ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 141 · folio 256a

ལ་སོགས་པ་ཇི་སྐད་དུ་བཤད་པ་རྣམས་སྐྱེ་བས་འཐོབ་པ་མེད་དོ། །འོ་ན་རང་བཞིན་གྱིས་ཚེ་རབས་དྲན་པ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་དག་གི་ནི་ལས་ཀྱི་ཁྱད་པར་ལས་སྐྱེས་པ་ཡིན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་ནི། བསྒོམས་པའི་འབྲས་བུ་དང་། སྐྱེ་བས་ཐོབ་པ་དང་། ལས་

ལས་སྐྱེས་པ་དང་། རྣམ་པ་གསུམ་མོ། །ཡེ་ཤེས་ཀྱི་དབང་དུ་བྱས་ནས། ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཡོན་ཏན་རྣམས་ནི་བཤད་ཟིན་ཏོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་ཡེ་ཤེས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བདུན་པའོ།། །།ད་ནི་རང་བཞིན་གཞན་

རྣམས་བརྗོད་པར་བྱ་སྟེ། དང་པོ་ཉིད་དུ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་བསམ་གཏན་རྣམས་ལས་བརྩམས་ཏེ། བསམ་གཏན་རྣམས་ནི་རྣམ་པ་གཉིས། །བསམ་གཏན་རྣམས་ནི་མདོར་བསྡུ་ན། སྐྱེ་བ་དང་སྙོམས་པར་འཇུག་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་དག་ཀྱང་

བཞི། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་རོ། །དེ་ལ་སྐྱེ་བའི་བསམ་གཏན་བརྗོད། །དེ་འཇིག་རྟེན་པའི་མཛོད་ཀྱི་གནས་སུ་ཇི་སྐད་དུ་བཤད་ཅེ་ན། དེར་སོ་སོའི། བསམ་གཏན་ལ་ནི་ས་གསུམ་པ། །བཞི་པ་ལ་ནི་ས་བརྒྱད་པ། །ཞེས་བཤད་ཟིན་ཏོ། །སྙོམས་པར་

འཇུག་པའི་བསམ་གཏན་བརྗོད་པར་བྱ་སྟེ། དེའི་ཕྱིར་སྨྲས་པ། སྙོམས་འཇུག་དགེ་བ་རྩེ་གཅིག་སྟེ། བྱེ་བྲག་མེད་པར་ན་དགེ་བའི་སེམས་རྩེ་གཅིག་པར་ནི་བསམ་གཏན་ཡིན་ཏེ། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་སུ་འབྲང་བཅས་ཕུང་པོ་ལྔ། །འཁོར་དང་

བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པར་རིག་པར་བྱའོ། །ཡང་དགེ་བའི་སེམས་རྩེ་གཅིག་པའི་བསམ་གཏན་དང་པོ་ནི་ཇི་ལྟ་བུ། བསམ་གཏན་བཞི་པའི་བར་ནི་ཇི་ལྟ་བུ་ཞེ་ན། རེ་ཞིག་དང་པོ་ནི། དཔྱོད་དང་དགའ་དང་བདེ་དང་ལྡན། །དགེ་བའི་སེམས་རྩེ་གཅིག་པའི་བསམ་གཏན་

དང་པོ་ནི་དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་མཚུངས་པར་ལྡན་ནོ། །དཔྱོད་པ་ཞེས་སྨོས་པས་རྟོག་པ་ཡང་བཤད་པ་ཡིན་ཏེ། ལྷན་ཅིག་དཔྱོད་པའི་ཕྱིར་དུ་བ་དང་མེ་བཞིན་ནོ། །རྟོག་པ་མེད་པར་ནི་དགའ་བ་དང་བདེ་བ་དང་ལྡན་པའི་དཔྱོད་པ་མེད་དོ། །བསམ་གཏན་གསུམ་པ་ནི།

Vol. 141 · folio 256b

ཡན་ལག་ལྔ་ལྔ་སྤངས་པ་ནི། །དགེ་བའི་སེམས་རྩེ་གཅིག་པ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་གཉིས་པ་ནི་དཔྱོད་པ་སྤངས་པ་ལ་དགའ་བ་དང་བདེ་བ་དང་ལྡན་ནོ། །གསུམ་པ་ནི་དགའ་བ་སྤངས་ལ་དགེ་བ་དང་ལྡན་ནོ། །བཞི་པ་ནི་དཔྱོད་པ་དང་དགའ་བ་དང་བདེ་བ་སྤངས་པའོ། །བསམ་གཏན་

