སུམ་ཅུ་པའི་འགྲེལ་བཤད

Sanskrit title (Tibetan script, as in the text) ཏྲིང་ཤི་ཀ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 138 · folio 29b

སྨྲས་སོ། །འདི་ནི་འཇུག་པར་འདོད་པ་བསྐྱེད་པའི་ལས་ཅན་ཏེ། འདི་ལྟར་ཡིད་ཆེས་པར་གྱུར་ཅིང་། ནུས་པའི་དངོས་པོ་འདོད་པ་སྐྱེས་ནས་འཇུག་པ་ལ་འདུན་པར་བྱེད་དོ། །ངོ་ཚ་ཤེས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། ངོ་ཚ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་

དང་ཆོས་ལ་ལྟོས་ནས་ཁ་ན་མ་ཐོ་བས་འཛེམ་པ་སྐྱེ་བ་གང་ཡིན་པ་དེ་ངོ་ཚ་ཤེས་པ་ཞེས་བྱའོ། །ཁ་ན་མ་ཐོ་བ་ཇི་ལྟ་བུ་ཞིག་སྙམ་པ་ལ། དམ་པ་རྣམས་ཀྱིས་སྨད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དམ་པ་རྣམས་ཀྱིས་སྨད་པ་དང་། རྣམ་པར་སྨིན་པ་མི་འདོད་པ་

པ་ཡིན་ཏེ། དེའི་ཕྱིར་སྡིག་པ་ཉིད་ཁ་ན་མ་ཐོ་བ་ཞེས་བྱ་བའོ། །བྱས་ཀྱང་རུང་མ་བྱས་ཀྱང་རུང་། ཁ་ན་མ་ཐོ་བ་དེས་སེམས་ཞུམ་པ་སྐྱེ་བ་གང་ཡིན་པ་དེ་འཛིན་པ་སྟེ། དེ་ཉིད་ངོ་ཚ་ཤེས་པ་ཞེས་བྱའོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།

ཉེས་པར་སྤྱོད་པ་བཟློག་པའི་ལས་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲེལ་ཡོད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། ཁྲེལ་ཡོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འཇིག་རྟེན་ལ་ལྟོས་ནས་ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པ་དེ་ནི་ཁྲེལ་ཡོད་པའོ། །འདི་ལྟར་འཇིག་རྟེན་

ན་འདི་ནི་སྨད་པ་སྟེ། བདག་ལས་འདི་ལྟ་བུ་བྱེད་པར་རིགས་ན་འཇིག་རྟེན་སྨད་པར་འགྱུར་ཏེ། དེའི་ཕྱིར་མི་སྙན་པའི་འཇིགས་པས་ཁ་ན་མ་ཐོ་བ་ལ་འཛེམ་མོ། །སྨད་པ་ནི་བཤུང་བའོ། །ཚིགས་སུ་བཅད་པ་མ་ཡིན་པ་ནི་མི་སྙན་པའི་སྒྲར་བརྗོད་དོ། །ལས་བསྟན་པའི་ཕྱིར་འདི་

ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །མ་ཆགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆགས་པའི་གཉེན་པོར་གྱུར་པའི་ཆོས་གང་ཡིན་པ་དེ་ནི་མ་ཆགས་པའོ། །ཆགས་པ་ཞེས་བྱ་བ་གང་ཡིན་སྙམ་པ་ལ། ཆགས་པ་ཞེས་བྱ་བ་ནི་ཞེས་

བྱ་བ་ལ་སོགས་པ་སྨྲས་ཏེ། འཁོར་བ་དང་། འཁོར་བའི་ཡོ་བྱད་ལ་ཆགས་པ་དང་། སྨོན་པ་གང་ཡིན་པ་དེ་ཆགས་པའོ། །དེའི་གཉེན་པོ་ནི་མ་ཆགས་པའོ། །དེའི་ཕྱིར་འཁོར་བ་དང་དེའི་ཡོ་བྱད་གླང་པོ་ཆེ་དང་རྟ་ལ་སོགས་པ་ལ་མ་ཆགས་པ་དང་། མི་ཕྱོགས་པ་དང་མི་

Vol. 138 · folio 30a

འདོད་པ་དང་མི་སྨོན་པ་ནི་མ་ཆགས་པའོ་ཞེས་བསྟན་པར་འགྱུར་རོ། །ཞེ་སྡང་མེད་པ་བསྟན་པའི་ཕྱིར། ཞེ་སྡང་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཞེ་སྡང་གི་གཉེན་པོར་གྱུར་པའི་ཆོས་བྱམས་པའི་ངོ་བོ་ཉིད་ནི་ཞེ་སྡང་མེད་པའོ། །ཞེ་སྡང་ཉིད་གང་

ཡིན་སྙམ་པ་ལ། ཞེ་སྡང་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གནོད་པ་བྱེད་པའི་སེམས་ཅན་རྣམས་དང་། སྡུག་བསྔལ་རྣམས་དང་། སྡུག་བསྔལ་གྱི་རྒྱུ་དུག་དང་། ཚེར་མ་ལ་སོགས་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པ་ཞེ་སྡང་ངོ་། །ཞེ་སྡང་མེད་པ་ནི་ཞེ་སྡང་གི་གཉེན་

པོ་ཡིན་པས་སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རྣམ་པ་ཀུན་ནས་མནར་སེམས་པ་མེད་པའི་ངོ་བོར་བལྟའོ། །ལས་བསྟན་པའི་ཕྱིར། འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །གཏི་མུག་མེད་པར་བསྟན་པའི་ཕྱིར། གཏི་

མུག་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཏི་མུག་གི་གཉེན་པོར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ངོ་བོ་ཉིད་ཀྱི་ཆོས་གང་ཡིན་པ་དེ་ནི་འདིར་གཏི་མུག་མེད་པའོ། །གཏི་མུག་ཉིད་གང་ཡིན་སྙམ་པ་ལ། གཏི་མུག་ནི་ལས་དང་འབྲས་བུ་དང་ཞེས་བྱ་བ་ལ་སོགས་པ་

སྨྲས་ཏེ། ལས་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་གཏི་མུག་གོ། །གཏི་མུག་མེད་པ་ནི་དེའི་གཉེན་པོ་ཡིན་པས། བདེན་པ་ལ་སོགས་པ་རྟོགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱའོ། །འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལས་སྟོན་ཏེ། དོན་ནི་བརྡ་ཕྲད་པར་ཟད་དོ། །བརྩོན་

འགྲུས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལེ་ལོའི་གཉེན་པོར་གྱུར་པ་དགེ་བའི་ལས་ལ་སེམས་སྤྲོ་བ་གང་ཡིན་པ་དེ་བརྩོན་འགྲུས་ཡིན་གྱི། ཉོན་མོངས་པ་ཅན་གྱི་ལས་ལ་སྤྲོ་བ་ནི་བརྩོན་འགྲུས་མ་ཡིན་ཏེ། གང་ཉོན་མོངས་པ་ཅན་གྱི་

ལས་ལ་སྤྲོ་བ་ནི་སྨད་པའི་ཕྱིར། ལེ་ལོ་ཉིད་ཡིན་གྱི། བརྩོན་འགྲུས་མ་ཡིན་ནོ། །སྨད་པའི་དངོས་པོ་ལ་ཆགས་པའི་ཕྱིར་དེ་ཡང་ལེ་ལོ་ཉིད་དོ། །དེའི་ཕྱིར་ལེ་ལོ་ནི་རྣམ་པ་གཉིས་ཏེ། སྙོམ་ལས་ཀྱི་མཚན་ཉིད་དང་ཉོན་མོངས་པ་ཅན་ལ་སྤྲོ་བའོ། །ལས་བསྟན་པའི་ཕྱིར་འདི་ནི་

Vol. 138 · folio 30b

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ནི་དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་སྒྲུབ་པའོ། །ཤིན་ཏུ་སྦྱངས་པ་ནི་གང་ཡིན་སྙམ་པ་ལ་ཤིན་ཏུ་སྦྱངས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་གནས་ངན་ལེན་གྱི་གཉེན་པོར་གྱུར་པ་ལུས་དང་སེམས་ལས་སུ་རུང་བ་ཉིད་

གང་ཡིན་པ་དེ་ཤིན་ཏུ་སྦྱངས་པའོ། །གནས་ངན་ལེན་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ། གནས་ངན་ལེན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་དང་སེམས་ལས་སུ་མི་རུང་བ་ཉིད་གནས་ངན་ལེན་ཞེས་བྱའོ། །ཡང་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་ནི་གནས་ངན་

ལེན་ཏོ། །ཅིའི་ཕྱིར་སྙམ་པ་ལ་དེ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་མེད་པར་གྱུར་ན་ཤིན་ཏུ་སྦྱངས་པར་འགྱུར་ཏེ། དེའི་ཕྱིར་དེ་ཡང་གནས་ངན་ལེན་ཏོ། །ལུས་ལས་སུ་རུང་བ་ཉིད་གང་ཡིན་སྙམ་པ་ལ། དེ་ལ་ལུས་ལས་

སུ་རུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་རང་གི་དགོས་པ་རྣམས་ལ་ལྡང་བ་ཡང་བ་གང་ལས་བྱུང་བ་དེ་ལུས་ལས་སུ་རུང་བ་ཉིད་ཅེས་བྱའོ། །ལྡང་བ་ཡང་བ་ཞེས་བྱ་བ་བདེ་བའོ། །སེམས་ལས་སུ་རུང་བ་བསྟན་པའི་ཕྱིར། སེམས་ལས་སུ་རུང་བ་ནི་ཞེས་བྱ་བ་ལ་

སོགས་པ་སྨྲས་ཏེ། ཡང་དག་པ་ཡིད་ལ་བྱེད་པ་ལ་ཞུགས་པའི་རྣལ་འབྱོར་པའི་སེམས་གང་ཡིན་པ་དེའི་སིམ་པ་དང་ཡང་བའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་གང་ཡིན་པ་དེ་སེམས་ལས་སུ་རུང་བ་ཉིད་དོ། །སིམ་པ་ནི་བདེ་བའོ། །ཡང་བ་ནི་གསལ་བའོ། །ཅིའི་

ཕྱིར་སྙམ་པ་ལ་དེ་དང་ལྡན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སེམས་ལས་བྱུང་བ་དེ་དང་ལྡན་ན་དམིགས་པ་ལ་སེམས་འཇུག་སྟེ། དེའི་ཕྱིར་དེ་སེམས་ལས་སུ་རུང་བ་ཉིད་ཅེས་བྱའོ། །འདིར་ནི་སེམས་ལས་བྱུང་བའི་ཆོས་གཞན་ཤིན་ཏུ་སྦྱངས་པ་ཡིན་ན། ལུས་ཤིན་

ཏུ་སྦྱངས་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། ལུས་ཀྱི་རེག་བྱའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལུས་ཀྱི་རེག་བྱའི་ཁྱད་པར་ཉིད་འགའ་ཞིག་དགའ་བས་ཟིན་པ་ལ་ལུས་ཤིན་ཏུ་སྦྱང་བར་བྱའོ། །ཅིའི་ཕྱིར་སྙམ་པ་ལ་ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་

Vol. 138 · folio 31a

པ་སྨྲས་ཏེ། འདི་ལྟར་གང་གི་ཚེ་ཡིད་དགའ་བར་གྱུར་པ་དེའི་ཚེ། ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་མདོ་ལས་གསུངས་སོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་དེའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཤིན་ཏུ་

སྦྱངས་པའི་དབང་གིས་གནས་གྱུར་ཏེ། དེའི་ཕྱིར་འདིའི་ལས་ནི་ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སེལ་བའོ། །བག་ཡོད་བཅས་པ་ཞེས་བྱ་བ་དེ་དགྲོལ་བའི་ཕྱིར། བག་ཡོད་བཅས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྣམ་པར་

བསྒྲུབ་པ་ཙམ་གྱིས་འདིའི་རང་གི་ངོ་བོ་མི་ཤེས་པས། དེ་ཡང་གང་ཞེ་ན་ཞེས་འདྲིའོ། །གྲུབ་པའི་མཐའ་སྨྲ་བས་བཏང་སྙོམས་སོ་ཞེས་སྨྲས་ཏེ། བཏང་སྙོམས་ནི་འདིར་བག་ཡོད་པ་དང་བཅས་པར་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་གཏན་ཚིགས་འདྲི་བའི་ཕྱིར།

དེ་ཅིའི་ཕྱིར་ཞེས་སྨྲས་པ་དང་། གྲུབ་པའི་མཐའ་སྨྲ་བས་གཏན་ཚིགས་བསྟན་པའི་ཕྱིར། གཅིག་ཏུ་དགེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་བཏང་སྙོམས་ནི་གཅིག་ཏུ་དགེ་བ་དང་། འདིར་སེམས་ལས་བྱུང་བ་དགེ་བ་ཐམས་ཅད་བསྟན་པའི་དབང་དུ་བྱས་པ་

དང་། དད་པ་ལ་སོགས་པ་བཞིན་དུ་འདིར་དངོས་སུ་མ་བསྟན་པ་དང་། སེམས་ལས་བྱུང་བ་དགེ་བ་བཅུ་གཅིག་ལས་མ་གཏོགས་པར་སེམས་ལས་བྱུང་བ་དགེ་བ་གཞན་མི་སྲིད་པས། དེའི་ཕྱིར་ལྷག་མ་ལུས་པ་ནི་བཏང་སྙོམས་ཉིད་དེ། བག་ཡོད་པ་དང་བཅས་པའི་སྒྲར་བརྗོད་

དོ། །དེ་ནི་འདི་སྐད་དུ་ཡོང་ནི་བཏང་སྙོམས་གཏོགས་པ་དགེ་བ་བཅུ་གཅིག་ཡོད་ན། དེ་ལ་བཅུ་ནི་རྭ་ནས་བཟུང་བའི་ཚུལ་གྱིས་བཤད་ཟིན་ལ། བཏང་སྙོམས་ནི་འདིར་རང་གི་མིང་གིས་བསྟན་ཏེ། དེའི་ཕྱིར་དེ་ཉིད་འདིར་བག་ཡོད་པ་དང་བཅས་པའི་སྒྲར་བརྗོད་དོ་ཞེས་བསྟན་

པར་འགྱུར་རོ། །བག་ཡོད་པ་གང་ཡིན་སྙམ་པ་ལ་དེ་ལ་བག་ཡོད་པ་ནི་བག་མེད་པའི་གཉེན་པོའོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར་མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་ནི་བག་ཡོད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་མ་ཆགས་པ་ལ་སོགས་

Vol. 138 · folio 31b

པ་ལ་གནས་ནས་མི་དགེ་བའི་ཆོས་རྣམས་སྤོང་ཞིང་མི་དགེ་བའི་ཆོས་ཀྱི་གཉེན་པོར་གྱུར་པ། དགེ་བའི་ཆོས་རྣམས་ཀྱང་སྒོམ་པ་མ་ཆགས་པ་ལ་སོགས་པ་དེ་དག་ནི་བག་ཡོད་པའི་སྒྲར་བརྗོད་དོ། །དེ་བས་ན་འདི་ནི་བག་མེད་པའི་གཉེན་པོ་ཉིད་ཡིན་ནོ། །འདི་ལྟར་དེ་ནི་བག་མེད་

པ་ལས་བཟློག་པ་སྟེ་འདིའི་བཟློག་པ་བརྗོད་དོ། །ལས་བསྟན་པའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །བཏང་སྙོམས་གང་ཡིན་སྙམ་

པ་ལ། བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱིང་བ་དང་རྒོད་པ་དང་བྲལ་ནས་སེམས་མཉམ་པ་ཉིད་གང་ཡིན་པ་དང་། བསྒྲིམ་མི་དགོས་པར་སེམས་རང་གི་ངང་གིས་རྣལ་དུ་འདུག་པར་འཇུག་པ་གང་ཡིན་པ་དང་། བྱིང་བ་དང་རྒོད་པའི་

གཉེན་པོ་མཆོག་ཏུ་དགའ་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པ་དག་ལ་རྩོལ་བ་མི་བྱེད་དེ། སེམས་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་བཏང་སྙོམས་སོ། །ཚིག་འདི་སྙེད་ཅིག་ཅི་དགོས་སྙམ་པ་ལ། ཚིག་འདི་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་

མ་བཤད་དོ། །སེམས་མཉམ་པ་ཉིད་ཅེས་བྱ་བ་འདི་གང་ཡིན་སྙམ་པ་ལ། དེ་ལ་བྱིང་བ་དང་རྒོད་པ་ནི་སེམས་མི་མཉམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་སེམས་བྱིང་བའམ་རྒོད་པར་གྱུར་པ་དེའི་ཚེ་མི་མཉམ་པ་ཞེས་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་

མེད་དེ་ཐོག་མར་སེམས་བྱིང་བ་ཡང་མ་ཡིན། རྒོད་པ་ཡང་མ་ཡིན་པར་གྱུར་པ་དེའི་ཚེ་མཉམ་པ་ཞེས་བྱ་སྟེ། འདི་ནི་སེམས་མཉམ་པ་ཉིད་དོ། །སེམས་རྣལ་དུ་འདུག་པ་ཉིད་བསྟན་པའི་ཕྱིར། དེའི་འོག་ཏུ་མངོན་པར་འདུ་བྱེད་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་

མཉམ་པ་ཉིད་ཀྱི་འོག་ཏུ་བསྒྲིམ་མི་དགོས་པར་སེམས་མཉམ་པར་གཞག་པའི་རྣལ་འབྱོར་གྱི་རྗེས་སུ་མཐུན་པར་མཉམ་པ་ཉིད་དུ་འཇུག་པ་གང་ཡིན་པ་དེ་སེམས་རྣལ་དུ་འདུག་པ་ཉིད་དོ། །དེའི་དུས་ན་རྣལ་འབྱོར་པ་ལ་བྱིང་བ་དང་རྒོད་པ་མི་མཉམ་པའི་ཉེས་པའི་བདག་ཉིད་

Vol. 138 · folio 32a

དེ་དག་ཡང་འབྱུང་བར་མི་འགྱུར་གྲང་སྙམ་དུ་དེ་ལྟ་བུའི་དོགས་པ་ཡོད་དེ། འདི་ལྟར་མཉམ་པ་ཉིད་དེ་ནི་གདོད་ཐོབ་མ་ཐག་སྟེ། རིང་པོར་གོམས་པར་བྱས་པས་དེའི་ཕྱིར་དོགས་པ་ཡོད་པ་སྲིད་དོ། །སེམས་ཀྱི་ལྷུན་གྱིས་གྲུབ་པ་བསྟན་པའི་

ཕྱིར། དེའི་འོག་ཏུ་སྒོམ་པ་ཁྱད་ཞུགས་པར་གྱུར་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་འོག་ཏུ་གང་གི་ཚེ་སྒོམ་པ་ཁྱད་ཞུགས་པར་གྱུར་པ་དེའི་ཚེ་དེའི་མི་མཐུན་པའི་ཕྱོགས་བྱིང་བ་དང་རྒོད་པ་ཐག་རིང་དུ་གྱུར་པས་མི་མཉམ་པའི་དོགས་པ་མི་འབྱུང་ངོ་། །དེའི་ཕྱིར་བྱིང་

བ་དང་རྒོད་པའི་གཉེན་པོའི་རྒྱུ་མཆོག་ཏུ་དགའ་བ་དང་། ཀུན་ཏུ་སྐྱོ་བ་ཡིད་ལ་བྱེད་པ་རྣམས་ལ་རྣལ་འབྱོར་པ་རྩོལ་བར་མི་བྱེད་དོ། །རྣལ་འབྱོར་པ་རྩོལ་བར་མི་བྱེད་དེ། སེམས་ལྷུན་གྱིས་གྲུབ་པར་གནས་པའི་དུས་གང་ཡིན་པ་དེ་སེམས་ལྷུན་གྱིས་གྲུབ་པ་ཉིད་ཅེས་བྱའོ། །

འདིའི་ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་པའི་རྟེན་བྱེད་པའོ། །རྣམ་པར་མི་འཚེ་བ་གང་ཡིན་སྙམ་པ་ལ། རྣམ་པར་མི་འཚེ་བ་ནི་རྣམ་པར་འཚེ་བའི་གཉེན་

པོ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་གསོད་པ་དང་འཆིང་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གསོད་པ་དང་འཆིང་བ་ལ་སོགས་པ་གནོད་པའི་རྒྱུ་རྣམས་ཀྱིས་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་པ་ནི་ཐོ་མི་འཚམས་པས་རྣམ་པར་འཚེ་བ་ཞེས་བྱ་བ་སྟེ། དེ་ནི་

སེམས་ཅན་རྣམས་ལ་སྙིང་རྗེ་བའོ། །འདི་རྣམ་པར་བསྒྲུབ་པར་བྱ་བའི་ཕྱིར། བསོད་ཉམས་སེལ་བས་སྙིང་རྗེ་བའོ་ཞེས་བྱ་བ་སྨྲས་སོ། །བསོད་ཉམས་ཀྱི་སྒྲ་ནི་བདེ་བ་ལ་བྱ་སྟེ། དེའི་ཕྱིར་བདེ་བ་སེལ་ཞེས་བསྟན་པ་ཡིན་ནོ། །སེལ་ཞེས་བྱ་བ་ནི་སྤོང་བའོ། །དེ་ཇི་

ལྟར་ཤེས་སྙམ་པ་ལ། སྙིང་རྗེ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྙིང་རྗེ་ཅན་གང་ཡིན་པ་ནི་ཕ་རོལ་གྱི་སྡུག་བསྔལ་ཐམས་ཅད་ཀྱིས་སྡུག་བསྔལ་བར་འགྱུར་ཏེ། དེའི་ཕྱིར་སྙིང་རྗེས་བདེ་བ་སེལ་ཏོ། །འདིའི་ལས་བསྟན་པའི་ཕྱིར་འདི་ནི་རྣམ་པར་ཐོ་མི་

Vol. 138 · folio 32b

འཚམས་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་སེམས་ལ་རྣམ་པར་ཐོ་མི་འཚམས་པའོ། །འོག་མ་དང་མཚམས་སྦྱར་བའི་ཕྱིར། དགེ་བ་བཅུ་གཅིག་བཤད་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ཉོན་མོངས་པ་རྣམས་བསྟན་པའི་

ཕྱིར་ཉོན་མོངས་པ་ནི། འདོད་ཆགས་ཁོང་ཁྲོ་གཏི་མུག་དང་། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཚིག་སྡུད་པ་བསྟན་པའི་ཕྱིར། འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །འདོད་ཆགས་གང་ཡིན་སྙམ་པ་ལ་དེ་

ལ་འདོད་ཆགས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྲིད་པ་དང་ལོངས་སྤྱོད་རྣམས་ལ་ལྷག་པར་ཆགས་པ་གང་ཡིན་པ་དང་། སྨོན་པ་གང་ཡིན་པ་དེ་འདོད་ཆགས་ཞེས་བྱ་སྟེ། ད་ལྟར་བྱུང་བ་རྣམས་ལ་ནི་ལྷག་པར་ཆགས་སོ། །མ་འོངས་པ་རྣམས་ལ་ནི་སྨོན་ཏོ། །

འདིའི་ལས་བསྟན་པའི་ཕྱིར། དེ་ནི་སྡུག་བསྔལ་ཀུན་སྐྱེད་པའི་ལས་ཅན་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དགྲོལ་བའི་ཕྱིར། སྡུག་བསྔལ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར། ཕུང་པོ་ལྔ་ནི་ཁམས་གསུམ་དུ་ཅི་རིགས་

པར་སྡུག་བསྔལ་བར་འདོད་དོ། །འདིས་སྲིད་པ་གསུམ་དུ་སྐྱེ་བའམ། ཡང་སྲིད་པའི་ལས་འབྱུང་བར་བྱེད་པས། སྲེད་པ་ལ་ཉེ་བར་ལེན་པ་ཞེས་བྱ་སྟེ། ཉེ་བར་ལེན་པ་དེས་ན་སྐྱེད་པའམ། དེ་ལ་རག་ལས་ཏེ་འབྱུང་བའམ། དེ་དག་ལས་ཉེ་བར་ལེན་པ་འདི་འབྱུང་བའི་ཕྱིར་

ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ། །ཕུང་པོ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པའི་དབང་གིས་མངོན་པར་འགྲུབ་པས། དེའི་ཕྱིར་འདོད་ཆགས་ཀྱི་ལས་ནི་སྡུག་བསྔལ་ཀུན་སྐྱེད་པར་བཤད་དོ། །ཁོང་ཁྲོ་བ་གང་ཡིན་སྙམ་པ་ལ་ཁོང་ཁྲོ་བ་ནི་

སེམས་ཅན་ཀུན་ལ་ཀུན་ནས་མནར་སེམས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་གང་ཡིན་པ་དང་། སེམས་ཅན་རྣམས་ལ་སེམས་རྩུབ་པ་གང་ཡིན་པ་དང་། གང་གིས་ནོན་ན་སེམས་ཅན་རྣམས་ལ་བསད་པ་དང་བཅིང་བ་ལ་སོགས་

Vol. 138 · folio 33a

པས་གནོད་པ་བྱ་བར་སེམས་པ་དེ་ཁོང་ཁྲོ་བའོ། །འདིའི་ལས་བསྟན་པའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་རེག་པ་ནི་བདེ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དེ་ཇི་ལྟར་ཤེས་སྙམ་

པ་ལ་ཀུན་ནས་མནར་སེམས་ཀྱི་སེམས་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སྡང་བའི་སེམས་ཡོད་ན་གདོན་མི་ཟ་བར་སྡུག་བསྔལ་དང་ཡིད་མི་བདེ་བ་ཀུན་ཏུ་འབྱུང་ངོ་། །དེ་ཀུན་ཏུ་བྱུང་ན་སེམས་ལ་གདུང་བར་འགྱུར་རོ། །སེམས་ལ་གདུང་བར་གྱུར་ན་དེའི་རྗེས་

སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བར་འགྱུར་ཏེ། དེའི་ཕྱིར་དེ་སྤྱོད་ལམ་ཐམས་ཅད་དུ་སྡུག་བསྔལ་དང་བཅས་ཤིང་ཕོངས་པ་དང་བཅས་པར་གནས་པར་འགྱུར་རོ། །ཞེ་འགྲས་པའི་སེམས་གང་ཡིན་པ་དེ་ནི་ཉེས་པར་སྤྱོད་པ་གང་དང་ཡང་རིང་བ་མ་ཡིན་ཏེ། དེའི་ཕྱིར་ཇི་སྐད་བརྗོད་པ་

དེ་ནི་ཁོང་ཁྲོ་བའི་ལས་སུ་བཤད་དོ། །གཏི་མུག་གང་ཡིན་སྙམ་པ་ལ། གཏི་མུག་ནི་ངན་སོང་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ངན་སོང་ལ་སོགས་པ་མི་ཤེས་པ་གང་ཡིན་པ་དེ་ནི་གཏི་མུག་གོ། །རྒྱུ་དང་འབྲས་བུར་འབྲེལ་པ་ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་ལ།

དགེ་བའི་འབྲས་བུ་འདོད་པ་དང་མི་དགེ་བའི་འབྲས་བུ་མི་འདོད་པ་ནི་ཕྱིན་ཅི་མ་ལོག་པ་ཉིད་དོ། །འདིའི་ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། དེ་ལ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་བདག་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་

མོངས་པའི་བདག་ཉིད་དང་། ལས་ཀྱི་བདག་ཉིད་དང་སྐྱེ་བའི་བདག་ཉིད་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མོ། །ཀུན་ནས་ཉོན་མོངས་པ་དེ་རྣམ་པ་གསུམ་ལས། ཀུན་ནས་ཉོན་མོངས་པ་སྔ་མ་སྔ་མ་རྒྱུར་གྱུར་པ་ལས། ཀུན་ནས་ཉོན་མོངས་པ་ཕྱི་མ་ཕྱི་མའི་བདག་ཉིད་རྙེད་པར་

དེ་འབྱུང་བ་ཞེས་བྱ་བ་བརྗོད་དོ། །དེ་འབྱུང་བའི་རྟེན་བྱེད་པ་ནི་འདི་ལྟར་རིག་པར་བྱ་སྟེ། འདི་ལྟར་རྨོངས་པར་གྱུར་ན་ལོག་པར་ཤེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་འབྱུང་གི་རྨོངས་པར་མ་གྱུར་ན་མི་འབྱུང་ངོ་། །ང་རྒྱལ་གང་ཡིན་སྙམ་པ་ལ། །ང་རྒྱལ་ནི་ཞེས་བྱ་བ་

Vol. 138 · folio 33b

སྨྲས་སོ། །དེ་དགྲོལ་བའི་ཕྱིར། ང་རྒྱལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ང་རྒྱལ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འབྱུང་ངོ་། །འདིའི་ངོ་བོ་ཉིད་ནི་སེམས་ཁེངས་པའི་ངོ་བོ་ཉིད་དོ། །འཇིག་ཚོགས་ལ་ལྟ་བ་ལ་ང་རྒྱལ་གནས་ཞེས་བྱ་བ་འདི་ཅིའི་ཕྱིར་

སྙམ་པ་ལ། འདི་ལྟར་ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཕུང་པོ་རྣམས་ལ་བདག་གམ་བདག་གི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་འདི་ནི་ང་སྟེ་འདི་ལྟར་མཁས་སོ། །འདི་ནི་ངའི་སྟེ་འདི་ལྟར་ཕྱུག་གོ་སྙམ་པ་ལ་སོགས་པའི་བྱེ་བྲག་གིས་བདག་ཁེངས་

ཤིང་གཞན་དག་ལས་ལྷག་པར་རློམ་སེམས་པ་སྟེ། དེའི་ཕྱིར་ང་རྒྱལ་ནི་འཇིག་ཚོགས་ལ་གནས་ཞེས་བྱའོ། །འདིའི་ལས་བསྟན་པའི་ཕྱིར། དེ་ནི་མི་གུས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིའི་ལས་ནི་མི་གུས་པ་དང་། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའོ། །

མི་གུས་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞིག་སྙམ་པ་ལ། མི་གུས་པ་ནི་བླ་མ་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སློབ་དཔོན་ལ་སོགས་པ་བླ་མ་རྣམས་དང་། དེ་ལས་གཞན་པ་གང་ཟག་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་། ལུས་དང་ངག་གིས་སྲིད་ཞུ་མི་བྱེད་པ་གང་

ཡིན་པ་དེ་ནི་མི་གུས་པའོ། །འགྱིང་བ་ཞེས་བྱ་བ་ནི་མི་འདུད་པའོ། །སྲིད་ཞུ་མི་བྱེད་ཅེས་བྱ་བ་ནི་ལུས་མི་ལྡང་བ་དང་། ཚིག་གིས་ལེགས་པར་འོངས་སམ་ཞེས་བྱ་བ་ལ་སོགས་པ་མི་ཟེར་བའོ། །སྡུག་བསྔལ་འབྱུང་བ་ཞེས་བྱ་བ་འདི་གང་ཡིན་སྙམ་པ་ལ། སྡུག་

བསྔལ་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚེ་གཞན་འབྱུང་བ་གང་ཡིན་པ་དེ་ནི་འདིར་སྡུག་བསྔལ་འབྱུང་ཞེས་བྱ་བར་འདོད་དོ། །འདིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་དེ་ནི་སེམས་ཁེངས་པའི་རང་གི་ངོ་བོར་བྱེ་བྲག་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།

སེམས་ཁེངས་པའི་རང་གི་ངོ་བོར་བྱེ་བྲག་མེད་ཀྱང་། དེའི་རྒྱུའི་བྱེ་བྲག་གིས་རྣམ་པ་བདུན་དུ་ཐ་དད་དེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ཞེས་བྱ་བ་ལ་སོགས་པས་དེའི་དབྱེ་བ་སྟོན་ཏོ། །ང་རྒྱལ་གང་ཡིན་པ་ལ། རིགས་དང་ཤེས་རྒྱ་དང་ནོར་ལ་སོགས་པས་དམའ་བ་བས་

Vol. 138 · folio 34a

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རིགས་ལ་སོགས་པས་དམའ་བ་བས་བདག་ཆེའོ་སྙམ་པའམ། རིགས་ལ་སོགས་པས་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལ་ལོ། །རིགས་ལ་སོགས་པས་མཚུངས་པ་བས། གཏོང་བའམ་

ཚུལ་ཁྲིམས་ལ་སོགས་པས་བདག་ཆེའོ་སྙམ་པའམ། རིགས་ལ་སོགས་པས་ཆེ་བ་ལ་ཤེས་རྒྱ་དང་ནོར་ལ་སོགས་པ་བདག་དང་མཚུངས་སོ་སྙམ་དུ་དེ་ལྟར་སེམས་ཁེངས་པ་གང་ཡིན་པ་དེ་ནི་ཆེ་བའི་ང་རྒྱལ་ལོ། །རིགས་ལ་སོགས་པས་ཆེ་བ་བས་ཀྱང་། ཤེས་རྒྱ་དང་ནོར་ལ་སོགས་

པས་བདག་ཆེའོ་སྙམ་དུ་དེ་ལྟར་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །གསུམ་པོ་དེ་དག་ནི་དངོས་པོ་བཅས་པ་སྟེ། འདི་ལྟར་དེ་དག་ནི་རིགས་ལ་སོགས་པ་ཡོད་པ་རྣམས་ལས་འབྱུང་ངོ་། །གཞན་དུ་ན་ནི་ལོག་པའི་ང་རྒྱལ་དང་

བྱེ་བྲག་མེད་པར་འགྱུར་རོ། །དང་པོ་ནི་ཆུང་ངུ་ལས་ལྟོས། གཉིས་པ་ནི་མཚུངས་པ་ལས་ལྟོས། གསུམ་པ་ནི་ཁྱད་པར་དུ་འཕགས་པ་ལས་ལྟོས་ནས། བདག་ཁྱད་ཞུགས་པར་སེམས་པ་སྟེ། བྱེ་བྲག་གོ། །ཤེས་རྒྱ་ནི་འདིར་རི་མོ་ལ་སོགས་པ་ལ་མཁས་པ་ལ་བྱའོ། །

ནོར་གྱི་སྒྲ་ནི་རྫས་ལ་བྱའོ། །ངའོ་སྙམ་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། ངའོ་སྙམ་པའི་ང་རྒྱལ་ནི་ཞེས་པ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཡང་དག་པའི་དོན་དུ་ན། བདག་དང་བདག་གི་མེད་པ་རྣམས་ལ་བདག་དང་བདག་གིར་མངོན་པར་ཞེན་ནས།

སེམས་ཁེངས་པ་གང་ཡིན་པ་དེ་ངའོ་སྙམ་པའི་ང་རྒྱལ་ཞེས་བྱའོ། །མངོན་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། མངོན་པའི་ང་རྒྱལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་དེ་ལས་བྱུང་བའི་ལུས་དང་ཡིད་ཀྱི་ལས་ནི་མིའི་ཆོས་

སོ། །དེའི་གཉེན་པོར་གྱུར་པ་གང་བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ནི་མིའི་ཆོས་དེ་དག་ལས་བླ་མར་གྱུར་པ་དེ་ལས་ཁྱད་པར་ཞེས་བྱ་སྟེ། ཁྱད་པར་དེ་ལྟ་བུ་མ་ཐོབ་པར་བདག་གིས་ཡང་དག་པར་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་མངོན་པའི་

Vol. 138 · folio 34b

ང་རྒྱལ་ཞེས་བྱའོ། །ཆུང་ཟད་སྙམ་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། ཆུང་ཟད་སྙམ་པའི་ང་རྒྱལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རིགས་ལ་སོགས་པ་ཁྱད་ཆེས་འཕགས་པ་བས་རིགས་ལ་སོགས་པ་ཅུང་ཟད་ཅིག་གིས་བདག་ཆུང་ངོ་སྙམ་དུ་སེམས་ཁེངས་པ་སྐྱེ་བ་གང་

ཡིན་པ་དེ་ཆུང་ཟད་སྙམ་པའི་ང་རྒྱལ་ཞེས་བྱའོ། །ལོག་པའི་ང་རྒྱལ་གང་ཡིན་སྙམ་པ་ལ། ལོག་པའི་ང་རྒྱལ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོན་ཏན་མ་ཡིན་པ་དང་ལྡན་ལ། བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་སྐྱེ་བ་གང་ཡིན་པ་དེ་ལོག་པའི་ང་

རྒྱལ་ཞེས་བྱའོ། །ཅིའི་ཕྱིར་ལོག་པའི་ང་རྒྱལ་ཞེས་བྱ་སྙམ་པ་ལ། ཡོན་ཏན་མ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚུལ་ཁྲིམས་འཆལ་བ་ལ་སོགས་པ་ནི་ཡོན་ཏན་མ་ཡིན་པ་སྟེ། དེ་དག་ནི་སུ་ལ་ཡོད་པ་དེ་ཡོན་ཏན་མ་ཡིན་པ་དང་ལྡན་པའོ། །དེའི་ཕྱིར་བདག་ཡོན་

ཏན་དང་ལྡན་ནོ་སྙམ་པ་འདིས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མེད་ཀྱང་། འདི་ལྟར་ཡོན་ཏན་དང་ལྡན་པར་ཁས་བླངས་པ་ཡིན་ཏེ། དེ་བས་ན་དངོས་པོ་མེད་པའི་ཕྱིར་ལོག་པའི་ང་རྒྱལ་ཞེས་བྱའོ། །ཉེས་པ་རྣམས་ཀྱི་གཞི་ཡིན་དུ་ཟིན་ཀྱང་། །དེ་དག་ཡོན་ཏན་མ་ཡིན་

པས་ཡོན་ཏན་རྣམས་ལ་ལྟོས་ནས། དངོས་པོ་མེད་པ་ཉིད་ཡོད་པ་ཁོ་ནའོ། །དངོས་པོ་མེད་པས་ན་ཞེས་བྱ་བས་ནི་གཞི་མེད་པས་ན་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་གང་ཡིན་སྙམ་པ་ལ། ལྟ་བ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལྟ་བ་ཞེས་བྱ་བའི་ཕྱིར་བཤད་པ་

བྱས་སུ་ཟིན་ཀྱང་སྔ་མ་ཁོ་ན་སྟེ། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པའི་ལྟ་བ་ལྔ་དང་སྦྱར་ཏེ། འདི་ལྟར་འདིར་ཉོན་མོངས་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་དག་ནི་ཉོན་མོངས་པའི་ངོ་བོ་ཉིད་དེ། འཇིག་རྟེན་པའི་ཡང་དག་པའི་ལྟ་བའམ། ཟག་པ་མེད་པ་ནི་མི་གཟུང་ངོ་། །

ཅིའི་ཕྱིར་འདི་དག་གི་བྱེ་བྲག་འདི་བྱ་སྙམ་པ་ལ། དེ་དག་ནི་ཉོན་མོངས་པ་ཅན་དང་རྟོག་པའི་ཚུལ་དུ་བྱེ་བྲག་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ཉོན་མོངས་པ་ཅན་དང་རྟོག་པའི་ཚུལ་དུ་བྱེ་བྲག་མེད་དུ་ཟིན་ཀྱང་། དམིགས་པའི་བྱེ་བྲག་དང་རྣམ་པའི་བྱེ་བྲག་གིས་

Vol. 138 · folio 35a

ཕན་ཚུན་ཐ་དད་དོ། །འཇིག་ཚོགས་ལ་ལྟ་བ་གང་ཡིན་སྙམ་པ་ལ། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ། བདག་གི་རྣམ་པ་དང་། བདག་གི་བའི་རྣམ་པར་མཐོང་བ་གང་ཡིན་པ་དེ་

འཇིག་ཚོགས་ལ་ལྟ་བའོ། །ཟག་པ་དང་བཅས་པའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ། །མཐར་འཛིན་པར་ལྟ་བ་གང་ཡིན་སྙམ་པ་ལ། མཐར་འཛིན་པར་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ།

བདག་དང་བདག་གིར་སྔར་བཟུང་བ་རྣམས་ལ་ཕྱིས་ཆད་པའི་རྣམ་པའམ། རྟག་པའི་རྣམ་པར་མཐོང་བ་གང་ཡིན་པ་དེ་མཐར་འཛིན་པར་ལྟ་བའོ། །འཛིན་པ་སྔོན་དུ་གཏོང་བའི་ལྟ་བ་ནི་མཐར་འཛིན་པའི་ལྟ་བས་ཏེ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་གཏང་ཞེས་བྱ་བའི་ཐ་ཚིག་གོ། །

མཐའ་གཉིས་པར་ལྟ་བ་ནི་མཐར་འཛིན་པར་ལྟ་བའོ། །ལོག་པར་ལྟ་བ་གང་ཡིན་སྙམ་པ་ལ། ལོག་པར་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལྟ་བ་གང་གི་སྦྱིན་པ་དང་མཆོད་སྦྱིན་དང་། སྦྱིན་སྲེག་དང་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པའི་མཚན་ཉིད་ཀྱི་རྒྱུ་

ལ་སྐུར་བ་འདེབས་པ་དང་། འབྲས་བུ་རྣམ་པར་སྨིན་པ་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་གྱི་མཚན་ཉིད་ཀྱི་འབྲས་བུ་ལ་སྐུར་བ་འདེབས་པ་དང་། ཕ་མའི་བྱེད་པ་ལ་སྐུར་བ་འདེབས་པ་དང་། ལྟ་བ་གང་གིས་དགྲ་བཅོམ་པ་ལ་སོགས་པ་ཡོད་པའི་དངོས་པོ་འཇིག་པ་

དེ་ནི་ལྟ་བ་ཐམས་ཅད་པས་ཆེས་སྡིག་པའི་ཕྱིར་ལོག་པར་ལྟ་བ་ཞེས་བྱའོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཡིན་སྙམ་པ་ལ། ལྟ་བ་མཆོག་ཏུ་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང་། ཁྱད་པར་དུ་འཕགས་པ་དང་།

གཙོ་བོ་དང་དམ་པའི་རྣམ་པར་ལྟ་བ་ཡང་ཡིན་པ་དེ་ལྟ་བ་མཆོག་ཏུ་འཛིན་པ་སྟེ། ཕུལ་དུ་ཕྱིན་པས་མཆོག་གོ། །གཞན་དག་ལས་ཀྱང་ཁྱད་ཞུགས་པས་ཁྱད་པར་དུ་འཕགས་པའོ། །ལྷག་མ་མེད་པས་གཙོ་བོའོ། །མཚུངས་པ་མེད་པས་དམ་པའོ། །ཚུལ་ཁྲིམས་དང་

Vol. 138 · folio 35b

བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཡིན་སྙམ་པ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འདག་པ་དང་འགྲོལ་བ་དང་། ངེས་པར་འབྱིན་པའི་རྣམ་པར་ལྟ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་

བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། སྡིག་པའི་དྲི་མ་འཁྲུ་བས་འདག་པའོ། །ཉོན་མོངས་པའི་འཆིང་བ་དང་བྲལ་བས་འགྲོལ་བའོ། །མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པས་ངེས་པར་འབྱིན་པའོ། །ཐེ་ཚོམ་གང་ཡིན་སྙམ་པ་ལ། ཐེ་ཚོམ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་

ཏེ། ལས་རྣམས་དང་འབྲས་བུ་རྣམས་དང་། བདེན་པ་རྣམས་དང་། དཀོན་མཆོག་རྣམས་ལ་ཡིད་གཉིས་ཟ་བ་གང་ཡིན་པ་དེ་ཐེ་ཚོམ་མོ། །རྣམ་པར་བསྒྲུབ་པ་བསྟན་པའི་ཕྱིར། བློ་སྣ་ཚོགས་སུ་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །གལ་

ཏེ་བློ་སྣ་ཚོགས་སུ་བྱེད་པ་ལ་ཡིད་གཉིས་ཞེས་བྱ་བ་ནི། དེ་ལྟར་ན་ཤེས་རབ་ཏུ་འགྱུར་རོ་སྙམ་པ་ལ་འདི་ནི་ཤེས་རབ་ལས་རང་བཞིན་གཞན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཤེས་རབ་ནི་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ། །འདི་ནི་རྣམ་པ་གཉིས་སུ་འཇུག་པ་སྟེ། དེའི་ཕྱིར་ཤེས་རབ་

ལས་དོན་གཞན་ནོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། ཉོན་མོངས་པ་དྲུག་བཤད་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ཉེ་བའི་ཉོན་མོངས་པ་རྣམས་བསྟན་པའི་ཕྱིར། ཁྲོ་བ་དང་ཁོན་དུ་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཉིས་

རྣམ་གཉིས་ཞེས་བྱ་བ་ནི་གཉིས་གཉིས་པ་རྣམ་པ་གཉིས་ཏེ། དེའི་ཕྱིར་གཞི་ལ་རྣམ་པ་གཉིས་སུ་བསྟན་པ་ཡིན་ནོ། །ཁྲོ་བ་གང་ཡིན་སྙམ་པ་ལ། དེ་ལ་ཁྲོ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འཕྲལ་དུ་གནོད་པར་བྱེད་པ་ལ་གནས་ཏེ། སེམས་ཀྱིས་ཀུན་ནས་མནར་

སེམས་སྐྱེ་བ་གང་ཡིན་པ་དེ་ཁྲོ་བའོ། །ཁྲོ་བ་འདི་ནི་ཀུན་ནས་མནར་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ཁོང་ཁྲོ་བ་དང་ཐ་དད་པ་མ་ཡིན་མོད་ཀྱི། ཁོང་ཁྲོ་བ་དེ་ཉིད་ཀྱི་གནས་སྐབས་ཀྱི་བྱེ་བྲག་འགའ་ཞིག་ལ་གདགས་སོ། །དེ་ལྟར་ན་ཁོང་ཁྲོ་བའི་ཆར་གཏོགས་པ་དེ་ཉིད་དེ་གུད་ན་མེད་དོ། །

Vol. 138 · folio 36a

གནས་སྐབས་ཀྱི་བྱེ་བྲག་གང་ལ་གདགས་སྙམ་པ་ལ། འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཇི་སྲིད་དུ་གནོད་པར་བྱེད་པ་མི་ལྡོག་པ་དེ་སྲིད་དུ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་ཡུལ་ལ་སེམས་ཀྱིས་

ཀུན་ནས་མནར་སེམས་སྐྱེ་བ་གང་ཡིན་པ་དེ་ཁྲོ་བ་ཞེས་གདགས་སོ། །དེའི་ལས་ནི་ཆད་པས་གཅོད་པ་ལ་སོགས་པའི་རྟེན་བྱེད་པའོ། །སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཞེས་བྱ་བ་ནི་ཡུལ་སྲོག་ཆགས་དང་། ཡུལ་དུག་དང་། མཚོན་ཆ་དང་། ཚེར་མ་

ལ་སོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆད་པས་གཅོད་པ་ཞེས་བྱ་བ་ནི་ནོར་འབུལ་དུ་འཇུག་པ་ལ་བྱའོ། །སོགས་པ་བྱ་བ་ནི་གསོད་པ་དང་། འཆིང་བ་ལ་སོགས་པའོ། །ཁོན་དུ་འཛིན་པ་གང་ཡིན་སྙམ་པ་ལ། ཁོན་དུ་འཛིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །

དེ་དགྲོལ་བའི་ཕྱིར་ཁྲོས་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྲོས་པ་ཞི་ནས་བདག་ནི་མི་འདི་ལྟ་བུ་ཡིན་ན་འདིས་བདག་ལ་གནོད་པ་འདི་ལྟ་བུ་བྱས་ཀྱི་གལ་ཏེ་བདག་གིས་འདི་ལ་ཤ་མ་བླན་ན་གསོན་པའི་མི་གྲངས་ཏེ། མིར་ཡང་མི་བརྩིའོ་སྙམ་དུ་སེམས་མདུད་པར་འཛིན་

