ཆོས་མངོན་པའི་མཛོད་ཀྱི་བཤད་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 141 · folio 57a

དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཇི་ལྟར་ན་མཁྱེན་པ་ཉིད་མི་འཇིགས་པ་ཡིན་ཞེ་ན། མི་འཇིགས་པ་ནི་མི་

སྐྲག་པ་ཡིན་ལ། འདི་དག་གིས་ཀྱང་མི་སྐྲག་པར་འགྱུར་རོ། །ཤེས་པས་བྱས་པ་ནི་མི་འཇིགས་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་ནི་འཁོར་གྱི་བྱེ་བྲག་ལས་གསུམ་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ཡང་དྲན་པ་ཤེས་རབ་དག་ཉིད་གསུམ། །

དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི་དྲན་པ་དང་། ཤེས་བཞིན་གྱི་རང་བཞིན་དག་ཡིན་ནོ། །གང་གི་ཚེ་ཉན་ཐོས་དག་ཀྱང་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉི་ག་ལ་ཀུན་དུ་དགའ་བའམ། ཀུན་ནས་མནར་སེམས་མི་འབྱུང་བ་ན། ཅིའི་ཕྱིར། འདི་

དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་ཞེ་ན། བག་ཆགས་དང་བཅས་པར་སྤངས་པའི་ཕྱིར་རོ། །ཡང་ན་ཉན་ཐོས་རྣམས་གང་ཡིན་པ་དེ་ལ་ནི་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་དང་། གཉིས་པོ་དེ་དག་ལ་ཤིན་ཏུ་ཡང་ཡིད་བདེ་བ་ལ་སོགས་པའི་གོ་སྐབས་སུ་མི་

འགྱུར་གྱི། གཞན་ལ་ནི་དེ་ལྟ་མ་ཡིན་པས་དེ་ཁོ་ན་ལ་དེ་མི་འབྱུང་བ་ཡ་མཚན་དུ་རྣམ་པར་གཞག་གི་གཞན་ལ་ནི་མ་ཡིན་ནོ། །ད་ནི་ཐུགས་རྗེ་ཆེན་པོ་བརྗོད་པར་བྱ་སྟེ། དེ་སྨྲས་པ། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །དེ་ལྟ་མ་

ཡིན་ན་སེམས་ཅན་ཐམས་ཅད་ལ་དམིགས་པར་ཡང་མི་འགྲུབ་ལ། སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་མི་འགྲུབ་བོ། །འདི་ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཚོགས་ནི་བསོད་

ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གསུམ་ལ་རྟོགས་པའི་ཕྱིར་རོ། །དམིགས་པ་ནི་ཁམས་གསུམ་པའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །མཉམ་པ་ཉིད་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པའི་ཕྱིར་

Vol. 141 · folio 57b

རོ། །ཆེས་ཆེ་བ་ཉིད་ནི་དེ་བས་ཆེ་བ་མེད་པའི་ཕྱིར་རོ། །སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ལ་ཐ་དད་དུ་བྱ་བ་ནི་ཅི་ཞིག་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད། ངོ་བོ་ཉིད་ལས་ནི་ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་

གཅིག་དང་། གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དམིགས་པ་ལས་ནི་ཁམས་གཅིག་དང་། གསུམ་གྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ས་ལས་ནི་བསམ་གཏན་བཞི་དང་། བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་རོ། །རྒྱུད་ལས་ནི་ཉན་ཐོས་ལ་སོགས་པ་དང་།

སངས་རྒྱས་ཀྱི་རྒྱུད་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །ཐོབ་པ་ལས་ནི་འདོད་པའི་ཁམས་དང་། སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ། །ཡོངས་སུ་མི་སྐྱོབ་པ་དང་། ཡོངས་སུ་སྐྱོབ་པ་དང་། མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ། །ཅི་སངས་

རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་མཉམ་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚོད་ཀྱིས་མིན། །སངས་རྒྱས་ཐམས་ཅད་ནི་རྒྱུ་གསུམ་པོ་སྔོན་གྱི་བསོད་ནམས་དང་།

ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང་། འཇིག་རྟེན་གྱི་དོན་སྤྱོད་པས་མཉམ་པ་ཉིད་ཡིན་ནོ། །སྐུ་ཚེ་དང་། རིགས་དང་། གདུང་དང་། སྐུ་བོང་ཚོད་དུ་མཛད་པ་ལ་ནི་བྱེ་བྲག་ཡོད་དེ་དུས་ཇི་ལྟ་བ་བཞིན་དུ་ཡུན་ཤིན་ཏུ་རིང་བ་དང་། ཐུང་ངུར་འཚོ་

བའི་ཕྱིར་དང་། རྒྱལ་རིགས་དང་། བྲམ་ཟེའི་རིགས་ཐ་དད་པའི་ཕྱིར་དང་། འོད་སྲུངས་དང་ཤཱཀྱ་ལ་སོགས་པ་གདུང་ཐ་དད་པའི་ཕྱིར་དང་། སྐུ་བོང་ཚོད་ཆུང་བ་དང་། ཆུང་བ་མ་ཡིན་པ་ཐ་དད་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་འདི་ཁོ་ན་ཡིད་ལ་བྱེད་པ་མཁས་པས་

ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགའ་བ་དང་། གུས་པ་ཆེན་པོ་སྐྱེད་པར་ནུས་ཏེ། འདི་ལྟ་སྟེ། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་

Vol. 141 · folio 58a

ནི། རྣམ་པ་བཞི་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་དང་། ཡུན་རིང་པོ་ནས་གོམས་པ་དང་། བར་ཆད་མེད་པར་གོམས་པ་དང་། གུས་པར་བྱས་ཏེ་གོམས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཡེ་ཤེས་ཕུན་སུམ་

ཚོགས་པ་དང་། སྤང་བ་ཕུན་སུམ་ཚོགས་པ་དང་། མཐུ་ཕུན་སུམ་ཚོགས་པ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕན་འདོགས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བར་མཛད་པ་ཕུན་སུམ་ཚོགས་པའོ། །

ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་མཛད་པ་ཕུན་སུམ་ཚོགས་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མ་བསྟན་པར་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། མ་འབད་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་

ཚོགས་པ་ཡང་རྣམ་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་སྤྲུལ་

པ་དང་། ཡོངས་སུ་བསྒྱུར་བ་དང་། སྐུ་ཚེ་གཏོང་བ་དང་། བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་དང་། སྒྲིབ་པ་དང་ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། ཆུང་ངུར་མང་པོ་འཇུག་པར་མཛད་པའི་མངའ་ཕུན་སུམ་ཚོགས་པ་དང་། ཡ་མཚན་གྱི་ཆོས་ནར་མ་རྣམ་

པ་སྣ་ཚོགས་ཕུན་སུམ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང་། དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་པ་དང་། སྐུ་གདུང་རྡོ་རྗེ་ལྟར་སྲ་བ་ཉིད་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་དེ་

དག་ནི་སངས་རྒྱས་རྣམས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་དབྱེ་ན་ནི་མཐའ་ཡས་པར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་རྣམས་ཁོ་ན་ནས་གལ་ཏེ་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མར་བྱིན་གྱིས་བརླབས་པར་གྱུར་ན་མཐའ་དག་མཁྱེན་པ་དང་བརྗོད་པར་སྤྱོད་དོ། །རེ་ཞིག་

Vol. 141 · folio 58b

དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ནི་ཡོན་ཏན་དང་ཡེ་ཤེས་དང་མཐུ་དང་ཕན་འདོགས་པ་མཐའ་ཡས་ཤིང་རྨད་དུ་བྱུང་བ་ནི་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་པ་རང་ཉིད་ཡོན་ཏན་དབུལ་བས་མོས་པ་བཅོམ་པ་རྣམས་ནི་ཡོན་ཏན་འབྱོར་པ་དེ་ལྟ་བུ་དེ་ཐོས་སུ་ཟིན་ཀྱང་སངས་

རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཀྱི། མཁས་པ་རྣམས་ནི་རྐང་ཡན་ཆད་ནས་ཀྱང་། བཅོམ་ལྡན་འདས་དེ་དང་དེའི་ཆོས་ལ་མངོན་པར་རབ་ཏུ་དང་བར་འགྱུར་ཏེ། གཅིག་ཏུ་རབ་ཏུ་དང་བ་དེ་དག་ནི་དང་བ་ཙམ་གྱིས་ཀྱང་རྣམ་པར་སྨིན་པར་མ་ངེས་པའི་སྡིག་པའི་ཚོགས་རྣམས་ཟིལ་གྱིས་མནན་ཏེ་ལྷ་

དང་མིའི་ལེགས་པ་ཉམས་སུ་མྱོང་ནས་བགྲོད་པར་བྱ་བའི་མཆོག་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་སྟེ། འབྲས་བུ་མེད་པ་མ་ཡིན་པ་དང་། ཡིད་དུ་འོང་བ་དང་། མཆོག་ཏུ་གྱུར་པ་དང་། མྱུར་བ་དང་།

མཐའ་བཟང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུ་བྱེད་འགྱུར་བའང་། །དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བདུད་རྩིའི་གོ་འཕང་འཐོབ། །ཅེས་གསུངས་སོ། །རེ་ཞིག་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་

བརྒྱད་ཅེས་བྱའོ། །ཆོས་གཞན་སློབ་དང་ཐུན་མོང་མིན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་གཞན་དག་ནི་ཉན་ཐོས་དང་ཐུན་མོང་ཡིན་ནོ། །ཁ་ཅིག་སོ་སོའི་སྐྱེ་བོ་དང་། དེ་དག་ཀྱང་གང་ཞེ་ན། ཅི་རིགས་པར། ཉོན་མོངས་མེད་དང་སྨོན་ནས་ཤེས། །སོ་སོ་ཡང་དག་རིག་སྔོན་

སོགས། །ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་

ལ་སོགས་པའོ། །དེ་ལ་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་ལ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་པ་ལས་རབ་ཏུ་སྐྱེ་བ་དང་། བདག་ཉིད་ཀྱང་ཡོན་གནས་གྱི་ཁྱད་པར་ཡིན་པར་རིག་ནས་ཕ་རོལ་པོ་དག་དེ་ལ་དམིགས་ནས། ཉོན་མོངས་པ་སྐྱེ་བ་ཡོངས་སུ་སྤངས་

Vol. 141 · folio 59a

པར་འདོད་དེ། གང་གིས་ན་ཕ་རོལ་པོ་དག་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་སྐྱེ་བར་མི་བྱེད་ཅིང་འགའ་ཡང་དེ་ལ་དམིགས་ནས་འདོད་ཆགས་སམ། ཞེ་སྡང་ངམ། ང་རྒྱལ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་སྟེ། ལམ་དེ་ནི་འགའ་

ཡང་ཉོན་མོངས་པ་སྐྱེད་པར་མི་བྱེད་པས་ན་ཉོན་མོངས་པ་མེད་པ་ཡིན་ནོ། །ཉོན་མོངས་པ་མེད་པ་དེ་ནི། ཀུན་རྫོབ་ཤེས། དེའི་རང་བཞིན་ནི་འདི་ཡིན་ནོ། །བསམ་གཏན་མཐའ་ན་བསམ་གཏན་བཞི་པའི་ས་པ་ཡིན་ཏེ། ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །མི་གཡོ་བའི་

ཆོས། དགྲ་བཅོམ་པ་གཞན་གྱིས་ནི་མ་ཡིན་ཏེ། གཞན་ནི་རེས་འགའ་རང་གི་རྒྱུད་ལས་ཀྱང་ཉོན་མོངས་པ་མཐའ་དག་ཡོངས་སུ་སྤང་བར་མི་ནུས་སོ། །མིས་སྐྱེད། གླིང་གསུམ་དུ་མི་དག་གི་ནང་ཁོ་ནར་སྐྱེད་པར་བྱེད་དོ། །ཉོན་མོངས་འདོད་གཏོགས་པ། མ་སྐྱེད་གཞིར་བཅས་སྤྱོད་

ཡུལ་ཅན། འདིའི་དམིགས་པ་ནི་ཉོན་མོངས་པ་འདོད་པ་ན་སྤྱོད་པ་མ་འོངས་པ་གཞི་དང་བཅས་པ་རྣམས་ཡིན་ཏེ། ཕ་རོལ་པོ་དག་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཞུགས་པའི་ཕྱིར་རོ། །ཉོན་མོངས་པ་གཞི་མེད་པ་རྣམས་ནི་ཡོངས་སུ་སྤང་བར་མི་ནུས་ཏེ། ཐམས་ཅད་དུ་འགྲོ་

བ་རྣམས་ནི་རང་གི་ས་མཐའ་དག་ལ་དམིགས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ཇི་སྐད་དུ་བཤད་པ། སྨོན་ནས་ཤེས་པའང་དེ་བཞིན་ནོ། །དེ་ཡང་ཀུན་རྫོབ་ཤེས་པ་དང་། །བསམ་གཏན་མཐའ་ན་ཡོད་པ་དང་། །མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་། མིའི་རྟེན་ཅན་ཡིན་ནོ། །དེའི་དམིགས་པ་

ཐམས་ཅད་དོ། །སྨོན་ནས་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་པས་འདི་ནི་བྱེ་བྲག་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྨོན་ནས་ཤེས་པ་གཟུགས་མེད་པ་རྣམས་མངོན་སུམ་དུ་མི་ཤེས་སོ། །འོ་ན་ཇི་ལྟ་བུ་ཞེ་ན། རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་ལས་ཤེས་ཏེ། འདིར་དཔེ་ནི་ཞིང་

པ་ལྟ་བུའོ་ཞེས་ཟེར་རོ། །སྨོན་པ་སྔར་བཏང་བའི་ཤེས་པ་ནི་སྨོན་ནས་ཤེས་པ་སྟེ། འདི་ཤེས་པར་བྱའོ་སྙམ་དུ་སྨོན་ནས་རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་ཞིག་གྱུར་པ་གང་ཡིན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །

Vol. 141 · folio 59b

དེ་བཞིན་ཆོས་དོན་ངེས་ཚིག་དང་། །སྤོབས་པ་སོ་སོ་ཡང་དག་རིག། །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་དག་ཀྱང་

ཉོན་མོངས་པ་མེད་པ་ཇི་ལྟ་བ་དེ་དང་འདྲའོ། །དེ་དག་གི་དེ་དང་འདྲ་བ་ཅི་ཞེ་ན། མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་། མིའི་རྟེན་ཅན་ཉིད་ཡིན་ནོ། །འདི་དག་གི་དམིགས་པ་དང་། ས་དང་། རང་གི་ངོ་བོའི་བྱེ་བྲག་ནི་ཐ་དད་པར་བརྗོད་དེ། གསུམ་ནི་གོ་རིམས་བཞིན་མིང་དང་། །དོན་དང་ངག་ལ་

ཐོགས་མེད་ཤེས། །ཆོས་དང་དོན་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་རྣམས་ནི་གོ་རིམས་བཞིན་དུ་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང་། དོན་དང་ངག་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །བཞི་པ་རིགས་པ་ཐགས་ཐོགས་མེད། །མངོན་བརྗོད་ལམ་ལ་དབང་ཉིད་དང་། །

ཐོགས་པ་མེད་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་རིགས་པ་དང་། ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དང་། ཏིང་ངེ་འཛིན་ལ་དབང་གསལ་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །དེ་ཡི་དམིགས་པ་ངག་དང་

ལམ། །དེའི་དམིགས་པ་ནི་ངག་ཀྱང་ཡིན་ལ་ལམ་ཡང་ཡིན་ནོ། །ཤེས་པ་དགུའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཤེས་པ་དགུའི་རང་བཞིན་ཡིན་ཏེ། འགོག་པ་ཤེས་པ་མ་གཏོགས་སོ། །ས་ཐམས་ཅད། འདི་ནི་ངག་དང་ལམ་གཉིས་ལས་གང་ཡང་རུང་བ་ཞིག་ལ་

དམིགས་པའི་ཕྱིར་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་ས་ཐམས་ཅད་པ་ཡང་ཡིན་ནོ། །ཡང་དག་དོན་རིག་བཅུའམ་དྲུག །དོན་སོ་སོ་ཡང་དག་པར་རིག་པ་ནི་གལ་ཏེ་དོན་ཆོས་ཐམས་ཅད་ཡིན་ན་ནི་ཤེས་པ་བཅུ་ཡིན་ནོ། །གལ་ཏེ་དོན་མྱ་ངན་ལས་འདས་པ་ཡིན་ན་ནི་ཤེས་པ་

དྲུག་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། འགོག་པ་དང་ཟད་པ་དང་མི་སྐྱེ་བ་དང་། ཀུན་རྫོབ་ཤེས་པ་རྣམས་སོ། །དོན་ནི་ཀུན་ན། དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་ས་ཐམས་ཅད་པ་ཡིན་ནོ། །གཞན་ཀུན་རྫོབ། གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་

Vol. 141 · folio 60a

རིག་པ་གཉིས་ནི་ཀུན་རྫོབ་ཤེས་པའི་རང་བཞིན་དག་ཡིན་ཏེ། མིང་གི་ཚོགས་ལ་སོགས་པ་དང་། ངག་ལ་དམིགས་པའི་ཕྱིར་རོ། །ཆོས་རིག་འདོད་དང་བསམ་གཏན་ན། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་ས་ལྔ་པོ་འདོད་པའི་ཁམས་དང་། བསམ་གཏན་བཞིས་

བསྡུས་པ་ཡིན་ཏེ། ཡན་ཆད་ན་མིང་གི་ཚོགས་མེད་པའི་ཕྱིར་རོ། །ངག་ནི་འདོད་པ་དང་པོ་ན། །ངག་དང་ངེས་པའི་ཚིག་ཅེས་བྱ་བ་ནི་དོན་གཅིག་གོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་དག་ཡིན་ཏེ། ཡན་ཆད་ན་རྟོགས་

པ་མེད་པའི་ཕྱིར་རོ། །བཏགས་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་འདི་སྐད་དུ་ཚིག་དང་ཡི་གེ་དང་། དེ་ཉིད་ཀྱི་དོན་དང་། དེ་ཉིད་ཀྱི་གཅིག་དང་གཉིས་དང་མང་པོ་དང་ཕོ་དང་མོ་ལ་སོགས་པའི་ཚིག་བླ་དགས་དང་། དེ་ལ་ཐགས་ཐོགས་མེད་པར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་

རིགས་པ་ལ་སོགས་པ་ཡིན་ནོ་ཞེས་སྟོན་ཏེ། དེ་ཉིད་ཀྱིས་འདི་དག་གི་གོ་རིམས་གྲུབ་པ་ཡིན་ནོ། །ཚིག་ངེས་པ་ནི་ངེས་པའི་ཚིག་སྟེ། དཔེར་ན་གཟུགས་སུ་རུང་བས་ནི་དེའི་ཕྱིར། གཟུགས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །གཞན་དག་ན་རེ་ལན་དང་ལན་ལ་སྤོབས་པས་ན་སྤོབས་པ་ཡིན་

ནོ་ཞེས་ཟེར་རོ། །སོ་སོ་ཡང་དག་པར་རིག་པ་འདི་དག་གི་སྔོན་གྱི་སྦྱོར་བ་ནི་གོ་རིམས་བཞིན་དུ་རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དག་ཡིན་ཏེ། འདི་དག་ལ་མཁས་པར་མ་བྱས་པར་དེ་དག་སྐྱེད་པར་མི་ནུས་སོ་ཞེས་གྲག་གོ། །ཐམས་ཅད་

ཀྱི་སྦྱོར་བ་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །གང་ལ་གཅིག་ཡོད་པ་དེ་ལ་གདོན་མི་ཟ་བར་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡོད་དོ། །མ་ཚང་བར་ནི་དེ་ཐོབ་མེད། །དེ་དག་མ་ཚང་བར་ནི་སོ་སོ་ཡང་དག་པར་རིག་པ་འཐོབ་པ་མ་ཡིན་ནོ། །ཉོན་མོངས་པ་མེད་པ་

ལ་སོགས་པའི་ཡོན་ཏན་བསྟན་པ་གང་དག་ཡིན་པ། དྲུག་པོ་དེ་དག་རབ་མཐའ་པས། །དེ་དག་ནི་རབ་ཀྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་པོ། །དེ་ནི་རྣམ་དྲུག །བསམ་གཏན་བཞི་པ་རབ་ཀྱི་མཐའ་པ་དེ་ཡང་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་

Vol. 141 · folio 60b

རིག་པ་གསུམ་དང་། རབ་ཀྱི་མཐའ་པ་དེ་ཉིད་དང་དྲུག་གི་བདག་ཉིད་ཡིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་དེའི་སྟོབས་ཀྱིས་འཐོབ་པ་ཡིན་གྱི་དེ་བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ནོ། །རབ་ཀྱི་མཐའ་པ་ཞེས་བྱ་བ་ནི་ཅི་ཞེ་ན། བསམ་གཏན་མཐའ། བསམ་གཏན་བཞི་

པ་ཡིན་ནོ། །དེ་ནི་ས་ཀུན་གྱིས་མཐུན་པས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཇི་ལྟར་ན་ས་ཐམས་ཅད་ཀྱིས་མཐུན་པར་བྱས་པ་ཡིན་ཞེ་ན། འདོད་པ་ན་སྤྱོད་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། དེ་ལས་ནི་བསམ་གཏན་གཉིས་པ་སྟེ། དེ་བཞིན་དུ་རིམ་གྱིས་

འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་གོ། །མི་མཐུན་པ་ནི་ཡང་འདོད་པ་ན་སྤྱོད་པའི་སེམས་ཀྱི་བར་ལའོ། །དེ་ལས་ཡང་བསམ་གཏན་བཞི་པའི་བར་དུ་མཐུན་པ་ཡིན་ཏེ། དེ་ལྟར་ན་ས་ཐམས་ཅད་ཀྱིས་མཐུན་པར་བྱས་པ་ཡིན་ནོ། །ཇི་ལྟར་ན་

འཕེལ་བའི་རབ་ཏུ་ཕྱིན་པའི་བར་དུ་ཡིན་ཞེ་ན། དེ་ལྟར་བསྒོམས་པ་ཆུང་ངུ་ལས་འབྲིང་། འབྲིང་ལས་ཆེན་པོ་ལ་སྙོམས་པར་འཇུག་པ་སྟེ། འཕེལ་བའི་མཆོག་ནི་འཕེལ་བའི་རབ་ཡིན་ནོ། །བསམ་གཏན་འདི་ལྟ་བུ་འདི་ནི་རབ་ཀྱི་མཐའ་པ་ཡིན་ཏེ། འདི་ལ་མཐར་རབ་ཏུ་ཕྱིན་པ་ཡོད་པའི་

ཕྱིར་རོ། །འདིར་མཐའ་ནི་འཕེལ་བའམ་རྣམ་པ་ཡིན་ཏེ། མུ་བཞི་པ་བཞིན་ནོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང་། །སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །སངས་རྒྱས་ལས་གཞན་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་གྱི་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྦྱོར་

བ་ལས་བྱུང་བ་ཅུང་ཟད་ཀྱང་མེད་དེ། འདོད་ཆགས་ཅན་གྱི་དབང་ཕྱུག་ཡིན་པའི་ཕྱིར། དེའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་གྱུར་པ་ནི་བཞེད་པ་ཙམ་ལ་རག་ལས་པ་ཡིན་ནོ། །རེ་ཞིག་དེ་དག་ནི་ཉན་ཐོས་དང་། ཐུན་མོང་པའི་ཡོན་ཏན་དག་ཡིན་ནོ། །མངོན་པར་ཤེས་པ་

ལ་སོགས་པ་ནི་སོ་སོའི་སྐྱེ་བོ་དག་དང་ཡང་ཐུན་མོང་ཡིན་ནོ། །མངོན་པར་ཤེས་པ་ཞེས་བྱ་བ་འདི་ཅི་ཞེ་ན། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་པ་དྲུག །རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་

Vol. 141 · folio 61a

དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་སྟེ། དེ་དག་ནི་མངོན་པར་ཤེས་པ་དྲུག་ཡིན་ནོ། །དེ་དག་ལས་ལྔ་ནི་སོ་སོའི་