རྣམས་ནི་ཇི་ལྟ་བར། དེ་བཞིན་གཟུགས་མེད། རྣམ་པ་གང་གིས་ན། དེ་དག་ནི་སྐྱེ་བ་དང་སྙོམས་པར་འཇུག་པ་རྣམ་པ་གཉིས་ཀྱང་ཡིན་ལ། བཞི་ཡང་ཡིན་ཏེ་དེ་དག་གི་ཡང་སྐྱེ་བ་ནི་བཤད་ཟིན་ཏོ། །སྙོམས་པར་འཇུག་པའི་གཟུགས་མེད་པ་ནི་བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པའི་རང་

བཞིན་ཡིན་ཏེ། དེ་ལྟར་ན་རྣམ་པ་དེ་དག་གིས་སོ། །འཁོར་དང་བཅས་ན་ནི་ཕུང་པོ་བཞི་སྟེ། རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །འོག་མའི་ས་ལས་དབེན་ལས་སྐྱེས། །བསམ་གཏན་བཞི་པ་ལས་དབེན་པ་ལས་སྐྱེས་པ་ནི་ནམ་མཁའ་ཡས་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་

པ་ལས་སྐྱེས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་ནོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ནོ། །དེ་ལྟར་ན་གཟུགས་མེད་པ་བཞི་ཡིན་ནོ། །དབེན་པ་ཞེས་བྱ་བ་ཅི་ཞེ་ན།

ལམ་གང་གིས་ས་འོག་མ་ལས་ཡིད་འབྱུང་བ་སྟེ། འདོད་ཆགས་དང་བྲལ་བར་འགྲོ་བའི་ཕྱིར་རོ། །གཟུགས་མེད་པ་དེ་དག་ཀྱང་། གཟུགས་དང་བྲལ་བ་ཞེས་བྱ་སྟེ། ཉེ་བར་བསྡོགས་པ་གསུམ་དང་བཅས། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་བསམ་གཏན་བཞི་

པ་ལ་དམིགས་པའི་ཕྱིར་དེ་ནི་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་མ་ཡིན་པས། གཟུགས་དང་བྲལ་བ་ཞེས་བྱ་བའི་མིང་མི་འཐོབ་སྟེ། མ་བྲལ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་གཟུགས་མེད་པ་དག་ན་ཡང་གཟུགས་ཅུང་ཟད་ཡོད་དེ། ཆུང་ཟད་སེར་བ་བཞིན་ནོ་ཞེས་ཟེར་རོ། །ཕུང་པོ་

བཞི་ཞེས་བཤད་པ་གང་ཡིན་པ་དེ་ནི་རེ་ཞིག་གཟུགས་མེད་པ་དག་ན་གཟུགས་མེད་དོ་ཞེས་བྱ་བའི་བསྒྲུབ་པ་བྱ་བ་ཡིན་ཞེ་ན། གལ་ཏེ་ཡོད་ན་ཇི་ལྟར་ན་གཟུགས་མེད་པ་ཞེས་བརྗོད་དོ། །དེ་བས་ན། གཟུགས་མེད་པ་ན་གཟུགས་མེད་དོ། །ད་ནི་ཇི་ལྟར་ན་དེ་ནས་ཤི་འཕོས་པ་རྣམས་ཀྱི་

Vol. 141 · folio 257a

གཟུགས་བསྐལ་པ་མི་ཉུང་བ་ཞིག་དུ་གཟུགས་རྒྱུན་ཆད་པ་ལས་ཡང་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ། གཟུགས་ནི་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འདུ་འཕྲོད་རྙེད་པ་ལས་སྐྱེའོ། །དེ་ནི་ཐལ་ཟིན་ཏོ། །འདི་བརྗོད་པར་བྱ་སྟེ། ཅི་ནམ་མཁའ་

མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ནམ་མཁའ་ལ་སོགས་པ་ཉིད་ལ་དམིགས་པས་དེའི་ཕྱིར་མིང་དེ་སྐད་ཅེས་བྱའམ་ཞེ་ན་མ་ཡིན་ཏེ། ཇི་ལྟ་ཞེ་ན། རེ་ཞིག་གསུམ་ནི། དེ་བཞིན། སྦྱོར་ཕྱིར་ནམ་མཁའ་མཐའ་ཡས་དང་། །རྣམ་ཤེས་མཐའ་ཡས་ཅི་ཡང་མེད། །ཅེས་བྱ་ནམ་མཁའ་མཐའ་ཡས་སོ། །རྣམ་ཤེས་མཐའ་ཡས་སོ། །

ཆུང་ཟད་ཀྱང་མེད་དོ་ཞེས་དེ་ལྟར་ཡིད་ལ་བྱེད་ཅིང་དེ་དག་ལ་རབ་ཏུ་སྦྱོར་བས་དེའི་ཕྱིར་དེ་དག་གི་མིང་གྲངས་བཞིན་དུ་དེ་སྐད་ཅེས་བྱའོ། །དམན་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་པའང་མ་ཡིན་པའོ། །འདུ་ཤེས་དམན་པའི་ཕྱིར་འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་སྟེ། འདུ་ཤེས་དེ་ནི་གསལ་བའང་མ་ཡིན་ལ་

མེད་པ་ཁོ་ནའང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་བརྒྱད། དེ་ལྟར་ན་སྙོམས་པར་འཇུག་ལ་དངོས་གཞིའི་རྫས་དེ་དག་ནི་འདི་ལྟ་སྟེ། བསམ་གཏན་བཞི་དང་གཟུགས་མེད་པ་བཞི་སྟེ། བརྒྱད་ཡིན་ནོ། །དེ་དག་ལས་ཀྱང་། བདུན་ནི་རྣམ་པ་གསུམ་སྟེ། སྲིད་པའི་རྩེ་མོ་ལས་གཞན་པ་

བདུན་ནི་རྣམ་པ་གསུམ་སྟེ། རོ་མྱང་བ་དང་དག་པ་དང་། །ཟག་མེད་རྣམས་དང་ལྡན་པའོ། །རོ་མྱང་བ་དང་། དག་པ་དང་། ཟག་པ་མེད་པ་རྣམས་དང་མཚུངས་པར་ལྡན་པའོ། །བརྒྱད་པ་སྲིད་པའི་རྩེ་མོ་ནི་རྣམ་པ་གཉིས་ཏེ། རོ་མྱང་བ་དང་དག་པ་དང་མཚུངས་པར་ལྡན་པའོ། །ཟག་པ་མེད་པ་ནི་མེད་པ་ཉིད་དོ། །དེ་ལ། རོ་མྱང་མཚུངས་

ལྡན་སྲེད་བཅས་ཏེ། །རོ་མྱང་བ་ནི་སྲེད་པ་ཡིན་ནོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ། འཇིག་རྟེན་པའི་དགེ་བ་སྙོམས་པར་འཇུག་པའི་རྫས་ནི་དག་པ་ཞེས་བྱ་སྟེ། མ་ཆགས་པ་ལ་སོགས་པ་དཀར་པོའི་ཆོས་དང་ལྡན་པའི་ཕྱིར་རོ། །ཡང་རོ་མྱང་བ་དང་མཚུངས་པར་ལྡན་པའི་སེམས་དེས་ཅི་ཞིག་རོ་མྱང་ཞེ་ན། དེ་ནི་དེས་མྱོང་ངོ་། །

སྙོམས་པར་འཇུགས་པ་དག་ལ་འདས་མ་ཐག་པ་དེ་ནི་དེས་རོ་མྱོང་བར་བྱེད་དེ། རོ་མྱང་བར་བྱ་བ་གང་ཡིན་པ་དེ་ལས་ནི་ལངས་པ་ཡིན་ནོ། །གང་གིས་རོ་མྱོང་བར་བྱེད་པ་དེ་ལ་ནི་སྙོམས་པར་ཞུགས་པ་ཡིན་ནོ། །ཟག་མེད་འཇིག་རྟེན་འདས་པའོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པའི་རྫས་གང་ཡིན་པ་དེ་ནི་ཟག་པ་

