ཕུང་པོ་ལྔའི་རྣམ་པར་འགྲེལ་པ

Sanskrit title (Tibetan script, as in the text) པཉྩ་སྐནྡྷ་བི་བ་ར་ཎ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 137 · folio 1b

༄༅༅། །རྒྱ་གར་སྐད་དུ། པཉྩ་སྐནྡྷ་བི་བ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རྣམ་པར་འགྲེལ་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ཞེས་

བྱ་བ་འདི་ནི་ཆོས་མངོན་པའི་བསྟན་བཅོས་སོ། །བསྟན་བཅོས་འདི་ལ་ཐོག་མར་འབྲེལ་པ་དང་། དགོས་པ་དང་། རང་གི་སྟོན་པ་ལ་མཆོད་པར་བརྗོད་པ་དང་གསུམ་བསྙད་པར་བྱའོ། །མཆོད་པར་བརྗོད་

པ་ནི་མཛོད་ཀྱི་བསྟན་བཅོས་ལ་སོགས་པ་ལས་སྨོས་པ་དེ་ཉིད་འདིར་བལྟ་བར་བྱ་སྟེ། བསམ་པ་དེས་ན་སློབ་དཔོན་གྱིས་འདིར་མཆོད་པར་བརྗོད་པ་མ་བྱས་སོ། །འདིའི་འབྲེལ་པ་ནི་བཅོམ་ལྡན་འདས་ཀྱིས་ཆོས་

མངོན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གསུངས་པ་དེ་སྲོག་ཆགས་རྣམས་ཀྱིས་རྟོགས་པར་མི་ནུས་པས་དེའི་ཕྱིར་ཇི་ལྟར་བསྟན་བཅོས་ཉུང་ངུས་སྲོག་ཆགས་རྣམས་ཀྱིས་ཆོས་མངོན་པ་ཁོང་དུ་ཆུད་པར་འགྱུར་སྙམ་པ་

འདི་ནི་འབྲེལ་པའོ། །འདིའི་དགོས་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཏེ། ཆོས་ནི་འདིར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཕུང་པོ་ལྔ་དག་གོ། །དེ་དག་རང་གི་མཚན་ཉིད་དང་། སྤྱིའི་མཚན་

Vol. 137 · folio 2a

ཉིད་དུ་བྱེ་བྲག་ཏུ་འབྱེད་པ་ནི། རབ་ཏུ་རྣམ་པར་འབྱེད་པ་སྟེ། འཕགས་པའི་ལམ་དང་སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་

བའི་ཐབས་མེད་ལ། །ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་ན་ཡང་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བར་ང་མི་སྨྲའོ་ཞེས་གསུངས་པ་ལྟ་བུ་སྟེ། མངོན་པར་མ་

ཤེས་པ་ནི་མཐོང་བའི་ལམ་གྱིས་མངོན་པར་མ་ཤེས་པའོ། །ཡོངས་སུ་མ་ཤེས་པ་ནི་བསྒོམ་པའི་ལམ་གྱིས་ཡོངས་སུ་མ་ཤེས་པ་སྟེ། དེ་ལྟར་དགོས་པར་འཐད་དོ། །དེ་ལ་ཆོས་མངོན་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་བལྟ་སྟེ།

ཐ་སྙད་པ་དང་། དོན་དམ་པའོ། །དེ་ལ་དོན་དམ་པ་ནི་ཟག་པ་མེད་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་

མཐོང་བའི་ཕུང་པོའོ། །ཐ་སྙད་པ་ནི་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། སྐྱེ་བས་ཐོབ་པ་དང་། བསྟན་བཅོས་ཏེ། དེ་ལྟར་འདི་ནི་

Vol. 137 · folio 2b

རྒྱས་པར་བྱ་ན་རྣམ་པ་དྲུག་གི་བདག་ཉིད་ལ་ཆོས་མངོན་པ་ཞེས་བསྟན་པ་ཡིན་ནོ། །ངེས་པའི་ཚིག་ཏུ་བྱ་ན་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཆོས་དང་། རང་དང་སྤྱིའི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཆོས་ལ་ཆོས་མངོན་པ་ཞེས་བརྗོད་དོ། །འདིར་བསྟན་བཅོས་སུ་འདོད་པ་གང་

ཞེ་ན། དེའི་དོན་གྱི་ཡི་གེའི་རྣམ་པ་དང་། སྒྲའི་སྤྱི་སྟེ་མི་ལྡན་པའི་འདུ་བྱེད་དང་སྦྱར་རོ། །ངེས་པའི་ཚིག་གི་ཚུལ་དུ་ན་ཉོན་མོངས་པའི་དགྲ་འཆོས་པ་དང་། ངན་འགྲོ་དང་། སྲིད་པའི་འཇིག་པ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཏེ། དེ་ལྟ་ཡིན་པས་མངོན་པར་མཐོ་བ་དང་། ངེས་པར་ལེགས་

པ་རབ་ཏུ་བསྟན་པར་འགྱུར་རོ་ཞེས་བརྗོད་པར་འགྱུར་རོ། །ངན་འགྲོ་ལས་སྐྱོབ་པས་ནི། མངོན་པར་མཐོ་བ་རབ་ཏུ་བསྟན་པར་འགྱུར་རོ། །ཉོན་མོངས་པའི་དགྲ་འཆོས་པ་དང་། སྲིད་པ་ལས་སྐྱོབ་པས་ནི་ངེས་པར་ལེགས་པ་རབ་ཏུ་བསྟན་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཉོན་

མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ཡང་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་བརྗོད་པ་ལྟ་བུའོ། །དེ་ལ་ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་

ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཅིའི་ཕྱིར་ཕུང་པོའི་གོ་རིམས་འདི་ལྟར་མཛད། སྨྲས་པ། གཟུགས་ནི་ཐོགས་པ་དང་བཅས་པ་དང་། རྣམ་པར་ཤེས་པའི་ཚོགས་ལྔའི་གནས་ཡིན་པ་དང་། རྣམ་པར་ཤེས་པའི་ཚོགས་དྲུག་གི་དམིགས་པ་ཡིན་

པའི་ཕྱིར། གཟུགས་ནི་ཐམས་ཅད་པས་ཆེས་རགས་པ་སྟེ། དེའི་ཕྱིར་དེ་ཐོག་མར་སྨོས་ཀྱི་ཚོར་བ་ལ་སོགས་པ་ནི་མ་ཡིན་ནོ། །ཚོར་བ་ནི་རྒྱུ་བ་རགས་པའི་ཕྱིར་གསུམ་པས་ཆེས་རགས་ཏེ། འདི་ལྟར་འཇིག་རྟེན་ན་ང་གླད་པ་ནའོ། །ང་གླད་པ་ཕྱེད་ནའོ་ཞེས་ཐ་སྙད་དུ་བྱའོ། །འདུ་ཤེས་ནི་

མཚན་མར་འཛིན་པ་སྟེ། རྣམ་པར་ཤེས་པར་སླ་བའི་ཕྱིར་གཉིས་པས་ཆེས་རགས་པ་སྟེ། འཇུག་པ་ཤིན་ཏུ་རྟོགས་པར་སླ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བྱེད་རྣམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་པས་འདོད་ཆགས་ལ་སོགས་པ་ཀུན་ཏུ་འབྱུང་བ་གསལ་

Vol. 137 · folio 3a

བར་རྟོགས་པའི་ཕྱིར་རྣམ་པར་ཤེས་པ་བས་ཆེས་རགས་སོ། །རྣམ་པར་ཤེས་པ་ནི་ཤིན་ཏུ་ཕྲ་བའི་ཕྱིར་ཐ་མར་བསྟན་ཏོ། །ཡང་ན་སྣོད་ལ་སོགས་པས་ཕུང་པོའི་གོ་རིམས་བསྟན་ཏེ། གཟུགས་ཀྱི་ཕུང་པོ་ནི་སྣོད་ལྟ་བུའོ། །ཚོར་བའི་ཕུང་པོ་ནི་ཟས་ལྟ་བུ་སྟེ། ཚོར་བ་ནི་

སེམས་ཅན་གྱི་ལུས་ལ་ཕན་པ་དང་། གནོད་པར་བྱེད་པའི་ཕྱིར་ཟས་དང་འདྲ་སྟེ། དེ་ནི་མྱང་བར་བྱ་བའོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཚོད་མ་ལྟ་བུ་སྟེ། དགྲ་དང་མཛའ་བཤེས་དང་ཐ་མལ་པ་ལ་བདེ་བ་ལ་སོགས་པར་མཚན་མར་འཛིན་པ་དང་འདྲ་བའི་ཕྱིར་རོ། །འདུ་བྱེད་རྣམས་ནི་བྱན་པོ་ལྟ་བུ་སྟེ། དེའི་

དབང་གིས་འདོད་པ་དང་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་ཟ་བ་ལྟ་བུ་སྟེ། དེ་དག་ལ་བདག་ཏུ་འཛིན་པའི་ཕྱིར་རོ། །སྡུག་བསྔལ་དང་བདེ་བ་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱའོ། །ཡང་ན་ཀུན་ནས་ཉོན་མོངས་པའི་

དབང་དུ་བྱས་ནས་རིམ་པར་གཞག་སྟེ། འདི་ལྟར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྐྱེས་པ་དང་། བུད་མེད་རྣམས་ཕན་ཚུན་མངོན་པར་དགའ་སྟེ། ཁ་དོག་དང་དབྱིབས་ལ་མངོན་པར་དགའ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་གཟུགས་ཀྱི་ཕུང་པོ་ལས་ཐོག་མར་ཀུན་ནས་ཉོན་མོངས་པ་འབྱུང་བས་

གཟུགས་ཀྱི་ཕུང་པོ་ཐོག་མར་སྨོས་སོ། །དེའི་སྒོ་ནས་ཚོར་བ་ལ་ཆགས་ཏེ། དེ་ལ་ཆགས་པ་ནི་ཚོར་བའི་རོ་མྱང་བའི་ཕྱིར་ཏེ། མངོན་པར་དགའ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཆགས་པ་ནི་བདེ་བའི་ཚོར་བ་ལ་མངོན་པར་ཆགས་པ་སྟེ། དེ་ལ་མངོན་པར་དགའ་བ་ཡིན་པས་དེའི་

འོག་ཏུ་ཚོར་བའི་ཕུང་པོ་སྨོས་སོ། །ཚོར་བའི་སྒོ་ནས་འདུ་ཤེས་ཕྱིན་ཅི་ལོག་བྱུང་སྟེ་ཇི་ལྟ་ཞེ་ན། བདེ་བ་ལ་སོགས་པར་མཚན་མར་འཛིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཕྱིར་དེའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོའོ། །ཕྱིན་ཅི་ལོག་དེ་ཉིད་ཉོན་མོངས་པ་དང་སྦྱར་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་

གནས་པ་དེའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བསྟན་ཏོ། །ཉོན་མོངས་རྣམས་ཀྱི་འགྲོ་བ་གཞན་ལ་སོགས་པར་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཕྱིར་ཏེ་ཕྱིས་བསྟན་ཏོ། །གོ་རིམས་བཤད་ཟིན་ཏོ། །ཅིའི་ཕྱིར་ཕུང་པོ་ལྔ་ཁོ་ན་སྟེ། མི་མང་མི་ཉུང་བ་འདི་བརྗོད་དགོས་སོ། །

Vol. 137 · folio 3b

སྨྲས་པ། འདི་ལྟར་ཕུང་པོ་ལྔ་པོ་དག་ཉིད་ཀྱིས་བདག་གི་བའི་དངོས་པོ་དང་བདག་གི་དངོས་པོ་བརྗོད་དེ། དེ་ལ་བདག་གི་བའི་དངོས་པོ་ནི་ཕུང་པོ་བཞིས་བརྗོད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཅེས་བྱ་བ་རྣམས་ཀྱིས་སོ། །ཇི་ལྟ་ཞེ་ན། གཟུགས་ཀྱི་ཕུང་པོས་ནི་ཡོངས་སུ་

འཛིན་པ་དང་བཅས་པ་ལུས་ཀྱི་བདག་ཉིད་ཀྱི་དངོས་པོ་བརྗོད་དོ། །ཚོར་བའི་ཕུང་པོས་ནི་ལོངས་སྤྱོད་ཀྱི་བདག་ཉིད་ཀྱི་དངོས་པོ་བརྗོད་དོ། །འདུ་ཤེས་ཀྱི་ཕུང་པོས་ནི་ཐ་སྙད་ཀྱི་བདག་ཉིད་ཀྱི་དངོས་པོ་བརྗོད་དོ། །འདུ་བྱེད་ཀྱི་ཕུང་པོས་ནི་ཆོས་དང་། ཆོས་མ་ཡིན་པའི་མངོན་པར་འདུ་བྱེད་པའི་བདག་ཉིད་

ཀྱི་དངོས་པོ་བརྗོད་དོ། །རྣམ་པར་ཤེས་པའི་ཕུང་པོས་ནི་དེ་དག་གི་གནས་ཀྱི་བདག་ཉིད་ཀྱི་དངོས་པོ་བརྗོད་དོ། །འདི་ལྟར་འཇིག་རྟེན་ན་ཕལ་ཆེར་རྣམ་པར་ཤེས་པ་ལ་ནི་བདག་ཏུ་འཛིན། ལྷག་མ་རྣམས་ལ་ནི་བདག་གིར་འཛིན་ཏེ། དེའི་ཕྱིར་ཕུང་པོ་ལྔ་ཉིད་དུ་འཐད་དོ། །དེ་ལྟར་འདི་ལྟ་བུའི་རང་བཞིན་

ཅན་གང་ཡིན་པའི་བདག་དེ་ཁས་ལེན་ན་གྲངས་ཅན་དག་རྟག་པ་དང་། ཡན་ལག་མེད་པ་དང་། བྱེད་པ་པོ་མ་ཡིན་གྱི་ཟ་བ་པོ་ལ་སོགས་པར་སྨྲ་བ་དང་། བྱེ་བྲག་པ་དག་བྱེད་པ་པོ་དང་ཟ་བ་པོ་ལ་སོགས་པར་སྨྲ་བ་དང་། གཅེར་བུ་པ་དག་བུམ་པའི་མར་མེ་བཞིན་དུ་ཞུམ་པ་དང་རྒྱས་པར་སྨྲ་བ་ཇི་ལྟར་

འཐད་དེ། དེ་སྐད་སྨྲ་བ་དག་གི་ལྟར་ན་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདག་རྟག་པའི་ཕྱིར་ཏེ། དགེ་བ་དང་མི་དགེ་བའི་ལས་དེ་དག་གིས་བདག་ལ་ཕན་པ་དང་གནོད་པ་ཞིག་བྱ་གྲང་ན་ཕན་པ་དང་གནོད་པ་གཉི་ག་ཡང་བདག་ལ་མི་འབྱུང་སྟེ། ནམ་མཁའ་

ལྟར་རྟག་པའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་ལ་རྟག་པར་འགྱུར་བ་མེད་པ་ལ་ཕན་པ་དང་གནོད་པ་མེད་པ་དེ་བཞིན་དུ་བདག་ལ་ཡང་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་དོན་མེད་པར་འདིར་འཐད་དོ། །ཡང་སྨྲས་པ། མཁའ་ལ་འཆར་ཉིས་ཅི་ཞིག་བྱ། །དེ་གཉིས་འབྲས་བུ་པགས་ལ་ཡོད། །གལ་

ཏེ་པགས་འདྲ་དེ་མི་རྟག །གལ་ཏེ་མཁའ་འདྲ་འབྲས་བུ་མེད། །ཡང་ན་བྱ་རོག་གི་སོ་བརྟག་པ་ལྟ་བུ་འདིས་ཅི་ཞིག་བྱ། དཀྱུས་མ་ལ་འཇུག་པར་བྱའོ། །དེ་ལ་ཕུང་པོ་ལྔ་ནི་ཆོས་མངོན་པའི་བསྟན་བཅོས་སོ་ཞེས་སྨྲས་པ་དེ་ལ་ཐོག་མར་གཟུགས་ཀྱི་ཕུང་པོ་བསྟན་པས་དེའི་མཚན་ཉིད་བསྟན་པ་འབའ་

Vol. 137 · folio 4a

ཞིག་ལ་བརྩམ་མོ། །དེ་ལ་སྨྲས་པ། གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །འདི་ནི་གཟུགས་ཀྱི་ཕུང་པོ་མདོར་བསྡུས་པའོ། །འབྱུང་བ་ཆེན་པོ་བཞི་ཞེས་བྱ་བའི་དོན་གང་ཡིན། ཅི་ཞིག་

ཐེ་ཚོམ་ཟ་ཞེ་ན། འབྱུང་བའི་སྒྲ་ནི་དོན་དུ་མར་འཇུག་པའི་ཕྱིར་ཏེ། འདི་ལྟ་སྟེ། འབྱུང་བའི་སྒྲ་ནི་སྐྱེ་བ་ལ་ཡང་ཡོད་དེ། ཟས་བཞི་ནི་སེམས་ཅན་འབྱུང་པོ་རྣམས་གནས་པར་བྱ་བའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་ཏེ་སྐྱེ་བ་ཞེས་བྱ་བར་མངོན་ནོ། །བདེན་པ་ལ་ཡང་ཡོད་དེ། ཡང་དག་པར་སྨྲ་བ་ཞེས་བྱ་བའི་

ཕྱིར་རོ། །ཡོད་པ་ལ་ཡང་ཡོད་དེ། བདག་ཇི་ལྟར་གྱུར་པ་བཞིན་དུ་བརྗོད་པའོ། །སེམས་ཅན་ལ་ཡང་ཡོད་དེ། འབྱུང་པོ་རྣམས་ལ་དབྱིག་པ་སྤངས་ནས་ཞེས་བྱ་བའོ། །འདས་པ་རྣམས་ལ་ཡང་ཡོད་དེ། སྔོན་བྱུང་བ་ཞེས་བྱ་བའོ། །མི་མ་ཡིན་པ་ལ་ཡང་ཡོད་དེ། འདིར་ནི་འབྱུང་པོ་གང་

དག་འོངས་གྱུར་ན། །ཞེས་བྱ་བ་དང་དེ་བཞིན་དུ་འབྱུང་པོས་ཟིན་ཏོ། །འབྱུང་པོ་ཡི་ཆད་དོ་ཞེས་བྱ་བའོ། །ཅུང་ཟད་མ་རྫོགས་པ་ལ་ཡང་ཡོད་དེ། ཕ་དང་འདྲ་ཞེས་བྱ་བའོ། །འདིར་འབྱུང་བའི་སྒྲ་གང་ལ་བྱ་ཞེ་ན། ས་ལ་སོགས་པ་ལ་བལྟ་སྟེ། འབྱུང་བ་ཆེན་པོ་བཞི་དག་གོ། །བཞི་གང་ཞེ་ན། སའི་

ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ་ཞེས་བྱ་བའི་ཕྱིར་རོ། །སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་འདས་དང་མི་མ་ཡིན། །ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་བའི་སྒྲར་ནི་མཁས་པས་རྟོགས། དེ་དག་ནི་འབྱུང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་

བས་འབྱུང་བ་ཆེན་པོ་དག་གོ། །དེ་དག་གི་ཆེ་བ་ནི་དེ་ལས་གཞན་པ་རྒྱུར་བྱས་པའི་གཟུགས་ཀྱི་གནས་ཡིན་པའི་ཕྱིར་རོ། །ཡང་ན་ས་དང་། ཆུ་དང་། མེ་དང་། རླུང་གི་ཕུང་པོ་དེ་དག་གི་ཤས་ཆེ་བ་ལ་བརྟེན་པ་དང་། སྡུད་པ་དང་། སྨིན་པར་བྱེད་པ་དང་། གཡོ་བའི་སྐབས་ཀྱི་ལས་ཀྱི་ས་ཆེན་

པོར་གནས་པར་འགྱུར་བའི་ཕྱིར་རོ། །ཡང་ན་ས་ཆེན་པོར་གནས་པར་སྣང་བ་ཉིད་དོ། །ཆུ་དང་། མེ་དང་། རླུང་ནི་འཇིག་པ་གསུམ་གྱི་ཚེ་ཆེན་པོར་གནས་པ་ཉིད་དུ་གསལ་ཏེ། འདི་ལྟར་མེས་འཇིག་པ་ན་བསམ་གཏན་དང་པོའི་བར་དུ་ཚིག་གོ། །ཆུས་འཇིག་པ་ན་བསམ་གཏན་གཉིས་པའི་

Vol. 137 · folio 4b

བར་དུ་གཡེངས་སོ། །རླུང་གིས་འཇིག་པ་ན་བསམ་གཏན་གསུམ་པའི་བར་དུ་འཇིག་གོ། །འབྱུང་བ་ཞེས་བྱ་བའི་དོན་གང་ཡིན། འབྱུང་བ་སྣ་ཚོགས་འགྲུབ་པ་ལ་དེ་དང་དེ་དག་གི་རྣམ་པར་འབྱུང་བའི་ཕྱིར་འབྱུང་བ་དག་གོ། །ཡང་ན་འབྱུང་བའི་ཕྱིར་འབྱུང་བ་སྟེ། འབྱུང་བ་ཡོད་པར་བྱེད་པའི་ཕྱིར་

འབྱུང་བ་དག་པ་སྟེ། འབྱུང་བའི་ཡོད་པ་རྒྱ་ཆེར་བྱེད། །ཅེས་བྱ་བའི་ཐ་ཚིག་གོ། །ཁམས་ཞེས་བྱ་བའི་དོན་གང་ཞེ་ན། རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ཁམས་སོ། །དེ་ལ་སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ་ཞེས་བྱ་བ་ནི་གང་ལུས་ལ་སྲ་བ་ཡོད་པ་

གང་ཡིན་པ་དེ་སའི་ཁམས་སོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ་ཞེས་བྱ་བ་ནི་གང་ལུས་ལ་གཤེར་བར་བྱེད་པའོ། །མེའི་ཁམས་གང་ཞེ་ན། ཚ་བ་ཉིད་དོ་ཞེས་བྱ་བ་ནི་གང་ལུས་ལ་དྲོ་བ་ཉིད་ཡོད་པའོ། །ཕྱི་རོལ་གྱི་འབྱུང་བ་ཆེན་པོ་རྣམས་ལ་ཡང་མཚན་ཉིད་དེ་ལྟར་བལྟ་བར་

བྱའོ། །རླུང་གི་ཁམས་གང་ཞེ་ན། ཡང་ཞིང་གཡོ་བ་ཉིད་དོ་ཞེས་བྱ་བ་ལ་ཡང་བ་ཉིད་ཀྱིས་ཆོག་གི །གཡོ་བ་སྨོས་ཅི་དགོས། སྨྲས་པ། རྒྱུར་བྱས་པའི་གཟུགས་ཀྱང་ཡང་བ་ཞེས་བྱ་བའི་ཕྱིར་རོ། །དེ་ལྟར་ན་གཡོ་བ་ཉིད་ཅེས་བྱ་བས་ཆོག་མོད། དེ་ལྟར་ན་ཡང་སེམས་པ་ལ་ཡང་

ཐལ་དུ་འོང་སྟེ། སེམས་པ་ཡང་གཡོ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གཉི་ག་གསལ་བའི་ཕྱིར་ཆོས་གང་ཡང་བ་ཉིད་དུ་གྱུར་ཅིང་གཡོ་བའི་བདག་ཉིད་ཡིན་པ་ནི་རླུང་གི་ཁམས་ཞེས་བྱའོ། །གཡོ་བ་ནི་བསྐྱོད་པ་སྟེ། གང་ཡུལ་གཞན་དུ་ཕྱིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་

གོ། །འོ་ན་ལྔ་པ་ནམ་མཁའ་ཇི་ལྟར་འབྱུང་བ་ཆེན་པོ་མ་ཡིན་ཞེ་ན། འབྱུང་བའི་མཚན་ཉིད་དུ་མི་འཐད་པའི་ཕྱིར་ཏེ། འབྱུང་བ་དག་ནི་སེམས་ཅན་རྣམས་ལ་ཕན་པ་དང་། གནོད་པ་བྱེད་པ་ཡིན་ན་ནམ་མཁའ་ནི་དེ་ལྟ་བུ་མ་ཡིན་ཏེ། སྣོད་དང་ཞིག་པ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །གཞན་ཡང་