སྐྱེ་བོ་རྣམས་དང་ཐུན་མོང་བ་ཡིན་ནོ། །དེ་དག་ཐམས་ཅད་ནི། རྣམ་གྲོལ་བློ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ། རྣམ་པར་གྲོལ་བའི་ལམ་གྱི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པ་ཤེས་པའི་མངོན་པར་

ཤེས་པ་མ་གཏོགས་སོ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་ལྔ་ཡིན་ཏེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ལམ་དང་ཀུན་རྫོབ་དང་། ཕ་རོལ་གྱི་སེམས་ཤེས་པ་རྣམས་སོ། །ཟག་པ་མངོན་ཤེས་སྟོབས་བཞིན་ནོ། །འདི་ནི་ཟག་

པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཤེས་པ་དྲུག་གམ་བཅུ་ཡིན་པ་དེ་ཡང་རིག་པར་བྱ་ལ། དེ་བཞིན་དུ་འདི་ནི་ས་ཐམས་ཅད་པ་ཡིན་པར་ཡང་ཤེས་པར་བྱའོ། །ལྷག་མ། ལྔ་ནི་བསམ་གཏན་བཞི་དག་ན། །མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་པ་དག་

ཡིན་ནོ། །ཅིའི་ཕྱིར་གཟུགས་མེད་པའི་ས་པ་དག་མེད་ཅེ་ན། རེ་ཞིག་གསུམ་ནི་མེད་དེ། གཟུགས་ལ་དམིགས་པ་ཡིན་པའི་ཕྱིར་རོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ཡང་མེད་དེ་གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྔོན་གྱི་

གནས་རྗེས་སུ་དྲན་པ་ཡང་མེད་དེ་མཐར་གྱིས་སྔོན་གྱི་གནས་གཞན་རྗེས་སུ་དྲན་པས་མངོན་པར་འགྲུབ་པའི་ཕྱིར་དང་། གནས་དང་རུས་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། གཞན་གྱི་སེམས་ཤེས་པར་འདོད་པ་ནི་བདག་གི་ལུས་འདི་འདྲ་བ་ཞིག་ལས་སེམས་ནི་འདི་འདྲ་བ་ཞིག་ཡིན་ནོ་

ཞེས་ལུས་དང་སེམས་ཀྱི་མཚན་མ་འཛིན་ཅིང་དེ་བཞིན་དུ་ཕ་རོལ་པོ་དག་ལ་ཡང་གཏོད་དེ། སེམས་ཤེས་པ་ལས་མངོན་པར་འགྲུབ་པར་འགྱུར་རོ། །མངོན་པར་ཤེས་པ་མངོན་པར་གྲུབ་ན་ནི་གཟུགས་ལ་མི་ལྟོས་པར་མངོན་པར་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་ནི་ཡིད་ཀྱི་

Vol. 141 · folio 61b

རྣམ་པར་ཤེས་པ་འགགས་མ་ཐག་པའི་མཚན་མ་བཟུང་ནས་དེའི་ལུགས་ལས་བཟློག་སྟེ། མཚམས་སྦྱོར་བའི་སེམས་ཀྱི་བར་དུ་དེ་མ་ཐག་པའི་གནས་སྐབས་གཞན་རྣམས་ཡིད་ལ་བྱེད་དོ། །དེ་ནས་སྲིད་པ་བར་མའི་སྐད་ཅིག་མ་གཅིག་དྲན་ན་ཡང་གྲུབ་པ་ཡིན་ནོ། །དེ་བཞིན་དུ་གཞན་

གྱི་ཡང་དྲན་ནོ། །མངོན་པར་གྲུབ་ནས་ནི་ཐོད་རྒལ་དུ་ཡང་དྲན་ནོ། །སྔོན་ཉམས་སུ་མྱོང་བ་ཁོ་ན་དྲན་ནོ། །གནས་གཙང་མ་རྣམས་ཇི་ལྟར་དྲན་ཞེ་ན། ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ། །གཟུགས་མེད་པ་ནས་ཤི་འཕོས་ནས་འདིར་སྐྱེས་པ་ན་ཕ་རོལ་པའི་རྒྱུད་ལ་བརྟེན་ནས་སྐྱེད་

དེ། །གཞན་དག་ནི་རང་གི་རྒྱུད་ལ་བརྟེན་ནས་སོ། །རྫུ་འཕྲུལ་ལ་སོགས་པའི་སྦྱོར་བ་ནི་ཡང་བ་དང་། སྒྲ་དང་། སྣང་བ་ཡིད་ལ་བྱེད་པ་ཡིན་ནོ། །མངོན་པར་ཤེས་པ་ལྔ་པོ་འདི་དག་ནི། རང་དང་འོག་སའི་ཡུལ་ཅན་ཡིན། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཡིན་པ་དེས་ས་དེའམ་འོག་མར་

འགྲོ་བའམ་སྤྲུལ་པར་བྱེད་ཀྱི་གོང་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷའི་རྣ་བའི་མངོན་པར་ཤེས་པས་ཀྱང་རང་གི་ས་ཁོ་ནའམ་ས་འོག་མ་པའི་སྒྲ་ཐོས་ཀྱི་ས་གོང་མ་ནི་མ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པས་ཀྱང་ས་གོང་མ་པའི་སེམས་ནི་མི་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པས་

ཀྱང་མི་དྲན་ནོ། །འཆི་འཕོ་བ་དང་། སྐྱེ་བ་མངོན་པར་ཤེས་པས་ཀྱང་མི་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ས་པའི་སེམས་ནི་ས་གོང་མ་པ་ཡིན་པའི་ཕྱིར། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་མངོན་པར་ཤེས་པ་གཉིས་ཀྱིས་མི་འཛིན་ཏོ། །འདི་དག་ཇི་ལྟར་འཐོབ་ཅེ་ན།

མ་འདྲེས་པ་རྣམས་ཀྱི་སྦྱོར་བས། །ཐོབ་བྱ་འདྲིས་པ་ཆགས་བྲལ་བས། །མངོན་པར་ཤེས་པ་ཚེ་རབས་གཞན་ན་གོམས་པ་རྣམས་ནི་འདོད་ཆགས་དང་བྲལ་བས་འཐོབ་བོ། །བྱེ་བྲག་ཅན་རྣམས་ནི་སྦྱོར་བས་སོ། །ཐམས་ཅད་ཀྱང་སྦྱོར་བས་བསྐྱེད་པ་ཡིན་ནོ། །གསུམ་པ་དྲན་པ་ཉེར་

གཞག་གསུམ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པ་ཡིན་པའི་ཕྱིར། ཚོར་བ་དང་། སེམས་དང་། ཆོས་དང་དྲན་པ་ཉེ་བར་གཞག་པ་གསུམ་གྱི་རང་བཞིན་ནོ། །དང་པོ་རྫུ་འཕྲུལ་རྣ་བ་མིག །མངོན་པར་ཤེས་པ་ཞེས་བྱ་བར་སྦྱར་ཏེ།

Vol. 141 · folio 62a

རྫུ་འཕྲུལ་དང་ལྷའི་རྣ་བ་དང་ལྷའི་མིག་གི་མངོན་པར་ཤེས་པ་ནི་གཟུགས་ལ་དམིགས་པ་ཡིན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྫུ་འཕྲུལ་གྱི་དམིགས་པ་ནི་ཕྱིའི་སྐྱེ་མཆེད་བཞི་ཡིན་ཏེ། སྒྲ་

མ་གཏོགས་སོ། །ལྷའི་རྣ་བ་དང་མིག་གི་མངོན་པར་ཤེས་པའི་དམིགས་པ་ནི་སྒྲ་དང་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །འདི་ཇི་ལྟར་ན། འཆི་འཕོ་དང་སྐྱེ་བ་ཤེས་པས་འདི་ལྟར་སེམས་ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱད་པ་དང་ལྡན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཤེས་ཤེ་ན།

དེ་ནི་དེས་མི་ཤེས་ཀྱི་འཕགས་པ་རྣམས་ལ་དེ་ལས་གཞན་པ་གང་གིས་ན་དེ་ལྟ་བུར་ཤེས་པར་འགྱུར་བ་མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཤེས་པ་སྐྱེའོ། །ལྷག་མ་ནི་དམིགས་ཀྱིས་མ་ཕྱེ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །མིག་དང་

རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དག་ཀྱང་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ནོ། །འོ་ན་དེ་དག་ཇི་ལྟར་བསམ་གཏན་བཞིའི་ས་པར་གྲུབ་ཅེ་

ན། རྟེན་གྱི་དབང་གིས་དེའི་ས་བསྟན་པའི་ཕྱིར་ཏེ། དེའི་རྟེན་མིག་དང་རྣ་བ་ནི་བསམ་གཏན་བཞིའི་ས་པ་ཡིན་ནོ། །ཡང་ན་བར་ཆད་མེད་པའི་ལམ་གྱི་དབང་གིས་སོ། །གཞན་བཞི་ནི་དགེ་བ་དག་ཡིན་ནོ། །འོ་ན་རབ་ཏུ་བྱེད་པ་ལས་མངོན་པར་ཤེས་པ་གང་ཞེ་ན། ཤེས་པ་དགེ་བ་

ཡིན་ནོ་ཞེས་གང་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ནི་གཙོ་བོའམ་ཕལ་ཆེ་བ་བསྟན་པ་ཡིན་ནོ། །མངོན་པར་ཤེས་པ་འདི་རྣམས་ལས། །གསུམ་ནི་རིག་པ། སྔོན་གྱི་གནས་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་རྣམས་ནི་མི་སློབ་པའི་རིག་པ་གསུམ་

ཞེས་བྱའོ། །ཅིའི་ཕྱིར་དེ་དག་ཁོ་ན་ཡིན་གྱི་གཞན་དག་མ་ཡིན་ཞེ་ན། སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །འདི་དག་གིས་ནི་གོ་རིམས་བཞིན་དུ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །དེ་དག་ལས་ཀྱང་དོན་དམ་པར་

Vol. 141 · folio 62b

མི་སློབ་ཐ་མ། ཟག་པ་ཟད་པ་མངོན་དུ་བྱ་བ་ཁོ་ན་མི་སློབ་པའི་རིག་པ་ཡིན་ནོ། །གཉིས་ནི་དེའི། རྒྱུད་ལས་སྐྱེས་ཕྱིར་དེ་ཞེས་བྱ། །གཞན་གཉིས་ནི་མི་སློབ་པའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པ་ཞེས་བྱའི་དེ་གཉིས་ནི་སློབ་པ་ཡང་མ་ཡིན་ལ་མི་སློབ་པ་ཡང་མ་ཡིན་ནོ། །མངོན་པར་ཤེས་པ་

འདི་དག་སློབ་པའི་ཡིན་པར་མི་འདོད་དམ་ཞེ་ན་གང་གི་ཕྱིར་སློབ་པའི་རིག་པ་དག་ཅེས་མི་བྱ་ཞེ་ན། སློབ་ལ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །རྒྱུད་མ་རིག་པ་དང་བཅས་བཞིན་དུ་རིག་པ་རྣམ་པར་གཞག་ཏུ་ནི་མི་རུང་སྟེ། ཡང་མ་རིག་པས་ཟིལ་གྱིས་གནོན་

པའི་ཕྱིར་རོ། །མངོན་པར་ཤེས་པ་འདི་དག་ལས། །དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན་རྫུ་འཕྲུལ་དང་། །སེམས་ཀྱི་རྣམ་གྲངས་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ནི་གོ་རིམས་བཞིན་དུ་ཆོ་འཕྲུལ་གསུམ་ཡིན་ཏེ། རྫུ་འཕྲུལ་དང་ཀུན་རྫོབ་པ་དང་རྗེས་སུ་བསྟན་

པའི་ཆོ་འཕྲུལ་རྣམས་ཡིན་ནོ། །དང་པོ་ཉིད་དུ་གདུལ་བྱའི་ཡིད་ཤིན་ཏུ་འཕྲོག་པར་བྱེད་པའི་ཕྱིར་ཆོ་འཕྲུལ་དག་ཡིན་པ་འམ། འདི་དག་གིས་ཞེ་འགྲས་པ་དང་། བར་མར་གནས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་དག་ཡིན་ནོ། །འདི་དག་གི་ནང་ན། བསྟན་པ་མཆོག །

རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །མཆོག་ཡིན་ནོ། །རྫུ་འཕྲུལ་དང་ཀུན་བརྗོད་པ་དག་ནི་རིག་སྔགས་ཀྱིས་ཀྱང་། བྱེད་དེ། གྷན་དྷ་རི་ཞེས་བྱ་བའི་རིག་སྔགས་གང་གིས་ན་ནམ་མཁའ་ལ་འགྲོ་བ་དང་། རྟོག་བྱེད་

ཅེས་བྱ་བའི་རིག་སྔགས་གང་གིས་ན་ཕ་རོལ་གྱི་སེམས་ཤེས་པ་ཡང་ཡོད་མོད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་ནི་གཞན་གྱིས་བྱ་བར་མི་ནུས་པས་མི་འཁྲུལ་པའི་ཕྱིར་འདི་ནི་གཙོ་བོ་ཡིན་ནོ། །དེ་གཉིས་ཀྱིས་ནི་གཏོད་པ་ཙམ་དུ་ཟད་ཀྱི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ནི་ཐབས་

ཉེ་བར་བསྟན་པའི་སྒོ་ནས་ཕན་པ་དང་། ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བས་འདི་ཉིད་མཆོག་ཡིན་ནོ། །རྫུ་འཕྲུལ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནི། རྫུ་འཕྲུལ་ཏིང་ངེ་འཛིན། འདིས་འབྱོར་པར་བྱེད་པས་ན་ཞེས་བྱ་བར་སྦྱར་རོ། །དེས་ཅི་ཞིག་ཡང་

Vol. 141 · folio 63a

དག་པར་འབྱོར་པར་འགྱུར་ཞེ་ན། དེ་ལས་ནི། སྤྲུལ་དང་འགྲོ་བ་སྟེ། དེ་ལ་འགྲོ་བ་ནི་རྣམ་པ་གསུམ་སྟེ། ལུས་ཀྱིས་ཕྱིན་བྱེད་དང་། མོས་པ་ལས་བྱུང་བ་དང་། ཡིད་མགྱོགས་པའོ། །སྟོན་པ་ལ། ཡིད་མགྱོགས་འགྲོ་བ་དང་། ཡིད་བཞིན་དུ་མགྱོགས་པས་ནི་

ཡིད་མགྱོགས་ཀྱི་འགྲོ་བ་སྟེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །ཡུལ་ཐག་ཤིན་ཏུ་རིང་པོར་ཡང་ཐུགས་བསྐྱེད་པའི་དུས་ཀྱི་བྱོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་

བ་གསུངས་སོ། །འགྲོ་བ་གཞན་དག་ནི་མ་བཤད་ཀྱང་སངས་རྒྱས་ལ་མངའ་བར་གྲུབ་པོ། །གཞན་དག་ལ། ཕྱིན་བྱེད་མོས་པ་ལས་བྱུང་ཡང་། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི་ལུས་ཕྱིན་བྱེད་ཀྱི་འགྲོ་བ་ཡང་ཡོད་དེ། བྱ་བཞིན་དུ་རིམ་གྱིས་ལུས་ཕྱིན་པར་བྱེད་པའི་ཕྱིར་རོ། །

མོས་པ་ལས་བྱུང་བ་ཡང་ཡོད་དེ། ཐག་རིང་པོ་ལ་ཉེ་བར་མོས་ནས་མྱུར་དུ་འགྲོ་བའི་ཕྱིར་རོ། །སྤྲུལ་པ་ནི་རྣམ་པ་གཉིས་ཏེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ། །དེ་ལ་རེ་ཞིག །འདོད་པར་གཏོགས་པའི་སྤྲུལ་པ་ནི། ཕྱིའི་སྐྱེ་མཆེད་བཞི། འདོད་པ་ན་སྤྱོད་པའི་སྤྲུལ་པ་ནི་

གཟུགས་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་རྣམ་གཉིས། བདག་དང་གཞན་གྱི་ལུས་དང་སྤྲུལ་པའོ། །གཟུགས་གཏོགས་གཉིས། གཟུགས་ན་སྤྱོད་པའི་སྤྲུལ་པ་ནི། དེ་ན་དྲི་དང་རོ་མེད་པའི་ཕྱིར་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཡིན་ནོ། །དེ་ཡང་

འདོད་པའི་ཁམས་ཀྱི་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རྣམ་པ་གཉིས་ཡིན་ཏེ། འདི་ནི་སྤྲུལ་པ་རྣམ་པ་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་ན་ཡང་དེ་དང་འདྲ་བས་མདོར་བསྡུ་ན་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད་པ་སྤྲུལ་པ་ན་ཇི་ལྟར་ན་དྲི་དང་རོ་དག་དང་མི་ལྡན་

པ་ཡང་ཡིན་ཞེ་ན། གོས་དང་། རྒྱན་བཞིན་དུ་མི་ལྡན་ནོ། །གཞན་དག་ན་རེ་སྐྱེ་མཆེད་གཉིས་སྤྲུལ་པར་བྱེད་དོ་ཞེས་ཟེར་རོ། །ཡང་ཅི་མངོན་པར་ཤེས་པ་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། མངོན་པར་ཤེས་པའི་འབྲས་བུ། སྤྲུལ་སེམས་དག་གིས་དེ་

Vol. 141 · folio 63b

དག་ཀྱང་ནི་བཅུ་བཞིའོ། །སྤྲུལ་པའི་སེམས་བཅུ་བཞི་པོ་དེ་དག་ནི། བསམ་གཏན་འབྲས་གཉིས་ནས་ལྔའི་བར་རིམ་བཞིན། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པའི་སེམས་ནི་གཉིས་ཏེ། འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་དག་གོ། །བསམ་གཏན་གཉིས་པའི་འབྲས་བུ་

ནི་གསུམ་སྟེ། འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པའི་ས་པ་དག་གོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང་། བཞི་པའི་ས་པ་དག་ཀྱང་བཞི་དང་ལྔར་སྦྱོར་བར་བྱའོ། །བསམ་གཏན་གྱི་འབྲས་བུ་སྤྲུལ་པའི་སེམས་ནི་རང་གི་ས་པ་དང་ས་འོག་མ་ཡིན་

པར་རིག་པར་བྱའོ། །གོང་མ་ལས་སྐྱེས་མིན། བསམ་གཏན་འོག་མའི་འབྲས་བུ་ས་གོང་མའི་སྤྲུལ་པའི་སེམས་ནི་མེད་དོ། །འདོད་པ་ན་སྤྱོད་པའི་སྤྲུལ་པ་བསམ་གཏན་གཉིས་པ་ལ་སོགས་པའི་འབྲས་བུ་ནི། བསམ་གཏན་དང་པོའི་ས་པ་དེའི་འབྲས་བུ་ལས་འགྲོས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་

སོ། །དེ་རྙེད་བསམ་གཏན་བཞིན། སྤྲུལ་པའི་སེམས་དེ་དག་རྙེད་པ་ནི་བསམ་གཏན་བཞིན་ནོ། །ཡང་ཅི་སྤྲུལ་པའི་སེམས་ཁོ་ན་ལས་ལྡང་བར་འགྱུར་རམ་ཞེ་ན། དེ་ལྟ་བུ་ནི་མེད་དེ། འདི་ལྟར། དེ་ནི། དག་དང་རང་ལས་སྐྱེ་བར་འགྱུར་ཏེ། སྤྲུལ་པའི་སེམས་ནི་བསམ་གཏན་དག་པ་པའམ་སྤྲུལ་པའི་

སེམས་ཀྱི་མཇུག་ཐོགས་སུ་སྐྱེའི་གཞན་དུ་ནི་མ་ཡིན་ནོ། །དེ་ལས་གཉིས། སྤྲུལ་པའི་སེམས་ལས་ཀྱང་བསམ་གཏན་དག་པ་པ་དང་སྤྲུལ་པའི་སེམས་སྐྱེ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི་ཡང་ཏིང་ངེ་འཛིན་ལ་མ་ཞུགས་པར་ཏིང་ངེ་འཛིན་དེ་ལས་ལྡང་བ་

མེད་དོ། །སྤྲུལ་པ་ཐམས་ཅད་ཀྱང་། རང་གི་ས་པས་སྤྲུལ་པར་བྱེད། ས་གཞན་པའི་སྤྲུལ་པའི་སེམས་ཀྱིས་ས་གཞན་པའི་སྤྲུལ་པར་ནི་མི་བྱེད་དོ། །སྨྲར་འཇུག་པ་ནི་འོག་མས་ཀྱང་། ཀྱང་ཞེས་བྱ་བའི་སྒྲ་ནི་རང་གི་ས་པས་ཀྱང་སྨྲར་འཇུག་གོ་ཞེས་བྱ་བ་ཡིན་ཏེ། འདོད་པའི་ཁམས་དང་།

བསམ་གཏན་དང་པོའི་ས་པའི་སྤྲུལ་པ་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ། །ས་གོང་མ་པ་ནི་བསམ་གཏན་དང་པོའི་ས་པ་སྟེ། ཡན་ཆད་ན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མེད་པའི་ཕྱིར་རོ། །སྤྲུལ་པ་མང་པོ་རྣམས་སྨྲ་བ་ནི་སྟོན་མིན་སྤྲུལ་པ་དང་བཅས། སངས་རྒྱས་ལས་གཞན་

Vol. 141 · folio 64a

པའི་སྤྲུལ་པ་ནི་སྤྲུལ་པ་དང་བཅས་ཏེ། སྨྲ་བས་གང་གི་ཚེ་སྤྲུལ་པ་མང་པོ་ཞིག་ཡིན་པ་དེའི་ཚེ་ཅིག་ཅར་སྨྲ་སྟེ། གཅིག་ཅིག་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་མི་སྨྲ་བར་གྱུར་པ་དང་། །དེ་དག་ཐམས་ཅད་སྨྲར་མི་འགྱུར། །ཞེས་ཚིགས་སུ་

བཅད་དེ་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཀྱི་སྤྲུལ་པ་ནི་སྔ་ཕྱི་ཇི་ལྟར་བཞེད་པར་སྨྲའོ། །གང་གི་ཚེ་སྨྲར་འཇུག་པའི་སེམས་ཡོད་པ་དེའི་ཚེ་སྤྲུལ་པའི་སེམས་མེད་པའི་ཕྱིར་སྤྲུལ་པ་མེད་ན་ཇི་ལྟར་སྨྲར་འཇུག་ཅེ་ན། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །གནས་པར་འདོད་པས་སྤྲུལ་

པ་བྱིན་གྱིས་བརླབས་ནས་ཡིད་གཞན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པས་ངག་འཇུག་པར་བྱེད་དོ། །ཅི་གསོན་པོ་ཁོ་ན་ལ་བྱིན་གྱི་རླབས་ཡོད་དམ། འོན་ཏེ་ཤི་བ་ལ་ཡོད་ཅེ་ན། ཤི་བ་ལ་ཡང་བྱིན་གྱི་རླབས་ཡོད། འཕགས་པ་འོད་སྲུངས་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེའི་རུས་པའི་

ཀེང་རུས་གནས་པའི་ཕྱིར་རོ། །དེ་ཡང་མི་བརྟན་ལ་མེད། མི་བརྟན་པའི་དངོས་པོ་ལ་ནི་བྱིན་གྱི་རླབས་མེད་དེ། འཕགས་པ་འོད་སྲུངས་ཆེན་པོས་ཤ་ལ་སོགས་པ་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །གཞན་དག་མིན་གཞན་དག་ན་རེ། ཤི་བ་ལ་བྱིན་གྱི་རླབས་མེད་ཀྱི། རུས་པའི་ཀེང་

རུས་གནས་པ་ནི་ལྷའི་མཐུས་སོ་ཞེས་ཟེར་རོ། །ཅི་སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ན་སྤྲུལ་པར་བྱེད་དམ་ཞེ་ན། དང་པོར་དུ་མས་གཅིག་ཡིན་ཏེ། །བྱ་བར་གྱུར་ནས་བཟློག་པའོ། །དང་པོ་ཉིད་དུ་ནི་སྤྲུལ་པའི་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་དོ། །མངོན་པར་ཤེས་པ་བྱང་