Vol. 141 · folio 257b

མེད་པ་ཡིན་ནོ། །སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ནི་ཡན་ལག་དང་ལྡན་པ་ཡིན་ནོ། །གཟུགས་མེད་པ་རྣམས་ནི་མ་ཡིན་ནོ། །དེ་ལ། དང་པོ་ལྔ་སྟེ། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་དཔྱོད་དང་། དགའ་བདེ་ཏིང་ངེ་འཛིན་དང་ལྡན། །རྟོག་པ་དང་། དཔྱོད་པ་དང་། དགའ་

བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་སྟེ། ཡན་ལག་དེ་ལྔའོ། །ཏིང་ངེ་འཛིན་ནི་ཡན་ལག་ཀྱང་ཡིན། བསམ་གཏན་ཡང་ཡིན་ནོ། །ལྷག་མ་རྣམས་ནི་ཡན་ལག་ཁོ་ན་ཡིན་ཏེ། དམག་གི་ཡན་ལག་བཞི་ཇི་ལྟ་བར་བསམ་གཏན་གྱི་ཡན་ལག་ལྔ་ཡང་དེ་དང་འདྲའོ་ཞེས་གྲག་གོ། །གཉིས་པའི་ཡན་

ལག་དག་དང་ལྡན། །དགའ་ལ་སོགས་དང་བཞི་ཡིན་ནོ། །བསམ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་དང་བཞིའོ། །གསུམ་པའི་བཏང་སྙོམས་དྲན་པ་དང་། །ཤེས་བཞིན་བདེ་དང་གནས་དང་ལྔ། །བསམ་གཏན་

གསུམ་པའི་ཡན་ལག་ནི་བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་བདེ་བ་དང་། ཏིང་ངེ་འཛིན་དང་ལྔའོ། །གནས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རྣམ་གྲངས་ཡིན་ཏེ། མདོ་ལས་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་སེམས་དང་སེམས་བྱུང་བ་ཡང་དག་པར་གནས་པའོ་ཞེས་འབྱུང་ངོ་། །ཐ་མའི་བདེ་

མིན་སྡུག་བསྔལ་མིན། །བཏང་སྙོམས་དྲན་དང་ཏིང་འཛིན་བཞི། །ཐ་མ་ནི་བསམ་གཏན་བཞི་པ་སྟེ། དེའི་ཡན་ལག་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་། བཏང་སྙོམས་ཡོངས་སུ་དག་པ་དང་། རྣམ་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་དང་བཞི་སྟེ། དེ་ལྟར་བསམ་གཏན་དང་

པོ་དང་གསུམ་པའི་ཡན་ལག་ནི་ལྔ་ཡིན་ལ། གཉིས་པ་དང་བཞི་པའི་ཡན་ལག་ནི་བཞི་ཡིན་པའི་ཕྱིར་དེ་དག་ནི་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་ཡིན་ཏེ། མིང་གི་སྒོ་ནས་དེ་ལྟའོ། །རྫས་ཀྱི་སྒོ་ནས་བཅུ་གཅིག་གོ། །རྫས་ཀྱི་སྒོ་ནས་ནི་བསམ་གཏན་དང་པོ་ལ་ནི་ལྔའོ། །གཉིས་པ་ལ་ནི་ནང་རབ་ཏུ་དང་བ་འཕེལ་ལོ། །གསུམ་པ་ལ་ནི་

བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། དགེ་བ་རྣམས་འཕེལ་ལོ། །བཞི་པ་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་འཕེལ་ཏེ། དེ་ཉིད་ཀྱི་ཕྱིར་བསམ་གཏན་དང་པོའི་ཡན་ལག་གང་དག་ཡིན་པ་དེ་ཉིད་གཉིས་པའི་ཡན་ལག་ཡིན་ནམ་ཞེས་བྱ་བ་བརྗོད་ན་མུ་བཞི་སྟེ། མུ་དང་པོ་ནི་རྟོག་པ་དང་དཔྱོད་

Vol. 141 · folio 258a

པའོ། །མུ་གཉིས་པ་ནི་ནང་རབ་ཏུ་དང་བའོ། །མུ་གསུམ་པ་ནི་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ། །མུ་བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་ཏེ། དེ་བཞིན་དུ་བསམ་གཏན་ཐམས་ཅད་ཀྱི་ཡན་ལག་རྣམས་ཀྱང་ཕན་ཚུན་དུ་སྦྱར་བར་བྱའོ། །དེའི་ཕྱིར་བསམ་གཏན་གསུམ་པོའི་བདེ་

