྱི་སྲིད་པའི་བྱད་གཟུགས་གྲུབ་པོ། །དེའི་འོག་ཏུ་དབང་པོ་རྣམས་མངོན་པར་འགྲུབ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཇི་སྐད་དུ་འབྱུང་བ་དེ་བཞིན་ཞེས་བྱ་བ་ནི་མིང་དང་གཟུགས་ལ་སོགས་པའི་རིམ་པས་སོ། །ཇི་

སྐད་དུ། ཐོག་མ་ཉིད་དུ་ནུར་ནུར་འགྱུར། །ནུར་ནུར་པོ་ལས་མེར་མེར་འགྱུར། །མེར་མེར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་རྐང་ལག་འགྱུས། །སྐྲ་སྤུ་སེན་མོ་ལ་སོགས་འབྱུང་། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་

མཐར་གྱིས་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཀུན་འབྱུང་གི་བདེན་པ་ནི་གང་ལས་སྡུག་བསྔལ་ཀུན་འབྱུང་བ་སྟེ། དེ་ཡང་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་འབྱུང་བའི་ལས་ཏེ། ཟག་པ་དང་བཅས་པའི་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟ་མ་

ཡིན་ན་ཀུན་འབྱུང་བ་ཞེས་བསྟན་པ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲེད་པ་ཉིད་བསྟན་ཅེ་ན། ཐམས་ཅད་དུ་འགྲོ་བས་གཙོ་བོར་གྱུར་པའི་ཕྱིར་ཏེ། ཇི་ལྟར་སྲེད་པ་དངོས་པོ་ཐམས་ཅད་དུ་འགྲོ་བ་ནི་ཐོབ་པ་དང་མ་ཐོབ་པའི་ཡུལ་དང་ཡུལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་ལུས་ཐོབ་

པ་ནི་སྲེད་པའོ། །མ་ཐོབ་པ་ནི་ཡང་འབྱུང་བའོ། །ཐོབ་པའི་ཡུལ་རྣམས་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ། །མ་ཐོབ་པའི་ཡུལ་རྣམས་ནི། དེ་དང་དེ་ལ་མངོན་པར་དགའ་བར་རིག་པར་བྱའོ། །གནས་སྐབས་ཐམས་ཅད་དུ་འགྲོ་བ་ནི། འདུ་བྱེད་རྣམས་ཀྱི་སྡུག་བསྔལ་ལ་སོགས་པ་

གནས་སྐབས་གསུམ་པོ་དག་དང་ལྡན་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ་ནི་འབྲལ་བར་སྲིད་དོ། །མ་ཐོབ་པ་ལ་ནི་མི་ཕྲད་པར་སྲིད་དོ། །འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་གིས་མི་འབྲལ་བའི་སྲིད་པ་

དང་ཕྲད་པའི་སྲེད་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་གཏི་མུག་གི་སྲེད་པ་སྟེ། ཉོན་མོངས་པའི་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བ་དང་། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱེ་བྲག་ཏུ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་

Vol. 135 · folio 40a

འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཏེ། དེ་ལ་བདག་ཏུ་རྨོངས་པའི་སྒོ་ནས་སྲིད་པ་འབྱུང་བར་རིག་པར་བྱའོ། །དུས་ཐམས་ཅད་དུ་འགྲོ་བ་ནི་དུས་གསུམ་པོ་དག་ནི་རྗེས་སུ་འགྲོ་བའི་ཕྱིར་རོ། །འདས་པའི་དུས་ལ་ནི་བལྟས་པའི་རྣམ་པས་རྗེས་སུ་འགྲོའོ། །མ་འོངས་

པ་ལ་ནི་མངོན་པར་དགའ་བའི་རྣམ་པས་རྗེས་སུ་འགྲོའོ། །ད་ལྟར་བྱུང་བ་ལ་ནི་ལྷག་པར་ཆགས་པས་རྗེས་སུ་འགྲོའོ། །ཁམས་ཐམས་ཅད་དུ་འགྲོ་བ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་དག་གི་སྲེད་པ་དག་གིས་ཁམས་གསུམ་ཁྱབ་པའི་ཕྱིར་རོ། །ཚོར་བ་ཐམས་ཅད་དུ་འགྲོ་

བ་ནི་དེས་འདོད་པ་དང་སྲེད་པ་དང་ལོག་པས་ཚངས་པར་སྤྱོད་པ་ཚོལ་བའི་ཕྱིར་རོ། །འདོད་པའི་ཚོལ་བས་ནི་འདོད་པའི་ཁམས་ལས་ཡོངས་སུ་མ་གྲོལ་བ་དེ་ཉིད་དུ་སྡུག་བསྔལ་འགྲུབ་པར་བྱེད་དོ། །དེ་བཞིན་དུ་སྲིད་པ་ཚོལ་བས་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྡུག་བསྔལ་

འགྲུབ་པར་བྱེད་དོ། །ལོག་པས་ཚངས་པར་སྤྱོད་པ་ཚོལ་བས་ནི་འཁོར་བ་ལས་ཡོངས་སུ་མ་གྲོལ་བར་དེར་འཁོར་རོ། །རྣམ་པ་ཐམས་ཅད་དུ་འགྲོ་བ་ནི་འབྱུང་བ་དང་འཇིག་པའི་སྲེད་པས་རྟག་པ་དང་ཆད་པའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །ལྟ་བ་རྣམ་པ་ལྔའི་བྱེ་བྲག་ནི་འཇིག་ཚོགས་

ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །རབ་ཏུ་མ་ཞི་བའི་མཚན་ཉིད་ནི་ཉོན་མོངས་པ་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་རིག་པར་བྱའོ། །དེ་ལ་རྣམ་པ་དྲུག་སྟེ། འདི་

ལྟར་གཡེང་བས་རབ་ཏུ་མ་ཞི་བ་དང་། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང་། རྒོད་པས་རབ་ཏུ་མ་ཞི་བ་དང་། རྨུགས་པས་རབ་ཏུ་མ་ཞི་བ་དང་། བག་མེད་པས་རབ་ཏུ་མ་ཞི་བ་དང་། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ། །ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པར་གྱུར་པ་ཞེས་བྱ་

བ་ནི་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ལེགས་པར་མ་བཅོམ་པའི་ཕྱིར་རོ། །ཉོན་མོངས་པའི་གནས་ཀྱི་ཆོས་སྣང་བར་གྱུར་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བ་ལ་སོགས་པའོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་ཡུལ་དེ་ལ་སྡུག་

Vol. 135 · folio 40b

པའི་མཚན་མ་ལ་སོགས་པ་འཛིན་པ་སྟེ། འདོད་ཆགས་ལ་སོགས་པ་འབྱུང་བ་དང་མཐུན་པའོ། །མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་ས་གོང་མ་པ་ལ་དམིགས་པ་ཡང་ཡོད་མོད་ཀྱི། དེ་དག་ནི་ཇི་ལྟར་རང་གི་ས་པ་ལ་དམིགས་པ་བཞིན་དུ་ས་དེ་མངོན་སུམ་དུ་དམིགས་པ་ནི་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་

ཀུན་ཏུ་བརྟགས་པའི་སྒོ་ནས་ཞུགས་པའི་ཕྱིར། དེ་ལ་དམིགས་པར་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མ་རིག་པ་ས་གོང་མ་པ་ལ་དམིགས་པ་ནི་གང་ལྟ་བ་དང་མཚུངས་པར་ལྡན་པའོ། །ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་མ་གཏོགས་ཏེ། གཞན་གྱི་ས་པའི་འདུ་བྱེད་ལ་ངའོ་སྙམ་དུ་མངོན་པར་

ཞེན་པ་ནི་མ་མཐོང་ངོ་། །ས་གོང་མའི་ཉོན་མོངས་པ་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འགོག་པ་དང་ལམ་ལ་དམིགས་པ་ནི་དེ་གཉིས་ལ་དམིགས་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། དེའི་རྗེས་ལ་ཐོབ་པ་སོ་སོ་

རང་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་དམིགས་པ་ནི་དེས་ཡོངས་སུ་རྟོགས་པའོ་ཞེས་བྱ་བ་ནི་དེའི་དམིགས་པ་ནི་དེས་ཡོངས་སུ་བརྟགས་པའོ་ཞེས་བརྗོད་པར་བྱ་སྟེ། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོགས་པ་ཞེས་བྱ་བའི་ཚིག་དེ་ལས་ཡོངས་སུ་བརྟགས་པ་གུད་ན་མེད་དོ། །འདོད་

ཆགས་ནི་ཁོང་ཁྲོ་དང་མཚུངས་པར་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་མི་མཐུན་པ་གཉིས་གཅིག་ཏུ་འབྱུང་བ་མི་རིགས་པའི་ཕྱིར་རོ། །ཐེ་ཚོམ་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ནི། ཐེ་ཚོམ་དུ་གྱུར་ན་བློ་གནས་པ་མེད་པས་ཆགས་པར་འགྱུར་བ་མེད་པའི་ཕྱིར་རོ། །ལྷག་མ་ནི་དེ་དང་

ཞེས་བྱ་བ་ནི་ང་རྒྱལ་ལ་སོགས་པ་དང་མི་མཐུན་པ་མེད་པའི་ཕྱིར་མཚུངས་པར་ལྡན་པར་རིག་པར་བྱའོ། །ཁོང་ཁྲོ་བ་ཡང་ང་རྒྱལ་དང་ལྟ་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ནི་སུ་ཞིག་དངོས་པོ་གང་ལ་ཞེ་འགྲས་པར་གྱུར་པ་དེས་དེ་ཁེངས་པར་མི་འགྱུར་རོ། །དེར་ཡང་རྟོག་པར་མི་ནུས་

སོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །ཁོང་ཁྲོ་བ་ལ་སོགས་པ་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་པ་ཞེས་བྱ་བ་ནི་མི་མཐུན་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས་ཀྱི་ཆར་གཏོགས་པ་རྣམས་ཞེ་སྡང་གི་ཆར་གཏོགས་པ་དག་དང་མ་ཡིན་པ་བཞིན་ནོ། །མི་མཐུན་པ་

Vol. 135 · folio 41a

མེད་པ་དག་ནི་ཉོན་མོངས་པ་བཞིན་དུ་མཚུངས་པར་ལྡན་པར་རིག་པར་བྱའོ། །ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ནི་བདག་དང་གཞན་ལ་མི་ལྟ་བ་མེད་པར་ཀུན་ཏུ་འབྱུང་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྨུགས་པ་ལ་

སོགས་པ་ཡང་ཉོན་མོངས་པ་ཅན་ཐམས་ཅད་དང་སྦྱར་བར་བྱ་སྟེ། ལས་སུ་མི་རུང་བ་ཉིད་ལ་སོགས་པ་མེད་པར་ཉོན་མོངས་པ་ཅན་མི་སྲིད་པའི་ཕྱིར་རོ། །གང་ཞིག་རྣམ་པ་གང་གི་དངོས་པོ་གང་ལ་ཀུན་ཏུ་སྦྱོར་བ་དེ་བསྟན་པས་ཀུན་ཏུ་སྦྱོར་བ་བསྟན་པར་རིག་པར་བྱའོ། །ཀུན་ཏུ་སྦྱོར་བ་ཅི་ཞེ་ན། རྗེས་

སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་ཀྱི་ངོ་བོ་ཉིད་དེ་ཀུན་ཏུ་སྦྱོར་བར་བྱེད་དོ། །རྣམ་པ་གང་གིས་ཀུན་ཏུ་སྦྱོར་ཞེ་ན། དེ་དང་ལྡན་པ་ཁམས་གསུམ་པ་ལ་ཡིད་མི་འབྱུང་བ་ནི་མི་དགེ་བ་ཀུན་ཏུ་སྤྱོད་ཅིང་དགེ་བ་མི་སྤྱོད་པས་སོ། །གང་ཀུན་ཏུ་སྦྱོར་ཞེ་ན། ཕྱི་མ་ལ་སྡུག་བསྔལ་

མངོན་པར་འགྲུབ་པར་རོ། །དེ་བཞིན་དུ་ཁོང་ཁྲོའི་ཀུན་ཏུ་སྦྱོར་བ་ལ་ཡང་སྦྱར་བར་བྱའོ། །མི་རིག་པའི་ཀུན་ཏུ་སྤྱོད་པ་དང་ལྡན་པ་ནི་སྡུག་བསྔལ་གྱི་ཆོས་རྣམས་དང་། ཀུན་འབྱུང་བའི་ཆོས་རྣམས་ལ་ལྷག་པར་ཆགས་ཏེ་འབྲས་བུ་དང་རྒྱུར་གྱུར་པ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་དང་དེའི་

ཉེས་དམིགས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ལྟ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བ་ཀུན་ཏུ་ཚོལ་ཏེ་བདག་གྲོལ་བར་འགྱུར་རོ། །བདག་གྲོལ་ལོ། །གྲོལ་ནས་ཀྱང་རྟག་པར་འགྱུར་རོ་སྙམ་པ་དང་ཆད་པར་འགྱུར་ཏེ། སངས་རྒྱས་པ་ལ་ཐར་པ་མེད་དོ་སྙམ་

པའོ། །མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བའི་ཐབས་ལ་རྟོག་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བོར་ནས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་། དེ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་ལྷག་པར་ཡིད་ཆེས་པའི་

ཕྱིར་རོ། །འདོད་ཆགས་ལ་སོགས་པའི་འཆིང་བས་འགྱུར་བའི་སྡུག་བསྔལ་ཉིད་ལ་སོགས་པ་ལ་འཆིང་བར་བསྟན་པ་ནི་འདོད་ཆགས་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་ཚོར་བ་ལ་ཕྲ་རྒྱས་སུ་འགྱུར་བའི་ཕྱིར་རོ། །ཕྱི་རོལ་གྱི་འཆིང་བས་བཅིངས་པ་ནི་གཉིས་མི་འཐོབ་སྟེ། འགྲོ་བ་མི་

Vol. 135 · folio 41b

ཐོབ་པ་དང་། འདུག་ཀྱང་ཇི་ལྟར་འདོད་པ་དང་། བསམ་པ་དང་། སྤྱོད་པ་དང་འདོད་པ་བཞིན་དུ་བྱེད་པ་མི་ཐོབ་པའོ། །ནང་གི་འདོད་ཆགས་ལ་སོགས་པའི་འཆིང་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །འདོད་པ་འཚོལ་བ་མ་སྤངས་པའི་འདོད་པ་ལ་འདོད་ཆགས་དང་། ཁོང་ཁྲོ་བའི་