པའི་བདག་ཉིད་ཤར་གཉེར་བའི་རྣམ་པ་དེ་ལྟ་བུ་དེ་མི་གཏོང་བར་རྒྱུན་དུ་འབྱུང་བ་གང་ཡིན་པ་དེ་ཁོན་དུ་འཛིན་པ་ཞེས་བྱའོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་མི་བཟོད་པའི་རྒྱུ་ཉིད་དོ། །མི་

བཟོད་པ་བསྟན་པའི་ཕྱིར། གནོད་པར་བྱེད་པ་ལ་ཇི་མི་སྙམ་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལན་དུ་གནོད་པ་བྱེད་འདོད་པ་ནི་མི་བཟོད་པ་ཞེས་བརྗོད་དོ། །འདི་བཏགས་པའི་ཡོད་པ་བསྟན་པའི་ཕྱིར། འདི་ཡང་ཁྲོ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནི་

གོ་སླ་བས་མ་བཤད་དོ། །འཆབ་པ་གང་ཡིན་སྙམ་པ་ལ། འཆབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དགྲོལ་བའི་ཕྱིར། འདུན་པ་དང་། ཞེ་སྡང་དང་འཇིགས་པ་ལ་སོགས་པ་བརྩལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གླེང་བ་པོ་གང་འདུན་པ་ལ་སོགས་པས་འགྲོ་

Vol. 138 · folio 36b

བར་བྱ་བ་མ་ཡིན་པར་མི་འགྲོ་བ་གླེང་བར་བྱ་བ་ལ་ཕན་པར་འདོད་པའི་གླེང་བ་པོ་རྣམ་པ་དེ་ལྟ་བུ་དེས་གླེང་བའི་དུས་ཤེས་ནས་ཁྱོད་འདི་ལྟ་བུ་བྱེད་པའོ་ཞེས་སྨྲས་ཤིང་། གླེངས་ན་གཏི་མུག་གི་ཆར་གཏོགས་པས། ཁ་ན་མ་ཐོ་བ་མཁྱུད་པ་སྐྱེ་བ་གང་ཡིན་པ་དེ་འཆབ་པ་ཞེས་བྱའོ། །

འདི་ཇི་ལྟར་གཏི་མུག་གི་ཆར་གཏོགས་སྙམ་པ་ལ། འཆབ་པ་ནི་གཏི་མུག་གི་ཆར་གཏོགས་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་འཆབ་པ་ནི་མཁྱུད་པའི་རྣམ་པ་ཡིན་ཏེ། དེའི་ཕྱིར་གཏི་མུག་གི་ཆར་གཏོགས་པའོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་

འགྱོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། འདི་ནི་ཆོས་ཉིད་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ནི་སྐྱེ་བོའམ་ཆོས་རྣམས་ཀྱི་རང་བཞིན་ཡིན་ཏེ། འདི་ལྟར་སྡིག་པ་མཁྱུད་པའི་མི་ལ་འགྱོད་པ་སྐྱེའོ། །འགྱོད་པ་ནི་གདོན་མི་ཟ་བར་ཡིད་མི་བདེ་བ་

དང་མཚུངས་པར་ལྡན་ནོ། །དེའི་ཕྱིར་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ན་རེག་པར་མི་གནས་པར་འགྱུར་རོ། །འཚིག་པ་གང་ཡིན་སྙམ་པ་ལ། འཚིག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཚིག་བརླང་པོ་ཞེར་འདེབས་པ་ནི་འཚིག་པའོ། །ཚིག་བརླང་པོ་བསྟན་པའི་ཕྱིར།

ཚིག་བརླང་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཚང་འབྲུ་བའི་ཚུལ་གྱིས་ཞེ་གཅོད་པ་དང་དྲག་པ་གང་ཡིན་པ་དེ་ཚིག་བརླང་བའོ། །དྲག་པ་ཞེས་བྱ་བ་ནི་འཇེབས་པའོ། །ཞེར་འདེབས་པ་ཉིད་བསྟན་པའི་ཕྱིར། ཞེར་འདེབས་པར་བྱེད་པའི་ངང་ཚུལ་ནི་ཞེས་བྱ་བ་ལ་

སོགས་པ་སྨྲས་སོ། །སེམས་ལས་བྱུང་བ་འདི་ནི་ཞེར་འདེབས་པའི་རང་བཞིན་ཏེ། དེའི་ཕྱིར་ཞེར་འདེབས་པའོ། །དེའི་དངོས་པོ་ནི་ཞེར་འདེབས་པ་ཉིད་དོ། །དེ་བས་ན་སེམས་ལས་བྱུང་བ་དེ་ཉིད་ཚིག་བརླང་པོ་ཟ་བ་དང་འདྲ་བས་ཚིག་བརླང་པོས་ཞེར་འདེབས་པ་ཉིད་ཀྱི་སྒྲར་

བརྗོད་དོ། །འདི་བཏགས་པའི་ཡོད་པ་བསྟན་པའི་ཕྱིར། འདི་ཡང་ཁྲོ་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བ་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་རྒྱུ་ཡིན་ནོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །འདིའི་ལས་བསྟན་པའི་ཕྱིར། འདི་ནི་

Vol. 138 · folio 37a

ངག་གི་ཉེས་པར་སྤྱོད་པ་སྐྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །ལས་ཅིག་ཤོས་ཀྱི་གཏན་ཚིགས་བསྟན་པའི་ཕྱིར། དེ་དང་ལྡན་པའི་གང་ཟག་དང་འགྲོགས་པར་དཀའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་

ལྟར་གང་ཟག་གང་ཞེར་འདེབས་པ་དང་ལྡན་པ་དེ་ལྷན་ཅིག་གནས་པར་དཀའ་སྟེ། དེའི་ཕྱིར་ཞེར་འདེབས་པ་ནི་རེག་པར་མི་གནས་པའི་ལས་ཅན་ནོ། །ཕྲག་དོག་གང་ཡིན་སྙམ་པ་ལ། ཕྲག་དོག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་འཐོབ་པ་དང་བཀུར་

སྟི་ལ་ལྷག་པར་ཆགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རང་གི་འཐོབ་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་གཞན་དག་གི་འཐོབ་པ་དང་། བཀུར་སྟི་དང་རིགས་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དམིགས་ནས། ཞེ་སྡང་གི་ཆར་གཏོགས་

པ་མི་བཟོད་པར་བྱས་པའི་སེམས་ཁོང་ནས་འཁྲུགས་པ་སྐྱེ་བ་གང་ཡིན་པ་དེ་ཕྲག་དོག་གོ། །རྣམ་པ་བསྒྲུབ་པ་བསྟན་པའི་ཕྱིར། རང་གི་གནས་ལ་ཁྱབ་པར་འཁྲུགས་པས་ཁོང་ནས་འཁྲུགས་པ་སྟེ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདིའི་ལས་བསྟན་པའི་

ཕྱིར། ཡིད་མི་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་ཡིད་བདེ་བ་དང་མཚུངས་པར་ལྡན་པ་དང་། གང་གི་ཕྱིར་ཡིད་མི་བདེ་བ་སྔོན་དུ་འགྲོ་བ་ནི་རེག་པར་མི་གནས་པས། དེའི་ཕྱིར་ན་གཉི་གའི་ལས་ཅན་ཞེས་བྱའོ། །སེར་སྣ་གང་ཡིན་སྙམ་པ་ལ། སེར་སྣ་ནི་

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྦྱིན་པ་དང་མི་མཐུན་པ་སེམས་ཀྱི་ཀུན་ཏུ་འཛིན་པ་གང་ཡིན་པ་དེ་སེར་སྣའོ། །སྦྱིན་པ་བསྟན་པའི་ཕྱིར། ཟིན་པའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་དང་ཟང་ཟིང་དང་མཁས་པའི་བདག་ཉིད་ཀྱི་དངོས་པོ་བདག་གིར་ཡོངས་སུ་

བཟུང་བ་རྣམས་སེམས་གང་གིས་ཆོད་པའི་ཕྱིར་རམ། ཕན་གདགས་པའི་ཕྱིར་འདོད་པའམ་མི་འདོད་པ་ཡང་རུང་སྟེ། སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའོ། །ཇི་ལྟར་ན་སྦྱིན་པ་དང་མི་མཐུན་པ་ཞེས་བྱ་སྙམ་པ་ལ། དེ་ཡོད་ན་སྦྱིན་པ་མེད་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །

Vol. 138 · folio 37b

འདི་ལྟར་སེར་སྣ་ཡོད་ན་སྦྱིན་པ་མེད་པར་འགྱུར་ཏེ། དེའི་ཕྱིར་དེ་དང་མི་མཐུན་པ་ཞེས་བྱའོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་ཆགས་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྙེད་པ་དང་བཀུར་སྟིའམ་འཚོ་བའི་ཡོ་བྱད་རྣམས་ལ་འདོད་ཆགས་ཀྱི་ཆར་

གཏོགས་པའི་སེམས་ཀྱི་ཀུན་ཏུ་འཛིན་པ་དང་། ཡོངས་སུ་མི་གཏོང་བར་འདོད་པའི་མཚན་ཉིད་གང་ཡིན་པ་དེ་སེར་སྣའོ། །འདིའི་ལས་བསྟན་པའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། ཡོ་བྱད་མ་བསྙུངས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།

མི་མཁོ་བའི་ཡོ་བྱད་ལྷག་པ་གང་ཡིན་པ་དེ་དག་སེར་སྣས་སོགས་པ་གང་ཡིན་པ་དེ་ནི་འདིར་ཡོ་བྱད་མ་བསྙུངས་པའོ། །སྒྱུ་གང་ཡིན་སྙམ་པ་ལ། སྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཞེས་བྱ་བ་ལ་སོགས་པ་

སྨྲས་ཏེ། རྙེད་པ་ལ་ལྷག་པར་ཆགས་པས་གཞན་དག་སླུའོ་སྙམ་པའི་བསམ་པ་དེས་ཚུལ་ཁྲིམས་དང་རིགས་ལ་སོགས་པ་གཞན་དུ་གནས་ལ། གཞན་དུ་སྟོན་པར་བྱེད་པ་གང་ཡིན་པ་དེ་སྒྱུ་སྟེ། སླུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་བཏགས་པའི་ཡོད་པ་བསྟན་པའི་ཕྱིར། འདི་ནི་

འདོད་ཆགས་དང་གཏི་མུག་འདུས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་འདོད་ཆགས་དང་གཏི་མུག་འདུས་པས་ཡང་དག་པ་མ་ཡིན་པའི་ཡོན་ཏན་རྣམས་སྟོན་ཏེ། དེའི་ཕྱིར་དེ་གཉིས་འདུས་པ་ལ་གདགས་སོ། །དེ་བས་ན་ཁྲོ་བ་ལ་སོགས་པ་བཞིན་དུ་བཏགས་པ་ཉིད་

དུ་ཡོད་ཀྱི་རྫས་སུ་ནི་མེད་དོ། །འདིའི་ལས་བསྟན་པའི་ཕྱིར། ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ། འདིའི་ལས་ནི་ལོག་པས་འཚོ་བའི་སྒྱུ་ཉིད་དོ། །གཡོ་གང་ཡིན་སྙམ་པ་ལ། གཡོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རང་གི་ཉེས་པ་རྣམས་མཁྱུད་པའི་

ཐབས་གང་ཡིན་པ་དེར་གཏོགས་པའི་སེམས་གྱ་གྱུ་བ་གང་ཡིན་པ་དེ་གཡོའོ། །ཐབས་གང་ཡིན་སྙམ་པ་ལ། རང་གི་ཉེས་པ་བཅབ་པའི་ཐབས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པ་གང་གིས་གཞན་མགོ་རྨོངས་པར་བྱེད་པ་དེ་རང་གི་ཉེས་པ་མཁྱུད་པའི་ཐབས་སོ། །ཅིའི་ཕྱིར་གཞན་

Vol. 138 · folio 38a

མགོ་རྨོངས་པར་བྱེད་པ་ཞེས་སྙམ་པ་ལ། དེ་ཡང་གཞན་ནས་གཞན་དུ་བསྒྱུར་བ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཞན་ནས་གཞན་དུ་བསྒྱུར་བ་དང་། གཏམ་རླུང་བསྐུར་བ་དང་། གསལ་བར་མི་བྱེད་པ་གང་ཡིན་པ་དེ་གཞན་མགོ་རྨོངས་པར་

བྱེད་པའོ། །གཞན་ནས་གཞན་དུ་བསྒྱུར་བ་ཞེས་བྱ་བ་ནི་དྲིས་ན་གཞན་གྱིས་ལན་འདེབས་ཞེས་བྱ་བའི་ཐ་ཚིག་གོ། །གཏམ་རླུང་བསྐུར་ཞེས་བྱ་བ་ནི་གཏམ་དེ་གཞན་དུ་བསྒྱུར་བའོ། །གསལ་བར་མི་བྱེད་ཅེས་བྱ་བ་ནི་ངས་བྱས་སོ་ཞེས་ནོག་ནོག་པོའི་ཚུལ་དུ་སྨྲ་

བའོ། །དེ་ནི་འདི་སྐད་དུ་ཅི་དྲིས་ཀྱང་བདག་གི་ཉེས་པ་མི་སྨྲ་བ་དང་། གསལ་པོར་མི་སྨྲ་བའི་ཚུལ་དུ་བྱེད་པའོ་ཞེས་བསྟན་པར་འགྱུར་རོ། །འཆབ་པ་དང་འདིའི་བྱེ་བྲག་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཡོ་ནི་གཏམ་རླུང་བསྐུར་བ་དང་།

གསལ་བར་མི་བྱེད་པ་ཡིན་གྱི། གཅིག་ཏུ་འཆབ་པར་མི་བྱེད་དེ། དེའི་ཕྱིར་དེ་འཆབ་པ་དང་ཐ་དད་དོ། །འཆབ་པ་ནི་འདི་ལྟར་གསལ་པོར་མཁྱུད་པར་བྱེད་ཀྱི། ཐབས་ཀྱིས་ནི་མ་ཡིན་ནོ། །ཟུར་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐབས་ཀྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །

འདིའི་བརྟགས་པའི་ཡོད་པ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་ཆགས་པ་དང་གཏི་མུག་དེ་གཉིས་ཀྱི་རང་གི་ཉེས་པ་མཁྱུད་པའི་ཕྱིར། གཞན་མགོ་རྨོངས་པར་བྱེད་པས་དེ་གཉིས་འདུས་པ་ཉིད་ལ་གདགས་སོ། །

འདིའི་ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། ཡང་དག་པའི་གདམས་ངག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཡོ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པའི་གདམས་ངག་རྙེད་པ་དེ་ལ་བར་ཆད་བྱེད་དོ། །དེ་ལྟར་གཡོ་ནི་ཡང་དག་

པའི་གདམས་ངག་ཚུལ་བཞིན་ཡིད་ལ་བྱ་བ་དེ་ཐོབ་པའི་བར་ཆད་བྱེད་པར་རུང་སྟེ། འདི་ལྟར་གང་དག་གཡོ་མེད་པ་དེ་དག་བླ་མ་རྣམས་ཡང་དག་པའི་ལུང་འབོགས་སོ།། །།བམ་པོ་བཞི་པ། རྒྱགས་པ་གང་ཡིན་སྙམ་པ་ལ་རྒྱགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་

Vol. 138 · folio 38b

ཏེ། བདག་གི་ཕུན་སུམ་ཚོགས་པ་ལ་ལྷག་པར་ཆགས་པའི་དགའ་བའི་ཁྱད་པར་གྱིས་སེམས་བདག་གི་དབང་དུ་བྱེད་པ་གང་ཡིན་པ་དེ་རྒྱགས་པའོ། །བདག་གི་ཕུན་སུམ་ཚོགས་པ་དེ་གང་ཡིན་སྙམ་པ་ལ། རིགས་དང་ནད་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རིགས་ལ་སོགས་པ་

མཆོག་ཏུ་གྱུར་པ་གང་ཡིན་པ་དེ་བདག་གི་ཕུན་སུམ་ཚོགས་པའོ། །རབ་ཏུ་དགའ་བ་ནི་གང་ཡིན་སྙམ་པ་ལ། རབ་ཏུ་དགའ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགའ་བའི་བྱེ་བྲག་ཉིད་འགའ་ཞིག་ལ་རབ་ཏུ་དགའ་བ་ཞེས་བྱའོ། །ཡོངས་སུ་འཛིན་པ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ།

དགའ་བའི་བྱེ་བྲག་གང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགའ་བའི་བྱེ་བྲག་གང་གིས་སེམས་རང་གི་དབང་དུ་བྱེད་ཅིང་། དགེ་བའི་ཕྱོགས་ཀྱི་བྱ་བ་ལ་འཇུག་པ་མི་རྙེད་པའི་དགའ་བའི་བྱེ་བྲག་གིས་སེམས་དེ་བདག་གི་དབང་དུ་བྱེད་པས། ཡོངས་སུ་ཟིན་པར་འགྱུར་བ་དེ་སེམས་

ཡོངས་སུ་འཛིན་པའོ། །ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིའི་ལས་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། འདི་ལྟར་རྒྱགས་པ་ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་ངོ་། །རྣམ་པར་

འཚེ་བ་གང་ཡིན་སྙམ་པ་ལ། རྣམ་པར་འཚེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར་བསད་པ་དང་། བཅིང་བ་དང་བརྡེག་པ་དང་བསྡིག་པ་ལ་སོགས་པ་སྣ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བསད་པ་དང་བཅིང་བ་ལ་སོགས་པ་རྣམ་པ་སྣ་ཚོགས་

ཀྱིས་སེམས་ཅན་རྣམས་ལ་འཚེ་བས་རྣམ་པར་འཚེ་བའོ། །རྣམ་པར་ཐོ་འཚམས་པ་ཇི་ལྟ་བུ་ཞིག་སྙམ་པ་ལ། འདིས་བསད་པ་དང་བཅིངས་པ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདི་

བཏགས་པའི་ཡོད་པ་བསྟན་པའི་ཕྱིར། དེ་ནི་ཁོང་ཁྲོ་བའི་ཆར་གཏོགས་པས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་མེད་པ་དང་། སེམས་རྩུབ་པ་འདི་གཉིས་ནི་དེའི་རྣམ་གྲངས་སུ་གཏོགས་པའོ། །ལས་

Vol. 138 · folio 39a

བསྟན་པའི་ཕྱིར། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའི་ལས་ཅན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ངོ་ཚ་མེད་པ་གང་ཡིན་སྙམ་པ་ལ། ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བས་བདག་ལ་མི་མཛེམ་པའོ་ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་

བའི་ཕྱིར། ལས་དེ་དག་གི་ཆ་མ་ཡིན་པར་ཤེས་བཞིན་དུ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྡིག་པའི་ལས་གང་བྱེད་པར་འདོད་པ་དེ་དག་ལ་མི་འོས་ཤིང་བདག་གི་ཆ་མ་ཡིན་པར་ཤེས་ལ། ཤེས་བཞིན་དུ་ཡང་ཁ་ན་མ་ཐོ་བ་དེས་མི་འཛེམ་པ་གང་ཡིན་པ་ངོ་ཚ་མེད་པ་སྟེ། འདི་ནི་ངོ་ཚ་

ཤེས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའོ། །ཤེས་བཞིན་དུ་ཡང་ཞེས་བྱ་བ་ནི་མཐོང་བཞིན་དུ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ཁྲེལ་མེད་པ་གང་ཡིན་སྙམ་པ་ལ། ཁྲེལ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། འཇིག་རྟེན་དང་བསྟན་བཅོས་དང་མི་མཐུན་

པ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་ལས་བྱེད་པར་ཞུགས་པ་གང་ཡིན་པ་འདི་ནི་འཇིག་རྟེན་དང་བསྟན་བཅོས་དང་མི་མཐུན་པ་ཡིན་པར་དེ་ལྟར་ཤེས་བཞིན་དུ་ཡང་སྡིག་པ་བྱེད་པ་དེས་མི་འཛེམ་པ་གང་ཡིན་པ་དེ་ཁྲེལ་མེད་པ་སྟེ། འདི་ནི་ཁྲེལ་ཡོད་པའི་མི་མཐུན་པའི་ཕྱོགས་སུ་

གྱུར་པའོ། །འདི་གཉིས་ཀྱི་ལས་བསྟན་པའི་ཕྱིར། དེ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་གཉིས་ཀྱི་ལས་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའོ། །བཏགས་པའི་ཡོད་པ་བསྟན་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་དང་ཞེས་བྱ་བ་ལ་སོགས་པ་

སྨྲས་སོ། །བྱ་བ་མ་ཡིན་པ་ཐམས་ཅད་འབྱུང་བའི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གང་ཡིན་པ་དེ་དག་ཉིད་ལ་འདི་གཉིས་གདགས་ཏེ་རང་གི་རྒྱུ་མེད་དོ། །དེ་ལ་ཡང་འདོད་ཆགས་དང་ཞེ་སྡང་གཉིས་ནི་ཅིག་ཅར་འབྱུང་མི་སྲིད་པས་ཇི་ལྟར་མཐུན་མཐུན་དུ་གདགས་ཞེས་བསྟན་པའོ།། །།

རྨུགས་པ་གང་ཡིན་སྙམ་པ་ལ་རྨུགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ལས་སུ་མི་རུང་བ་གང་ཡིན་པ་དང་། བློང་བ་ཉིད་གང་ཡིན་པ་དེ་རྨུགས་པའོ། །བློང་བ་ཉིད་གང་ཡིན་སྙམ་པ་ལ། བློང་བའི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བློང་བའི་དངོས་པོ་ནི་བློང་བ་ཉིད་

Vol. 138 · folio 39b

དེ། འདི་ལྟར་དེ་དང་ལྡན་ན་སེམས་བླུན་པའི་ཕྱིར་བློང་བར་འགྱུར་ཏེ། དམིགས་པ་རྟོགས་པར་མི་ནུས་པ་དང་ཕྱིར་བློང་བ་ཉིད་ཅེས་བྱའོ། །ལས་བསྟན་པའི་ཕྱིར། འདི་ནི་ཉོན་མོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །འདི་བཏགས་པའི་ཡོད་པ་

བསྟན་པའི་ཕྱིར། གཏི་མུག་གི་ཆ་ལ་བཏགས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་གོ་སླ་བས་མ་བཤད་དོ། །རྒོད་པ་གང་ཡིན་སྙམ་པ་ལ། རྒོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་རྣམ་པར་མ་ཞི་བ་གང་ཡིན་པ་དེ་རྒོད་པའོ། །ཅིའི་ཕྱིར་སྙམ་པ་ལ་རྣམ་

པར་ཞི་བ་ནི་ཞི་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་རྣམ་པར་ཞི་བའི་སྒྲ་ནི་ཞི་གནས་ལ་བྱ་སྟེ། དེ་དང་མི་མཐུན་པ་དེ་ནི་རྣམ་པར་མ་ཞི་བའོ། །དེ་ནི་འདོད་ཆགས་མཐུན་པ་སྔོན་དགོད་དགོད་པ་དང་དགའ་དགའ་བ་དང་རྩེ་རྩེ་བ་ལ་སོགས་པ་རྗེས་སུ་དྲན་པས་སེམས་

རྣམ་པར་མ་ཞི་བའི་རྒྱུའོ། །མཚན་ཉིད་ཀྱི་ཚིག་ཀྱང་རྣམ་པར་མ་ཞི་བའི་རྒྱུ་ཡིན་པས་རྣམ་པར་མ་ཞི་བ་ལ་རྒོད་པ་ཞེས་བྱ་བ་བཤད་དོ། །ལས་བསྟན་པའི་ཕྱིར། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཞི་གནས་ནི་ཏིང་ངེ་འཛིན་ཏེ། དེ་ལ་

དེ་སྒྲིབ་པར་བྱེད་དོ། །མ་དད་པ་གང་ཡིན་སྙམ་པ་ལ། མ་དད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལས་ལ་སོགས་པ་ལ་ཡིད་མི་ཆེས་ཤིང་དད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ནི་མ་དད་པའོ། །ཅིའི་ཕྱིར་དེ་དད་པའི་མི་མཐུན་པའི་ཕྱོགས་ཡིན་སྙམ་པ་ལ། དད་

པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །མ་དད་པ་ནི་དེ་ལས་བཟློག་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླ་བས་མ་བཤད་དོ། །ལས་བསྟན་པའི་ཕྱིར། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། མ་དད་པ་

ནི་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཇི་སྲིད་དུ་ངོ་བོ་འགའ་ཞིག་ལ་ཡིད་ཆེས་པ་དང་། འདོད་པ་མ་སྐྱེས་པ་དེ་སྲིད་དུ་སྦྱོར་བ་ལ་འདུན་པ་ཉིད་མི་སྐྱེ་སྟེ། དེའི་ཕྱིར་འདིའི་ལས་ནི་ལེ་ལོའི་རྒྱུ་ཉིད་དོ། །ལེ་ལོ་གང་ཡིན་སྙམ་པ་ལ། ལེ་ལོ་ནི་དགེ་བ་

Vol. 138 · folio 40a

ལ་སེམས་མངོན་པར་མི་སྤྲོ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། ཉལ་བ་དང་། སྙེས་པ་དང་འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པས་ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་ལ་སེམས་མངོན་པར་སྤྲོ་བ་མེད་པ་གང་

ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། ཉལ་བའི་བདེ་བ་དང་། སྙེས་པ་དང་། འཕྲེས་པའི་བདེ་བ་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པ་ལུས་ལ་སོགས་པའི་ལས་དགེ་བ་ལ་སེམས་མངོན་པར་སྤྲོ་བ་མི་སྐྱེ་བ་གང་ཡིན་པ་དེ་ལེ་ལོའོ། །ལས་བསྟན་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་

སོགས་པ་སྨྲས་ཏེ། དགེ་བའི་ཕྱོགས་ལ་སྤྲོ་བ་གང་ཡིན་པ་དེ་ལ་སྒྲིབ་པར་བྱེད་དོ། །བག་མེད་པ་གང་ཡིན་སྙམ་པ་ལ། བག་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆགས་པ་ལ་སོགས་པ་གང་ཡིན་པ་དག་གིས་ཟིན་ན། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལ་

སེམས་མི་ལྡོག་ཅིང་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པ་དགེ་བ་ལ་གོམས་པར་མི་བྱེད་དེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་དག་ལ་བག་མེད་པ་བཏགས་སོ། །ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མི་དགེ་བ་འཕེལ་བ་

དང་དགེ་བ་འགྲིབ་པའི་རྒྱུ་ཉིད་དོ། །བརྗེད་ངས་པ་གང་ཡིན་སྙམ་པ་ལ། བརྗེད་ངས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་གང་ཡིན་པ་དེ་བརྗེད་ངས་པའོ། །ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་

སླ་བས་མ་བཤད་དོ། །རྣམ་པར་གཡེང་བ་གང་ཡིན་སྙམ་པ་དང་། རྣམ་པར་གཡེང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། འདིས་སེམས་སྣ་ཚོགས་སུ་གཡེང་བར་བྱེད་པས་རྣམ་པར་གཡེང་བའོ་ཞེས་བྱ་བ་སྨྲས་ཏེ། འདིས་རྣམ་པ་མང་པོ་དག་གིས་དམིགས་

པ་ལ་སེམས་རྣམ་པར་གཡེང་བར་བྱེད་པས་སེམས་རྣམ་པར་གཡེང་བའོ། །བཏགས་པའི་ཡོད་པར་བསྟན་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདོད་ཆགས་ལ་སོགས་པ་གང་དག་གིས་ཏིང་ངེ་འཛིན་གྱི་དམིགས་པ་ལས་

Vol. 138 · folio 40b

སེམས་ཕྱི་རོལ་དུ་ཁྲིད་པ་དེ་དག་ལ། ཇི་ལྟར་མཐུན་མཐུན་དུ་རྣམ་པར་གཡེང་བ་གདགས་པར་བྱའོ། །ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སེམས་རྣམ་པར་གཡེང་བ་ལ་འདོད་ཆགས་དང་བྲལ་བ་ཉིད་མེད་པའི་ཕྱིར། འདོད་ཆགས་དང་བྲལ་བ་ལ་སྒྲིབ་པར་

བྱེད་དོ། །ཤེས་བཞིན་མ་ཡིན་པ་གང་ཡིན་སྙམ་པ་ལ། ཤེས་བཞིན་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉོན་མོངས་པ་ཅན་གྱི་ཤེས་རབ་ལ་ཤེས་བཞིན་མ་ཡིན་པ་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་ཤེས་རབ་བསྟན་པའི་ཕྱིར། དེ་ལུས་དང་ངག་དང་སེམས་ཀྱི་སྤྱོད་

པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་རབ་གང་གིས་འོང་བ་དང་འགྲོ་བ་ལ་སོགས་པ་ལ། ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་མི་ཤེས་བཞིན་དུ་འབྱུང་བ་གང་ཡིན་པ་དེ་ཉོན་མོངས་པ་ཅན་གྱི་ཤེས་རབ་ཅེས་བྱ་སྟེ། དེ་ནི་ཤེས་བཞིན་མ་ཡིན་པའོ། །ལས་བསྟན་པའི་ཕྱིར་བྱ་བ་དང་

བྱ་བ་མ་ཡིན་པ་མི་ཤེས་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཤེས་བཞིན་མེད་པར་བྱེད་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ལ་རྟོག་པར་མི་བྱེད་དེ། དེའི་ཕྱིར་འདིའི་ལས་ནི་ལྟུང་བའི་རྒྱུ་ཉིད་དོ། །འགྱོད་པ་གང་ཡིན་སྙམ་པ་ལ། འགྱོད་པ་ནི་ཡིད་ལ་གཅགས་པའོ་ཞེས་བྱ་བ་སྨྲས་སོ། །

དེ་དགྲོལ་བའི་ཕྱིར། སྨད་པ་བྱས་པས་འགྱོད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དངོས་པོ་གང་ཇི་ལྟ་བ་བཞིན་དུ་བྱ་བ་དེ་གང་གི་ཚེ་རྣམ་པ་གཞན་དུ་བྱེད་པ་དེའི་ཚེ་ཉེས་པར་བྱས་པ་ཞེས་བྱའོ། །དེ་ལ་བྱེད་པ་སྨད་པ་གང་ཡིན་པ་དེ་ཡང་དག་པའི་དོན་དུ་ན་འགྱོད་པའོ། །འདིར་

ངན་པར་བྱས་པའི་དངོས་པའི་ཡུལ་ལ་སེམས་མི་དགའ་བ་དང་ཡིད་ལ་གཅགས་པ་གང་ཡིན་པ་དེ་འགྱོད་པ་སྟེ། འདི་ལྟར་སེམས་ལས་བྱུང་བ་རྣམས་ཀྱི་སྐབས་ཡིན་པའི་ཕྱིར་རོ། །ལས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སེམས་གནས་པ་ནི་ཏིང་ངེ་

འཛིན་ཏེ། དེ་ལ་སྒྲིབ་པར་བྱེད་དོ། །གཉིད་གང་ཡིན་སྙམ་པ་ལ་གཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། འཇུག་པ་ནི་དམིགས་པ་ལ་འཇུག་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་དབང་གིས་དམིགས་པ་ལ། སེམས་རང་དབང་མེད་པར་འཇུག་

Vol. 138 · folio 41a

སྟེ་གཉིད་ཅེས་བྱའོ། །དེ་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ལུས་འཛིན་མི་ནུས་པའི་སེམས་ཀྱི་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་ཀྱི་འཇུག་པ་གང་གིས་ལུས་འཛིན་པ་དེ་རང་དབང་མེད་པར་གང་ལས་འགྱུར་བ་དེ་ཉིད་དོ། །སྡུད་པ་

བསྟན་པའི་ཕྱིར། སེམས་སྡུད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་མིག་ལ་སོགས་པ་དབང་པོའི་སྒོ་ནས་རྣམ་པར་ཤེས་པ་རྣམས་མི་འབྱུང་བ་དེ་དག་ནི་སྡུད་པའོ། །འཇུག་པ་རང་དབང་མེད་པ་སྨོས་པས་ནི་ཏིང་ངེ་འཛིན་ལས་དབྱེ་བ་སྟོན་ཏོ། །སྡུད་པ་སྨོས་པས་ནི་

རྨུགས་པ་ལས་དབྱེ་བ་སྟོན་ཏོ། །བཏགས་པའི་ཡོད་པ་བསྟན་པའི་ཕྱིར། དེ་ནི་གཏི་མུག་གི་ཆ་ལ་གདགས་པས་གཏི་མུག་གི་ཆར་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །ལས་བསྟན་པའི་ཕྱིར། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་བྱ་བ་སྨྲས་ཏེ།

ཉལ་བ་ནི་བྱ་བ་ཉམས་པར་འགྱུར་རོ། །རྟོག་པ་གང་ཡིན་སྙམ་པ་ལ། རྟོག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ཅི་ཡིན་དེ་ལྟར་རྟོག་པའི་རྣམ་པར་ཞུགས་པ་ཤེས་རབ་དང་སེམས་པའི་བྱེ་བྲག་གི་བདག་ཉིད་ཀྱི་བརྗོད་པ་གང་ཡིན་པ་དེ་རྟོག་པའོ། །ཡིད་ཀྱི་བརྗོད་པ་བསྟན་པའི་

ཕྱིར། ཡིད་ལ་བརྗོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །བརྗོད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། བརྗོད་པ་ནི་དོན་བསྟན་པའོ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་དོན་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་པ་ལ་སོགས་པ་ཇི་ལྟར་འདིའི་ངོ་བོ་ཉིད་ཡིན་

སྙམ་པ་ལ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་སེམས་པ་ནི་སེམས་ཀུན་ཏུ་གཡོ་བར་བྱེད་པའི་ངོ་བོ་ཡིན་ལ། ཤེས་རབ་ནི་ཡོན་ཏན་དང་ཉེས་པ་ལ་རྟོག་པའི་རྣམ་པར་ཞུགས་པ་ཡིན་ཏེ། དེ་གཉིས་ཀྱི་དབང་གིས་སེམས་འཇུག་པས་ན། དེའི་ཕྱིར་

བར་འགའ་ནི་སེམས་དང་སེམས་པ་གཉིས་ལ་རྟོག་པ་ཞེས་གདགས་ཏེ། གང་གི་ཚེ་ཅི་ཡང་མངོན་པར་མི་རྟོགས་པའོ། །བར་འགའ་ནི་ཤེས་རབ་དང་སེམས་གཉིས་ལ་གདགས་ཏེ། གང་གི་ཚེ་མངོན་པར་རྟོགས་པའོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་སེམས་པ་དང་ཤེས་

Vol. 138 · folio 41b

རབ་གཉིས་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡང་ན་སེམས་པ་དང་ཤེས་རབ་གཉིས་ཁོ་ན་ལ་རྟོག་པ་གདགས་པར་བྱའི། སེམས་ལ་ནི་མ་ཡིན་ཏེ། འདི་ལྟར་ཤེས་རབ་དང་སེམས་པའི་དབང་གིས་སེམས་དེ་ལྟར་མངོན་པར་རྟོགས་པ་དང་། མངོན་པར་མི་རྟོགས་པའི་རྣམ་པར་འཇུག་

པར་འགྱུར་རོ། །འདིའི་རྣམ་གྲངས་བསྟན་པའི་ཕྱིར། དེ་ཉིད་སེམས་རྩིང་བའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྩིང་བ་ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། རྩིང་བ་ཞེས་བྱ་བ་ནི་ཆེ་ལོང་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཆེ་ལོང་ནི་རྩིང་བ་ཉིད་དེ། འདི་ལྟར་དངོས་

པོ་ཙམ་ཀུན་ཏུ་ཚོལ་བ་ཡིན་གྱི། བྱེ་བྲག་ཏུ་ཀུན་ཏུ་ཚོལ་བ་མ་ཡིན་ནོ། །རིགས་པ་འདི་གཞན་ལ་ཡང་བསྟན་པའི་ཕྱིར། ཚུལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར། དཔྱོད་པ་ཡང་སེམས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དཔྱོད་

པ་ཡང་ཤེས་རབ་དང་སེམས་པའི་བྱེ་བྲག་གི་ངོ་བོ་ཉིད་དེ། སོ་སོར་རྟོག་པའི་རྣམ་པར་རྟོག་པའི་ཡིད་ཀྱི་བརྗོད་པ་ཉིད་དོ། །ཅིའི་ཕྱིར་སོ་སོར་རྟོག་པ་ལ་དཔྱོད་པ་ཞེས་བྱ་སྙམ་པ་ལ། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་སྔར་ཁོང་

དུ་ཆུད་པའི་དོན་ལ་འདིའོ་ཞེས་དཔྱོད་པའི་རྣམ་པར་ཞུགས་པ་ནི་དཔྱོད་པ་སྟེ། དེའི་ཕྱིར་དཔྱོད་པ་སེམས་ཞིབ་པ་ཞེས་བྱའོ། །འདི་གཉིས་ཀྱི་ལས་བསྟན་པའི་ཕྱིར། འདི་གཉིས་ནི་རེག་པར་གནས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མངོན་པར་འབྱུང་བ་ལ་རྟོག་པ་ལ་

སོགས་པ་ནི་རེག་པར་གནས་པའི་རྒྱུ་དག་གོ། །འདོད་པ་ལ་རྟོག་པ་དག་ལ་སོགས་པ་ནི་རེག་པར་མི་གནས་པའི་རྒྱུ་དག་གོ། །གལ་ཏེ་འདི་གཉི་ག་ཡང་ཤེས་རབ་དང་སེམས་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་ཐ་དད་དུ་བཤད་ཅེ་ན། འདི་གཉིས་ནི་རྩིང་བ་དང་ཞེས་བྱ་བ་ལ་

སོགས་པ་སྨྲས་སོ། །འདི་ལྟར་འདི་གཉིས་ནི་རྩིང་བ་དང་ཞིབ་པར་དབྱེ་སྟེ། དེའི་ཕྱིར་ཐ་དད་དུ་བཤད་དོ། །གཉིས་རྣམ་གཉིས་ཞེས་གང་སྨོས་པ་འདིའི་དོན་གང་ཡིན་སྙམ་པ་ལ། གཉིས་རྣམ་པ་གཉིས་ཞེས་བྱ་བ་ནི་ཞེས་བྱ་བ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། གཉིས་གཉིས་

Vol. 138 · folio 42a

པ་གཉིས་ཞེས་བྱ་བ་སྨྲས་ཏེ། གཉིས་པ་རྣམ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་དེ་དག་གང་ཡིན་སྙམ་པ་ལ། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྱོད་པ་དང་གཉིད་ནི་གཉིས་པ་གཅིག་གོ། །རྟོག་པ་དང་དཔྱོད་པ་ནི་གཉིས་པ་གཅིག་

གོ། །འདི་དག་ནི་རྣམ་པ་གཉིས་སུ་བསྟན་པའི་ཕྱིར། ཆོས་དེ་བཞི་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །ཉོན་མོངས་པ་ཅན་རྣམས་ནི་གང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ནི་གང་

ཡིན་སྙམ་པ་ལ། དེ་ལ་མི་དགེ་བ་མ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྲོག་ཆགས་དེ་མ་བསད་པ་དང་། སྦྱིན་པ་སྦྱིན་པ་ནི་བདག་གིས་མ་ལེགས་པ་ཞིག་བྱས་སོ་སྙམ་དུ་དེ་ལྟར་ཡིད་ལ་གཅགས་པ་སྐྱེ་བ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་པ་ཅན་ནོ། །དེ་ལས་

བཟློག་པ་ནི་འགྱོད་པ་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །གཉིས་ཀྱང་ཉོན་མོངས་པ་ཅན་གྱི་སེམས་དང་མཚུངས་པར་ལྡན་པའམ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཕངས་པ་གང་ཡིན་པ་དེ་ཉོན་མོངས་པ་ཅན་ནོ། །དེ་ལས་བཟློག་པ་ནི་ཉོན་མོངས་པ་ཅན་མ་ཡིན་པར་རིག་

པར་བྱའོ། །དེ་བཞིན་དུ་རྟོག་པ་ཡང་འདོད་པ་ལ་རྟོག་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་ཅན་རྣམས་སོ། །གང་དག་མངོན་པར་འབྱུང་བ་ལ་རྟོག་པ་ལ་སོགས་པ་དེ་དག་ནི་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་སོ། །དེ་བཞིན་དུ་དཔྱོད་པ་ཡང་བདག་གིས་གཞན་ལ་

གནོད་པར་བྱ་བའི་ཐབས་དཔྱོད་པ་དེ་ནི་ཉོན་མོངས་པ་ཅན་ནོ། །གང་གིས་གཞན་ལ་ཕན་གདགས་པའི་ཐབས་དཔྱོད་པ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་དག་གི་ནང་ན་ཉེ་བའི་ཉོན་མོངས་པ་གང་ཡིན་སྙམ་པ་ལ། དེ་ལ་འགྱོད་པ་དང་གཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

དེ་ནི་གོ་སླ་བས་མ་བཤད་དོ། །རབ་ཏུ་བྱེད་པའི་དོན་མཐའ་དག་མཇུག་བསྡུ་བའི་ཕྱིར། དེ་ལ་ཇི་ལྟར་གཟུགས་དང་སྒྲ་ལ་སོགས་པ་དང་དམིགས་པ་དྲུག་པོ་དག་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡིད་བདེ་བའི་གནས་ཞེས་བྱ་བ་ལ་གནས་ཞེས་བྱ་བའི་སྒྲ་ནི་འདིར་རྗེས་སུ་མཐུན་

Vol. 138 · folio 42b

པའམ་རྒྱུ་ལ་བྱའོ། །ལྷག་མ་ནི་གོ་སླ་བས་མ་བཤད་དོ། །གོང་དུ་སྨོས་པའི་དོན་གྱི་མཇུག་བསྡུ་བ་འདི་ནི་བདེ་བླག་ཏུ་དྲན་པར་བྱ་བ་དང་། ཟིན་པར་བྱ་བའི་ཕྱིར་བྱས་སོ། །དེ་ལྟར་སྐབས་རྫོགས་པར་བྱས་ནས་སྐབས་གཞན་བྱ་བའི་ཕྱིར། དེ་ནི་འདི་བསམ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་

སོ། །གང་གི་ཚེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་དག་ཅིག་ཅར་དམིགས་པའི་རྐྱེན་དང་ཕྲད་ཀྱང་དེའི་ཚེ། ཅི་ཀུན་གཞི་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་གཅིག་ཁོ་ན་འབྱུང་བར་འགྱུར་གྱི། གཉིས་དང་མང་པོ་ནི་མི་འབྱུང་ངམ་སྙམ་པ་ལ། ཕྱོགས་འདི་ཡོད་པའི་དབང་

བསྟན་པའི་ཕྱིར། ཇི་ལྟར་ཁ་ཅིག་སེམས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མདོ་སྡེ་པ་ལ་སོགས་པས་ནི་རྣམ་པར་ཤེས་པ་གཉིས་དང་། མང་པོ་དག་ཅིག་ཅར་འབྱུང་དུ་དེ་མ་ཐག་པའི་རྐྱེན་མེད་དེ། དེའི་ཕྱིར་རྣམ་པར་ཤེས་པ་གཅིག་ཁོ་ན་འབྱུང་བར་འགྱུར་ཏེ། གང་གི་

མང་པོ་ཅིག་ཅར་འབྱུང་བར་འགྱུར་བ་རྣམ་པར་ཤེས་པ་མང་པོ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་རྣམ་པར་ཤེས་པ་གཅིག་གིས་མི་ནུས་སོ་སྙམ་དུ་སེམས་སོ། །ཕྱོགས་གཉིས་པ་བསྟན་པའི་ཕྱིར། འོན་ཏེ་ངེས་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་རྐྱེན་གཅིག་དང་ཕྲད་

ན། རྣམ་པར་ཤེས་པ་གཅིག་ཁོ་ན་འབྱུང་ལ། གལ་ཏེ་གཉིས་དང་མང་པོ་དག་གི་རྐྱེན་དང་ཕྲད་པར་གྱུར་ན་ཡང་། དེའི་ཚེ་གཉིས་དང་མང་པོ་དག་འབྱུང་བར་འགྱུར་རོ་ཞེས་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས། ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཞེས་བྱ་བ་ལ་སོགས་པ་

སྨྲས་ཏེ། རྣམ་པར་ཤེས་པ་ལྔ་པོ་དག་ནི་རྐྱེན་ཇི་ལྟ་བ་བཞིན་དུ་རྩ་བའི་རྣམ་པར་ཤེས་པ་ལས་འབྱུང་བར་འགྱུར་ཏེ། རེས་འགའ་ནི་ཅིག་ཅར་རེས་འགའ་ནི་རིམ་གྱིས་སོ། །དཔེར་ན་རྐྱེན་ཇི་ལྟ་བ་བཞིན་དུ་ཆུ་ལ་རླབས་རྣམས་འབྱུང་བ་དང་མཚུངས་སོ་ཞེས་མདོར་བྱས་པའི་དོན་ཏོ། །ཚིག་གི་

དོན་རྣམས་ནི་དེ་དག་གི་དོན་རྟོགས་པའི་སྔོན་དུ་འགྲོ་བས། ཚིག་གི་དོན་བསྟན་པའི་ཕྱིར། ལྔ་རྣམས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་གོ་སླ་བས་མ་བཤད་དོ། །རྩ་བའི་རྣམ་པར་ཤེས་པ་ཇི་ལྟ་བུ་ཞིག་ཅིའི་ཕྱིར་དེ་ལ་དེ་སྐད་ཅེས་བྱ་སྙམ་པ་ལ། ལྔ་པོ་རྣམས་ཀྱི་ས་

Vol. 138 · folio 43a

བོན་གྱི་གནས་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ལྔ་པོ་དག་གི་ས་བོན་གྱི་གནས་ཡིན་པ་དང་། འདི་ལྟར་ཡང་དེ་ནི་འགྲོ་བ་རྣམས་སུ་སྐྱེ་བ་ཡོངས་སུ་འཛིན་པར་བྱེད་དེ། དེའི་ཕྱིར་ཀུན་གཞིའི་

རྣམ་པར་ཤེས་པ་ནི་རྩ་བའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལས་སྐྱེ་བས་ན་དེ་ནི་ས་བོན་གྱི་གནས་ཉིད་དེ་རྒྱུ་ཡིན་ནོ། །རྐྱེན་གྱི་རྗེས་སུ་མཐུན་པར་བསྟན་པའི་ཕྱིར། ཇི་ལྟའི་རྐྱེན་ལས་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །བདག་ཐོབ་པའི་

སྒྲས་ནི་སྐྱེ་བར་བསྟན་ཏོ། །ལྷན་ཅིག་གམ་མ་ཡིན་ཞེས་བྱ་བ་འདིས་ནི་ཅིག་ཅར་དང་རིམ་གྱིས་ཞེས་བསྟན་ཏོ། །ཅིག་ཅར་དང་རིམ་གྱིས་ཇི་ལྟར་འབྱུང་སྙམ་པ་ལ། ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །དཔེ་འདི་

གང་ནས་འབྱུང་སྙམ་པ་ལ། ཇི་སྐད་དུ་བློ་གྲོས་ཡངས་པ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ཞེས་བྱ་བ་ལ་བོས་ནས་དཔེ་འདི་དག་གསུངས་སོ། །རྒྱུ་ནི་འབབ་པའི་སྒྲར་བསྟན་ཏོ། །ཆད་པ་ནི་རྒྱུན་ཆད་

པའི་སྒྲར་བསྟན་ཏོ། །ཡོངས་སུ་ཟད་པ་ནི་ཟད་པའི་སྒྲར་བསྟན་ཏོ། །མདོར་བྱས་པའི་དོན་ལྷག་མ་ནི་གོ་སླ་བས་མ་བཤད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་ཆུ་བོ་དང་མཚུངས་པ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར། ཁུངས་གཉིས་པ་འདི་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་སོགས་པ་