ནས་ནི་སེམས་གཅིག་གིས་སྤྲུལ་པ་པོ་ཇི་སྙེད་འདོད་པ་དུ་མ་སྤྲུལ་པར་བྱེད་དོ། །ཡང་སྤྲུལ་པའི་སེམས་ཐམས་ཅད་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། བསྒོམས་ལས་སྐྱེས་པ་ལུང་མ་བསྟན། །བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་ངེས་པར་ལུང་དུ་མ་བསྟན་པ་ཡིན་ནོ། །སྐྱེ་བ་ལས་སྐྱེས་

རྣམ་གསུམ་མོ། །ལྷ་དང་། ཀླུ་དང་། ཤ་ཟ་ལ་སོགས་པའི་སྐྱེ་བས་ཐོབ་པའི་སྤྲུལ་པའི་སེམས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཡིན་ནོ། །དེ་དག་གིས་བྱས་པའི་སྤྲུལ་པ་རང་དང་གཞན་གྱི་ལུས་དང་འབྲེལ་བ་ནི་སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཡིན་པའི་ཕྱིར།

Vol. 141 · folio 64b

སྐྱེ་མཆེད་དགུ་པ་ཡིན་ཏེ། དབང་པོ་དང་ཐ་མི་དད་པའི་ཕྱིར་རོ། །དབང་པོ་ནི་སྤྲུལ་པར་མི་བྱེད་དོ། །ཅི་བསྒོམས་པ་ལས་བྱུང་བ་དང་། སྐྱེ་བས་ཐོབ་པའི་རྫུ་འཕྲུལ་རྣམ་པ་འདི་གཉིས་ཁོ་ནར་ཟད་དམ་ཞེ་ན། རྫུ་འཕྲུལ་རྣམ་པ་གཉིས་པ་དེ་དང་། གསང་སྔགས་སྨན་དག་དང་།

ལས་ལས་སྐྱེས་དང་རྣམ་པ་ལྔ། །རྫུ་འཕྲུལ་ནི་མདོར་བསྡུ་ན་རྣམ་པ་ལྔའོ་ཞེས་བརྗོད་དེ། བསྒོམས་པའི་འབྲས་བུ་དང་། སྐྱེ་བས་ཐོབ་པ་དང་། གསང་སྔགས་ལས་སྐྱེས་པ་དང་། སྨན་ལས་སྐྱེས་པ་དང་། ལས་ལས་སྐྱེས་པ་སྟེ། དཔེར་ན་ང་ལས་ནུ་དང་། སྲིད་པ་བར་མ་པ་

རྣམས་ཀྱི་ལྟ་བུའོ། །ལྷའི་རྣ་བ་དང་མིག་ཏུ་བཤད་པ་གང་ཡིན་པ་དེ་དག་ཅི་ལྷའི་ཁོ་ན་ཡིན་ནམ། འོན་ཏེ་བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བ་དང་། ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་ལྟ་བུར་ལྷའི་དང་འདྲ་བས་ལྷའི་ཡིན་ཞེ་ན། ལྷ་ཡི་མིག་དང་རྣ་བ་ཡིན། །འདི་ལྟར་དེ་

གཉིས་ནི། བསམ་གཏན་ས་པའི་གཟུགས་དང་བ། བསམ་གཏན་ལ་སྙོམས་པར་ཞུགས་པའི་མིག་དང་རྣ་བའི་ཐོད་ཀོར་དུ་སྒྲ་དང་། སྣང་བ་ལ་གཏོད་པའི་སྦྱོར་བས་བསམ་གཏན་གྱི་ས་པའི་འབྱུང་བ་རྣམས་རྒྱུར་བྱས་པའི་གཟུགས་དང་། སྒྲ་དག་མཐོང་བ་དང་། ཐོས་པའི་རྒྱུ་མངོན་པར་

འགྲུབ་པས་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་མིག་དང་། རྣ་བ་དེ་དག་ནི་ལྷའི་ཁོ་ན་ཡིན་ནོ། །དེ་གཉིས་ཀྱང་རྟག་ཏུ་བརྟེན་བཅས་མ་ཚང་མེད། ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །ལྷའི་མིག་དང་རྣ་བ་ནི་རྟག་ཏུ་རྣམ་པར་ཤེས་པ་དང་བཅས་པ་ཡིན་པའི་ཕྱིར་དེ་དང་མཚུངས་པ་མེད་དོ། །

ཞར་བ་དང་འོན་པ་མེད་པའི་ཕྱིར་མ་ཚང་བ་ཡང་མ་ཡིན་ཏེ། གཟུགས་ན་སྤྱོད་པའི་སེམས་ཅན་བཞིན་ནོ། །དེ་གཉིས་ཀྱི་ཡུལ་ནི་གཟུགས་དང་། སྒྲ་ཐག་རིང་བ་དང་། ཕྲ་བ་དང་། བསྒྲིབས་པ་དག་ཀྱང་ཡིན་ནོ། །འདིར་སྨྲས་པ། གང་ཕྱིར་ཤ་ཡི་མིག་གིས་གཟུགས། །ཐག་རིང་གནས་

དང་བསྒྲིབས་པ་དང་། །ཕྲ་རྒྱས་ཐམས་ཅད་མི་མཐོང་བ། །དེ་ཕྱིར་ལྷ་ཡིས་མཐོང་བར་འདོད། །ལྷའི་མིག་གིས་ཐག་ཇི་སྲིད་ཅིག་མཐོང་ཞེ་ན། གང་གི་མིག་ཇི་ལྟ་བུ་ཡིན་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་ནི་མངོན་པར་འདུ་བྱེད་པ་མེད་པར་སྟོང་དང་སྟོང་གཉིས་པ་

Vol. 141 · folio 65a

དང་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་མཐོང་ངོ་། །མངོན་པར་འདུ་བྱེད་པས་ནི། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཉན་ཐོས་ཆེན་པོས་ཀྱང་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་ལྷའི་མིག་གིས་སྟོང་གཉིས་པའི་

འཇིག་རྟེན་གྱི་ཁམས་མཐོང་ངོ་། །བསེ་རུ་ལྟ་བུས་ནི་སྟོང་གསུམ་པ་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཇི་ཙམ་བཞེད་པར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་གཟིགས་སོ། །ཅི་རྫུ་འཕྲུལ་ཁོ་ན་སྐྱེ་བས་འཐོབ་པ་ཡིན་ནམ། འོན་ཏེ་གཞན་ཡང་ཡིན་ཞེ་ན། གཞན་ཡང་སྐྱེ་

བས་ཀྱང་འཐོབ། ལྷའི་རྣ་བ་ལ་སོགས་པ་བཞི་ཡང་སྐྱེ་བས་འཐོབ་པར་བྱ་བ་ཡོད་མོད་ཀྱི། སྐྱེ་བས་ཐོབ་པ་ནི་ཅུང་ཟད་ཀྱང་མངོན་པར་ཤེས་པའི་མིང་མི་འཐོབ་བོ། །སྐྱེ་བས་འཐོབ་པའི་ལྷའི་མིག་གང་ཡིན་པ། དེས་ནི། སྲིད་པ་བར་མ་མི་མཐོང་ངོ་། །སྲིད་པ་བར་མ་ནི་མངོན་པར་ཤེས་པའི་

མིག་ཁོ་ནས་མཐོང་གི །སྐྱེ་བས་ཐོབ་པ་ནི་མ་ཡིན་ནོ། །སེམས་ཤེས་དེ་ནི་རྣམ་པ་གསུམ། སྐྱེ་བས་འཐོབ་པ་ཞེས་བྱ་བར་སྦྱར་ཏེ། ཕ་རོལ་གྱི་སེམས་ཤེས་པ་སྐྱེ་བས་འཐོབ་པ་དེ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་རྣམ་པ་གསུམ་ཡིན་པར་རིག་པར་

བྱའོ། །གང་རྟོགས་དང་རིག་སྔགས་ཀྱིས་བྱས་པའང་། གང་ཡང་མཚན་མ་པ་རྣམས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་དང་རྟོག་གེ་བ་དང་། གང་ཡང་རིག་སྔགས་ཀྱིས་བྱས་པ་དེ་ཡང་རྣམ་པ་གསུམ་ཡིན་པར་རིག་པར་བྱ་སྟེ། ཇི་ལྟར་བསྒོམས་པའི་འབྲས་བུ་དགེ་བ་ཁོ་ན་ཡིན་པ་

ལྟ་བུ་ནི་མ་ཡིན་ནོ། །ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་སྐྱེ་བས་ཐོབ་པ་དག་གིས་ནི་དམྱལ་བ་པས་ནི་དང་པོ་ཤེས། ཇི་སྲིད་དུ་སྡུག་བསྔལ་གྱི་ཚོར་བས་མ་ཉེན་པ་དེ་སྲིད་དུ་ཤེས་སོ། །འགྲོ་བ་གཞན་ན་གནས་པས་ནི་རྟག་ཏུ་ཤེས་སོ། །མི་ལ་སྐྱེ་བས་ཐོབ་པ་

མེད། །མི་རྣམས་ལ་ནི་རྫུ་འཕྲུལ་ལ་སོགས་པ་ཇི་སྐད་བཤད་པ་དེ་སྐྱེ་བས་ཐོབ་པ་མེད་དོ། །འོ་ན་རང་བཞིན་གྱིས་ཚེ་རབས་དྲན་པ་གང་ཡིན་པ་ཇི་ལྟ་བུ་ཞེ་ན། དེ་དག་གི་དེ་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རྣམ་པ་གསུམ་སྟེ། བསྒོམས་པའི་

Vol. 141 · folio 65b

འབྲས་བུ་དང་། སྐྱེ་བས་ཐོབ་པ་དང་། ལས་ལས་སྐྱེས་པའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བདུན་པའོ། །ཤེས་པའི་སྐབས་ཀྱིས་ཤེས་པའི་རང་བཞིན་གྱི་ཡོན་ཏན་རྣམས་ནི་བཤད་ཟིན་ཏོ།། །།རང་བཞིན་

གཞན་རྣམས་བརྗོད་པར་བྱ་སྟེ། དེ་ལྟ་བས་ན་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་དང་པོ་ཁོ་ནར་བསམ་གཏན་རྣམས་བརྩམས་ཏེ། བསམ་གཏན་དག་ནི་རྣམ་པ་གཉིས། །བསམ་གཏན་རྣམས་ནི་མདོར་བསྡུ་ན་སྐྱེ་བ་དང་སྙོམས་པར་འཇུག་པའི་བསམ་གཏན་གྱི་བྱེ་བྲག་གིས་རྣམ་པ་

གཉིས་སོ། །དེ་དག་ཀྱང་བཞི། བསམ་གཏན་དང་པོ་ནས་བཞི་པའི་བར་རོ། །དེ་ལ་བསམ་གཏན་དུ་སྐྱེ་བ་རྣམས་ནི་ཡང་མི་བརྗོད་དེ། འཇིག་རྟེན་བསྟན་པའི་མཛོད་ཀྱི་གནས་སུ། དེར་སྐྱེ་བ་དག་རབ་ཏུ་བཤད། ཇི་སྐད་དུ་བཤད་ཅེ་ན། དེར་སོ་སོའི། བསམ་གཏན་ས་ནི་

གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་བྱ་བ་ཡིན་ནོ། །སྙོམས་པར་འཇུག་པའི་བསམ་གཏན་བརྗོད་པར་བྱ་སྟེ། དེའི་ཕྱིར་སྨྲས་པ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ། ཏིང་ངེ་འཛིན་

གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ། །རྩེ་གཅིག་པ་ཞེས་བྱ་བ་འདི་ཅི་ཞེ་ན། དམིགས་པ་གཅིག་པ་ཉིད་དོ། །དེ་ལྟ་ན་ནི་འོ་ན་སེམས་དམིགས་པ་གཅིག་པ་དག་ཁོ་ན་ཏིང་ངེ་འཛིན་

ཡིན་གྱི་ཆོས་གཞན་སེམས་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། སེམས་རྣམས་ཁོ་ན་ཏིང་ངེ་འཛིན་མ་ཡིན་གྱི་གང་གིས་དེ་དག་རྩེ་གཅིག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་རྩེ་གཅིག་པ་ཉིད་ཡིན་ནོ། །སྐད་ཅིག་མ་ཡིན་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་

པ་མ་ཡིན་ནམ། གལ་ཏེ་གཉིས་པ་དེ་ལས་རྣམ་པར་མི་གཡེང་བ་ཡིན་ནོ་ཞེ་ན་ནི། མཚུངས་པར་ལྡན་པ་ལ་ཏིང་ངེ་འཛིན་དོན་མེད་པ་ཡིན་ནོ། །གང་ཁོ་ན་ལས་ཏིང་ངེ་འཛིན་ཡིན་པ་དེ་ཁོ་ན་ལས་སེམས་རྣམས་ཀྱི་དམིགས་པ་གཅིག་པ་ཉིད་དུ་ཡང་ཅིའི་ཕྱིར་མི་འདོད། ཏིང་ངེ་འཛིན་ས་

Vol. 141 · folio 66a

མང་པོ་པ་ཡིན་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །མ་ཡིན་ཏེ། ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ། །གཞན་དག་ན་རེ་སེམས་རྩེ་གཅིག་པ་དག་ཁོ་ན་ཏིང་ངེ་འཛིན་ཡིན་ཏེ། འདི་ལྟར་མདོ་ལས། ལྷག་པའི་སེམས་ཀྱི་བསླབ་པ་དང་།

སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞི་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་རོ། །བསམ་གཏན་ཞེས་བྱ་བའི་དོན་ཅི་ཞེ་ན། འདིས་སེམས་པར་བྱེད་པས་ན་བསམ་གཏན་ཏེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་

རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། སྐད་ཀྱི་བྱིངས་འདི་ནི་སེམས་པའི་དོན་ཡིན་ལ། སེམས་པ་ཡང་ཤེས་རབ་ཡིན་ནོ་ཞེས་གྲུབ་པའི་མཐའ་ལས་འབྱུང་ངོ་། །དེ་ལྟ་ན་ནི་འོ་ན་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཕུལ་དུ་ཕྱིན་པ་

དང་ལྡན་པ་ལ་དེའི་མིང་དུ་བཏགས་པའི་ཕྱིར་ཉི་མ་བཞིན་ནོ། །ཕུལ་དུ་ཕྱིན་པ་དང་ལྡན་པ་ཡང་གང་ཞེ་ན། ཏིང་ངེ་འཛིན་གང་ཡན་ལག་དང་ལྡན་པ་ཡིན་ཏེ། དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་ངང་གིས་འབྱུང་བའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་།

ལམ་སླ་བ་ཞེས་གསུངས་པས་དེ་ནི་ཤིན་ཏུ་ཡང་སེམས་པར་བྱེད་དོ། །ཉོན་མོངས་པ་ཅན་ཇི་ལྟར་བསམ་གཏན་ཡིན་ཞེ་ན། ལོག་པར་ངེས་པ་སེམས་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དང་མཐུན་པ་ཁོ་ན་ལ་དེའི་མིང་དུ་བཏགས་པའི་ཕྱིར་ཏེ། ས་

བོན་རུལ་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་མི་དགེ་བ་དག་ཀྱང་གསུངས་སོ། །ཡང་དགེ་བ་རྩེ་གཅིག་པ་བསམ་གཏན་དང་པོ་ནི་ཇི་ལྟ་བུ། བཞི་པའི་བར་ནི་ཇི་ལྟ་བུ་ཞེ་ན། རེ་ཞིག་དང་པོ་ནི། དཔྱོད་དང་དགའ་དང་བདེ་དང་ལྡན། །དགེ་བ་རྩེ་གཅིག་པ་བསམ་གཏན་

དང་པོ་ནི་དཔྱོད་པ་དང་དགའ་བ་དང་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། དཔྱོད་པ་སྨོས་པས་རྟོག་པ་ཡང་བཤད་པ་ཡིན་ཏེ། ལྷན་ཅིག་སྤྱོད་པའི་ཕྱིར་དུ་བ་དང་མེ་བཞིན་དུ། རྟོག་པ་མེད་པར་ནི་དགའ་བ་དང་བདེ་བ་དང་ལྡན་པའི་དཔྱོད་པ་མེད་དོ། །བསམ་གཏན་ལྷག་མ་གསུམ་ནི།

Vol. 141 · folio 66b

ཡན་ལག་ལྔ་ལྔ་སྤངས་པ་ཡིན། །དགེ་བ་རྩེ་གཅིག་པ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་གཉིས་པ་ནི་དཔྱོད་པ་སྤངས་ལ། དགའ་བ་དང་བདེ་བ་དང་ལྡན་པ་ཡིན་ནོ། །གསུམ་པ་ནི་དཔྱོད་པ་དང་དགའ་བ་སྤངས་ལ་བདེ་བ་དང་ལྡན་པ་ཡིན་ནོ། །བཞི་པ་ནི་དཔྱོད་པ་དང་། དགའ་བ་དང་བདེ་བ་

སྤངས་པ་ཡིན་ནོ། །བསམ་གཏན་རྣམས་ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད། རྣམ་པ་གང་གིས་ཤེ་ན། དེ་དག་ཀྱང་སྐྱེ་བ་དང་སྙོམས་པར་འཇུག་པའི་སྒོ་ནས་རྣམ་པ་གཉིས་ཀྱང་ཡིན་ལ་བཞི་ཡང་ཡིན་ནོ། །དེ་དག་གི་ཡང་སྐྱེ་བ་རྣམས་ནི་བཤད་ཟིན་ཏོ། །སྙོམས་པར་འཇུག་པའི་གཟུགས་

མེད་པ་རྣམས་ནི་བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་རྣམ་པ་དེས་བཤད་ཟིན་ཏོ། །འཁོར་དང་བཅས་ན་ནི། ཕུང་པོ་བཞི་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །འོག་མའི་ས་དབེན་ལས་སྐྱེས་པ། །བསམ་གཏན་བཞི་པ་

ལས་དབེན་པ་ལས་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་

མིན་གྱི་སྐྱེ་མཆེད་ཡིན་ཏེ། དེ་ལྟར་ན་གཟུགས་མེད་པ་བཞི་ཡིན་ནོ། །དབེན་པ་ཞེས་བྱ་བ་འདི་ཅི་ཞེ་ན། ལམ་གང་གིས་ནི་འོག་མ་ལས་རྣམ་པར་འབྱེད་པ་སྟེ། འདོད་ཆགས་དང་བྲལ་བར་གྱུར་པའི་ཕྱིར་རོ། །གཟུགས་མེད་པ་དེ་དག་ཀྱང་། ཉེར་བསྡོགས་གསུམ་དང་བཅས་པར་ནི། །གཟུགས་

ཀྱི་འདུ་ཤེས་བཤིག་ཅེས་བྱ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་བསམ་གཏན་བཞི་པ་ལ་དམིགས་པའི་ཕྱིར་གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ་བའི་མིང་མི་འཐོབ་བོ། །དེ་ལ་ནི་གཟུགས་ཀྱི་འདུ་ཤེས་བཤིག་པ་མ་ཡིན་ཏེ། མ་བྲལ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་

བཞི་ཞེས་གང་བཤད་པ་རེ་ཞིག་གཟུགས་མེད་པ་དག་ན་གཟུགས་མེད་དོ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །གལ་ཏེ་ཡོད་ན་ཇི་ལྟར་ན་གཟུགས་མེད་པ་རྣམས་བརྗོད་པར་འགྱུར། གཟུགས་ཅུང་ཟད་ཅིག་ཡོད་པའི་ཕྱིར་ཏེ། ཅུང་ཟད་ཟེར་བ་བཞིན་ནོ། །རེ་ཞིག་དེ་ནི་གཟུགས་ཇི་

Vol. 141 · folio 67a

ལྟ་བུ་ཞིག་ཡོད་པར་འདོད། གལ་ཏེ་ལུས་དང་ངག་གི་སྡོམ་པ་ཙམ་ཞིག་གོ་ཞེ་ན། དེ་དག་མེད་ན་ཇི་ལྟར་དེ་དག་གི་སྡོམ་པར་འགྱུར། འབྱུང་བ་མེད་པར་ནི་འབྱུང་བ་ལས་གྱུར་པ་མི་རུང་ངོ་། །གལ་ཏེ་ཟག་པ་མེད་པའི་སྡོམ་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ་ཟག་པ་དང་བཅས་པའི་

འབྱུང་བ་ཡོད་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལ་ཡང་དེ་དགག་པར་བཤད་དོ། །འོན་ཏེ་ལུས་ཀྱང་ཡོད་ལ་དབང་པོ་གཟུགས་ཅན་རྣམས་ཀྱང་ཡོད་དོ་ཞེ་ན་ནི། ཇི་ལྟར་ན་དེ་དག་གཟུགས་ཅུང་ཟད་ཡོད་པར་འདོད། གལ་ཏེ་བོང་ཚོད་ཆུང་བའི་ཕྱིར་རོ་ཞེ་ན་ནི་ཆུང་ངུའི་སྐྱེ་བོ་གཟུགས་བལྟར་

མི་སྣང་བ་དག་ལ་ཡང་ཐལ་བར་འགྱུར་རོ། །གལ་ཏེ་དང་བའི་ཕྱིར་རོ་ཞེ་ན་ནི། སྲིད་པ་བར་མ་དག་དང་། གཟུགས་ན་སྤྱོད་པ་རྣམས་ལ་ཡང་ཐལ་བར་འགྱུར་རོ། །གལ་ཏེ་གང་ལས་ཆེས་དང་བ་མེད་པ་ཡིན་ནོ་ཞེ་ན་ནི། སྲིད་པའི་རྩེ་མོ་ཁོ་ན་གཟུགས་མེད་པ་ཡིན་པར་འགྱུར་ཏེ།

སྙོམས་པར་འཇུག་པ་བཞིན་དུ་སྐྱེ་བ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །བསམ་གཏན་དུ་སྐྱེ་བའི་གཟུགས་ཀྱང་ས་འོག་མའི་དབང་པོས་མི་ཟིན་པའི་ཕྱིར་དེ་དང་ཡང་ཁྱད་པར་ཅི་ཞིག་ཡོད། གལ་ཏེ་གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་གྱི་གཟུགས་མེད་པའི་ཁམས་ཀྱི་ནི་མ་ཡིན་ནོ་

ཞེ་ན། དེ་ལ་རིགས་པ་ཅི་ཞིག་ཡོད། གལ་ཏེ་ཚེ་དང་དྲོད་གཉིས་འདྲེས་པར་གསུངས་པའི་ཕྱིར་དང་། འདམ་བུའི་ཤོག་གཉིས་བཞིན་དུ་མིང་དང་གཟུགས་དག་ཕན་ཚུན་བརྟེན་ཏོ་ཞེས་གསུངས་པའི་ཕྱིར་དང་། །རྣམ་པར་ཤེས་པའི་རྐྱེན་ཀྱིས་མིང་དང་གཟུགས་ཞེས་གསུངས་པའི་ཕྱིར་

དང་། གཟུགས་ནས་འདུ་བྱེད་རྣམས་ཀྱི་བར་ལས་གཞན་དུ་རྣམ་པར་ཤེས་པ་འོང་བའམ་འགྲོ་བ་བཀག་པའི་ཕྱིར་གཟུགས་མེད་པ་དག་ན་གཟུགས་ཡོད་པ་ཉིད་དུ་གྲུབ་བོ་ཞེ་ན། མ་ཡིན་ཏེ། དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །རེ་ཞིག་ཚེ་དང་དྲོད་གཉིས་འདྲེས་པ་ཉིད་དུ་གང་གསུངས་

པ་འདི་ཅི་འདོད་པ་དང་གཟུགས་ན་སྤྱོད་པའི་ཚེ་ལས་དགོངས་ཏེ་གསུངས་སམ། འོན་ཏེ་ཐམས་ཅད་ལས་ཞེས་བྱ་བ་དང་། གང་ཡང་མིང་དང་གཟུགས་དག་ཕན་ཚུན་བརྟེན་པ་ཉིད་དུ་གསུངས་པ་འདི་ཅི་འདོད་པ་དང་གཟུགས་ན་སྤྱོད་པ་ལས་དགོངས་ཏེ་གསུངས་སམ། འོན་ཏེ་