བ་རྫས་གཞན་དུ་བརྗོད་ཅེ་ན། གང་གི་ཕྱིར་དེའི་བདེ་བ་ནི་ཚོར་བ་ཡིན་ལ་བསམ་གཏན་དང་པོ་གཉིས་ཀྱིས་རབ་སྦྱངས་ཏེ། བསམ་གཏན་དང་པོ་དང་གཉིས་པའི་བདེ་བ་ནི་རབ་ཏུ་སྦྱངས་པ་ཞེས་བྱའོ། །ནང་རབ་ཏུ་དང་བ་ཞེས་བྱ་བའི་ཆོས་དེ་ཅི་ཞེ་ན། དད་པ་རབ་ཏུ་དང་བའོ། །དེ་བས་བསམ་གཏན་གཉིས་པ་ཐོབ་པ་ལས་

སྙོམས་པར་འཇུག་པའི་ས་ལས་ཀྱང་ངེས་པར་འབྱུང་བར་ཡོད་པར་ཡིད་ཆེས་པ་སྐྱེ་བ་དེ་ནི་འདིར་ནང་རབ་ཏུ་དང་བ་ཞེས་བྱའོ། །དགའ་བ་ནི་ཡིད་བདེ་བ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཇི་ལྟར་རྟོགས་གཞན་ཅི་ཞིག་ཡིན་པར་འགྱུར་ཇི་ལྟར་སྡེ་པ་གཞན་དག་འདོད་པ་རྣམས་ཏེ། སྡེ་པ་གཞན་དག་ཀྱང་ཇི་ལྟར་འདོད་ཅེ་

ན། དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་ཁོ་ན་ཡིན་ལ། ཡིད་བདེ་བ་ནི་བསམ་གཏན་གསུམ་པ་དག་གི་བདེ་བ་ཡིན་པར་འདོད་དོ། །བསམ་གཏན་གྱི་བདེ་བ་ཡིད་བདེ་བ་ཡིན་པར་མི་རིགས་ཏེ། ལུས་རྣམ་གཉིས་ཕྱིར་དགའ་ཡིད་བདེ། རྣམ་པར་བསྒྱུར་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བསམ་གཏན་

གསུམ་པ་བཀའ་སྩལ་ཏེ། འདིར་འདིའི་ཡིད་བདེ་བའི་དབང་པོ་ཡོངས་སུ་མ་ལུས་པར་དགའ་བར་འགྱུར་ཞེས་བཀའ་སྩལ་ཏོ། །བསམ་གཏན་བཞི་པར་ནི་བདེ་བའི་དབང་པོ་འགག་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཡང་འདི་སྐད་དུ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་

བ་ཡང་ནུབ་པས་ཞེས་གསུངས་པས་དེའི་ཕྱིར་ཡང་བསམ་གཏན་གསུམ་པ་ཡིད་བདེ་བའི་དབང་པོ་མེད་དེ། དེ་བས་ན་དགའ་བ་ཉིད་ཡིད་བདེ་བ་ཡིན་གྱི་བདེ་བ་ནི་མ་ཡིན་ནོ། །ཡང་ཅི་ཉོན་མོངས་པ་ཅན་གྱི་བསམ་གཏན་དག་ལ་ཡང་འདི་སྐད་དུ་བཤད་པའི་ཡན་ལག་དེ་དག་ཡོད་དམ་ཞེ་ན། མེད་དོ། །དེ་དག་ལ་གང་ཞིག་མེད་ཅེ་ན།

ཉོན་མོངས་པ་ཅན་ལ་དགའ་བ་དེ་དང་། རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། །བསམ་གཏན་དང་པོ་ལ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་མེད་དེ། ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ནི་ནང་རབ་ཏུ་དང་བ་མེད་དེ། ཉོན་མོངས་པས་རྙོག་པའི་ཕྱིར་

Vol. 141 · folio 258b

རོ། །གསུམ་པ་ལ་ནི་དྲན་པ་དང་ཤེས་བཞིན་མེད་དེ། ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་དུ་རྨོངས་པར་བྱས་པའི་ཕྱིར་རོ། །བཞི་པ་ལ་ནི་དྲན་པ་ཡོངས་སུ་དག་པ་མེད་དེ། ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་ཏེ། རེ་ཞིག་ཁ་ཅིག་ནི་འདི་སྐད་དུ་ཅེས་བྱའོ། །ཁ་ཅིག་རབ་སྦྱངས་བཏང་སྙོམས་དག །ཁ་ཅིག་ན་རེ་ཉོན་