སྨྲས་སོ། །ལེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཟབ་ཅིང་ཕྲ་བ་སྟེ། ཆུ་བོ་ལྟར་དུས་ཐམས་ཅད་དུ་འཇུག་གོ། །ས་བོན་ཐམས་ཅད་ཀྱི་གནས་ཀྱང་དེ་ཡིན་ནོ། །སོ་སོའི་སྐྱེ་བོ་དག་ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་ཏུ་འཛིན་པར་གྱུར་ན་མི་རུང་ངོ་ཞེས་སོ་སོའི་སྐྱེ་

བོའི་འཁོར་གྱི་ནང་དུ་ངས་དེ་མ་བསྟན་ཏོ། །བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་པས་ཟབ་པའོ། །འཕགས་པ་རྣམས་ཀྱི་ཡུལ་ཡང་མ་ཡིན་པས་ཕྲ་བའོ། །དེ་ལྟར་རེ་ཞིག་ལུང་གིས་རྣམ་པར་ཤེས་པ་མང་པོ་དག་ཅིག་ཅར་འབྱུང་བར་བསྟན་ནས། རིགས་ལས་ཀྱང་བསྟན་པའི་ཕྱིར།

Vol. 138 · folio 43b

རྣམ་པར་ཤེས་པ་དམིགས་པའི་རྐྱེན་སོ་སོར་ངེས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་དམིགས་པའི་རྐྱེན་སོ་སོར་ངེས་པ། མིག་གི་རྣམ་པར་ཤེས་པའི་གཟུགས་དང་། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པའི་སྒྲ་ཉིད་ཅེས་

བྱ་བ་ལ་སོགས་པ་དེ་བཞིན་དུ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དེ་མ་ཐག་པའི་རྐྱེན་ནི་སོ་སོར་ངེས་པར་མི་འདོད་དོ། །འདི་ལྟར་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལ་རྣམ་པར་ཤེས་པ་དྲུག་པོ་དག་ཀྱང་རིམ་གྱིས་དེ་མ་ཐག་པའི་རྐྱེན་གྱི་དངོས་པོ་བྱེད་དོ། །དེ་བཞིན་དུ་

དྲུག་པོ་དག་ནི་རིམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་དེ་མ་ཐག་པའི་རྐྱེན་དུ་ཁས་ལེན་ཏོ། །དེའི་ཕྱིར་གང་གི་ཚེ་དམིགས་པའི་རྐྱེན་དང་ཕྲད་པར་གྱུར་པ་དེའི་ཚེ། དེ་མ་ཐག་པའི་རྐྱེན་གཅིག་པུ་ལས་ཀྱང་རྣམ་པར་ཤེས་པ་གཉིས་དང་མང་པོ་འབྱུང་སྟེ། འགལ་བ་མེད་དོ། །

ཅི་སྟེ་དེ་ལྟར་མི་འདོད་ན་དེའི་ཚེ་དེ་མ་ཐག་པའི་རྐྱེན་ཀྱང་ངེས་པ་མེད་ལ། ལྔ་པོ་དག་གི་དམིགས་པའི་རྐྱེན་དང་ཅིག་ཅར་ཕྲད་ཀྱང་རྣམ་པར་ཤེས་པ་གཅིག་ཁོ་ན་འབྱུང་གི །ལྔ་ཆར་མི་འབྱུང་ངོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཡོད་བརྗོད་དགོས་སོ། །དེ་ལྟར་འདི་ལ་ངེས་པའི་གཏན་

ཚིགས་ཅུང་ཟད་ཀྱང་མི་སྣང་སྟེ། དེ་བས་ཀྱང་དམིགས་པ་ཡོད་པར་གྱུར་ན། ཡང་ན་ནི་རྣམ་པར་ཤེས་པ་ལྔ་ཆར་འབྱུང་བར་འགྱུར་རོ། །ཡང་ན་ནི་གཅིག་ཀྱང་འབྱུང་བར་མི་འགྱུར་རོ། །ཡང་སྐབས་གཞན་བྱ་བའི་ཕྱིར། ད་ནི་འདི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་འདྲི་བའི་

དོན་ཏེ། དོན་དེ་ནི་གོ་སླ་བས་མ་བཤད་དོ། །གྲུབ་པའི་མཐའ་སྨྲ་བས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདུ་ཤེས་མེད་པ་ལ་སོགས་པ་མ་གཏོགས་པར་དུས་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །

ཚིག་གི་དོན་བསྟན་པའི་ཕྱིར་རྟག་ཏུའོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །གང་ན་ཡིད་ཀྱི་རྣམ་པར་ཤེས་པ་མི་འདོད་པ་དེར་བཟློག་པའི་ཕྱིར་སྤྱིར་བཏང་བ་འདིའི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དུས་ཐམས་

Vol. 138 · folio 44a

ཅད་དུ་འབྱུང་བར་ཁས་བླངས་མོད་ཀྱི། འོན་ཀྱང་འདུ་ཤེས་མེད་པ་པ་མ་གཏོགས། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་མ་གཏོགས། སེམས་མེད་པའི་གཉིད་དང་། སེམས་མེད་པའི་བརྒྱལ་བ་མ་གཏོགས་པར་ཡིད་ཀྱི་

རྣམ་པར་ཤེས་པ་འབྱུང་བར་འདོད་དོ། །སྤྱིར་བྱ་བ་ནི་སྤྱིར་བཏང་བ་ཞེས་བྱའོ། །བྱེ་བྲག་ཏུ་བྱ་བ་ནི་དམིགས་ཀྱིས་བསྩལ་བ་ཞེས་བྱའོ། །འོ་ན་འདུ་ཤེས་མེད་པ་པ་ཞེས་བྱ་བ་དེ་གང་ཡིན་སྙམ་པ་ལ། དེ་ལ་འདུ་ཤེས་མེད་པ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདུ་ཤེས་

མེད་པ་པའི་སེམས་ཅན་དག་ནི་ལྷ་རྣམས་ལས་ཁ་ཅིག་གོ་ཞེས་འབྱུང་སྟེ། དེ་དག་གི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་གང་ཡིན་པ་དེ་འདུ་ཤེས་མེད་པ་པ་ཞེས་བྱའོ། །སུས་འདོད་པའི་ཁམས་སུ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་པ་དེ་ནི་འདུ་

ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །སུས་འདོད་པའི་ཁམས་སུ་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་པ་དེ་ནི་སྲིད་པའི་རྩེ་མོར་སྐྱེའོ། །འདུ་ཤེས་མེད་པ་པ་ནི་ཅི་ཡང་མི་ཤེས་ཏེ། དོན་མེད་པར་གནས་སོ། །སྙོམས་པར་འཇུག་པ་གཉིས་གང་ཡིན་སྙམ་པ་ལ་སྙོམས་

པར་འཇུག་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཡིན་སྙམ་པ་ལ། དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བསམ་གཏན་གསུམ་པའི་འདོད་ཆགས་

དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བའི་རྣལ་འབྱོར་པའི་ཐར་པའི་ལམ་སྙམ་དུ་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་འགོག་པ་གང་ཡིན་པ་དེ། གསུང་རབ་འདི་ལ་

འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །རྣམ་པར་བསྒྲུབ་པ་བསྟན་པའི་ཕྱིར། འདིས་འགོག་པར་འགྱུར་བས་འགོག་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་དེ་ཉིད་ཀྱིས་བཤད་ཟིན་ཏོ། །དེ་འདྲ་བ་དེ་གང་ཡིན་སྙམ་པ་ལ། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་

Vol. 138 · folio 44b

ལྡན་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པར་འབྱུང་བ་གང་གིས་འགོག་པ་དེ་འགོག་པ་ཞེས་བྱའོ། །དེ་ནི་གནས་སྐབས་ཀྱི་བྱེ་བྲག་འགའ་ཞིག་ཡིན་གྱི། ཇི་ལྟར་ཁ་ཅིག་གིས་ཡོངས་སུ་བཏགས་པ་ལྟར་རྫས་ནི་

མེད་དོ། །དགེ་བ་ལས་སེམས་རྩེ་གཅིག་པ་ཉིད་སྙོམས་པར་འཇུག་པ་ཞེས་མི་བྱའམ། འོ་ན་ཇི་ལྟར་སེམས་དང་སེམས་ལས་བྱུང་བ་འགོག་པ་པ་ལ་སྙོམས་པར་འཇུག་པ་ཞེས་བྱ་ཞེ་ན། དེའི་ཕྱིར་སྙོམས་པར་འཇུག་པ་དེ་ཡང་སེམས་ཀྱི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་

སྨྲས་ཏེ། འདི་ལྟར་སྙོམས་པར་འཇུག་པ་ནི་སེམས་ཀྱི་འོག་ཏུ་སེམས་གཞན་འབྱུང་བ་དང་མི་མཐུན་པའི་གནས་ཐོབ་པར་བྱེད་དེ། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགོག་པ་དེ་སྙོམས་པར་འཇུག་པ་ཞེས་བྱའོ། །གཉིས་པ་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་

པ་སྨྲས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་འགོག་པ་གང་ཡིན་པ་དེ་འགོག་པའི་

སྙོམས་པར་འཇུག་པ་ཞེས་བྱའོ། །ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བ་ཞེས་བྱ་བ་ནི་གནས་པ་འདི་ནི་ཞི་བའོ་སྙམ་དུ་རྣམ་པ་དེ་ལྟ་བུའི་བློ་སྔོན་དུ་བྱས་ནས། ཕྱིས་སྙོམས་པར་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཡང་བཏགས་པའི་ཡོད་པ་བསྟན་པའི་ཕྱིར།

འདི་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གནས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་གདགས་པ་དེ་བཞིན་དུ། འདི་ཡང་དེ་ལ་གདགས་ཞེས་བྱ་བའི་ཐ་ཚིག་གོ། །སེམས་མེད་

པའི་གཉིད་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། སེམས་མེད་པའི་གཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གང་གི་ཚེ་གནས་གཉིད་སྟུག་པོས་ནོན་པར་གྱུར་པ་དེའི་ཚེ། དུས་དེ་སྲིད་ཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་མི་འབྱུང་སྟེ། དེའི་ཕྱིར་སེམས་མེད་པ་ཞེས་བྱའོ། །

Vol. 138 · folio 45a

སེམས་མེད་པའི་བརྒྱལ་བ་ཇི་ལྟ་བུ་ཞིག་ཡིན་གང་ལ་རྣམ་པར་གཞག་སྙམ་པ་ལ། སེམས་མེད་པའི་བརྒྱལ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གློ་བུར་དུ་བརྣང་བ་དང་། ཡང་ན་ཁམས་ཤེས་མ་མཉམ་པས་དུས་དེ་སྲིད་ཅིག་ཏུ་ཡིད་ཀྱི་རྣམ་པར་

ཤེས་པ་འབྱུང་བ་དང་། མི་མཐུན་པའི་ལུས་མ་སྙོམས་པར་འགྱུར་བ་གང་ཡིན་པའི་གནས་མི་མཉམ་པ་དེ་ལ་སེམས་མེད་པའི་བརྒྱལ་བ་ཉེ་བར་འདོགས་སོ། །མཇུག་བསྡུས་ཏེ་བསྟན་པའི་ཕྱིར། གནས་སྐབས་ལྔ་པོ་དག་མ་གཏོགས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་

མཇུག་བསྡུ་བའི་དོན་ཏེ་གོ་སླ་བས་མ་བཤད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དབང་དུ་བྱས་ཏེ་འདྲི་བའི་ཕྱིར། དེ་ལྟར་འདུ་ཤེས་མེད་པ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་འདུ་ཤེས་མེད་པ་པ་ལ་སོགས་པ་དང་བྲལ་བ་དེའི་ཚེ། གང་གི་རྣལ་འབྱོར་པ་དེ་ཐལ་བྱུང་དུ་འཆི་

བའི་དུས་བྱེད་པར་མི་འགྱུར་བའི་རྣམ་པར་ཤེས་པ་དེ་གང་ལས་འབྱུང་ཞེ་ན། གྲུབ་པའི་མཐའ་སྨྲ་བས་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདུ་ཤེས་མེད་པ་ལ་སོགས་པ་ལས་ལངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཀུན་

གཞི་རྣམ་པར་ཤེས་པ་ཉིད་ལས་འབྱུང་སྟེ། འདི་ལྟར་ཀུན་གཞི་རྣམ་པར་ཤེས་པ་དེ་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ས་བོན་དང་ལྡན་པའོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར་རྣམ་པར་ཤེས་པ་གྱུར་པ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་གོ་སླ་

བས་མ་བཤད་དོ། །ད་ནི་བདག་དང་ཆོས་རྣམས་རྣམ་པར་ཤེས་པ་གྱུར་པ་ལས་ཕྱི་རོལ་ན་མེད་དོ་ཞེས་གང་དམ་བཅས་པ་དེ་རབ་ཏུ་བསྒྲུབ་པའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་འདི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་ཤེས་པ་གྱུར་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་

པ་སྟེ། རྣམ་པར་རྟོག་པ་དེས་དངོས་པོ་གང་ཅི་རྣམ་པར་བརྟགས་པ་དེ་ཐམས་ཅད་ནི་མེད་པའོ། །དེ་བས་ན་འགྲོ་བ་འདི་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་མོ་ཞེས་མདོར་བྱས་པའི་དོན་ཏོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། རྣམ་པར་ཤེས་པ་གྱུར་པ་རྣམ་པ་གསུམ་བཤད་

Vol. 138 · folio 45b

མ་ཐག་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པར་རྟོག་པའི་རང་གི་ངོ་བོ་བསྟན་པའི་ཕྱིར་སྒྲོ་བཏགས་པའི་དོན་གྱིས་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་

བ་སྒྲོ་བཏགས་པའི་དོན་གྱི་རྣམ་པར་འབྱུང་བ་གང་ཡིན་པ་དེ་དག་རྣམ་པར་རྟོག་པའི་སྒྲར་བརྗོད་དོ། །འདིར་དབུས་དང་མཐའ་རྣམ་པར་འབྱེད་པ་ཁུངས་སུ་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་

རྣམས་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཞེས་འབྱུང་ངོ་། །ཅིའི་ཕྱིར་རྣམ་པར་ཤེས་པ་གྱུར་པ་རྣམ་པར་རྟོག་པའི་སྒྲར་བརྗོད་སྙམ་པ་ལ། རྣམ་པར་རྟོག་པ་རྣམ་པ་གསུམ་པོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་དང་

མཚུངས་པར་ལྡན་པ་དང་བཅས་པ་རྣམ་པར་རྟོག་པ་རྣམ་པ་གསུམ་པོ་དེ་སྣོད་ལ་སོགས་པའི་དངོས་པོ་གང་རྣམ་པར་རྟོག་པ་དེ་ཡང་དག་པའི་དོན་དུ་ན་མེད་དོ། །དེ་བས་ན་རྣམ་པར་ཤེས་པ་གྱུར་པ་དེ་ནི་རྣམ་པར་རྟོག་པ་ཞེས་བྱ་སྟེ། འདི་ལྟར་དེའི་དམིགས་པ་ནི་དངོས་པོར་ཡོད་པ་མ་ཡིན་

ནོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་ཡིད་མ་ཆེས་ནས། དེའི་དམིགས་པ་དེ་མེད་པར་ཇི་ལྟར་ཤེས་ཤེ་ན་ཞེས་འདྲི་སྟེ། རྣམ་པར་རྟོག་པའི་དམིགས་པ་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ཤེས། གྲུབ་པའི་མཐའ་སྨྲ་བས་གང་གི་རྒྱུ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་

སོ། །གང་གི་རྒྱུར་གང་འདོད་པ་དེ་ཚོགས་པ་དང་འགལ་བ་ཡང་མེད་ན། དེ་འབྱུང་བར་འགྱུར་གྱི། གཞན་དུ་ན་ནི་མ་ཡིན་ཏེ། འདི་ནི་འདི་ལྟ་བུའི་ཚུལ་དུ་གནས་པའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལ་སོགས་པ་དོན་མེད་པར་ཡང་འགྱུར་ཏེ། དེ་བས་ན་དོན་གྱི་ཁར་མ་ལས་

པར་རྣམ་པར་ཤེས་པ་འབྱུང་བས་ཁོ་བོས་ཤེས་སོ། །གལ་ཏེ་རྣམ་པར་ཤེས་པ་འབྱུང་བ་དམིགས་པའི་ཁར་ལས་པ་ཡིན་ན་ནི། དེའི་ཚེ་སྒྱུ་མ་ལ་སོགས་པ་དག་ལ་དོན་མེད་པས་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་རོ། །མཇུག་བསྡུ་བའི་ཐབས་ཀྱིས་རྣམ་པར་ཤེས་པའི་

Vol. 138 · folio 46a

གཏན་ཚིགས་བསྟན་པའི་ཕྱིར། དེ་བས་ན་སྔ་མ་འགགས་པ་དེ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་རྣམ་པར་ཤེས་པ་ཕྱིའི་དོན་གྱི་ཁར་རག་ལས་པ་མ་ཡིན་ནོ། །དེ་བས་ན་སྔ་མ་འགགས་པ་དང་འདྲ་བའི་རྣམ་པ་ཉིད་ལས་རྣམ་པར་

ཤེས་པ་འབྱུང་གི །ཕྱིའི་དོན་ལས་ནི་འབྱུང་བ་མ་ཡིན་ཏེ། འདི་ལྟར་ཕྱིའི་དོན་མེད་ཀྱང་རྣམ་པར་ཤེས་པ་དེ་འབྱུང་བའི་ཕྱིར་རོ། །དེ་ལྟར་རེ་ཞིག་མ་ཚང་བ་བསྟན་ནས། འགའ་བ་བསྟན་པའི་ཕྱིར། དོན་ཐ་དད་པ་མ་ཡིན་པ་ལ་ཡང་རྟོག་པར་བྱེད་པ་རྣམས་ཞེས་བྱ་བ་

ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་ལ་ཡང་རྟོག་པར་བྱེད་པ་རྣམས་ཀྱི་རྟོག་པ་ལ་རོ་དང་འདོད་པ་ཅན་དང་། བཟའ་བ་ལ་སོགས་པའི་རྣམ་པ་ཕན་ཚུན་མི་མཐུན་པར་སྣང་ངོ་། །འདི་ལ་འདི་ལྟར་འགྱུར་ཏེ། དངོས་པོ་གཅིག་ཁོ་ན་ལ་དུ་མའི་རྣམ་པར་རིག་པ་འབྱུང་ངོ་ཞེ་ན།

དེའི་ཕྱིར་གཅིག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་ནི་ཕན་ཚུན་འགལ་བ་དུ་མའི་བདག་ཉིད་དུ་མི་རུང་ངོ་། །དེ་ལྟར་ན་དེའི་ཕྱིར་སྒྲོ་བཏགས་པའི་རྣམ་པ་ཡིན་པས་རྣམ་པར་རྟོག་པའི་དམིགས་པ་མེད་པར་ཁོང་དུ་ཆུད་པར་བྱའོ། །མཇུག་བསྡུ་བ་བསྟན་

པའི་ཕྱིར་འདིར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པར་རྟོག་པའི་ཡུལ་མེད་པའི་ཚིག་གིས་སྒྲོ་བཏགས་པའི་མཐའ་སྤངས་སོ། །དེ་ནི་སྐུར་པ་འདེབས་པའི་མཐའ་སྤང་བར་འདོད་ནས། དེས་ན་འདི་ཐམས་ཅད་རྣམ་པར་རིག་ཙམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །

དེ་དགྲོལ་བའི་ཕྱིར། དེས་ན་ཞེས་བྱ་བ་ནི་དེ་བས་ནའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གྱུར་པའི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པས་བདག་ལ་སོགས་པ་དངོས་པོ་གང་རྣམ་པར་བཏགས་པ་དེ། ཡང་དག་པའི་དོན་དུ་ན་མེད་དོ། །རྣམ་པར་རྟོག་པ་དེ་ནི་ཡོད་དོ། །དེ་

བས་ན་ཡུལ་ནི་མེད་ལ་རྣམ་པར་རྟོག་པ་ནི་ཡོད་པས་ཐམས་ཅད་རྣམ་པར་རིག་པ་ཙམ་མོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁམས་གསུམ་པ་དང་འདུས་མ་བྱས་ནི་ཐམས་ཅད་ཀྱི་སྒྲར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 138 · folio 46b

ཙམ་གྱི་སྒྲ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ལས་ལྷག་པའི་ཡུལ་རྣམ་པར་བཅད་པའི་ཕྱིར་རོ། །པ་ཞེས་བྱ་བ་ནི་འདིར་ཆུང་ངུ་དང་ཐུང་ངུ་དང་སྣང་བ་དང་བསྔགས་པའི་དོན་མ་ཡིན་གྱི། ཚིགས་སུ་བཅད་པའི་རྩ་བ་ཁ་བསྐང་བའི་དོན་ཏོ། །ཕ་རོལ་གྱི་ཚིག་གི་གླགས་སུ་འགྱུར་

དུ་དོགས་ནས་གལ་ཏེ་ཐམས་ཅད་རྣམ་པར་རིག་པ་ཙམ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཡང་དག་པའི་དོན་དུ་ན་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་དོ། །རྣམ་པར་རིག་པ་ཙམ་དེ་ལས་བྱེད་པ་པོའམ་བྱེད་པ་གཞན་མེད་ན། རྩ་བའི་རྣམ་པར་ཤེས་པ་

བྱེད་པ་པོ་གང་གིས་ཀྱང་བྱིན་གྱིས་མ་བརླབས་པ་ལས་བྱེད་པ་མེད་པར་རྣམ་པར་རྟོག་པ་སྣ་ཚོགས་དག་ཇི་ལྟར་འབྱུང་བ་བརྗོད་དགོས་སོ་སྙམ་པ་ལ། འདིར་གྲུབ་པའི་མཐའ་སྨྲ་བས་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་

རྣམ་པར་ཤེས་པ་ཉིད་ཕན་ཚུན་གྱི་སྟོབས་ཀྱིས་དེ་ལྟ་དེ་ལྟར་འགྱུར་བར་འགྲོ་སྟེ། བྱེད་པ་པོ་དང་བྱེད་པ་མེད་པར་ཡང་དེ་ལ་རྣམ་པར་རྟོག་པ་དེ་དང་དེ་དག་སྐྱེའོ་ཞེས་མདོར་བྱས་པའི་དོན་ཏོ། །འགྲེལ་པ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། དེ་ལ་ཆོས་ཐམས་ཅད་

སྐྱེད་ནུས་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་སྐྱེད་ནུས་པ་དང་ལྡན་ཏེ། དེའི་ཕྱིར་ས་བོན་ཐམས་ཅད་པ་ཞེས་བྱའོ། །བྱེ་བྲག་གཉི་ག་སྨོས་པའི་དགོས་པ་བསྟན་པའི་ཕྱིར། རྣམ་པར་ཤེས་པ་ནི་ཞེས་བྱ་བ་

ལ་སོགས་པ་སྨྲས་སོ། །འདི་ལྟར་ས་བོན་ཐམས་ཅད་པ་མ་ཡིན་པའི་རྣམ་པར་ཤེས་པ་ཡང་ཡོད་དེ། འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་བས་ན་དེ་ལས་རྣམ་པར་དབྱེ་བའི་ཕྱིར། ས་བོན་ཐམས་ཅད་ཅེས་བྱ་བ་བྱེ་བྲག་འདི་བྱས་སོ། །རྣམ་པར་ཤེས་པ་མ་གཏོགས་

པར་གཙོ་བོ་ལ་སོགས་པ་ལ། ས་བོན་ཐམས་ཅད་པར་ཁ་ཅིག་ཀུན་ཏུ་རྟོག་སྟེ། དེ་བས་ན་དེ་རྣམ་པར་གཅད་པའི་ཕྱིར་རྣམ་པར་ཤེས་པ་སྨོས་སོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་ཚིག་གཅིག་ལ་འཁྲུལ་པ་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་