བག་ལ་ཉལ་ཕྲ་རྒྱས་སུ་འགྱུར་ཏེ། དེའི་སྒོ་ནས་དེ་གཉིས་རྒྱས་པར་འགྱུར་བའི་ཕྱིར་རོ། །ལོག་པར་ཐར་པ་དང་། ཐར་པའི་ཐབས་ལ་རྟོག་པར་བྱེད་དོ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བའི་ནང་དུ་ལྟ་བ་གསུམ་དང་མཆོག་ཏུ་འཛིན་པ་གཉིས་ཇི་སྐད་དུ་བཤད་པ་དང་གོ་རིམས་བཞིན་ནོ། །གང་འདོད་ཆགས་

ལ་སོགས་པ་ཉོན་མོངས་པ་རྣམས་མ་གཏོགས་པར་དེ་ལས་གཞན་པ་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པར་རིག་པར་བྱའོ། །རྣལ་འབྱོར་པ་རྣམས་ཀྱི་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བའི་ཕྱིར་ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་

འཁྲིལ་བར་བྱེད་པས་ཀུན་ནས་དཀྲིས་པ་དག་གོ། །དགེ་བའི་ཕྱོགས་ནི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པ་སྟེ། དུས་ཇི་ལྟ་བ་བཞིན་ནོ། །དེ་དག་གི་གཞི་ནི་ཚངས་པར་སྤྱོད་པ་ལ་སོགས་པ་དག་པས་བསྡུས་པའི་ཚུལ་ཁྲིམས་སོ། །དེ་ལ་ཞི་གནས་

ཀྱི་དུས་ནི་རྨུགས་པ་དང་གཉིད་བར་ཆད་བྱེད་དེ། ནང་དུ་ཞུམ་པར་བྱེད་པའི་ཕྱིར་རོ། །རབ་ཏུ་འཛིན་པའི་དུས་ན་ནི་རྒོད་པ་དང་འགྱོད་པ་སྟེ། ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །བཏང་སྙོམས་ཀྱི་དུས་ན་ནི། ཕྲག་དོག་དང་སེར་སྣ་སྟེ། དེ་དང་ལྡན་ན་གཞན་དང་བདག་གི་

ཕུན་སུམ་ཚོགས་པ་ལ་མི་བཟོད་པ་དང་། ཀུན་ཏུ་འཛིན་པའི་སྒོ་ནས་ཡང་དང་ཡང་སེམས་གཡོ་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་དག་པའི་དུས་ན་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྟེ། དེ་གཉི་ག་དང་ལྡན་ན་རྣམ་པ་ཐམས་ཅད་དུ་ལྟུང་བའི་གནས་ཀྱིས་མི་འཛེམ་པའི་ཕྱིར་རོ། །ཀུན་

ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྗེས་སུ་མཐུན་པ་དང་། མི་མཐུན་པའི་ཕྱིར་ཆུ་བོ་དང་སྦྱོར་བ་གོ་རིམས་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །གནས་པ་དང་གནས་འབྲེལ་བའི་ཚུལ་གྱིས་སོ་ཞེས་བྱ་བ་ལ། ལྟ་བའི་ཆུ་བོ་ནི་གནས་པའོ། །མ་རིག་པའི་ཆུ་བོ་ནི་གནས་ཏེ།

Vol. 135 · folio 42a

རྨོངས་པར་གྱུར་ན་ཐར་པ་དང་དེའི་ཐབས་ལ་ལོག་པར་རྟོག་པའི་ཕྱིར་རོ། །ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་གཉིས་ཀྱིས་མུ་སྟེགས་ཅན་རྣམས་ནང་རྩོད་དེ། དེ་ལ་བློ་དུ་མར་གྱུར་པའི་ཕྱིར་རོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པས་ནི་ནང་མི་རྩོད་

དེ། ཐམས་ཅད་ཀྱང་བདག་ཡོད་པ་ཉིད་དུ་བློ་མཐུན་པའི་ཕྱིར་རོ། །ཆོས་འདི་པ་རྣམས་དང་ནི་རྩོད་དེ། བདག་མེད་པར་སྨྲ་བའི་ཕྱིར་རོ། །བརྣབ་སེམས་ལ་སོགས་པ་ལུས་ཀྱི་མདུད་པ་ཞེས་བྱ་བ་ནི་དེ་དག་གཟུགས་ཀྱི་ལུས་ཀྱི་མདུད་པ་མ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་གཞག་པའི་

སེམས་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་བཅོད་པས་མདུད་པ་དག་གོ། །སོ་སོའི་ལྟ་བ་ལ་བརྟེན་ནས་འདི་ཉིད་བདེན་གྱི་གཞན་ནི་དོན་མེད་པའོ་ཞེས་མངོན་པར་ཞེན་ནས་ཤེས་བྱ་ལ་ཀུན་ཏུ་རྟོག་པས་ཚུལ་བཞིན་མ་ཡིན་པར་ཤེས་བྱ་ལ་ལོག་པར་རྟོག་པའི་རྒྱུས་སེམས་རྣམ་པར་གཡེང་བར་བྱེད་དོ། །

གང་ལས་རྣམ་པར་གཡེང་བར་བྱེད་ཅེ་ན། མཉམ་པར་གཞག་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མཐོང་བ་ལ་སོགས། དགེ་བའི་ཕྱོགས་མི་རྟོགས་པར་འགྱུར་བར་སེམས་ལ་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་ཏེ། དགེ་བ་ལ་འཇུག་པའི་བར་ཆད་བྱེད་ཅེས་བྱ་བའི་ཐ་

ཚིག་གོ། །དེ་ལ་འདོད་པ་ལ་འདུན་པ་ནི་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་བར་ཆད་བྱེད་དེ། ཡུལ་ལ་ཉེ་བར་སྤྱོད་པར་འདོད་པའི་སྒོ་ནས། དེ་ལ་མངོན་པར་མི་དགའ་བའི་ཕྱིར་རོ། །གནོད་སེམས་ནི་བསྐུལ་བའི་དུས་ན་སྟེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡང་དག་

པར་བསྒྲུབ་པའི་བསླབ་པའི་གནས་ལ་བསྐུལ་ནས་གནོད་སེམས་ཀྱི་སེམས་ཀྱིས་ཡང་དག་པར་མི་སློབ་པའི་ཕྱིར་རོ། །རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་ནི་ཞི་གནས་དང་རབ་ཏུ་འཛིན་པ་གཉིས་སྔ་མ་བཞིན་དུ་ཞུམ་པ་དང་། རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །ཐེ་ཚོམ་

ནི་བཏང་སྙོམས་ཀྱི་དུས་ན་སྟེ། གཏན་ལ་ཕེབས་པ་མེད་པར་བཏང་སྙོམས་སུ་བྱེད་མི་ནུས་པའི་ཕྱིར་རོ། །གཉེན་པོ་ཐོང་གཤོལ་གྱིས་རློག་པར་དཀའ་བའི་ཕྱིར་ཐ་བར་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་ན་གོམས་པར་བྱས་པས་སྤྱོད་པས་ཐ་བར་གྱུར་པའི་ཕྱིར་རོ། །འཆལ་

Vol. 135 · folio 42b

བའི་ཚུལ་ཁྲིམས་མི་གཙང་བར་ཡིད་ཆེས་པའི་རྒྱུ་ཡིན་པས་དྲི་མ་རྣམས་སོ། །ཡང་དང་ཡང་འཁོར་བར་སྐྱེ་བ་དང་འཆི་བའི་ཚུལ་གྱིས་གནོད་པར་བྱེད་པས་སྡིག་པ་རྣམས་སོ། །སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་དང་། དཀོན་མཆོག་རྣམས་ལ་སྲེད་པ་དང་། ཐེ་ཚོམ་གྱི་སྒོ་ནས་ཞུགས་པས་

གནོད་པའི་ཕྱིར་ཟུག་རྔུ་རྣམས་སོ། །ཡོ་བྱད་མང་པོ་ཡོངས་སུ་འཛིན་པས་ལྕི་ཡང་དང་བཅས་པར་བྱས་ནས་འཇིག་པ་ལ་སོགས་པ་དང་སྦྱོར་བའི་ཕྱིར་ལྕི་ཡང་རྣམས་སོ། །སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་སྤྱོད་པ་འདྲེས་པས་ཉེས་པར་སྤྱོད་པ་རྣམས་སོ། །ཆགས་པ་དང་ཞེ་སྡང་དང་གཏི་

མུག་ཉིད་མི་དགེ་བའི་རྩ་བར་རྣམ་པར་གཞག་སྟེ། དེ་དག་གི་སྒོ་ནས་སེམས་ཅན་རྣམས་ཉེས་པར་སྤྱད་པ་སྤྱོད་པའི་ཕྱིར་རོ། །དེ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་སེམས་ཅན་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཆགས་པས་ཉེས་པར་སྤྱད་པ་སྤྱོད་དོ། །གནོད་པར་བྱས་པའི་རྒྱུ་ལ་ཡོངས་སུ་རྟོག་

པའི་རྒྱུས་གཞན་གྱི་ཉེས་པ་མི་བཟོད་པ་རྣམས་ཞེ་སྡང་གིས་ཉེས་པར་སྤྱད་པ་སྤྱོད་དོ། །ཆོས་ལོག་པ་ལ་མངོན་པར་ཞེན་པའི་རྒྱུས་ཕྱིན་ཅི་ལོག་ཏུ་ལྟ་བ་ལ་མཆོད་སྦྱིན་ལ་སོགས་པ་དག་གཏི་མུག་གིས་ཉེས་པར་སྤྱད་པ་སྤྱོད་དོ། །སེམས་རྣམ་པར་འཕྲོ་བར་ཟག་པར་བྱེད་པའི་ཕྱིར་ཟག་པ་རྣམས་སོ། །

ལུས་དང་སེམས་ལ་ཕོངས་པར་བྱེད་པས་ཕོངས་པ་རྣམས་སོ། །ཚུལ་བཞིན་མ་ཡིན་པའི་མཚན་མ་དང་མངོན་རྟགས་འཛིན་དུ་བཅུག་ནས་ལུས་དང་སེམས་ལ་ཡོངས་སུ་གདུང་བར་བྱེད་པས་ཡོངས་སུ་གདུང་བ་རྣམས་སོ། །གཟུགས་ལ་སོགས་པའི་དངོས་པོ་ལ་དགའ་བའམ་ལྷག་པར་

ཆགས་པར་བྱེད་དུ་བཅུག་ནས་དེ་རྣམ་པར་གྱུར་ན་མྱ་ངན་ལ་སོགས་པས་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པའི་ཕྱིར་འཁྲུག་པ་རྣམས་སོ། །མཚོན་ཆ་ལེན་པ་ལ་སོགས་པས་འཐབ་པར་བྱེད་པས་འཐབ་པ་རྣམས་སོ། །ཆོས་མ་ཡིན་པ་ལ་འདོད་ཆགས་ལ་སོགས་པ་ནི་ཡོངས་སུ་གདུང་བ་ཆེན་

པོ་བྱེད་པས་རིམས་ནད་དང་འདྲ་བས་ན་རིམས་ནད་རྣམས་སུ་རིག་པར་བྱའོ། །དེ་ལ་ཆོས་མ་ཡིན་པ་ལ་འདོད་ཆགས་ནི་གང་མི་དགེ་བའི་ལས་ཀྱི་ལམ་རྣམས་ལ་རྗེས་སུ་ཆགས་པའོ། །མི་མཐུན་པས་ཆགས་པ་ནི་མི་རིགས་པའི་ཆོས་མ་ཡིན་པས་ཡུལ་ཀུན་ཏུ་འཚོལ་བའོ། །ཆོས་ལོག་པ་ནི་ཉེས་པར་

Vol. 135 · folio 43a

བཤད་པའི་ཆོས་འདུལ་བར་རིག་པར་བྱའོ། །སྐྱེ་བའི་རྩ་བ་འདུ་བྱེད་ཀྱི་ཤིང་གི་ནགས་ཚལ་ལ་ཆགས་པར་བྱེད་པས་ནགས་སྦྱོར་རྣམས་སོ། །ལུས་ལ་ལྟ་བ་ལ་སོགས་པ་དང་བཅས་པས་དགེ་བ་ལ་སྦྱོར་བའི་གེགས་བྱེད་པས་གེགས་རྣམས་སོ། །ལུས་ལ་ལྟ་བ་ལ་

སོགས་པ་དང་བཅས་པ་ནི་སེམས་ཀྱི་གེགས་ལྔའི་དབང་དུ་བྱས་པའོ། །འདོད་ཆགས་ནི་ཡུལ་དང་ལྟ་བ་ལ་སོགས་པར་རྟོག་པའོ་ཞེས་བྱ་བ་ནི་བསྒོམས་པས་སྤང་བར་བྱ་བ་དང་། མཐོང་བས་སྤང་བར་བྱ་བ་དང་གོ་རིམས་བཞིན་ཏེ། འདོད་ཆགས་ནི་སྡུག་པ་ཙམ་དུ་དམིགས་པའི་ཕྱིར་རོ། །གང་ཡང་

སེམས་ཅན་ལ་འདོད་ཆགས་པ་དེ་ནི་ཡུལ་གྱི་སྒོ་ཉིད་ནས་ལོག་པར་རྟོག་པར་རིག་པར་བྱའོ། །དེ་བཞིན་དུ་ཁོང་ཁྲོ་བ་ནི་མི་མཐུན་པའི་རྒྱུ་ཙམ་དུ་དམིགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་འབྱུང་བ་ནི་ཡུལ་གྱི་སྒོ་ཉིད་ནས་ལོག་པར་རྟོག་པར་རིག་པར་བྱའོ། །ང་རྒྱལ་ནི་སེམས་ཅན་རྣམས་དང་ལྟ་

བ་ལོག་པར་རྟོག་པའོ་ཞེས་བྱ་བ་ནི་ཆུང་ངུ་བས་བདག་ཆེའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱུང་བའི་ཕྱིར་སེམས་ཅན་རྣམས་ལ་ལོག་པར་རྟོག་པར་རིག་པར་བྱའོ། །འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་ནི་ཤེས་བྱ་ལ་ལོག་པར་རྟོག་པའོ་ཞེས་བྱ་བ་ནི་