འབྱུང་བ་ཆེན་པོ་དག་ནི་ས་བོན་ལ་སོགས་པའི་གནས་སྐབས་ལས་འགྱུར་བ་ནི་མྱུ་གུའི་གནས་སྐབས་ཀྱི་རྐྱེན་གྱིས་དངོས་པོར་འགྱུར་ན། ནམ་མཁའ་ནི་རྟག་པའི་ཕྱིར་དེ་ལྟར་འགྱུར་བ་མ་ཡིན་ཏེ། དངོས་པོ་གཞན་སྐྱེད་པ་མ་ཡིན་ནོ། དེའི་ཕྱིར་འབྱུང་བ་ཆེན་པོ་མ་ཡིན་ཏེ། དེ་ལྟ་བས་ན་

Vol. 137 · folio 5a

ལུས་ནི་འབྱུང་བ་ཆེན་པོ་བཞི་པོ་ཉིད་དུ་འཐད་དོ། །འབྱུང་བ་ཆེན་པོ་དག་བཤད་ཟིན་ཏོ། །དེ་དག་ནི་ཕན་ཚུན་མེད་ན་མི་འབྱུང་བ་ཉིད་དུ་བལྟ་སྟེ། ཇི་ལྟ་ཞེ་ན་ཤིང་དང་། རྡོ་ལ་སོགས་པ་ལ་སྡུད་པ་དང་། མེ་འབྱུང་བ་དང་། འཕེལ་བ་དང་། ལྟུང་བ་ཡོད་པས་ཆུ་

དང་མེ་དང་རླུང་དང་ལྡན་པར་མངོན་ནོ། །ཆུ་ལ་ཡང་གྲུ་འཛིན་པ་དང་། དྲོ་བ་དང་། གཡོ་བ་དམིགས་པས་ས་དང་མེ་དང་རླུང་དང་ལྡན་པར་མངོན་ནོ། །མེ་ལྕེ་ལ་ཡང་འདེགས་པ་དང་། སྡུད་པ་དང་གཡོ་བ་དམིགས་པས་ས་དང་ཆུ་དང་། རླུང་དང་ལྡན་པར་མངོན་ནོ། །རླུང་ལ་ཡང་

འདེགས་པ་དང་། གྲང་བ་དང་ཚ་བའི་རེག་པ་དམིགས་པས་ས་དང་ཆུ་དང་མེ་དང་ལྡན་པར་མངོན་ནོ། །འདིར་དཔེ་ནི་ཕྱེ་དང་ལན་ཚྭ་དང་། ཕྱེ་མ་དང་། སྐོམ་སྦྱར་བ་ལྟ་བུར་བལྟ་བར་བྱའོ། །ད་ནི་རྒྱུར་བྱས་པའི་གཟུགས་བརྗོད་པར་བྱ་སྟེ། དེའི་ཕྱིར་སྨྲས་པ། རྒྱུར་བྱས་པའི་གཟུགས་གང་

ཞེ་ན་ཞེས་བྱ་བ་སྟེ། དེ་ཡང་རྣམ་པ་བཅུ་གཅིག་ཉིད་དོ། །ཇི་ལྟར་ཞེ་ན། དབང་པོ་ལྔ་དང་། ཡུལ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའོ། །དེ་ལ་འབྱུང་བ་ཆེན་པོ་བཞི་ནི་གཟུགས་སྐྱེ་བ་ན་རྣམ་པ་ལྔས་རྒྱུར་འགྱུར་ཏེ། སྐྱེད་པ་དང་། གནས་པ་དང་། བརྟེན་པ་དང་། རྟོན་པ་

དང་། འཕེལ་བར་བྱེད་པ་ཞེས་བྱ་བའོ། །དེ་ལ་སྐྱེད་པའི་རྒྱུ་ནི་སྐྱེ་བའི་རྒྱུ་ཉིད་དོ། །དེ་དག་མེད་ན་མི་འབྱུང་བའི་ཕྱིར་རོ། །གནས་ཀྱི་རྒྱུ་ནི་རྟེན་གྱི་རྒྱུ་ཉིད་དེ། འབྱུང་བ་དག་བོར་ན་རྒྱུར་བྱས་པའི་གཟུགས་ལོགས་ཤིག་ཏུ་ཡུལ་ན་གནས་པའི་མཐུ་མེད་པའི་ཕྱིར་རོ། །རྟེན་གྱི་རྒྱུ་ནི་རྗེས་སུ་འཇུག་

པའི་རྒྱུ་ཉིད་དེ་འབྱུང་བ་དག་གྱུར་ན་དེ་ལ་བརྟེན་པ་རྒྱུར་བྱས་པའི་གཟུགས་ཀྱང་འགྱུར་བའི་ཕྱིར་རོ། །རྟོན་པའི་རྒྱུ་ནི་གནས་པའི་རྒྱུ་སྟེ། འདྲ་བར་འབྱུང་བའི་དུས་ན་འབྱུང་བ་རྣམས་ཀྱིས་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུན་མི་ཆད་པའི་ཚུལ་ནི་འཛིན་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་རྒྱུ་ནི་འཕེལ་

བའི་དུས་ན་འབྱུང་བ་རྣམས་ཀྱིས་རྒྱུར་བྱས་པའི་གཟུགས་བརྟས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི་རྣམ་པ་ལྔས་རྒྱུར་བྱས་པའི་གཟུགས་རྣམ་པ་བཅུ་གཅིག་གི་རྒྱུ་ཡིན་ནོ། །དེ་ལ་མིག་གི་དབང་པོ་གང་ཞེ་ན། ཡུལ་ཁ་དོག་གཟུགས་དང་བའོ། །བལྟ་བས་

Vol. 137 · folio 5b

ན་མིག་སྟེ། དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །དེ་དག་གང་ཞིག་གང་ལ་དབང་བྱེད་ཅེ་ན་མིག་གི་དབང་པོ་ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་འབྱུང་བ་ན་དབང་བྱེད་དོ། །རྣ་བའི་དབང་པོ་ནི་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་

འབྱུང་བ་ན་དབང་བྱེད་དོ། །དེ་བཞིན་དུ་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་རྣམས་ཀྱང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་འབྱུང་བ་ན་དབང་བྱེད་དོ། །ཡུལ་ཁ་དོག་གཟུགས་དང་བ་ཞེས་བྱ་བ་ནི་ཡུལ་གཟུགས་ཀྱི་ཡུལ་ཅན་མིག་གི་དབང་པོ་སྟོན་ཏོ། །དབང་

པོ་དེ་ནི་དང་བའི་བདག་ཉིད་དེ། གཟུགས་དང་བ་ཞེས་བྱ་བ་ནི་མིག་གི་འབྲས་བུ་ཕྱོགས་གསལ་བ་སྟེ། ཞོ་ག་ཆུ་ལྟ་བུའོ། །གང་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་གི་མེད་ན་མི་འབྱུང་བ་དེ་ནི་མིག་གི་དབང་པོ་གཟུགས་དང་བའི་བདག་ཉིད་དུ་རིག་པར་བྱའོ། །རྣ་བའི་དབང་པོ་གང་ཞེ་ན།

ཡུལ་སྒྲ་གཟུགས་དང་བའོ་ཞེས་བྱ་བ་ནི། ཡུལ་སྒྲས་ཡུལ་ཅན་རྣ་བའི་དབང་པོ་སྟོན་ཏོ། །དབང་པོ་དེ་ནི་དང་བའི་བདག་ཉིད་དེ། གཟུགས་དང་བ་ཞེས་བྱ་བ་ནི་རྣ་བའི་འབྲུག་གི་ཕྱོགས་གསལ་བ་དེ་ཞོ་ག་ཆུ་དང་བ་ལྟ་བུའོ། །གང་ཡོད་ན་རྣ་བའི་རྣམ་པར་ཤེས་པ་འབྱུང་གི་མེད་ན་མི་འབྱུང་

བ་དེ་ནི་རྣ་བའི་དབང་པོའི་གཟུགས་དང་བའི་བདག་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་སྣའི་དབང་པོ་ནི་སྣའི་ཚིགས་ཀྱི་ནང་རོལ་ནའོ། །ལྕེའི་དབང་པོ་ནི་ལྕེའི་དབུས་ན་སྐྲའི་རྩེ་མོ་ཙམ་མ་གཏོགས་སོ། །གཞན་དག་ན་རེ་ཟླ་བ་ཁམ་པ་ལྟ་བུའོ་ཞེའོ། །ལུས་ཀྱི་དབང་པོ་ནི་ཐམས་ཅད་དུ་

ཁྱབ་པོ། །གལ་ཏེ་དེ་ལྟ་ན་གང་ལ་ལྕེའི་དབང་པོ་ཡོད་པ་དེ་ལ་ལུས་ཀྱི་དབང་པོ་ཡང་ཡོད་དོ་ཞེ་ན། གང་གི་ཡུལ་དྲག་པའོ། །མཉམ་པར་གྱུར་ན། ལྕེའི་དབང་པོ་ཡུལ་སྔར་འཛིན་ཏེ། ཟ་འདོད་པས་ཕུང་པོའི་རྒྱུན་ཟ་འདོད་པར་ཆུམས་པའི་ཕྱིར་རོ། །དབང་པོ་རྣམས་བཤད་ཟིན་ཏོ། །ཡུལ་

ལྔ་བརྗོད་པར་བྱ་སྟེ། སྨྲས་པ། གཟུགས་གང་ཞེ་ན། མིག་གི་ཡུལ་ཏེ། ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ་ཞེས་བྱ་བ་ནི་འདིར་ཡུལ་ཅན་དབང་པོས་ཡུལ་སྟོན་ཏེ། མིག་གི་དབང་པོའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་དེ་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཁ་དོག་ནི་རྣམ་པ་

Vol. 137 · folio 6a

བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ། །དེའི་དབྱེ་བ་ནི་འདི་ལྟ་སྟེ། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། ནམ་མཁའོ། །དབྱིབས་ནི་རྣམ་པ་བརྒྱད་དེ། ལྷམ་པ་

དང་། ཟླུམ་པོ་དང་། མཐོ་བ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། རིང་པོ་དང་། ཐུང་ངུའོ། །ལྷམ་པ་ནི་གྲུ་བཞི་པའོ། །ཀུན་ཏུ་དཀྱིལ་འཁོར་ནི་ཟླུམ་པའོ། །རི་ལ་སོགས་པ་ནི་མཐོ་བའོ། །ཁྲོན་པ་ལ་སོགས་པ་ནི་དམའ་བའོ། །དབྱིབས་མཉམ་པ་ནི་

ཕྱ་ལེ་བའོ། །དབྱིབས་མི་མཉམ་པ་ནི་ཕྱ་ལེ་བ་མ་ཡིན་པའོ། །རིང་པོ་དང་ཐུང་ངུ་ནི་ལྟོས་པའོ། །གལ་ཏེ་ལྟོས་པས་ཐ་དད་པའི་ཕྱིར་ཡོངས་སུ་མི་འགྲུབ་པོ་ཞེ་ན། ལྟོས་པས་ཐ་དད་པར་མི་རུང་བ་མེད་དེ། ཕ་དང་བུ་བཞིན་ནོ། །དཔེར་ན་ཕ་ལ་ལྟོས་ནས་ནམ་དུ་ཡང་བུ་ཕར་མི་འགྱུར།

བུ་ལ་ལྟོས་ནས་ནམ་དུ་ཡང་ཕ་བུར་མི་འགྱུར་བ་དེ་བཞིན་དུ་གང་ལ་ལྟོས་ནས་གང་རིང་བ་དེ་དེ་ལ་ལྟོས་ནས་ནམ་དུ་ཡང་ཐུང་ངུར་མི་འགྱུར་རོ། །གང་ལ་ལྟོས་ནས་ཐུང་བ་དེ་དེ་ལ་ལྟོས་ནས་ནམ་ཡང་རིང་པོར་མི་འགྱུར་ཏེ། རིང་པོ་དང་ཐུང་ངུར་འཐད་དོ། །གཟུགས་བཤད་ཟིན་ཏོ། །ད་ནི་སྒྲ་

བརྗོད་པར་བྱ་སྟེ། དེ་སྨྲས་པ། སྒྲ་གང་ཞེ་ན། རྣ་བའི་ཡུལ་སྟེ་ཟིན་པ་དང་། མ་ཟིན་པ་དང་། གཉིས་ཀའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །ཟིན་པ་ཞེས་བྱ་བ་དོན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རྟེན་གྱི་དངོས་པོར་གཟུང་བ་སྟེ་ཕན་པ་དང་གནོད་པ་གཉིས་

ཀྱི་ཕན་ཚུན་རྗེས་སུ་འཇུག་པའི་ཕྱིར་འཇིག་རྟེན་ན་གང་སེམས་ཡོད་པ་དེ་ཟིན་པ་ཞེས་བརྗོད་དོ། །དེ་ལྟར་ཟིན་པའི་འབྱུང་བ་ཆེན་པོ་རྣམས་ཀྱིས་བསྐྱེད་པའི་སྒྲ་དེ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་སྟེ། ལག་པ་དང་ངག་གི་སྒྲའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རླུང་

དང་ནགས་ཚལ་ལ་སོགས་པའི་སྒྲའོ། །གཉི་གའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ལག་པ་དང་རྔ་ལ་སོགས་པའི་སྒྲའོ། །དེ་ཡང་བཤད་པའི་བྱེ་བྲག་གིས་རྣམ་པ་བཞིར་འགྱུར་ཏེ། འཇིག་རྟེན་གྱི་གྲགས་པ་དང་། ཡོངས་སུ་བརྟགས་པ་དང་། གྲུབ་པས་བསྟན་པ་དང་། ཐ་སྙད་

Vol. 137 · folio 6b

བཏགས་པའོ། །འཇིག་རྟེན་གྱི་གྲགས་པ་ནི་འཇིག་རྟེན་པའི་བརྗོད་པ་སྟེ། འདི་ལྟ་སྟེ། བུམ་པ་དང་སྣོམ་བུ་དང་ཤིང་རྟ་ཞེས་བྱ་བ་ལ་སོགས་པའོ། །ཡོངས་སུ་བརྟགས་པ་ནི་མུ་སྟེགས་ཅན་རྣམས་ཀྱིས་བརྗོད་པ་སྟེ། འདི་ལྟ་སྟེ། གཙོ་བོ་ནི་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །གྲུབ་

པས་བསྟན་པ་ནི་འཕགས་པས་བསྟན་པ་སྟེ། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་བྱ་བ་ལ་སོགས་པའོ། །ཐ་སྙད་པ་ནི་འཕགས་པ་དང་འཕགས་པ་མ་ཡིན་པའི་སྟེ། མཐོང་བ་དང་མ་མཐོང་བ་ལ་སོགས་པའི་ཐ་སྙད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །གྲུབ་པའི་མཐའ་ལས་ནི་

རྣ་བའི་ཡུལ་འབྱུང་བ་ཆེན་པོ་བཞི་ལས་གྲུབ་པའི་གཟུགས་ཞེས་འབྱུང་ངོ་། །སྒྲ་བཤད་ཟིན་ཏོ། །དྲི་གང་ཞེ་ན། སྣའི་ཡུལ་ཏེ་དྲི་ཞིམ་པ་དང་། དྲི་ང་བ་དང་། དེ་ལས་གཞན་པའོ། །དྲི་ཞིམ་པ་ནི་གང་མནམ་ན་ཕུང་པོའི་རྒྱུན་རྒྱས་པར་འགྱུར་བའོ། །དྲི་ང་བ་ནི་གང་བསྣམས་ན་ཕུང་པོའི་

རྒྱུན་ཉམས་པར་འགྱུར་རོ། །དྲི་མཉམ་པ་ནི་གང་དེ་གཉི་གར་མི་འགྱུར་བའོ། །དེ་ཡང་ལྷན་ཅིག་སྐྱེས་པ་དང་སྦྱར་བ་དང་གྱུར་པའོ། །དྲི་བཤད་ཟིན་ཏོ། །རོ་གང་ཞེ་ན། ལྕེའི་ཡུལ་ཏེ། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བ་ཞེས་བྱའོ། །མྱང་

བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྟེ། རོ་མྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མངར་བ་ནི་བུ་རམ་དང་། ཤ་ཁ་ར་ལ་སོགས་པའོ། །སྐྱུར་བ་ནི་ཚ་དང་སྐྱུར་རྩི་ལ་སོགས་པའོ། །ལན་ཚྭ་ནི་ལན་ཚྭ་ལྔའོ། །ཚ་བ་ནི་ཚ་བ་གསུམ་མོ། །ཁ་བ་ནི་པ་ཏོ་ལའི་ལོ་མ་ལ་སོགས་པའོ། །བསྐ་བ་ནི་ཤིང་འཛམ་བུའི་ཤུན་པ་

ལ་སོགས་པའོ། །དེ་ཡང་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། གཉི་ག་མ་ཡིན་པ་དང་། ལྷན་ཅིག་སྐྱེས་པ་དང་། སྦྱར་བ་དང་གྱུར་པའོ། །རོ་བཤད་ཟིན་ཏོ། །རེག་བྱའི་ཕྱོགས་གཅིག་གང་ཞེ་ན། ལུས་ཀྱི་ཡུལ་ཏེ། འབྱུང་བ་ཆེན་པོ་བཞི་བཞག་སྟེ། འཇམ་པ་དང་།

རྩུབ་པ་དང་། ལྕི་བ་དང་། ཡང་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པའོ་ཞེས་བྱ་བ་ལ་འཇམ་པ་ནི་གཉེན་ཞིང་མནན་པར་འོས་པ་སྟེ། པགས་པས་བཤུད་ནས་དེ་རྟོག་པའི་ཕྱིར་རོ། །རྩུབ་པ་ནི་རུད་རུད་པོ་སྟེ། རེག་བྱ་ཙམ་དུ་ཟད་ཅིང་བཟུང་བས་རེག་པའི་ཕྱིར་རོ། །

Vol. 137 · folio 7a

ལྕི་བ་དང་ཡང་བ་ནི་སྲང་གིས་བཅལ་བས་དེ་རྟོགས་པའི་ཕྱིར་རོ། །གྲང་བ་ནི་རླུང་གི་འདུས་ཏེ་རེག་པའི་ཕྱིར་ཏེ། དེ་ནི་དྲོ་བ་འདོད་པར་བྱེད་པའོ། །བཀྲེས་པ་ནི་ཟ་འདོད་པའོ། །སྐོམ་པ་ནི་འཐུང་འདོད་པའོ། །གལ་ཏེ་དེ་ལྟ་ན་བཀྲེས་པ་དང་། སྐོམ་པ་ནི་སེམས་ལས་

བྱུང་བ་ཡིན་པའི་ཕྱིར་རྒྱུར་བྱས་པའི་གཟུགས་སུ་མི་འགྲུབ་པོ། །སྨྲས་པ། རྒྱུ་ལ་འབྲས་བུ་གདགས་ཕྱིར་ཏེ། །དཔེར་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བའོ། །དགེ་འདུན་མཐུན་པ་བདེ་བ་ཡིན། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ལྟ་བུ་སྟེ།

འདི་ལ་མེ་དང་རླུང་གི་ཤས་ཆེ་སྟེ། ཟས་དང་སྐོམ་པ་བཞུ་བའི་སྐབས་ནས་ལུས་ཉམས་དམའ་སྟེ། མེ་དང་རླུང་ཞེས་བྱ་བའི་རེག་བྱ་དེ་ལ་བརྟེན་ནས་འབྲས་བུར་གྱུར་པ། གཉེན་པོ་འདོད་པས་བཀྲེས་པ་དང་། སྐོམ་པ་འབྱུང་སྟེ། རྒྱུ་རེག་བྱ་དེ་ལ་བཀྲེས་པ་དང་སྐོམ་པ་གདགས་སོ། །དེ་

ལྟར་རེག་བྱ་རྣམ་པ་བདུན་པོ་འདི་དང་། གོང་དུ་སྨོས་པ་འབྱུང་བ་ཆེན་པོ་བཞི་དང་འདི་དག་ནི་བཅུ་གཅིག་གི་བདག་ཉིད་ཡིན་ནོ། ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པར་བྱ་སྟེ། དེ་སྨྲས་པ། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། རྣམ་པར་རིག་བྱེད་དང་། ཏིང་ངེ་འཛིན་ལས་བྱུང་བའི་

གཟུགས་ཏེ། བསྟན་དུ་མེད་ལ་ཐོགས་པ་མེད་པའོ། །གཟུགས་དང་བྱ་བའི་རང་བཞིན་ཡིན་དུ་ཟིན་ཀྱང་། རྣམ་པར་རིག་བྱེད་བཞིན་དུ་གཞན་ལ་རྣམ་པར་རིག་པར་མི་བྱེད་པས་ན། རྣམ་པར་རིག་བྱེད་མ་ཡིན་པའོ། །རྣམ་པར་རིག་བྱེད་ལས་བྱུང་བ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་

གཉིས་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་རྣམ་པར་རིག་བྱེད་དོ། །དེ་ཡང་དགེ་བ་དང་མི་དགེ་བ་སྟེ། དགེ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་ཚིག་འཁྱལ་བ་དང་། ངག་རྩུབ་མོ་

སྤངས་པའི་སེམས་ཞེས་བྱའོ། །སེམས་ཉིད་ལས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སེམས་པ་ནི་ལས་སུ་ང་སྨྲའོ་ཞེས་གསུངས་པ་ལྟ་བུའོ། །དེས་བསྐྱེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བ་དག་གོ། །མི་དགེ་བའི་རྣམ་པར་རིག་བྱེད་ནི་

Vol. 137 · folio 7b

སྲོག་གཅོད་པ་ནས་ཚིག་འཁྱལ་པ་ཞེས་བྱ་བའི་བར་གྱི་སེམས་པ་སྟེ། དེས་བསྐྱེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི། མི་དགེ་བ་དག་གོ། །ཏིང་ངེ་འཛིན་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་བསམ་གཏན་བཞིས་བསྐྱེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ཏིང་ངེ་

འཛིན་ལས་བྱུང་བའོ། །དེ་ལྟར་རྣམ་པར་རིག་བྱེད་མ་ཡིན་པ་འདི་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་ཞེས་བྱ་བ་རྒྱུར་བྱས་པའི་གཟུགས་ཡིན་ཏེ། ལས་ཀྱི་བག་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་དུ་མ་དེ་དག་ཀྱང་གཟུགས་རྣམ་པ་གསུམ་དུ་གྱུར་ཏེ། བསྟན་དུ་ཡོད་ལ་ཐོགས་པ་

དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང་། བསྟན་དུ་མེད་ལ་ཐོགས་པ་ཡང་མེད་པའོ། །དེ་ལ་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ནི་ཁ་དོག་དང་དབྱིབས་དང་། རྣམ་པར་རིག་བྱེད་དོ། །ཡུལ་བསྟན་པས་འདི་ནི་འདི་ནའོ། །ཕ་བི་ནི་ཕ་བི་ནའོ་ཞེས་

བསྟན་དུ་རུང་བའི་ཕྱིར་རོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ་ཞེས་བྱ་བའོ། །བསྟན་དུ་མེད་ལ་ཐོགས་པ་མེད་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཅིའི་ཕྱིར་

རྣམ་པར་རིག་བྱེད་མ་ཡིན་པའི་བར་འདི་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་ཞེ་ན་གཟུགས་སུ་ཡོད་པའི་ཕྱིར་གཟུགས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གཟུགས་སུ་རུང་བ་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་

གཟུགས་སུ་རུང་ཞེ་ན། གཟུགས་རྣམ་པ་གཉིས་ཀྱིས་གཟུགས་ཏེ་རེག་པས་གཟུགས་སུ་རུང་བ་དང་ཡུལ་བརྟགས་པས་གཟུགས་སུ་རུང་བ་སྟེ་རེག་པས་གཟུགས་སུ་རུང་བ་གང་ཞེ་ན། ལག་པའི་འདུས་ཏེ་རེག་པས་རེག་པ་དང་། དབྱིགས་པའི་འདུས་ཏེ་རེག་པ་དང་། གྲང་བ་དང་། ཚ་བ་དང་།