མོངས་པ་ཅན་གྱི་བསམ་གཏན་དང་པོ་དང་། གཉིས་པ་ལ་ནི་རབ་ཏུ་སྦྱངས་པ་མེད་དོ། །གསུམ་པ་དང་བཞི་པ་ལ་ནི་བཏང་སྙོམས་མེད་དེ། དེ་དག་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་པ་ཡིན་ནོ་ཞེས་

བཀའ་སྩལ་ཏོ། །སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་དག་ནི་མི་གཡོ་བའི། །སྐྱོན་དེ་དག་གང་ཞེ་ན། རྟོག་དང་དཔྱོད་དང་དབུགས་དང་ནི། །བདེ་བ་ལ་སོགས་བཞི་ཡིན་ནོ། །རྟོག་པ་དང་། དཔྱོད་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། དབུགས་རྔུབ་པ་དང་།

དབུགས་འབྱུང་བ་སྟེ། བསམ་གཏན་བཞི་པ་ནི་སྐྱོན་བརྒྱད་པོ་དེ་དག་གཅིག་ཀྱང་མེད་པས་དེའི་ཕྱིར་མི་གཡོ་བའོ་ཞེས་བྱའོ། །བསམ་གཏན་གཉིས་པ་ལ་ནི་དགའ་བ་ཞེས་སྨོས་པས་ཡིད་བདེ་བ་ཞེས་བྱའོ། །གསུམ་པ་ལ་ནི་བདེ་བའོ། །བཞི་པ་ལ་ནི་བཏང་སྙོམས་སོ། །དེ་ཅི་སྙོམས་པར་འཇུག་པའི་བསམ་གཏན་དག་གི་ཚོར་

བ་གང་ཡིན་པ་དེ་དག་ཉིད་སྐྱེ་བའི་བསམ་གཏན་དག་གི་ཡང་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟར་ཞེ་ན། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་མི་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བའོ། །སྐྱེ་བའི་བསམ་གཏན་དང་པོ་དག་ན་ནི་ཚོར་བ་

གསུམ་སྟེ། རྣམ་པར་ཤེས་པ་གསུམ་གྱི་བདེ་བ་དང་། ཡིད་ཀྱི་ས་པའི་ཡིད་བདེ་བ་དང་། རྣམ་པར་ཤེས་པ་བཞི་ཆར་གྱི་ཚོགས་ཀྱི་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་གཉིས་པ་དག་ན་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་ཡིད་བདེ་བ་དང་བཏང་སྙོམས་སོ། །རྣམ་པར་ཤེས་པའི་ཚོགས་གཞན་མེད་པའི་

ཕྱིར་བདེ་བ་ནི་མེད་དོ། །སྐྱེ་བའི་བསམ་གཏན་གསུམ་པ་དག་ན་ནི་ཚོར་བ་གཉིས་ཏེ། ཡིད་ཀྱི་ས་པའི་བདེ་བ་དང་བཏང་སྙོམས་སོ། །སྐྱེ་བའི་བསམ་གཏན་བཞི་པ་དག་ན་ནི་བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡིན་ནོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ན། རྣམ་པར་ཤེས་པའི་ཚོགས་གསུམ་པ་དང་། རྟོག་

Vol. 141 · folio 259a

པ་དང་དཔྱོད་པ་མེད་ན་དེ་དག་གི་མཐོང་བ་ཡིན་པ་ནས། རེག་པའི་བར་དུ་ཡིན། ཇི་ལྟར་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ཅེ་ན། དེ་དག་དུ་སྐྱེས་པ་རྣམས་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པའང་མ་ཡིན་ལ་དེའི་ས་པ་ཡང་མ་ཡིན་ཏེ། ཇི་ལྟར་ཞེ་ན། གཉིས་པ་ལ་