སྒྲོ་འདོགས་པ་དང་། སྐུར་བའི་སྒོ་ནས་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལྟ་བ་ལ་ལོག་པར་རྟོག་པའོ་ཞེས་བྱ་བ་ནི་ལྟ་བའི་ཉེས་པ་ཉིད་ཀྱིས་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ལྷག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཐེ་ཚོམ་ནི་གཉེན་པོ་ལ་

ལོག་པར་རྟོག་པའོ་ཞེས་བྱ་བ་ནི་བདེན་པ་རྣམས་ལ་བློ་རྣམ་པ་གཉིས་སུ་འཇུག་པའི་ཕྱིར་རོ། །ཉོན་མོངས་པ་བཅུ་ཆར་ཡང་སྡུག་བསྔལ་དང་ཀུན་འབྱུང་བའི་རྒྱུ་ཡིན་ལ། དེ་གཉིས་ཀྱང་དེ་དག་གི་གཞིའི་གནས་ཡིན་ནོ། །དེའི་ཕྱིར་དེའི་རྒྱུ་དང་གཞིའི་གནས་ཀྱིས་ལོག་པར་རྟོག་པ་རྣམས་

ཞེས་བྱའོ། །འགོག་པ་དང་ལམ་ལ་ཡང་སྐྲག་པ་སྐྱེས་པས་ལོག་པར་ཞུགས་པའོ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་གིས་འཁོར་བ་ལ་མངོན་པར་དགའ་བ་དང་། རྣམ་པར་བྱང་བ་ལ་གཡེང་བར་འདུ་ཤེས་ནས་སྐྲག་པ་དང་། ཕྱིན་ཅི་ལོག་ཏུ་རྟོག་པས་འགོག་པ་དང་ལམ་ལ་ལོག་པར་

Vol. 135 · folio 43b

རྟོག་པར་བལྟ་བར་བྱའོ། །མུ་སྟེགས་ཅན་རྣམས་ཀྱིས་ནི་རྣམ་པ་གཞན་དུ་ཀུན་དུ་བརྟགས་ནས་དེ་ལ་ལོག་པར་རྟོག་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་ནི་བདེ་བ་དང་མཚུངས་པར་ལྡན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་

པ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ཐམས་ཅད་ནི་རྒྱུན་ཆད་པའི་དུས་ན་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །སྡུག་བསྔལ་དང་ཡིད་མི་བདེ་བ་གཉིས་དང་མི་མཚུངས་པར་ལྡན་པ་མ་ཡིན་ཏེ། དགའ་བའི་རྣམ་པར་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་

ལྡན་པའི་ཁོང་ཁྲོ་བ་ནི་སྡུག་བསྔལ་དང་མཚུངས་པར་ལྡན་ནོ། །དྲུག་པ་ཡིད་ཀྱི་ས་པ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །ཐམས་ཅད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ་སྔ་མ་བཞིན་ནོ། །བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དམན་པའི་རྣམ་པར་འབྱུང་བའི་ཕྱིར་

རོ། །ང་རྒྱལ་ནི་འདོད་པའི་ཁམས་ན་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །བསམ་གཏན་དང་པོ་དང་གཉིས་པར་བདེ་བ་དང་ཇི་ལྟར་ལྡན་ཞེ་ན། ཡིད་ཀྱི་ས་པའི་བདེ་བ་དང་མཚུངས་པར་ལྡན་ནོ། །དེ་ནི་ཡིད་ཀྱི་

ས་པའི་བདེ་བ་ཇི་ལྟ་བུ་ཞེ་ན། དགའ་བ་དང་བདེ་བ་ཞེས་གང་འབྱུང་བ་སྟེ། ཇི་སྐད་དུ་དགའ་བ་གང་ཞེ་ན། གང་གནས་གྱུར་པའི་འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་པའི་སེམས་ཚིམ་པ་དང་སེམས་ཤིན་ཏུ་དགའ་བ་དང་། སེམས་རངས་པ་དང་། སེམས་དགའ་བ་དང་། བདེ་བ་མྱོང་བ་

སྟེ། ཚོར་བར་གཏོགས་པའོ། །བདེ་བ་གང་ཞེ་ན་གང་གནས་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་པའི་གནས་ལ་ཕན་པ་དང་། གནས་ཀྱི་ཚིམ་པ་དང་། བདེ་བ་མྱོང་བ་སྟེ། ཚོར་བར་གཏོགས་པའོ་ཞེས་བཤད་པ་ལྟ་བུའོ། །དེ་ནི་འདི་སྐད་དུ་བསྟན་ཏོ། །འཇུག་པའི་རྣམ་པར་

ཤེས་པ་ལ་བརྟེན་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ཏེ། གཞན་ལ་མཉམ་པར་གཞག་པ་མེད་པའི་ཕྱིར་རོ། །བདེ་བའི་ཚོར་བ་བསམ་གཏན་དང་པོ་དང་། གཉིས་པ་ལ་འབྱུང་བ་ན། སེམས་དང་སེམས་ལས་བྱུང་བའི་ཚོགས་གང་ཡང་མཚུངས་པར་ལྡན་པ་དེ་

Vol. 135 · folio 44a

དགའ་བའི་རྣམ་པས་ཚིམ་པར་བྱེད་པ་དང་། གནས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཤིན་ཏུ་སྦྱོངས་པའི་བདེ་བས་ཚིམ་པར་བྱེད་པ་སྟེ། དེ་ལྟ་བས་ན་དེ་གཉིས་ཀའི་བྱ་བ་བྱེད་པའི་ཕྱིར་འདི་ནི་དགའ་བ་དང་བདེ་བ་ཞེས་བྱ་བ་རྣམ་པ་གཉི་གར་རྣམ་པར་གཞག་པར་

རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་དེ་དང་མཚུངས་པར་ལྡན་པའི་ང་རྒྱལ་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱའོ། །ལོག་པར་ལྟ་བ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་སྟེ། ལེགས་པར་བྱ་བ་དང་

ཉེས་པར་བྱ་བ་བྱེད་པ་རྣམས་ཀྱི་དེའི་འབྲས་བུ་མེད་པར་མཐོང་ནས་མི་མོས་པ་དང་དགའ་བ་སྐྱེ་བའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། ལྟ་བ་ཐམས་ཅད་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་མཚུངས་

པར་ལྡན་པ་མ་ཡིན་ཏེ། སེམས་གཏན་ལ་ཕབ་པ་མེད་པ་ནི་མོས་པ་མེད་པས་ཡིད་བདེ་བ་མེད་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་ནི་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་རྣམས་ཀྱི་དགའ་བ་དང་། བདེ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པའི་རྗེས་སུ་འགྲོ་བ་ཉིད་དེ། དེ་ན་བདེ་བ་

དང་ཡིད་བདེ་བ་དང་ཡང་མཚུངས་པར་ལྡན་ནོ། །མ་རིག་པ་མ་འདྲེས་པ་ཡང་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་ལས་བརྩམས་ཏེ་ཚུལ་འདི་འདྲ་བར་བལྟ་བར་བྱའོ། །ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་བཏང་སྙོམས་དང་མཚུངས་པར་

ལྡན་ཞེ་ན། ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་ཇེ་ཆུང་ཇེ་ཆུང་དུ་འགྲོ་བས་རྒྱུན་ཆད་པའི་ཤུགས་ཀྱིས་རྒྱུན་ཆད་པའི་ཕྱིར་ཐ་མར་གདོན་མི་ཟ་བར་ཐ་མལ་པར་འཇུག་པའི་སྒོ་ནས་བཏང་སྙོམས་དང་མཚུངས་པར་ལྡན་པར་རིག་པར་

བྱའོ། །གཟུགས་ཀྱི་ཁམས་ན་ནི་རྣམ་པར་ཤེས་པའི་ཚོགས་བཞི་དང་མཚུངས་པར་ལྡན་ཏེ། དེ་ན་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །ང་རྒྱལ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་ཉིད་དེ། ཡོངས་སུ་འཇལ་བའི་སྒོ་ནས་འབྱུང་བའི་ཕྱིར་རོ། །

Vol. 135 · folio 44b

ང་རྒྱལ་ནི་ཕྱོགས་གཅིག་ལ་འཇུག་པ་ཉིད་དེ། གང་ཡང་རུང་བའི་ཡན་ལག་གིས་ཁེངས་པར་འགྱུར་བའི་ཕྱིར་རོ། །འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུའོ་ཞེས་བྱ་བ་ནི་དེ་ན་གང་དག་དེའི་རྒྱུ་དང་། གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་པ་དག་གོ། །

དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་ཡང་ཇི་ལྟར་མཐུན་མཐུན་དུ་ལོག་པར་རྟོག་པ་དག་སྟེ། དེ་ནི་མཐོང་བས་སྤང་བར་བྱ་བར་རིག་པར་བྱའོ། །ཅིའི་ཕྱིར་གང་དག་གང་གི་ཚེ་དམིགས་པ་དེ་དག་དེ་ལ་ཅི་ལོག་པར་རྟོག་པར་རིག་པར་བྱ་ཞེ་ན། ཟག་པ་མེད་པའི་དམིགས་པ་དག་ནི་ཟག་པ་དང་

བཅས་པའི་དངོས་པོ་ཉིད་གདོན་མི་ཟ་བར་ཕྲ་རྒྱས་སུ་བྱེད་པ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ན་ནི་ཁོང་ཁྲོ་བ་མེད་པས་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དགུའོ། །གཟུགས་མེད་པའི་ཁམས་ནའང་དེ་བཞིན་ནོ། །འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་བསྒོམས་པས་

སྤང་བར་བྱ་བ་སྟེ། མཐོང་བའི་ལམ་སྐྱེས་སུ་ཟིན་ཡང་གང་ལ་བརྟེན་ནས་འཕགས་པ་ཉན་ཐོས་ལ་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་འབྱུང་བའོ། །ཇི་སྐད་དུ་ཚེ་དང་ལྡན་པ་བྲན་ཅན་ཁོ་བོས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་བདག་གམ་བདག་གིར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་ཉེ་བར་ལེན་

པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་པའོ། །ཡོངས་སུ་མ་ཤེས་སོ། །མ་བཀག་གོ། །མཐའ་མེད་པར་མ་བྱས་སོ་ཞེས་གསུངས་པ་ལྟ་བུའོ། །དཔེར་ན་མ་མའི་གོས་དྲི་མ་ཅན་དུ་གྱུར་པ་བུལ་ཏོག་ལ་

སོགས་པས་ལེགས་པར་བཀྲུས་ཏེ་དྲི་མ་མེད་པར་གྱུར་ཀྱང་དེ་ཞེན་པར་གོས་པས་དྲི་མ་ནམ་པའི་བག་ཡོད་དེ། དེ་སྤོས་དྲི་ཞིམ་པོ་བསྒོ་བས་ཡང་བསལ་བར་བྱ་དགོས་པ་དེ་བཞིན་དུ་མཐོང་བའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ཀུན་ཏུ་བརྟགས་པའི་དྲི་མ་སྤངས་པའི་འཕགས་པ་ཉན་ཐོས་ལ་ཡང་

སྔོན་མངོན་པར་ཞེན་ཏེ་གོམས་པར་བྱས་པ་དངོས་པོ་མ་གཏོགས་པའི་བདག་ཏུ་ལྟ་བ་རྗེས་སུ་འབྲང་སྟེ། དེ་ནི་ལམ་བསྒོམས་པས་སྤང་བར་བྱ་དགོས་པ་ཡིན་ནོ། །མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཆད་པར་ལྟ་བས་བསྡུས་པར་རིག་པར་བྱ་སྟེ། དེས་བདག་གི་བདག་གང་ཡིན་ཞེས་

Vol. 135 · folio 45a

ཡོངས་སུ་མི་ཆད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡིད་ཕྱིར་ལྡོག་པར་བྱེད་དོ། །ལྟ་བའི་ཕྱོགས་དང་མཐུན་པ་མ་གཏོགས་པར་འདོད་ཆགས་ལ་སོགས་པ་ནི་བསྒོམས་པས་སྤང་བར་བྱ་བ་དག་གོ། །དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་

བག་ལ་ཉལ་མ་སྤངས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངོ་བོ་ཉིད་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་ཉིད་ཀྱི་ཉོན་མོངས་པ་ནི་འབྱུང་ངོ་ཞེས་བྱའོ། །ཉེས་དམིགས་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་བདག་ལ་གནོད་པ་དང་གཞན་ལ་

གནོད་པ་དང་། གཉི་ག་ལ་གནོད་པར་འགྱུར་བ་དང་། མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་བསྐྱེད་པ་རྣམས་དང་། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་བསྐྱེད་པ་དང་། དེ་ལས་བྱུང་བའི་སེམས་ལས་བྱུང་བ་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བར་བྱེད་པའོ། །དེ་ལྟར་རྣམ་པ་གསུམ་གྱིས་ཡོངས་སུ་ཤེས་ནས་

ཉོན་མོངས་པ་འབྱུང་བར་འགྱུར་བ་དབང་དུ་མི་ལེན་པའི་ཚུལ་གྱིས་ཡོངས་སུ་སྤང་ངོ་། །མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་ལམ་བསྒོམ་མོ། །འདྲེས་པ་ལ་དམིགས་པས་ཡིད་ལ་བྱེད་པས་ཞེས་བྱ་བ་ནི་ཐ་དད་པ་ལ་དམིགས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་རྣམ་པར་ཞེས་བྱ་བའི་ཐ་ཚིག་གོ། །

གལ་ཏེ་ཆོས་ཐམས་ཅད་བདག་མེད་དོ་ཞེས་བདག་མེད་པར་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་སྤོང་བར་འགྱུར་ན། མི་རྟག་པ་ལ་སོགས་པའི་རྣམ་པ་ཅིའི་ཕྱིར་བསྟན་ཞེ་ན། དེ་དག་ནི་ཉོན་མོངས་པ་སྤོང་བ་མ་ཡིན་གྱི་བདག་མེད་པའི་རྣམ་པར་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་ཏེ། མི་རྟག་པའི་རྣམ་པ་ལ་