Vol. 141 · folio 67b

ཐམས་ཅད་ལས་ཞེས་བྱ་བ་དང་། གང་ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་པ་འདི་ཅི་རྣམ་པར་ཤེས་པ་ཐམས་ཅད་མིང་དང་གཟུགས་ཀྱི་རྐྱེན་དུ་གསུངས་སམ། འོན་ཏེ་མིང་དང་གཟུགས་ཐམས་ཅད་རྣམ་པར་ཤེས་པའི་རྐྱེན་དུ་གསུངས་ཞེས་བྱ་བ་དང་། གང་

ཡང་གཟུགས་ལ་སོགས་པ་ལས་གཞན་དུ་རྣམ་པར་ཤེས་པ་འོང་བ་དང་འགྲོ་བ་བཀག་པར་གསུངས་པ་འདི་ཅི་དེ་དག་ཐམས་ཅད་མེད་ན་དེ་བཀག་གམ། འོན་ཏེ་འགའ་ཞིག་ཀྱང་ཞེས་བྱ་བ་འདི་དཔྱད་པར་བྱ་དགོས་སོ། །གལ་ཏེ་བྱེ་བྲག་མེད་པར་གསུངས་པའི་ཕྱིར་དཔྱད་པར་མི་བྱའོ་

ཞེ་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། ཚེ་མེད་པར་ཕྱིའི་དྲོ་བ་ཡང་ཡོད་པར་མི་འགྱུར་ལ། ཕྱིའི་གཟུགས་ཀྱང་རྣམ་པར་ཤེས་པ་ལ་བརྟེན་པ་ཉིད་དུ་འགྱུར་ཏེ། ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་གནས་བཞིན་དུ་ཟས་བཞི་གསུངས་པའི་ཕྱིར་གཟུགས་དང་གཟུགས་

མེད་པའི་ཁམས་དག་ན་ཡང་ཁམ་དུ་བྱེད་པའི་ཟས་ཡོད་པར་ཐལ་བར་ཡང་འགྱུར་རོ། །གལ་ཏེ་ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་རྣམས་ལས་འདས་ཏེ་ཞེས་གསུངས་པའི་ཕྱིར་དང་། དགའ་བའི་ཟས་ཞེས་གསུངས་པའི་ཕྱིར་ཐལ་བར་མི་འགྱུར་རོ་ཞེ་ན་ནི་གཟུགས་མེད་པ་དག་ན་ཡང་

གཟུགས་ཡོད་པར་ཐལ་བར་མི་འགྱུར་ཏེ། གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་དང་། གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་རྣམས་ལས་འདས་ནས་ཞེས་བྱ་བ་དང་། གཟུགས་ཅན་མ་ཡིན་པའི་སེམས་ཅན་དག་ཡོད་

ཅེས་བྱ་བ་དང་། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཞེས་གསུངས་པའི་ཕྱིར་རོ། །གཟུགས་ཤིག་ཡོད་ན་ནི་རང་གི་གཟུགས་གདོན་མི་ཟ་བར་འདུ་ཤེས་པར་བྱེད་པར་འགྱུར་རོ། །གལ་ཏེ་ས་འོག་མ་པའི་གཟུགས་རགས་པ་ལས་དགོངས་ཏེ་

གསུངས་པ་ཡིན་ནོ་ཞེ་ན་ནི། ཁམ་གྱི་ཟས་ལ་ཡང་མཚུངས་སོ། །བསམ་གཏན་རྣམས་ཀྱང་ས་འོག་མ་པ་ལས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་གཟུགས་མེད་པར་ཐལ་བར་འགྱུར་རོ། །ས་འོག་མ་པའི་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བའི་ཕྱིར་ཚོར་བ་ལ་སོགས་པ་

Vol. 141 · folio 68a

ལས་ཀྱང་ངེས་པར་འབྱུང་བ་ཡིན་པར་ཅིའི་ཕྱིར་མ་བཤད་དེ། གཟུགས་ཀྱི་རྣམ་པ་ཟད་པར་ལས་འདས་ལ་ཚོར་བ་ལ་སོགས་པའི་རྣམ་པ་ལས་ནི་མ་ཡིན་པས་དེའི་ཕྱིར་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཞེས་གསུངས་སོ། །སྲིད་པས་སྲིད་པ་ལས་ངེས་པར་མི་

འབྱུང་བར་གསུངས་པ་ནི་དེ་ཉིད་ཀྱིས་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་དང་། ཐམས་ཅད་དང་གཏན་དུ་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་དག་ལ་ནི་གང་དེ་ན་གཟུགས་ཀྱི་རྣམ་པ་ཡོད་པའང་རུང་རྣམ་པར་ཤེས་པའི་རྣམ་པའི་བར་ཡོད་

པའང་རུང་ཞེས་གསུངས་ལ། གཟུགས་མེད་པ་དག་ལ་ནི་གང་དེ་ན་ཚོར་བའི་རྣམ་པ་ཡོད་པའང་རུང་རྣམ་པར་ཤེས་པའི་རྣམ་པའི་བར་ཡོད་པའང་རུང་ཞེས་གསུངས་ཏེ། དེ་དག་ན་གཟུགས་ཀྱི་རྣམ་པ་ཞིག་ཡོད་ན་ཅིའི་ཕྱིར་གཟུགས་ཀྱི་རྣམ་པ་ཡོད་པའང་རུང་ཞེས་གསུངས་པར་མི་

འགྱུར་ཏེ་དེ་ལྟ་བས་ན་གཟུགས་མེད་པ་ན་གཟུགས་མེད་དོ། །དེ་ནི་ཇི་ལྟར་ན་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་གཟུགས་རྒྱུན་ཆད་པ་ལས་ཡང་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །གཟུགས་ནི་དེའི་རྣམ་པར་སྨིན་པའི་

རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་རོ། །ཇི་ལྟར་ན་སེམས་གཟུགས་ལ་མ་བརྟེན་པར་གནས་ཤེ་ན། ཅིའི་ཕྱིར་གནས་པར་མི་འགྱུར། འདི་ན་དེ་ལྟ་བུ་མ་མཐོང་བའི་ཕྱིར་རོ། །ཁམ་གྱི་ཟས་མེད་པར་ཡང་གཟུགས་ཀྱི་ཁམས་ན་གནས་

པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ན་དེ་ལྟ་བུ་མ་མཐོང་བའི་ཕྱིར་རོ། །ཇི་ལྟར་གནས་པ་ནི་སྔར་བཤད་ཟིན་ཏོ། །འདི་ནི་རྫོགས་སོ།། །།འདི་བརྗོད་པར་བྱ་སྟེ། ཅི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ནམ་མཁའ་ལ་སོགས་པ་ཁོ་ན་ལ་དམིགས་པ་

ཡིན་པས་དེའི་ཕྱིར་དེ་སྐད་ཅེས་བྱའམ་ཞེ་ན། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རེ་ཞིག་གསུམ་མོ། །རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར་གྲངས་བཞིན་དུ་ནམ་མཁའ་མཐའ་ཡས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ། །

Vol. 141 · folio 68b

ཅི་ཡང་མེད་དོ་ཞེས་དེ་ལྟར་ཡིད་ལ་བྱེད་ཅིང་དེ་དག་ལ་རབ་ཏུ་སྦྱོར་བས་དེའི་ཕྱིར་དེ་དག་གི་མིང་དེ་དག་ཡིན་ནོ། །དམན་ཕྱིར་འདུ་ཤེས་མེད། འདུ་ཤེས་མེད་པ་ཡང་མ་ཡིན་པའོ། །འདུ་ཤེས་ཆུང་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བཤད་དེ། དེ་ནི་འདུ་ཤེས་གསལ་

བ་ཡང་མ་ཡིན་ལ་འདུ་ཤེས་མེད་པ་ཁོ་ན་ཡང་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལ་ཡང་འདི་ལྟར་འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདུ་ཤེས་ནི་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་དུ་རྨོངས་པའོ། །འདི་ལྟར་འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་

མཆེད་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་ཞེས་བྱ་བར་སྦྱོར་བ་ཡོད་མོད་ཀྱི་ཅིའི་ཕྱིར་དེ་དག་གིས་དེ་ལ་དེ་ལྟར་འཛིན་ཞེས་བྱས་པ་དང་། འདུ་ཤེས་རྣམས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་འདི་གདོན་མི་ཟ་བར་བརྗོད་དགོས་པར་འགྱུར་བས་དེ་ཉིད་བཤད་དོ། །དེ་ལྟར་སྙོམས་

འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད། དེ་ལྟར་ན་འདི་དག་ནི་སྙོམས་པར་འཇུག་པའི་དངོས་གཞིའི་རྫས་བརྒྱད་ཡིན་ཏེ། འདི་ལྟ་སྟེ། བསམ་གཏན་བཞི་དང་། གཟུགས་མེད་པ་བཞིའོ། །དེ་དག་ལས་བདུན་རྣམ་པ་གསུམ། །སྲིད་པའི་རྩེ་མོ་ལས་གཞན་པ་བདུན་ནི་

རྣམ་པ་གསུམ་ཡིན་ཏེ། རོ་མྱང་ལྡན་དང་དག་པ་དང་། །ཟག་མེད། རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་དང་། དག་པ་པ་རྣམས་དང་། ཟག་པ་མེད་པ་རྣམས་སོ། །བརྒྱད་པ་རྣམ་པ་གཉིས། སྲིད་པའི་རྩེ་མོ་ནི་རོ་མྱང་བ་དང་མཚུངས་པར་ལྡན་པ་དང་། དག་པ་པ་ཡིན་

གྱི་ཟག་པ་མེད་པ་ནི་མེད་དོ། །དེ་ལ། རོ་མྱང་མཚུངས་ལྡན་སྲེད་བཅས་སོ། །རོ་མྱང་བ་ནི་སྲེད་པ་ཡིན་ནོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ། འཇིག་རྟེན་པའི་དགེ་བ་སྙོམས་པར་འཇུག་པའི་རྫས་ནི་དག་པ་ཞེས་བྱ་སྟེ། མ་ཆགས་པ་ལ་སོགས་པ་ཆོས་དཀར་པོ་

དང་ལྡན་པའི་ཕྱིར་རོ། །རོ་མྱང་བ་དང་མཚུངས་པར་ལྡན་པ་དེས་ཅི་ཞིག་རོ་མྱོང་བར་བྱེད་ཅེ་ན། དེ་ནི་དེས་མྱང་བྱ། སྙོམས་པར་འཇུག་པའི་རྫས་གང་འདས་མ་ཐག་པ་དེ་ནི་དེས་རོ་མྱོང་བར་བྱེད་དེ། རོ་མྱང་བར་བྱ་བ་གང་ཡིན་པ་དེ་ལས་ནི་ལངས་པ་ཡིན་ནོ། །གང་གིས་རོ་མྱོང་བར་

Vol. 141 · folio 69a

བྱེད་པ་དེ་ལ་ནི་སྙོམས་པར་ཞུགས་པ་ཡིན་ནོ། །ཟག་མེད་འཇིག་རྟེན་འདས་པའོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པའི་རྫས་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་ནོ་སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ཁོ་ན་ཡན་ལག་

དང་ལྡན་པ་ཡིན་གྱི་གཟུགས་མེད་པ་རྣམས་ནི་མ་ཡིན་ནོ། །དེ་ལ་དང་པོ་ལ་ལྔ། བསམ་གཏན་པོ་ལ་ཡན་ལག་ལྔ་སྟེ། རྟོག་དཔྱོད་དང་། དགའ་བས་བདེ་དང་ཏིང་འཛིན་རྣམས། །རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དེ། དེ་ལྟར་ན་དེ་དག་ནི་ཡན་

ལག་ལྔ་ཡིན་ནོ། །ཏིང་ངེ་འཛིན་ནི་ཡན་ལག་ཀྱང་ཡིན་ལ་བསམ་གཏན་ཡང་ཡིན་ནོ། །ལྷག་མ་རྣམས་ནི་ཡན་ལག་དག་ཡིན་ནོ་ཞེས་གྲག་གོ། །ཡན་ལག་བཞི་པའི་དམག་ཇི་ལྟ་བར་ཡན་ལག་ལྔའི་བསམ་གཏན་ཡང་དེ་དང་འདྲའོ། །གཉིས་པ་ལ་ནི་ཡན་ལག་བཞི། རབ་དང་དད་

ནི་དགའ་ལ་སོགས། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་རབ་བདེ་དང་གནས། །བསམ་གཏན་གསུམ་པ་ལ་ཡང་ཡན་ལག་

ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་བདེན་པ་དང་། ཏིང་ངེ་འཛིན་ཏོ། །གནས་པ་ནི་ཏིང་ངེ་འཛིན་གྱི་རྣམ་གྲངས་ཡིན་ཏེ། མདོ་ལས། ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་སེམས་གནས་པ་དང་། ཡང་དག་པར་གནས་པའོ་ཞེས་འབྱུང་བའི་ཕྱིར་རོ། །མཐའ་

ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །མཐའ་མ་ནི་བསམ་གཏན་བཞི་པའོ། །དེ་ལ་ཡན་ལག་བཞི་སྟེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། ཏིང་

འཛིན་ཡོངས་སུ་དག་པའོ། །དེ་དག་ནི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་ཡིན་ཏེ། དང་པོ་དང་གསུམ་པ་དག་ལ་ནི་ཡན་ལག་ལྔ་ཡིན་པའི་ཕྱིར་དང་། གཉིས་པ་དང་བཞི་པ་དག་ལ་ནི་ཡན་ལག་བཞི་ཡིན་པའི་ཕྱིར་རོ། །མིང་གི་སྒོ་ནས་ནི་དེ་ལྟའོ། །རྫས་སུ་བཅུ་གཅིག །རྫས་

Vol. 141 · folio 69b

སུ་ནི་དེ་དག་བཅུ་གཅིག་ཡིན་ཏེ། བསམ་གཏན་དང་པོ་ལ་ལྔའོ། །གཉིས་པ་ལ་ནི་ནང་རབ་ཏུ་དང་བ་ལྷག་གོ། །གསུམ་པ་ལ་ནི་བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་རྣམས་སོ། །བཞི་པ་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའོ། །དེ་

ཉིད་ཀྱི་ཕྱིར་སྨྲས་པ། ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་གཉིས་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་། དཔྱོད་པ་དག་གོ། །གཉིས་པ་ནི་ནང་རབ་ཏུ་དང་བའོ། །གསུམ་པ་ནི་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་དོ། །མུ་བཞི་པ་ནི་

བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ་ཞེས་བྱའོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་ཐམས་ཅད་ཕན་ཚུན་དུ་སྦྱར་བར་བྱའོ། །ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། འདི་ལྟར་དེའི་བདེ་བ་ནི་ཚོར་བ་ཡིན་ལ། བསམ་གཏན་དང་པོ་

ན། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། བསམ་གཏན་དང་པོ་དག་ན་ནི་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བཤད་དོ། །འདི་ལ་ནི་ཤིན་ཏུ་སྦྱངས་པ་བདེ་བ་ཡིན་ལ། དེ་ལ་ནི་ཚོར་བ་བདེ་བ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་ཤེ་ན། སྙོམས་པར་འཇུག་པའི་བསམ་གཏན་གཉིས་ན་བདེ་

བའི་དབང་པོ་དང་མི་ལྡན་པའི་ཕྱིར་ཏེ། དེ་གཉིས་ན་དེ་ལུས་ཀྱི་ཡིན་པར་ནི་མི་རུང་སྟེ། སྙོམས་པར་ཞུགས་པ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་རོ། །སེམས་ལས་བྱུང་བ་ཡང་མ་ཡིན་ཏེ། དགའ་བ་ཞེས་འབྱུང་བའི་ཕྱིར་རོ། །དགའ་བ་ནི་ཡིད་བདེ་བ་ཡིན་ན། བདེ་

བ་དང་། ཡིད་བདེ་བ་གཉིས་ཅིག་ཅར་འབྱུང་བ་མེད་དོ། །དེ་གཉིས་རྣམ་གྲངས་ཀྱིས་བསམ་གཏན་ན་ཡོད་པར་ཡང་རིགས་པ་མ་ཡིན་ཏེ། ཡན་ལག་ལྔ་ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་སེམས་ལས་བྱུང་བའི་བདེ་བའི་དབང་པོ་ནི་ཁོ་ན་སྟེ། བསམ་གཏན་གསུམ་ཆར་ན་

ཡང་ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་ཏུ་རྣམ་པར་གཞག་གོ་ཞེས་ཟེར་རོ། །འོ་ན་མདོ་ལས། བདེ་བའི་དབང་པོ་གང་ཞེ་ན་བདེ་བ་མྱོང་བར་འགྱུར་བའི་རེག་པས་རེག་པ་ན་ལུས་ཀྱི་དང་སེམས་ལས་བྱུང་བའི་ཚོར་བའི་རྣམ་པ་བདེ་བ་སིམ་པ་སྐྱེ་བ་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས་བྱའོ་

Vol. 141 · folio 70a

ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། ཚིག་དེ་ནི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་ཏེ། སྡེ་པ་གཞན་ཐམས་ཅད་ལས་ལུས་ཀྱི་ཞེས་བྱ་བ་ཁོ་ན་འབྱུང་བའི་ཕྱིར་དང་། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་རོ། །གལ་ཏེ་ཡིད་ཀྱི་ལུས་ཀྱིས་སོ་ཞེ་ན་

ནི། དེ་སྐད་བཤད་པ་ལ་ཡོན་ཏན་ཅི་ཞིག་ཡོད། བསམ་གཏན་བཞི་པ་ལ་ཤིན་ཏུ་སྦྱངས་པ་མང་བཞིན་དུ་བདེ་བ་མ་སྨོས་པའི་ཡང་ཕྱིར་རོ། །གལ་ཏེ་བདེ་བའི་ཚོར་བ་དང་མཐུན་པའི་ཤིན་ཏུ་སྦྱངས་པ་བདེ་བ་ཡིན་ནོ་ཞེ་ན་ནི། གསུམ་པ་ན་ཡོད་པའི་ཤིན་ཏུ་སྦྱངས་པ་བདེ་བར་མ་གསུངས་

པ་ཡང་ཅིའི་ཕྱིར། གལ་ཏེ་བཏང་སྙོམས་ཀྱིས་བཅོམ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། སྔ་མ་གཉིས་པས་དེ་ཁྱད་པར་དུ་འཕགས་པས་བཏང་སྙོམས་ཁོ་ནས་དེ་འཕེལ་བའི་ཕྱིར་རོ། །གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་

པར་བྱས་ཏེ་གནས་པ་ཞེས་འབྱུང་བའི་མདོ་འདི་ལས་ཀྱང་ཤིན་ཏུ་སྦྱངས་པ་དང་བདེ་བ་གཉིས་ཐ་དད་པར་འབྱུང་བའི་ཕྱིར་ཤིན་ཏུ་སྦྱངས་པ་ཁོ་ན་བདེ་བ་མ་ཡིན་ནོ། །གལ་ཏེ་སྙོམས་པར་ཞུགས་པ་ལ་ཇི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་ཞེ་ན། ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་

ཤིན་ཏུ་སྦྱངས་པ་ཞེས་བྱ་བ་བདེ་བ་མྱོང་བར་འགྱུར་བའི་རླུང་གིས་ལུས་ལ་རྒྱས་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་དུ་རྣམ་པར་གཡེངས་པའི་ཕྱིར་ཏིང་ངེ་འཛིན་ལས་ཉམས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པ་ལུས་ཀྱི་བདེ་བ་ནང་དུ་འབྱུང་བའི་ལུས་ཀྱི་བདེ་བ་ནི་ཏིང་ངེ་འཛིན་དང་

མཐུན་པའི་ཕྱིར་རོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་ཚེ་ལངས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོས་གཟུགས་ན་སྤྱོད་པའི་རེག་བྱ་ལ་རྣམ་པར་ཤེས་པ་མི་སྐྱེའོ་ཞེ་ན། མ་ཡིན་ཏེ། ཤིན་ཏུ་སྦྱངས་པའི་རྣམ་པར་

ཤེས་པ་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཡན་ལག་ཅུང་ཟད་ཅིག་ནི་ཟག་པ་དང་བཅས་པ་ཅུང་ཟད་ཅིག་ནི་ཟག་པ་མེད་པ་ཡིན་ན་མི་རུང་བས་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་ཟག་པ་མེད་པ་དག་ཏུ་ཡང་འགྱུར་རོ་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་

Vol. 141 · folio 70b

པས་འདོད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པའི་ཕྱིར་རོ་ཞེ་ན་ནི་ཟག་པ་མེད་པ་ཉིད་ཀྱང་དེ་དང་འདྲའོ། །གལ་ཏེ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། མིག་ཇི་སྙེད་པ་ཞེས་འབྱུང་བའི་མདོ་འདི་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། རེག་བྱ་དང་ལུས་

ཀྱི་རྣམ་པར་ཤེས་པ་གཞན་ལས་དགོངས་ཏེ་གསུངས་པའི་ཕྱིར་རོ། །གལ་ཏེ་ཟག་པ་མེད་པ་ལ་ཡན་ལག་ཅུང་ཟད་ཅིག་ནི་ཟག་པ་དང་བཅས་པ་ཅུང་ཟད་ཅིག་ནི་ཟག་པ་མེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཅིག་ཅར་མ་ཡིན་པའི་ཕྱིར་ཉེས་པ་ཅི་ཞིག་ཡོད། གལ་ཏེ་བདེ་བ་དང་

དགའ་བ་ཕྲད་པ་མེད་པའི་ཕྱིར་ཡན་ལག་ལྔ་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྲིད་པའི་ཕྱིར་བསྟན་པས་རྟོག་པ་དང་དཔྱོད་པ་བཞིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། སེམས་རྩིང་བ་དང་ཞིབ་པ་གཉིས་འགལ་བའི་ཕྱིར་དང་། ཉེས་པ་སྨོས་པའི་ཕྱིར་གྲུབ་པ་ཡིན་ནོ། །དེ་

ལྟ་བས་ན་བསམ་གཏན་དང་པོ་ལ་ཡོད་པའི་ཡན་ལག་ལྔ་པོ་གང་དག་ཡིན་པ་དེ་དག་ཁོ་ན་ལས་ཡན་ལག་གཉིས་དང་གསུམ་དང་བཞི་བོར་ནས་བསམ་གཏན་གཉིས་པ་ལ་སོགས་པ་རྣམ་པར་གཞག་གོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་དང་པོ་ལ་ནི་ཡན་ལག་ལྔ་ཉིད་དུ་བཤད་ལ། དེ་དག་

ལས་བོར་བས་ནི་བསམ་གཏན་ཕྱི་མ་རྣམ་པར་གཞག་པའི་ཕྱིར་འདུ་ཤེས་ལ་སོགས་པ་ནི་མ་ཡིན་ནོ། །ཡང་ན་ཅིའི་ཕྱིར་ལྔ་ཁོ་ན་ཡན་ལག་ཉིད་ཡིན། གལ་ཏེ་ཕན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྟོག་པ་དང་དཔྱོད་པ་གཉིས་པས་དྲན་པ་དང་ཤེས་རབ་དག་ཆེས་ཕན་པའི་ཕྱིར་རོ། །ཁ་ཅིག་དེ་སྐད་དུ་

རྒོལ་བ་ཡོད་མོད་ཀྱི་སྔོན་གྱི་སློབ་དཔོན་རྣམས་ནི་ཇི་སྙེད་མངོན་པ་དེ་ལྟར་མི་སྟོན་ཏེ། དེ་ལྟ་བས་ན་འདི་ནི་དཔྱད་པར་བྱ་བ་ཡིན་ནོ། །ནང་རབ་ཏུ་དང་བ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། རྟོག་པ་དང་དཔྱོད་པའི་འཁྲུག་པ་དང་བྲལ་བས་རྒྱུད་རབ་ཏུ་ཞི་བར་གྱུར་པ་ནི་ནང་རབ་ཏུ་དང་བ་ཡིན་ཏེ། རྟོག་པ་དང་