Vol. 138 · folio 47a

སོ། །དཔེར་ན་ཨུཏྤལ་སྔོན་པོ་ཞེས་བྱ་བ་འདི་ལ་ནི་ཚིག་གཉི་ག་འཁྲུལ་པ་ཡོད་པས་བྱེ་བྲག་དང་བྱེ་བྲག་གི་གཞིའི་དངོས་པོར་འགྱུར་ཏེ། ཐམས་ཅད་ལ་དེ་ལྟ་མ་ཡིན་ནོ། །ལ་ལར་ནི་ཚིག་གཅིག་ལ་འཁྲུལ་པ་ཡོད་ཀྱང་བྱེ་བྲག་དང་བྱེ་བྲག་གི་གཞི་

ཉིད་དུ་འགྱུར་ཏེ། དཔེར་ན་སའི་རྫས་དང་ཆུའི་རྫས་ཞེས་བྱ་བ་ལྟ་བུའོ། །འདི་ལྟར་ཆུ་ལ་ནི་རྫས་སུ་འཁྲུལ་པ་མེད་མོད་ཀྱི། འོན་ཀྱང་བྱེ་བྲག་རྫས་སྨོས་སོ། །དེ་བཞིན་དུ་འདིར་ཡང་ས་བོན་ཐམས་ཅད་ནི་རྣམ་པར་ཤེས་པ་ཉིད་ཡིན་པར་འཁྲུལ་པ་མེད་ཀྱི། འོན་ཀྱང་རྣམ་

པར་ཤེས་པས་བྱེ་བྲག་ཏུ་དབྱེའོ། །ཡན་ལག་གཞན་བཤད་པར་བྱ་བའི་ཕྱིར། དེ་དེ་ལྟར་འགྱུར་བར་འགྲོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྔ་མའི་གནས་སྐབས་དང་མཚན་ཉིད་མི་འདྲ་བར་འགྱུར་བ་ནི་འགྱུར་བ་སྟེ། དེ་ནི་རྣམ་པར་རྟོག་པ་དེ་དང་དེའི་འོག་མ་སྐྱེད་ནུས་པའི་

གནས་སྐབས་འཐོབ་པའི་མཚན་ཉིད་དོ། །ཕན་ཚུན་དབང་གིས་ཞེས་བྱ་བ་དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་བརྗོད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གང་གི་ཚེ་རང་གི་ནུས་པ་ཡོངས་སུ་གསོ་བའི་ཕྱིར་འཇུག་པ་དེའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ནུས་

པ་ཁྱད་པར་ཅན་གྱི་རྒྱུའི་དངོས་པོར་འགྱུར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་འགྱུར་བ་དེ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེའི་རྒྱུར་འགྱུར་རོ། །དེ་ལྟར་ན་གང་གི་ཕྱིར་ཕན་ཚུན་གྱི་སྟོབས་ཀྱིས་གཉི་ག་འཇུག་པ་དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་སུས་ཀྱང་

བྱིན་གྱིས་མ་བརླབས་པ་ཉིད་ལས་རྣམ་པར་རྟོག་པ་དུ་མ་དེ་དང་དེ་སྐྱེ་བར་གནས་སོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། འདིར་ནི་ད་ལྟར་གྱི་ཚེ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་རྒྱུ་དང་འབྲས་

བུའི་དངོས་པོར་བསྟན་པ་གང་ཡིན་པ་དེའི་ཚེ་འདི་ཉིད་ལ་ལྟོས་ཏེ་བསྟན་པའོ། །ད་ནི་ད་ལྟར་གྱི་ཚེ་ལས་མ་འོངས་པའི་ཚེ་ཇི་ལྟར་འབྱུང་བར་འགྱུར་བ་དེ་རབ་ཏུ་བསྟན་པའི་ཕྱིར། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་

Vol. 138 · folio 47b

པ་ཞེས་བྱ་བ་རྣམ་པར་སྨིན་པ་སྔོན་གྱི་ལས་རྣམས་ཀྱིས་འཕངས་པར་འགྱུར་བ་གང་ཡིན་པ་དེ་ཟད་ནས། ལས་ཀྱི་བག་ཆགས་དང་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པས་རྣམ་པར་སྨིན་པ་གཞན་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་སྐྱེད་དོ་ཞེས་མདོར་བྱས་པའི་དོན་ཏོ། །

འགྲེལ་བ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། བསོད་ནམས་དང་བསོད་ནམས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་སེམས་པ་གང་ཡིན་པ་དེ་ནི་ལས་སོ། །རྣམ་པ་དེ་ལྟ་བུའི་ལས་དེས་མ་འོངས་པའི་

ལུས་མངོན་པར་འགྲུབ་པར་ཀུན་གཞིའི་རྣམ་པར་ཤེས་པ་ལ་ནུས་པ་སྐྱེད་པ་གང་ཡིན་པ་དེ་ལས་ཀྱི་བག་ཆགས་ཞེས་བརྗོད་དོ། །འཛིན་པ་གཉིས་བསྟན་པའི་ཕྱིར། འཛིན་པ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུང་བར་མངོན་པར་ཞེན་པ་དང་། འཛིན་པར་མངོན་

པར་ཞེན་པ་དེ་ནི་འཛིན་པ་གཉིས་སོ། །འདི་གཉིས་ཀྱི་སོ་སོ་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་རྣམ་པར་ཤེས་པ་ལས་གུད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྣམ་པར་ཤེས་པ་མ་གཏོགས་པར་རང་ཡོད་པས་གནས་པའི་གཟུང་བ་བདག་ཉིད་ཀྱིས་ཡོད་པར་ལྷག་པར་

ཆགས་པ་གང་ཡིན་པ་དེ་ནི་གཟུང་བར་འཛིན་པའོ། །གཟུང་བ་རྣམ་པ་དེ་ལྟ་བུ་དེ་ཡང་རྣམ་པར་ཤེས་པས་འཛིན་པར་ངེས་པ་གང་ཡིན་པ་དེ་ནི་འཛིན་པར་འཛིན་པའོ། །དེའི་བག་ཆགས་བསྟན་པའི་ཕྱིར་སྔོན་བྱུང་བའི་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ།

སྔོན་བྱུང་བའི་འཛིན་པ་གཉིས་ཀྱིས་བཏབ་པ་མ་འོངས་པའི་དེའི་རིགས་ཀྱི་འཛིན་པ་གཉིས་འབྱུང་བའི་ས་བོན་གང་ཡིན་པ་དེ་འཛིན་པ་གཉིས་ཀྱི་བག་ཆགས་སོ། །དེ་ལྟར་བག་ཆགས་དག་བཤད་ནས་དེ་གཉིས་ཀྱི་ལས་རབ་ཏུ་བསྟན་པའི་ཕྱིར། དེ་ལས་ཀྱི་བག་ཆགས་ཀྱི་བྱེ་

བྲག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དགེ་བའི་ལས་ཀྱི་བག་ཆགས་རྣམས་ཀྱིས་མི་ལ་སོགས་པའི་འགྲོ་བ་ཐ་དད་པར་ལུས་ཐ་དད་པར་འགྱུར། མི་དགེ་བའི་ལས་ཀྱི་བག་ཆགས་ཀྱིས་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ཐ་དད་པར་ལུས་ཐ་དད་པར་འགྱུར་

Vol. 138 · folio 48a

ཏེ། དཔེར་ན་འབྲས་སཱ་ལུ་ལ་སོགས་པའི་ས་བོན་ཐ་དད་པས་མྱུ་གུ་ཐ་དད་པར་འགྱུར་བ་བཞིན་ནོ། །འདི་ལ་འཛིན་པ་གཉིས་ཀྱི་བག་ཆགས་གང་ཡིན་པ་དེ་ནི་ལས་ཀྱི་བག་ཆགས་ཇི་ལྟར་རང་གིས་འཕངས་པའི་ལུས་སྐྱེད་པ་ལ་ཞུགས་པ་ཐམས་ཅད་

ཀྱི་ལྷན་ཅིག་བྱེད་པ་ཉིད་དུ་འགྱུར་ཏེ། དཔེར་ན་ས་བོན་གྱི་མྱུ་གུ་སྐྱེ་བ་ན་ས་དང་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་བ་བཞིན་ནོ། །མཇུག་བསྡུ་བ་བསྟན་པའི་ཕྱིར། དེ་ལྟར་ན་ལས་ཀྱི་བག་ཆགས་འབའ་ཞིག་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལས་

ཀྱི་བག་ཆགས་འཕེན་པར་བྱེད་པ་འཛིན་པ་གཉིས་ཀྱི་བག་ཆགས་ཀྱི་ལྷན་ཅིག་བྱེད་པ་གང་ཡིན་པ་དེ་ལས་ཚིག་གི་དོན་འདི་འབྱུང་སྟེ། འཛིན་པ་གཉིས་ཀྱི་བག་ཆགས་མེད་པར་ལས་ཀྱི་བག་ཆགས་འབའ་ཞིག་གིས་རྣམ་པར་སྨིན་པ་སྐྱེད་མི་ནུས་སོ་ཞེས་བྱ་བར་འགྱུར་

རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད་བསྟན་པར་བྱེད་དོ། །ཡང་ཡན་ལག་གཞན་བཤད་པར་བྱ་བའི་ཕྱིར། སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔོན་གྱི་ཚེ་རབས་དག་ན་བསགས་པའི་ལས་གང་ཡིན་པའི་ལས་དེས་ཚེ་འདི་ལ་

རྣམ་པར་སྨིན་པ་བསྒྲུབས་པ་གང་ཡིན་པ་དེ་འཕངས་པའི་དུས་ཀྱི་མཐའ་ལ་གནས་པ་ན་ལས་ཀྱི་བག་ཆགས་སྟོབས་དང་ལྡན་པར་གྱུར་པ་གང་ཡིན་པ་དེ། དེའི་ཚེ་འཛིན་པ་གཉིས་ཀྱི་བག་ཆགས་དང་བཅས་པས་རྣམ་པར་སྨིན་པ་ཡོངས་སུ་དཔྱད་པ་ལས་རྣམ་པར་སྨིན་པ་གཞན་

ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་སྐྱེད་དོ། །དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་མ་གཏོགས་པར། རྣམ་པར་སྨིན་པ་གཞན་མེད་དོ། །ཚིག་ལེའུར་བྱས་པའི་དོན་གྱིས་མཇུག་བསྡུ་བ་བསྟན་པའི་ཕྱིར། སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་

ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འདིར་མདོ་སྡེ་པས་ཕྱིར་བརྒལ་བའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་གཏོགས་པར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་དེ། ས་བོན་ཐམས་ཅད་པ་ཡིན་ན་ནི་རིགས་པ་བརྗོད་དགོས་སོ་ཞེས་

Vol. 138 · folio 48b

བྱ་བའི་ཐ་ཚིག་གོ། །གྲུབ་པའི་མཐའ་སྨྲ་བས། གཉི་ག་ཡང་བསྒྲུབ་པའི་ཕྱིར། ལུང་དང་རིགས་པས་ཡོད་པར་མངོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཐེག་པ་ཆེན་པོའི་ཆོས་མངོན་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཐོག་མ་མེད་པའི་དུས་ཀྱི་དབྱིངས་དང་། ཀུན་

ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་གནས་ཏེ་དེ་ཡོད་ན། འགྲོ་བ་ལྔ་པོ་ཐམས་ཅད་ཡོད་དེ། དེ་ཡོད་ན་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་དེ་དེ་ཡང་ས་བོན་ཐམས་ཅད་པར་གྲུབ་བོ། །ཀུན་གཞིའི་རྣམ་

པར་ཤེས་པ་མ་གཏོགས་པར་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས་དང་། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་གནས་སུ་གང་ཡང་མི་འཐད་དོ། །དབྱིངས་ནི་འདིར་རྒྱུའི་སྒྲར་བསྟན་ཏོ། །ས་བོན་ཐམས་ཅད་པ་ནི་ཆོས་ཐམས་ཅད་ཀྱི་གནས་ཀྱི་སྒྲར་བསྟན་ཏོ། །རིགས་པ་

བསྟན་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འཇུག་པ་དང་ལྡོག་པ་གཉིས་ཀྱི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་འཁོར་བར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རིགས་མཐུན་པ་

གཞན་དག་ཏུ་མཚམས་སྦྱར་བར་བྱེད་པ་གང་ཡིན་པ་དེ་ནི་འཁོར་བར་འཇུག་པའོ། །ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པ་དེ་ནི་འཁོར་བ་དེ་ལྡོག་པའོ། །ཕུང་པོའི་ལྷག་མ་དང་བཅས་པ་ནི་ཕུང་

པོའི་ལྷག་མ་དང་ལྷན་ཅིག་པའོ། །འདི་ལྟར་ཕུང་པོའི་ལྷག་མ་དང་བྲལ་བ་དེ་ནི་ཕུང་པོའི་ལྷག་མ་མེད་པའོ། །ཕུང་པོའི་སྒྲ་ནི་ཕུང་པོ་རྣམས་ལ་བྱའོ། །ལྷག་མའི་སྒྲ་ནི་ཆ་ལ་བྱའོ། །ཆ་ནི་གཉིས་ཏེ་ཉོན་མོངས་པའི་ཆ་དང་། ཕུང་པོའི་ཆའོ། །དེའི་ཕྱིར་ཕུང་པོའི་ཆ་

ཡོད་བཞིན་དུ། ཉོན་མོངས་པའི་ཆ་སྤངས་པའོ་ཞེས་བསྟན་པ་ཡིན་ནོ། །བཅས་པའི་སྒྲ་ནི་ཡོད་པ་ལ་བྱ་བར་ཡང་མཐོང་སྟེ། དཔེར་ན་བོང་མོ་བོང་ཕྲུག་བཅུ་དང་བཅས་པ་ལྷན་ཅིག་ཁལ་ཁྱེར་རོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལ་ཡོད་པར་བཤད་དོ། །ཇི་ལྟར་ན་འཇུག་པ་མེད་པར་

Vol. 138 · folio 49a

འགྱུར་སྙམ་པ་ལ། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ལས། གཞན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བ་གང་ཡིན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་གཏོགས་པར་གཞན་མི་སྲིད་དོ། །འདུ་

བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མེད་པར་ནི་འཇུག་པ་མི་འཐད་དོ། །རྣམ་པར་ཤེས་པ་གཞན་འདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་ཅིའི་ཕྱིར་མི་རུང་སྙམ་པ་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཁས་མི་ལེན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་དག་ཀུན་གཞིའི་རྣམ་པར་ཤེས་

ཁས་མི་ལེན་པ་དེ་དག་ཉིང་མཚམས་མི་སྦྱོར་བར་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་རྟོག་སྟེ། དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བཏགས་པ་ལྟ་བུའམ། འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་ཡིན་པར་ཡོངས་སུ་རྟོག་སྟེ། དཔེར་ན་

མདོ་སྡེ་པ་ལྟ་བུ་ཡིན་གྲང་ན། རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ཏེ། དེ་ལ་འདུ་བྱེད་གང་ཡིན་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདུ་བྱེད་གང་ཡིན་པ་དེ་དག་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་ཉིད་དུ་མི་འདོད་དེ། དེ་དག་ནི་འགགས་ནས་ཡུན་

རིང་དུ་ལོན་པའི་ཕྱིར་རོ། །དེ་བས་ན་རྫས་སུ་ཡོད་པ་མ་ཡིན་ནོ། །མེད་པ་ནི་རྐྱེན་དུ་མི་འཐད་དོ། །དེ་ལྟ་བས་ན་འདུ་བྱེད་ནི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྐྱེན་དུ་མི་རུང་ངོ་། །འདི་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། ཉིང་མཚམས་སྦྱོར་བའི་ཚེ་ནི་ཞེས་བྱ་བ་ལ་

སོགས་པ་སྨྲས་སོ། །ཉིང་མཚམས་སྦྱོར་བའི་དུས་ན་མིང་དང་གཟུགས་མཐའ་དག་ཀྱང་ཡོད་དེ། རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ན། དེ་ལ་ཉིང་མཚམས་སྦྱོར་བའི་ཚེ། འདུ་བྱེད་རྣམ་པར་ཤེས་པ་ཉིད་ཀྱི་རྐྱེན་ཡིན་གྱི། མིང་དང་གཟུགས་ཀྱི་རྐྱེན་ནི་མ་ཡིན་ནོ་ཞེས་

བྱ་བ་འདི་ལ་རིགས་པ་གང་ཡང་མེད་དོ། །དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་ཡིན་གྱི། དེ་རྣམ་པར་ཤེས་པའི་རྐྱེན་ནི་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །བརྒྱལ་གཞན་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་ཀྱི་རྐྱེན་རྣམ་པར་ཤེས་པ་ཡིན་པར་མི་འདོད་དོ་ཞེ་ན།

Vol. 138 · folio 49b

དེའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་གཞན་གང་ཡིན་ཞེས་བྱ་བ་སྨྲས་སོ། །ཇི་སྟེ་དེ་ལྟར་མི་འདོད་ན་དེའི་ཚེ་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་པ་བརྗོད་དགོས་སོ། །གཞན་གྱི་ཚིག་གི་གླགས་སུ་གྱུར་དུ་དོགས་ནས། གལ་ཏེ་

དུས་ཕྱི་མ་པ་གང་ཡིན་པ་དེའི་རྐྱེན་ཏོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་པའི་འོག་གི་དུས་ཀྱི་མིང་དང་གཟུགས་གང་ཡིན་པ་དེ་རྣམ་པར་ཤེས་པའི་རྐྱེན་གྱིས་བྱུང་བའོ། །གྲུབ་པའི་མཐའ་སྨྲ་བས། དེ་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་ལས་

རང་བཞིན་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དུས་ཕྱི་མའི་མིང་དང་གཟུགས་དེ་དང་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་བྱེ་བྲག་ཅི་ཡོད་ན། ཁྱོད་གང་གི་ཕྱིར་ཕྱི་མའི་མིང་དང་གཟུགས་གང་ཡིན་པ་དེ་ཉིད་ནི་རྣམ་པར་ཤེས་པའི་རྐྱེན་ལས་

བྱུང་བར་འདོད་ལ། སྔ་མ་ནི་མ་ཡིན། སྔ་མ་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བར་འདོད་ལ། ཕྱི་མ་ནི་མ་ཡིན། མཇུག་བསྡུས་ནས་བསྟན་པའི་ཕྱིར། དེའི་ཕྱིར་འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་གྱུར་གྱི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་གི་ཕྱིར་མིང་དང་གཟུགས་བྱེ་

བྲག་མེད་པ་དེའི་ཕྱིར། འདུ་བྱེད་ཀྱི་རྐྱེན་གྱིས་མིང་དང་གཟུགས་ཉིད་དུ་གྱུར་ན། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་ཡན་ལག་གཞན་ཡོངས་སུ་བརྟག་ཅི་དགོས། རྣམ་པར་རྟོག་པ་སྔ་མ་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནི་

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས། རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཡོངས་སུ་བསྒོས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །མདོ་སྡེ་པ་ཡིད་མ་ཆེས་ནས།

ཅིའི་ཕྱིར་ཞེ་ན་ཞེས་འདྲི་པ་ལ། གྲུབ་པའི་མཐའ་སྨྲ་བས་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་བདག་ཉིད་ལ་རྣམ་པར་སྨིན་པའི་བག་ཆགས་སམ་རྒྱུ་མཐུན་པའི་བག་ཆགས་སྐྱེད་མི་ནུས་ཏེ། འདི་ལྟར་བདག་ཉིད་ལ་བྱེད་པ་འགལ་བའི་

Vol. 138 · folio 50a

བའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཕྱི་མ་ལ་སྐྱེད་པར་འགྱུར་རོ་སྙམ་པ་ལ་དེའི་ཕྱིར། མཇུག་ཐོགས་སུ་འབྱུང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མཇུག་ཐོགས་སུ་འབྱུང་བའི་རྣམ་པར་ཤེས་པ་ལ་ཡང་བག་ཆགས་རྣམ་པ་གཉིས་མི་སྐྱེད་

དེ། འདི་ལྟར་དེའི་ཚེ་ན་དེ་མ་བྱུང་ངོ་། །དེ་མ་བྱུང་བའི་ཕྱིར་དེ་རྫས་སུ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་བྱུང་བ་དེའི་ཚེ་སྐྱེད་པར་འགྱུར་རོ་ཞེ་ན་དེའི་ཕྱིར། བྱུང་བ་ན་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །མཇུག་ཐོགས་སུ་བྱུང་བ་དེ་ལ་ཡང་མི་སྐྱེད་དེ། འདི་ལྟར་

རྣམ་པར་ཤེས་པ་སྔ་མ་བག་ཆགས་སྐྱེད་པར་བྱེད་པ་དེ་ནི་སྐད་ཅིག་ཡིན་པས་དེའི་ཚེ་འགགས་སོ། །དེའི་ཕྱིར་གང་དུ་བག་ཆགས་སྐྱེད་པར་འགྱུར། འདི་ཉིད་ལ་ཉེས་པ་གཞན་བསྟན་པའི་ཕྱིར། སེམས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་ན་ནི་ཞེས་བྱ་

བ་ལ་སོགས་པ་སྨྲས་ཏེ། སེམས་མེད་པའི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་དུས་གང་ཡིན་པ་དེ་དག་ན། འདུ་བྱེད་རྣམས་ཀྱིས་ཡོངས་སུ་བསྒོས་པའི་སེམས་འབྱུང་མི་སྲིད་དེ། དེ་བས་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མེད་པར་འགྱུར་རོ། །མིང་དང་

གཟུགས་མེད་པས་སྐྱེ་མཆེད་དྲུག་ལ་སོགས་པ་རྒ་ཤི་ལ་ཐུག་གི་བར་དུ་མེད་པར་འགྱུར་རོ། །དེའི་ཕྱིར་འཁོར་བར་འཇུག་པ་ཉིད་མེད་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་བསྒྲིམ་མི་དགོས་པར་གྲོལ་བར་འགྱུར་རོ། །དེ་ལྟར་གཞན་གྱི་ཕྱོགས་བཀག་ནས་མཇུག་བསྡུ་བའི་

ཐབས་ཀྱིས་རང་གི་ཕྱོགས་བསྟན་པའི་ཕྱིར། དེ་བས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་གཞན་གྱི་ཕྱོགས་རྣམ་པ་གཉིས་ཀ་ལ་འཁོར་བར་འཇུག་པ་མི་རུང་བ་དེའི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། དེ་དག་

གིས་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀྱི་རྐྱེན་འདུ་བྱེད་དོ། །ཀུན་གཞིའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་ཚེ། མིང་དང་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལ་ཉེས་པ་མེད་དོ། །ལྡོག་པ་མི་འཐད་པར་བསྟན་པའི་ཕྱིར། འཁོར་བ་ལྡོག་པ་

Vol. 138 · folio 50b

པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། དེའི་ཚེ་འཁོར་བ་ལྡོག་པར་མི་རུང་ངོ་། །ཅིའི་ཕྱིར་མི་རུང་སྙམ་པ་ལ། འཁོར་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །

དེ་གཉིས་ཀྱི་ནང་ན་ཡང་ཉོན་མོངས་པ་རྣམས་ནི་རྒྱུའི་གཙོ་བོའོ། །ཅིའི་ཕྱིར་དེ་དག་གཙོ་བོ་ཡིན་སྙམ་པ་ལ། འདི་ལྟར་ཉོན་མོངས་པའི་དབང་གིས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཉོན་མོངས་པའི་སྟོབས་ཀྱིས་ལས་ཡང་སྲིད་པ་འཕེན་ནུས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །

དེ་ལྟར་ལས་གང་གི་ཡང་སྲིད་པ་འཕེན་པར་འགྱུར་བ་དེ་ཡང་། ཉོན་མོངས་པ་ཉིད་ཀྱི་དབང་གིས་འགྱུར་གྱི་གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་ཉིད་གཙོ་བོ་ཡིན་པས་འཁོར་བར་འཇུག་པའི་རྩ་བའི་རྒྱུ་ཡིན་ནོ། །དེ་ལྟ་བས་ན་དེ་དག་སྤངས་ན་འཁོར་བའང་ལྡོག་པར་འགྱུར་ཏེ། དེའི་ལྡོག་