བརྟེན་ནས་སྡུག་བསྔལ་གྱི་རྣམ་པ་འཐོབ་པོ། །སྡུག་བསྔལ་གྱི་རྣམ་པ་ལ་བརྟེན་ནས་བདག་མེད་པའི་རྣམ་པ་འཐོབ་སྟེ། ཇི་སྐད་དུ་གང་མི་རྟག་པ་དེ་སྡུག་བསྔལ་བའོ། །དེ་བདག་མེད་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་བདག་མེད་པའི་རྣམ་པ་ནི་བླ་ན་མེད་པ་ཉིད་དུ་རྣམ་པར་གཞག་

གོ། །བླ་ན་མེད་པ་ཉིད་ལས་བརྩམས་ནས་བླ་ན་མེད་པ་ཉིད་གསུམ་སྟེ། ཤེས་པ་བླ་ན་མེད་པ་ཉིད་དང་། ལམ་བླ་ན་མེད་པ་ཉིད་དང་། རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་དོ། །དེ་ལ་ཤེས་པ་བླ་ན་མེད་པ་ཉིད་ནི་བདག་མེད་པའི་ཤེས་པ་ཉིད་དེ། དེའི་ཕ་རོལ་དུ་ཤེས་པ་གཞན་བཙལ་དུ་མེད་པའི་

Vol. 135 · folio 45b

ཕྱིར་རོ། །ལམ་བླ་ན་མེད་པ་ཉིད་ནི་སླ་ལ་མངོན་པར་ཤེས་པ་མྱུར་བ་སྟེ། དེ་ནི་ལམ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་ནི་མི་སློབ་པ་མི་འཁྲུགས་པའི་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །བླ་ན་

མེད་པ་ཉིད་རྣམ་པ་གསུམ་པོ་འདི་དག་ནི་གོ་རིམས་བཞིན་དུ་མཐོང་བ་དང་། བསྒོམས་པ་དང་མཐར་ཕྱིན་པའི་ལམ་གྱི་དབང་དུ་བྱས་པར་རིག་པར་བྱའོ།། །།བམ་པོ་ལྔ་པ། དམིགས་པའི་ལས་ཞེས་བྱ་བ་ནི་མིག་ལ་སོགས་པའི་སྟེ། གཟུགས་ལ་ལྟ་བ་ལ་སོགས་པའོ། །

བྱེད་པའི་ལས་ནི་ས་ལ་སོགས་པའི་སྟེ། རྟེན་པ་ལ་སོགས་པའོ། །ཡང་ན་གང་གི་མཚན་ཉིད་ཀྱི་བྱེད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ་གཟུགས་ཀྱི་ནི་གཟུགས་སུ་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རྩོལ་བའི་ལས་ནི་བསམ་པ་སྔོན་དུ་བཏང་བའི་ལུས་ལ་སོགས་པའི་ལས་སོ། །

བསྒྱུར་བའི་ལས་ནི་གསེར་མགར་ལ་སོགས་པའི་སྟེ། རྒྱན་ལ་སོགས་པའོ། །འཐོབ་པའི་ལས་ནི་འཕགས་པའི་ལམ་ལ་སོགས་པ་སྟེ། མྱ་ངན་ལས་འདས་པ་འཐོབ་པ་ལ་སོགས་པའོ། །སྐབས་འདིར་ནི་ཕལ་ཆེར་རྩོལ་བའི་ལས་སུ་འདོད་དོ་ཞེས་བྱ་བ་ནི་འཐོབ་པར་བྱེད་པའི་ལས་ཀྱང་

ཡོད་པའི་ཕྱིར་རོ། །ལུས་ལ་སོགས་པའི་ལས་ལ་ལས་ཀྱི་ལམ་ཞེས་བྱ་བ་ནི་མདོ་སྡེ་དང་མཐུན་པར་ཇི་ལྟར་གཙོ་བོ་བསྟན་པར་རིག་པར་བྱ་སྟེ། དེ་ལ་སྦྱོར་བ་ལ་སོགས་པ་ཡང་ལུས་ལ་སོགས་པའི་ལས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ལས་ཀྱི་ལམ་གསུམ་དང་བཞི་དང་གསུམ་ནི་གོ་རིམས་བཞིན་དུ་

ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བའོ། །བསམ་པ་

ནི་གཞི་དེ་ལ་དེར་འདུ་ཤེས་པའི་བསམ་པ་དང་། ལས་ཀྱི་ལམ་དེ་བྱེད་པར་འདོད་པའི་བསམ་པའོ། །སྦྱོར་བ་ནི་དེ་བྱ་བའི་ཕྱིར་བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་རྩོམ་པའོ། །ཉོན་མོངས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་འདུས་པ་དང་སོ་སོ་བ་ཇི་ལྟར་མཐུན་

Vol. 135 · folio 46a

མཐུན་དུ་སྦྱར་རོ། །ཟིན་པར་བྱས་པ་ནི་སྦྱོར་བ་དེ་དང་དེའི་དུས་སམ། ཕྱིས་ལས་དེ་དང་དེས་ཡོངས་སུ་རྫོགས་པའོ། །དེ་ལ་སྲོག་གཅོད་པའི་གཞི་ནི་སེམས་ཅན་ནོ། །བསམ་པ་ནི་དེ་ལ་དེར་འདུ་ཤེས་ཤིང་བསད་པའི་བསམ་པའོ། །སྦྱོར་བ་ནི་བསད་པར་བསམས་པའི་

མཚོན་ཆ་ལ་སོགས་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཟིན་པར་བྱས་པ་ནི་སྦྱོར་བ་དེས་དེ་མ་ཐག་ཏུའམ་ཕྱིས་ཤི་བའོ། །མ་བྱིན་པར་ལེན་པ་ལ་སོགས་པའི་གཞི་དང་ཟིན་པར་བྱས་པ་བཤད་པར་བྱའོ། །ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །མ་བྱིན་

པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་གཟུང་བ་སེམས་ཅན་གྱི་གྲངས་སུ་གཏོགས་པའམ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ། །ཟིན་པར་བྱས་པ་ནི་བདག་གིར་བྱས་པའོ། །འདོད་པས་ལོག་པར་གཡེམ་པའི་གཞི་ནི་སྤྱོད་ཡུལ་མ་ཡིན་པའི་བུད་མེད་དང་། སྤྱོད་ཡུལ་ཡིན་ཡང་

ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པ་དང་། ཚོད་མ་ཟིན་པ་དང་། རིགས་མ་ཡིན་པ་དང་། ཕོ་དང་མ་ནིང་ཐམས་ཅད་དོ། །ཟིན་པར་བྱས་པ་ནི་གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་གཞི་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་

དང་། རྣམ་པར་ཤེས་པ་དང་། མ་མཐོང་བ་དང་། མ་ཐོས་པ་དང་། བྱེ་བྲག་མི་ཕྱེད་པ་དང་། རྣམ་པར་མ་ཤེས་པའོ། །བསམ་པ་ནི་གཞན་དུ་འདུ་ཤེས་ལ་གཞན་དུ་སྨྲ་བར་འདོད་པའོ། །ཟིན་པར་བྱས་པ་ནི་འཁོར་དང་ཕྱིར་རྒོལ་བས་གོ་བར་བྱེད་པའོ། །ཕྲ་མའི་གཞི་ནི་སེམས་

ཅན་འདུམ་པ་དང་། མི་འདུམ་པ་དག་གོ། །བསམ་པ་ནི་དབྱེ་བ་དང་སྡུམ་མི་བྱེད་པར་སེམས་པའོ། །ཟིན་པར་བྱས་པ་ནི་ཕྱེ་བར་ཤེས་པར་བྱེད་པའོ། །ངག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་གཞིར་གྱུར་པའི་སེམས་ཅན་རྣམས་སོ། །ཟིན་པར་བྱས་པ་ནི་ངག་རྩུབ་པོ་སྨྲས་པའོ། །

ཚིག་ཀྱལ་པའི་གཞི་ནི་དོན་མེད་པ་དང་ལྡན་པའི་དོན་ནོ། །ཟིན་པར་བྱས་པ་ནི་དེ་སྨྲས་པའོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ། །བསམ་པ་ནི་དེ་ལ་དེར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ། །སྦྱོར་བ་ནི་དེ་བདག་གིར་བྱ་བར་སེམས་པའོ། །ཟིན་པར་བྱས་པ་ནི་བདག་གིར་

Vol. 135 · folio 46b

བྱ་བར་ངེས་པའོ། །གནོད་སེམས་ཀྱི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །ཟིན་པར་བྱས་པ་ནི་བསད་པ་ལ་སོགས་པར་ངེས་པའོ། །ལོག་པར་ལྟ་བའི་གཞི་ནི་དོན་ཡོད་པའོ། །བསམ་པ་ནི་ཡོད་པ་ལ་མེད་པར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ། །ཟིན་

པར་བྱས་པ་ནི་སྐུར་པ་འདེབས་པར་ངེས་པའོ། །གཞན་གྱིས་བསྒོ་བ་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་མི་འདོད་བཞིན་དུ་གཞན་དག་གིས་ནན་གྱིས་བསྒོས་ནས་བསམས་ཏེ། མི་དགེ་བ་སྤྱོད་པའོ། །གཞན་གྱིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་

ཞིག་མི་འདོད་བཞིན་དུ་གཞན་དག་གིས་གསོལ་བ་བཏབ་ནས་འདི་ནི་ཕན་པའོ་ཞེས་ཡང་དག་པར་འཛིན་དུ་བཅུག་ཅིང་ལེན་དུ་བཅུག་ནས་བསམས་ཏེ་མི་དགེ་བ་སྤྱོད་པའོ། །མི་ཤེས་པའི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། ཁ་ཅིག་ཡོན་ཏན་དང་ཉེས་པ་མངོན་པར་མི་ཤེས་ཤིང་། མངོན་པར་

ཞེན་པ་མེད་ལ། འདོད་དགར་བསམས་ནས་མི་དགེ་བ་སྤྱོད་པའོ། །རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་མི་དགེ་བའི་རྩ་བ་ལ་ཆགས་པ་ལ་སོགས་པས་ཟིལ་གྱིས་ནོན་ཅིང་སེམས་ནོན་ནས་མངོན་པར་ཞེན་པ་དྲག་པོས་བསམས་ཏེ་མི་དགེ་བ་ལ་སྤྱོད་

པའོ། །ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པ་ནི་འདི་ལྟ་སྟེ། འགའ་ཞིག་ཆོས་འདོད་ཀྱང་མི་མཐུན་པའི་རྒྱུ་ལ་ལྟ་སྟེ། ཕྱི་མ་ལ་ཡིད་དུ་འོང་བའི་འབྲས་བུའི་དོན་དུ་བསམས་ནས་མི་དགེ་བ་སྤྱོད་པའོ། །དེ་ལ་སེམས་པ་ལས་གྱུར་པ་དང་པོ་གསུམ་ནི་ལས་བྱས་སུ་ཟིན་ཀྱང་སྩོགས་པ་ཉིད་དུ་

མི་འགྱུར་ཏེ། དེའི་ཕྱིར་འདིའི་རྣམ་པར་སྨིན་པ་གདོན་མི་ཟ་བར་མྱོང་བར་འགྱུར་བ་མ་ཡིན་ནོ། །སེམས་པ་ལས་གྱུར་པ་ཐ་མ་གཉིས་ནི་གལ་ཏེ་བྱས་པར་གྱུར་ན་བསགས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པ་གདོན་མི་ཟ་བར་མྱོང་བར་འགྱུར་རོ། །སྩོགས་པ་ནི་བག་ཆགས་འཕེལ་བའོ་ཞེས་བྱ་བ་ནི་ཀུན་གཞི་

རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་ས་བོན་ཡོངས་སུ་གསོས་པར་རིག་པར་བྱའོ། །ལས་བྱེད་པར་ངེས་པ་ནི་སྔོན་གྱི་ལས་རྣམས་ཀྱིས་རྣམ་པར་སྨིན་པའི་རྒྱུད་ངེས་པར་བྱས་ནས་འཕངས་པར་གྱུར་པ་སྟེ། གང་གི་ཚེ་དེ་ལ་འདིས་ལས་འདི་བྱེད་པར་ངེས་པ་དེ་དང་མི་འགལ་བར་ལས་དེ་བྱེད། དེའི་

Vol. 135 · folio 47a

རྒྱུའི་ངེས་པ་ཇི་ལྟ་བ་བཞིན་དུ་འབྲས་བུའི་རྒྱུར་གྱུར་པའི་ཕྱིར་དེ་མི་བྱ་བར་བཟློག་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མཛད་མི་སྤྱོད་དོ། །རྣམ་པར་སྨིན་པ་མྱོང་བར་ངེས་པ་ནི། སེམས་པ་ལས་གྱུར་པའི་ལས་ཀྱི་སྟེ་སྔ་མ་བཞིན་ནོ། །དུས་ངེས་པ་ནི་མཐོང་བའི་ཆོས་ལ་

མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམས་ཀྱི་དུས་ཀྱང་ངེས་པར་བྱས་པ་ཡིན་ཏེ། ཇི་ལྟར་རྣམ་པར་སྨིན་པ་འདིས་ནི་མཐོང་བའི་ཆོས་ལ་རྣམ་པར་སྨིན་པར་བྱེད་དོ། །འདིས་ནི་སྐྱེས་ནས་སོ། །འདིས་ནི་ལན་གྲངས་གཞན་ལའོ་ཞེས་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་

འབྲས་བུ་ནི་དུད་འགྲོ་དང་ཡི་དགས་དང་སེམས་ཅན་དམྱལ་བ་རྣམས་སུ་རིག་པར་བྱའོ། །རྒྱུ་མཐུན་པའི་འབྲས་བུ་ནི་ངན་སོང་རྣམས་ནས་ཤི་འཕོས་ནས་མིར་སྐྱེས་པ་རྣམས་ཀྱི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པ་སོ་སོ་དང་མཐུན་པའི་ལུས་དང་ཡོངས་སུ་གཟུང་བ་མི་འབྱོར་བ་སྟེ། འདི་ལྟར་ཚེ་ཐུང་བ་

དང་དབུལ་བ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །བདག་པོའི་འབྲས་བུ་ནི་སོ་སོ་དང་མཐུན་པ་ཉིད་དུ་ཕྱིའི་དངོས་པོ་ལོ་ཏོག་ལ་སོགས་པ་མི་འབྱོར་བ་སྟེ། འདི་ལྟར་སྲོག་གཅོད་པའི་དབང་གིས་ནི་བྱིན་ཆུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཟག་