དཔྱོད་པས་དཀྲུགས་པའི་རྒྱུད་ནི་ཆུ་བོ་དབའ་རླབས་དང་བཅས་པ་བཞིན་དུ་རབ་ཏུ་མ་དང་བ་ཡིན་ནོ། །འོ་ན་ནི་དེ་རྫས་གཞན་མ་ཡིན་པས་ཇི་ལྟར་ན་རྫས་སུ་ཡན་ལག་བཅུ་གཅིག་ཡིན། དེ་ལྟ་བས་ན། རབ་ཏུ་དང་བ་དད་པ་ཡིན། །དེ་ནི་བསམ་གཏན་གཉིས་པ་ཐོབ་པའི་ཕྱིར་མཉམ་པར་གཞག་

Vol. 141 · folio 71a

པའི་ས་ལས་ངེས་པར་འབྱུང་བ་ལ་ཡིད་ཆེས་པ་སྐྱེ་སྟེ། དེ་ནི་འདིར་ནང་རབ་ཏུ་དང་བ་ཞེས་བྱའོ། །གཞན་དག་ན་རེ་རྟོག་པ་དང་དཔྱོད་པ་དང་། ཏིང་ངེ་འཛིན་རྣམས་ཀྱང་རྫས་གཞན་མ་ཡིན་ལ་ནང་རབ་ཏུ་དང་བ་ཡང་རྫས་གཞན་མ་ཡིན་ནོ། །རྫས་གཞན་མེད་ན་ཇི་ལྟར་སེམས་ལས་བྱུང་

བ་ཉིད་དུ་འགྲུབ་ཅེ་ན། སེམས་ཅན་གྱི་གནས་སྐབས་ཀྱི་བྱེ་བྲག་ཀྱང་སེམས་ལས་བྱུང་བ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་བསྟན་བཅོས་ཀྱི་གྲུབ་པའི་མཐའ་མ་ཡིན་ནོ། །དགའ་བ་ནི་ཡིད་བདེ་བ་ཡིན་ནོ་ཞེས་གང་བཤད་པ་འདི་ཇི་ལྟར་ཁོང་དུ་ཆུད། གཞན་ཅི་ཞིག་ཡིན། ཇི་ལྟར་སྡེ་པ་གཞན་དག་འདོད་

པ་ལྟ་བུ་ཡིན་ནོ། །སྡེ་པ་གཞན་དག་ཇི་ལྟར་འདོད་ཅེ་ན། དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་དག་ཁོ་ན་ཡིན་ལ་ཡིད་བདེ་བ་ནི་བསམ་གཏན་གསུམ་ཆར་གྱི་ཡང་བདེ་བ་ཡིན་པར་འདོད་དོ། །བསམ་གཏན་དག་ན་ཡོད་པའི་བདེ་བ་ནི་ཡིད་བདེ་བ་ཡིན་པར་མི་རུང་བ་ཉིད་ཀྱི། ལུས་རྣམས་གཉིས་ཕྱིར་དགའ་

ཡིད་བདེ། །བཅོམ་ལྡན་འདས་ཀྱིས་རྣམ་པར་སྒྱུར་བའི་མདོ་ལས་བསམ་གཏན་གསུམ་པ་བཀའ་སྩལ་ནས་འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པར་འགག་པར་འགྱུར་རོ་ཞེས་བཀའ་སྩལ་ལ། བསམ་གཏན་བཞི་པ་ལ་ནི་བདེ་བའི་དབང་པོ་འགག་པར་འགྱུར་རོ་ཞེས་བཀའ་

སྩལ་ཏོ། །ཡང་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་གསུངས་པས་དེའི་ཕྱིར་ཡང་བསམ་གཏན་གསུམ་པ་ན་ཡིད་བདེ་བའི་དབང་པོ་མེད་དེ། དེ་ལྟར་བས་ན་དགའ་བ་ཁོ་ན་ཡིད་བདེ་བ་ཡིན་གྱི་བདེ་བ་ནི་མ་ཡིན་ནོ། །ཅི་ཉོན་

མོངས་པ་ཅན་གྱི་བསམ་གཏན་དག་ལ་ཡང་ཇི་སྐད་དུ་བཤད་པ་ལྟར་ཡན་ལག་དེ་དག་ཡོད་དམ་ཞེ་ན། མེད་དོ། །དེ་དག་ན་ཅི་ཞིག་མེད་ཅེ་ན། ཉོན་མོངས་ཅན་ལ་དགའ་བདེ་དང་། །དྲན་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། །བསམ་གཏན་དང་པོ་ལ་ནི་བདེ་བ་ལས་

སྐྱེས་པའི་དགའ་བ་དང་བདེ་བ་མེད་དེ། ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ནི་ནང་རབ་ཏུ་དང་བ་མེད་དེ། ཉོན་མོངས་པས་རྙོག་པའི་ཕྱིར་རོ། །གསུམ་པ་ལ་ནི་དྲན་པ་དང་ཤེས་བཞིན་མེད་དེ། ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་དུ་རྨོངས་པར་བྱ་བའི་ཕྱིར་རོ། །

Vol. 141 · folio 71b

བཞི་པ་ལ་ནི་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་མེད་དེ། ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་རོ། །རེ་ཞིག་ཁ་ཅིག་དེ་སྐད་ཟེར་རོ། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །ཁ་ཅིག་ན་རེ་ཉོན་མོངས་པ་ཅན་དང་པོ་དང་གཉིས་པ་དག་ན་ནི་ཤིན་ཏུ་སྦྱངས་པ་མེད་ལ་གསུམ་པ་དང་

བཞི་པ་དག་ན་ནི་བཏང་སྙོམས་མེད་དེ། །དེ་གཉིས་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་པ་དག་ཡིན་ནོ་ཞེས་བཀའ་སྩལ་ཏེ། །སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། བཞི་པ་

གཡོ་བ་མེད་པ་ཡིན། །སྐྱོན་དེ་དག་ཀྱང་གང་ཞེ་ན། །རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །རྟོག་པ་དང་། དཔྱོད་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། དབུགས་རྔུབ་པ་དང་དབུགས་འབྱུང་བ་སྟེ། བསམ་གཏན་བཞི་

པ་ན་ནི་སྐྱོན་བརྒྱད་པོ་དེ་དག་གཅིག་ཀྱང་མེད་པས་དེའི་ཕྱིར་དེ་ནི་མི་གཡོ་བ་ཞེས་བཤད་དོ། །གཞན་དག་ན་རེ་བཞི་པ་ནི་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དག་གིས་གཡོ་བར་མི་འགྱུར་བའི་ཕྱིར་མི་གཡོ་བ་ཡིན་ཏེ། མདོ་ལས་རླུང་མེད་པའི་མར་མེ་དཔེར་མཛད་པའི་ཕྱིར་ཞེས་

ཟེར་རོ། །བསམ་གཏན་གཉིས་པ་ན་ནི་དགའ་བ་ཞེས་སྨོས་པའི་ཕྱིར་ཡིད་བདེ་བ་ཡོད་པར་བཤད། གསུམ་པ་ན་ནི་བདེ་བ། བཞི་པ་ན་ནི་བཏང་སྙོམས་ཡོད་པར་བཤད་ན། དེ་ཅི། སྙོམས་པར་འཇུག་པའི་བསམ་གཏན་དག་ན་ཡོད་པའི་ཚོར་བ་གང་དག་ཡིན་པ་དེ་དག་ཉིད་སྐྱེ་བའི་

བསམ་གཏན་དག་ན་ཡོད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། འོ་ན་ཇི་ལྟ་བུ་ཞེ་ན། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །སྐྱེ་བའི་བསམ་གཏན་དང་པོ་ན་ནི། ཚོར་བ་གསུམ་

ཡོད་དེ། རྣམ་པར་ཤེས་པའི་ཚོགས་གསུམ་པའི་བདེ་བ་དང་། ཡིད་ཀྱི་ས་པའི་ཡིད་བདེ་བ་དང་། རྣམ་པར་ཤེས་པའི་ཚོགས་བཞི་པའི་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་གཉིས་པ་ན་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་ཡིད་བདེ་བ་དང་བཏང་སྙོམས་སོ། །རྣམ་པར་ཤེས་པའི་ཚོགས་

Vol. 141 · folio 72a

གཞན་མེད་པའི་ཕྱིར་བདེ་བ་དང་། ཡིད་ཀྱི་ས་པའི་ཡིད་བདེ་བ་དང་། རྣམ་པར་ཤེས་པའི་ཚོགས་བཞི་པའི་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་གཉིས་པ་ན་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་ཡིད་བདེ་བ་དང་བཏང་སྙོམས་སོ། །རྣམ་པར་ཤེས་པའི་ཚོགས་

གཞན་མེད་པའི་ཕྱིར་བདེ་བ་མེད་དོ། །སྐྱེ་བའི་བསམ་གཏན་གསུམ་པ་ན་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་བདེ་བ་དང་། བཏང་སྙོམས་སྐྱེ་བའི་བསམ་གཏན་བཞི་པ་ན་ནི་བཏང་སྙོམས་ཁོ་ན་ཡོད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལ་སོགས་པ་དག་ན་རྣམ་པར་ཤེས་

པའི་ཚོགས་གསུམ་མེད་པ་ལ་རྟོག་པ་དང་དཔྱོད་པ་དག་ཀྱང་མེད་ན་ཇི་ལྟར་ན་དེ་དག་གིས་མཐོང་བ་ནས་རེག་པའི་བར་དུ་འགྱུར། ཇི་ལྟར་ན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ཅེ་ན། དེ་དག་ཏུ་སྐྱེས་པ་རྣམས་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པ་ཉིད་ཀྱང་མ་ཡིན་ལ་རང་

གི་ས་པ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །བསམ་གཏན་གཉིས་པ་ལ་སོགས་པ་དག་ན་ནི་སྤྲུལ་པའི་སེམས་བཞིན་དུ་གང་གིས་ན་དེ་དག་གིས་མཐོང་བས་ན་རྣམ་

པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་བར་བསམ་གཏན་དང་པོའི་ས་པའི་མིག་དང་། རྣ་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་རྣམ་པར་རིག་བྱེད་ཀུན་ནས་སློང་པར་བྱེད་པ་མངོན་སུམ་དུ་བྱེད་དོ། །དེ་ལུང་མ་བསྟན་ཉོན་མོངས་མིན། །དེ་དག་མངོན་སུམ་དུ་བྱེད་པ་བསམ་གཏན་དང་

པོའི་ས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་གྱི། འདོད་ཆགས་དང་བྲལ་བའི་ཕྱིར་ཉོན་མོངས་པ་ཅན་ཡང་མ་ཡིན་ལ། དམན་པའི་ཕྱིར་དགེ་བ་ཡང་མ་ཡིན་ནོ། །བསམ་གཏན་གྱི་བྱ་བ་རྫོགས་སོ།། །།ཡང་དག་པ་ས་ལ་

སོགས་པའི་བསམ་གཏན་དང་གཟུགས་མེད་པ་རྣམས་ཇི་ལྟར་འཐོབ་ཅེ་ན། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་འཐོབ། །དེ་དང་མི་ལྡན་པ་ནི་བསམ་གཏན་ནམ་གཟུགས་མེད་པ་དག་ས་འོག་མ་ལས་འདོད་ཆགས་དང་བྲལ་བའམ། སྲིད་པའི་རྩེ་མོ་མ་

Vol. 141 · folio 72b

གཏོགས་པས་འོག་མར་སྐྱེ་བ་ལས་འཐོབ་སྟེ། དེ་ནི་སྐྱེ་བས་འཐོབ་པ་མེད་དོ། །ཅིའི་ཕྱིར་དེ་དང་མི་ལྡན་པ་ཞེས་བརྗོད་ཅེ་ན། དག་པ་པ་དང་ལྡན་པ་ནི་སྦྱོར་བ་ལས་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དག་པ་པ་འཐོབ་ལ། ཡོངས་སུ་ཉམས་པ་ལས་ཀྱང་ཉམས་པའི་ཆ་དང་མཐུན་

པ་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་དག་པ་པ་འདོད་ཆགས་དང་བྲལ་བས་འཐོབ་པར་འགྱུར་ལ་འདོད་ཆགས་དང་བྲལ་བས་འདོར་བར་འགྱུར་བ་དང་དེ་བཞིན་དུ་ཡོངས་སུ་ཉམས་པ་དང་སྐྱེ་བས་འཐོབ་པ་དང་། འདོར་བར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། བསམ་གཏན་

དང་པོ་ཉམས་པའི་ཆ་དང་མཐུན་པར་རོ། །དེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་ལ། ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་འདོར་རོ། །ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འཐོབ་ལ། འདོད་

པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འདོར་རོ། །གང་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ན་འཐོབ་ལ། དེས་ན་འདོད་པའི་ཁམས་སུ་སྐྱེ་བ་ན་འདོར་རོ་ཞེས་འབྱུང་ངོ་། །ཟག་མེད་འདོད་ཆགས་བྲལ་བ་ཡིས། །དེ་དང་མི་ལྡན་པ་ལས་འཐོབ། །ཅེས་བྱ་བར་

སྦྱོར་རོ། །དེ་དང་ལྡན་པ་ནི་ཟད་པ་ཤེས་པ་ལས་ཀྱང་མི་སློབ་པ་འཐོབ་ལ། དབང་པོ་འཕོ་བ་ལས་ཀྱང་སློབ་པ་དང་མི་སློབ་པ་འཐོབ་བོ། །ངེས་པར་འཇུག་པ་ལས་ཀྱང་དང་པོ་ཉིད་དུ་ཟག་པ་མེད་པ་འཐོབ་པ་མ་ཡིན་ནམ་ཞེ་ན། མཐར་གྱིས་པས་མི་འཐོབ་པའི་ཕྱིར་གདོན་མི་ཟ་བ་

ཡིན་ཏེ། ཇི་ལྟར་གདོན་མི་ཟ་བར་འཐོབ་པ་དེ་ལྟར་བཤད་དོ། །ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །དེ་དང་མི་ལྡན་པ་ལས་འཐོབ། །ཅེས་བྱ་བ་ཁོ་ནར་སྦྱར་ཏེ། གལ་ཏེ་དེ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཡོངས་སུ་ཉམས་པ་ལས་འཐོབ་བོ། །གལ་ཏེ་ས་

གོང་མ་ལས་ན་ས་འོག་མར་སྐྱེས་ན་སྐྱེ་བས་འཐོབ་བོ། །སྙོམས་པར་འཇུག་པའི་རྫས་གང་གི་མཇུག་ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཟག་པ་མེད་པའི་བསམ་གཏན་དང་པོའི་མཇུག་ཐོགས་སུ་དྲུག་སྐྱེ་སྟེ། རང་གི་ས་པ་དང་བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་

Vol. 141 · folio 73a

དག་པ་པ་དང་ཟག་པ་མེད་པ་གཞན་དག་གོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་བདུན་ཏེ་རང་གི་ས་པ་དང་རྣམ་ཤེས་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་དག་པ་པ་དང་ཟག་པ་མེད་པ་དང་། སྲིད་པའི་རྩེ་མོའི་དག་པ་ཁོ་ན་སྟེ། ཟག་པ་

མེད་པ་མེད་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་མཇུག་ཐོགས་སུ་བརྒྱད་དེ། རང་གི་ས་པ་དང་བསམ་གཏན་གསུམ་པ་དང་། བཞི་པ་དང་། དང་པོའི་ས་པའི་དག་པ་པ་དང་ཟག་པ་མེད་པ་དག་གོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་དགུ་སྟེ། རང་གི་ས་པ་

གཉིས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་བསམ་གཏན་བཞི་པའི་ས་པ་བཞི་དང་། ཅི་ཡང་མེད་པ་དང་སྲིད་པའི་རྩེ་མོའི་ས་པ་གསུམ་མོ། །དེ་བཞིན་དུ་བསམ་གཏན་དང་གཟུགས་མེད་པ་གཞན་གྱི་མཇུག་ཐོགས་སུ་ཡང་རྫས་བཅུ་སྦྱར་བར་བྱའོ། །འདི་ནི་མདོར་བསྡུ་བ་ཡིན་ཏེ།

ཟག་པ་མེད་པའི་མཇུག་ཐོགས་སུ། ལྟག་འོག་གསུམ་པའི་བར་དགེ་བ་སྐྱེ་བའོ། །དགེ་བ་སྨོས་པ་ནི་དག་པ་པ་དང་། ཟག་པ་མེད་པ་གཟུང་སྟེ། དགེ་བ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྫས་ཀྱི་མཇུག་ཐོགས་སུ་རང་གི་ས་པ་དང་ས་གོང་མ་དང་། འོག་མ་ས་གསུམ་པའི་བར་གྱི་

དག་པ་པ་དང་ཟག་པ་མེད་པ་སྐྱེ་སྟེ། ཐོད་རྒལ་དུ་སྙོམས་པར་འཇུག་པར་བྱེད་པས་གསུམ་པ་ལས་ཕན་ཆད་དུ་ནི་རྒལ་བར་མི་ནུས་སོ། །རྗེས་སུ་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པ་ལ་སྙོམས་པར་འཇུག་གི་ཆོས་ཤེས་པའི་མཇུག་ཐོགས་སུ་ནི་མ་ཡིན་ཏེ། དེའི་རྟེན་དང་དམིགས་

པ་འོག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟག་པ་མེད་པའི་མཇུག་ཐོགས་སུ་བཤད་པ་ལྟར་དག་པ་ལས་དེ་བཞིན། རིག་པར་བྱ་ལ། རང་གི་ས་པའི་ཉོན་མོངས་ཀྱང་། །དག་པ་པའི་མཇུག་ཐོགས་སུ་ལྷག་པར་རང་གི་ས་པའི་ཉོན་མོངས་པ་ཅན་སྐྱེའོ། །ལྷག་མ་ནི་ཟག་པ་མེད་པ་

ལས་བཤད་པ་ཇི་ལྟ་བ་བཞིན་ནོ། །ཟག་པ་མེད་པའི་མཇུག་ཐོགས་སུ་ནི་ཉོན་མོངས་པ་ཅན་སྐྱེ་བ་མེད་དོ། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པའི་རྫས་ཀྱི་མཇུག་ཐོགས་སུ་ནི་རང་གི་ས་པའི་དག་པ་པ་དང་ཉོན་མོངས་

Vol. 141 · folio 73b

པ་ཅན་དག་སྐྱེའོ། །འོག་མའི་དག་ཅིག་ཀྱང་། ཉོན་མོངས་པས་གཟིར་བ་ནི་འོག་མའི་སྙོམས་པར་འཇུག་པའི་དག་པ་པ་ལ་ཡང་དགའ་བར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་ཅན་ཡོངས་སུ་བཅད་ནས་འོག་མར་འཕོ་ན་ནི་དགེ་བ་ལས་འཕོས་པ་ཡིན་གྱི་ཉོན་མོངས་པ་ཅན་ལས་ནི་མ་ཡིན་ནོ། །

འོན་ཏེ་ཡོངས་སུ་མ་བཅད་ན་ནི་ཇི་ལྟར་འཕོ་ཞེ་ན། སྔོན་འཕངས་པའི་ཕྱིར་ཏེ། སྔོན་འདི་སྙམ་དུ་འོག་མའི་དག་པ་པ་ནི་བླའི་གོང་མའི་ཉོན་མོངས་པ་ཅན་ནི་མ་ཡིན་ནོ་སྙམ་དུ་འདོད་པར་འགྱུར་ལ། སྔོན་གྱི་བསམ་པ་ཡང་སེམས་ཅན་རྣམས་ཀྱི་རྒྱུན་གྱི་རྗེས་སུ་འབྲངས་ཏེ། བསམས་ནས་

གཉིད་ལོག་པར་འདོད་པའི་དུས་སུ་སད་པ་བཞིན་ནོ། །ཟག་པ་མེད་པ་ནི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རྣམ་པ་ཐམས་ཅད་དུ་མི་སྐྱེའོ། །སྙོམས་པར་འཇུག་པའི་དུས་ཀྱི་ཕྱིར་དག་པ་པ་དང་། ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རང་གི་ས་པའི་ཉོན་མོངས་པ་ཅན་

ཁོ་ན་སྐྱེའི་གཞན་གྱི་ས་པ་ནི་མ་ཡིན་ནོ་ཞེས་དེ་སྐད་དུ་བཤད་ཀྱི། འཆི་འཕོ་དག་ལས་ཉོན་མོངས་ཀུན། །འཆི་འཕོ་བའི་ཚེ་སྐྱེ་བས་ཐོབ་པའི་དག་པ་པའི་མཇུག་ཐོགས་སུ་ས་ཐམས་ཅད་པའི་ཉོན་མོངས་པ་ཅན་སྐྱེའོ། །ཉོན་མོངས་ཅན་ལས་གོང་མ་མིན། །འཆི་འཕོ་བའི་ཚེ་ཉོན་

མོངས་པ་ཅན་གྱི་བསམ་གཏན་དང་གཟུགས་མེད་པའི་མཇུག་ཐོགས་སུ་རང་གི་ས་པ་དང་ས་འོག་མ་པའི་ཉོན་མོངས་པ་ཅན་སྐྱེའི་ས་གོང་མ་པ་ནི་མ་ཡིན་ནོ། །དག་པ་པ་ཐམས་ཅད་ལས་ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྫས་སྐྱེ་བ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན།

དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི། དག་པ་པ་ནི་ཉམས་པའི་ཆ་དང་མཐུན་པ་དང་། གནས་པའི་ཆ་དང་མཐུན་པ་དང་། ཁྱད་པར་གྱི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། རྣམ་པ་བཞིའོ། །སྲིད་པའི་རྩེ་མོ་ན་ནི་རྣམ་པ་གསུམ་ཡིན་ཏེ། ཁྱད་པར་གྱི་ཆ་

དང་མཐུན་པ་མ་གཏོགས་སོ། །འདིའི་མཚན་ཉིད་ཅི་ཞེ་ན། དེ་ནི་གོ་རིམས་བཞིན་དུ། ཉོན་མོངས་སྐྱེ་དང་རང་ས་དང་། །གོང་དང་ཟག་མེད་རྗེས་མཐུན་པའོ། །ཉམས་པའི་ཆ་དང་མཐུན་པ་ནི་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གནས་པའི་ཆ་དང་མཐུན་པ་ནི་རང་གི་ས་

Vol. 141 · folio 74a

དང་རྗེས་སུ་མཐུན་པའོ། །ཁྱད་པར་ཅན་གྱི་ཆ་དང་རྗེས་སུ་མཐུན་པ་ནི་ས་གོང་མ་དང་རྗེས་སུ་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཟག་པ་མེད་པའི་རྗེས་སུ་མཐུན་པ་སྟེ། ཟག་པ་མེད་པ་ནི་དེ་ལས་སྐྱེའོ། །ཡང་བཞི་པོ་དེ་དག་ལས་གང་གི་མཇུག་

ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཉམས་པའི་ཆ་དང་མཐུན་པ་ནི་ཉམས་པ་དང་བརྟེན་པའོ། །དེའི་མཇུག་ཐོགས་སུ་ནི་གཉིས་སྐྱེ་སྟེ། ཉམས་པ་དང་གནས་པའི་ཆ་དང་མཐུན་པ་དག་གོ། །གནས་

པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་སོ། །ཁྱད་པར་ཅན་གྱི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་གསུམ་སྟེ། ཉམས་པའི་ཆ་དང་མཐུན་པ་མ་གཏོགས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་

ནི་གཅིག་སྟེ། དེ་གཅིག་པུ་སྐྱེའོ། །ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཇི་ལྟར་སྐྱེ་ཞེ་ན། ས་བརྒྱད་རྣམ་གཉིས་འབྲེལ་པ་དང་། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ས་བརྒྱད་ཅེས་བྱ་བ་ནི་བསམ་

གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་གཉིས་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །འབྲེལ་པ་དང་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །གཅིག་རྒལ་ཞེས་བྱ་བ་ནི་རེ་རེ་རྒལ་ནས་སོ། །སོང་ཞིང་ཞེས་བྱ་བ་ནི་ལུགས་དང་