བཀྲེས་པ་དང་། སྐོམ་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་རྣམས་ཀྱིས་རེག་ན་གནོད་པར་འགྱུར་བའོ། །ཡུལ་བརྟགས་པས་གཟུགས་སུ་རུང་བ་ནི་གཟུགས་འདི་དང་འདི་ཞེས་བྱ་བ་དང་། གཟུགས་འདི་ལྟ་བུ་དང་འདི་ལྟ་བུ་ཞེས་བྱ་བ་སྟེ།

Vol. 137 · folio 8a

མཉམ་པར་གཞག་པའི་ཡིད་དམ། མཉམ་པར་མ་བཞག་པའི་ཡིད་རྟོག་པ་དང་མཚུངས་པར་ལྡན་པས་མངོན་རྟགས་སུ་འཛིན་པའོ། །ཡུལ་ཞེས་བྱ་བ་མངོན་སུམ་དུ་གྱུར་པའི་ཕྱོགས་ལ་འདི་དང་འདི་ཞེས་བྱ་བ་དང་། ཀེང་རུས་ལ་སོགས་པ་ཤེས་བྱའི་དངོས་

པོ་དང་འདྲ་བའི་གཟུགས་བརྙན་ལ་འདི་ལྟ་བུ་དང་འདི་ལྟ་བུ་ཞེས་ཁ་དོག་དང་། དབྱིབས་ཀྱི་བྱེ་བྲག་གོ། །མངོན་རྟགས་སུ་འཛིན་ཞེས་བྱ་བ་ནི་དེ་བཞིན་དུ་ཤེས་པའོ། །དེ་སྐད་དུ་དོན་གྱི་སྡེ་ཚན་ལས་ཀྱང་གསུངས་ཏེ། གལ་ཏེ་འདོད་པ་ཚོལ་བྱེད་ཅིང་། །འདོད་པ་སྐྱེས་པའི་ལུས་ཅན་དེ། །

འདོད་པ་དེ་དག་མ་འབྱོར་ན། །ཟུག་རྔུ་ཟུག་བཞིན་གནོད་པར་གྱུར། །ཞེས་གསུངས་ཏེ། སེམས་དང་ལྡན་པ་ལ་ནི་གནོད་པར་རུང་ན་སེམས་མེད་པ་ལ་ནི་ཇི་ལྟར་གནོད་པར་རུང་། སྨྲས་པ། གྱུར་པ་འབྱུང་བ་དག་ན་གཞན་དང་གཞན་དུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་

ཕུང་པོ་བཤད་ཟིན་ཏོ། །ཚོར་བ་བརྗོད་པར་བྱ་སྟེ། དེ་སྨྲས་པ། ཚོར་བ་གང་ཞེ་ན། མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་སྟེ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་

པ་གསུམ་ཞེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་གསུམ་ཞེས་བྱ་བའི་ཐ་ཚིག་གོ། །མྱོང་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བས་ན་མྱོང་བའོ། །ཡང་ན་མྱོང་བར་བྱེད་པས་ན་མྱོང་བའོ། །བདེ་བ་ནི་གང་འགག་ན་ཕྲད་པར་འདོད་པའོ་ཞེས་བྱ་བ་ལ་བདེ་བ་མྱོང་བ་འགག་པ་ནི་མེད་པར་འགྱུར་བའོ། །

ཕྲད་པར་འདོད་པ་ནི་མྱོང་བར་འདོད་པའོ། །སྡུག་བསྔལ་ནི་གང་བྱུང་ན་བྲལ་བར་འདོད་པའོ་ཞེས་བྱ་བ་ལ་བྲལ་བ་ནི་སོ་སོར་གྱེས་པའོ། །འདོད་པ་ནི་མངོན་པར་འདོད་པའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་དེ་གང་བྱུང་ན་གཉི་གར་འདོད་པར་མི་འགྱུར་བའོ་ཞེས་བྱ་

བ་ནི་ཕྲད་པར་ཡང་མི་འདོད་འབྲལ་བར་ཡང་མི་འདོད་ཅེས་བྱ་བའི་ཐ་ཚིག་གོ། །ཚོར་བ་ནི་གནས་དང་རང་བཞིན་དང་། གནས་བསྡུ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་རྣམ་པར་གཞག་སྟེ། དེ་ལ་གནས་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ནས། ཡིད་ཀྱི་

Vol. 137 · folio 8b

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དུའོ། །རང་བཞིན་ནི་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །གནས་བསྡུ་བ་ནི་གཟུགས་ཅན་དང་། གཟུགས་མེད་པར་གནས་བསྡུ་བ་སྟེ། གཟུགས་ཅན་དུ་གནས་བསྡུ་བ་ནི་རྣམ་པར་

ཤེས་པ་ལྔ་དང་། མཚུངས་པར་ལྡན་པ་ལུས་ཀྱི་ཚོར་བའོ། །གཟུགས་མེད་པར་གནས་བསྡུ་བ་ནི་སེམས་ཀྱི་ཚོར་བ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའོ། །ཀུན་ནས་ཉོན་མོངས་པ་ནི་ཟང་ཟིང་དང་བཅས་པའི་ཚོར་བ་དང་། ཞེན་པ་ལ་གནས་པའོ། །ཟང་ཟིང་

དང་བཅས་པ་ནི་ལུས་ལ་སྲེད་པ་དང་ལྡན་པའོ། །ཞེན་པ་ལ་གནས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་དང་ལྡན་པའོ། །འདོད་པའི་ཡོན་ཏན་ལྔ་ནི་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བའོ། །འདོད་པར་བྱེད་པས་འདོད་པས་ཏེ། དོན་དུ་གཉེར་ཞེས་བྱ་བའི་ཐ་ཚིག་

གོ། །རྣམ་པར་བྱང་བ་ནི་ཟང་ཟིང་མེད་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པ་སྟེ། ཟང་ཟིང་མེད་པ་ནི་བདག་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་འབྱུང་བ་ལ་བརྟེན་པ་ཞེས་བྱ་བ་ལ་མངོན་པར་བྱུང་བ་ནི་ཟག་པ་ཟད་པའི་ལམ་མོ། །དེ་ལ་བརྟེན་པའི་ཚོར་བ་ནི་

མངོན་པར་བྱུང་བ་ལ་བརྟེན་པའི་ཚོར་བའོ། །དེ་ཡང་མཚན་ཉིད་ཅི་ཞེ་ན། མྱོང་བའི་མཚན་ཉིད་དེ། མྱོང་བ་རྣམ་པ་ཇི་ལྟ་བུས་དགེ་བ་དང་། མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པར་སོ་སོར་མྱོང་བའོ། །ཇི་ལྟར་སོ་སོར་མྱོང་ཞེ་ན། ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་

པར་སྨིན་པ་ནི་བདེ་བ་མྱོང་བའོ། །མི་དགེ་བ་རྣམས་ཀྱི་སྡུག་བསྔལ་མྱོང་བའོ། །གཉི་ག་རྣམས་ཀྱི་ནི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྟེ། དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་ནོ། །ཚོར་བའི་

ཕུང་པོ་བཤད་ཟིན་ཏོ། །ཚོར་བའི་འོག་ཏུ་འདུ་ཤེས་བརྗོད་པར་བྱ་སྟེ། དེ་སྨྲས་པ་འདུ་ཤེས་གང་ཞེ་ན་ཡུལ་ལ་མཚན་མར་འཛིན་པའོ་ཞེས་བྱ་བ་སྟེ། དམིགས་པ་ལ་མཚན་མར་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཁ་ཅིག་གོལ་ཏེ། གལ་ཏེ་འདུ་ཤེས་རྒོལ་ས་ཆད་དམིགས་

Vol. 137 · folio 9a

པ་ལ་མཚན་མར་འཛིན་པ་ཡིན་ན། མཚན་མ་མེད་པའི་འདུ་ཤེས་དང་། མཚན་མ་དང་བཅས་པའི་འདུ་ཤེས་དང་། ཆུང་ངུའི་འདུ་ཤེས་དང་། རྒྱ་ཆེན་པོར་གྱུར་པའི་འདུ་ཤེས་དང་། ཚད་མེད་པའི་འདུ་ཤེས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་

ཞེས་བྱ་བའི་མདོ་དང་འགལ་ལོ་ཞེས་ཟེར་རོ། །མཚན་མ་མེད་པའི་འདུ་ཤེས་ནི་ཐ་སྙད་ལ་མི་མཁས་པ་དང་། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་སྙོམས་པར་ཞུགས་པའི་འདུ་ཤེས་གང་ཡིན་པའོ། །ཐ་སྙད་ལ་མི་

མཁས་པ་ནི་མིང་མ་བསླབས་པས་གཟུགས་ཀྱི་འདུ་ཤེས་ནི་ཡོད་ཀྱི། གཟུགས་སོ་ཞེས་བྱ་བར་ནི་མི་ཤེས་བ་སྟེ། དེའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་ཞེས་བྱའོ། །མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པ་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། མིག་ལ་

སོགས་པ་དབང་པོ་ལྔ་པོ་ཐམས་ཅད་ཀྱི་མཚན་མ་དང་བྲལ་བའོ། །མཚན་མ་མེད་པ་མྱ་ངན་ལས་འདས་པ་ལ་འདུ་ཤེས་པ་ནི་མཚན་མ་མེད་པའི་འདུ་ཤེས་སོ། །སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པ་ནི་དམིགས་པ་ལ་མཚན་མར་མང་དུ་མི་བྱེད་པས་མཚན་མ་མེད་པའི་འདུ་ཤེས་

སོ། །མཚན་མ་མེད་པའི་འདུ་ཤེས་བཤད་ཟིན་ཏོ། །མཚན་མ་དང་བཅས་པའི་འདུ་ཤེས་ནི་གང་ཐ་སྙད་ལ་མཁས་པའོ། །ཆུང་ངུའི་འདུ་ཤེས་གང་ཞེ་ན། ཆུང་ངུའི་ནི་འདོད་པའི་ཁམས་ཏེ་ངན་པའི་ཕྱིར་རོ། །དེ་ལ་འདུ་ཤེས་པ་ནི་ཆུང་ངུའི་འདུ་ཤེས་ཏེ། གང་གིས་འདོད་

པའི་ཁམས་ཤེས་པའོ། །རྒྱ་ཆེན་པོར་གྱུར་པའི་འདུ་ཤེས་གང་ཞེ་ན། གང་གི་གཟུགས་ཀྱི་ཁམས་ཤེས་པའོ། །འདི་ལྟར་གཟུགས་ཀྱི་ཁམས་ནི་རྒྱ་ཆེན་པོར་གྱུར་པ་སྟེ། དེ་ནི་མཆོག་ཡིན་པའི་ཕྱིར་རོ། །ཚད་མེད་པའི་འདུ་ཤེས་གང་ཞེ་ན། གང་གིས་ནམ་མཁའ་མཐའ་ཡས་སྐྱེ་

མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཤེས་པ་སྟེ། དེ་ཉིད་མཐའ་ཡས་པའི་ཕྱིར་རོ། །ཅི་ཡང་མེད་པའི་འདུ་ཤེས་གང་ཞེ་ན། གང་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པའོ། །དེ་ལྟ་བས་ན་འགལ་བ་མེད་དེ། ཆོས་མངོན་པ་ལས་དམིགས་པ་དང་རྣམ་པའི་བྱེ་བྲག་འཛིན་

Vol. 137 · folio 9b

པའི་འདུ་ཤེས་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་འདུ་ཤེས་ཀྱང་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་ན་རྣམ་པར་ཤེས་པ་དང་འདི་གཉིས་བྱེ་བྲག་ཅི་ཡོད། སྨྲས་པ། བྱེ་བྲག་ཕྱེ་སྟེ་རྣམ་པར་ཤེས་པ་ནི་གཟུགས་ལ་སོགས་པའི་དོན་ཙམ་འཛིན་ཏོ། །འདུ་ཤེས་ནི་ཡུལ་དེ་ཉིད་ཡོངས་སུ་

བཅད་ནས་ངེས་པར་འཛིན་པ་སྟེ། འདི་ནི་བྱེ་བྲག་གོ། །འདིའི་མཚན་ཉིད་ནི་འདུས་ཏེ་ཤེས་པར་བྱེད་པའི་མཚན་ཉིད་དེ། མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་ཅི་འདྲ་བ་བས་ཇི་ལྟར་མཐོང་བ་དང་། ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ཐ་སྙད་འདོགས་

པའོ། །མཐོང་བ་གང་མིག་གིས་མྱོང་བའོ། །ཐོས་པ་ནི་གང་རྣ་བས་མྱོང་བའོ། །བྱེ་བྲག་ཕྱེད་པ་ནི་གང་བདག་གིས་འདི་ལྟ་བུ་དང་འདི་ལྟ་བུ་ཞེས་དཔྱོད་པའོ། །རྣམ་པར་ཤེས་པ་ནི་བདག་ཉིད་ཀྱིས་མྱོང་བའོ། །ཐ་སྙད་འདོགས་པ་ཞེས་བྱ་བ་ནི་བརྗོད་པ་དག་གིས་གོ་བར་བྱེད་ཅེས་བྱ་

བའི་ཐ་ཚིག་གོ། །འདུ་ཤེས་ཀྱི་ཕུང་པོ་བཤད་ཟིན་ཏོ། །འདུ་ཤེས་ཀྱི་ཕུང་པོའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་བརྗོད་པར་བྱེ་སྟེ། འདིར་སྨྲས་པ། འདུ་བྱེད་རྣམས་གང་ཞེ་ན་ཞེས་བྱ་བ་སྟེ། འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཚོར་བ་དང་འདུ་ཤེས་ལས་གཞན་པ་སེམས་

ལས་བྱུང་བའི་ཆོས་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པ་རྣམས་སོ་ཞེས་བྱ་བ་ནི་ཚོར་བ་ཡང་སེམས་ལས་བྱུང་བའི་ཆོས་ཡིན་ལ་འདུ་ཤེས་ཀྱང་སེམས་ལས་བྱུང་བའི་ཆོས་ཡིན་པས་དེ་གཉིས་བཏོན་ཏེ། སེམས་ལས་བྱུང་བའི་ཆོས་གཞན་གང་དག་རེག་པ་དང་། ཡིད་ལ་བྱེད་པ་ལ་

སོགས་པ་དང་། ཐོགས་པ་ལ་སོགས་པ་ལྡན་པ་མ་ཡིན་པ་ཇི་སྙེད་པ་དེ་དག་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟར་ན་ཚོར་བ་དང་འདུ་ཤེས་གཉིས་སེམས་ལས་བྱུང་བར་འདྲ་བ་ལས་ཅིའི་ཕྱིར་ཕུང་པོ་རེ་རེས་བྱས་ལ། རེག་པ་དང་ཡིད་ལ་བྱེད་པ་ལ་

སོགས་པ་ཕུང་པོ་རེ་རེར་མ་བྱས། སྨྲས་པ། ཚོར་བ་དང་འདུ་ཤེས་གཉིས་ཕུང་པོ་རེ་རེར་སོ་སོར་བྱ་དགོས་ཏེ། ཅིའི་ཕྱིར་ཞེ་ན། རྩོད་པའི་རྩ་བ་དང་། འཁོར་བའི་རྒྱུར་འགྱུར་བའི་ཕྱིར་རོ། །རྩོད་པའི་རྩ་བ་གཉིས་ཏེ། འདོད་པ་ལ་ལྷག་པར་ཞེན་པ་དང་། ལྟ་བ་ལ་ལྷག་པར་ཞེན་པའོ། །

Vol. 137 · folio 10a

ཇི་སྐད་དུ་འདོད་པ་ལ་འདོད་ཆགས་པ་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིང་བ་དང་། ཡོངས་སུ་ཞེན་པ་དང་། ཀུན་ཏུ་འདོད་ཆགས་པའི་རྒྱུས་ཁྱིམ་པ་རྣམས་དང་ཁང་ཁྱིམ་པ་རྣམས་རྩོད་དོ། །ལྟ་བ་ལ་འདོད་ཆགས་པ་དང་ལྷག་པར་ཞེན་པ་དང་། རྣམ་པར་

ཞེན་པ་དང་། རྣམ་པར་བཅིང་བ་དང་། ཡོངས་སུ་ཞེན་པ་དང་། ཀུན་ཏུ་འདོད་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་རྣམས་དང་། རབ་ཏུ་བྱུང་བ་རྣམས་རྩོད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་སྔ་མ་ནི་ཚོར་བས་བསྐྱེད་པའོ། །ཅིག་ཤོས་ནི་འདུ་ཤེས་ཀྱིས་བསྐྱེད་པའོ། །ཚོར་བ་ལ་རོ་མྱོང་བའི་

དབང་གིས་འདོད་པ་རྣམས་ལ་མངོན་པར་ཆགས་སོ། །འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་བདག་ཏུ་ལྟ་བ་སྟེ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། བདག་མེད་པ་ལ་སོགས་པ་ལ་བདག་ཏུ་འདུ་ཤེས་པ་ནི་ལྟ་བ་དེ་དང་དེ་དག་ལས་མངོན་པར་ཆགས་སོ། །ཚོར་བ་ལ་ཞེན་པ་དང་། འདུ་

ཤེས་ཕྱིན་ཅི་ལོག་གི་དབང་གིས་འཁོར་རོ་ཞེས་བྱ་བ་ནི་སྲིད་པ་ལ་སྤྱོད་པའི་ཚོར་བ་ལ་ཞེན་པ་ནི་ཚོར་བའི་དབང་གིས་འཁོར་རོ། །ལྟ་བ་ལ་སྤྱོད་པ་ནི་འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་འཁོར་རོ། །དེ་ལྟར་ན་སྲེད་པ་ལ་སྦྱོར་བའི་ཚོར་བ་དང་། ལྟ་བ་ལ་སྤྱོད་པའི་འདུ་ཤེས་ནི་འཁོར་བའི་རྒྱུས་ཞེས་བྱ་བའོ། །

ཡང་ན་ཚོར་བ་ལ་ཞེན་པ་དང་། འདུ་ཤེས་ཕྱིན་ཅི་ལོག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞིའི་འདུ་ཤེས་ཀྱིས་འཁོར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་འདི་གཉིས་སོ་སོར་ཕུང་པོར་བྱ་བར་འཐད་དེ། ཚོར་བ་དང་། འདུ་ཤེས་ལས་གཞན་པ། རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་

འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་ན། གལ་ཏེ་དེ་ལྟ་ན་ནི་མདོ་དང་འགལ་ཏེ་བཅོམ་ལྡན་འདས་ཀྱིས་ནི་སེམས་པའི་ཚོགས་དྲུག་ལ་འདུ་བྱེད་རྣམས་ཏེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་སེམས་པ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པའི་བར་དུའོ་ཞེས་གསུངས་སོ། །དེར་ནི་བཅོམ་

ལྡན་འདས་ཀྱིས་གཙོ་བོར་སེམས་པ་ལ་འདུ་བྱེད་དུ་གསུངས་ཏེ། དེ་ནི་སེམས་མངོན་པར་འདུ་བྱེད་པའི་ཕྱིར་གཙོ་བོ་ཞེས་བྱའོ། །ཇི་སྐད་དུ་དགེ་བ་ལ་ཡང་སེམས་གཏོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་བས་ན་རེག་པ་ལ་སོགས་པ་ཡང་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུས་

Vol. 137 · folio 10b

པར་འཐད་དོ། །འཇིག་རྟེན་ན་ཡང་གཙོ་བོ་བསྟན་པར་མཐོང་སྟེ། དཔེར་ན་རྒྱལ་པོ་གཤེགས་སོ་ཞེས་བྱ་བ་ལ་རྒྱལ་པོ་འབའ་ཞིག་འོང་བ་མ་ཡིན་གྱིས་དེ་དང་མ་བྲལ་བའི་གླང་པོ་ཆེ་དང་། རྟ་དང་ཤིང་རྟ་ལ་སོགས་པ་ཡང་འོང་སྟེ། ཉེས་པ་མེད་དོ། །དེ་ལ་སེམས་ལས་བྱུང་བའི་ཆོས་རྣམས་

ཀྱང་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །ཅིའི་ཕྱིར་མཚུངས་པར་ལྡན་ཞེ་ན། མཚུངས་པ་རྣམ་པ་ལྔས་མཚུངས་པར་ལྡན་པ་རྣམས་ཏེ། གནས་དང་དམིགས་པ་དང་། རྣམ་པ་དང་། དུས་དང་རྫས་མཚུངས་པ་རྣམས་ཀྱིས་སོ། །དབང་པོ་ལ་གནས་པའི་ཕྱིར་

རོ། །དམིགས་པ་ལ་འཛིན་པའི་ཕྱིར་རོ། །དམིགས་པ་དེ་ཉིད་ཀྱི་རྣམ་པ་ལ་འཛིན་པའི་ཕྱིར་ཏེ། སྔོན་པོ་ལ་སོགས་པའི་རྣམ་པར་ཞེས་བྱ་བའི་ཐ་ཚིག་གོ། །མཚུངས་པར་ལྷན་ཅིག་དུས་གཅིག་ཏུ་འབྱུང་བའི་ཕྱིར་རོ། །རྫས་མཚུངས་པར་ནི་ཐམས་ཅད་ཀྱང་རྫས་རེ་རེའི་ཕྱིར་ཏེ། རྒྱུ་དེ་དག་

གིས་མཚུངས་པར་ལྡན་པ་ཡིན་ནོ། །སེམས་ནི་སེམས་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། མི་འཕྲད་པའི་ཕྱིར་རོ། །དེ་དག་ནི་རེག་པ་ནས་དཔྱོད་པའི་བར་དུའོ། །དེ་རྣམས་ལས་ལྔ་ནི་ཀུན་ཏུ་འགྲོ་བའོ། །ལྔ་ནི་ཡུལ་སོ་སོར་ངེས་པའོ། །བཅུ་གཅིག་ནི་དགེ་བའོ། །དྲུག་ནི་ཉོན་མོངས་

པའོ། །ལྷག་མ་ནི་ཉེ་བའི་ཉོན་མོངས་པའོ། །བཞི་ནི་གཞན་དུ་ཡང་འགྱུར་བའོ་ཞེས་བྱ་བ་དེ་ལ། ལྔ་ཀུན་ཏུ་འགྲོ་བ་ནི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་སྟེ། དེ་དག་ནི་སེམས་ཐམས་ཅད་དང་། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་ཡང་

འབྱུང་ངོ་། །དེ་ལ་སེམས་དགེ་བ་ནི་དད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །མི་དགེ་བ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །དེ་གཉི་ག་མ་ཡིན་པ་ནི་ལུང་དུ་མ་བསྟན་པའོ། །ཡུལ་སོ་སོར་ངེས་པ་ལྔ་ནི་འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་།

ཤེས་རབ་སྟེ། མོས་པ་གང་དུ་འབྱུང་བ་དེར་གདོན་མི་ཟ་བར་འདུན་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་ནི་ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར་ཡུལ་སོ་སོར་ངེས་པ་ཞེས་བྱ་བའོ། །བཅུ་གཅིག་དགེ་བ་ནི་དད་པ་ནས་རྣམ་པར་མི་འཚེ་བའི་བར་དུའོ། །

Vol. 137 · folio 11a

ཉོན་མོངས་པ་དྲུག་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་གྱི་མཚན་ཉིད་དོ། །ཉེ་བའི་ཉོན་མོངས་པ་དག་ནི་ཁྲོ་བ་ནས་ཤེས་བཞིན་མ་ཡིན་པའི་བར་དུའོ། །བཞི་ནི་གཞན་དུ་ཡང་འགྱུར་རོ་ཞེས་བྱ་བ་ནི་འགྱོད་པ་ནས་དཔྱོད་པའི་

བར་དུའོ། །གཞན་དུ་ཞེས་བྱ་བ་ནི་དོན་གང་། སྨྲས་པ། བཞི་པོ་འདི་དག་ནི་ཉེ་བའི་ཉོན་མོངས་པ་འབའ་ཞིག་མ་ཡིན་ཏེ་ཅི་ཞེ་ན། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་ཡང་འབྱུང་ངོ་། །འདི་ནི་སེམས་ལས་བྱུང་བ་རྣམས་བསྡུས་པ་སྟེ། མདོར་བསྡུ་ན་ལྔ་བཅུ་རྩ་གཅིག་ཡོད་དོ། །དེ་ལ་