པ་དང་བཅས་པ་རྣམས་ཀྱི་འབྲས་བུ་དག་ཀྱང་ལྷ་དང་མི་རྣམས་ཀྱི་ནང་དུ་གསུམ་གསུམ་དུ་འགྱུར་བར་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །ལས་གཅིག་གིས་ལུས་གཅིག་འཕེན་པ་ནི་ལས་ཀྱི་སྐད་ཅིག་གཅིག་གིས་ཚེ་གཅིག་ཁོ་ནའི་རྣམ་པར་སྨིན་པའི་ས་བོན་གསོས་པའི་ཕྱིར་རོ། །གཅིག་གིས་དུ་མ་འཕེན་

པ་ནི། དེ་ཉིད་ཀྱིས་ཚེ་རབས་དུ་མའི་རྣམ་པར་སྨིན་པའི་ས་བོན་གསོས་པའི་ཕྱིར་རོ། །དུ་མས་གཅིག་འཕེན་པ་ནི་ལས་ཀྱི་སྐད་ཅིག་མང་པོས་གཅིག་པོ་དེ་ཉིད་ཀྱི་ས་བོན་ཡང་དང་ཡང་གསོས་པའི་ཕྱིར་རོ། །དུ་མས་དུ་མ་འཕེན་པ་ནི་མང་པོ་དག་ཕན་ཚུན་ལྟོས་ནས་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ས་བོན་

གསོས་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་དགེ་བ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། ཇི་ལྟར་འདོད་པ་ན་སྤྱོད་པའི་འགྲོ་བ་གཞན་གྱི་ཡོངས་སུ་རྫོགས་པར་བྱེད་པའི་དགེ་བ་ནི་གཞན་དུ་རྣམ་པར་སྨིན་པ་འབྱིན་པར་བྱེད་པ་དེ་བཞིན་དུ། གཟུགས་དང་གཟུགས་མེད་པ་

Vol. 135 · folio 47b

ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། སའི་ངེས་པས་འབྲས་བུ་འབྱིན་པའི་ཕྱིར་རོ། །དེ་བས་ན་རྣམ་པར་སྨིན་པ་འབྱིན་པར་གཡོ་བ་མེད་པ་དང་། མཉམ་པར་གཞག་པའི་ས་པ་ཡིན་པས་མི་གཡོ་བའི་ཕྱིར་མི་གཡོ་བ་ཞེས་བཤད་དོ། །འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ནི་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ་

ཞེས་བྱ་བ་ནི་དེ་དག་གི་ནི་གཅིག་ཏུ་ཉོན་མོངས་པ་ཅན་ཡིན་པས་མ་རིག་པ་ཡོད་པར་གྱུར་ན་འབྲས་བུ་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པའི་ཡང་དག་པའི་ལྟ་བའི་སྐབས་མེད་པའི་ཕྱིར་རོ། །དེ་ཁོ་ནའི་དོན་ལ་རྨོངས་པ་ནི་བསོད་ནམས་དང་ཡེ་ཤེས་མི་གཡོ་བ་རྣམས་སོ་ཞེས་བྱ་བ་ལ་དེ་ཁོ་

ནའི་དོན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་པོ་དག་གོ། །དེ་ལ་རྨོངས་ན་དགེ་བའི་སེམས་ཡོད་དུ་ཟིན་ཀྱང་བདེན་པ་མ་མཐོང་བ་རྣམས་ལ་བག་ལ་ཉལ་གྱི་རྗེས་སུ་འབྲེལ་པར་འགྱུར་རོ། །དེའི་དབང་གིས་དེ་དག་ཁམས་གསུམ་པ་སྡུག་བསྔལ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་

པའི་ཕྱིར་ཡང་སྲིད་པའི་རྒྱུར་གྱུར་པའི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་སློང་བར་བྱེད་དོ། །བདེན་པ་མཐོང་བ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ཁོ་ནའི་དོན་ལ་རྨོངས་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་དེའི་རྒྱུ་ལས་བྱུང་བ་རྣམས་ཞེས་བྱའོ། །སྲོག་གཅོད་པ་ལ་ཡང་ཤ་ལ་སོགས་པ་

འདོད་པ་རྣམས་ནི་ཆགས་པས་སྦྱོར་རོ། །ཤ་གློན་པར་འདོད་པ་རྣམས་ནི་ཞེ་སྡང་གིས་སྦྱོར་རོ། །མཆོད་སྦྱིན་ལ་སོགས་པ་གཏི་མུག་གིས་སྦྱོར་རོ། །ཞེ་སྡང་ཉིད་ཀྱིས་ནི་མཐར་ཕྱིན་པར་བྱེད་དེ། སྙིང་རྗེ་མེད་པ་མ་ཡིན་པར་སེམས་ཅན་གསོད་མི་སྲིད་པའི་ཕྱིར་རོ། །ངག་རྩུབ་པོ་ལ་

སོགས་པ་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །བརྣབ་སེམས་ལ་སོགས་པ་ལ་ཇི་ལྟར་ཆགས་པ་ལ་སོགས་པས་སྦྱོར་ཞེ་ན། དེ་ལ་བརྣབ་སེམས་ཀྱི་ལས་ཀྱི་ལམ་ནི་གལ་ཏེ་གཞན་གྱི་ནོར་དང་ཡོ་བྱད་བདག་གིར་བྱེད་པར་ངེས་པའོ་ཞེས་བསྟན་པ་དེ་ལ་གལ་ཏེ་གཞན་གྱི་

ནོར་དང་ཡོ་བྱད་དེ་ཉིད་འདོད་པར་གྱུར་ན། དེ་བདག་གིར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་དེ། དེའི་ཕྱིར་ཆགས་པས་སྦྱོར་བར་རྣམ་པར་གཞག་གོ། །ཅི་སྟེ་འདི་ཡིར་མ་གྱུར་ཅིག་ཅེ་ན། དེ་ལྟར་ན་ནི་ཞེ་སྡང་གིས་སྦྱོར་རོ། །ཅི་སྟེ་གཞན་གྱིས་བདག་གིར་བྱས་ཀྱང་ཉེས་པ་ཅི་ཡང་མེད་དོ་

Vol. 135 · folio 48a

སྙམ་ན་གཏི་མུག་གིས་སྦྱོར་བར་རིག་པར་བྱའོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཕན་ཚུན་གྱི་དབང་གིས་བྱུང་བ་ཡང་ཐུན་མོང་བའི་ལས་སུ་རིག་པར་བྱ་སྟེ། དེའི་དབང་གིས་སེམས་ཅན་རྣམས་ཕན་ཚུན་དུ་སེམས་དང་སེམས་ལས་བྱུང་བ་འབྱུང་བའི་རྒྱུར་འགྱུར་རོ། །མི་མཐུན་

པའི་ཕྱོགས་ཀྱི་ལས་ནི་གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་འབྲས་བུ་འཕངས་སུ་ཟིན་ཀྱང་གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར་རོ། །གཉེན་པོའི་སྟོབས་ཅན་གྱི་དགེ་བའི་ལས་སེམས་པ་ལས་གྱུར་པ་ནི། མི་དགེ་བས་སྟོབས་དང་ལྡན་པར་བལྟའོ། །

གཉེན་པོའི་མཐུ་ཆུང་བའི་མི་དགེ་བ་ནི་དགེ་བ་བས་སྟོབས་དང་ལྡན་ནོ། །དགེ་བ་དང་མི་དགེ་བ་རྣམ་པར་སྨིན་པར་ངེས་པ་འཕགས་པའི་ལམ་གྱིས་མ་སྤངས་པ་ཐམས་ཅད་ནི་བྱེ་བྲག་མེད་པར་སྟོབས་དང་ལྡན་པ་ཞེས་བྱའོ། །འདོད་པ་དང་རབ་ཏུ་ལྡན་པའི་མི་དགེ་བ་ནི་རང་བཞིན་གྱིས་སྟོབས་དང་ལྡན་པ་སྟེ། ཉོན་མོངས་

པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཁོར་མང་བའི་ཕྱིར་རོ། །གང་སྔོན་གྱི་གོམས་པར་བྱས་པ་དེ་ཡང་སྟོབས་དང་ལྡན་པ་སྟེ། དེས་རྒྱུད་ལ་བསྒོས་པའི་ཕྱིར་རོ། །གང་གནས་ལ་གནས་པ་ནི་ནར་སོན་པ་རྣམས་ཀྱི་སྟེ། མངོན་པར་ཞེན་པ་དང་དད་པ་དྲག་པོས་བྱེད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་

ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་ལམ་སྒྲུབ་ཏུ་མེད་པ་གང་ཡིན་པ་དེ་ནི་གཉེན་པོས་བྱུང་དུ་མེད་པའི་ཕྱིར་རོ། །ཞིང་ནི་མ་གསོད་པ་ལ་སོགས་པའོ། །སེམས་ཀྱི་མངོན་པར་འདུ་བྱེད་པ་ནི་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་ལ་སོགས་པ་སྟེ། སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ། །ཡང་

རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ་འདི་ལྟ་སྟེ། ཞིང་ནི་གལ་ཏེ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་ཞིང་དུ་གྱུར་པའོ། །དངོས་པོ་ནི་གལ་ཏེ་སྦྱིན་པའི་དངོས་པོ་གྱ་ནོམ་ཞིང་མང་པོར་གྱུར་པའོ། །ངོ་བོ་ཉིད་ནི་སྦྱིན་པ་བས་ཚུལ་ཁྲིམས་སྟོབས་དང་ལྡན་ནོ། །ཚུལ་ཁྲིམས་པས་བསྒོམ་

པའོ་ཞེས་བྱ་བ་ལ་སོགས་པའོ། །གཞི་ནི་བསོད་ནམས་བྱེད་པ་གལ་ཏེ་འདོད་ཆགས་དང་བྲལ་བར་གྱུར་པའོ། །ཡིད་ལ་བྱེད་པ་ནི་གལ་ཏེ་ཡིད་ལ་བྱེད་པ་དང་བ་དྲག་པོ་དང་ལྡན་པར་འགྱུར་བའོ། །བསམ་པ་ནི་མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་པར་གྱུར་པའོ། །གྲོགས་ནི་དེ་ལས་གཞན་

Vol. 135 · folio 48b

པའི་བསོད་ནམས་བྱ་བའི་དངོས་པོས་ཡོངས་སུ་ཟིན་པར་གྱུར་པའོ། །ལན་མང་དུ་བྱེད་པ་ནི་ཡང་དང་ཡང་དུ་བྱས་པར་གྱུར་པའམ། རྗེས་སུ་རྣམ་པར་བརྟགས་པའོ། །སྐྱེ་བོ་མང་པོས་ཀྱང་ཞེས་བྱ་བ་ནི་བདག་གིས་ཀྱང་བྱས་པར་གྱུར་ལ་གཞན་དག་ཀྱང་བྱེད་དུ་བཅུག་པའོ། །སུ་ཞིག་འདི་སྐད་དུ་སྐྱེས་བུ་

གང་ཟག་འདི་ཇི་ལྟ་ཇི་ལྟར་ལས་བྱེད་ཅིང་སྩོགས་པ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་གྱུར་ན། དེ་ལྟར་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་ཞིང་ཡང་དག་པར་སྡུག་བསྔལ་ཟད་པ་དང་། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ངོ་ཞེས་ཟེར་ཞེས་བྱ་བ་ལ། ཇི་ལྟར་བྱས་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་

ཞེ་ན། ཉོན་མོངས་པ་དྲག་པོ་དང་ལྡན་པས་སོ་སོར་བརྟགས་ན་སྡུག་བསྔལ་དང་བཅས་པར་ཚུལ་ཁྲིམས་ཡོངས་སུ་བསྲུང་བའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་པ་ཡང་དེ་བཞིན་དུ་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པ་མྱོང་ན་ནི་དེ་ཡོངས་སུ་སྲུང་བ་དོན་མེད་པར་འགྱུར་རོ། །གཞན་གྱི་ཆུང་

མ་ལ་སོགས་པ་ལ་བདེ་བ་དང་བཅས་ཤིང་ཡིད་བདེ་བ་དང་བཅས་པར་ཚུལ་ཁྲིམས་འཆལ་བར་བྱས་པའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་པ་དེ་བཞིན་དུ་མྱོང་ན་ནི་དེ་སྤོང་བ་དོན་མེད་པར་འགྱུར་ཏེ། དེ་ལྟར་བྱས་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་རོ། །ཇི་ལྟར་ན་ཡང་དག་པར་སྡུག་བསྔལ་ཟད་པ་དང་།

སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ཞེ་ན། དེའི་ཕྱིར་དེའི་རྒྱུར་གྱུར་པ་ཚངས་པར་སྤྱོད་པས་གནས་པའི་རྣམ་པར་སྨིན་པ་སྡུག་བསྔལ་བའི་ཕྱིར་རོ། །དེ་ལྟར་བྱས་ན་བདེ་བ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་བདེ་བ་དང་བཅས་པ་ཉིད་དུ་འགྱུར། སྡུག་བསྔལ་དང་བཅས་པའི་རྣམ་པར་

སྨིན་པ་ནི་སྡུག་བསྔལ་ཉིད་དུ་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པའི་ནི། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་བཀག་གོ། །ཡོངས་སུ་ཞིག་འདི་སྐད་དུ། སྐྱེས་བུ་གང་ཟག་

འདི་ཇི་ལྟར་མྱོང་བར་འགྱུར་བ་ཇི་ལྟར་མྱང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་བདེ་བ་དང་ལྡན་པའི་དགེ་བ་དང་མི་དགེ་བ་ཕྱི་མ་ལ་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་མྱོང་བར་འགྱུར་བའི་བདེ་བ་ལ་སོགས་པའི་རྣམ་པར་སྨིན་པ་ནི་གནང་

Vol. 135 · folio 49a

ངོ་། །རབ་ཏུ་བྱུང་བའི་སྡོམ་པ་ནི་རྣམ་པ་ལྔ་སྟེ། དགེ་སློང་གི་སྡོམ་པ་ནས་དགེ་ཚུལ་མའི་སྡོམ་པའི་བར་དུའོ། །ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང་། འདོད་པ་ལས་དབེན་པར་སྤྱོད་པ་ཞེས་བྱ་བ་ནི་གང་ཟག་གི་དབང་དུ་བྱས་ནས་རྣམ་པར་གཞག་པ་སྟེ། འདི་ལྟར་དེ་འདྲ་བ་