མཐུན་པར་སྙོམས་པར་ཞུགས་ནས་སོ། །འོངས་ནས་ཞེས་བྱ་བ་ནི་ལུགས་དང་མི་མཐུན་པར་སྙོམས་པར་ཞུགས་ནས་སོ། །ཟག་པ་དང་བཅས་པའི་ས་བརྒྱད་དང་ཟག་པ་མེད་པའི་ས་བདུན་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་སྙོམས་པར་འཇུག་པའི་སྒོ་ནས་བྱང་བར་བྱས་ནས།

ཕྱིས་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་དང་བཅས་པའི་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། དེ་ནས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་བཞིན་དུ་ལུགས་དང་མི་མཐུན་པ་ཡང་བྱང་བར་བྱས་

Vol. 141 · folio 74b

ནས་ཟག་པ་མེད་པ་རྣམས་ཀྱང་རེ་རེ་རྒལ་ཞིང་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ནི་ཐོད་རྒལ་དུ་སྙོམས་པར་འཇུག་པའི་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཟག་པ་དང་བཅས་པ་དང་པོ་ནས་ཟག་པ་མེད་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང་།

དེ་ནས་ནི་ཟག་པ་དང་བཅས་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། དེ་ནས་ནི་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་དུ་ལུགས་དང་མི་མཐུན་པར་ཡང་སྙོམས་པར་འཇུག་པ་དེའི་ཚེ་རིས་མི་མཐུན་པའི་རྫས་གསུམ་པར་འགྲོ་བའི་ཕྱིར་

མངོན་པར་གྲུབ་པ་ཡིན་ནོ། །ཤིན་ཏུ་རིང་བའི་ཕྱིར་བཞི་པ་ལ་ནི་སྙོམས་པར་མི་འཇུག་གོ། །དེ་ཡང་གླིང་གསུམ་དུ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ནས་སྐྱེད་པར་བྱེད་དེ། ཉོན་མོངས་པ་མེད་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་དབང་བའི་ཕྱིར་རོ། །

མཐོང་བས་འཐོབ་པ་ནི་གལ་ཏེ་དབང་པོ་རྣོན་པོ་ཡིན་པའི་ཕྱིར་ཏིང་ངེ་འཛིན་ལ་དབང་བ་ཡིན་ཡང་ཉོན་མོངས་པ་མེད་པ་ནི་མ་ཡིན་ནོ། །དུས་ཀྱིས་རྣམ་པར་གྲོལ་བ་ནི་གལ་ཏེ་ཉོན་མོངས་པ་མེད་པ་ཡིན་ཡང་། ཏིང་ངེ་འཛིན་ལ་དབང་བ་ནི་མ་ཡིན་ནོ། །རྟེན་གང་གིས་བསམ་གཏན་དང་

གཟུགས་མེད་པ་དུ་ཞིག་མངོན་སུམ་དུ་བྱེད་ཅེ་ན། བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན་སྲིད་པའི་རྩེ་མོར་ཡང་མངོན་སུམ་དུ་བྱེད་ལ་འོག་མ་འདོད་པའི་ཁམས་ཀྱི་བར་དུ་ཡང་མངོན་སུམ་དུ་བྱེད་དོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་གི་ས་དང་ས་འོག་མར་མངོན་

སུམ་དུ་བྱེད་དོ། །ཅིའི་ཕྱིར་གོང་དུ་སྐྱེས་པ་སྙོམས་པར་འཇུག་པ་འོག་མ་མངོན་སུམ་དུ་མི་བྱེད་ཅེ་ན། འདི་ལྟར་དེ་ལ་འོག་དགོས་མེད། །དེ་ལ་ནི་སྙོམས་པར་འཇུག་པ་འོག་མའི་རྫས་ཀྱིས་ཅུང་ཟད་ཀྱང་དགོས་པར་མི་བྱེད་དེ་དམན་པའི་ཕྱིར་རོ། །སྤྱིར་བསྟན་པ་བྱས་ནས་དམིགས་ཀྱིས་

སྟོན་པར་བྱེད་དེ། སྲིད་རྩེར་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །འཕགས་པ་སྲིད་པའི་རྩེ་མོར་སྐྱེས་པ་ནི་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ནས་ཟག་པ་ཟད་པར་འགྱུར་རོ། །ཇི་ལྟར་ན་དེར་སྐྱེས་པ་དེ་མངོན་སུམ་དུ་བྱེད་ཅེ་ན།

Vol. 141 · folio 75a

རང་གི་མེད་པའི་ཕྱིར་དང་། དེ་ཡང་ཉེ་བའི་ཕྱིར་རོ། །ཡང་བསམ་གཏན་དང་གཟུགས་མེད་པ་འདི་དག་གི་དམིགས་པ་ཅི་ཞིག་ཡིན་ཞེ་ན། སྲེད་བཅས་རང་གི་སྲིད་ལ་དམིགས། །རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་ནི་རང་གི་ས་པའི་སྲིད་པ་ལ་དམིགས་སོ། །

སྲིད་པ་སྨོས་པ་ནི་ཟག་པ་དང་བཅས་པའི་དངོས་པོ་གཟུང་ངོ་། །འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ལ་ཡང་མི་དམིགས་སོ། །ས་རྣམས་ནི་སྲིད་པས་ཡོངས་སུ་བཅད་པའི་ཕྱིར་གོང་མ་ལ་ཡང་མ་ཡིན་ནོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་མ་ཡིན་ནོ། །

བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །དགེ་བའི་བསམ་གཏན་དག་པ་དང་། །ཟག་པ་མེད་པའི་བསམ་གཏན་དེའི་དམིགས་པ་ནི་འདུས་བྱས་སམ་འདུས་མ་བྱས་གང་ཅི་ཡོད་ཀྱང་རུང་བ་ཐམས་ཅད་ཡིན་ནོ། །གཟུགས་མེད་དངོས་བཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་

མིན། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱི་དམིགས་པ་ནི་ས་འོག་མ་པའི་ཟག་པ་དང་བཅས་པའི་དངོས་པོ་མ་ཡིན་ཏེ། རང་གི་ས་པ་དང་། ས་གོང་མ་ལ་དམིགས་པའི་ཕྱིར་རོ། །དམིགས་པ་ཟག་པ་མེད་པ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་ཡིན་གྱི་

ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡང་མ་ཡིན་ལ་ས་འོག་མའི་འགོག་པ་ཡང་མ་ཡིན་ནོ། །ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་ནི་ས་འོག་མ་ཡིན་ནོ། །བསམ་གཏན་དང་གཟུགས་མེད་པ་རྣམ་པ་གསུམ་པོ་འདི་དག་ལས། ཟག་པ་མེད་པས་ཉོན་

མོངས་པ་རྣམས་སྤོང་ངོ་། །དག་པ་པས་ཀྱང་མི་སྤོང་ན། །ཉོན་མོངས་པ་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ལ་ཡང་མ་ཡིན་ལ། དེ་ཉིད་དེའི་གཉེན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་ས་ན་ཡོད་པ་ཡང་མ་ཡིན་ནོ། །ཆེས་ཁྱད་པར་དུ་

འཕགས་པའི་ཕྱིར་གོང་མ་ཡང་མ་ཡིན་ནོ། །ཉེར་བསྡོགས་དག་པས་ཀྱང་། གཟུགས་དང་གཟུགས་མེད་པའི་ཉེར་བསྡོགས་ནི་དག་པ་པས་ཀྱང་ཉོན་མོངས་པ་རྣམས་སྤོང་སྟེ། ས་འོག་མ་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉེར་བསྡོགས་དུ་ཞིག་ཡོད་ཅེ་ན། །དེ་དག་ལ་ནི་ཉེར་

Vol. 141 · folio 75b

བསྡོགས་བརྒྱད། །རེ་རེ་ལ་གང་གིས་དེ་ལ་འཇུག་པ་རེ་རེ་ཡོད་དོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ་དེ་དག་ལ་ཚོར་བ་ཡང་དེ་དང་འདྲ་བར་ཡོད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དག་པ་བདེ་མིན་སྡུག་བསྔལ་མིན། །དེ་དག་ནི་དག་པ་པ་ཡང་ཡིན་ལ་བཏང་སྙོམས་ཀྱི་དབང་པོ་དང་

མཚུངས་པར་ལྡན་པ་དག་ཀྱང་ཡིན་ཏེ། འབད་དེ་དྲང་བར་བྱ་བ་ཡིན་པའི་ཕྱིར་དང་། ས་འོག་མ་པ་ལས་ཡིད་འབྱུང་བ་དང་མ་བྲལ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །དང་པོ་འཕགས་པའང་། ཉེར་

བསྡོགས་ཀྱི་དང་པོ་ནི་མི་ལྕོགས་པ་མེད་པ་སྟེ། དེ་ནི་དག་པ་པ་ཡང་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ནོ། །ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ཉོན་མོངས་པ་ཅན་ཡིན་མོད་ཀྱི་མཉམ་པར་གཞག་པ་ལ་ནི་ཉོན་མོངས་པ་ཅན་ཉིད་དགག་གོ། །ཁ་ཅིག་གསུམ། ཁ་ཅིག་ནི་མི་ལྕོགས་

པ་མེད་པ་རོ་མྱང་བ་དང་མཚུངས་པར་ལྡན་པ་ཡང་འདོད་དོ། །ཉེར་བསྡོགས་ཞེས་ཀྱང་འབྱུང་། བསམ་གཏན་ཁྱད་པར་ཅན་ཞེས་ཀྱང་འབྱུང་ན། ཅི་འདིའི་དོན་གཅིག་པ་ཞིག་གམ། འོན་ཏེ་དོན་ཐ་དད་པ་ཞིག་ཡིན་ཞེ་ན། དོན་ཐ་དད་པ་ཡིན་ཏེ། ཉེར་བསྡོགས་ནི་འདོད་ཆགས་དང་

བྲལ་བའི་ལམ་ཡིན་ལ། རྟོག་མེད་བསམ་གཏན་ཁྱད་པར་ཅན། །བསམ་གཏན་དང་པོ་ཁོ་ན་རྟོག་པ་དང་། །མཚུངས་པར་མི་ལྡན་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ཏེ། བསམ་གཏན་གྱི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་ན་རྣམ་

པར་མི་གཞག་པ་སྟེ། ཁྱད་པར་མེད་པའི་ཕྱིར་རོ། །བསམ་གཏན་ཁྱད་པར་ཅན་དེ་ནི། །རྣམ་གསུམ། རོ་མྱང་བ་དང་མཚུངས་པར་ལྡན་པ་དང་དག་པ་པ་དང་ཟག་པ་མེད་པ་ཡིན་ནོ། །དེ་བདེ་མིན་སྡུག་མིན། འདི་ལ་བདེ་བ་ཡང་མེད་པས་ན་བདེ་བ་ཡང་མ་ཡིན་པ་སྡུག་བསྔལ་ཡང་མ་ཡིན་པ་སྟེ།

བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བ་ཡིན་པའི་ཕྱིར། དགའ་བ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ལམ་དཀའ་བ་ཡིན་ནོ། །འོ་ན་བསམ་གཏན་ཁྱད་པར་ཅན་དེའི་

Vol. 141 · folio 76a

འབྲས་བུ་ཁྱད་པར་ཅན་གང་ཞིག་ཡིན་ཞེ་ན། དེ་ནི་ཚངས་ཆེན་འབྲས་བུ་ཅན། །བསམ་གཏན་ཁྱད་པར་ཅན་དེ་བསྒོམས་ནས་ཚངས་པ་ཆེན་པོར་འགྱུར་རོ། །ཡང་ཏིང་ངེ་འཛིན་ཐམས་ཅད་མདོར་བསྡུས་ཏེ། མདོ་ལས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་

པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་གསུམ་དུ་བཀའ་སྩལ་ཏེ། དེ་ལ་རེ་ཞིག་བསམ་གཏན་ཁྱད་པར་ཅན་ན་ནི། རྟོག་པ་ཙམ་ཞིག་བཀག་པའི་ཕྱིར་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་

ཏིང་ངེ་འཛིན་ཏོ་ཞེས་ཤེས་པར་བྱས་ཟིན་ཏོ། །དེ་མན་ཆད་རྟོག་དཔྱོད་བཅས་པའི། །ཏིང་ངེ་འཛིན། བསམ་གཏན་ཁྱད་པར་ཅན་དེ་མན་ཆད་ཀྱི་ཏིང་ངེ་འཛིན་བསམ་གཏན་དང་པོ་དང་། མི་ལྕོགས་པ་མེད་པ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན་ནོ། །ཡན་ཆད་

གཉི་ག་མེད་པས་ན། །འདི་ན་གཉི་ག་མེད་པ་སྟེ། །བསམ་གཏན་ཁྱད་པར་ཅན་ཡན་ཆད་ཀྱི་ཏིང་ངེ་འཛིན་བསམ་གཏན་གཉིས་པའི་ཉེར་བསྡོགས་ནས་སྲིད་པའི་རྩེ་མོའི་བར་ནི་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའོ། །ཡང་སྟོང་པ་ཉིད་ཀྱི་ཏིང་འཛིན་དང་། སྨོན་པ་མེད་པའི་ཏིང་

ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གསུམ་གསུངས་ཏེ། དེ་ལ། མཚན་མེད་ཞི་བའི་རྣམ་པ་དང་། །འགོག་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་སྟེ། རྣམ་པ་བཞི་པ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཚན་

མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། འཇུག་པའོ། །བདག་

མེད་པ་དང་སྟོང་པ་ཉིད་ཀྱི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་དེ། རྣམ་པ་གཉིས་པ་ཡིན་ནོ། །སྨོན་པ་མེད་པ་ནི། དེ་ལས་གཞན་བདེན་རྣམ་པ་དང་། །བདེན་པ་ལྷག་མའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྨོན་པ་མེད་པ་སྟེ།

Vol. 141 · folio 76b

རྣམ་པ་བཅུ་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་འབྱུང་བའི་ཕྱིར་དང་། ལམ་ཡང་གདོན་མི་ཟ་བར་གཟིངས་ལྟ་བུར་དོར་བར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་དེའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྨོན་པ་མེད་པ་ཡིན་ཏེ། དེ་ལས་འདའ་བར་མངོན་སུམ་དུ་ཕྱོགས་པའི་

ཕྱིར་རོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སྟོང་པ་དང་བདག་མེད་པ་དག་གིས་ནི་ཡིད་མི་འབྱུང་ངོ་། །ཏིང་ངེ་འཛིན་རྣམ་པ་གསུམ་པོ་འདི་དག་ནི་རྣམ་པ་གཉིས་ཏེ། དག་དང་དྲི་མ་མེད། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །དག་པ་པ་

ཡང་ཡིན་ལ་ཟག་པ་མེད་པ་དག་ཀྱང་ཡིན་ཏེ། འཇིག་རྟེན་པ་རྣམས་ནི་ས་བཅུ་གཅིག་ན་ཡོད་དོ། །འཇིག་རྟེན་ལས་འདས་པ་རྣམས་ནི་གང་ན་ལམ་ཡོད་པ་ན་ཡོད་དོ། །དེ་དག །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཏིང་ངེ་འཛིན་གསུམ་པོ་དེ་དག་དྲི་མ་མེད་པ་ནི་ཐར་པའི་སྒོ་ཡིན་པའི་

ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་པའི་སྒོ་སྨོན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཞེས་བྱའོ། །ཡང་། སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ། །ཞེས་བྱ་བ་སྟེ། སྟོང་

པ་ཉིད་སྟོང་པ་ཉིད་དང་། སྨོན་པ་མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་པ་མཚན་མ་མེད་པའོ། །སྟོང་པ་ཉིད་ལ་སོགས་པ་ལ་དམིགས་པའི་ཕྱིར་མིང་དེ་སྐད་ཅེས་བྱའོ། །དེ་དག་ལས། གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པ་ལ་དམིགས་པ་ཡིན། །ཏིང་ངེ་འཛིན་གཞན་

གཉིས་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་དམིགས་པ་ཡིན་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྟོང་པའི་རྣམ་པར་དམིགས་སོ། །སྨོན་པ་མེད་པ་སྨོན་པ་མེད་པ་ཡང་མི་སློབ་པའི་སྨོན་པ་མེད་པ་ལ་མི་རྟག་པའི་རྣམ་པར་དམིགས་སོ། །སྡུག་

བསྔལ་བར་ཡང་མ་ཡིན་ལ་རྒྱུ་ལ་སོགས་པར་ཡང་མ་ཡིན་ཏེ། ཟག་པ་མེད་པ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །ལམ་གྱི་རྣམ་པ་རྣམས་སུ་ཡང་མ་ཡིན་ཏེ། སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །

Vol. 141 · folio 77a

མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མི་སློབ་པའི་མཚན་མ་མེད་པའི་སོ་སོར་མ་བརྟགས་པས། འགོག་པ་ལ་ཞི་བའི་རྣམ་པར་དམིགས་ཏེ། ཟག་པ་མེད་པ་ལ་སོ་སོར་བརྟགས་པས། འགོག་པ་མེད་པའི་ཕྱིར་རོ། །འགོག་པ་དང་། གྱ་

ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པར་ནི་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་འགོག་པ་དང་། ཐུན་མོང་ཡིན་པ་ཉིད་ཀྱི་ཕྱིར་དང་། ལུང་དུ་མ་བསྟན་པའི་ཕྱིར་དང་། བྲལ་བ་མ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གཞན་འདི་དག་ནི་གཅིག་ཏུ་ཟག་བཅས། འཕགས་པའི་ལམ་ལ་སྡང་

པའི་ཕྱིར་ཏེ། ཟག་པ་མེད་པ་དག་ནི་དེ་ལྟ་མ་ཡིན་ནོ། །གང་དུ་སྐྱེད་པར་བྱེད་ཅེ་ན། མིའི་ནང་། མི་རྣམས་ཀྱི་ནང་ཁོ་ནར་སྐྱེད་ཀྱི་ལྷ་དག་གི་ནང་དུ་ནི་མ་ཡིན་ནོ། །སུ་ལ་སྐྱེ་ཞེ་ན། མི་གཡོ་ལ་དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ནོ། །ས་དུ་པ་ཞིག་ལ་ནི་མ་ཡིན་ཞེ་ན། ཉེར་བསྡོགས་བདུན་ནི་

མ་གཏོགས་སོ། །ཉེར་བསྡོགས་བདུན་མ་གཏོགས་པ་ས་གཞན་བཅུ་གཅིག་པོ་འདོད་པའི་ཁམས་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་། གཟུགས་མེད་པ་རྣམས་ན་ཡོད་དོ། །ཡང་ཏིང་ངེ་འཛིན་བསྒོམ་པ་བཞི་སྟེ། ཏིང་ངེ་འཛིན་

བསྒོམ་པ་ཀུན་ཏུ་བརྟེན་བསྒོམས་པར་བྱས་ལན་མང་དུ་བྱས་ན། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་རྒྱས་པར་འབྱུང་བ་དེ་ལ། དགེ་བའི་བསམ་གཏན་དང་པོ་ནི། བདེ་འགྱུར་ཏིང་འཛིན་བསྒོམ་པ་ཡིན། །དགེ་བའི་བསམ་གཏན་དང་པོ་སྟེ། དག་

པ་པའམ། ཟག་པ་མེད་པ་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །དེ་དང་པོ་ཡིན་པའི་ཕྱིར་གཞན་དང་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ། །ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ནི་ངེས་པ་མེད་དེ། ཡོངས་སུ་

ཉམས་པ་དང་། གོང་དུ་སྐྱེས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །མིག་གི་མངོན་ཤེས་མཐོང་འགྱུར་འདོད། །ལྷའི་མིག་གི་མངོན་པར་ཤེས་པ་ནི་ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །སྦྱོར་བ་ལས་བྱུང་བློ་དབྱེར་

Vol. 141 · folio 77b

འགྱུར། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཁམས་གསུམ་པ་དང་། ཟག་པ་མེད་པ་ཐམས་ཅད་ནི་ཤེས་རབ་རབ་ཏུ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་བསམ་གཏན་མཐའི། །གང་ཡིན་དེ་ཟག་ཟད་འགྱུར་བསྒོམ། །བསམ་གཏན་བཞི་པའི་རྡོ་རྗེ་ལྟ་

བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་འདི་ནི་བདག་ཉིད་ལ་ཉེ་བར་གཏོད་པ་ཡིན་ཏེ། དེའི་ཕྱིར་བསམ་གཏན་བཞི་ཁོ་ནར་གསུངས་སོ་ཞེས་གྲག་གོ། །ཏིང་ངེ་འཛིན་རྣམས་ཀྱི་སྐབས་ནས་འོངས་

པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་ལ་བརྟེན་པའི་ཡོན་ཏན་རྣམས་བསྟན་པའི་སྐབས་ཡིན་པས་བཤད་པར་བྱ་སྟེ། ཚད་མེད་པ་ནི་བཞི་ཡིན་ནོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་བཞི་ཁོ་ན་ཡིན་ཞེ་ན།

གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །གནོད་སེམས་དང་རྣམ་པར་འཚེ་བ་དང་། མི་དགའ་བ་དང་། འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་ཀྱིས་དེ་དག་སྤང་བར་བྱ་བའི་ཕྱིར་བཞི་སྟེ་གྲངས་བཞིན་ནོ། །མི་སྡུག་པ་དང་བཏང་སྙོམས་གཉིས་འདོད་པའི་འདོད་ཆགས་ཀྱི་

གཉེན་པོ་ཉིད་དུ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པའོ། །འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་ཟེར་རོ། །འདི་སྐད་དུ་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པའོ། །ཕ་

དང་མ་དང་བུ་དང་ཉེ་དུའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་བྱ་བ་ནི་རུང་ངོ་། །དེ་ལ། ཞེ་སྡང་མེད་བྱམས། བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ནོ། །སྙིང་རྗེ་ཡང་། སྙིང་རྗེ་ཡང་དེ་དང་འདྲའོ། །ཡིད་བདེ་བ་ནི་དགའ་བ་ཡིན། །དགའ་བ་ནི་ཡིད་བདེ་བའི་རང་བཞིན་ནོ། །བཏང་

སྙོམས་མ་ཆགས། བཏང་སྙོམས་ནི་མ་ཆགས་པའི་བདག་ཉིད་ཡིན་ནོ། །ཇི་ལྟར་ན་གནོད་སེམས་ཀྱི་གཉེན་པོ་ཡིན་ཞེ་ན། དེ་ནི་ཆགས་པས་དྲངས་པ་ཡིན་པའི་ཕྱིར་རོ། །འདི་ནི་གཉི་གའི་རང་བཞིན་ཡིན་ན་རུང་ངོ་། །བྱམས་པ་ལ་སོགས་པ་འདི་དག་གི་རྣམ་པ་ནི། ཀྱེ་མ་བདེར་གྱུར་

Vol. 141 · folio 78a

སྡུག་བསྔལ་དང་། །དགར་གྱུར་སེམས་ཅན་རྣམས་སྙོམས་པ། །ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་ཅིང་བྱམས་པ་ལ་སྙོམས་པར་འཇུག་གོ། །ཀྱེ་མ་སེམས་ཅན་རྣམས་ནི་སྡུག་བསྔལ་ལོ་སྙམ་དུ་ཡིད་ལ་བྱེད་ཅིང་སྙིང་རྗེ་ལ་སྙོམས་པར་

འཇུག་གོ། །ཀྱེ་མ་སེམས་ཅན་རྣམས་ཡིད་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་ཅིང་དགའ་བ་ལ་སྙོམས་པར་འཇུག་གོ། །སེམས་ཅན་རྣམས་མཉམ་མོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་ཅིང་བཏང་སྙོམས་ལ་སྙོམས་པར་འཇུག་སྟེ། བར་མར་གནས་པའི་ཕྱིར་རོ། །དེ་དང་མི་ལྡན་པ་རྣམས་ལ་