པ་གཞན་དུ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་དེས་ཅིར་འགྱུར་སྙམ་པ་ལ། ཀུན་གཞིའི་རྣམ་པར་ཤེས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མི་འདོད་ན། དེའི་ཚེ་ཉོན་མོངས་པ་རྣམས་སྤང་དུ་མི་རུང་ངོ་། །ཡིད་མ་ཆེས་ནས་ཇི་ལྟར་མི་

རུང་ཞེ་ན་ཞེས་དྲི་བ་ལ། གྲུབ་པའི་མཐའ་སྨྲ་བས། ཉོན་མོངས་པ་མངོན་དུ་གྱུར་པའམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནི་གོ་སླ་བས་མ་བཤད་དོ། །རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ནས། དེ་ལ་མངོན་དུ་གྱུར་པ་སྤོང་ངོ་ཞེ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་

གི་ཚེ་རྣལ་འབྱོར་པ་ལམ་ལ་སྙོམས་པར་ཞུགས་པར་གྱུར་པ་དེའི་ཚེ་ཉོན་མོངས་པ་རྣམས་མངོན་དུ་ག་ལ་འགྱུར་ཏེ། འདི་ལྟར་མངོན་དུ་འགྱུར་བ་སྤོང་ངོ་ཞེས་བྱ་བ་འདི་ནི་འདོད་པ་མ་ཡིན་པ་ཉིད་དོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏེ། དེ་སྤོང་བའི་ལམ་ལ་གནས་པའི་ཕྱིར་ཞེས་བྱ་བ་

ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣལ་འབྱོར་པ་ནི་ཉོན་མོངས་པ་སྤོང་བའི་ལམ་ལ་གནས་ཏེ། དེའི་ཕྱིར་ས་བོན་གྱི་ཚེ་ཡང་མི་སྤོང་ངོ་། །ཅིའི་ཕྱིར་སྙམ་པ་ལ། དེའི་ཚེ་ན་ནི་གཉེན་པོ་ལས་གཞན་ཅི་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གང་ལ་ཉོན་མོངས་པའི་

Vol. 138 · folio 51a

ས་བོན་གནས་པ་དེ་ནི་དེའི་གཉེན་པོས་སྤོང་ན། ཁྱེད་ནི་དེའི་ཚེ་གཉེན་པོ་མ་གཏོགས་པར་གཞན་ཅི་ཡང་ཁས་མི་ལེན་ཏོ། །གཞན་གྱི་ཚིག་གི་གླགས་སུ་འགྱུར་དུ་དོགས་ནས། ཅི་སྟེ་གཉེན་པོའི་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་

གཉེན་པོའི་སེམས་ཉིད་ཉོན་མོངས་པའི་ས་བོན་དང་ལྡན་པར་འདོད་ན་དེ་ནི་མི་རིགས་སོ། །འདི་ལྟར་ཉོན་མོངས་པའི་ས་བོན་དང་ལྡན་པ་ཉིད་ཉོན་མོངས་པ་དེའི་གཉེན་པོར་འགྱུར་བ་ནི་མི་རིགས་ཏེ། དྲི་མས་དྲི་མ་བཀྲུར་མི་རུང་བ་དང་འདྲའོ། །ཉོན་མོངས་པའི་ས་བོན་མ་སྤངས་ན་དེས་ཅིར་འགྱུར་

སྙམ་པ་ལ། ཉོན་མོངས་པའི་ས་བོན་མ་སྤངས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཉོན་མོངས་པའི་ས་བོན་མ་སྤངས་པ་དེ་སྲིད་དུ་འཁོར་བ་ལྡོག་མི་སྲིད་དོ། །མཇུག་བསྡུ་བའི་ཐབས་ཀྱིས་རང་གི་ཕྱོགས་བསྟན་པའི་ཕྱིར། དེ་ལྟ་བས་ན་གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་

པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་མེད་པར་ས་བོན་གྱི་གཞི་གང་ཡང་མེད་པ་དེའི་ཕྱིར་གདོན་མི་ཟ་བར་ཀུན་གཞིའི་རྣམ་པར་ཤེས་པ་ལས། དེ་ལས་གཞན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་

ཀྱིས་རང་གི་ས་བོན་ཡོངས་སུ་གསོ་བའི་ཕྱིར་བག་ཆགས་བསྒོ་བར་ཁས་བླང་བར་བྱའོ། །དེ་ཁས་བླངས་ན་དེས་ཅི་ཞིག་འགྲུབ་ཅེ་ན་དེའི་ཕྱིར། བག་ཆགས་སྟོབས་ཇི་ལྟ་བ་བཞིན་དུ་འཇུག་པ་དེ་རྙེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ལ་གང་ཉོན་མོངས་

པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་བག་ཆགས་བསྒོས་པར་གྱུར་པ་དེའི་ཕྱིར། སྟོབས་དང་ལྡན་པའི་བག་ཆགས་རྣམས་འཇུག་པ་རྙེད་པར་གྱུར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་རྒྱུར་གྱུར་པའི་བྱེ་བྲག་རྙེད་པའི་སེམས་ཉིད་ལས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་

དག་འབྱུང་བ་དག་གིས་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་ལྷན་ཅིག་འབྱུང་བ། ཉོན་མོངས་པའི་གཉེན་པོས་སེལ་ཏེ། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་ཉོན་མོངས་པ་སྤོང་བ་འགྲུབ་པར་འགྱུར་རོ། །ཉོན་མོངས་པའི་ས་བོན་

Vol. 138 · folio 51b

དེ་བསལ་ན་གནས་དེས་ཀྱང་ཉོན་མོངས་པ་རྣམས་མི་སྐྱེ་སྟེ། དེའི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་བོ། །དེ་ཐོབ་ནས་གང་གི་ཚེ་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ཟད་པར་གྱུར་པ་དེའི་ཚེ། གཞན་དང་ཉིང་མཚམས་སྦྱོར་བ་མེད་པས། ཕུང་པོའི་ལྷག་མ་

མེད་པའི་མྱ་ངན་ལས་འདས་པའི་དབྱིངས་འཐོབ་བོ། །ཉོན་མོངས་པ་རྣམས་སྤངས་སུ་ཟིན་ཀྱང་། ལས་ཡོད་ན་དེ་སྐྱེ་བ་གཞན་དང་ཉིང་འཚམས་སྦྱོར་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ལས་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཚེ་ཉོན་མོངས་པ་རྣམས་སྤངས་པར་གྱུར་

པ་དེའི་ཚེ། ལས་ཡོད་དུ་ཟིན་ཀྱང་ལྷན་ཅིག་བྱེད་པའི་རྒྱུ་མེད་པས། ཡང་འབྱུང་བའི་ཉིང་མཚམས་སྦྱོར་བའི་མཐུ་མེད་དེ། དེའི་ཕྱིར་དེའི་ཚེ་སྐྱེ་བ་གཞན་དང་མཚམས་སྦྱོར་བར་མི་འགྱུར་རོ། །རང་གི་ཕྱོགས་ཀྱི་མཇུག་བསྡུས་ནས་བསྟན་པའི་ཕྱིར། དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་

པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན། འཁོར་བར་འཇུག་པ་དང་ལྡོག་པ་ཡོད་པར་འགྱུར་ཏེ། གཞན་དུ་མ་ཡིན་པ་དེའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་གུད་ན་ཀུན་གཞིའི་རྣམ་པར་ཤེས་པ་

ཡོད་དེ། དེ་ཉིད་ས་བོན་ཐམས་ཅད་པར་འདོད་པར་བྱའི་གཞན་ནི་མ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །རྒྱ་ཆེར་དཔྱད་པ་གང་ཡིན་པ་དེ་ནི་ཕུང་པོ་ལྔ་པོའི་བཤད་སྦྱར་གནས་བརྟན་བློ་བརྟན་གྱིས་བྱས་པ་ལས་རིག་པར་བྱའོ།། །།བམ་པོ་ལྔ་པ་སྟེ་ཐ་མ། འོག་

མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། གལ་ཏེ་འདི་དག་རྣམ་པར་རིག་པ་ཙམ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །གྲུབ་པའི་མཐའ་སྨྲ་བས་རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་རྣམ་པར་གཞག་པས་འགལ་བ་མེད་དོ་ཞེས་བྱ་བ་ལ་སོགས་

པ་སྨྲས་སོ། །འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ངོ་བོ་ཉིད་གསུམ་པོ་དེ་དག་རྣམ་པར་གཞག་སྟེ། དེའི་ཕྱིར་འདིར་མདོ་དང་འགལ་བ་མེད་དོ། །གཅིག་ལ་གསུམ་རྣམ་པར་གཞག་པ་ཡིད་མ་ཆེས་ནས་ཇི་ལྟ་བུ་ཞེ་ན་ཞེས་འདྲི་བ་ལ། གྲུབ་པའི་མཐའ་སྨྲ་བས། རྣམ་པར་རྟོག་པ་གང་

Vol. 138 · folio 52a

གང་གིས། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྣམ་པར་རྟོག་པ་གང་ཡང་རུང་བ་གང་གིས། དངོས་ཅི་ཡང་རུང་བ་གང་རྣམ་པར་བརྟགས་པ་དེ་ཐམས་ཅད་ཀུན་བརྟགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱ་སྟེ། འདི་ལྟར་དེ་ཡང་དངོས་པོ་མེད་དོ་ཞེས་མདོར་བྱས་པའི་དོན་ཏོ། །

འགྲེལ་པ་བྱེད་པས་ཡན་ལག་གི་དོན་བསྟན་པའི་ཕྱིར། ནང་དང་ཕྱིའི་དངོས་པོར་བརྟག་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་རྣམ་པར་བརྟག་པར་བྱ་བ་ཁ་ཅིག་ནི་ནང་གི་ཡིན་ཁ་ཅིག་ནི་ཕྱི་རོལ་གྱི་ཡིན་ཏེ། དེའི་ཕྱིར་དེའི་བྱེ་བྲག་གིས་རྣམ་པར་རྟོག་པ་དག་མཐའ་ཡས་

པར་བསྟན་པའི་ཕྱིར། སློབ་དཔོན་གྱིས། རྣམ་པར་རྟོག་པ་གང་གང་གིས། །ཞེས་བྱ་བ་སྨྲས་སོ། །གཉིས་པའི་ཡན་ལག་གི་དོན་བསྟན་པའི་ཕྱིར། དངོས་པོ་གང་གང་རྣམ་བརྟགས་པ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་རྣམ་པར་བརྟག་པར་བྱ་བ་ནང་གི་དངོས་པོའམ། འོན་ཏེ་ཕྱིའི་

དངོས་པོའམ། ཐ་ན་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པར་བརྟག་པར་བྱ་བ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་བལྟ་བར་བྱའོ། །བརྒྱ་ལ་འགའ་ཞིག་ཡིད་མ་ཆེས་པར་འགྱུར་བས་དེའི་ཕྱིར་འདི་སློབ་དཔོན་གྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་གཏན་ཚིགས་སྨྲས་ཏེ་དེ་མེད་དོ་ཞེས་བྱ་

བའོ། །དེ་དགྲོལ་བའི་ཕྱིར། རྣམ་པར་བརྟག་པའི་ཡུལ་གྱི་དངོས་པོ་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ལུས་ལ་སོགས་པའི་དངོས་པོ་གཅིག་ཁོ་ན་ལ་རོ་དང་འདོད་པ་ཅན་གྱི་བྱེ་བྲག་གིས་རྣམ་པར་རྟོག་པ་ཕན་ཚུན་མི་མཐུན་པ་རྣམ་པ་དུ་མ་འབྱུང་བར་མཐོང་སྟེ། དཔེར་

ན་སྟག་ལ་སོགས་པ་མེད་པར་སྟག་འོངས་སོ་ཞེས་ཐོས་ནས། དཔའ་བོ་དང་སྡར་མ་ལ་སོགས་པ་རྒོལ་འདོད་པ་དང་། འཇིགས་པ་ལ་སོགས་པ་སྐྱེ་བ་ལྟ་བུའོ། །དེ་ལ་འདི་སྙམ་དུ་དངོས་པོ་ཉིད་ཀྱིས་དེ་རྣམ་པ་དེ་ལྟར་འགྱུར་རོ་ཞེ་ན། དེའི་ཕྱིར། དངོས་པོ་གཅིག་པའི་མེད་པ་ལ། །ཞེས་

བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་གཅིག་པོ་དེ་ཉིད་ནི་ཕན་ཚུན་མི་མཐུན་པ་དུ་མའི་ངོ་བོ་ཉིད་དུ་མི་རུང་ངོ་། །དེ་མེད་པ་ཡང་རྣམ་པ་དེ་ལྟ་བུ་མི་རུང་ངོ་། །མཇུག་བསྡུ་བའི་ཕྱིར། དེ་བས་ན་འདི་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རྣམས་

Vol. 138 · folio 52b

ཀྱི་དམིགས་པ་དངོས་པོ་མེད་པ་དེའི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་ཁོ་ན་སྟེ། རྣམ་པར་རྟོག་པའི་ཡུལ་སྒྲོ་བཏགས་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །འདིར་ཁུངས་སྨྲས་པ། མདོ་སྡེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གཟུགས་ལ་སོགས་པ་དེ་དག་ལ་ཇི་

ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་མདོར་བྱས་པའི་དོན་ཏོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར། ཀུན་བརྟགས་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་གང་ཡིན་སྙམ་པ་ལ། གཞན་དབང་གི་ངོ་

བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་རྣམ་པར་བརྟག་པར་བྱ་བ་ཡིན་པས་རྣམ་པར་རྟོག་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་ནི་གཞན་གྱི་དབང་དུ་བལྟ་བར་བྱ་སྟེ། འདི་ལྟར་དེ་ནི་རྐྱེན་རྣམས་ལས་འབྱུང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །

རྣམ་པར་རྟོག་པ་དང་རྐྱེན་ལས་འབྱུང་ཞེས་བྱ་བའི་སྒྲ་གཉིས་ཀྱིས་ཅི་ཞིག་སྟོན་སྙམ་པ་ལ། རྣམ་པར་རྟོག་པ་ཞེས་བྱ་བ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་ཚིག་ལ་བྱའོ། །རྣམ་པར་རྟོག་པའི་སྒྲས་ནི་གཞན་གྱི་དབང་གི་རང་གི་ངོ་བོ་ཉིད་བསྟན་ཏོ། །རྐྱེན་

ལས་བྱུང་བའི་སྒྲས་ནི་གཞན་གྱི་དབང་ཞེས་བརྗོད་པ་འབྱུང་བའི་རྒྱུ་བསྟན་ཏོ། །ཀུན་རྟོག་པ་དེ་གང་ཡིན་སྙམ་པ་ལ། དེ་ལ་ཀུན་རྟོག་པ་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དགེ་བ་ལ་སོགས་པའི་བྱེ་བྲག་གིས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་དད་པ་དག་ནི་ཀུན་རྟོག་

པའི་སྒྲར་བརྗོད་དོ། །འདིར་ཁུངས་སྨོས་པ་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཞེས་བཤད་དེ། རྣམ་པར་རྟོག་པ་ཞེས་བྱ་བ་དང་ཡོངས་

སུ་རྟོག་པ་ཞེས་བྱ་བ་ནི་དོན་གཅིག་གོ། །ཅིའི་ཕྱིར་རྣམ་པར་རྟོག་པ་དེ་གཞན་གྱི་དབང་ཞེས་བྱ་སྙམ་པ་ལ། རྒྱུ་དང་རྐྱེན་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྒྱུ་དང་རྐྱེན་གཞན་དག་གིས་དབང་བྱས་པས་ན་གཞན་གྱི་དབང་ཞེས་བྱ་སྟེ། དབང་ཞེས་བྱ་བ་ནི་སྐྱེད་པ་དང་བསྐྲུན་

Vol. 138 · folio 53a

ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། བདག་ལས་གཞན་པའི་རྒྱུ་རྐྱེན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །འོག་མ་དང་མཚམས་སྦྱར་བར་བྱ་བའི་ཕྱིར་གཞན་གྱི་དབང་བཤད་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་

ཏེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ། །དེ་གང་ཡིན་སྙམ་པ་ལ། གྲུབ་པ་ནི་དེ་ལ་སྔ་མ་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་བརྟགས་པ་དང་གཞན་གྱི་དབང་དུ་ཐམས་ཅད་དུ་བྲལ་བ་གང་ཡིན་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ་ཞེས་མདོར་བྱས་པའི་དོན་ཏོ། །ཇི་ལྟར་ན་ཡོངས་སུ་གྲུབ་པ་ཞེས་

བྱ་སྙམ་པ་ལ། མི་འགྱུར་བར་ཡོངས་སུ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་དེ་ལ་འགྱུར་བ་མེད་དེ་དེའི་ཕྱིར་ཡོངས་སུ་གྲུབ་པའོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་ཞེས་བྱ་བ་འདི་ནི་གཞན་གྱི་དབང་དང་སྦྱར་རོ། །སྔ་མ་པོ་

ཞེས་བྱ་བ་འདི་ནི་ཀུན་བརྟགས་པར་སྦྱར་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་དེ་ལ་གཟུང་བ་དང་འཛིན་པའི་དངོས་པོར་བཏགས་པ་དེའི་ཕྱིར་དེ་ལྟར་སྦྱར་རོ། །ཅིའི་ཕྱིར་གཟུང་བ་དང་འཛིན་པ་ལ་ཀུན་བརྟགས་པ་ཞེས་བྱ་སྙམ་པ་ལ། དེ་ལ་འདི་ལྟར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་རྣམ་པར་

རྟོག་པ་ལ་གཟུང་བ་དང་འཛིན་པ་གཉིས་མེད་བཞིན་དུ་ཀུན་དུ་རྟོག་པ་སྟེ། དེའི་ཕྱིར་གཉི་ག་ཡང་བརྟགས་པ་ཞེས་བྱའོ། །ཡན་ལག་གི་དོན་བཤད་ནས་མདོར་བྱས་པའི་དོན་བསྟན་པའི་ཕྱིར། གཟུང་བ་དང་འཛིན་པ་དེ་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་མ་ཐག་པའི་གཟུང་བ་དང་འཛིན་

པ་དེ་དང་གཞན་གྱི་དབང་དུས་ཐམས་ཅད་དུ་གཏན་དུ་བྲལ་བ་གང་ཡིན་པ་དེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱའོ། །དེ་ལྟར་རྣམ་པར་རིག་པ་ཙམ་ཁོ་ན་ལ་ངོ་བོ་ཉིད་གསུམ་སྟེ། འདི་ལྟར་རྣམ་པར་རིག་པ་ཙམ་ནི་བདག་ཉིད་ཀྱིས་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེ་ལ་གཟུང་བ་དང་འཛིན་པར་སྒྲོ་

བཏགས་པ་གང་ཡིན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཉིད་དེ་གཉིས་དང་གཏན་དུ་བྲལ་བ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཅི་ཡོངས་སུ་གྲུབ་པ་འདི་གཞན་གྱི་དབང་ལས་གཞན་ནམ་འོན་ཏེ་གཞན་མ་ཡིན་སྙམ་པ་ལ། དེའི་ཕྱིར་དེ་ཉིད་གཞན་དབང་ལས་ཞེས་བྱ་བ་ལ་

Vol. 138 · folio 53b

སོགས་པ་སྨྲས་ཏེ། དེ་ཉིད་དགྲོལ་བའི་ཕྱིར། དེའི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་རྟག་ཏུ་བྲལ་བ་ཉིད་གང་ཡིན་པ་དེ་ཡོངས་སུ་གྲུབ་པར་འདོད་དོ། །བྲལ་བ་ཉིད་ནི་ཆོས་ཉིད་ཅེས་བྱའོ། །ཆོས་ཉིད་དེ་ཡང་དཔྱད་ན་གཞན་

དུ་ཡང་མི་རུང་ལ་གཞན་མ་ཡིན་པ་ཡང་མི་རུང་ངོ་། །ཡོངས་སུ་གྲུབ་པ་འདི་ནི་གཞན་གྱི་དབང་གི་ཆོས་ཉིད་དེ། དེའི་ཕྱིར་གཞན་གྱི་དབང་ལས་ཡོངས་སུ་གྲུབ་པ་གཞན་ཡང་མ་ཡིན་ལ། གཞན་མ་ཡིན་པའང་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་སྙམ་པ་ལ། གལ་ཏེ་ཞེས་བྱ་བ་ལ་

སོགས་པ་སྨྲས་སོ། །འདི་ལྟར་གལ་ཏེ་ཡོངས་སུ་གྲུབ་པ་གཞན་གྱི་དབང་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་ཀུན་བརྟགས་པས་གཞན་གྱི་དབང་སྟོང་པར་མི་འགྱུར་ཏེ། དེ་ལྟར་ན་དངོས་པོ་གཞན་དུ་འགྱུར་རོ། །དེའི་ཕྱིར་ཇི་ལྟར་དེ་ལ་དེ་བསྡུ་བར་བྱ་ཆོས་ཉིད་ནི་བསྡུ་བར་བྱ་བ་ཡིན་ཏེ། སྒྲ་ལ་

སོགས་པ་ལ་མི་རྟག་པ་བསྡུ་བར་བྱ་བ་ལྟ་བུའོ། །ཕྱོགས་གཉིས་པ་ལ་ཉེས་པ་བསྟན་པའི་ཕྱིར། ཇི་སྟེ་གཞན་མ་ཡིན་ན་དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོངས་སུ་གྲུབ་པ་གཞན་གྱི་དབང་ལས་གཞན་མ་ཡིན་པར་གྱུར་ན་ནི་དེ་ལྟ་ན་ཡང་ཡོངས་སུ་གྲུབ་པ་རྣམ་པར་དག་པའི་

དམིགས་པར་མི་འགྱུར་ཏེ། ཇི་ལྟར་གཞན་གྱི་དབང་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར། དེའི་དམིགས་པ་མ་ཡིན་པ་ལྟར་ཡོངས་སུ་གྲུབ་པ་ཡང་དེ་བཞིན་ནོ། །ཇི་སྟེ་གཞན་གྱི་དབང་ཡང་ཀུན་ནས་ཉོན་མོངས་པའི་བདག་ཏུ་མི་འགྱུར་ན་ནི་ཡོངས་སུ་གྲུབ་པ་ལས་གཞན་

མ་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་དང་འདྲའོ། །ལམ་ནི་འདིར་རྣམ་པར་དག་པའི་སྒྲས་བསྟན་ཏོ། །དེ་ཉིད་དམ་གཞན་ཉིད་དུ་མི་བརྗོད་པའི་དཔེ་སྨོས་པ། མི་རྟག་ལ་སོགས་བཞིན་དུ་བརྗོད། །ཅེས་བྱ་བ་ལ་སོགས་པའོ། །དེ་དགྲོལ་བའི་ཕྱིར། དཔེར་ན་མི་རྟག་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨྲས་

ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །མི་རྟག་པ་འདི་ཉིད་དམ་གཞན་ཉིད་ཡིན་པ་ལ་ཉེས་པ་བསྟན་པའི་ཕྱིར། གལ་ཏེ་འདུ་བྱེད་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་མི་རྟག་པ་ཉིད་འདུ་བྱེད་རྣམས་ལས་གཞན་ཡིན་ན་ནི་དེ་ལྟ་ན་གོ་འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མི་འགྱུར་ཏེ། དེ་དག་ལ་དེ་བསྡུ་བར་མི་བྱ་

Vol. 138 · folio 54a

བའི་ཐ་ཚིག་གོ། །ཅི་སྟེ་གཞན་མ་ཡིན་པར་གྱུར་ན་དེ་ལྟ་ན་ཡང་འདུ་བྱེད་རྣམས་ཞིག་ནས་མེད་པའི་ངོ་བོར་གྱུར་ཏེ། ཇི་ལྟར་མི་རྟག་པ་ཉིད་འཇིག་པའི་ངོ་བོ་ཉིད་ཡིན་པ་དང་འདྲའོ། །རིགས་པ་འདི་ནི་སྡུག་བསྔལ་ཉིད་ལ་སོགས་པ་ལ་ཡང་བརྗོད་པར་བྱ་སྟེ། འདི་ལྟར་གལ་ཏེ་