དེ་ནི་ཇི་སྲིད་འཚོའི་བར་དུ་སྲོག་གཅད་པ་ལ་སོགས་པ་ཉེས་པར་སྤྱོད་པ་དང་། མི་ཚངས་པར་སྤྱོད་པ་སྤང་བར་ནུས་སོ། །དགེ་བསྙེན་དང་དགེ་བསྙེན་མའི་སྡོམ་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པའི་དབང་དུ་བྱས་པ་སྟེ། འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིན་ནོ། །དེ་བས་ན་འདིའི་སྡོམ་པ་ནི་ཇི་

སྲིད་འཚོའི་བར་དུ་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བར་རྣམ་པར་གཞག་གི། མི་ཚངས་པར་སྤྱོད་པ་སྤོང་བ་ནི་མ་ཡིན་ནོ། །བསྙེན་གནས་པའི་སྡོམ་པ་ནི་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་འདོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་པ་སྟེ། དེའི་ཕྱིར་དེའི་སྡོམ་པ་ནི་ཉིན་ཞག་

གཅིག་པ་ལ་བསྙེན་གནས་པའི་སྡོམ་པར་བརྟགས་ཏེ། རིམ་གྱིས་དེ་གཉི་ག་གོམས་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཐ་མ་དང་མ་ནིང་རྣམས་ལ་ནི་དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་དགེ་བསྙེན་ཉིད་ནི་བཀག་པ་བཞིན་དུ་མཚན་གཉིས་པ་རྣམས་ཀྱང་དེ་

བཞིན་དུ་སྟེ། སྐྱེས་པ་དང་བུད་མེད་ཀྱི་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ཕྱོགས་གཉི་ག་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་དེ་དག་ལོགས་ཤིག་ཏུ་མ་བཤད་དོ། །བསམ་གཏན་གྱི་སྡོམ་པ་ནི་འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བ་དག་གི་ཆགས་པ་ལ་སོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་

པ་དང་། ཉེ་བའི་ཉོན་མོངས་པ་རྣམས་རྣམ་པར་གནོན་པའི་གཉེན་པོས་ས་བོན་བཅོམ་པས་ཕྱོགས་གཅིག་པ་ལས་འདོད་ཆགས་དང་བྲལ་བ་ཉིད་དུ་ཟད་དེ་འདོད་པ་དག་ལས་འདོད་ཆགས་དང་བྲལ་བའི་འཆལ་བའི་ཚུལ་ཁྲིམས་ཏེ། སྤོང་བ་གང་ཡིན་པའོ། །བསམ་གཏན་གསུམ་པའི་བར་ལས་འདོད་

ཆགས་དང་བྲལ་བའི་རིང་དུ་བྱེད་པའི་གཉེན་པོས་འཆལ་བའི་ཚུལ་ཁྲིམས་ཀྱི་ཀུན་ནས་སློང་བ་དེ་དག་ཉིད་ཀྱི་ས་བོན་ཤིན་ཏུ་འཇོམས་པར་རིག་པར་བྱའོ། །བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པ་རྣམས་ནི་གཟུགས་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་གཞག་པ་

Vol. 135 · folio 49b

མེད་པར་རིག་པར་བྱའོ། །ཤན་པ་ནི་གང་དག་ཕྱུགས་རྣམས་བསད་ནས་དེ་འཚོང་བས་འཚོ་བར་བྱེད་པ་རྣམས་སོ། །བྱ་གག་གསོད་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱོར་བར་བྱའོ། །གླང་པོ་ཆེ་འཛིན་པ་ནི་གང་དག་ནགས་ནས་གླང་པོ་ཆེ་བཟུང་ནས་འདུལ་བར་བྱེད་པ་རྣམས་

སོ། །སྦྲུལ་གྱིས་འཚོ་བ་ནི་གང་དག་སྦྲུལ་བཟུང་ནས་རྩེ་བས་འཚོ་བར་བྱེད་པ་རྣམས་སོ། །ཉན་རྣ་བ་ནི་གང་དག་གཞན་དག་ལ་ཕྲ་མས་གནོད་པར་བྱས་ནས་འཚོ་བར་བྱེད་པ་རྣམས་སོ། །དེ་དག་གི་ལས་སྐྱེས་པས་སམ་ཡང་དག་པར་བླངས་པ་སྟེ་ཞེས་བྱ་བ་ནི་དེའི་རིགས་སམ། གཞན་གྱི་རིགས་ཀྱི་

གོ་རིམས་བཞིན་ནོ། །དེ་དག་གི་ལས་སྤྱད་པར་ངེས་པར་བྱས་པ་ནི་ལུས་དང་ངག་གི་སྦྱོར་བ་སྔོན་དུ་བཏང་བ་སྟེ། སྡོམ་པ་མ་ཡིན་པ་ཞེས་བྱའོ། །ཇི་སྐད་བཤད་པའི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་མི་ལྡན་པའི་སྦྱིན་པ་དང་། ངག་སྙན་པ་ལ་སོགས་པ་དང་། ཁུ་ཚུར་དང་ཐལ་ལྕག་ལ་

སོགས་པའི་ལས་ནི་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་ཚེ་གང་ལ་བྱས་པ་དེ་ཉིད་ལ་གང་རྣམ་པར་སྨིན་པར་འགྱུར་བའོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་གང་དེ་མ་ཐག་ཏུ་འབྱུང་བའི་ཚེ་ལ་མྱོང་བར་འགྱུར་བ་སྟེ།

འདི་ལྟར་མཚམས་མེད་པ་ལྔའི་ལས་རྣམས་སོ། །གང་གི་མཚམས་མེད་པ་གཅིག་ཉིད་ནི་དེའི་རྣམ་པར་སྨིན་པ་དེ་དེ་མ་ཐག་པར་རིགས་ན། དེ་གང་གི་མང་པོ་གང་ཡིན་པ་དེའི་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟར་མྱོང་བར་འགྱུར་ཞེ་ན། ཐམས་ཅད་ཀྱི་རྣམ་པར་སྨིན་པ་གཅིག་ཅར་མྱོང་བར་འགྱུར་ཏེ། འདི་ལྟར་

མཚམས་མེད་པ་དུ་མ་བྱེད་པའི་ལུས་ཤིན་ཏུ་རབ་ཏུ་གཞོན་པར་མངོན་པར་འགྲུབ་ལ། ཆད་པ་ཡང་མང་ཞིང་མི་ཟད་པ་སྣ་ཚོགས་པ་འབྱུང་སྟེ། དེའི་དབང་གིས་ཚོར་བ་ཤིན་ཏུ་མང་པོ་འབྱུང་བར་འགྱུར་རོ། །རྩོམ་པའི་དབང་དུ་བྱས་ནས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་འདི་དག་

རྣམ་པར་གཞག་གི། དེ་ཙམ་ལ་མྱོང་བར་འགྱུར་བའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཚེ་དེ་ཉིད་ལ་གང་གིས་རྣམ་པར་སྨིན་པ་རྣམ་པར་སྨིན་པར་རྩོམ་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའོ། །གང་དེ་མ་ཐག་པའི་ཚེ་ལ་རྩོམ་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བའོ། །གང་དེ་མ་ཐག་ཏུ་འབྱུང་

Vol. 135 · folio 50a

བའི་ཚེ་ཐལ་ནས་རྩོམ་པ་དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དེ་ལྟར་བྱས་ན་ཀྱི་ཧུད་སེམས་ཞེས་བྱ་བའི་རྟོགས་པ་བརྗོད་པ་ལས་མཚམས་མེད་པའི་ལས་ཀྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བར་ཡང་དང་ཡང་འཆི་འཕོ་ཞིང་སྐྱེ་བས་རྣམ་པར་སྨིན་པས་མྱོང་ངོ་ཞེས་

འབྱུང་བ་དང་མཐུན་པར་བྱས་པ་ཡིན་ནོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ནི་མི་དགེ་བ་སྟེ། ཉོན་མོངས་པ་ཅན་དང་། རྣམ་པར་སྨིན་པ་མི་འདོད་པ་ཡིན་པའི་ཕྱིར་རོ། །བཟློག་པ་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བ་སྟེ། ཁམས་གསུམ་པའི་དགེ་བའོ། །དཀར་གནག་ཏུ་གྱུར་

ལ་རྣམ་པར་སྨིན་པ་དཀར་གནག་ཏུ་གྱུར་པ་ནི་གང་འདོད་པ་དང་རབ་ཏུ་ལྡན་པའི་འདྲེས་མ་སྟེ། དགེ་མི་དགེ་ཞེས་བྱ་བའི་ཐ་ཚིག་གོ། །གཅིག་ན་ཅི་ལྟར་དགེ་བར་ཡང་འགྱུར་ལ་མི་དགེ་བར་ཡང་འགྱུར་ཞེ་ན། འདི་ལ་འཇུག་པའི་སྐད་ཅིག་ངེས་པས་དེ་གཉི་ག་བརྗོད་པ་ནི་མ་ཡིན་གྱི། བསམ་པ་

དང་ལྷན་ཅིག་པའི་སྦྱོར་བ་ལས་གཅིག་ཅེས་བྱ་སྟེ། འདི་ནི་འདིར་དགོངས་པ་ཡིན་པར་རིག་པར་བྱའོ། །དེ་གཉིས་ནག་པོ་དང་དཀར་པོ་ཉིད་དུ་ཕན་ཚུན་འདྲ་བར་གྱུར་པས་ནག་པོ་དང་དཀར་པོ་ལས་གཅིག་ཏུ་རྣམ་པར་གཞག་གོ། །དེ་ལ་བསམ་པ་གནག་ལ་སྦྱོར་བ་དཀར་བ་ནི་དཔེར་ན་འགའ་

ཞིག་གཞན་དག་ལ་སླུ་བར་འདོད་ནས་དེ་དག་ཡིད་ཆེས་པར་བྱ་བའི་མཚན་མར་བསམས་པས་སྦྱིན་པ་རྣམས་སྦྱིན་པ་ནས་རབ་ཏུ་འབྱུང་བའི་བར་དུའོ། །སྦྱོར་བ་གནག་ལ་བསམ་པ་དཀར་བ་ནི་དཔེར་ན་འགའ་ཞིག་བུ་འམ་སློབ་མ་ལ་མི་ཕན་པ་བཟློག་པར་འདོད་ཅིང་ཕན་པ་ལ་སྦྱོར་བར་འདོད་ནས། སྙིང་

བརྩེ་བའི་སེམས་ཀྱིས་ལུས་དང་ངག་གིས་དྲག་ཏུ་བྱེད་པ་དེའི་ཚེ། ཀུན་ནས་ཉོན་མོངས་པར་འགྱུར་རོ། །མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ལས་ཟད་པར་འགྱུར་བའི་ལས་གང་ཞེ་ན། སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ལ་ཟག་པ་མེད་པའི་ལས་ཞེས་བྱ་བ་ལ། སྦྱོར་བ་དང་

བར་ཆད་མེད་པའི་ལམ་རྣམས་ནི་སྤོང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལ་མི་གནག་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དཀར་བ་ནི་གཅིག་ཏུ་རྣམ་པར་བྱང་བའི་ཕྱིར་རོ། །རྣམ་པར་སྨིན་པར་མི་འགྱུར་བ་ནི། འཁོར་བ་དང་མི་མཐུན་པའི་ཕྱིར་རོ། །ལས་ཟད་པར་འགྱུར་བ་ནི་ནག་

Vol. 135 · folio 50b

པོ་ལ་སོགས་པ་ཟག་པ་དང་བཅས་པའི་ལས་རྣམ་པ་གསུམ་པོ་འདི་ཉིད་ཟག་པ་མེད་པའི་ལམ་དེས་རྣམ་པར་སྨིན་པ་འབྱིན་པའི་བག་ཆགས་ལེགས་པར་བཅོམ་པའི་ཕྱིར་རོ། །བྱེ་བྲག་མེད་པར་ཟག་པ་མེད་པའི་ལས་འདི་ཐམས་ཅད་ཀྱི་བར་དུ་གཅོད་པ་དང་རྗེས་སུ་མཐུན་པ་དང་། ངོ་བོ་ཉིད་ཀྱི་དབང་དུ་བྱས་

ནས་ཡོན་པོ་དང་། ཉེས་པ་དང་། རྙོག་པ་དང་། བཙང་བ་དང་། ཐུབ་པ་རྣམས་གོ་རིམས་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཡོན་པོ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་དྲང་པོའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྱུང་བའི་སྒྲིབ་པར་གྱུར་པའོ། །ཉེས་པ་ནི་ལུས་

ལ་སོགས་པའི་ལས་གང་གིས་རྣམ་པར་སུན་ཕྱུང་བའི་སེམས་ཀྱི་རྒྱུད་ལ་དེ་དང་འདྲ་བའི་སྒྲིབ་པར་གྱུར་པའི་ལས་འབྱུང་ངོ་། །རྙོག་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་ལ་བརྟེན་པའི་ལུས་ལ་སོགས་པའི་ལས་གང་ཡིན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་མི་མཐུན་པའི་ཕྱོགས་མ་དད་པའི་རྙོག་

པས་ཡོངས་སུ་ཟིན་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན། རྟག་པ་དང་ཆད་པའི་མཐར་ལྷུང་བ་སྟེ། དབུ་མའི་ལམ་དང་མི་མཐུན་པའི་ཕྱིར་ཡོན་པོའོ། །སྐུར་བའི་ལྟ་བས་ཡོངས་སུ་བཟུང་སྟེ་རྣམ་པར་བྱང་བ་རྣམ་པར་གཞག་པ་ལ་རབ་ཏུ་ཞེ་སྡང་བའི་ཕྱིར་ཉེས་པའོ། །འཇིག་ཚོགས་ལ་ལྟ་

བས་ཡོངས་སུ་བཟུང་སྟེ། བདག་མེད་པའི་དེ་ཁོ་ན་ལ་ལྟ་བའི་བར་དུ་གཅོད་པའི་ཕྱིར་རྙོག་པ་ཞེས་བྱའོ། །གཙང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་ཟིན་པ་དང་། ལྟ་བ་དྲང་པོས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྟ་བ་