སོགས་དང་པོར་གཏོགས། །ལུས་མིན་རྣ་བའི་རྣམ་ཤེས་དང་། །རྣམ་རིག་ཀུན་ནས་སློང་གང་དེ། །བསམ་གཏན་གཉིས་པ་ལ་སོགས་པ་དག་དུ་ནི་གང་གིས་དེ་དག་གི་མཐོང་བ་ནས། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་བར་དེ་ནི་སྤྲུལ་པའི་སེམས་བཞིན་དུ། བསམ་གཏན་དང་པོའི་མིག་དང་། རྣ་

བ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་དག་མངོན་དུ་བྱེད་དོ། །དེ་ལུང་མ་བསྟན་ཉོན་མོངས་མིན། །དེ་དག་མངོན་དུ་བྱེད་པ་བསམ་གཏན་དང་པོའི་ས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་གྱི། འདོད་ཆགས་དང་བྲལ་བའི་ཕྱིར་

ཉོན་མོངས་པ་ཅན་ཡང་མ་ཡིན་ནོ། །དམན་པའི་ཕྱིར་དགེ་བ་ཡང་མ་ཡིན་ནོ། །བསམ་གཏན་གྱི་དགོས་པ་རྫོགས་སོ།། །།ཡང་དག་པ་ལ་སོགས་པའི་བསམ་གཏན་དང་། གཟུགས་མེད་པ་དག་ཇི་ལྟར་འཐོབ་ཅེ་ན། ཆགས་བྲལ་སྐྱེ་བས་དག་དེ་དག །མི་ལྡན་པ་ལས་ཐོབ་པར་འགྱུར། །ས་འོག་མ་

ལས་འདོད་ཆགས་དང་བྲལ་བའམ། སྲིད་པའི་རྩེ་མོ་མ་གཏོགས་པ་ས་འོག་མར་སྐྱེ་བ་ལས་དག་པའི་བསམ་གཏན་ནམ། གཟུགས་མེད་པ་མི་ལྡན་པ་ལས་འཐོབ་སྟེ། དེ་ན་ནི་སྐྱེ་བས་ཐོབ་པ་མེད་དོ། །ཅིའི་ཕྱིར་དེ་དང་མི་ལྡན་པ་ཞེས་བརྗོད་ཅེ་ན། དག་པ་དང་ལྡན་པ་ནི་སྦྱོར་བ་ལས་ཀྱང་ངེས་པར་འབྱེད་པའི་ཆ་དང་

མཐུན་པ་དག་འཐོབ་ལ། ཉམས་པ་ལས་ཀྱང་ཉམས་པའི་ཆ་དང་མཐུན་པ་འཐོབ་བོ། །ཟག་མེད་འདོད་ཆགས་བྲལ་བ་ཡིན། །དེ་དང་མི་ལྡན་པ་ལ་འཐོབ། །ཅེས་བྱ་བར་སྦྱར་ཏེ། དེ་དང་ལྡན་པ་ནི་ཟག་པ་ཤེས་པ་ལས་ཀྱང་མི་སློབ་པ་འཐོབ་བོ། །དབང་པོ་འཕོ་བ་ལས་ཀྱང་སློབ་པ་དང་མི་སློབ་པ་འཐོབ་བོ། །

ངེས་པར་འཇུག་པ་ལས་ཀྱང་དང་པོ་ཉིད་དུ་ཟག་པ་མེད་པ་མ་འཐོབ་པ་མ་ཡིན་ནམ་ཞེ་ན། མཐར་གྱིས་འཇུག་པས་མི་སློབ་པའི་ཕྱིར་མ་ངེས་ཏེ། ཇི་ལྟར་གདོན་མི་ཟ་བར་འཐོབ་པ་དེ་བཞིན་དུ་བཤད་དོ། །ཉམས་དང་སྐྱེ་བས་ཉོན་མོངས་ཅན། །དེ་དང་མི་ལྡན་པ་ལས་འཐོབ། །ཅེས་བྱ་བར་སྦྱར་ཏེ། གལ་ཏེ་

Vol. 141 · folio 259b

དེའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པར་འགྱུར་ན་ནི། ཡོངས་སུ་ཉམས་པས་སོ། །གལ་ཏེ་གོང་མ་ལས་འོག་མར་སྐྱེ་ན་ནི་སྐྱེ་བས་སོ། །སྙོམས་པར་འཇུག་པའི་རྫས་གང་གི་མཇུག་ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཟག་པ་མེད་པའི་བསམ་གཏན་དང་པོའི་མཇུག་ཐོགས་སུ་ནི་རང་གི་ས་པ་དང་། བསམ་གཏན་