བདེ་བར་མོས་པའི་ཕྱིར་ཇི་ལྟར་ན་ཕྱིན་ཅི་ལོག་ཉིད་དུ་མི་འགྱུར་ཞེ་ན། གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར་རོ། །ཡང་ན་བསམ་པ་ཕྱིན་ཅི་མ་ལོག་པའི་ཕྱིར་ཏེ། མོས་པར་འདུ་ཤེས་པའི་ཕྱིར་རོ། །ཡང་ན་དེ་ལྟར་ཕྱིན་ཅི་ལོག་པ་ཉིད་ཡིན་ན་ཡང་ཉེས་པ་ཅི་ཞིག་ཡོད། གལ་ཏེ་མི་དགེ་བ་

ཉིད་ཡིན་ནོ་ཞེ་ན་ནི། མ་ཡིན་ཏེ། གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པས་དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །འདི་དག་གི་རྣམ་པ་ནི་བཤད་ཟིན་ཏོ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །འདི་དག་གི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཡིན་ཏེ། དེ་ལ་

དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཕྱོགས་གཅིག་ཏུ་མོས་ནས་ཞེས་གསུངས་པ་གང་ཡིན་པ་དེ་ནི་སྣོད་ཀྱི་སྣོད་ན་གནས་པ་བསྟན་པ་ཡིན་ནོ། །དེ་དག་ས་དུ་པ་ཞིག་ཡིན་ཞེ་ན། དགའ་བ་བསམ་གཏན་གཉིས་ན་ཡོད། །དགའ་བ་ནི་བསམ་གཏན་དང་པོ་དང་

གཉིས་པ་ན་ཡོད་དེ། ཡིད་བདེ་བ་ཡིན་པའི་ཕྱིར་རོ། །གཞན་ནི་དྲུག་ན། ཚད་མེད་པ་གཞན་གསུམ་ནི་ས་དྲུག་པོ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་རྣམས་ན་ཡོད་དོ། །ཁ་ཅིག་ལྔ། ཁ་ཅིག་ནི་འདི་དག་མི་ལྕོགས་པ་མེད་པ་མ་

གཏོགས་པ་ལྔ་ན་ཡོད་པར་འདོད་དོ། །གཞན་དག་ན་རེ་འདོད་པའི་ཁམས་དང་ཉེར་བསྡོགས་རྣམས་བསྣན་ནས་བཅུ་ན་ཡོད་དོ་ཞེས་ཟེར་ཏེ། །མཉམ་པར་བཞག་པ་དང་མཉམ་པར་བཞག་པ་མ་ཡིན་པ་དང་། དངོས་གཞི་དང་། སྦྱོར་བ་སྨོས་པའི་ཕྱིར་རོ། །གནོད་སེམས་ལ་

Vol. 141 · folio 78b

སོགས་གཉེན་པོའི་ཕྱིར། །ཞེས་གང་བཤད་པ། ཅི་ཚད་མེད་པ་རྣམས་ཀྱིས་ཀྱང་ཉོན་མོངས་པ་སྤོང་བ་ཡིན་ནམ་ཞེ་ན། དེ་ཡིས་མི་སྤོང་། བསམ་གཏན་དངོས་གཞིའི་ས་པ་ཡིན་པའི་ཕྱིར་དང་། མོས་པ་ཡིན་ལ་བྱེད་པའི་ཕྱིར་དང་། སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་ཏེ།

དེ་དག་གི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་དང་། སྤངས་པ་ཐག་སྲིང་བར་བྱེད་པའི་ཕྱིར་དེ་དག་གི་གཉེན་པོ་ཉིད་དུ་བཤད་དོ། །བྱམས་པ་ལ་སོགས་པ་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པའི་ས་པ་རྣམས་ནི་དངོས་གཞིའི་ཚད་མེད་པ་དང་འདྲ་བ་

དག་ཡོད་དོ། །དེ་དག་གིས་དེ་རྣམས་རྣམ་པར་མནན་ནས་སྤོང་བའི་ལམ་རྣམས་ཀྱིས་རབ་ཏུ་སྤོང་བར་བྱེད་དོ། །དེ་ནས་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ནི་དངོས་གཞིའི་ཚད་མེད་པ་རྙེད་པའི་ཕྱིར་རྐྱེན་སྟོབས་དང་ལྡན་པ་རྙེད་ཀྱང་དེ་དག་གིས་མི་བརྫི་བ་ཡིན་ནོ། །ཡང་ལས་

དང་པོ་པ་བྱམས་པ་ལ་ཇི་ལྟར་སྦྱོར་ཞེ་ན། ཇི་ལྟར་བདག་ཉིད་ཀྱི་བདེ་བ་ཉམས་པ་ཡོད་པའམ། གཞན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དགྲ་བཅོམ་པའི་ཐོས་པ་དེ་བཞིན་དུ་ཀྱེ་མ་སེམས་ཅན་རྣམས་ནི་དེ་ལྟར་བདེ་བར་གྱུར་ཅིག་ཅེས་སེམས་ཅན་རྣམས་ལ་བདེ་བར་

མོས་པར་བྱེད་དོ། །གལ་ཏེ་ཉོན་མོངས་པའི་འཇུག་པ་ཤས་ཆེ་བའི་ཕྱིར་མི་ནུས་ན་དེས་མཛའ་པོའི་ཕྱོགས་ལ་རྣམ་པ་གསུམ་དུ་ཕྱེ་ནས་ཆེན་པོ་ལ་བདེ་བ་དེ་མོས་པར་བྱེད་དོ། །དེ་ནས་འབྲིང་དང་ཆུང་ངུ་ལ་བདེ་བ་དེ་མོས་པར་བྱེད་དོ། །གལ་ཏེ་དེ་དག་ལ་བྱམས་པ་མཉམ་པ་ཐོབ་ན་དེའི་

འོག་ཏུ་ཐ་མལ་པའི་ཕྱོགས་ལ་མོས་པར་བྱེད་དོ། །དེའི་འོག་ཏུ་དགྲ་བོའི་ཕྱོགས་ལ་རྣམ་པ་གསུམ་དུ་ཕྱེ་ནས་ཆུང་ངུ་ལ་བདེ་བ་དེ་མོས་པར་བྱེད་དོ། །དེ་ནས་འབྲིང་དང་ཆེན་པོ་ལ་མོས་པར་བྱེད་དོ། །གལ་ཏེ་དེ་ལ་མཛའ་བོ་ཆེན་པོའི་ཕྱོགས་བཞིན་དུ་བདེ་བར་མོས་པ་མི་ལྡོག་པར་གྱུར་ན་

དེའི་འོག་ཏུ་རིམ་གྱིས་ཁྱིམ་དང་གྲོང་དང་ཡུལ་འཁོར་གྱི་བར་དུ་བདེ་བར་མོས་པར་བྱས་ནས་ཕྱོགས་གཅིག་ནས་འཇིག་རྟེན་ཐམས་ཅད་ཀྱི་བར་དུ་བྱམས་པ་རྒྱས་པར་བྱེད་དོ། །གང་ཞིག་ཐམས་ཅད་དུ་ཡོན་ཏན་འཛིན་པ་དེ་ནི་བྱམས་པ་མྱུར་དུ་སྐྱེད་པར་བྱེད་དོ། །སྔོན་གྱི་བསོད་ནམས་

Vol. 141 · folio 79a

དང་བསོད་ནམས་མ་ཡིན་པའི་འབྲས་བུ་སྣང་བའི་སྒོ་ནས་དགེ་བའི་རྩ་བ་ཀུན་དུ་ཆད་པ་ལ་ཡང་ཡོན་ཏན་གཟུང་བར་ནུས་ལ། རང་སངས་རྒྱས་ལ་ཡང་སྐྱོན་གཟུང་བར་ནུས་སོ། །སྙིང་རྗེ་དང་དགའ་བ་ལ་ཡང་དེ་བཞིན་དུ་སེམས་ཅན་སྡུག་བསྔལ་བ་རྣམ་པ་མང་པོའི་ཆུ་བོར་

བྱིང་བ་འདི་དག་སྡུག་བསྔལ་ལས་མྱུར་དུ་ཐར་ཀྱང་ཅི་མ་རུང་། མངོན་པར་དགའ་བར་གྱུར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་དགའ་བ་ལ་སྦྱོར་བར་བྱེད་དོ། །བཏང་སྙོམས་ནི་ཐ་མལ་པའི་ཕྱོགས་ལས་རྩོམ་མོ། །ཚད་མེད་པ་བཞི་པོ་འདི་དག་ནི་མི་དག་གི་ནང་དུ་སྐྱེད་དོ། །མི་རྣམས་ཀྱི་ནང་དུ་སྐྱེད་ཀྱི་

གཞན་དུ་ནི་མ་ཡིན་ནོ། །ཅི་ཚད་མེད་པ་གཅིག་དང་ལྡན་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཐམས་ཅད་དང་ལྡན་ནམ་ཞེ་ན། ཐམས་ཅད་དང་ལྡན་པ་ནི་ངེས་པ་མེད་དོ། །འོན་ཀྱང་ངེས་གསུམ་ལྡན། བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པ་དག་དགའ་བ་དང་མི་ལྡན་ནོ། །ཚད་

མེད་པ་གསུམ་དང་ནི་རྟག་ཏུ་ལྡན་པ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དང་པོ་ཡིན་ནོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །སྡུག་པའི་རྣམ་

པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་བྱ་བ་ནི་གསུམ་པ་ཡིན་ནོ། །གཟུགས་མེད་པ་བཞི་དང་། བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་རྣམས་ལས། དང་པོ་གཉིས། མི་སྡུག །རྣམ་པར་ཐར་པ་དང་

པོ་གཉིས་ནི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་མི་སྡུག་པའི་རང་བཞིན་དག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་གཉིས་ཀྱི་ཚུལ་ནི་མི་སྡུག་པ་བཞིན་དུ་རིག་པར་བྱའོ། །དེ་གཉིས་ཀྱང་བསམ་གཏན་གཉིས་ན་ཡོད། བསམ་གཏན་དང་པོ་དང་གཉིས་

པ་དག་ན་ཡོད་ཀྱི་ས་གཞན་ན་ནི་མེད་དོ། །འདོད་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་གྲངས་བཞིན་ནོ། །གསུམ་པ་མཐའ་ན། སྡུག་པའི་རྣམ་པར་ཐར་པ་ནི་བསམ་གཏན་བཞི་པ་ན་ཡོད་དོ། །དེ་མ་ཆགས། དེ་ཡང་

Vol. 141 · folio 79b

མ་ཆགས་པའི་རང་བཞིན་ཡིན་གྱི་སྡུག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་མི་སྡུག་པའི་རང་བཞིན་ནི་མ་ཡིན་ནོ། །དེ་དག་འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ནི། གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །

གཟུགས་མེད་པའི་མཉམ་པར་བཞག་པ་དགེ་བ་རྣམས་ཁོ་ན་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་ཀྱི། ཉོན་མོངས་པ་ཅན་རྣམས་ཀྱང་མ་ཡིན་ལ། མཉམ་པར་མ་བཞག་པ་རྣམས་ཀྱང་མ་ཡིན་ནོ། །འདི་ལྟ་སྟེ་འཆི་བའི་སྲིད་པའི་ཚེ་ལྟ་བུའོ། །གཞན་དག་ན་རེ་གཞན་ན་

ཡང་མཉམ་པར་མ་བཞག་པ་ཡོད་དོ་ཞེས་ཟེར་རོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་པོ། །འོག་མ་ལ་དམིགས་པའི་ཕྱིར་བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ། རྣམ་པར་ཐར་པའི་དོན་ནི་རྒྱབ་ཀྱིས་ཕྱོགས་

པའི་དོན་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པའོ། །རྣམ་པར་ཐར་པ་བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པ་ནི་འགོག་པའི་སྙོམས་པར་འཇུག་པ་ཡིན་ཏེ། དེ་ནི་སྔར་བཤད་ཟིན་ཏོ། །འདུ་ཤེས་དང་ཚོར་བའམ། འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །

གཞན་དག་ན་རེ་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལ་ནི། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །སྙོམས་པར་འཇུག་སྟེ། སྲིད་པའི་རྩེ་མོའི་འདུ་ཤེས་ནི་ཕྲ་བ་ཡིན་ཏེ། དེ་བས་ཀྱང་ཆེས་ཕྲ་བར་བྱས་ནས་འགོག་

པའི་སྙོམས་པར་འཇུག་གོ། །སྙོམས་པར་ཞུགས་པ་རྣམས་ནི། རང་གི་དག་དང་འོག་མ་ཡིན། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། །སྲིད་པའི་རྩེ་མོའི་སེམས་དག་པའམ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་སེམས་ཟག་པ་མེད་པས་དེ་ལས་ལྡང་སྟེ། དེ་ལྟར་ན་དེའི་

སྙོམས་པར་འཇུག་པའི་སེམས་ནི་ཟག་པ་དང་བཅས་པ་ཡིན་ལ། ལྡང་བའི་སེམས་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་ཡིན་ནོ། །རྣམ་པར་ཐར་པ་འདི་དག་ལས། །དང་པོ་འདོད་གཏོགས་སྣང་ཡུལ་ཅན། །འདི་དག་གི་དམིགས་པ་ནི་ཅི་རིགས་པར་འདོད་པ་

Vol. 141 · folio 80a

ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་མི་འོང་བ་དང་ཡིད་དུ་འོང་བ་ཡིན་ནོ། །གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་གི་སའི། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ཀྱི་དམིགས་པ་ནི་

རང་གི་ས་པ་དང་ས་གོང་མ་པའི་སྡུག་བསྔལ་དང་དེའི་རྒྱུ་དང་འགོག་པ་དག་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ནོ། །སོ་སོར་མ་བརྟགས་པས་འགོག་པ་ཡང་ཡིན་ནོ་ཞེས་བརྗོད་པར་བྱའོ། །ནམ་མཁའ་ཡང་གཅིག་གིས་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཅིའི་

ཕྱིར་བསམ་གཏན་གསུམ་པ་ལ་རྣམ་པར་ཐར་པ་མ་བཞག་ཅེ་ན། བསམ་གཏན་གཉིས་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་པའི་ཕྱིར་དང་། བདེ་བའི་སྙིང་པོས་སྐྱེད་པའི་ཕྱིར་རོ། །ཅིའི་ཕྱིར་སྡུག་པའི་རྣམ་པར་ཐར་པ་སྐྱེད་པར་བྱེད་ཅེ་ན། མི་སྡུག་པས་རྒྱུད་ཞུམ་

པར་རབ་ཏུ་དགའ་བར་བྱ་བའམ། ཅི་མི་སྡུག་པའི་རྣམ་པར་ཐར་པ་དག་གྲུབ་པ་ཡིན་ནམ་མ་ཡིན་ཞེས་བརྟག་པའི་ཕྱིར་ཏེ། གལ་ཏེ་སྡུག་པར་ཡིད་ལ་བྱས་ཀྱང་ཉོན་མོངས་པ་མི་སྐྱེ་ན་དེ་ལྟ་ན་དེ་གཉིས་གྲུབ་པ་ཡིན་ནོ། །རྣལ་འབྱོར་པ་རྣམས་ནི་རྒྱུ་གཉིས་ཀྱིས་རྣམ་པར་ཐར་པ་ལ་སོགས་པ་

སྐྱེད་པར་བྱེད་དོ། །ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ཆེད་དང་། འཕགས་པའི་རྫུ་འཕྲུལ་མངོན་པར་གྲུབ་པའི་ཆེད་དུ། ཉོན་མོངས་པ་ཐག་བསྲིང་བར་བྱ་བའི་ཕྱིར་དང་། སྙོམས་པར་འཇུག་པ་ལ་དབང་བར་བྱ་བའི་ཕྱིར་རོ། །དེ་ཡང་གང་གིས་དངོས་པོ་

ཡོངས་སུ་བསྒྱུར་བ་དང་། བྱིན་གྱིས་རློབ་པ་དང་། ཚེ་གཏོང་བ་ལ་སོགས་པར་བྱེད་པའོ། །ཅིའི་ཕྱིར་གསུམ་པ་དང་བརྒྱད་པ་དག་ཁོ་ན་མངོན་སུམ་དུ་བྱ་བར་བཤད་ལ་གཞན་དག་ནི་མ་ཡིན་ཞེ་ན། གཙོ་བོ་ཡིན་པའི་ཕྱིར་དང་། ཁམས་དང་། སའི་མཐའ་ན་གནས་པའི་ཕྱིར་རོ། །ཟིལ་

གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་

Vol. 141 · folio 80b

གནོན་པའི་སྐྱེ་མཆེད་དང་པོ་ཡིན་ནོ། །དེ་བཞིན་དུ་ཆེན་པོ་རྣམས་དང་། དེ་ཁོ་ན་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པ་སྟེ། དེ་ལྟར་བཞི་པོ་དེ་དག་དང་། གཟུགས་མེད་པར་འདུ་ཤེས་པ་ཁོ་ན་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་ལྟ་བ་སྟེ། དེ་ལྟར་ན་བརྒྱད་ཡིན་ནོ། །

དེ་དག་ལས་གཉིས་ནི་རྣམ་པར་ཐར་པ་དང་པོ་བཞིན་ནོ། །རྣམ་པར་ཐར་པ་དང་པོ་ཇི་ལྟ་བར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པོ་དང་གཉིས་པ་ཡང་དེ་དང་འདྲའོ། །གཉིས་ནི་གཉིས་པ་བཞིན་ནོ། །རྣམ་པར་ཐར་པ་གཉིས་པ་ཇི་ལྟ་བར་ཟིལ་གྱིས་གནོན་པོའི་སྐྱེ་མཆེད་གཉིས་པོ་གསུམ་

པ་དང་བཞི་པ་ཡང་དེ་དང་འདྲའོ། །གཞན་སྡུག་པའི་རྣམ་པར་ཐར་པ་བཞིན། སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བར་གཞན་བཞི་ཡང་དེ་དང་འདྲའོ། །འདི་ནི་ཁྱད་པར་ཡིན་ཏེ། དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ། འདི་དག་གིས་ནི་དམིགས་པ་ཟིལ་གྱིས་གནོན་ཏེ། ཇི་

ལྟར་འདོད་པ་བཞིན་དུ་མོས་པའི་ཕྱིར་དང་། ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ། །ཟད་པར་བཅུའོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ། ཟད་པར་ས་དང་། ཆུ་དང་། མེ་དང་། རླུ་དང་། སྔོན་པོ་དང་སེར་པོ་དང་། དམར་པོ་དང་དཀར་

པོ་དང་། ཟད་པར་ནམ་མཁའ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་རྣམས་ལས། བརྒྱད་མ་ཆགས། དང་པོ་བརྒྱད་ནི་མ་ཆགས་པའི་རང་བཞིན་དག་ཡིན་ནོ། །བསམ་གཏན་མཐའ་ན། བསམ་གཏན་བཞི་པ་ཁོ་ན་ན་ཡོད་དོ། །སྤྱོད་ཡུལ་ནི། འདོད་པ། འདོད་

པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཁ་ཅིག་ན་རེ་རླུང་གི་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ནི་གཟུགས་མེད་དག །ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པ་པའི་རང་བཞིན་དག་ཡིན་ནོ། །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །འདི་

གཉིས་ཀྱི་དམིགས་པ་ནི་རང་གི་ས་པའི་ཕུང་པོ་བཞི་ཡིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ནི་རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ལ། ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འཇུག་པ་ལས་བྱུང་བ་ཅན་ཡིན་ཏེ། གོང་ནས་གོང་དུ་

Vol. 141 · folio 81a

ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོའི་སྐྱེ་བོ་དང་འཕགས་པའི་རྒྱུད་ལ་ཡོད་པ་དག་ཡིན་ནོ། །ཅི་རྣམ་པར་ཐར་པ་ལ་སོགས་པ་དེ་དག་སྦྱོར་བ་ལས་བྱུང་བ་ཡིན་ནམ་འདོད་

ཆགས་དང་བྲལ་བས་ཐོབ་པ་ཡིན་ཞེས་བྱ་བའི་འདྲི་བ་འདི་ལ་འགོག་པ་བཤད་ཟིན། འགོག་པའི་རྣམ་པར་ཐར་པ་ནི་སྔར་རྣམ་པ་ཐམས་ཅད་དུ་བཤད་ཟིན་ཏོ། །ལྷག་མ་ནི། འདོད་ཆགས་བྲལ་དང་སྦྱོར་བས་འཐོབ། །འགོག་པ་ལས་གཞན་པའི་རྣམ་པར་ཐར་པ་ལ་སོགས་པ་ནི་འདོད་

ཆགས་དང་བྲལ་བས་ཐོབ་པ་ཡང་ཡིན་ལ་སྦྱོར་བ་ལས་བྱུང་བ་དག་ཀྱང་ཡིན་ཏེ། འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །གཟུགས་མེད་པའི་རྣམ་པར་ཐར་པ་དང་། གཟུགས་མེད་པའི་ཟད་པར་ནི་ཁམས་

གསུམ་པའི་རྟེན་ཅན་དག་ཡིན་ནོ། །ལྷག་མ་ནི་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། ལུང་གི་མཐུས་སྐྱེད་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་སྐྱེ་ཞེ་ན། རྒྱུ་དང་ལས་དང་ཆོས་ཉིད་དང་། །རྒྱུ་གསུམ་གྱིས་

བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་སྟེ། དེ་ལ། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་ཏེ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བ་རྒྱུའི་སྟོབས་ཀྱིས་

ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ། །ལས་ཀྱི་སྟོབས་ཀྱིས་ནི་ས་གོང་མའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་ཏེ། འོག་མ་ལས་འདོད་ཆགས་དང་མ་བྲལ་བས་ནི་གོང་དུ་སྐྱེ་བར་མི་ནུས་སོ། །གཟུགས་ཀྱི་ཁམས་

སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་གཞན་རྒྱུ་དང་ལས་ཀྱི་སྟོབས་དེ་དག་དང་ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། འཇིག་པའི་ཚེ་ལྟ་བུའོ། །དེའི་ཚེ་ནི་ས་འོག་མ་པའི་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ཀྱི་འཇུག་པ་

Vol. 141 · folio 81b

ཤས་ཆེ་བ་ཉིད་ཀྱི་ཕྱིར་བསམ་གཏན་དེ་སྐྱེད་པར་བྱེད་དོ། །གང་ལ་ཆོས་རྣམས་ཀྱི་རྣམ་པ་ནི་དུ་ཡོད། འདི་ལྟ་བུའི་མངོན་པའི་ཆོས་འདི་ཇི་སྲིད་དུ་གནས་ཤེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་ལ་ལུང་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་

རྣམས་སོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཏེ། དེ་ལྟར་ན་དམ་པའི་ཆོས་འདི་ནི་རྣམ་པ་གཉིས་ཡིན་ནོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་

པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ་རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ། །ཅི་བསྟན་བཅོས་འདིར་ཆོས་མངོན་

པ་བཤད་པ་གང་ཡིན་པའི་ཆོས་མངོན་པ་འདི་ཉིད་སྟོན་པས་བཤད་དམ་ཞེ་ན། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །བདག་གིས་ཆོས་མངོན་

པ་འདི་ཕལ་ཆེར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ནོ། །འདི་ལ་བདག་གིས་ཉེས་པར་ཟིན་པ་གང་ཡིན་པ་དེ་ནི་བདག་གིས་ཉེས་པ་ཡིན་ཏེ། དམ་པའི་ཆོས་ཀྱི་ཚུལ་ལ་ནི་སངས་རྒྱས་རྣམས་ཁོ་ན་དང་། སངས་རྒྱས་ཀྱི་སྲས་རྣམས་ཚད་མ་ཡིན་ནོ། །སྟོན་པ་

འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་

ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཆོས་མངོན་པའི་མཛོད་ཀྱི་བཤད་པ་

Vol. 141 · folio 82a

ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བརྒྱད་པའོ།། །།ཡང་ཅི་འདི་ལས་གཞན་ལ་ཐར་པ་ཡོད་དམ་ཞེ་ན། མེད་དོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་ཕྱིར་ཏེ། ཕུང་པོའི་རྒྱུད་ཁོ་ན་ལ་བདག་