ལ་ལོག་པར་ཞུགས་པའི་དྲི་མ་སྤངས་པའི་ཕྱིར་རོ། །ཐུབ་པ་པ་ནི་གང་སློབ་པ་དང་མི་སློབ་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཟག་པ་མེད་པ་སྟེ། དེ་ཐུབ་པ་རྣམས་ཀྱི་ལས་ཡིན་པའི་ཕྱིར་རོ། །སྦྱིན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་སྦྱིན་པ་པོར་འགྱུར་རོ་ཞེས་བྱ་བ་འདིས་ནི་ཕྱིར་ཞིང་

སྦྱིན་པ་སྟོན་ཏེ། དེའི་ངང་ཚུལ་ཅན་དུ་གྱུར་པས་ཡང་དང་ཡང་སྦྱིན་པའི་ཕྱིར་རོ། །དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་མི་འབྱེད་པར་སྦྱིན་པ་སྟོན་ཏེ། འདོད་པ་ཐམས་ཅད་ལ་བྱེ་བྲག་མེད་པར་སྦྱིན་པའི་ཕྱིར་རོ། །བཟའ་བ་དང་བཏུང་བ་ཞེས་བྱ་བ་ལ་སོགས་པས་ནི།

Vol. 135 · folio 51a

འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་སྟོན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་རོ། །ལྷུག་པར་གཏོང་བ་དང་། ལག་བརྐྱང་བ་དང་། གཏོང་བ་ལ་དགའ་བ་དང་མཆོད་སྦྱིན་བྱེད་པའི་ངང་ཚུལ་ཅན་དང་། གཏོང་བ་ཕུན་

སུམ་ཚོགས་པ་དང་། སྦྱིན་པ་ལེགས་པར་འགེད་པ་ལ་དགའ་བ་ཞེས་བྱའི་ཚིག་འདི་དག་ནི་མི་གནས་པར་སྦྱིན་པ་ལ་སོགས་པ་དང་གོ་རིམས་བཞིན་དུ་རིག་པར་བྱའོ། །མི་གནས་པའི་སྦྱིན་པ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བ་ཉིད་དུ་རིག་པར་བྱའོ། །སྦྱིན་པར་བྱ་བ་ཕུན་

སུམ་ཚོགས་པའི་དབང་དུ་བྱས་ནས་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་སྟོན་ཏེ། གནོད་པས་གྲུབ་པ་ནི་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་མ་ཡིན་ཏེ། རང་གི་གནས་ན་འདུག་ཅིང་གཞན་གྱིས་བཅོལ་བ་བསྙོན་པས་ཐོབ་

པའི་ཕྱིར་རོ། །ལག་དར་བའི་མཐུས་བསྒྲུབས་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས་པ་མ་ཡིན་པ་སྟོན་ཏོ། །གཞན་ལས་ཕྲོགས་པ་ནི་ལག་དར་བའི་མཐུས་བསྒྲུབས་པ་མ་ཡིན་ཏེ། དེ་དག་གི་ཤ་ཐང་བར་ཐབས་སྣ་ཚོགས་ཀྱིས་བསྒྲུབས་པ་ཕྲོགས་པའི་ཕྱིར་རོ། །རྡུལ་

དང་དྲི་མས་མ་ཕོག་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པམ་རུལ་ཅིང་དྲི་མ་མེད་པ་སྟོན་ཏེ། རྡུལ་དང་དྲི་མས་མ་ཕོག་པ་ཞེས་བྱ་བ་ནི་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་དང་མཐུན་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་རུང་བ་སྟོན་ཏེ། མཚོན་དང་དུག་དང་ཆང་ལ་སོགས་པ་རུང་བ་

མ་ཡིན་པའི་དངོས་པོ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་ཆོས་ཀྱིས་བསྒྲུབས་པ་སྟོན་ཏེ། གཞལ་བལ་གཡོ་འཇུག་པ་ལ་སོགས་པ་དང་ལོག་པས་འཚོ་བ་ལ་སོགས་པ་ཡོངས་སུ་སྤངས་ནས་བསྒྲུབས་པའི་ཕྱིར་རོ། །ཚུལ་ཁྲིམས་ཡང་དག་པར་

བླངས་ནས་མ་ཉམས་པས་དེ་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཐར་པའི་ཕྱིར་སྡོམ་པ་གང་ཡིན་པ་དེ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། དེ་ནི་འཁོར་བ་ལས་འབྱུང་བར་འགྱུར་བ་ཡིན་ནོ། །ཆོ་ག་ཕུན་སུམ་ཚོགས་པ་ནི་སྤྱོད་ལམ་ལ་སོགས་པ་དམ་པ་རྣམས་ཀྱིས་མ་སྨད་པའི་ཕྱིར་རོ། །སྤྱོད་

Vol. 135 · folio 51b

ཡུལ་ཕུན་སུམ་ཚོགས་པ་ནི་སྤྱོད་ཡུལ་མ་ཡིན་པ་ལྔ་སྤངས་པའི་ཕྱིར་ཏེ། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ནི་གསོད་པའི་ས་དང་། སྨད་འཚོང་གི་གནས་དང་། ཆང་འཚོང་གི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་སྟེ་ལྔ་པའོ། །བཅས་པའི་ཁ་ན་མ་ཐོ་བ་རྣམས་དང་རང་བཞིན་

གྱི་ཁ་ན་མ་ཐོ་བ་རྣམས་ལ་ཡང་བསམ་པ་དྲག་པོས་བསླབ་པས་ཁ་ན་མ་ཐོ་བ་ཆུང་ངུ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བ་ཡིན་ནོ། །ཀུན་ནས་ཡོངས་སུ་རྫོགས་པར་བསླབ་པ་རྣམས་བླངས་ནས་སློབ་པའི་ཕྱིར་ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅེས་བྱའོ། །འདི་མན་ཆད་དུ་ནི་ཚུལ་ཁྲིམས་

ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་ལུས་དང་ངག་བསྡམས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་དེའི་དོན་བརྗོད་པར་བྱའོ། །དེ་ལ་ལུས་དང་ངག་གི་བསྡམས་པ་ཡིན་པ་ནི་ཤེས་བཞིན་གྱིས་ཡོངས་སུ་ཟིན་པའི་ཡིན་པའི་ཕྱིར་ཏེ། ཇི་ལྟར་བཀའ་སྩལ་པ་

བཞིན་དུ་འགྲོ་བ་དང་། ལྡོག་པ་ལ་སོགས་པ་ལ་བློ་སྔོན་དུ་བཏང་ནས་ལེགས་པར་བསྒྲུབས་པའི་ཕྱིར་རོ། །ལུས་དང་ངག་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པ་ནི་ལྟུང་བ་མི་བྱེད་པའི་ཕྱིར་ཏེ། ཚུལ་ཁྲིམས་ཆུད་མི་གསོན་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་ནི་ཏིང་ངེ་

འཛིན་ལ་གནས་པའི་ཕྱིར་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཚལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིང་བའི་ཕྱིར་ཏེ། ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དགེ་བ་ནི་ཉོན་མོངས་པ་ཅན་གྱི་རྟོག་པ་དང་མ་འདྲེས་པའི་ཕྱིར་ཏེ། གཅིག་ཏུ་དགེ་བའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཁ་ན་མ་ཐོ་བ་

མེད་པ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བས་དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གནོད་པ་མེད་པ་ནི་བདག་ལ་བསྟོད་པ་ལ་སོགས་པས་གཞན་དག་ཁྱད་དུ་གསོད་ཅིང་འགྲོགས་ན་མི་བདེ་བས་ཞེར་འདེབས་པ་མེད་པའི་ཕྱིར་རོ། །ལུས་དང་ངག་གི་

ཀུན་ཏུ་སྤྱོད་པ་རྗེས་སུ་མཐུན་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང་མཐུན་པའི་ཕྱིར་ཏེ། འཕགས་པའི་ལམ་འདྲེན་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་རྗེས་སུ་འབྱོར་བ་ནི་རང་གི་ཉེས་པ་དང་ཡོན་ཏན་སྒྲོགས་པ་དང་། མི་སྤྱོམས་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་

Vol. 135 · folio 52a

ཐབས་དང་ལྡན་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་ཉེ་བར་སྡུད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཏེ། ཉེ་བར་འགྲོ་བར་བྱ་བའི་འོས་ཡིན་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འཚམ་པ་ནི་བླ་མ་རྣམས་དང་བླ་མ་དང་འདྲ་བ་རྣམས་ལ་ང་རྒྱལ་བཅག་པའི་ཕྱིར་ཏེ། ཅི་རིགས་

སུ་བསྙེན་བཀུར་བྱེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་མཐུན་པ་ནི་གདམས་ངག་ལ་མཐུན་པར་འཛིན་པའི་ཕྱིར་ཏེ། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་མེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གདུང་བ་མེད་པ་ནི་དཀའ་ཐུབ་དྲག་པོ་དང་ངན་ངོན་ལ་མོས་པ་སྤངས་པའི་ཕྱིར་ཏེ།

བདག་ལ་གདུང་བར་མི་བྱེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཕྱིས་འགྱོད་པ་མེད་པ་ནི་ལོངས་སྤྱོད་པ་རྣམས་དང་ལས་ཀྱི་མཐའ་རྣམས་སྤངས་པ་ལ་བརྩམས་ནས་འགྱོད་པ་མེད་པའི་ཕྱིར་ཏེ། ཕྱིས་འགྱོད་པ་མེད་པའི་ཕྱིར་རོ། །ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡིད་ལ་གཅགས་པ་མེད་པ་

ནི་དགེ་བའི་ཕྱོགས་ལ་བརྩམས་ནས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཡིད་ལ་གཅགས་པ་མེད་པའི་ཕྱིར་ཏེ། བསྒྲུབ་ནུས་པའི་བར་དུའོ། །འདི་དག་གི་ལས་ནི་བདག་གིར་བྱ་བ་ཡིན་པས་འདི་དག་ནི་ལས་བདག་གིར་བྱ་བ་དག་གོ། །དེ་དག་གི་ལས་བདག་གིར་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། རང་

གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་ཏེ། གང་གཞན་དག་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བྱའོ། །འདི་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་པས་འདི་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དག་གོ། །ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཉིད་ཡིན་ཞེ་ན། རང་གིས་བྱས་

པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་དེ་ལ་དགེ་བ་དང་མི་དགེ་བ་སོ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་ཏེ། འདི་ལྟ་སྟེ། རང་རང་གི་འབྲས་བུ་འདོད་པ་དང་མི་འདོད་པ་འགེད་པའི་ཕྱིར་རོ། །རང་གིས་བྱས་པའི་ལས་ལ་འདོད་པ་དང་མི་འདོད་པ་དག་གི་རྣམ་པར་སྨིན་པ་མྱོང་བའི་སེམས་ཅན་དེ་དག་ཐོག་མ་ག་

ལས་བྱུང་། ཅི་རྒྱུ་མེད་པ་ལས་བྱུང་བ་ཞིག་གམ། འོན་ཏེ་རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ཞིག་ཅེ་ན། སྨྲས་པ། ལས་ཀྱི་སྐྱེ་གནས་པ་དག་གོ། །འདི་དག་གི་ལས་ཉིད་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་རྣམ་པར་སྤངས་པའི་སྐྱེ་གནས་ཏེ། སེམས་ཅན་རྣམས་འབྱུང་བའི་

Vol. 135 · folio 52b

ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་འཇུག་པ་ལས་ཀྱང་བརྩམས་ལྡོག་པ་ལས་ཀྱང་བརྩམས་ནས་ལས་བསྟན་པར་བྱ་བ་དག་སྟེ། ཟག་པ་དང་བཅས་པའི་ལས་སྤང་བའི་ཕྱིར་ཟག་པ་མེད་པའི་ལས་རྟེན་ཡིན་པས། འདི་དག་གི་བརྟེན་པར་བྱ་བ་ནི་ལས་ཉིད་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་

སྨིན་པ་བསམ་གྱིས་མི་ཁྱབ་པའོ་ཞེས་གང་གསུངས་པ་དེ་ནི་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ཡིན་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པ་ནི་ཇི་ལྟ་བུ་ཞེ་ན། དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་བདེ་འགྲོ་དང་ངན་འགྲོར་འདོད་པ་དང་མི་འདོད་པ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་སྟེ།

ནུས་པ་དང་ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འདྲེན་པའི་ཕྱིར་རོ། །ལས་འདིས་སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་སྟེ། མི་ནུས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལས་གཞན་པ་

མགོ་རྨོངས་པ་ལ་སོགས་པའི་ཉེས་པ་འདྲེན་པའི་ཕྱིར་རོ། །དགེ་བ་ལ་སོགས་པའི་ལས་དེ་ཉིད་གནས་ལ་སོགས་པའི་རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་བོ། །དེ་ལ་གནས་ནི་གྲོང་ངམ་གྲོང་ཁྱེར་གྱི་ཕྱོགས་གང་དུ་གནས་ནས་ལས་དེ་བྱས་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ནི་

སེམས་ཅན་གྱི་གྲངས་སུ་གཏོགས་པའམ། སེམས་ཅན་མ་ཡིན་པའི་གྲོངས་སུ་གཏོགས་པ་གང་ལ་བརྟེན་ཏེ་བྱས་པའོ། །རྒྱུ་ནི་དགེ་བ་དང་མི་དགེ་བའི་རྩ་བ་རྣམས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །རྣམ་པར་སྨིན་པ་ནི་ལུས་སྣ་ཚོགས་པ་དེ་ཉིད་དོ། །སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་

ལས་བསམ་གྱིས་མི་ཁྱབ་པ་ནི་ལས་ཅི་འདྲ་བས་ཚེར་མ་ལ་སོགས་པའི་རྣོ་བ་ལ་སོགས་པ་བྱས་པ་སྟེ། འཇིག་རྟེན་གྱིས་བསམ་པར་གཏོགས་པའི་ཕྱིར་རོ། །ནོར་བུ་དང་སྔགས་དང་སྨན་དང་མཁྱུད་སྤྱད་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་སྟེ། དེ་ལ་ནོར་བུ་དང་ལྡན་པ་ནི་ཆུ་ཤེལ་ལ་སོགས་པ་ལས་ཆུ་