རེག་པ་ལ་སོགས་པ་ནི་མཚན་ཉིད་དང་། ལས་ཀྱིས་བསྟན་པར་ལྟའོ། །མཚན་ཉིད་ནི་རེག་པ་གང་ཞེ་ན། གསུམ་འདུས་ནས་ཡོངས་སུ་གཅད་པའོ། །གསུམ་ཞེས་བྱ་བ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་རྣམས་སོ། །དེ་དག་འདུས་ནས་སེམས་ལས་བྱུང་བའི་ཆོས་གང་འབྱུང་བ་དེ་རེག་པ་ལ་

སོགས་པ་སྟེ། དབང་པོའི་འགྱུར་བ་ཡོངས་སུ་གཅོད་པའོ། །ཚོར་བའི་རྟེན་བྱེད་པའི་ལས་ཅན་ནོ། རྣམ་པར་ཤེས་པ་འབྱུང་ནས་བདེ་བ་ལ་སོགས་པའི་ཚོར་བ་དང་། མཐུན་པ་དབང་པོའི་འགྱུར་བ་གང་ཡིན་པ་དེ་རེག་པ་ཡིན་པར་རིག་པར་བྱའོ། །ཡིད་ལ་བྱེད་པ་གང་ཞེ་ན། གང་སེམས་ཀྱི་འཇུག་

པའོ། །རྩོལ་བར་བྱེད་པས་འཇུག་པ་སྟེ། སེམས་དང་སེམས་ལས་བྱུང་བ་གཏོད་ཅིང་མ་ལུས་པར་སེམས་པ་ནི་ཡིད་ལ་བྱེད་པའོ། །དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ནོ། །སེམས་པ་གང་ཞེ་ན་ཡོན་ཏན་དང་། ཉེས་པ་དང་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ནི་ཡིད་

ཀྱི་ལས་སོ། །གང་ཡོད་ན་དམིགས་པ་ལ་སེམས་རྣམ་པར་ཤེས་པས་གཞོལ་བ་ཡིན་ཏེ། ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་བཞིན་ནོ། །གང་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་ཡང་སེམས་གཏོང་བ་ནི་ལས་བསྟན་པའི་སྟེ། འདི་ལྟར་ཇི་ལྟར་མངོན་པར་འདུ་བྱེད་པ་བཞིན་དུ་དགེ་

བ་ལ་སོགས་པའི་ཆོས་རྣམས་ལ་སེམས་འཇུག་པར་འགྱུར་རོ། །ཀུན་ཏུ་འགྲོ་བ་ལྔ་བཤད་ཟིན་ཏོ། །འདུན་པ་གང་ཞེ་ན། བསམ་པའི་དངོས་པོ་ལ་འདོད་པའོ། །བསམ་པའི་དངོས་པོ་ཞེས་བྱ་བ་ནི་གང་འདོད་པའི་དངོས་པོ་དེ་ལ་ལྟ་བ་དང་། ཉན་པ་ལ་སོགས་པ་བྱེད་འདོད་པའོ། །བརྩོན་འགྲུས་བརྩོན་

Vol. 137 · folio 11b

པའི་རྟེན་བྱེད་པའི་ལས་ཅན་ནོ། །མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་བཞིན་དུ་འཛིན་པའོ། །ངེས་པའི་དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔའི་ཚོགས་ཏེ། ཇི་སྐད་དུ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་

མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་མོས་པ་ནི་ཕུང་པོ་རྣམས་ལ་མོས་པའོ། །ཡང་ན་དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ། དེ་དག་ལ་མོས་པ་ནི་མོས་པ་སྟེ། ངེས་པར་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ཏེ། དེ་ལྟར་

ན་དེ་གཅེས་སུ་བྱེད་པ་ནི་གཞན་གྱིས་འཕྲོགས་པར་མི་ནུས་སོ། །དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ། །འདྲིས་པའི་དངོས་པོ་ནི་སྔོན་མྱོང་བ་ཡིན་པར་རིག་པར་བྱའོ། །རྣམ་པར་མི་གཡེང་བ་ཉིད་དུ་དྲན་པར་དམིགས་པ་གསལ་བར་གྱུར་ན་སེམས་

རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཏིང་ངེ་འཛིན་གང་ཞེ་ན། བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །བརྟགས་པའི་དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ནི་ཕུང་པོ་ལྔའི་ཚོགས་ཏེ། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་དོ། །དེ་ལ་གང་སེམས་

རྩེ་གཅིག་པ་ནི་རྣམ་པར་མི་གཡེང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །རྟེན་བྱེད་པ་ནི་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །ཤེས་རབ་གང་ཞེ་ན། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང་རིགས་པ་མ་ཡིན་པ་སྐྱེད་པ་

དང་གཞན་པའོ། །བརྟག་པའི་དངོས་པོ་ཞེས་བྱ་བའི་ཕུང་པོ་ལྔའི་ཚོགས་དངོས་པོ་དེ་ཉིད་ལ་ཆོས་རྣམས་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པའོ། །སོམ་ཉི་ཟློག་པའི་ལས་ཅན་ཏེ། ཤེས་རབ་ཀྱིས་ཆོས་རབ་ཏུ་རྣམ་པར་ཕྱེ་ན། ངེས་པ་རྙེད་པས་སོམ་ཉི་ཟློག་གོ། །

རིགས་པས་བསྐྱེད་པ་ནི་ཆོས་འདི་པ་རྣམས་ཀྱིའོ། །རིགས་པ་མ་ཡིན་པས་བསྐྱེད་པ་ནི་གྲངས་ཅན་དང་བྱེ་བྲག་པ་རྣམས་ཀྱིའོ། །གཞན་པ་ནི་སྐྱེ་བས་ཐོབ་པ་དང་། འཇིག་རྟེན་གྱི་ཐ་སྙད་ཤེས་པའོ། །ཡུལ་སོ་སོར་ངེས་པ་བཤད་ཟིན་ཏོ། །དགེ་བ་བཅུ་གཅིག་བརྗོད་པར་བྱ་སྟེ། དེ་དག་སྨྲས་པ།

Vol. 137 · folio 12a

དད་པ་གང་ཞེ་ན། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། སེམས་དང་པའོ་ཞེས་བྱ་བའོ། །ལས་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་མཚན་ཉིད་དོ། །བསོད་ནམས་ནི་དགེ་བ་

བཅུའི་ལས་ཀྱི་ལམ་མོ། །བསོད་ནམས་མ་ཡིན་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ་སྦྱོར་བ་དང་། དངོས་གཞི་དང་མཇུག་བསྡུ་བ་དང་བཅས་པའོ། །གཞན་ཡང་གང་འདི་དག་གིས་མ་བསྡུས་པ། གསོད་པ་དང་། འཆིང་བ་དང་། གོ་རར་འཇུག་པ་དང་། རྡེག་པ་ལ་སོགས་པའོ། །མི་གཡོ་བའི་

ལས་ནི་གང་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ་ལས་འདི་ནི་རྣམ་པར་སྨིན་པ་མི་གཡོ་བའི་ཕྱིར་མི་གཡོ་བའོ། །འབྲས་བུ་ནི་རྣམ་པ་བཞི་གསུངས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་།

དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའོ། །འདིར་འབྲས་བུ་ནི་ཉོན་མོངས་པ་དང་བྲལ་བའོ། །ཡང་ན་ལས་དགེ་བའི་འབྲས་བུ་ནི་འདོད་པའོ། །མི་དགེ་བའི་འབྲས་བུ་ནི་མི་འདོད་པའོ། །འཕགས་པའི་བདེན་པ་ནི་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་མོ། །དེ་ལ་སྡུག་

བསྔལ་གྱི་བདེན་པ་ནི་འབྲས་བུར་གྱུར་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཀུན་འབྱུང་བའི་བདེན་པ་ནི་རྒྱུ་སྟེ། སྲེད་པའི་ཉེ་བར་ལེན་པ་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཡོངས་སུ་གཡོ་བའོ། །མདོར་བསྡུ་ན་ཡང་འབྱུང་བའི་ལས་དང་ལྡན་པའི་ཉོན་མོངས་པ་རྣམས་སོ། །འཁོར་བའི་

ཕྱོགས་ཀྱི་དབང་དུ་བྱས་པའོ། །འགོག་པའི་བདེན་པ་ནི་འབྲས་བུ་སྟེ། འགོག་པ་ནི་ཉོན་མོངས་པ་དང་བྲལ་བའོ། །ལམ་གྱི་བདེན་པ་ནི་རྒྱུ་སྟེ། བྲལ་བ་དེ་ཉིད་ཐོབ་པར་བྱེད་པའི་ཐབས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་དབང་དུ་བྱས་པའོ། །འཕགས་པའི་བདེན་པ་ཞེས་བྱ་

བའི་དོན་གང་ཞེ་ན། འདི་དག་འཕགས་པ་རྣམས་ལ་བདེན་པ་སྟེ། དེ་ལྟ་བས་ན་འཕགས་པའི་བདེན་པ་ཞེས་མདོ་ཉིད་ལས་གསུངས་སོ། །ཅི་གཞན་རྣམས་ལ་འདི་དག་བརྫུན་ནམ་འདི་དག་ནི་ཐམས་ཅད་ལ་ཡང་བདེན་པ་སྟེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་ནི་དེ་དག་ཇི་ལྟ་བ་བཞིན་

Vol. 137 · folio 12b

གཟིགས་སོ། །གཞན་དག་གིས་ནི་དེ་ལྟ་མ་ཡིན་ནོ་དེ་ལྟ་བས་ན་དེ་དག་ནི་འཕགས་པ་རྣམས་ལ་བདེན་པ་ཞེས་བྱའོ། །འཕགས་པ་མ་ཡིན་པ་རྣམས་ལ་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར་རོ། །འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱི་སྡུག་བསྔལ་རྟོགས། །གཞན་གྱིས་

བདེ་བར་གང་སྨྲས་པ། །དེ་ནི་འཕགས་པས་སྡུག་བསྔལ་རྟོགས། །ཞེས་ཚིགས་སུ་བཅད་པའོ། །དེ་ལ་ཕུང་པོ་ལྔ་ནི་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་བ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །སེམས་ཅན་དམྱལ་བ་

དང་། དུད་འགྲོ་རྣམས་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །གཟུགས་ཅན་གྱི་ལྷ་རྣམས་དང་མི་རྣམས་ལ་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །གཟུགས་མེད་པ་རྣམས་ལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །འཕགས་པ་རྣམས་ཀྱིས་ནི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་

སྡུག་བསྔལ་བར་གཟིགས་ཏེ། འདིར་སྨྲས་པ། ལག་མཐིལ་སྤུ་ཉག་གཅིག་གཞག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །མིག་ཏུ་སོང་ན་དེ་ཉིད་ཀྱིས། །མི་དགའ་བ་དང་གནོད་བསྐྱེད་བཞིན། །བྱིས་པ་དག་ནི་ལག་མཐིལ་འདྲ། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་

རྣམས་ནི་མིག་དང་འདྲ། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཇི་ལྟར་འཕགས་པ་རྣམས་ནི་སྲེད་པ་རྩེ་མོ་ལ་ཡང་སྡུག་བསྔལ་གྱི་བློ་འཇུག་པ་སྟེ་དེ་ལྟར་བྱིས་པ་རྣམས་ནི་མཚམས་མེད་པའི་ཕུང་པོ་རྣམས་ལ་ཡང་སྡུག་བསྔལ་གྱི་བློ་ཡིས་མི་འཇུག་གོ། །དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དཀོན་

མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ། །དེ་ལ་སངས་རྒྱས་དཀོན་མཆོག་ནི་བག་ཆགས་དང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཐུགས་སུ་ཆུད་པའི་བདག་ཉིད་འབྱོར་པ་ཐམས་ཅད་ཀྱི་གནས། རྣམ་པར་མི་རྟོག་པའི་ཡེ་ཤེས་

ཁྱད་པར་འཕགས་པ་ཆོས་ཀྱི་སྐུར་གྱུར་པའོ། །དེ་ཡང་ཡོན་ཏན་ཇི་སྙེད་ཅིག་དང་ལྡན་པར་རིག་པར་བྱ་ཞེ་ན། ཤིན་ཏུ་ཡོངས་སུ་དག་པའི་ཚད་མེད་པ་བཞི་དང་། ཤིན་ཏུ་ཡོངས་སུ་དག་པའི་རྣམ་པར་ཐར་པ་བརྒྱད་དང་། དེ་བཞིན་དུ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་།

Vol. 137 · folio 13a

ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང་། སྟོབས་བཅུ་དང་། མི་

འཇིགས་པ་བཞི་དང་། བསྲུང་བ་མེད་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཅན་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་གི་ཡེ་ཤེས་དང་ལྡན་

བ་སྟེ། ཡོན་ཏན་གྱི་ཚོགས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །མདོར་བསྡུ་ན་ཟག་པ་མེད་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་། དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་

ཕུང་པོ་དཔག་ཏུ་མེད་པ་སྟེ། འདི་དག་ཀྱང་གནས་གྱུར་པའི་མཚན་ཉིད་དུ་བལྟ་བར་བྱའོ། །ཆོས་ནི་རྣམ་པ་གསུམ་སྟེ། བསྟན་པའི་ཆོས་དང་། ལམ་གྱི་ཆོས་དང་། དོན་དམ་པའི་ཆོས་སོ། །དེ་ལ་བསྟན་པའི་ཆོས་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའོ། །ལམ་གྱི་ཆོས་ནི་འཕགས་

པའི་ལམ་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དོན་དམ་པའི་

ཆོས་ནི་མྱ་ངན་ལས་འདས་པ་སྟེ། སོ་སོར་བརྟགས་པའི་འགོག་པ། ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོའི་ལྷག་མ་མེད་པ་ལས་དང་ཉོན་མོངས་པ་དང་། སྐྱེ་བ་དང་བྲལ་བའི་རང་བཞིན་ནོ། །དགེ་འདུན་ནི་འཕགས་པའི་སྐྱེས་བུ་གང་ཟག་ཡ་བརྒྱད་དོ། རྒྱུན་

དུ་ཞུགས་པ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱ་བའི་ཕྱིར་

Vol. 137 · folio 13b

ཞུགས་པ་དང་། དགྲ་བཅོམ་པའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ནི། མཐོང་བའི་ལམ་ལ་གནས་པ་སྟེ། མཐོང་བའི་ལམ་ནི་སྐད་ཅིག་མ་བཅོ་ལྔ་ལ་བྱའོ། །བཅུ་དྲུག་པ་ལ་ནི་འབྲས་བུ་གནས་པ་སྟེ། རྒྱུན་དུ་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུན་དུ་ཞུགས་པ་ཞེས་བྱ་བའི་

དོན་གང་ཞེ་ན། ལམ་ནི་མྱ་ངན་ལས་འདས་པའི་རྒྱུན་ཏེ། དེ་དེ་ནས་འགྲོ་བའི་ཕྱིར་རོ། །དེ་དེར་ཞུགས་ཤིང་ཕྱིན་ལ་ཐོབ་པའི་ཕྱིར་རྒྱུན་དུ་ཞུགས་པའོ། །དེ་ནི་རྣམ་པ་གཉིས་ཏེ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བའོ། །ཀུན་ཏུ་སྦྱོར་བ་བདུན་ལུས་ཏེ། ཐ་མའི་ཆ་དང་

མཐུན་པ་ཉིད་དང་། གོང་མའི་ཆ་དང་མཐུན་པ་ལྔ་ལུས་པའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེ་བ་རྣམ་པ་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ལྷའི་ནང་དུ་རིགས་ལན་གཉིས་སམ་གསུམ་བླངས་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་གང་མིའི་ནང་དེར་

རམ། གླིང་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་ཉིད་འབྲས་བུ་ལ་གནས་པ་ཞེས་བྱའོ། །རྣམ་པ་ལྔའི་བར་བཅོམ་པ་ལ་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པ་ཞེས་བྱའོ། །རྣམ་པ་དག་ཟད་པ་ནི་ལན་ཅིག་ཕྱིར་འོང་བ་ཉིད་ཡིན་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ཞེས་བྱ་བའི་

ཐ་ཚིག་གོ། །ལྷའི་ནང་དུ་སོང་སྟེ་མིའི་འཇིག་རྟེན་དུ་ལན་ཅིག་ཕྱིར་འོང་བ་དང་ལན་ཅིག་ཕྱིར་མི་འོང་ཕན་ཆད་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་ཉིད་འབྲས་བུ་ལ་གནས་པའོ། །ཉེས་ཆ་བདུན་དང་བརྒྱད་ཟད་པ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །དེ་ཉིད་བར་ཆད་གཅིག་ཅེས་བྱ་སྟེ། ཚེ་གཅིག་

ལས་པའི་ཕྱིར་རོ། །གསུམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དགུ་པ་ཟད་པས་ཕྱིར་མི་འོང་བ་རྣམ་པ་དགུ་ཟད་པས་ཕྱིར་མི་འོང་བར་བ་ལྟའོ། །འདོད་པའི་ཁམས་སུ་ཕྱིར་མི་འོང་བའི་ཕྱིར་ཕྱིར་མི་འོང་བ་ཞེས་བརྗོད་དོ། །སྲིད་རྩེའི་བར་ཆ་བརྒྱད་ཟད་པ་དགྲ་བཅོམ་པ་ཉིད་

ལ་ཞུགས་པ་སྟེ། ཕྱིར་མི་འོང་བ་དེ་ཉིད་བསམ་གཏན་དང་པོའི་རྣམ་པ་གཅིག་ལ་འདོད་ཆགས་དང་བྲལ་བར་གྱུར་པ་ནས་སྲིད་པའི་རྩེ་མོའི་བར་གྱི་བརྒྱད་སྤངས་པ་ནི་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དགུ་པའི་བར་ཆད་མེད་པའི་ལམ་ལ་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཉིད་ལ་བལྟའོ། །བར་

Vol. 137 · folio 14a

ཆད་མེད་པའི་ལམ་དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། བག་ལ་ཉལ་བ་ཐམས་ཅད་ཤིགས་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འོག་ཏུ་ཕྱི་མ་རྣམ་པར་གྲོལ་བའི་ལམ་སྟེ། དེ་ཉིད་ཟད་པ་ཤེས་པའོ། །ཟག་པ་ཐམས་ཅད་ཟད་པ་ཐོབ་པ་དང་། ལྷན་ཅིག་སྐྱེས་པའི་ཕྱིར་

དེ་ཟད་པའི་ཤེས་པ་སྟེ། ཐོག་མར་མི་སློབ་པ་ཡིན་ནོ། །དགྲ་བཅོམ་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཡང་ཡིན་ནོ། །འབྲས་བུ་གཞན་ཐོབ་པར་བྱ་བའི་ཕྱིར་བསླབ་པ་མེད་པས་མི་སློབ་པའོ། །བདག་དང་གཞན་གྱི་དོན་བྱེད་པར་འོས་པ་དང་། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་

མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །དེ་ལྟར་མདོར་བསྡུ་ན་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་ནི་དགེ་འདུན་ནོ། །ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་དེ་དག་ལ་མངོན་པར་ཡིད་ཆེས་པ་ནི་དད་པ་སྟེ། དད་པ་དང་འདོད་པའོ། །འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །

དད་པ་བཤད་ཟིན་ཏོ། །ངོ་ཚ་ཤེས་པ་གང་ཞེ་ན། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་འཛེམ་པའོ། །བདག་ཉིད་ཀྱི་དབང་དུ་བྱས་པ་ནི། བདག་རིགས་ཀྱི་བུ་ཡིན་ན་ཇི་ལྟར་སྡིག་པ་བྱ་སྙམ་པའོ། །ཆོས་ཀྱི་དབང་དུ་བྱེད་པ་ནི་ངན་འགྲོས་འཇིགས་པའི་རྒྱུས་བདག་ཉིད་ཁ་ན་མ་ཐོ་བས་

འཛེམ་པའོ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་སྡིག་པའོ། །འཛེམ་པ་ནི་སྡིག་པ་མི་བྱེད་པའོ། །ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་གང་ཞེ་ན། འཇིག་རྟེན་པའི་དབང་དུ་བྱས་ཏེ། ཁ་ན་མ་ཐོ་བས་འཛེམ་པའོ། །མེད་པ་

དང་ཕ་རོལ་གྱིས་བྱས་པས་འཇིགས་པའི་ཕྱིར་ཕ་རོལ་ལ་སྡིག་པས་འཛེམ་པའོ། །དེ་ཉིད་ཀྱི་ལས་ཅན་ནོ། །མ་ཆགས་པ་གང་ཞེ་ན། ཆགས་པའི་གཉེན་པོ་སྟེ། །ཡིད་བྱུང་ཞིང་མི་ལེན་པའོ། །ཆགས་པ་ཞེས་བྱ་བ་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཀུན་ཏུ་ཆགས་པ་གང་ཡིན་པའོ། །དེའི་

གཉེན་པོ་ནི་མ་ཆགས་པ་སྟེ། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཀུན་ཏུ་ཆགས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཡིད་བྱུང་བ་ནི་འཁོར་བའི་ཉེས་དམིགས་ཡོངས་སུ་ཤེས་པའོ། །ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་དུ་བྱེད་པའི་ལས་ཅན་ནོ། །ཞེ་སྡང་མེད་པ་གང་ཞེ་ན། ཞེ་སྡང་གི་གཉེན་

Vol. 137 · folio 14b

པོ་སྟེ་བྱམས་པའོ། །སེམས་ཅན་རྣམས་ལ་རྣམ་པ་ཀུན་ནས་མནར་སེམས་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །གཏི་མུག་མེད་པ་གང་ཞེ་ན། གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོགས་པའོ། །གཏི་མུག་ནི་མི་ཤེས་

པའོ། །ཡང་དག་པ་ནི་མདོར་བསྡུ་ན་འཕགས་པའི་བདེན་པ་བཞིའོ། །རྒྱས་པར་བྱ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པའོ། །དེ་རྟོགས་པ་ནི་ཤེས་པའོ། །རྣམ་པར་སྨིན་པའི་རྟོགས་པ་ནི་སྐྱེ་བས་ཐོབ་པའི་ཤེས་པའོ། །ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བ་ནི་

ལུང་ལས་སོ། །བསྒོམས་པ་ལས་བྱུང་བ་ནི་ཐོབ་པ་ལས་སོ། །སོ་སོར་བརྟགས་པ་ཞེས་བྱ་སྟེ། ཤེས་རབ་དང་བརྩོན་འགྲུས་དང་ལྡན་པར་ཡང་བལྟའོ། །ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྩོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་

མངོན་པར་སྤྲོ་བའོ། །གོ་ཆ་དང་། སྦྱོར་བ་དང་། མ་ཞུམ་པ་ཉིད་དང་། མི་ལྡོག་པ་དང་། ཆོག་པར་མི་འཛིན་པའོ། །དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་གྲུབ་པའི་ལས་ཅན་ནོ། །ཤིན་ཏུ་སྦྱངས་པ་གང་ཞེ་ན། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་

རུང་བ་ཉིད་དོ། །གནས་ངན་ལེན་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། དེ་དག་ཤིན་ཏུ་སྦྱངས་པའོ། །སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །སྒྲིབ་པ་ཐམས་ཅད་སེལ་བ་ནི་དེའི་དབང་གིས་གནས་གྱུར་པར་བལྟ་བའོ། །བག་ཡོད་པ་གང་ཞེ་ན། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་

ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དགེ་བའི་ཆོས་རྣམས་ཀྱང་བསྒོམས་པའོ། །བག་མེད་པ་ནི་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་ཞེས་བྱ་བའོ། །དེའི་གཉེན་པོ་ནི་བག་ཡོད་པ་སྟེ། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་

མེད་པ་དང་། བརྩོན་འགྲུས་དང་ཆོས་བཞི་པོ་དེ་དག་ལ་གནས་ཏེ། མི་དགེ་བའི་ཆོས་རྣམས་སྤོང་བའོ། །དེ་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཏེ། འདིར་ནི་ཟག་པ་རྣམས་དང་། ཟག་པའི་གནས་ཡུལ་རྣམས་ཡིན་པར་རིག་པར་བྱའོ། །དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་