ཏུ་འདོགས་པ་ནི་ངེས་པར་མི་འཛིན་ཏོ། །འོ་ན་ཅི་ཞེ་ན། རྫས་གཞན་ཁོ་ན་ལ་བདག་ཏུ་ཡོངས་སུ་རྟོགས་པར་བྱེད་ལ། ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུད་ཁོ་ན་ལ་འཇུག་གི །བརྗོད་པར་བྱ་བ་གཞན་ལ་ནི་

མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། མངོན་སུམ་དང་། རྗེས་སུ་དཔག་པ་མེད་པའི་ཕྱིར་ཏེ། ཆོས་གང་དག་ཡོད་པ་དེ་དག་ནི་བར་ཆད་བྱེད་པ་མེད་ན་མངོན་སུམ་དུ་དམིགས་པ་ཡིན་ཏེ། དཔེར་ན་ཡུལ་དྲུག་དང་ཡིད་ལྟ་བུའོ། །ཡང་ན་རྗེས་སུ་དཔག་པས་དམིགས་པ་ཡིན་

ཏེ། དཔེར་ན་དབང་པོ་ལྟ་བུའོ། །དེ་ལ་འདི་ནི་རྗེས་སུ་དཔག་པ་ཡིན་ཏེ། རྒྱུ་ཡོད་ཀྱང་རྒྱུ་གཞན་མེད་ན་འབྲས་བུ་མེད་པར་མཐོང་ལ་ཡོད་ན་ནི་ཡང་ཡོད་པར་མཐོང་བ་སྟེ། དཔེར་ན་མྱུ་གུ་ལྟ་བུའོ། །ཡུལ་སྣང་བར་གྱུར་པ་དང་རྒྱུ་ཡིད་ལ་བྱེད་པ་ཡོད་ཀྱང་ཡུལ་འཛིན་པ་མེད་པར་མཐོང་ལ།

ཡང་ཡོད་པར་མཐོང་བ་སྟེ། ལོང་བ་དང་འོན་པ་ལ་སོགས་པ་དང་། མ་ལོང་བ་དང་མ་འོན་པ་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་དེ་ལ་ཡང་རྒྱུ་གཞན་མེད་པ་དང་། ཡོད་པར་ངེས་ལ། རྒྱུ་གཞན་གང་ཡིན་པ་དེ་ནི་དབང་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ། །བདག་ནི་དེ་

ལྟར་ཡོད་པ་མ་ཡིན་པས་བདག་མེད་དོ། །འོ་ན་གང་གནས་མའི་བུ་རྣམས་གང་ཟག་ཡོད་པར་འདོད་པ་ཇི་ལྟ་བུ། འདི་ནི་རེ་ཞིག་དཔྱད་པར་བྱ་བ་ཡིན་ཏེ། ཅི་དེ་དག་རྫས་སུ་འདོད་དམ། འོན་ཏེ་བཏགས་པར་འདོད། རྫས་སུ་ཞེས་བྱ་བ་འདི་ཡང་ཅི་ཡང་ཅི་ཞིག། བཏགས་

པར་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན། གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི་རྫས་སུ་ཡོད་པ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ནི་བཏགས་པར་ཡོད་པ་ཡིན་ནོ། །དེ་ལས་ཅིར་འགྱུར། རེ་ཞིག་གལ་ཏེ་རྫས་སུ་ཡོད་ན་

Vol. 141 · folio 82b

ནི་དེ་རང་བཞིན་ཐ་དད་པའི་ཕྱིར་ཕུང་པོ་རྣམས་ལས་གཞན་ནོ་ཞེས་བརྗོད་པར་བྱ་སྟེ། ཕན་ཚུན་གྱི་ཕུང་པོ་བཞིན་ནོ། །འདིའི་རྒྱུ་ཡང་བརྗོད་དགོས་སོ། །འོན་ཏེ་འདུས་མ་བྱས་ཡིན་ན་ནི་དེའི་ཕྱིར་མུ་སྟེགས་ཅན་གྱི་ལྟ་བར་ཡང་ཐལ་བར་འགྱུར་ལ། དགོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ། །

འོན་ཏེ་བཏགས་པར་ཡོད་དོ་ཞེ་ན་ནི་ཁོ་བོ་ཅག་ཀྱང་དེ་སྐད་ཅེས་སྨྲས་སོ། །དེ་ནི་རྫས་སུ་ཡོད་པ་ཁོ་ན་ཡང་མ་ཡིན་ལ་བཏགས་པར་ཡོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ད་ལྟར་གྱི་ནང་གི་ཟིན་པའི་ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་ཏུ་འདོགས་སོ། །ལོང་བ་ལྟ་བུའི་ཚིག་དོན་མི་གསལ་

བ་འདི་ནི་མི་གོའོ། །རྒྱུར་བྱས་ནས་ཞེས་བྱ་བ་འདི་ཅི། གལ་ཏེ་འདིའི་དོན་ཕུང་པོ་རྣམས་ལ་དམིགས་ནས་ཞེས་བྱ་བ་འདི་ཡིན་ནོ་ཞེ་ན་ནི། དེ་དག་ཁོ་ན་ལ་གང་ཟག་ཏུ་འདོགས་པར་ཟད་དོ། །དཔེར་ན་གཟུགས་ལ་སོགས་པ་ལ་དམིགས་ནས། དེ་དག་ཁོ་ན་ལ་འོ་མ་འདོགས་པ་བཞིན་ནོ། །

འོན་ཏེ་འདིའི་དོན་ཕུང་པོ་རྣམས་ལ་བརྟེན་ནས་ཞེས་བྱ་བ་འདི་ཡིན་ནོ་ཞེ་ན་ནི་ཕུང་པོ་རྣམས་གང་ཟག་གདགས་པའི་རྒྱུ་ཡིན་པའི་ཕྱིར་སྐྱོན་དེ་ཉིད་དུ་འགྱུར་རོ། །དེ་ནི་དེ་ལྟར་མི་འདོགས་སོ། །འོ་ན་ཇི་ལྟ་བུ་ཞེ་ན། ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་བཞིན་ནོ། །ཇི་ལྟར་ན་བུད་

ཤིང་རྒྱུར་བྱས་ནས་མེ་འདོགས་ཤེ་ན། བུད་ཤིང་མེད་པར་མེ་མི་འདོགས་མོད་ཀྱི། བུད་ཤིང་ལས་མེ་གཞན་ཡིན་པར་དམ་བཅའ་བར་ཡང་མི་ནུས་ལ། གཞན་མ་ཡིན་པར་དམ་བཅའ་བར་ཡང་མི་ནུས་ཏེ། གལ་ཏེ་གཞན་ཡིན་ན་ནི་བུད་ཤིང་དྲོ་བ་ཉིད་མ་ཡིན་པར་འགྱུར་རོ། །འོན་

ཏེ་གཞན་མ་ཡིན་ན་ནི་བསྲེག་བྱ་ཉིད་སྲེག་བྱེད་ཡིན་པར་འགྱུར་རོ། །དེ་ལྟར་ཕུང་པོ་རྣམས་མེད་པར་ཡང་གང་ཟག་མི་འདོགས་ལ། ཕུང་པོ་རྣམས་ལས་གཞན་ཡིན་པར་དམ་བཅའ་བར་ཡང་མི་ནུས་ཏེ་རྟག་པར་ཐལ་བར་འགྱུར་རོ། །གཞན་མ་ཡིན་པར་ཡང་དམ་བཅའ་བར་མི་

ནུས་ཏེ་ཆད་པར་ཐལ་བར་འགྱུར་རོ། །རེ་ཞིག་ཀྱེ་བུད་ཤིང་ནི་ཅི། མེ་ནི་ཅི་ཡིན་པ་སྨྲོས་ཤིག་དང་། དེ་ལས་ཇི་ལྟར་ན་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པར་ཤེས་པར་བྱའོ། །འདི་ལ་ཅི་ཞིག་བརྗོད་པར་བྱ། བསྲེག་བྱ་ནི་བུད་ཤིང་ཡིན་ལ་སྲེག་བྱེད་ནི་མེ་ཡིན་པར་ཟད་མོད། འདིར་

Vol. 141 · folio 83a

བསྲེག་པར་བྱ་བ་ནི་ཅི། སྲེག་པར་བྱེད་པ་ནི་ཅི་ཡིན་པ་དེ་ཉིད་བརྗོད་པར་བྱའོ། །རེ་ཞིག་འཇིག་རྟེན་ན་ནི་ཤིང་ལ་སོགས་པ་མ་འབར་བ་ལ་བུད་ཤིང་ཞེས་ཀྱང་བྱ་ལ་བསྲེག་བྱ་ཞེས་ཀྱང་བྱའོ། །འབར་བ་ལ་ནི་མེ་ཞེས་ཀྱང་བྱ་ལ་སྲེག་བྱེད་ཅེས་ཀྱང་བྱ་སྟེ། འབར་བ་དང་ཤིན་

ཏུ་ཚ་བ་གང་ཡིན་པ་དེས་དེ་ཚིག་པ་དང་སྲེག་པར་བྱེད་དེ། རྒྱུད་འགྱུར་བར་བྱེད་པའི་ཕྱིར་རོ། །དེ་གཉི་ག་ཡང་རྫས་བརྒྱད་པ་ཡིན་ནོ། །བུད་ཤིང་ལ་བརྟེན་ནས་མེ་འབྱུང་བ་དེ་ཡང་དཔེར་ན་འོ་མ་ལ་བརྟེན་ནས་ཞོ་འབྱུང་བ་དང་། མངར་པོ་ལ་བརྟེན་ནས་ཚ་བ་འབྱུང་བ་ལྟ་བུ་ཡིན་ཏེ། དེ་ལྟ་བས་

ན་བུད་ཤིང་རྒྱུར་བྱས་ནས་ཞེས་བྱ་བ་ལ་དེ་ནི་དེ་དང་དུས་ཐ་དད་པའི་ཕྱིར་གཞན་པ་ཡང་ཡིན་ནོ། །གལ་ཏེ་དེ་ལྟར་ཕུང་པོ་རྣམས་ལ་བརྟེན་ནས་གང་ཟག་སྐྱེ་ན་ནི་དེ་དག་ལས་གཞན་པ་དང་མི་རྟག་པར་ཡང་འགྱུར་རོ། །འོན་ཏེ་ཤིང་ལ་སོགས་པ་འབར་བ་དེ་ཉིད་ལ་དྲོ་བ་ཉིད་ཡོད་པ་གང་ཡིན་

པ་དེ་ནི་མེ་ཡིན་ལ། དེ་དང་ལྷན་ཅིག་སྐྱེས་པའི་འབྱུང་བ་གསུམ་ནི་བུད་ཤིང་ཡིན་པར་འདོད་ན་ནི་དེ་གཉིས་ཀྱང་མཚན་ཉིད་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་པར་གྲུབ་བོ། །ཇི་ལྟར་ན་བུད་ཤིང་དེ་རྒྱུར་བྱས་ནས་མེ་འདོགས་པར་བྱེད་པ་རྒྱུར་བྱས་པའི་དོན་ཡང་བརྗོད་དགོས་ཏེ། དེ་ནི་དེའི་རྒྱུ་

ཡང་མ་ཡིན་ལ་དེ་གདགས་པའི་རྒྱུ་ཡང་མ་ཡིན་གྱི་མ་ཉིད་དེ་གདགས་པའི་རྒྱུ་ཡིན་ནོ། །གལ་ཏེ་རྒྱུར་བྱས་པའི་དོན་རྟེན་གྱི་དོན་ནམ་ལྷན་ཅིག་འབྱུང་བའི་དོན་ཡིན་ནོ་ཞེ་ན་ནི། ཕུང་པོ་རྣམས་ཀྱང་དེ་དང་འདྲ་བར་གང་ཟག་གི་རྟེན་ནམ་ལྷན་ཅིག་འབྱུང་བ་དག་ཡིན་པར་འགྱུར་བས་གཞན་

ཉིད་དུ་གསལ་བར་དམ་འཆའ་བ་ཡིན་ནོ། །དེ་མེད་ན་གང་ཟག་མེད་པར་ཡང་འགྱུར་ཏེ། བུད་ཤིང་མེད་ན་མེ་མེད་པ་བཞིན་ནོ། །གང་ཡང་བུད་ཤིང་ལས་མེ་གཞན་ཡིན་ན་ནི་བུད་ཤིང་དྲོ་བ་ཉིད་མ་ཡིན་པར་འགྱུར་རོ་ཞེས་སྨྲས་པ་དེ་དྲོ་བ་ཞེས་བྱ་བ་འདི་ཅི། རེ་ཞིག་གལ་ཏེ་དྲོ་བ་ཉིད་ཡིན་

ནོ་ཞེ་ན་ནི་བུད་ཤིང་དྲོ་བ་ཉིད་མ་ཡིན་པ་ཁོ་ནར་འགྱུར་ཏེ། འབྱུང་བ་གཞན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་དྲོ་བ་ཉིད་དང་ལྡན་པ་ཡིན་ནོ་ཞེ་ན་ནི་དྲོ་བ་ཉིད་ཀྱི་རང་བཞིན་གྱི་མེ་ལས་གཞན་པ་དེ་ཡང་དྲོ་བ་ཡིན་པར་འགྲུབ་སྟེ། དྲོ་བ་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་ཐ་དད་

Vol. 141 · folio 83b

པ་ཉིད་ཡིན་ན་ཉེས་པ་མེད་དོ། །འོན་ཏེ་ཤིང་ལ་སོགས་པ་འབར་བ་དེ་དག་ཐམས་ཅད་བུད་ཤིང་ཡང་ཡིན་ལ་མེ་ཡང་ཡིན་པར་འདོད་ན་ནི་དེས་ན་རྒྱུར་བྱས་པའི་དོན་ཡང་བརྗོད་པར་བྱའོ། །ཕུང་པོ་རྣམས་ཁོ་ན་ཡང་གང་ཟག་ཡིན་པས་གཞན་པ་མ་ཡིན་པ་ཉིད་མི་ལྡོག་པར་འགྱུར་རོ། །

དེ་ལྟ་བས་ན་ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འདོགས་པ་དེ་ལྟར་ཕུང་པོ་རྣམས་རྒྱུར་བྱས་ནས་གང་ཟག་འདོགས་སོ་ཞེས་བྱ་བ་འདི་མི་འགྲུབ་བོ། །གལ་ཏེ་ཡང་འདི་ཕུང་པོ་རྣམས་ལས་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ན། ཤེས་བྱ་ནི་རྣམ་པ་ལྔ་སྟེ། འདས་པ་དང་། མ་འོངས་པ་དང་།

ད་ལྟར་བྱུང་བ་དང་། འདུས་མ་བྱས་དང་། བརྗོད་པར་བྱ་བ་མ་ཡིན་པའོ་ཞེས་བརྗོད་པར་མི་བྱ་བར་འགྱུར་ཏེ། དེ་ནི་འདས་པ་ལ་སོགས་པ་ལས་ལྔ་པ་ཡང་མ་ཡིན་ལ་ལྔ་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །གང་གི་ཚེ་གང་ཟག་འདོགས་པ་ན་ཅི་རེ་ཞིག་ཕུང་པོ་རྣམས་དམིགས་ནས་

འདོགས་སམ། འོན་ཏེ་གང་ཟག་དམིགས་ནས་འདོགས། རེ་ཞིག་གལ་ཏེ་ཕུང་པོ་རྣམས་ན་ནི་དེ་དག་ཁོ་ན་ལ་གང་ཟག་འདོགས་པར་འགྱུར་ཏེ། གང་ཟག་མི་དམིགས་པའི་ཕྱིར་རོ། །འོན་ཏེ་གང་ཟག་ན་ནི་འདི་ཇི་ལྟར་ན་ཕུང་པོ་རྣམས་རྒྱུར་བྱས་ནས་འདོགས་པ་ཡིན་ཏེ། གང་ཟག་ཁོ་ན་

དེའི་རྒྱུ་ཡིན་པར་འགྱུར་རོ། །འོན་ཏེ་ཕུང་པོ་རྣམས་ཡོད་ན་གང་ཟག་དམིགས་ཏེ། དེའི་ཕྱིར་ཕུང་པོ་རྣམས་རྒྱུར་བྱས་ནས་འདི་འདོགས་སོ་ཞེས་བྱ་བར་འདོད་དོ་ཞེ་ན་ནི། དེ་ལྟ་ན་གཟུགས་ཀྱང་དམིགས་པ་དང་ཡིད་ལ་བྱེད་པ་དང་སྣང་བ་རྣམས་ཡོད་ན་དམིགས་པས་དེ་དག་རྒྱུར་བྱས་

ནས་བཏགས་པ་ཡིན་པར་བརྗོད་པར་བྱའོ། །རེ་ཞིག་འདི་ཡང་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་དྲུག་རྣམས་ལས་གང་ཟག་རྣམ་པར་ཤེས་པ་གང་གིས་རྣམ་པར་ཤེས་པར་བྱ་བ་ཡིན། དྲུག་ཅར་གྱིས་ཀྱང་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱའོ། །ཇི་ལྟར་བྱས་པས་ཤེ་ན། གལ་ཏེ་མིག་

གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས། གང་ཟག་དམིགས་པར་བྱེད་ན་ནི་གང་ཟག་མིག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་

Vol. 141 · folio 84a

བྱའོ། །དེ་བཞིན་དུ་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་ལ་བརྟེན་ནས། གང་ཟག་དམིགས་པར་བྱེད་ན་ནི། གང་ཟག་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། ཆོས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ་ལ། ཆོས་རྣམས་

མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ། །དེ་ལྟ་ན་ནི་འོ་ན་འོ་མ་ལ་སོགས་པ་དང་འདྲ་བར་འགྱུར་ཏེ། གལ་ཏེ་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་འོ་མ་འམ། ཆུ་དམིགས་པར་བྱེད་ན་ནི་འོ་མ་འམ་ཆུ་མིག་གི་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་

བརྗོད་པར་བྱ་ལ་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ། །དེ་བཞིན་དུ་གལ་ཏེ་སྣ་དང་། ལྕེ་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པར་བརྗོད་པར་བྱ་ལ། རེག་བྱ་རྣམས་ཞེས་ཀྱང་བརྗོད་པར་མི་བྱ།

རེག་བྱ་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། འོ་མ་དང་ཆུ་གཉིས་བཞི་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ། །དེའི་ཕྱིར་ཇི་ལྟར་གཟུགས་ལ་སོགས་པའི་སྤྱི་ཁོ་ན་ལ། འོ་མ་འམ། ཆུ་ཞེས་འདོགས་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་གང་ཟག་འདོགས་སོ་ཞེས་བྱ་བར་

གྲུབ་བོ། །གང་ཡང་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ནས་གང་ཟག་དམིགས་པར་བྱེད་ཅེས་སྨྲས་པའི་ཚིག་དེའི་དོན་ཅི་ཞིག་ཡིན། ཅི་རེ་ཞིག་གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཞིག་ཡིན་ནམ། འོན་ཏེ་གཟུགས་རྣམས་དམིགས་ན་

གང་ཟག་དམིགས་སོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་གཟུགས་རྣམས་གང་ཟག་དམིགས་པའི་རྒྱུ་ཡིན་ལ་དེ་ཡང་དེ་དག་ལས་གཞན་དུ་བརྗོད་པར་མི་བྱའོ་ཞེ་ན་ནི། དེ་ལྟ་ན་ནི་འོ་ན་གཟུགས་ཀྱང་སྣང་བ་དང་མིག་དང་ཡིད་ལ་བྱེད་པ་དག་ལས་གཞན་དུ་བརྗོད་པར་མི་བྱ་སྟེ། དེ་དག་

ནི་དེ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཏེ་གཟུགས་རྣམས་དམིགས་ན་གང་ཟག་དམིགས་སོ་ཞེ་ན་ནི་ཅི་དམིགས་པ་དེ་ཁོ་ནས་དམིགས་སམ། འོན་ཏེ་གཞན་གྱིས་གལ་ཏེ་དེ་ཁོ་ནས་སོ་ཞེ་ན་ནི་གང་ཟག་གཟུགས་ལས་རང་བཞིན་ཐ་མི་དད་པའམ་གཟུགས་ཁོ་ན་ལ་དེ་འདོགས་

Vol. 141 · folio 84b

པར་འགྱུར་ན། འདི་ནི་གཟུགས་སོ། །འདི་ནི་གང་ཟག་གོ་ཞེས་བྱ་བ་འདི་ཡང་ཇི་ལྟར་ཡོངས་སུ་གཅོད། འོན་ཏེ་དེ་ལྟར་ཡོངས་སུ་མི་གཅོད་ན་ནི་གཟུགས་ཀྱང་ཡོད་དོ། །གང་ཟག་ཀྱང་ཡོད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟར་དམ་འཆའ་སྟེ། དམིགས་པའི་དབང་གིས་དེ་ཡོད་

པར་དམ་འཆའ་བར་ཟད་དོ། །དེ་བཞིན་དུ་ཆོས་ཀྱི་བར་དག་ལ་ཡང་བརྗོད་པར་བྱའོ། །འོན་ཏེ་གཞན་གྱིས་སོ་ཞེ་ན་ནི། དུས་ཐ་དད་དམིགས་པའི་ཕྱིར་གཟུགས་ལས་གཞན་ཡིན་པར་འགྱུར་ཏེ། སྔོན་པོ་ལས་སེར་པོ་ལྟ་བུ་དང་། སྐད་ཅིག་མ་ལས་སྐད་ཅིག་མ་གཞན་བཞིན་ནོ། །དེ་

བཞིན་དུ་ཆོས་ཀྱི་བར་དག་ལ་ཡང་བརྗོད་པར་བྱའོ། །འོན་ཏེ་གཟུགས་དང་གང་ཟག་བཞིན་དུ་དེ་དག་དམིགས་པ་དག་ཀྱང་གཞན་དང་གཞན་མ་ཡིན་པ་ཉིད་དུ་བརྗོད་པར་མི་བྱའོ་ཞེ་ན། འོ་ན་ནི་དེས་ན་འདུས་མ་བྱས་ཀྱང་བརྗོད་པར་བྱ་བ་མ་ཡིན་པར་གྱུར་པས། གྲུབ་པའི་མཐའ་

ཉམས་པ་ཡིན་ནོ། །གལ་ཏེ་ཡང་འདི་ཡོད་ལ་གཟུགས་རྣམས་ཞེས་ཀྱང་བརྗོད་པར་མི་བྱ། གཟུགས་རྣམས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཟུགས་བདག་མ་ཡིན་པ་ནས། རྣམ་པར་ཤེས་པ་བདག་མ་ཡིན་ཞེས་བྱ་བའི་བར་གསུངས།

མིག་གི་རྣམ་པར་ཤེས་པ་གང་གིས་གང་ཟག་འདི་དམིགས་པ་དེ་ཅི་གཟུགས་ལ་བརྟེན་ནས་སྐྱེ་འམ། འོན་ཏེ་གང་ཟག་གམ། གཉི་ག་ལ་བརྟེན་ནས་སྐྱེ། གལ་ཏེ་གཟུགས་རྣམས་ལ་བརྟེན་ནས་སྐྱེ་ན་ནི་སྒྲ་ལ་སོགས་པ་བཞིན་དུ་གང་ཟག་དམ་པར་ཤེས་པར་མི་ནུས་ཏེ། ཡུལ་གང་ཁོ་ན་

ན་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་དེ་ཉིད་དེའི་དམིགས་པའི་རྐྱེན་ཡིན་ནོ། །འོན་ཏེ་གང་ཟག་གམ། གཉི་ག་ལ་བརྟེན་ནས་སྐྱེའོ་ཞེ་ན། འདི་ནི་མདོ་ལས་ཐལ་བ་ཡིན་ཏེ། མདོ་ལས་ནི། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་ངེས་པར་གཟུང་ངོ་། །དེ་བཞིན་དུ་དགེ་སློང་

མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ། རྒྱུ་ནི་མིག་ཡིན་ནོ། །རྐྱེན་ནི་གཟུགས་རྣམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་མིག་དང་གཟུགས་རྣམས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་སོ། །དེ་ལྟ་ན་ནི་གང་ཟག་མི་རྟག་པར་འགྱུར་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words