འབྱུང་བ་ལ་སོགས་པའོ། །སྔགས་དང་ལྡན་པ་ནི་སྔགས་དེ་དག་གིས་བཏབ་ན་མི་འཚིག་པ་ལ་སོགས་པའོ། །སྨན་དང་ལྡན་པ་ནི་དེས་ཟིན་ན་མི་སྣང་བར་འགྱུར་བ་ལ་སོགས་པའོ། །མཁྱུད་སྤྱད་དང་ལྡན་པ་ནི་མཁྱུད་སྤྱད་དེ་དང་དེས་རིམས་ནད་དང་འབྲལ་བར་འགྱུར་བ་ལ་སོགས་པའོ། །

Vol. 135 · folio 53a

རྣལ་འབྱོར་པ་ཐམས་ཅད་ཀྱི་མཐུའི་ལས་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བུ་ཞེ་ན། དེ་དག་གི་སེམས་ཀྱི་མཐུས་ས་ཆེན་པོ་གཡོ་བར་བྱེད་པའམ། ནམ་མཁའ་ལ་འཕུར་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་གི་ལས་ལ་སོགས་པས་ལས་གང་བྱེད་པ་

དེ་བསམ་གྱིས་མི་ཁྱབ་པ་ནི་འདི་ལྟ་སྟེ། ཚེ་ལ་དབང་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་སོ། །སེམས་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །ཡོ་བྱད་ལ་དབང་བས་ནི་སེམས་ཅན་

ཐམས་ཅད་ལ་ཡོ་བྱད་རིན་ཆེ་བ་དང་དཔག་ཏུ་མེད་པའི་ཆར་འབེབས་སོ། །ལས་ལ་དབང་བས་ནི་ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང་གནས་སྐབས་གཞན་ན་མྱང་བར་འགྱུར་བའི་ལས་རྣམས་གཞན་དུ་བསྒྱུར་རོ། །སྐྱེ་བ་ལ་དབང་བས་ནི་བསམ་གཏན་ལ་གནས་ཤིང་ཡོངས་སུ་མ་ཉམས་

བཞིན་དུ་འདོད་པའི་ཁམས་སུ་སྐྱེའོ། །མོས་པ་ལ་དབང་བས་ནི་ས་ལ་སོགས་པར་ཆུ་ལ་སོགས་པར་མོས་སོ། །སྨོན་ལམ་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་རྒྱ་ཆེན་པོ་གྲངས་མེད་པ་མངོན་པར་སྒྲུབ་པོ། །རྫུ་འཕྲུལ་ལ་

དབང་བས་ནི་སེམས་ཅན་རྣམས་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་ཀུན་ཏུ་སྟོན་ཏོ། །ཡེ་ཤེས་ལ་དབང་བས་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་ཀྱིས་རབ་ཀྱི་མཐར་ཕྱིན་པར་འགྲོའོ། །ཆོས་ལ་དབང་བས་ནི་ཅི་རིགས་པར་ཇི་ཙམ་དུ་སེམས་ཅན་ཐམས་ཅད་

ལ་མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་དང་གཞན་དག་གིས་མདོ་ལ་སོགས་པའི་ཆོས་རྣམ་པར་བཞག་ནས་ཅིག་ཅར་དུ་སེམས་ཡོངས་སུ་ཚིམ་པར་བྱེད་ནུས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་

བཅོམ་ལྡན་འདས་ཐམས་ཅད་ལྷུན་གྱིས་གྲུབ་པར་གཏོགས་པར་ཐུགས་སུ་ཆུད་ཅིང་ཆོས་ཀྱི་དབྱིངས་རོ་གཅིག་པ་ཉིད་དུ་གྱུར་ནས་སེམས་ཅན་རྣམས་ལ་གང་གི་ཚེ་དང་ཇི་ལྟ་བུ་དང་། ཇི་སྲིད་དུ་མཛད་པ་བསྒྲུབ་པར་བྱ་བ་དེ་ཐམས་ཅད་རྗེས་སུ་གནས་ཏེ། དེ་ལྟར་སངས་རྒྱས་རྣམས་ཀྱི་ཡུལ་བསམ་

Vol. 135 · folio 53b

གྱིས་མི་ཁྱབ་བོ། །ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཞེས་བྱ་བ་ནི་རྒྱུའོ། །སེམས་ཅན་བག་ཆགས་བསགས་པ་རྣམ་པ་ལྷ་ལ་སོགས་པའི་སེམས་ཅན་གྱི་རིས་སུ་དེའི་ཆ་བྱད་དང་རང་བཞིན་དང་འདྲ་བར་མཐུན་པར་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་ཀུན་འབྱུང་བའོ། །སོ་སོ་རང་གི་རྒྱུད་ངེས་

པ་དང་། འགྲོ་བ་དང་སྐྱེ་གནས་ལ་སོགས་པ་རྣམས་དང་མཆོག་ཏུ་འབྱུང་བས་སྲིད་པའི་རྩེ་མོའི་འགྲོ་བའི་བར་དུ་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའོ། །སྔོན་མ་བྱུང་བའི་ལུས་གཞན་དང་གཞན་འཐོབ་པ་དང་། སྔོན་འཐོབ་པའི་ལུས་འདའ་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རྐྱེན་ཏོ། །འདུ་བྱེད་དེ་དག་གི་

འཇིག་པ་ལས་འགོག་པ་དེ་དག་གཞན་ཞིག་ཡིན་ན་ནི་འབྲེལ་པ་མེད་དེ་དོན་གཞན་དུ་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ཏེ། དེའི་ཕྱིར་གཉི་ག་ཡང་མ་ཡིན། གཉི་ག་མ་ཡིན་པ་ཡང་མ་ཡིན་ནོ། །སྤྲོས་པ་ནི་སྐབས་འདིར་ཚུལ་བཞིན་མ་ཡིན་པར་

སེམས་པ་ཡིན་ཏེ་ཞེས་བྱ་བ་ནི་ལམ་མ་ཡིན་པ་དང་། །རིགས་མ་ཡིན་པ་དང་། ཐབས་མ་ཡིན་པར་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་པ་ཡང་གཞན་ལ་སེམས་པར་བྱ་བ་ཡང་གཞན་ཡིན་པའི་ཕྱིར་རོ། །སེམས་པ་ཇི་ལྟ་བུ་ཞེ་ན། ཞི་བ་དང་གྱ་ནོམ་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་

སོ། །རྒྱན་མེད་པ་ནི་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་རིགས་པ་ལ་སོགས་པའི་རྒྱན་མེད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་ས་ནི་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེའི་ཕྱིར་དེའི་ཚིག་ལྷག་མ་རྣམས་ཀྱི་ཕྱིར་རོ་ཞེས་བརྗོད་

དེ། དེ་དག་གི་དེ་བཤད་པའི་ཕྱིར་རོ། །ཇི་ལྟར་བྱས་ན་མ་ལུས་པར་སྤངས་ཤེ་ན། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་སྤངས་པའི་ཕྱིར་རོ། །དེ་ལ་ངེས་པར་སྤངས་པ་ནི་ཀུན་ནས་དཀྲིས་པའི་དབང་དུ་བྱས་པ་སྟེ། འབྱུང་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །བྱང་བར་གྱུར་པ་ནི་བག་ལ་ཉལ་

སྤངས་པ་སྟེ། རྩ་བ་མེད་ན་གཏན་མི་སྐྱེ་བའི་ཕྱིར་རོ། །དེ་ནི་གཉེན་པོ་མཐོང་བ་དང་། བསྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ། ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བའོ། །དེ་ལ་ཟད་པ་ནི་མཐོང་བའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ།

Vol. 135 · folio 54a

ཉོན་མོངས་པའི་ཚོགས་ཅུང་ཟད་ཙམ་ཞིག་ལུས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་བསྒོམ་པའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ནི་ས་ལ་འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་གཉིས་ཀྱིས་བྲལ་བར་གྱུར་ན་

མི་སྐྱེ་བའི་ཆོས་ཉིད་དུ་བྱས་པས་ཕྱི་མ་ལ་སྡུག་བསྔལ་འགོག་པ་དང་། ཀུན་དུ་མི་འབྱུང་བས་མཐོང་བའི་ཆོས་ལ་ཡིད་མི་བདེ་བ་རྣམ་པར་ཞི་བར་འགྱུར་ཏེ། དེའི་ཕྱིར་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས་སྤོང་བའི་དབང་དུ་བྱས་ནས་འགོག་པ་དང་རྣམ་པར་ཞི་བ་ཞེས་བྱ་བ་སྨོས་སོ། །སྔོན་

གྱི་ལས་དང་ཉོན་མོངས་པས་ཡང་དག་པར་བསྒྲུབ་པའི་ཕུང་པོ་རྣམས་ནི་རང་གི་ངང་གིས་འཇིག་པའི་དབང་དུ་བྱས་ནས་ནུབ་པ་ཞེས་བྱའོ། །དེ་ལྟར་བྱས་ན་མ་ལུས་པར་སྤངས་པ་བསྟན་པར་རིག་པར་བྱའོ། །འདུས་མ་བྱས་ནི་འདུས་བྱས་ལས་བཟློག་པ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་

གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །བལྟ་དཀའ་བ་ནི་འཕགས་པ་གཅིག་པུའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །གཡོ་བ་མེད་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་མི་འཕོ་བས་བསྟན་པའི་ཕྱིར་རོ། །མི་འདུད་པ་ནི་འདོད་པ་དང་གཟུགས་དང་གཟུགས་

མེད་པའི་སྲེད་པ་མེད་པས་སྲིད་པར་མི་འདུད་པའི་ཕྱིར་རོ། །འཆི་བ་མེད་པ་ནི་འཆི་བའི་རྟེན་ཕུང་པོ་མེད་པའི་ཕྱིར་རོ། །ཟག་པ་མེད་པ་ནི་ཟག་པ་དང་བྲལ་བའི་ཕྱིར་རོ། །གནས་ནི་རྣམ་པར་གྲོལ་བའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །གླིང་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཐང་ལྟ་

བུར་གྱུར་པའི་ཕྱིར་རོ། །སྐྱོབ་པ་ནི་དེ་ཐོབ་ན་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་ལས་བཟློག་པའི་ཕྱིར་རོ། །མགོན་ནི་དེའི་བསམ་པ་དང་སྦྱོར་བ་བྱས་པ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པས་རྟེན་ཡིན་པའི་ཕྱིར་རོ། །དཔུང་གཉེན་ནི་འཕགས་པའི་མཆོག་ཉིད་དུ་འགྲོ་བའི་གཞིའི་

གནས་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པ་ཉིད་འཐོབ་པའི་ཐབས་ལ་དམིགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འཆི་འཕོ་མེད་པ་ནི་མ་སྐྱེས་པས་ཉམས་པ་མེད་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་པས་ཕོངས་པའི་གདུང་བ་ཐམས་ཅད་མེད་པའི་ཕྱིར་རོ། །ཡོངས་སུ་གདུང་བ་

Vol. 135 · folio 54b

མེད་པ་ནི་མྱ་ངན་ལ་སོགས་པའི་ཡོངས་སུ་གདུང་བ་ཐམས་ཅད་རྒྱུན་ཆད་པས་བསིལ་བའི་ཕྱིར་རོ། །བདེ་བ་ནི་ན་བ་དང་རྒ་བ་དང་འཆི་བའི་འཇིགས་པ་དང་བྲལ་བས་འཕགས་པའི་གནས་པའི་རྟེན་ཡིན་པའི་ཕྱིར་རོ། །ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །བདེ་གཞི་ནི་འཇིག་

རྟེན་ལས་འདས་པའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །བདེ་བར་འགྱུར་བ་ནི་སྦྱོར་བ་བདེ་བས་དེ་ཐོབ་པར་འགྱུར་བའི་དམིགས་པ་ཡོད་པའི་ཕྱིར་རོ། །ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །མི་གཡོ་བ་ནི་ཡུལ་གྱི་སྤྲོས་པའི་རྣམ་པར་གཡེང་བ་ཐམས་ཅད་

དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཏེ་ཞི་ཞིང་བདེ་བར་གནས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཡང་འགོག་པའི་བདེན་པ་ལ་བརྩམས་ནས། མ་སྐྱེས་པ་ལ་སོགས་པ་རྣམ་གྲངས་སུ་གཏོགས་པ་རྣམས་ཏེ། སྡུག་བསྔལ་

གྱི་མཚན་ཉིད་ལས་བཟློག་པར་རིག་པར་བྱའོ། །སྡུག་བསྔལ་ནི་སེམས་ཅན་གྱི་རིས་དེ་དང་དེར་ཉིང་མཚམས་སྦྱོར་བར་བྱེད་པས་སྐྱེ་བའོ། །དེའི་འོག་ཏུ་ལུས་ཡོངས་སུ་རྫོགས་པར་འཕེལ་ལོ། །སྡུག་བསྔལ་དེ་ཡང་སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་ཏེ་བྱས་པ་ནི་ད་ལྟར་གྱི་ལས་དང་ཉོན་

མོངས་པ་རྣམས་ཀྱིས་སྲིད་པ་གཞན་དུ་བྱེད་པའི་གཞིའི་གནས་ཡིན་ཏེ། དེའི་རྒྱུན་མི་འཆད་པའི་ཚུལ་གྱིས་ཡང་སྲིད་པའི་རྒྱུན་སྐྱེ་བར་འགྱུར་རོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་སྟེ། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་

པ་དང་། སྐྱེས་པ་མེད་པ་དང་། གོ་རིམས་བཞིན་དུ་རིག་པར་བྱའོ། །ཡང་འགོག་པའི་བདེན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། འགོག་པའི་མཚན་ཉིད་ནི་འབྱུང་བའི་རྒྱུ་ཉོན་མོངས་པ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ། །ཞི་བའི་མཚན་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་

ཉིད་ཀྱིས་མ་ཞི་བའི་མཚན་ཉིད་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ། །གྱ་ནོམ་པའི་མཚན་ཉིད་ནི་ཉོན་མོངས་པ་དང་སྡུག་བསྔལ་དང་བྲལ་བའི་ཕྱིར། བདག་ཉིད་གཙང་བ་དང་བདེ་བའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པའོ། །ངེས་པར་འབྱུང་བའི་མཚན་ཉིད་ནི་རྟག་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words