Vol. 137 · folio 15a

བསྒོམས་པ་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་ཀྱི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་དག་ལ་བག་ཡོད་པ་གདགས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལས་

ཅན་ནོ། །བཏང་སྙོམས་གང་ཞེ་ན། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་། སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གིས་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ནས་ཉོན་མོངས་པ་ཅན་མེད་པར་

གནས་པ་ཡིན་ནོ། །མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་ཀྱི་མཚན་ཉིད་ཀྱི་ཆོས་དེ་དག་ཉིད་ཀྱི་གནས་སྐབས་གཞན་ལ་བཏང་སྙོམས་ཞེས་བྱ་སྟེ། འདི་ལྟར་བཏང་སྙོམས་དང་ལྡན་པའི་སེམས་ལ་བྱིང་བ་ལ་སོགས་པའི་མི་མཉམ་པ་མེད་པས་འདིར་སེམས་མཉམ་

པ་ཉིད་དོ། །དེའི་འོག་ཏུ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་རྣལ་དུ་འཇུག་པའོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་དོགས་པ་མེད་པས་ལྷུན་གྱིས་གྲུབ་པར་གནས་པ་ཞེས་བྱའོ། །དེ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་ཕྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་

མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ། སྙིང་རྗེ་བའོ། །རྣམ་པར་འཚེ་བ་ནི་སེམས་ཅན་ལ་རྣམ་པར་ཐོ་འཚམས་པ་སྟེ། དེའི་གཉེན་པོར་གྱུར་པ་ཞེ་སྡང་མེད་པའི་ཆ་ཅན་སྙིང་རྗེ་བའི་སེམས་ཉིད་དོ། །རྣམ་པར་ཐོ་མི་འཚམས་པའི་ལས་ཅན་ནོ། རྣམ་པར་མི་འཚེ་བ་ཡང་ཞེ་སྡང་མེད་པ་ལས་

གུད་ན་མེད་པས་བཏགས་པའི་ཡོད་པར་རིག་པར་བྱའོ། །དགེ་བ་རྣམས་བཤད་ཟིན་ཏོ། །ཉོན་མོངས་པ་དྲུག་བརྗོད་པར་བྱ་སྟེ། དེ་དག་སྨྲས་པ། འདོད་ཆགས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེན་པ་དང་། ལྷག་པར་ཆགས་པའོ། །ཉེ་བར་ལེན་པ་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་

ཏེ། རྩྭ་དང་སོག་མའི་མེ་བཞིན་ནོ། །དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །ཉེ་བར་ལེན་པ་ལ་རག་ལས་པས་རྒྱལ་པོའི་མི་བཞིན་ནོ། །དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་གང་ཡིན་པ་དེ་དག་ནི་ཕུང་པོ་རྣམས་ཀྱང་

Vol. 137 · folio 15b

ཡིན་ལ། ཕུང་པོ་གང་ཡིན་པ་དེ་དག་ནི་གདོན་མི་ཟ་བར་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པར་འགྲུབ་པ་སྟེ། དགྲ་བཅོམ་པའི་ཕུང་པོ་རྣམས་ནི་ཟག་པ་མེད་པའོ། །དེ་ལྟ་བུའི་རང་བཞིན་ཅན་དེ་དག་ལ་ཆགས་པ་ནི་ཁམས་གསུམ་པའི་རྗེས་སུ་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་ཀུན་

བསྐྱེད་པའི་ལས་ཅན་ནོ། །སྲིད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་པོ་འགྲུབ་པའི་ཕྱིར་རོ། །ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པའོ། །ཐོགས་པ་དང་འདྲ་བས་ཁོང་ཁྲོ་བའོ། །ཕུང་པོ་ལྔའི་ཚོགས་ཀྱི་རྒྱུན་ལ་སེམས་ཅན་ཞེས་བཏགས་ཏེ། སེམས་ཅན་དེ་དག་

ལ་ཀུན་ནས་མནར་སེམས་པའོ། །ཇི་སྐད་དུ་བདག་ལ་གནོད་པ་བྱས་སོ་བྱེད་དོ། །བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་འབྱུང་སྟེ། རབ་ཏུ་འཁྲུག་གོ། །གང་བདག་གི་མཛའ་བོ་དེ་ལ་གནོད་པར་བྱས་སོ། །བྱེད་དོ་བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་འབྱུང་སྟེ། རབ་ཏུ་འཁྲུག་

གོ། །གང་བདག་གི་མི་མཛའ་བ་དེའི་དོན་བྱས་སོ། །དོན་བྱེད་དོ། །དོན་བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་འབྱུང་སྟེ། རབ་ཏུ་འཁྲུག་གོ་ཞེས་གསུངས་པ་ལྟ་བུའོ། །བདེ་བ་ལ་རེག་པར་མི་གནས་པ་དང་ཉེ་བར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །རེག་པར་མི་གནས་པ་ནི་

ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པ་དང་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །ང་རྒྱལ་གང་ཞེ་ན། ང་རྒྱལ་རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་།

ལོག་པའི་ང་རྒྱལ་ལོ། །ང་རྒྱལ་ཐམས་ཅད་ཀྱི་མཚན་ཉིད་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པར་ང་རྒྱལ་ཐམས་ཅད་ཀྱི་མཚན་ཉིད་བྱེ་བྲག་མེད་དོ། །མི་གུས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །མི་གུས་པ་ནི་བླ་མ་རྣམས་དང་ཡོན་ཏན་ཅན་རྣམས་ལ་འགྱིང་བའོ། །བྱེ་བྲག་

གི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་སྨྲས་པ། ང་རྒྱལ་གང་ཞེ་ན། ཆུང་བ་བས་ཀྱང་བདག་ཆེ་བའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་བའོ་ཞེས་བྱའོ། །བདག་ཆེ་སྙམ་པའམ། མཚུངས་པ་ལ་མཚུངས་སོ་སྙམ་པ་གཉི་གར་སེམས་ཁེངས་པ་ཡང་ང་རྒྱལ་ལོ། །ཆེ་བའི་

Vol. 137 · folio 16a

ང་རྒྱལ་གང་ཞེ་ན། མཚུངས་པ་བས་བདག་ཆེ་བའམ། ཆེ་བ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །འདིར་ཡང་མཚུངས་པ་བས་བདག་ཁྱད་པར་དུ་འཕགས་པའམ། མཚུངས་སོ་སྙམ་པ་གཉི་གར་སེམས་ཁེངས་པ་ཡང་ཆེ་བའི་ང་རྒྱལ་ལོ། །ང་

རྒྱལ་ལས་ཀྱང་ང་རྒྱལ་གང་ཞེ་ན། ཆེ་བ་བས་ཀྱང་བདག་ཆེའོ་སྙམ་པའི་སེམས་ཁེངས་པ་གང་ཡིན་བའོ། །དགེ་བསྙེན་པས་ནི་དགེ་ཚུལ་ཆེ་ན། དགེ་བསྙེན་དེ་འདི་སྙམ་དུ་དགེ་ཚུལ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་དུ་སེམས་ཁེངས་པར་བྱེད་པ་འདི་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་

ཞེས་བྱའོ། །ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ། །གཟུགས་ལ་སོགས་པ་ལ་འདུན་པ་དང་། འདོད་ཆགས་ནི་ཉེ་བར་ལེན་པ་སྟེ། དེ་ལ་འདུན་པས་ནི་མ་འོངས་པའི་ལུས་

འདོད་པའི་སྒོ་ནས་ལེན་ཏེ། དེས་མ་འོངས་པའི་ཕུང་པོ་འགྲུབ་པོ། །འདོད་ཆགས་ཀྱིས་ནི་ད་ལྟར་གྱི་ལུས་ལ་ལྷག་པར་ཞེན་པའི་སྒོ་ནས་ལེན་ཏེ། དེས་ད་ལྟར་གྱི་ཕུང་པོ་མི་འདོར་རོ། །དེ་ལྟ་བས་ན་འདི་གཉིས་ནི་ཉེ་བར་ལེན་པ་ཞེས་བྱའོ། །དེ་དག་དང་ལྡན་པ་ནི་ཕུང་པོ་རྣམས་ཏེ། དེ་ལྟར་བདག་མེད་

པའི་ཕུང་པོ་དེ་དག་ལ་བདག་ཡོད་དོ་སྙམ་དུ་རློམ་སེམས་པའམ། བདག་གི་ཕུང་པོའོ་སྙམ་དུ་སེམས་པ་དེ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །གོང་མའི་ཁྱད་པར་ཐོབ་

བར་བྱ་བ་ནི་འབྲས་བུ་དང་། བསམ་གཏན་དང་། སྙོམས་པར་འཇུག་པ་ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐོབ་པར་བདག་གིས་བརྩལ་འབད་དེ་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མ་ནི་ལྟུང་བར་འགྱུར་ཏེ། མངོན་པའི་ང་རྒྱལ་ནི་མ་གཏོགས་སོ་

ཞེས་གསུངས་པ་ལྟ་བུའོ། །ཅུང་ཟད་སྙམ་པའི་ང་རྒྱལ་གང་ཞེ་ན། ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །མཚུངས་པའམ། ལྷག་སྙམ་པའི་ང་རྒྱལ་དུ་རུང་ན་གང་བདག་ཆུང་སྙམ་པ་དེ་ཇི་ལྟར་ང་རྒྱལ་དུ་འགྱུར། སྨྲས་པ། འཇིག་

Vol. 137 · folio 16b

རྟེན་ན་དངོས་པོ་ངན་པ་ལ་ཡང་ཁེངས་པ་མཐོང་སྟེ། ང་ནི་རྒྱལ་པོའི་མི་ཡིན་གྱི་ང་མི་ཕལ་པ་ནི་མ་ཡིན་ནོ་སྙམ་པའོ། །ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ལོག་པའི་ང་རྒྱལ་ཞེས་བྱ་བ་ནི་བརྫུན་པའི་ང་རྒྱལ་ལོ། །

ཡོན་ཏན་མ་ཡིན་པ་དང་ལྡན་པ་ཞེས་བྱ་བ་ནི་ཡོན་ཏན་དང་ལྡན་པ་མ་ཡིན་པ་སྟེ། ཡོན་ཏན་དང་ལྡན་པ་མ་ཡིན་པ་དེ་ལ་མི་དགག་པའོ། །ཡོན་ཏན་ནི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་སྟེ། དེ་དག་བདག་ལ་མེད་བཞིན་དུ་བདག་ཚུལ་ཁྲིམས་དང་ལྡན་ནོ། །ཡོན་ཏན་དང་ལྡན་ནོ་སྙམ་དུ་གང་སེམས་ཁེངས་

པ་ནི་ལོག་པའི་ང་རྒྱལ་ལོ། །མ་རིག་པ་གང་ཞེ་ན། ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་རྣམས་མི་ཤེས་པ་སྟེ། ཁོང་དུ་མི་ཆུད་པ་དང་། མངོན་པར་མི་རྟོགས་པ་དང་། མུན་པ་དང་། ཀུན་ཏུ་གཏི་མུག་པ་དང་། མུན་ནག་ཅེས་བྱ་བ་འདི་དག་ནི་མ་རིག་པའི་རྣམ་གྲངས་སུ་གཏོགས་པའོ། །

ལས་ནི་རྣམ་པ་གསུམ་སྟེ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་མཚན་ཉིད་དོ། །འབྲས་བུ་ནི་རྣམ་པ་བཞི་སྟེ། རྒྱུན་དུ་ཞུགས་པ་ལ་སོགས་པའོ། །བདེན་པ་ནི་བཞི་སྟེ་སྡུག་བསྔལ་ལ་སོགས་པའོ། །དཀོན་མཆོག་ནི་གསུམ་སྟེ། དེ་དག་མི་ཤེས་པ་ནི་མ་རིག་པའོ། །ལྷན་

ཅིག་སྐྱེས་པ་ནི་མ་འདྲེས་པའོ། །ཀུན་ཏུ་བརྟགས་པ་ནི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །ཡང་ན་ཀུན་ཏུ་བརྟགས་པ་ན་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱིའོ། །ལོག་པར་ངེས་པ་དང་། ཐེ་ཚོམ་དང་། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ལོག་པར་ངེས་པ་ནི་ཕྱིན་

ཅི་ལོག་ཏུ་ཤེས་པའོ། །ཐེ་ཚོམ་ནི་ནེམ་ནུར་རོ། །ཉོན་མོངས་པ་འབྱུང་བ་ནི། འདོད་ཆགས་ལ་སོགས་པ་ལ་ཀུན་ཏུ་སྤྱོད་པའོ། །དེའི་རྟེན་བྱེད་པ་ནི་ཉོན་མོངས་པ་ཐམས་ཅད་འབྱུང་བར་རིག་པར་བྱའོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། འདོད་པ་ན་སྤྱོད་པའི་མ་རིག་པ་དེ་དག་ནི་མི་

དགེ་བའི་རྩ་བ་གསུམ་སྟེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་མི་དགེ་བའི་རྩ་བའོ། །ལྟ་བ་གང་ཞེ་ན། ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །

Vol. 137 · folio 17a

འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ནི་འཇིག་པར་འགྱུར་བས་འཇིག་པའོ། །བསགས་པས་ཚོགས་ཏེ། འཇིག་ཚོགས་ནི་མང་པའོ། །དེ་ལ་

ལྟ་བ་ནི་བདག་ཕུང་པོ་ལས་གུད་ན་ཡོད་པ་དང་། ཕུང་པོ་རྣམས་ནི་བདག་གི་ཡིན་པར་ལྟ་བའོ། །ཅིའི་ཕྱིར་དེ་སྐད་བཤད། སྨྲས་པ། འཇིག་ཅེས་བྱ་བ་ནི་རྟག་པའི་འདུ་ཤེས་སྤང་བར་བྱ་བའི་ཕྱིར་རོ། །ཚོགས་ཞེས་བྱ་བ་ནི་གཅིག་པའི་འདུ་ཤེས་སྤང་པའི་ཕྱིར་ཏེ། འདིར་ནི་མི་རྟག་པ་འདུས་པ་

ཡིན་པས་འདི་ལ་བདག་མེད་དོ་ཞེས་བསྟན་པའོ། །ལྟ་བར་གྱུར་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །མཐར་འཛིན་པར་ལྟ་བ་གང་ཞེ་ན། དེ་ཉིད་ཀྱི་དབང་དུ་བྱས་ནས་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཇིག་ཚོགས་ལ་ལྟ་

བའི་དབང་དུ་བྱས་ཞེས་བྱ་བ་ནི་བདག་པོར་བྱས་པའོ། །རྟག་པ་ཞེས་བྱ་བ་ནི་མཐའ་སྟེ། བདག་ཐམས་ཅད་དུ་སོང་བ་དང་། རྟག་པ་དང་། གཙོ་བོ་ཞེས་བྱ་བ་ལ་སོགས་པའོ། །ལུས་རྣམས་ནི་རྩྭ་དང་འཇིམ་པ་ལྟ་བུ་སྟེ། འདི་ནི་རྟག་པའི་མཐའ་ཅན་གྱི་མཐར་འཛིན་པར་ལྟ་བའོ། །ཆད་པའི་བདག་ཉིད་ནི་ནང་

ན་བྱེད་པའི་སྐྱེས་བུ་ཡོད་པ་དེ་ཤི་ཕན་ཆད་མེད་དེ། དཔེར་ན་བུམ་པ་ཆག་ནས་ཡང་མི་འབྱུང་བ་བཞིན་ནོ། །དབུ་མའི་ལམ་གྱིས་ངེས་པར་བྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་གང་ཞེ་ན། རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་འཇིག་པའི་

ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །རྒྱུ་ནི་ལས་དང་ཉོན་མོངས་པའོ། །དེ་དག་ཀྱང་ཡན་ལག་ལྔར་འགྱུར་ཏེ། ཉོན་མོངས་པ་ནི་མ་རིག་པ་དང་། སྲིད་པ་དང་ལེན་པའོ། །ལས་ནི་འདུ་བྱེད་དང་སྲིད་པའོ། །ཡང་ན་འདིར་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཏེ། ཇི་སྐད་

དུ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལས་ཀྱི་རྣམ་པར་སྨིན་པ་གང་མ་འོངས་པ་ན་འབྲས་བུ་འབྱིན་ནུས་པ་དེ་ཡང་སྲིད་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །འདི་ལ་སྐུར་པ་འདེབས་པ་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །འབྲས་བུ་ལ་ཡན་ལག་བདུན་ཏེ། རྣམ་པར་ཤེས་པ་དང་། མིང་དང་

Vol. 137 · folio 17b

གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་ཞེས་བྱ་བ་རྣམས་སོ། །འདི་ལ་སྐུར་བ་འདེབས་པ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །ཡང་ན་མདོར་བསྡུ་ན་ལེགས་པར་སྤྱད་པ་ཡང་མེད་ཉེས་པར་སྤྱད་པ་ཡང་མེད་དོ་ཞེས་བྱ་བ་འདི་ནི་རྒྱུ་ལ་སྐུར་

པ་འདེབས་པའོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་ནི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་འབྱུང་བ་མེད་དོ་ཞེས་བྱ་བ་ནི་བྱེད་

པ་ལ་སྐུར་བ་འདེབས་པའོ། །འཇིག་རྟེན་གཞན་དུ་འགྲོ་བ་དང་། འོང་བའི་བྱེད་པ་དང་། ས་བོན་འདེབས་པའི་བྱེད་པ་དང་། ཉིང་མཚམས་སྦྱོར་བའི་བྱེད་པ་ལ་སྐུར་བ་འདེབས་པའི་ཕྱིར་རོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཡོད་པའི་དངོས་པོ་འཇིག་པའོ། །

དགེ་བའི་རྩ་བ་རྒྱུན་གཅོད་པའི་ལས་ཅན་དང་། མི་དགེ་བའི་རྩ་བ་དམ་དུ་འཛིན་པའི་ལས་ཅན་དང་། མི་དགེ་བ་ལ་འཇུག་པའི་ལས་ཅན་དང་། དགེ་བ་ལ་མི་འཇུག་པའི་ལས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང་། དེའི་གནས་ཕུང་པོ་རྣམས་

ལ་མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། དམ་པར་ཡང་དག་པར་རྗེས་སུ་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ལ། ལྟ་བ་རྣམ་པ་གསུམ་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་མཐར་འཛིན་པར་ལྟ་བའོ། །དེའི་གནས་ཕུང་པོ་

ཞེས་བྱ་བ་ནི་ལྟ་བའི་གནས་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། དམ་པར་ཤེས་རབ་ཀྱིས་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་ངན་

པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ཕུང་པོ་རྣམས་ལ་འདག་པ་དང་། གྲོལ་བ་དང་། ངེས་པར་འབྱིན་པ་ཡང་དག་པར་རྗེས་སུ་ལྟ་བའི་ཤེས་རབ་ཉོན་

Vol. 137 · folio 18a

མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ལྟ་བ་ངན་པ་སྔོན་དུ་སོང་བར་རིག་པར་བྱའོ། །ཚུལ་ཁྲིམས་ནི་བདུན་སྤངས་པའོ། །བརྟུལ་ཞུགས་ནི་ཁྱི་དང་བ་ལང་གི་བརྟུལ་ཞུགས་དང་། དབྱུ་གུ་རྩེ་གསུམ་པ་དང་མགོ་འབྲེག་པ་ལ་སོགས་

པ་དང་། གྲངས་ཅན་གྱི་རྣལ་འབྱོར་ཤེས་པ་ལ་སོགས་པ་ནི། ཐར་པའི་ལམ་གྱི་རྒྱུ་མ་ཡིན། དབང་ཕྱུག་ཆེན་པོ་དང་། སྐྱེ་དགུའི་བདག་པོ་དང་། མེ་དང་ཆུར་འཇུག་པ་ལ་སོགས་པ་ནི་མཐོ་རིས་ཀྱི་རྒྱུ་མ་ཡིན་ན་དེ་དག་ལ་རྒྱུར་ལྟ་བའོ། །དེའི་གནས་ཕུང་པོ་རྣམས་ཞེས་བྱ་བ་ནི་ཚུལ་ཁྲིམས་

ལ་སོགས་པའི་གནས་ཞེས་བྱ་བའི་ཐ་ཚིག་གོ། །འདག་པ་ཞེས་བྱ་བ་ནི་གོང་དུ་སྨོས་པ་དེས་འདག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གྲོལ་བ་ཞེས་བྱ་བ་ནི་ཐབས་འདིས་ཉོན་མོངས་པ་རྣམས་ལས་གྲོལ་བར་འགྱུར་བའོ། །ངེས་པར་འབྱིན་པ་ཞེས་བྱ་བ་ནི་འཁོར་བ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་

གོ། །ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ཏེ། ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་གང་ཞེ་ན། བདེན་པ་ལ་སོགས་པ་ལ་ཡང་ཡིད་གཉིས་ཟ་བའོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་

རྣམས་ལ་སྦྱར་རོ། །དེ་དག་ལ་ཡོད་དམ་མེད་ཅེས་ཡིད་གཉིས་སུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །དེས་དགེ་བའི་ཕྱོགས་ལ་མི་འཇུག་པ་སྟེ། ངེས་པ་མ་རྙེད་པས་བར་སྐབས་ནས་མི་རྩོམ་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ལས་ལྷན་

ཅིག་སྐྱེས་པ་ནི་དུ། ཀུན་ཏུ་བརྟགས་པ་ནི་དུ་ཞེ་ན། སྨྲས་པ། ལྟ་བ་འོག་མ་གསུམ་དང་། ཐེ་ཚོམ་ནི་ཀུན་ཏུ་བརྟགས་པའོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་སྟེ། དེ་དག་ནི་ཀུན་ཏུ་བརྟགས་

པ་ཉིད་དོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའོ་ཞེས་བྱ་བ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་སྦྱར་རོ། འདི་དག་གི་རྣམ་གྲངས་ནི་བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་དང་།

Vol. 137 · folio 18b

ཉོན་མོངས་པ་དང་། ཟག་པ་དང་བཅས་པ་དང་། རྙོག་པ་དང་། ཆུ་བོ་དང་། སྦྱོར་བ་དང་། ཡོན་པོ་དང་། བསྐུས་པ་ཞེས་བྱ་བ་ལ་སོགས་པའོ། །ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །ཉེ་བའི་ཉོན་མོངས་པ་རྣམས་བརྗོད་པར་བྱ་སྟེ། དེ་དག་སྨྲས་པ། ཁྲོ་བ་གང་ཞེ་ན། །

འཕྲལ་དུ་གནོད་པར་བྱེད་པ་ལ་གནས་ཏེ། གང་སེམས་ཀྱིས་ཀུན་ནས་མནར་སེམས་པའོ་ཞེས་བྱ་བ་ལ། འཕྲལ་དུ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་སྟེ། དེ་ལ་གནོད་པར་བྱེད་པའི་རྒྱུ་དེ་ལ་ཁོང་ཁྲོ་བའི་ཆར་གཏོགས་པའི་སེམས་ཀྱིས་ཀུན་ནས་མནར་སེམས་པའོ། །དབྱིག་པ་དང་། རྡེག་པ་དང་།

མཚོན་གྱིས་འདེབས་པ་ལ་སོགས་པ་ཉེས་པ་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲོ་བ་ལ་སོགས་པ་ཡང་ཁོང་ཁྲོ་བ་ལ་སོགས་པ་ལས་གུད་ན་མེད་པའི་ཕྱིར་བརྟགས་པའོ། །ཁོན་དུ་འཛིན་པ་གང་ཞེ་ན། མདུད་པར་འཛིན་པའོ། ཁྲོས་པའི་འོག་ཏུ་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་མདུད་

པར་འཛིན་པ་མི་གཏོང་བའོ། །མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ཏེ། མི་བཟོད་པ་ནི་དང་དུ་མི་ལེན་པའོ། །འཆབ་པ་གང་ཞེ་ན། བདག་གི་ཁ་ན་མ་ཐོ་བ་མཁྱུད་པའོ། །ཡང་དག་པར་བསྐུལ་བ་ན་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོ་བ་མཁྱུད་པའོ། །འགྱོད་པས་རེག་པར་མི་

གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འདི་ནི་ཆོས་ཉིད་དེ་ཁ་ན་མ་ཐོ་བ་འཆབ་ན་འགྱོད་པར་འགྱུར་ཏེ། དེས་ན་རེག་པར་མི་གནས་སོ། །འཚིག་པ་གང་ཞེ་ན། ཚིག་བརླང་པོས་ཞེར་འདེབས་པ་ཉིད་དོ་ཞེས་བྱ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བའོ། །སེམས་ཀྱིས་ཀུན་ནས་མནར་

སེམས་པ་སྟེ། ཚིག་བརླང་བོ་ནི་གཏུམ་ཚིག་གོ། །ངག་རྩུབ་མོའི་རྟེན་བྱེད་པའི་ལས་བྱེད་པའི་ལས་ཅན་དང་། བསོད་ནམས་མ་ཡིན་པ་སྐྱེས་པ་འབྱིན་པའི་ལས་ཅན་དང་། རེག་པར་མི་གནས་པ་འབྱིན་པའི་ལས་ཅན་ནོ། །གཏུམ་ཚིག་དང་། ངག་རྩུབ་མོ་དེ་ནི་ཕན་ཚུན་མཚང་ལ་

འདེབས་པའི་ཚུལ་གྱིས་མངོན་སུམ་དུ་སྨྲ་བ་སྟེ། འདི་ཉིད་འཚིག་པའོ། །ཕྲག་དོག་གང་ཞེ་ན། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །གཞན་དག་གི་ཕུན་སུམ་ཚོགས་པ་ནི་གཞན་གྱི་ཕུན་སུམ་ཚོགས་པ་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་དེ་ལ་རྙེད་པ་

Vol. 137 · folio 19a

ཉིད་དང་། བཀུར་སྟི་ལ་ལྷག་པར་ཆགས་པས་མི་བཟོད་པར་བྱས་པའི་སེམས་ཀྱིས་ཁོང་ནས་འཁྲུགས་པའོ། །ཡིད་མི་བདེ་བས་རེག་པར་མི་གནས་པའི་ལས་ཅན་ནོ། །སེར་སྣ་གང་ཞེ་ན། སྦྱིན་པ་དང་། མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པའོ། །གང་གིས་རྒྱུད་ལས་མ་འགྲོ་ཞིག །

ཅེས་བྱ་བ་ནི་སེར་སྣ་སྟེ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ཉིད་ཀྱིས་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་ཀྱི་ཡོ་བྱད་རྣམས་ཀུན་ཏུ་འཛིན་པའོ། །དེ་ཉིད་སྦྱིན་པ་དང་མི་མཐུན་པའོ། །ཡོ་བྱད་བསྙུངས་པ་མ་ཡིན་པའི་རྟེན་བྱེད་པའི་ལས་ཅན་ཏེ། ཡོ་བྱད་བསྙུངས་པ་མ་ཡིན་པ་ནི་སེར་སྣས་

མི་ཁོམ་པའི་ཡོ་བྱད་རྣམས་སོགས་པར་རིག་པར་བྱའོ། །སྒྱུ་གང་ཞེ་ན། གཞན་ལ་སླུ་བའི་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ། །རྙེད་པ་དང་བཀུར་སྟི་ལ་ཆགས་པ་ཉིད་ཀྱིས་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཡང་དག་པ་མ་ཡིན་པའི་དོན་སྟོན་པ་སྟེ། ལོག་པར་འཚོ་བའི་

རྟེན་བྱེད་པའི་ལས་ཅན་ནོ། །གཡོ་གང་ཞེ་ན། བདག་གི་ཉེས་པ་བཅབ་པའི་ལས་ཐབས་བཟུང་སྟེ། སེམས་གྱ་གྱུའོ་ཞེས་བྱ་བ་ལ་རང་གི་ཉེས་པ་རྣམས་ནི་རང་གི་སྐྱོན་ཏེ། རྙེད་པ་དང་བཀུར་སྟི་ལ་ཆགས་པས་དེ་དག་བཅབ་པར་འདོད་ནས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཆར་

གཏོགས་པས་ཉེས་པ་བྱུང་བ་དེ་ངོས་མི་ཟིན་པར་གཞན་ནས་གཞན་དུ་བརྒྱུད་པར་རིག་པར་བྱའོ། །ཡང་དག་པའི་གདམས་ངག་ཐོབ་པའི་བར་དུ་གཅོད་པའི་ལས་བྱས་ཏེ། བདག་ཡང་དག་པ་ཇི་ལྟ་བ་བཞིན་མ་སྨྲས་པས་གདམས་ངག་གི་འོས་མ་ཡིན་པའི་ཕྱིར་རོ། །རྒྱགས་པ་གང་ཞེ་ན།

བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་པའི་རབ་ཏུ་དགའ་བ་སྟེ། སེམས་ཡོངས་སུ་འཛིན་པའོ། །དེ་ནི་རྣམ་པ་དུ་མ་སྟེ། རིགས་དང་། སྟོབས་དང་། གཟུགས་དང་། ཡིད་གཞུངས་པ་དང་། བློ་དང་། ལོངས་སྤྱོད་དང་། དབང་ཕྱུག་ལ་སོགས་པར་རིག་པར་བྱའོ། །བདག་གི་ཕུན་སུམ་

ཚོགས་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བའོ། །ཆགས་པའི་རབ་ཏུ་དགའ་བ་ཞེས་བྱ་བ་ནི་དགའ་བའི་ཡིད་བདེ་བ་སྟེ། ཉོན་མོངས་པ་ཅན་གྱི་དགའ་བའི་བྱེ་བྲག་འདོད་ཆགས་ཀྱི་ཆར་གཏོགས་པའོ། །ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་སེལ་

Vol. 137 · folio 19b

བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་འཚེ་བ་གང་ཞེ་ན། སེམས་ཅན་རྣམས་ལ་ཐོ་འཚམས་པའོ་ཞེས་བྱ་བ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ། སྙིང་བརྩེ་བ་མེད་པ་སྙིང་རྗེ་བ་མེད་པའོ། །སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པ་ནི་ཐལ་

ལྕག་དང་ཁུར་ཚུར་གྱིས་བརྡེག་པ་ལ་སོགས་པ་བྱེད་པ་སྟེ། འདི་ནི་དེའི་ལས་ཅན་ནོ། །ངོ་ཚ་བ་མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ། །ངོ་ཚ་བ་མི་ཤེས་པ་ནི་ངོ་ཚ་མེད་པ་སྟེ། ངོ་ཚ་ཤེས་པ་དང་མི་མཐུན་པའི་ཆོས་སོ། །ངོ་ཚ་ཤེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཆར་

གཏོགས་པའོ། །ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པའོ་ཞེས་བྱ་བ་ལ་བདག་ལ་ཞེས་བྱ་བ་ནི་རང་ལའོ། །ཁ་ན་མ་ཐོ་བ་ནི་སྡིག་པའོ། །དེས་མི་འཛེམ་པ་ནི་སྡིག་ལ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཁྲེལ་

མེད་པ་གང་ཞེ་ན། ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ། །ཁྲེལ་མེད་པས་ནི་ཁྲེལ་ཡོད་པ་མ་ཡིན་ཏེ། ཁྲེལ་ཡོད་པ་དང་། མི་མཐུན་པའི་ཆོས་ནི་ཁྲེལ་མེད་པའོ། །ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པ་ཞེས་བྱ་བ་ནི་གཞན་ནམ་གཞན་རྣམས་ལ་མི་འཛེམ་པར་སྡིག་པ་བྱེད་པའོ། །

ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །རྨུགས་པ་གང་ཞེ་ན། སེམས་ལས་སུ་མི་རུང་བ་སྟེ་བློང་བ་ཉིད་དོ་ཞེས་བྱ་བ་ལ། གཏི་མུག་གི་ཆར་གཏོགས་པས་སེམས་ལས་སུ་མི་རུང་བའོ། །རྨུགས་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་

མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །རྒོད་པ་གང་ཞེ་ན། སེམས་རྣམ་པར་མ་ཞི་བའོ་ཞེས་བྱ་བ་ནི་སྡུག་པའི་མཚན་མའི་རྗེས་སུ་འབྲང་བ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པས་སེམས་རྣམ་པར་མ་ཞི་བའོ། །སྡུག་པའི་མཚན་མའི་རྗེས་སུ་འབྲང་བ་ནི་འདོད་ཆགས་དང་མཐུན་

པ་སྟེ། སྔོན་དགོད་པ་དང་། རྩེ་རྩེ་བ་རྗེས་སུ་དྲན་པའི་ཕྱིར་སེམས་རྣམ་པར་མ་ཞི་བར་རིག་པར་བྱ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །མ་དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ལ་ཡིད་མི་ཆེས་པ་དང་། སེམས་མ་དང་བ་སྟེ། དད་པའི་

Vol. 137 · folio 20a

མི་མཐུན་པའི་ཕྱོགས་སོ། །གོང་དུ་སྨོས་པའི་ལས་དང་འབྲས་བུ་དང་བདེན་པ་དང་། དཀོན་མཆོག་ལ་སོགས་པ་ལ་ཡིད་མི་ཆེས་པ་སྟེ། དེ་ནི་སེམས་མ་དང་བའོ། །ཡིད་མི་ཆེས་པ་ནི་མི་འདོད་པ་སྟེ། དད་བའི་མི་མཐུན་པའི་ཕྱོགས་སོ། །ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། །དང་

པ་མེད་ན་སྦྱོར་བར་འདུན་པ་མེད་པའི་ཕྱིར་རོ། །ལེ་ལོ་གང་ཞེ་ན། དགེ་བ་ལ་སེམས་མངོན་པར་སྤྲོ་བ་མེད་པ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ལ། དགེ་བ་ལ་སེམས་དད་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དེ་ལ་སེམས་མི་སྤྲོ་བ་སྟེ། ཉལ་བ་དང་། སྙེས་པ་དང་། འཕྲེས་

པའི་བསོད་ཉམས་ལ་བརྟེན་ནས། གཏི་མུག་གི་ཆར་གཏོགས་པ་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །བག་མེད་པ་གང་ཞེ་ན། ཆགས་པ་དང་ཞེ་སྡང་དང་། གཏི་མུག་དང་ལེ་ལོ་གང་ཡིན་པ་དེ་དག་གིས་ཉོན་མོངས་པ་ལས་

སེམས་མི་བསྲུང་བ་དང་། དགེ་བ་མི་བསྒོམ་པའོ། །བག་མེད་པ་ནི་འདིར་ཆོས་བཞི་སྟེ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་ཞེས་བྱ་བའོ། །དེ་དག་གིས་ཟིལ་གྱིས་ནོན་ན་ཉོན་མོངས་པ་རྣམས་ལས་སེམས་འདོད་ཆགས་དང་བྲལ་བར་མི་བྱེད་པའོ། །དེ་དག་ལ་གནས་

པ་ནི་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་སྒོམ་པར་མི་བྱེད་པའོ། །མི་དགེ་བ་འཕེལ་བ་དང་། དགེ་བ་ཡོངས་སུ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྗེད་ངས་པ་གང་ཞེ་ན། དྲན་པ་ཉོན་མོངས་པ་ཅན་ཏེ། དགེ་བ་མི་གསལ་བའོ། །དྲན་པ་ཉོན་མོངས་པ་ཅན་ཞེས་བྱ་བ་

ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའོ། །དགེ་བ་མི་གསལ་བ་ཞེས་བྱ་བ་ནི་ཡང་དག་པའི་གདམས་ངག་བརྗེད་ཅེས་བྱ་བའི་ཐ་ཚིག་གོ། །རྣམ་པར་གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཤས་ཀྱིས་འདོད་

པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་རྣམ་པར་འཕྲོ་བའོ། །དེ་ཡང་རང་བཞིན་གྱིས་སེམས་རྣམ་པར་གཡེང་བ་དང་། ཕྱི་རོལ་དུ་རྣམ་པར་གཡེང་བ་དང་། ནང་གི་རྣམ་པར་གཡེང་བ་དང་། མཚན་མའི་རྣམ་པར་གཡེང་བ་དང་། གནས་ངན་ལེན་གྱིས་རྣམ་པར་གཡེང་བ་དང་། ཡིད་ལ་བྱེད་པའི་རྣམ་

Vol. 137 · folio 20b

པར་གཡེང་བའོ། །རང་བཞིན་གྱིས་རྣམ་པར་གཡེང་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དེ་དག་ནི་རང་བཞིན་གྱིས་ནང་དུ་མཉམ་པར་གཞོག་མི་ནུས་པའི་ཕྱིར་རོ། །ཕྱི་རོལ་དུ་རྣམ་པར་གཡེང་བ་ནི་དགེ་བ་ལ་ཞུགས་པ་ན་འདོད་པའི་ཡོན་ཏན་ལྔ་ལ་སེམས་རྣམ་པར་འཕྲོ་བ་སྟེ། ཐོས་པ་ལ་

སོགས་པ་དགེ་བ་ལ་སྦྱོར་བ་ན། དམིགས་པ་དེ་ལས་ཕྱི་རོལ་དུ་འདོད་པའི་ཡོན་ཏན་ལྔ་ལ་སེམས་འགྲོ་བར་རིག་པར་བྱའོ། །ནང་གི་རྣམ་པར་གཡེང་བ་ནི་དགེ་བ་ལ་ཞུགས་པའི་ཚེ་བྱིང་བ་དང་། རྒོད་པ་དང་། རོ་མྱོང་བར་བྱེད་པ་སྟེ། ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་བྱིང་བ་དང་། རྒོད་པ་དང་།

རོ་མྱོང་བར་བྱེད་པའོ། །ཏིང་ངེ་འཛིན་དུ་ལྟུང་བའི་ཕྱིར་ཉེས་པའོ། །མཚན་མའི་རྣམ་པར་གཡེང་བ་གང་ཞེ་ན། ཕ་རོལ་ཡིད་ཆེས་པར་བྱ་བ་སྔོན་དུ་བཏང་ནས་དགེ་བ་ལ་སྦྱོར་བ་སྟེ། གཞན་གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པར་འགྱུར་རོ་སྙམ་པའོ། །དེའི་མཚན་མ་ནི་དེའི་རྒྱུ་

སྟེ། དགེ་བ་ལ་ཞུགས་པ་དགེ་བ་ལས་ཡོངས་སུ་ཉམས་པར་རིག་པར་བྱའོ། །གནས་ངན་ལེན་གྱིས་རྣམ་པར་གཡེང་བ་གང་ཞེ་ན། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་ཕྱོགས་ཀྱི་གནས་ངན་ལེན་ལ་བརྟེན་ནས། དགེ་བ་ལ་ཞུགས་པའི་ཚོར་བ་

འབྱུང་ཞིང་། བྱུང་བ་རྣམས་ལ་ང་ཞེས་བྱ་བ་དང་། ང་ཡིར་ཞེས་བྱ་བར་འཛིན་ཏེ། འདྲེན་མར་འབྱུང་ཞིང་མཚན་མར་བྱེད་པའོ། །ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་གང་ཞེ་ན། ཏིང་ངེ་འཛིན་གཞན་ནམ། ཐེག་པ་གཞན་ལ་སྙོམས་པར་འཇུག་པའམ། གནས་པར་བྱེད་པ་ན་རྣམ་པར་འཕྲོ་བར་

བྱེད་པ་གང་ཡིན་པའོ། །འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ། །ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའོ་ཞེས་བྱ་བ་ལ་ལུས་དང་།

ངག་དང་། ཡིད་ཀྱི་སྤྱོད་པ་ལ་མི་ཤེས་པ་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ལེགས་པར་སོ་སོར་མ་བརྟགས་པར་འཇུག་པར་རིག་པར་བྱའོ། །ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ། དེ་ལྟར་བྱ་བ་དང་། མི་བྱ་བ་མི་ཤེས་པས་ཉེས་པ་འབྱུང་ངོ་། །ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །

Vol. 137 · folio 21a

བཞི་གཞན་དུ་ཡང་འགྱུར་རོ་ཞེས་སྨོས་པ་ལ། འགྱོད་པ་གང་ཞེ་ན། ཡིད་ལ་གཅགས་པའོ་ཞེས་བྱ་བ་ནི་སྨད་པར་བྱས་པ་སྟེ། ངན་པ་བྱས་པའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །ངན་པ་གང་བྱས་པའི་དེ་འདིར་སྦྱར་ཏེ། ཡིད་ལ་གཅགས་པ་ནི་མ་ཡིན་ནོ། །འདིར་ནི་

ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱ་སྟེ། དེ་ལ་དམིགས་པའི་ཕྱིར་རོ། །དཔེར་ན་སྟོང་པ་ཉིད་ལ་དམིགས་པའི་སེམས་རྣམ་པར་དག་པ་ལ་རྣམ་པར་ཐར་པ་ཞེས་བྱ་བ་ལྟ་བུའོ། །ཡང་ན་འབྲས་བུ་ལ་རྒྱུ་གདགས་པ་སྟེ། འདི་ལ་འགྱོད་པའི་འབྲས་བུ་ནི་ཡིད་ལ་གཅགས་པའོ། །དེ་གཉི་ག་

ཡང་གཉི་གའི་རྟེན་ཏེ། དགེ་བ་དང་མི་དགེ་བ་སོ་སོའི། གང་དགེ་བ་མ་བྱས་པས་འགྱོད་པ་དེ་ནི་དགེ་བའི་རྟེན་ནོ། །གང་མི་དགེ་བ་བྱས་པས་འགྱོད་པ་དེ་ཡང་དགེ་བའི་རྟེན་ནོ། །དེ་བཞིན་དུ་མི་དགེ་བ་གཉི་གའི་རྟེན་དེ་བཟློག་པའོ། །གང་མི་དགེ་བ་མ་བྱས་པས་འགྱོད་པ་དེ་ནི་མི་དགེ་བའི་རྟེན་ཏོ། །

དགེ་བ་བྱས་པས་འགྱོད་པ་དེ་ཡང་མི་དགེ་བའི་རྟེན་ཏོ། སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །གཉིད་གང་ཞེ་ན། འཇུག་པ་རང་དབང་མེད་པར་སེམས་སྡུད་པའོ། །གཉིད་ཀྱི་རྒྱུ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པ་སེམས་ལས་བྱུང་བའི་ཆོས་ཀྱི་སེམས་རང་དབང་

མེད་པ་སྐྱེད་དོ། །རང་དབང་མེད་པ་དེ་ནི་སེམས་མངོན་པར་སྡུད་པ་སྟེ། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དུས་དང་དུས་མ་ཡིན་པར་ཡང་རུང་སྟེ། སེམས་མངོན་པར་སྡུད་པའོ། །བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྟོག་པ་གང་ཞེ་ན། ཀུན་ཏུ་

ཆོལ་བའི་རྟེན་གྱི་བརྗོད་པ་སྟེ། སེམས་པ་དང་། ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་བའོ། །ཀུན་ཏུ་ཚོལ་བ་ཞེས་བྱ་བ་ནི་ཚོར་བར་བྱེད་པའོ། །ཡིད་ཀྱི་བརྗོད་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ནི་སེམས་པའམ། ཤེས་རབ་ལ་བརྟེན་ནས་གང་སེམས་རྩིང་

བ་སྟེ། རགས་པ་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པ་ལ་འཛིན་པའོ། །སྤྱོད་པ་གང་ཞེ་ན། སོ་སོར་རྟོགས་པའི་ཡིད་ཀྱི་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ། །གཞན་ནི་སྔར་སྨོས་པ་དང་སྦྱར་རོ། །སེམས་ཞིབ་པ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་དེ་ཉིད་ལ་ཆོས་

Vol. 137 · folio 21b

སམ་མ་ཚོས་ཞེས་བྱ་བ་ལ་སོགས་པར་འཛིན་པའོ། །གཉི་ག་ཡང་རེག་པ་དང་། རེག་པ་མ་ཡིན་པར་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཡང་ན་དགེ་བའི་ཆོས་རྣམས་ཀྱི་ལས་ནི་རང་གི་མི་མཐུན་པའི་ཕྱོགས་སྤོང་བའི་ལས་ཅན་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་

ཀྱི་རང་གི་གཉེན་པོའི་བར་དུ་གཅོད་པའི་ལས་ཅན་ནོ་སེམས་ལས་བྱུང་བ་རྣམས་བཤད་ཟིན་ཏོ། །སེམས་དང་མི་ལྡན་པ་རྣམས་བརྗོད་པར་བྱ་སྟེ། དེ་དག་སྨྲས་པ། སེམས་དང་མི་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན་ཞེས་བྱ་བའོ། །འདི་ནི་འདྲི་བ་སྟེ། འདིའི་ལན་བཏབ་པ་

ནི། གང་ཟག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་པ་སྟེ་ཞེས་བྱ་བ་སྟེ། གཟུགས་ཀྱི་གནས་སྐབས་དང་། སེམས་ཀྱི་གནས་སྐབས་དང་། སེམས་ལས་བྱུང་བའི་གནས་སྐབས་ལ་གདགས་ཀྱི། རྫས་སུ་ཡོད་པ་ནི་མ་ཡིན་ནོ། །སེམས་ནི་མ་

བཤད་ན་འདི་ཇི་ལྟར་སེམས་ཀྱི་གནས་སྐབས་ལ་གདགས། སྨྲས་པ། མ་འོངས་པ་ལ་ལྟོས་པ་སྟེ། དེ་ལ་རིག་པའི་ཕྱིར་ཉེས་པ་མེད་དོ། །དེ་དག་ཀྱང་ཅིའི་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གང་དག་ཡིན་པ་དེ་དག་ཉིད་མི་ལྡན་པ་རྣམས་ཡིན་ནམ། འོན་ཏེ་གཞན་ལའམ་

བརྗོད་པར་བྱ་བ་མ་ཡིན་པ་ཞིག་གམ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་ཞེ་ན། དེའི་ཕྱིར། དེ་ཉིད་དང་གཞན་དུ་མི་གདགས་སོ་ཞེས་བྱ་བ་སྨྲས་ཏེ། ཁུ་ཚུར་བཞིན་ནོ། །དཔེར་ན་ཁུ་ཚུར་ནི་སོར་མོ་ལས་གཞན་ཡང་མ་ཡིན་ནོ། །གཞན་མ་ཡིན་པ་ཡང་མ་ཡིན་ནོ། །བརྗོད་པར་བྱ་བ་

མ་ཡིན་པ་ལ་ཡང་མ་ཡིན་ནོ། །གལ་ཏེ་སོར་མོ་རྣམས་ལས་གཞན་ཡིན་པར་གྱུར་ན་ནི་ལོགས་ཤིག་ཏུ་བཟུང་བར་འགྱུར་ཏེ། ཅི་སྟེ་གཞན་མ་ཡིན་ན་ནི་སོར་མོ་བརྐྱང་བ་རྣམས་ལ་ཡང་བཟུང་བར་འགྱུར་རོ། །བརྗོད་པར་བྱ་བ་མ་ཡིན་པ་ལ་ཡང་མི་བྱ་སྟེ། འདི་ལྟར་ཁུ་ཚུར་ཞེས་བརྗོད་པའི་

ཕྱིར་རོ། །དེ་ལྟ་བས་ན་དེ་ཉིད་དང་གཞན་དང་བརྗོད་པར་བྱ་བ་མ་ཡིན་པ་ལ་མི་གདགས་པར་འཐད་དོ། །དེ་དག་ཀྱང་གང་ཞེ་ན། ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་བོ་དང་།

Vol. 137 · folio 22a

རིས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པ་དག་གོ་ཞེས་བྱ་བ་ལ། དེ་ལྟ་བུའི་ཆ་དང་མཐུན་པ་དག་ཅེས་སྨོས་པ་ནི་འཇུག་པ་དང་། སོ་སོར་

ངེས་པ་དང་། འབྱོར་འབྲེལ་པ་དང་། མགྱོགས་པ་དང་། གོ་རིམས་དང་། དུས་དང་། ཡུལ་དང་། གྲངས་དང་། གྲངས་མེད་པ་དང་། ཚོགས་པ་སྟེ། དེ་དག་བསྡུ་བའི་ཕྱིར་རོ། །ཆོས་དེ་དག་ནི་སེམས་དང་འབྲེལ་པ་མ་ཡིན་པའི་བྱེད་པ་ཅན་ཡིན་པས་སེམས་དང་མི་ལྡན་པ་ཞེས་བྱའོ། །གཟུགས་