སྡུག་བསྔལ་ཉིད་འདུ་བྱེད་རྣམས་ལས་གཞན་ཡིན་ན་ནི་དེའི་ཚེ་འདུ་བྱེད་རྣམས་སྡུག་བསྔལ་ཉིད་ཀྱི་ངོ་བོར་མི་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་ན་ཡང་དེའི་ཚེ་འདུ་བྱེད་རྣམས་སྡུག་བསྔལ་ཉིད་ཀྱི་ངོ་བོར་འགྱུར་རོ་ཞེས་ཕྱོགས་ནི་དེའོ། །ཚིག་ལེའུར་བྱས་པ་དང་མཚམས་སྦྱར་བའི་ཕྱིར། གལ་ཏེ་

གཞན་གྱི་དབང་ལ་གཟུང་བ་དང་འཛིན་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་གཞན་གྱི་དབང་ལ་གཟུང་བ་དང་འཛིན་པ་ཡང་དག་པའི་དོན་དུ་མེད་ན་དེ་ཇི་ལྟར་གང་གིས་འཛིན། མི་འཛིན་ན་ཡང་དེ་ཡོད་པར་ཇི་ལྟར་ཤེས་པར་བྱ་བ་བརྗོད་དགོས་སོ་ཞེ་ན་དེའི་ཕྱིར། དེ་མ་མཐོང་བར་དེ་

མི་མཐོང་། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཇི་སྲིད་དུ་ཡོངས་སུ་གྲུབ་པ་མ་མཐོང་བ་དེ་སྲིད་དུ་གཞན་གྱི་དབང་མི་མཐོང་ངོ་ཞེས་མདོར་བྱས་པའི་དོན་ཏོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། དེ་མ་མཐོང་བར་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་མ་མཐོང་བར་ཞེས་བྱ་བ་འདི་ནི་

ཡོངས་སུ་གྲུབ་པ་དང་སྦྱར་བར་བྱའོ། །དེ་མི་མཐོང་ཞེས་བྱ་བ་འདི་ནི་གཞན་གྱི་དབང་དང་སྦྱར་བར་བྱའོ། །དེ་མ་མཐོང་བར་ཅིའི་ཕྱིར་མི་མཐོང་སྙམ་པ་ལ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཇི་སྲིད་དུ་འཇིག་རྟེན་ལས་

འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་མཐོང་བར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མ་མཐོང་བ་དེ་སྲིད་དུ། ཤེས་པ་གཞན་གྱི་དབང་མི་འཛིན་ཏེ། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་ལ་འཇིག་རྟེན་པ་འཇིག་རྟེན་

ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེ་མ་མཐོང་བ་ནི་དེ་མ་རྟོགས་པ་དང་། མངོན་སུམ་དུ་མ་བྱས་པའོ་ཞེས་བྱ་བ་ལ་མ་མཐོང་བ་ནི་འཕགས་པའི་ཤེས་རབ་ཀྱི་མིག་གིས་མ་མཐོང་བའོ། །མ་རྟོགས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཐུར་མས་མ་ཕིགས་པའོ། །མངོན་

Vol. 138 · folio 54b

སུམ་དུ་མ་བྱས་པ་ནི་འཇིག་རྟེན་ལས་འདས་པའི་མངོན་སུམ་གྱིས་མངོན་སུམ་དུ་མ་བྱས་པའོ། །ཡང་ན་ཕྱི་མས་སྔ་མ་བཤད་དོ། །དེའི་རྗེས་ལ་ཐོབ་པ་དག་ནི་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཞེས་བྱ་བ་ནི་དེའི་རྗེས་ལ་ཐོབ་པས་དེའི་རྗེས་ལས་ཐོབ་པའོ། །དེ་ཞེས་བྱ་བ་ནི་འཇིག་

རྟེན་ལས་འདས་པའི་ཡེ་ཤེས་ལ་བྱའོ། །རྗེས་ཞེས་བྱ་བ་ནི་སྟོབས་ལ་བྱའོ། །འདི་ནི་དག་པ་ཡང་ཡིན་ལ། འཇིག་རྟེན་པ་ཡང་ཡིན་པས་དག་པ་འཇིག་རྟེན་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྙེད་པའི་ཕྱིར་དག་པའོ། །གཟུང་བ་དང་འཛིན་པའི་རྣམ་པར་འབྱུང་བས་འཇིག་

རྟེན་པའོ། །དེ་ནི་དེའི་རྗེས་ལ་ཐོབ་པ་ཡང་ཡིན་ལ། དག་པ་འཇིག་རྟེན་པ་ཡང་ཡིན་ནོ་ཞེས་ཚིག་སྡུད་པའོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྙེད་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞན་གྱི་དབང་འཛིན་ཏོ་ཞེས་བསྟན་པ་ཡིན་ནོ། །གང་དག་གཞན་གྱི་དབང་

འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འདོད་པ་དེ་དག་གིས་ནི་གཞན་གྱི་དབང་གི་མཚན་ཉིད་མ་གཏོགས་ཏེ། ཇི་ལྟར་གཞན་གྱི་དབང་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ན། དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ག་ལ་འགྱུར། གལ་ཏེ་འདི་

སྐད་དུ་འཆད་དེ། བརྒྱ་ལ་ལ་ལ་ཞིག་དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པ་དེ་ཉིད་ཐ་མལ་པ་ཕལ་པ་ཀུན་རྫོབ་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་སྤྱོད་པར་འགྱུར་བས་དེ་ལས་རྣམ་པར་དབྱེ་བའི་ཕྱིར། འཇིག་རྟེན་ལས་འདས་པ་ཞེས་བྱ་བ་འདིས་ཐ་མལ་པ་ངོ་བོ་མ་ཡིན་པར་བསྟན་པའི་ཕྱིར་བྱེ་

བྲག་ཏུ་བྱས་སོ་ཞེ་ན། དེའི་ཚེ་ཉེས་པ་མེད་དོ། །མཇུག་བསྡུས་ནས་བསྟན་པའི་ཕྱིར། དེའི་ཕྱིར། ཡོངས་སུ་གྲུབ་པ་མ་མཐོང་བ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་འདི་ལྟར་གཞན་གྱི་དབང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཐོབ་པ་དག་པ་འཇིག་རྟེན་

པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཕྱིར་ཡོངས་སུ་གྲུབ་པ་མ་མཐོང་བར་དེ་མི་མཐོང་གི །རྣམ་པ་ཐམས་ཅད་དུ་མི་མཐོང་བ་ནི་མ་ཡིན་ནོ། །འདིར་ཁུངས་སྨོས་པ། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་ནི་དེའི་རྗེས་ལས་ཐོབ་

Vol. 138 · folio 55a

པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་མཚུངས་པར་རྟོགས་སོ་ཞེས་གསུངས་སོ། །དེ་ནི་འདི་སྐད་དུ། ཇི་ལྟར་ཤིང་ལ་སོགས་པ་ལ་གླང་པོ་ཆེ་ལ་སོགས་པའི་རྣམ་པ་དང་། སྨིག་རྒྱུ་ལ་ཆུའི་རྣམ་པ་དང་། བྲག་ཅ་ལ་སྒྲའི་རྣམ་པ་དང་། ཆུ་ཟླ་ལ་

ཟླ་བའི་རྣམ་པ་དང་། སྤྲུལ་པ་ལ་སེམས་ཅན་གྱི་རྣམ་པར་རྟོག་པ་དེ་དག་ཀྱང་རྣམ་པ་དེས་མེད་པར་རྟོག་པ་པོ་རྣམས་ཀྱིས་ཤེས་སོ། །དེ་བཞིན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཀྱང་སེམས་དང་སེམས་ལས་བྱུང་བ་གཟུང་བ་དང་འཛིན་པར་སྣང་བ་རྣམས་རྣམ་པ་དེ་དང་བྲལ་བར་རྟོགས་

སོ། །ཡང་ན་ཇི་ལྟར་སྒྱུ་མ་ལ་སོགས་པ་རྐྱེན་གཞན་གྱིས་བྱུང་བ་དེ་བཞིན་དུ། གཞན་གྱི་དབང་ཡང་རྐྱེན་གཞན་གྱི་དབང་གིས་བྱུང་སྟེ། དེའི་ཕྱིར་སྒྱུ་མ་ལ་སོགས་པ་དག་དང་མཚུངས་ཞེས་བྱའོ། །ཇི་ལྟར་ན་དེས་གཞན་གྱི་དབང་བསྟན་པར་འགྱུར་ཞེ་ན། དེའི་ཕྱིར་ཆོས་ནི་འདིར་ཞེས་བྱ་བ་ལ་སོགས་

པ་སྨྲས་སོ། །གཟུངས་ལས་འབྱུང་བའི་ཆོས་རྣམས་ནི་གཞན་གྱི་དབང་དུ་བསྡུས་པ་རྣམས་སུ་བཞེད་དེ། འདི་ལྟར་ཐེག་པ་ཆེན་པོར་སྒྱུ་མ་ལ་སོགས་པར་གང་ཇི་སྙེད་བཤད་པ་དེ་དག་ཐམས་ཅད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་བཤད་པ་སྟེ། དེ་ལྟར་གཞན་གྱི་དབང་ནི་དག་པ་

འཇིག་རྟེན་པའི་ཡེ་ཤེས་ཀྱིས་འཛིན་པར་བསྟན་ཏོ། །ཡོངས་སུ་གྲུབ་པ་ཇི་ལྟ་བུ་ཞིག་སྙམ་པ་ལ། ཡོངས་སུ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ནམ་མཁའ་ལྟར་ཡེ་ཤེས་རོ་གཅིག་པའོ། །དེར་ཡེ་ཤེས་རོ་གཅིག་པས་ཡེ་ཤེས་རོ་གཅིག་

པའོ། །རོ་གཅིག་པ་ཞེས་བྱ་བ་ནི་རྣམ་པ་གཅིག་པ་སྟེ། དཔེར་ན་ནམ་མཁའ་སྣ་ཚོགས་མ་ཡིན་པའི་ཕྱིར་རྣམ་པ་གཅིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་ལྟར་ཡོངས་སུ་གྲུབ་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡི་གེ་ཁ་ཅིག་ལས་ཡོངས་སུ་གྲུབ་པ་དང་། ཡེ་ཤེས་ནི་ནམ་

མཁའ་ལྟར་རོ་གཅིག་པ་ཞེས་འབྱུང་ངོ་། །དེ་ལ་འདིའི་དོན་ནི་འདི་ཡིན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ནམ་མཁའ་ལྟར་རོ་གཅིག་པ་སྟེ་རྣམ་པ་གཅིག་པའོ། །ཡེ་ཤེས་ཀྱང་དེར་རོ་གཅིག་པ་སྟེ། རྣམ་པ་གཅིག་པ་ཞེས་བྱའོ། །བཤད་པ་འདི་ལ་ནི་ཚུལ་གྱིས་སྔར་སྨོས་པ་ཉིད་

Vol. 138 · folio 55b

ཀྱི་དོན་དུ་བསྟན་པ་ཡིན་ནོ། །འདིར་ཁུངས་སྨོས་པ། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བཤད་མ་ཐག་པའི་ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པས་ནམ་མཁའི་དཀྱིལ་དང་འདྲ་བར་མཐོང་ངོ་ཞེས་གཟུངས་དེ་ཉིད་ལས་གསུངས་སོ། །

ཇི་ལྟར་ཆོས་དག་དེ་ལྟར་མཐོང་ཞེ་ན། དེའི་ཕྱིར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དབང་ཞེས་བྱ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་ཞིག་མཐོང་ངོ་། །དེ་བཞིན་ཉིད་

ཙམ་དེ་ནི་ནམ་མཁའ་ལྟར་གཅིག་པུའི་ངོ་བོ་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པར་མཚུངས་པའི་ཕྱིར་དེ་བཞིན་ཉིད་ལ་ནི་སྣ་ཚོགས་མེད་དོ། །ཡང་མདོ་དང་འགལ་བ་གཞན་གྱི་ལན་གདབ་པར་འདོད་ནས་ཕྱོགས་སྔ་མ་གཞག་པའི་

ཕྱིར། གཞན་གྱི་དབང་རྫས་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་གཅིག་ཏུ་རྫས་སུ་འདོད་ན། མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ཇི་སྐད་དུ་བཤད། མ་སྐྱེས་པ་དང་མ་འགགས་པ་ཞེས་ཀྱང་ཇི་སྐད་དུ་བཤད་སྙམ་པ་ལ། གྲུབ་པའི་མཐའ་

སྨྲ་བས། འགལ་བ་མེད་དེ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་དང་འགལ་བ་ཅི་ཡང་མེད་དོ། །ཇི་ལྟར་མེད་ཅེ་ན་འདི་ལྟར། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཞན་གྱི་དབང་ལ་སོགས་པ་ངོ་བོ་ཉིད་རྣམ་གསུམ་གྱི་ངོ་བོ་ཉིད་མེད་པ་རྣམ་གསུམ་ལ་དགོངས་ནས་

ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏོ་ཞེས་མདོར་བྱས་པའི་དོན་ཏོ། །ཡན་ལག་གི་དོན་བསྟན་པའི་ཕྱིར། ངོ་བོ་ཉིད་རྣམ་གསུམ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །རྫས་སུ་ཡོད་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་རིགས་གྲང་ན། གཞན་གཉིས་

ཇི་ལྟར་རང་གི་ངོ་བོ་ཉིད་དུ་འགྱུར་ཞེ་ན། རང་རང་གི་མཚན་ཉིད་ཀྱིས་ཡོད་པ་ལྟ་བུར་འགྱུར་བས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་མཚན་ཉིད་དུ་གང་བསྟན་པའི་རང་གི་མཚན་ཉིད་དེས་དེ་དག་ཐམས་ཅད་ཡོད་པ་དང་འདྲ་བས། ཡོད་པའི་ཕྱིར་གསུམ་པོ་ཡང་ངོ་བོ་ཉིད་ཅེས་བྱའོ། །ངོ་བོ་

Vol. 138 · folio 56a

ཉིད་མེད་པ་རྣམ་གསུམ་གྱི་མིང་བསྟན་པའི་ཕྱིར། ངོ་བོ་ཉིད་མེད་པ་རྣམ་གསུམ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་གོ་སླ་བས་མ་བཤད་དོ། །ཆོས་ཐམས་ཅད་གང་ཡིན་ཞེ་ན། ཆོས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཡན་ལག་བརྗོད་ནས་

ད་ནི་ངོ་བོ་ཉིད་རྣམ་པ་གསུམ་ནི་ངོ་བོ་ཉིད་མེད་པ་སྟེ་ཅི་འདྲ་བ་བསྟན་པའི་ཕྱིར། དང་པོ་པ་ནི་མཚན་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དང་པོ་པ་ནི་མཚན་ཉིད་ཁོ་ནས་ངོ་བོ་ཉིད་མེད་པའོ། །གཉིས་པ་ནི་རང་མི་འབྱུང་བས་ངོ་བོ་ཉིད་མེད་པའོ། །གསུམ་པ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ།

དེ་ཉིད་དེ་བཞིན་ཉིད་ཅེས་བྱའོ། །ཞེས་མདོར་བྱས་པའི་དོན་ཏོ། །འགྲེལ་པ་བྱས་པས་དེ་དགྲོལ་བའི་ཕྱིར། དང་པོ་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པ་དེ་ནི་མཚན་ཉིད་ཁོ་ནས་ངོ་བོ་ཉིད་མེད་པ་སྟེ། དེའི་མཚན་ཉིད་ཅི་འདྲ་བར་བྱས་པ་དེ་

ཉིད་ཀྱིས་དེ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཏེ། འདི་ལྟར་དེའི་མཚན་ཉིད་ནི་བརྟགས་པའོ། །བརྟགས་པའི་མཚན་ཉིད་དེ་བསྟན་པའི་ཕྱིར། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བོ་མི་ཤེས་པ་ལ་བསྟན་པའི་ཕྱིར། འདི་ལྟ་སྟེ་གཟུགས་ཀྱི་

མཚན་ཉིད་ནི་གཟུགས་སུ་ཡོད་པའོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་རྟོགས་པར་བྱ་བའི་ཐབས་རྣམ་པ་དེ་ལྟ་བུ་འདི་བྱས་ཀྱི། དེ་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་མ་ཡིན་ནོ། །འདི་ལྟར་ཕྱིའི་མཚན་ཉིད་དུ་བྱེད་དེ། སྤྱི་ནི་དངོས་པོ་ཡོད་པ་མ་

ཡིན་ནོ། །དཔེར་ན་ཁྱིམ་ལ་སོགས་པ་མཚོན་པའི་ཕྱིར་རྒྱལ་མཚན་ལ་སོགས་པས་མཚོན་པར་བྱེད་ཀྱང་རྒྱལ་མཚན་ལ་སོགས་པ་དེ་དག་ནི་ཁྱིམ་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གཟུགས་སུ་ཡོད་པ་ལ་སོགས་པ་ཡང་དངོས་པོ་རྣམས་རྟོགས་པར་བྱ་བའི་ཕྱིར་མཚན་

ཉིད་དུ་བྱེད་ཀྱི། དེ་དག་དེའི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པ་ནི་རང་གི་ངོ་བོ་མེད་པས་ཀུན་བརྟགས་པ་ནི་ནམ་མཁའི་མེ་ཏོག་བཞིན་དུ་རང་གི་ངོ་བོས་ངོ་བོ་ཉིད་མེད་པའོ། །གཞན་གང་ཡིན་སྙམ་པ་ལ། གཞན་གྱི་དབང་གི་ངོ་བོ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་

Vol. 138 · folio 56b

ཏེ། དེ་ནི་འདི་ལྟར་གཞན་གྱི་སྟོབས་ཀྱིས་འབྱུང་གི་དེ་རང་གི་དངོས་པོ་ཡོད་པ་ནི་མ་ཡིན་ཏེ། དེ་བས་ན་ངོ་བོ་ཉིད་མེད་པའོ། །དེའི་ཕྱིར་འདི་ལས་རང་གི་དངོས་པོ་དང་བྲལ་བས་ངོ་བོ་ཉིད་མེད་ཅེས་བསྟན་པ་ཡིན་ནོ། །དངོས་པོའི་སྒྲ་ནི་འདིར་སྐྱེ་བ་ལ་བྱའོ། །འདི་ཉིད་ལ་བཤད་པ་གཞན་བྱ་

བའི་ཕྱིར། འདི་ལྟར་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཟུང་བ་དང་འཛིན་པའི་རྣམ་པ་ཇི་ལྟར་སྣང་བ་དེ་བཞིན་དུ་གཞན་གྱི་དབང་དེ་སྐྱེ་བ་མེད་དེ། དེའི་ཕྱིར་དེ་བས་ན་ཡང་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེའི་ཕྱིར་དེ་ནི་སྣང་བའི་རྣམ་པ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་

མེད་པར་བསྟན་པ་ཡིན་ནོ། །འདིར་ངོ་བོ་ཉིད་ཀྱི་སྒྲ་ནི་སྐྱེ་བ་ལ་བྱའོ། །ངོ་བོ་ཉིད་མེད་པ་གསུམ་པ་བསྟན་པའི་ཕྱིར། ཆོས་ཀྱི་དོན་གྱི་དམ་པ་ཡང་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་བས་

ན་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པའོ། །འོ་ན་ཅིའི་ཕྱིར་ཡོངས་སུ་གྲུབ་པ་དོན་དམ་པ་ཞེས་བྱ་སྙམ་པ་ལ། དམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་བླ་ན་མེད་པའི་ཕྱིར་དམ་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེ་ནི་དེའི་

དོན་ཡིན་ཏེ། དེའི་ཕྱིར་དོན་དམ་པའོ། །འདིར་དོན་ནི་དམིགས་པ་ལ་བྱའོ། །འདི་ཉིད་ལ་བཤད་པ་གཞན་བྱ་བའི་ཕྱིར། ཡང་ན་ནམ་མཁའ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་དུ་རོ་གཅིག་པ་རྣམ་པ་གཅིག་པའོ། །དེ་བཞིན་དུ་ཡོངས་སུ་གྲུབ་པ་ཡང་དྲི་

མ་མེད་པ་ཉིད་དང་མི་འགྱུར་བ་ཉིད་དུ་རོ་གཅིག་ཅིང་རྣམ་པ་གཅིག་པའོ། །དེའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། དེ་ནི་དོན་ཀྱང་ཡིན་ལ་དམ་པ་ཡང་ཡིན་པའི་ཕྱིར་རོ། །དེ་བས་ན་དག་པ་དང་བསྟན་པའི་ཕྱིར་དོན་དམ་པ་ཞེས་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་བཤད་ནས་མདོར་བྱས་པའི་དོན་

བསྟན་པའི་ཕྱིར། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡིན་ཏེ། དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་

Vol. 138 · folio 57a

པ་ཞེས་བྱའོ། །དེའི་ཆོས་ཉིད་ཅེས་སྨོས་པ་ནི་ཡོངས་སུ་གྲུབ་པ་གཞན་གྱི་དབང་དང་འབྲེལ་བའི་གཏན་ཚིགས་བསྟན་པ་སྟེ། འདི་ལྟར་དེ་ནི་གཞན་གྱི་དབང་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་གི་དོན་དམ་པའོ། །དེ་གལ་ཏེ་དེ་དག་གི་དོན་དམ་པ་ཡིན་ན་

ཅིའི་ཕྱིར་དངོས་པོ་མེད་པར་འགྱུར་ཞེ་ན་དེའི་ཕྱིར། ཡོངས་སུ་གྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཡོངས་སུ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཡང་ན་དངོས་པོ་མེད་པའི་སྒྲ་ནི་གཞན་དང་བྲལ་བའི་སྟོང་པ་ཉིད་དེ། དངོས་

པོའི་ངོ་བོ་ལ་བྱའོ། །ཚིག་ལེའུར་བྱས་པ་ལྷག་མ་བཤད་པར་འདོད་དེ། མཚམས་སྦྱར་བར་བྱ་བའི་ཕྱིར། ཅི་དོན་དམ་པ་ཞེས་བྱ་བ་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ནི་འདྲི་བའི་དོན་དེ་གོ་སླ་བས་མ་བཤད་དོ། །གྲུབ་པའི་མཐའ་སྨྲ་བས། སྨྲས་པ་མ་ཡིན་ཏེ། དེ་བཞིན་ཉིད་

ཀྱང་དེའོ་ཞེས་བྱ་བ་སྨྲས་སོ། །དེ་བཞིན་ཉིད་ཀྱི་སྒྲ་ནི་ཡོངས་སུ་གྲུབ་པ་དེ་ལ་བྱ་སྟེ། དོན་དམ་པའི་སྒྲ་འབའ་ཞིག་ཁོ་ནར་ནི་མ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲའི་དོན་བསྟན་པའི་ཕྱིར། ཀྱང་གི་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བརྗོད་པ་འདི་འབའ་ཞིག་ཏུ་བརྗོད་པར་བྱ་བ་མ་ཡིན་གྱི་ཆོས་

ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྲིད་པ་དེ་དག་ཐམས་ཅད་དུ་བརྗོད་པར་བྱ་སྟེ། འདི་ལྟར་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་མཚན་མ་མེད་པ་དང་། མི་གཉིས་པ་ཉིད་དང་། རྣམ་པར་མི་རྟོག་པའི་དབྱིངས་དང་། བརྗོད་དུ་མེད་པ་ཉིད་དང་། མི་འགག་པ་དང་མི་སྐྱེ་བ་དང་།

འདུས་མ་བྱས་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པར་ཡང་བརྗོད་པར་བྱའོ། །འོ་ན་ཅིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྙམ་པ་ལ། དུས་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་དགྲོལ་བའི་ཕྱིར། འདི་ལྟར་སོ་སོའི་སྐྱེ་བོ་དང་

ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་སོ་སོའི་སྐྱེ་བོ་ལ་སོགས་པའི་དུས་དག་ན་དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པ་དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ནི་འདི་སྐད་དུ་སོ་སོའི་སྐྱེ་བོ་དང་སློབ་པ་དང་མི་སློབ་པའི་དུས་དག་ན། དུས་ཐམས་ཅད་དུ་སེམས་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words