ཀྱི་རང་བཞིན་ཡང་མ་ཡིན་ནོ། །སེམས་ལས་བྱུང་བ་བཞིན་དུ་སེམས་དང་ལྷན་ཅིག་ཏུ་དམིགས་པ་ལ་མི་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཐོབ་པ་གང་ཞེ་ན། རྙེད་པ་དང་ལྡན་པའོ། །གང་སྔོན་མ་ཐོབ་པ་ཐོབ་པ་དེ་ལ་རྙེད་པ་ཞེས་བྱ་སྟེ། བྱེ་བྲག་བསྟན་ཏོ། །ཐོབ་པ་རྣམས་སྐད་ཅིག་ཕྱི་

མ་ལ་སོགས་པ་ཡང་མི་འབྲལ་བ་ནི་ལྡན་པ་ཞེས་བྱ་སྟེ། ཁྱད་པར་བསྟན་ཏོ། །དེ་ཡང་ས་བོན་དང་། དབང་དང་། མངོན་དུ་གྱུར་པ་དང་། ཅི་རིགས་སུ་སྦྱར་རོ་ཞེས་བྱ་བ་ནི་གྲངས་བཞིན་དུ་མ་ཡིན་ནོ། །ས་བོན་ཞེས་བྱ་བ་ནི་ཐོབ་པའོ། །དབང་དང་སྔོན་དུ་གྱུར་པ་ནི་ལྡན་པའོ། །འདུ་ཤེས་

མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ལ་གོང་མའི་མ་ཡིན་པ་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་འགོག་པ་གང་ཡིན་པའོ། །འདུ་ཤེས་མེད་པ་རྣམས་

ཀྱི་སྙོམས་པར་འཇུག་པ་ནི་འདུ་ཤེས་པའི་སྙོམས་པར་འཇུག་པ་སྟེ། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ཞེས་བྱ་བ་མངོན་ནོ། །ཡང་ན་བདག་ཉིད་འདུ་ཤེས་མེད་པ་སྟེ། ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །སྙོམས་པར་འཇུག་པ་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་རྒྱས་ཀྱི་འདོད་ཆགས་དང་

བྲལ་ཞེས་བྱ་བ་ནི་འདོད་པའི་ཁམས་གནས་ཉི་ཤུ་ལ་འཛམ་བུའི་གླིང་གི་འོག་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དེ། མནར་མེད་པ་དང་། རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་ཞེས་བྱ་བ་སྟེ། གོ་

Vol. 137 · folio 22b

རིམས་བཞིན་དུ་གོང་ནས་གོང་དུ་གནས་པར་རིག་པར་བྱའོ། །གཞན་ཡང་གྲང་བའི་སེམས་ཅན་དམྱལ་བ་བརྒྱད་དེ། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམས་ཐམས་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་

དང་། པདྨ་ལྟར་གས་པ་ཆེན་པོ་སྟེ། སེམས་ཅན་དེ་དག་ནི་གྲང་བ་དྲག་པོས་ཉེན་ནས་ལུས་དང་སྒྲའི་འགྱུར་བའི་ཚུལ་ལ་མིང་འདི་དག་བཏགས་སོ། །དེ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་འཛམ་བུ་གླིང་གི་འོག་ཏུ་གྲུབ་བོ། །ཉི་ཚེའི་སེམས་ཅན་དམྱལ་བ་རྣམས་ནི་

རང་རང་གི་ལས་ཀྱིས་གྲུབ་པ་དག་སྟེ། མང་པོའམ་གཉིས་སམ་གཅིག་གི་ལས་ཀྱིས་གྲུབ་བ་ཡིན་པས་གནས་མ་ངེས་ཏེ། ཆུ་དང་རི་དང་མྱ་ངན་གྱི་ཕྱོགས་ལ་སོགས་པའོ། །དུད་འགྲོ་ནི། ཐང་དང་ཆུ་དང་། ནམ་མཁའི་སྤྱོད་ཡུལ་བ་དེ་དག་གི་གནས་ནི་རྒྱ་མཚོ་སྟེ་དེ་ནས་སོ་སོར་གྱེས་སོ། །

ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་སྟེ། འཛམ་བུའི་གླིང་འདིའི་འོག་ནས་དཔག་ཚད་ལྔ་བརྒྱས་ཆོད་པའི་འོག་ན་རྒྱལ་པོའི་ཕོ་བྲང་ཡོད་དེ། དེ་དག་གི་རྩ་བའི་གནས་ཏེ། དེ་ནས་སོ་སོར་གྱེས་སོ། །གླིང་བཞི་ནི་འཛམ་བུའི་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་

དང་། ཤར་གྱི་ལུས་འཕགས་ཞེས་བྱ་བའོ། །འདོད་པའི་ཁམས་སུ་སྐྱེས་པའི་ལྷ་དྲུག་ལ་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་ཏེ།

དེ་དག་འདོད་པ་ལ་སྤྱོད་པ་ནི་གཉིས་སྤྲོད་པ་དང་། འཁྱུད་པ་དང་། ལག་ཆང་དང་། འཛུམ་པ་དང་། ལྟ་བ་ལས་འགྱུར་ཏེ། འདི་ནི་འདོད་ཁམས་སོ། །གཟུགས་ཀྱི་ཁམས་ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་ནི་བསམ་གཏན་དང་པོའོ། །འོད་

ཆུང་དང་། ཚད་མེད་འོད་དང་། འོད་གསལ་ནི་བསམ་གཏན་གཉིས་པའོ། །དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ནི་བསམ་གཏན་གསུམ་པའོ། །སྤྲིན་མེད་དང་བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། གནས་དེ་རྣམས་ནི་སོ་སོའི་སྐྱེ་བོའི་གནས་སོ། །གནས་

Vol. 137 · folio 23a

གཙང་མ་ལྔ་པོ་མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་དང་། འོག་མིན་ཞེས་བྱ་བ་རྣམས་ནི་བསམ་གཏན་བཞི་པ་སྟེ། འདི་དག་ནི་གཟུགས་ཀྱི་ཁམས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། རྣམ་ཤེས་

མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་འདི་ནི་གཟུགས་མེད་པའི་ཁམས་ཏེ། འདི་དག་ནི་ཁམས་གསུམ་དུ་བལྟའོ། །དེ་ལ་འདི་ནི་དགེ་རྒྱས་ཀྱི་ལྷའི་རིས་ཀྱི་

འདོད་ཆགས་དང་བྲལ་ལ། གོང་མའི་འདོད་ཆགས་དང་མ་བྲལ་བའོ། །ཡིད་ལ་བྱེད་པ་གང་གིས་སྙོམས་པར་འཇུག་པ་འདི་ལ་སྙོམས་པར་འཇུག་ཅེ་ན། སྨྲས་པ། འབྱུང་བའི་འདུ་ཤེས་སྔོན་དུ་གཏང་བའི་ཡིད་ལ་བྱེད་བའོ་ཞེས་སྨོས་པའོ། །སྙོམས་པར་འཇུག་པ་དེ་ནི་སེམས་

དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་འགོག་པའོ། །དེ་དག་ནི་འཇུག་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་

པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །བསྟན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་

རྩེ་མོ་ལས་གྱེན་དུ་བསྐྱོད་པའི་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་དང་། བསྟན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་པ་གང་ཡིན་པའོ། །འདི་ལ་འདི་ནི་བྱེ་བྲག་ཡིན་ཏེ། གནས་པའི་འདུ་

ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འདི་ལ་སྙོམས་པར་འཇུག་པའོ། །བསྟན་པ་རྣམས་ལས་ཀྱང་ཁ་ཅིག་འགོག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མཚུངས་པར་ལྡན་པ་དང་བཅས་པ་འགོག་པའོ། །སྔ་མ་ནི་འཇིག་རྟེན་པ་རྣམས་ཀྱི་སྙོམས་པར་འཇུག་པའོ། །འགོག་

Vol. 137 · folio 23b

པའི་སྙོམས་པར་འཇུག་པ་ནི་ཆོས་འདི་པ་རྣམས་ཀྱི་སྟེ། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྙོམས་པར་འཇུག་པའོ། །དེ་དག་ལ་སོགས་པ་ནི་དེ་དག་གི་ཁྱད་པར་རྒྱས་པའོ། །འདུ་ཤེས་མེད་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་སྟེ། འདུ་ཤེས་

མེད་པའི་སེམས་ཅན་གྱི་ཁྲོད་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་འགོག་པའོ། །བསྟན་པ་མ་ཡིན་པ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དག་འགོག་པ་གང་ཡིན་པའོ། །འདུ་ཤེས་མེད་པ་འདི་ནི་འདུ་ཤེས་མེད་

པའི་སྙོམས་པར་འཇུག་པའི་འབྲས་བུའོ། །འབྲས་བུ་ཆེ་བའི་ཕྱོགས་གཅིག་གི་ཁྲོད་ན་འདུ་ཤེས་མེད་པའི་ལྷ་རྣམས་འཁོད་དེ། བསམ་གཏན་ཁྱད་པར་ཅན་དང་མཚུངས་སོ། །སྲོག་གི་དབང་པོ་གང་ཞེ་ན། རིས་མཐུན་པ་རྣམས་སུ་སྔོན་གྱི་ལས་ཀྱིས་འཕངས་པས་གང་འདུ་

བྱེད་རྣམས་ཀྱི་གནས་པའི་དུས་ངེས་པའོ། །སྔོན་གྱི་ལས་ཀྱི་བག་ཆགས་ཀྱིས་འཕངས་པའི་རྣམ་པར་སྨིན་པའི་རྒྱུན་གཞན་གྱི་མཐུ་ལ་སྲོག་གི་དབང་པོ་ཞེས་བྱའོ། །དེའི་དབང་གིས་ཇི་སྲིད་ལས་ཡོད་ཀྱི་བར་དུ་རིས་འདྲ་བའི་རྒྱུན་འཆད་པ་ཞེས་བྱ་བའི་འཆི་བར་མི་འགྱུར་རོ། །

རིས་མཐུན་པ་གང་ཞེ་ན། གང་སེམས་ཅན་རྣམས་ཀྱི་ལུས་འདྲ་བའོ། །སེམས་ཅན་གྱི་རིས་དེ་དང་དེ་དག་ན་སེམས་ཅན་དེ་དང་དེ་དག་གི་ལུས་དང་དབང་པོ་དང་དབྱིབས་དང་གཡོ་བ་དང་ཁ་ཟས་ལ་སོགས་པ་མཐུན་པར་བྱེད་པ་དང་། ཕན་ཚུན་དུ་མངོན་པར་དགའ་བའི་འབྲེལ་པའི་རྒྱུའོ། །

དེ་ལ་འགྲོ་བ་འདྲ་བ་ནི་འདྲ་བ་སྟེ། ལུས་མཚུངས་པ་ཉིད་ཀྱིས་འདྲ་བ་ནི་འདྲ་བའོ། །སྐྱེ་བ་གང་ཞེ་ན། རིས་མཐུན་པར་གང་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བ་གང་ཡིན་པའོ། །རིས་འདྲ་བ་ནི་མཐུན་པའོ། །དེར་འདུ་བྱེད་གཟུགས་ལ་སོགས་པ་མ་བྱུང་བ་ལས་ནུར་ནུར་པོ་ལ་སོགས་

པའི་དབང་པོ་ལ་སྐྱེ་བ་ཞེས་གདགས་སོ། །རྒ་བ་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་གཞན་དུ་གྱུར་པའོ། །འདུ་བྱེད་བྱུང་བ་དེ་དག་གི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་རྣམས་ལ་རྒ་བ་གདགས་སོ། །གནས་པ་གང་ཞེ་ན། དེ་ལྟར་དེ་དག་རྒྱུན་རྒྱུད་ཆགས་པའོ། །འདུ་བྱེད་

Vol. 137 · folio 24a

འབྱུང་བ་དེ་དག་གི་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པ་མ་ཤིའི་བར་དུ་ངེས་པར་གནས་པ་ལ་གནས་པ་གདགས་སོ། །མི་རྟག་པ་ཉིད་གང་ཞེ་ན། དེ་ལྟར་དེ་དག་གི་རྒྱུན་འཆད་པའོ། །འདུ་བྱེད་རྣམས་ཀྱི་སྐད་ཅིག་གཅིག་ནས་གཅིག་ཏུ་བརྒྱུད་པ་ངེས་པར་འབྱུང་

བར་གང་ཤིན་ཏུ་རྒྱུད་ཆད་པ་དེ་ལ་མི་རྟག་པ་ཉིད་ཅེས་བྱའོ། །དེའི་ཕྱིར་འཆི་བ་རྣམ་པ་གཉིས་སུ་འགྲུབ་པར་འགྱུར་ཏེ། རྒ་བ་དང་གནས་པའི་དུས་ན་སྐད་ཅིག་མ་འཆི་བ་དང་། ཕུང་པོ་ཞིག་སྟེ་རྒྱུན་འཆད་པའི་འཆི་བའོ། །བཞི་པོ་དེ་དག་ནི་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །མིང་གི་ཚོགས་

གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ། །འདི་ལྟ་སྟེ་མིག་གི་ཅེས་བྱ་བ་ལ་སོགས་པའོ། །ཚིག་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་སོ། །འདི་ལྟ་སྟེ་ཀྱེ་མ་འདུ་བྱེད་མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པའོ། །ཇི་ཙམ་གྱིས་བརྗོད་

པར་འདོད་པའི་དོན་ཡོངས་སུ་རྫོགས་པ་སྟེ། གང་གིས་ཕྱེད་པ་དང་ཡོན་ཏན་དང་། དུས་ཀྱི་འབྲེལ་པའི་ཁྱད་པར་རྣམས་རྟོགས་པར་བྱེད་ཅེས་བྱའི་ཐ་ཚིག་གོ། །འདི་ལྟ་སྟེ་བུམ་པ་བྱས་ཞེས་བྱ་བའི་དག་འདིས་ནི་བྱེད་པའི་འབྲེལ་པའི་ཁྱད་པར་རྟོགས་པར་བྱེད་དོ། །ལྷ་སྦྱིན་ནག་པོ་

དཀར་པོ་སྔོ་བ་སངས་ཞེས་བྱ་བ་ནི་ཡོན་ཏན་གྱི་འབྲེལ་པའི་ཁྱད་པར་རོ། །ལྷ་སྦྱིན་འཚེད་དོ་འཚེད་བར་འགྱུར་རོ། །བཙོས་སོ་ཞེས་བྱ་བ་འདིས་ནི་དུས་ཀྱི་འབྲེལ་བའི་ཁྱད་པར་རྟོགས་པར་བྱེད་དོ། །དེ་ལྟར་རང་གི་མཚན་ཉིད་མངོན་པར་བརྗོད་པ་ཞེས་བྱ་སྟེ། བྱེད་པ་དང་ཡོན་ཏན་དང་དུས་ཀྱི་

འབྲེལ་བའི་ཁྱད་པར་བརྗོད་པའི་ཚིག་ཅེས་བྱའོ། །ཡི་གེའི་ཚོགས་གང་ཞེ་ན། ཡི་གེ་རྣམས་ཏེ་དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། གཉི་ག་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཁྱད་པར་རོ། །གསལ་བར་བྱེད་ཅེས་བྱ་བ་ནི་མངོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བརྗོད་པ་

ཡང་དེ་དག་ཡིན་ཏེ། མིང་དང་ཚིག་ལ་བརྟེན་ནས་དོན་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ལ། མིང་ནི་མིག་ཅེས་བྱ་བ་ལ་སོགས་པའོ། །ཚིག་ནི་མིག་མི་རྟག་ཅེས་བྱ་བ་ལ་སོགས་པའོ། །དེ་གཉི་ག་ལ་བརྟེན་ནས་དོན་གྱི་རང་བཞིན་དང་། བྱེ་བྲག་ཅེས་བྱ་བ་བརྗོད་པའི་ཕྱིར་བརྗོད་པའོ། །

Vol. 137 · folio 24b

ཡི་གེ་ཡང་རྣམ་གྲངས་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཨ་ཞེས་བྱ་བ་འདི་རྣམ་གྲངས་གཞན་གྱིས་བརྗོད་པར་མི་ནུས་པའི་ཕྱིར་རོ། །ཨ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པར་བྱའོ། །སོ་སོ་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་

བྱ་བ་ནི་གང་དག་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་ཐག་རིང་དུ་ལོག་པ་དེ་དག་འཕགས་པ་རྣམས་ཏེ། དེ་དག་གི་ཆོས་རྣམས་མ་ཐོབ་པའོ། །འཕགས་པ་ནི་སངས་རྒྱས་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ཡིན་ན། དེ་དག་གང་གིས་མ་ཐོབ། སྨྲས་པ།

བྱེ་བྲག་ཏུ་མ་ཕྱེ་བས་ཐམས་ཅད་ཀྱིས་མ་ཐོབ་ཅེས་བསྟན་པར་འགྱུར་རོ། །མ་ཐོབ་པ་ནི་འདིར་ཐོབ་པ་མེད་པར་བལྟའོ། །འདུ་བྱེད་ཀྱི་ཕུང་པོ་ནི་བཤད་ཟིན་ཏོ། །འདུ་བྱེད་ཀྱི་ཕུང་པོའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་བརྗོད་པར་བྱ་སྟེ། དེ་སྨྲས་པ། རྣམ་པར་ཤེས་པ་གང་ཞེ་ན་ཞེས་བྱ་

བ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་ལ། དམིགས་པ་ནི་རྣམ་པ་དྲུག་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་། རེག་བྱ་དང་། ཆོས་རྣམས་སོ། །དེ་དག་ཁོང་དུ་ཆུད་པ་ནི་རྣམ་པར་རིག་པ་སྟེ་རྣམ་པར་ཤེས་པའོ། །

དེ་དག་ཀྱང་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། །དེ་ལ་མིག་གི་རྣམ་པར་ཤེས་པ་གང་ཞེ་ན། མིག་ནི་རྟེན། གཟུགས་ནི་དམིགས་པ་སྟེ། སོ་སོར་རྣམ་པར་རིག་པའོ། །རྣ་བའི་རྣམ་པར་ཤེས་པ་གང་ཞེ་ན། རྣ་བ་ནི་རྟེན། སྒྲ་ནི་དམིགས་པ་སྟེ། སོ་སོར་རྣམ་པར་རིག་པའོ། །

སྣའི་རྣམ་པར་ཤེས་པ་གང་ཞེ་ན། སྣ་ནི་རྟེན། དྲི་ནི་དམིགས་པ་སྟེ། སོ་སོར་རྣམ་པར་རིག་པའོ། །ལྕེའི་རྣམ་པར་ཤེས་པ་གང་ཞེ་ན། ལྕེ་ནི་རྟེན། རོ་ནི་དམིགས་པ་སྟེ། སོ་སོར་རྣམ་པར་རིག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ལུས་ནི་རྟེན། རེག་བྱ་ནི་དམིགས་པ་སྟེ།

སོ་སོར་རྣམ་པར་རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ནི་རྟེན། ཆོས་ནི་དམིགས་པ་སྟེ། སོ་སོར་རྣམ་པར་རིག་པའོ། །རྣམ་གྲངས་བསྟན་པའི་ཕྱིར་འདི་སྐད་བརྗོད་དོ། །སེམས་དང་ཡིད་ཀྱང་དེ་ཡིན་ཏེ། །ཞེས་བྱའོ། །རྣམ་གྲངས་ཀྱི་དོན་ནོ། །སྣ་ཚོགས་པ་དང་ཡིད་

Vol. 137 · folio 25a

རྟེན་བྱེད་པའི་ཕྱིར་རོ་ཞེས་བྱའོ། །དེ་ལ་སྣ་ཚོགས་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཏེ། སྣ་ཚོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ལ་སོགས་པ་རྣམ་པ་དུ་མའི་བྱེ་བྲག་གིས་ཐ་དད་པ་རྣམས་ལ་ཇི་སྙེད་པ་དེ་སྙེད་དེ། གཟུགས་ལ་སོགས་པའི་

རྣམ་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེའི་དབང་པོ་ལས་བྱུང་ནས་ཡུལ་རྣམ་པར་ཤེས་པ་ཞེས་བྱ་སྟེ། དབང་པོ་ལ་ནི་མ་ཡིན་ནོ། །ཡིད་རྟེན་བྱེད་ཅེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་ཡིན་ལ་གནས་པ་སྟེ། ཇི་སྐད་དུ། དྲུག་པོ་འགག་མ་ཐག་པ་ཡི། །རྣམ་

ཤེས་གང་ཡིན་དེ་ཡིད་དོ། །ཞེས་བཤད་པ་སྟེ། གང་དང་གང་འགགས་མ་ཐག་པ་དེ་ལ་ཡིད་ཅེས་བྱའོ། །དཔེར་ན་བུ་དེ་ཉིད་གཞན་གྱི་ཕ་ཞེས་བྱ་བ་དང་། འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཞེས་བྱ་བ་དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པའི་འབྲས་བུ་དྲུག་པོ་དེ་དག་ཉིད་

འགགས་པ་ན་གང་གི་ཚེ་རྣམ་པར་ཤེས་པ་གཞན་བྱུང་བའི་རྟེན་དུ་གྱུར་པ་དེའི་ཚེ་རྟེན་བྱེད་ཅེས་བྱའོ། །དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་དྲུག་ལ་སེམས་ཞེས་བསྟན་ཏོ། །དངོས་སུ་ན། སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། །ཞེས་བྱ་བར་བལྟའོ། །དངོས་སུ་ན་སེམས་

ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་གྱི། འཇུག་པའི་རྣམ་པར་ཤེས་པ་དྲུག་མ་ཡིན་པར་ཅི་མངོན་ཞེ་ན། དེའི་ཕྱིར་འདི་ལྟར་འདི་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པའོ་ཞེས་བྱ་བ་སྨོས་སོ། །འདུ་བྱེད་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སོ། །དེ་དག་ནི་རྐྱེན་

བཞིས་འབྱུང་སྟེ། དེ་ལ་རྒྱུའི་རྐྱེན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་རྣམས་སོ། །བདག་པོའི་ཀྱེན་ནི་དབང་པོ་དྲུག་པོ་རྣམས་སོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་ཡོད་དོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པའོ། །དེ་དག་འབྱུང་བའི་གོ་

རིམས་ནི་མིག་ལ་སོགས་པ་རྣམས་ལ་ཡང་བརྟེན་གཟུགས་ལ་སོགས་པ་ལ་ཡང་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྱུང་ངོ་། །བྱུང་མ་ཐག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་རྣམས་ལ་རྟོག་གོ། །རྣམ་པར་རྟོག་པ་ལས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་འབྱུང་

Vol. 137 · folio 25b

ངོ་། །དེ་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་མཚན་ཉིད་འདུ་བྱེད་ཅེས་བྱ་བའི་ལས་འབྱུང་ངོ་། །འདུ་བྱེད་ནི་འདིར་སེམས་པར་བལྟའོ། །སྐྱེས་པའི་ལས་དེ་འགགས་པ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སྐྱེད་པར་བྱེད་དོ། །དེ་བཞིན་དུ་

ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་སྐྱེད་པར་བྱེད་དོ། །བག་ཆགས་ཀྱི་ས་བོན་ཐམས་ཅད་གོང་ནས་གོང་དུ་སོགས་པས་སེམས་སོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་འདུ་བྱེད་ཐམས་ཅད་ཀྱི་རྒྱུ་ཡིན་པ་

དེ་བཞིན་དུ་དེ་དག་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་དེ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། རྒྱུ་ཞེས་བྱ་བ་དང་། འབྲས་བུ་ཞེས་བྱའོ། །རྒྱུ་ཞེས་བྱ་བ་ནི་བག་ཆགས་སོ། །འབྲས་བུ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་སྟེ། སྔོན་གྱི་ལས་ཀྱི་

བག་ཆགས་ཀྱིས་སྐྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གཅིག་གི་རྒྱུ་ལས་གཅིག་འབྱུང་བར་བལྟའོ། །དཔེར་ན་མར་མེ་འབར་བ་དང་། རས་ཚིག་པར་བྱེད་པ་འབྱུང་བ་ཕན་ཚུན་དུས་མཉམ་པ་དང་། མདུང་ཁྱིམ་དུས་གཅིག་པ་གཅིག་གིས་གཅིག་བརྟེན་ཏེ་མི་འགྱེལ་བ་ལྟར་

འབྱུང་བའི་རྒྱུ་གང་ཡིན་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་དམིགས་པ་ནི་གང་། རྣམ་པ་ནི་གང་ཞེ་ན། སྨྲས་པ། དེ་ཡང་དམིགས་པ་དང་། རྣམ་པ་ཡོངས་སུ་མ་ཆད་པའོ་ཞེས་བྱ་བའོ། །དེ་ཡང་ཅི་

དགེ་བའམ། མི་དགེ་བ་ཞིག་སྨྲས་པ། མ་ཡིན་ཏེ། རིགས་གཅིག་པ་དང་ཞེས་བྱ་བ་སྟེ། ལུང་དུ་མ་བསྟན་པའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །སྐད་ཅིག་པའམ། སྐད་ཅིག་པ་མ་ཡིན་པ་ཞེ་ན། སྨྲས་པ། རྒྱུན་ཆགས་པར་འཇུག་པའོ། །ཞེས་བྱ་བ་སྟེ། སྐད་

ཅིག་མ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གཅིག་པ་དེ་ཡོད་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། ལུང་དང་རིགས་པ་ལས་ཏེ། ལུང་གི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས་ཚིགས་སུ་བཅད་དེ་གསུངས་པ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་

Vol. 137 · folio 26a

ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱའོ། །རིགས་པ་ནི། འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་རྣམས་ལས་ལངས་ནས་

ཡུལ་རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་དང་དམིགས་པའི་རྐྱེན་ལ་ལྟོས་ནས་ཞེས་བྱ་བ་སྟེ། འདི་ལྟར་ཞེས་བྱ་བ་ནི། གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ན། འཇུག་པའི་རྣམ་པར་ཤེས་པ་

དྲུག་འགག་གོ། །དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པ་པ་ལས་ལངས་ནས་ཡང་ཡུལ་རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་གང་གི་ཕྱིར་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། དེའི་རྒྱུ་ནི་ཀུན་

གཞི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་སོ། །དམིགས་པའི་རྐྱེན་ལ་ལྟོས་ནས་ཞེས་བྱ་བ་ལ། དམིགས་པ་ནི་ཡུལ་དྲུག་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཞེས་བྱའོ། །གལ་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཁས་མི་ལེན་ན་

འཇུག་པའི་རྣམ་པར་ཤེས་པ་དྲུག་རྒྱུ་གང་ལས་འབྱུང་བར་འགྱུར། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ། །རྣམ་པ་གཞན་དུ་འཇུག་པ་ཉིད་ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་སྔོན་པོ་ལ་སོགས་པའི་རྣམ་པར་བྱུང་བ་ན། གང་ལས་

བྱུང་བ་དེ་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ། །ཆད་ནས་ཡང་འབྱུང་བ་ཞེས་བྱ་བ་ནི་གཉིད་ཀྱིས་ལོག་པ་དང་། བརྒྱལ་བ་ལ་སོགས་པའི་དུས་ན་འཇུག་པའི་རྣམ་པར་ཤེས་པ་རྒྱུན་ཆད་པ་རྣམས་གང་ལས་འབྱུང་བར་འགྱུར་བ་དེ་ཀུན་གཞི་རྣམ་པར་ཤེས་པའོ། །འཁོར་བར་འཇུག་

པ་དང་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་ལ། འཁོར་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། དེ་དག་གི་འཇུག་པ་དང་ལྡོག་པ་ནི་འོང་བ་དང་འགྲོ་བའི་དངོས་པོའོ། །དེ་ལྟ་བུའི་རང་བཞིན་ཅན་གྱི་ལུས་ཀྱི་རྒྱུའི་བྱེ་བྲག་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་དེ་

Vol. 137 · folio 26b

ཉིད་ནི་ས་བོན་ཐམས་ཅད་ཀྱི་གཞི་ཉིད་དང་། ལུས་ཀྱི་ཀུན་གཞི་དང་རྒྱུ་ཉིད་ཅེས་བྱ་བ་ནི་འདི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གང་ཡིན་པ་དེ་དག་དེ་ལ་གནས་ཏེ། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱའོ། །ཡང་ན་དེ་དེ་དག་ལ་རྒྱུའི་དངོས་པོར་གནས་པའོ། །

ལུས་ལ་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་རྣམ་པར་ཤེས་པ་དེ་ལུས་ལ་གནས་པ་དེ། དེའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱའོ། །ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། ལུས་ལེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལེན་པའི་རྣམ་

པར་ཤེས་པ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་གསུངས་པ་ལྟ་བུའོ། །དེའི་

ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། དབང་པོ་གཟུགས་ཅན་ཐམས་ཅད་ལེན་པ་དང་། ལུས་ཐམས་ཅད་ལེན་པའི་གནས་ཡིན་པ་དང་། ལུས་ལེན་པའི་ཕྱིར་ཏེ། འདི་ལྟར་དེས་དབང་པོ་གཟུགས་ཅན་དག་ཟིན་ན་ཇི་སྲིད་འཚོའི་བར་དུ་མི་འཆི་བར་གནས་སོ། །ཉིང་མཚམས་

སྦྱོར་བར་བྱེད་པ་ན། ཡང་དེ་མངོན་པར་འགྲུབ་པ་དང་། ལེན་པས་ལུས་ཟིན་པ་ཡིན་ཏེ། དེའི་ཕྱིར། ལུས་ལེན་པ་ཉིད་ཀྱི་ཕྱིར་རོ་ཞེས་སྨོས་སོ། །དངོས་སུ་ན་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ་ཞེས་བྱ་བ་ནི། ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་

ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་རྟག་ཏུ་རློམ་སེམས་པའི་བདག་ཉིད་དེ། རྟག་ཏུ་བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་འཆག་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་ཏེ། དེའི་ཕྱིར་དེ་ནི་ཀུན་ཏུ་འགྲོ་བ་ཞེས་བཤད་དེ།

དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་འབྱུང་ངོ་། །རྣམ་པར་ཤེས་པ་སྟེ། རིགས་གཅིག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུན་ཆགས་པར་འཇུག་པ་སྟེ་ཞེས་བྱ་བ་ནི་སྐད་ཅིག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཀུན་ཏུ་འགྲོ་བ་

Vol. 137 · folio 27a

ཡིན་ཡང་། དགྲ་བཅོམ་པ་དང་འཕགས་པའི་ལམ་དང་། འགོག་པའི་སྙོམས་པར་འཇུག་པའི་དུས་མ་གཏོགས་སོ། །འཕགས་པའི་ལམ་གྱི་དུས་དང་འགོག་པའི་སྙོམས་པར་འཇུག་པའི་དུས་ན་བག་ཆགས་སྐྱེད་ནས་འགག་གོ། །ལངས་ནས་ཡང་ས་བོན་དེ་

ལས་འབྱུང་ངོ་། །དགྲ་བཅོམ་པའི་དུས་ན་ཡོངས་སུ་འགག་གོ། །དེ་ལྟར་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་རྣམ་པར་ཤེས་པ་བརྒྱད་པོ་དེ་དག་ནི་རྣམ་པར་ཤེས་པའི་ཕུང་པོར་བཤད་པ་ཡིན་ནོ། །རྣམ་པར་

ཤེས་པའི་ཕུང་པོ་བཤད་ཟིན་ཏོ། །དེ་ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། ཞེས་བྱ་བ་བརྗོད་པར་བྱ་སྟེ། སྨྲས་པ། སྤུངས་པའི་ཕྱིར་ཏེ་ཞེས་བྱ་བའོ། །སྤུངས་པའི་ཕྱིར་ཞེས་བྱ་བ་དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། འདིར་སྨྲས་པ་དུས་དང་། རྒྱུད་དང་། རྣམ་པ་དང་། འགྲོ་བ་དང་།

ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་མདོར་བསྡུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྟེ། སྤུངས་པའི་དོན་དུ་རིག་པར་བྱའོ། །དུས་ཐ་དད་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ནི་དེ་བཞིན་དུ་སོ་སོར་སྦྱར་བར་བྱའོ། །སོགས་པ་སྨོས་པས་ནི་ཚོར་བ་དང་། འདུ་ཤེས་དང་།

འདུ་བྱེད་དང་། རྣམ་པར་ཤེས་པ་བསྡུ་བར་རིག་པར་བྱའོ། །དེ་ལ་འདས་པའི་གཟུགས་ནི་འདས་པའི་དུས་ཏེ། རྒྱུ་དང་འབྲས་བུ་སྤྱད་ཟིན་པའི་ཕྱིར་རོ། །ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་དུས་ཏེ། རྒྱུ་ནི་སྤྱད་ཟིན་ལ་འབྲས་བུ་ནི་སྤྱད་མ་ཟིན་པའི་ཕྱིར་རོ། །མ་འོངས་

པའི་གཟུགས་ནི། མ་འོངས་པའི་དུས་ཏེ། རྒྱུ་དང་འབྲས་བུ་སྤྱད་མ་ཟིན་པའི་ཕྱིར་རོ། །རྒྱུད་ཅེས་བྱ་བ་ནི་སོ་སོའི་རྒྱུད་དེ། གཟུགས་ལ་སོགས་པ་བསྡུ་བར་རིག་པར་བྱའོ། །རྣམ་པ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་རིག་པར་བྱའོ། །འགྲོ་བ་ཞེས་བྱ་བ་ནི་

འགྲོ་བ་ལྔ་སྟེ། སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་དང་། ལྷའི་འགྲོ་བ་རྣམས་སོ། །ལྷ་མ་ཡིན་གྱི་འགྲོ་བ་ནི། ལྷ་དང་ཡི་དྭགས་ཀྱི་འགྲོ་བར་འདུས་པའི་ཕྱིར་གུད་དུ་མ་སྨོས་སོ། །འགྲོ་བ་འདི་དག་ནི་གཟུགས་ལ་སོགས་པ་གང་དག་ཡོད་པ་དེ་

Vol. 137 · folio 27b

དག་ནི་འགྲོ་བ་ཐ་དད་པས་ཐ་དད་པར་རིག་པར་བྱའོ། །ཡུལ་ཐ་དད་པའི་གཟུགས་ལ་སོགས་པ་ནི་ནུབ་ཀྱི་བ་ལང་སྤྱོད་ལ་སོགས་པས་ཐ་དད་པར་རིག་པར་བྱའོ། །དེ་ལྟར་ན་གཟུགས་ལ་སོགས་པ་རྣམ་པ་དུ་མ་མདོར་བསྡུས་པའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་ཞེས་བྱའོ། །ཅིའི་

ཕྱིར་ཕུང་པོའི་དོན་དེ་སྐད་བརྗོད་ཅེ་ན། འཇིག་རྟེན་ན་མཐོང་བའི་ཕྱིར་ཏེ། དཔེར་ན་གང་དུ་མ་ཟླུམ་པ་དེ་ལ་ཕུང་པོ་ཞེས་བྱ་སྟེ། འབྲུའི་ཕུང་པོ་བཞིན་ནོ། །ཕུང་པོ་རྣམས་ནི་བཏགས་པའི་ཡོད་པར་བསྟན་པ་ཡིན་ནོ། །སྐྱེ་མཆེད་བཅུ་གཉིས་ནི་མིག་གི་སྐྱེ་མཆེད་ནས། ཆོས་

ཀྱི་སྐྱེ་མཆེད་ཀྱི་བར་དུའོ། །མིག་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་དོ་ཞེས་བྱ་བ་ནི་འདི་སྐད་དུ་གཟུགས་ཀྱི་ཕུང་པོར་གང་མིག་ལ་སོགས་པ་དབང་པོ་ལྔ་བསྟན་པ་དེ་དག་ཉིད་མིག་ལ་སོགས་པའི་སྐྱེ་མཆེད་དུ་བལྟ་བར་བྱའོ། །དེ་ཉིད་དུ་གཟུགས་ལ་སོགས་པ་གང་དག་ཡུལ་ལྔ་

བསྟན་པ་དེ་དག་ནི་གཟུགས་ཀྱི་སྐྱེ་མཆེད་ནས། རེག་བྱའི་སྐྱེ་མཆེད་ཀྱི་བར་གྱི་སྐྱེ་མཆེད་ལྔར་བལྟ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེར་རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་གང་ཡིན་པ་དང་། འཇམ་པ་ལ་སོགས་པ་རེག་བྱའི་ཕྱོགས་གཅིག་བཤད་པ་གང་ཡིན་པ་

དེ་ལྟར་རེག་བྱ་རྣམ་པ་བཅུ་གཅིག་པོ་དེ་དག་ནི་རེག་བྱའི་སྐྱེ་མཆེད་དུ་རིག་པར་བྱའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་སྟེ། རྣམ་པར་ཤེས་པའི་ཕུང་པོ་གང་གོང་དུ་བཤད་པ་དེ་ཉིད་ཡིད་ཀྱི་སྐྱེ་མཆེད་དུ་རིག་པར་བྱའོ། །ཆོས་ཀྱི་སྐྱེ་མཆེད་ནི་གང་ཚོར་

བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་སོ་ཞེས་བྱ་བ་ནི་འདི་སྐད་དུ། ཆོས་ཀྱི་སྐྱེ་མཆེད་ནི་རྫས་བརྒྱད་པོ་སྟེ། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་།

ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། དེ་བཞིན་ཉིད་ཅེས་བསྟན་པར་འགྱུར་རོ། །དེ་ལྟར་ན་ཕུང་པོ་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པ་བཤད་ཟིན་ཏོ། །འདུས་མ་བྱས་མ་བཤད་པས་འདིར་སྨྲས་

Vol. 137 · folio 28a

པ། འདུས་མ་བྱས་གང་ཞེ་ན། ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད་དོ་ཞེས་བྱ་བ་སྟེ། གང་རྐྱེན་རྣམས་ལས་མ་བྱུང་བ་དེ་ནི་འདུས་མ་བྱས་སུ་རིག་པར་བྱའོ། །བཟློག་པ་ནི་འདུས་བྱས་སོ། །དེ་

ལ་ནམ་མཁའ་གང་ཞེ་ན། གཟུགས་ཀྱི་གོ་འབྱེད་པའོ། །འདིའི་ནང་དུ་དངོས་པོ་ཤིན་ཏུ་སྣང་བས་ནམ་མཁའ་སྟེ། དེ་ནི་གཟུགས་ཀྱི་གོ་འབྱེད་པ་ཙམ་དུ་བལྟ་བར་བྱའོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། གང་འགོག་པ་བྲལ་བ་མ་ཡིན་པ་སྟེ། དེ་ནི་གང་ཉོན་མོངས་པའི་

གཉེན་པོ་མེད་པར་ཕུང་པོ་རྣམས་གཏན་དུ་མི་སྐྱེའོ་ཞེས་བྱ་བ་ལ། སོ་སོར་བརྟགས་པ་མེད་པ་ནི་སོ་སོར་བརྟགས་པ་མ་ཡིན་པའོ། །གང་དེས་འགོག་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། བློ་སྔོན་དུ་མ་བཏང་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ། ཡུལ་གཅིག་ལ་བློ་གཏད་པ་ན་

དེའི་ཚེ་དེ་ལས་གཞན་པ་ཡུལ་གཟུགས་ལ་སོགས་པ་འགགས་ན་རྟེན་དེ་དང་དམིགས་པ་ལ་རག་ལས་ཏེ་སྐྱེ་བའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་འོངས་པ་རྣམས་རྒྱུ་དང་དམིགས་པ་དང་བདག་པོའི་རྐྱེན་ཚོགས་སུ་ཟིན་ཀྱང་བཞི་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར་རོ། །མི་སྐྱེ་

བ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། དེ་ནི་བྲལ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །དེ་ཡང་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བར་བལྟ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་ནི་དེ་ལྟར་ཡིན་

པའི་ཕྱིར་ཏེ། དེ་དག་འདས་པའི་ཡུལ་ལ་དམིགས་པར་མི་ནུས་སོ། །སོ་སོར་བརྟགས་པའི་འགོག་པ་གང་ཞེ་ན། གང་འགོག་པ་དེ་ནི་བྲལ་བ་སྟེ། དེ་ནི་གང་ཉོན་མོངས་པའི་གཉེན་པོས་ཕུང་པོ་རྣམས་གཏན་དུ་མི་སྐྱེ་བའོ། །སོ་སོར་བརྟགས་པ་ཞེས་བྱ་བ་ནི་འབད་པས་གྲུབ་པའི་

ཤེས་རབ་སྟེ། དེས་བདེན་པ་བཞི་ལ་སོ་སོར་རྟོག་གོ། །ཡང་ན་སོ་སོར་རང་གི་བདེན་པ་སོ་སོར་ཡང་དག་པར་རྟོགས་པ་ནི། སོ་སོར་བརྟགས་པ་སྟེ། མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེས་ཐོབ་པའི་འགོག་པ་ནི་སོ་སོར་བརྟགས་པས་འགོག་པའོ། །ཡང་ན་སོ་སོར་

Vol. 137 · folio 28b

རྟོགས་པ་ཉིད་སོ་སོར་བརྟགས་པ་སྟེ། ཤེས་རབ་ཀྱི་བྱེ་བྲག་གོ། །དེས་ཐོབ་པར་བྱ་བ་སྟེ། ཐོབ་པའི་སྒྲ་ནི་ཚིག་པར་མི་མངོན་པར་བྱས་པའི་ཕྱིར་རོ། །དཔེར་ན་གླང་དང་ལྡན་པའི་ཤིང་རྟ་ལ་གླང་གི་ཤིང་རྟ་ཞེས་བྱ་བ་བཞིན་ཏེ། ལྡན་པའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་རོ། །དེ་ནི་ཟག་

པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་སྟེ། དེའི་ཕྱིར་དེ་ནི་གང་ཉོན་མོངས་པའི་གཉེན་པོས་མི་སྐྱེ་བའོ་ཞེས་བྱ་བ་སྨྲས་སོ། །ཐར་པ་ཞེས་བྱ་བ་དེ་ཐོབ་ན་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་སྟེ། ངེས་པར་འགོག་པའི་ཕྱིར་རོ། །སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །དེ་བཞིན་

ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་བདག་མེད་པ་ཉིད་དོ། །གཞན་མ་ཡིན་པའི་ཕྱིར་དེ་བཞིན་ཉིད་དོ། །ཆོས་རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །ཆོས་ཉིད་ཅེས་བྱ་བ་ནི་གང་དེ་དག་གི་ངོ་བོ་ཉིད་དོ། །ཆོས་བདག་མེད་པ་ཇི་ལྟར་ངོ་བོ་ཉིད་དུ་འགྱུར།

འདི་ལྟར་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་ཆོས་རྣམས་རྣམ་པར་སྤྱད་ན་ངོ་བོ་ཉིད་དུ་མི་གནས་སོ། །ཇི་ལྟར་སྣམ་བུ་སྣམ་བུའི་ངོ་བོར་མ་གྲུབ་པ་དེ་བཞིན་དུ་རྒྱུ་སྐུད་པ་ཡང་རྒྱུ་སྐུད་པའི་ངོ་བོར་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། ཆ་ཤས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཆ་ཤས་རྣམས་ཀྱང་

ཆ་ཤས་རྣམས་ཀྱི་ངོ་བོར་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། ཉག་མའི་ཆའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཉག་མའི་ཆ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བལྟའོ། །ཅིའི་ཕྱིར་སྐྱེ་མཆེད་ཅེས་བྱ་ཞེ་ན། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་

ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་མཚུངས་པར་ལྡན་པ་དང་བཅས་པའི་འཇུག་པའི་རྣམ་པར་ཤེས་པ་དྲུག་སྐྱེ་བའི་སྒོར་གྱུར་པ་དེའི་ཕྱིར་སྐྱེ་མཆེད་ཅེས་བྱའོ། །ངེས་པའི་ཚིག་ཏུ་ན་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་

དོ། །མཆེད་པ་ནི་རྒྱས་པ་སྟེ། རྒྱས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྐྱེ་མཆེད་རྣམས་བཤད་ཟིན་ཏོ། །ཁམས་བཅོ་བརྒྱད་ནི་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་དག་སྨྲས་པ། མིག་གི་ཁམས་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །མིག་ལ་སོགས་པའི་ཁམས་དང་གཟུགས་ལ་

Vol. 137 · folio 29a

སོགས་པའི་སྐྱེ་མཆེད་རྣམས་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་འདི་སྐད་དུ་གང་དག་མིག་ལ་སོགས་པའི་སྐྱེ་མཆེད་ལྔ་དང་། གང་ཡང་ཡུལ་གཟུགས་ལ་སོགས་པ་དེ་དག་སྐྱེ་མཆེད་དུ་བསྟན་པ་དེ་དག་ཉིད་མིག་ལ་སོགས་པའི་ཁམས་དང་། གཟུགས་ལ་སོགས་

པའི་ཁམས་སུ་བལྟ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །སོགས་པ་སྨོས་པས་ནི་རྣ་བ་དང་སྣ་དང་། ལྕེ་དང་ལུས་ཞེས་བྱ་བ་བསྡུའོ། །ཡུལ་རྣམས་ལ་ཡང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བའི་སྐྱེ་མཆེད་རྣམས་བསྡུའོ། །རྣམ་པར་ཤེས་པའི་ཁམས་དྲུག་པོ་འདི་དག་ནི་

མིག་ལ་སོགས་པ་དག་ལ་བརྟེན་ཏེ་གཟུགས་ལ་སོགས་པ་དམིགས་པ་རྣམ་པར་རིག་པའོ་ཞེས་བྱ་བ་ནི་འདི་སྐད་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བའི་ཁམས་རྣམས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་དྲུག་གི་རྟེན་ཡིན་ལ།

ཕྱི་རོལ་གྱི་ཁམས་དྲུག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཞེས་བྱ་བ་ནི་དམིགས་པར་བསྟན་པར་འགྱུར་ཏེ། དེ་ནི་འདི་སྐད་དུ་དྲུག་པ་གཉིས་ལས་རྣམ་པར་ཤེས་པའི་ཁམས་དྲུག་འབྱུང་ངོ་ཞེས་སྟོན་པར་འགྱུར་རོ། །ཡིད་ཀྱི་ཁམས་ཞེས་སྨོས་པ་

འཇུག་པའི་རྣམ་པར་ཤེས་པ་དྲུག་ལས་ཀྱི་ཡིད་ཀྱི་ཁམས་ཞེས་བྱ་བ་གུད་ན་ཡོད་དམ་སྨྲས་པ། གཞན་གང་ཡང་མེད་དེ། དེ་དག་ཉིད་འགག་མ་ཐག་པ་སྟེ། འཇུག་པའི་རྣམ་པར་ཤེས་པའི་ཁམས་དྲུག་གི་རྒྱུར་འགྱུར་ཏེ། རྣམ་པར་ཤེས་པ་གཞན་སྐྱེད་པ་ལ་ཡིད་ཀྱི་ཁམས་ཞེས་

བྱའོ། །གཞན་དུ་ན་ནི་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་ཁམས་བཅུ་བདུན་ནམ་ཁམས་བཅུ་གཉིས་སུ་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔའི་རྟེན་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཞེས་བྱ་བ་ཡིན་ན་རྣམ་པར་ཤེས་པ་དྲུག་པ་གང་ལ་

བརྟེན་ནས་འབྱུང་བའི་གནས་གང་ཡང་མེད་པས། དེའི་ཕྱིར་རྣམ་པར་ཤེས་པ་དྲུག་པའི་རྟེན་བསྟན་པ་དང་། ཁམས་བཅོ་བརྒྱད་དུ་བསྐང་བའི་ཕྱིར་ཡིད་ཀྱི་ཁམས་འདོད་དོ། །དེ་ལྟར་ན་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་སྐྱེ་མཆེད་དང་། ཁམས་བཅུ་དང་། ཆོས་ཀྱི་སྐྱེ་མཆེད་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words