གཉིས་པ་དང་། གསུམ་པའི་ས་པའི་དག་པ་དང་། ཟག་པ་མེད་པ་དག་དང་དྲུག་སྐྱེའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་རང་གི་ས་པ་དང་། རྣམ་ཤེས་མཐའ་ཡས་དང་། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་ས་པའི་དག་པ་དང་། ཟག་པ་མེད་པ། སྲིད་པའི་རྩེ་མོ་ན་ཟག་པ་མེད་པའི་ཕྱིར་དག་

པ་ཁོ་ན་དང་བདུན་སྐྱེའོ། །བསམ་གཏན་གཉིས་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་དང་། བསམ་གཏན་གསུམ་པ་དང་། བཞི་པ་དང་། དང་པོའི་ས་པའི་དག་པ་དང་། ཟག་པ་མེད་པ་དག་དང་བརྒྱད་སྐྱེའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་ནི་རང་གི་ས་པ་གཉིས་ཏེ། དག་པ་དང་ཟག་པ་མེད་པ་དང་། ནམ་

མཁའ་མཐའ་ཡས་སྐྱེ་མཆེད་དང་། བསམ་གཏན་བཞི་པའི་ས་པ་བཞི་དང་། ཅི་ཡང་མེད་པ་དང་། སྲིད་པའི་རྩེ་མོའི་ས་པ་གསུམ་དང་དགུ་སྐྱེ་ལ། དེ་བཞིན་དུ་བསམ་གཏན་དང་གཟུགས་མེད་པ་གཞན་དག་ལ་ཡང་རྫས་བཅུར་སྦྱར་ཏེ། དེ་ནི་མདོར་བསྡུས་པ་ཡིན་ནོ། །ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་

གསུམ་པའི་བར་དགེ་བ་སྐྱེ་སྟེ། དགེ་བ་སྨོས་པས་ནི་དག་པ་དང་ཟག་པ་མེད་པ་བཟུང་སྟེ། དགེ་བ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པའི་སྙོམས་པར་འཇུག་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་དང་། ས་གོང་མ་པ་དང་། ས་འོག་མ་པ་གསུམ་པའི་བར་གྱི་དག་པ་དང་། ཟག་པ་མེད་པ་སྐྱེའོ། །ཐོད་རྒལ་དུ་སྙོམས་པར་

འཇུག་པར་བྱེད་པས། གསུམ་པ་ལས་ཕན་ཆད་དུ་ནི་རྒལ་བར་མི་ནུས་སོ། །རྗེས་སུ་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་གི་ཆོས་ཤེས་པའི་མཇུག་ཐོགས་སུ་ནི་མ་ཡིན་ཏེ། དེའི་རྟེན་དང་དམིགས་པ་འོག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟག་པ་མེད་པའི་དེ་མ་ཐག་པ་བཤད་པ་ལྟར།

དག་པའང་དེ་བཞིན་དུ། རིག་པར་བྱ་ལ། རང་གི་ས་པའི་ཉོན་མོངས་ཀྱང་། །དག་པའི་མཇུག་ཐོགས་སུ་ལྷག་པར་རང་གི་ས་པའི་ཉོན་མོངས་པ་ཅན་སྐྱེའོ། །ལྷག་མ་ནི་ཟག་པ་མེད་པའི་མཇུག་ཐོགས་སུ་ཇི་ལྟ་བ་བཞིན་ནོ། །ཟག་པ་མེད་པའི་མཇུག་ཐོགས་སུ་ནི་ཉོན་མོངས་པ་ཅན་སྐྱེ་བ་མེད་དོ། །ཉོན་མོངས་པ་ཅན་ལ་ཉོན་མོངས་

Vol. 141 · folio 260a

པ་ཅན། དག་པ་སྙོམས་པར་འཇུག་པ་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་རང་གི་ས་པའི་ཉོན་མོངས་པ་ཅན་དང་དག་པ་སྐྱེའོ། །འོག་མའི་ས་པའི་དག་པ་གཅིག །ཉོན་མོངས་པས་གཟིར་བ་ན་ས་གོང་མའི་སྙོམས་པར་འཇུག་པ་དག་ལ་ཡང་དགའ་བར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་ཅན་ཡོངས་

སུ་བཅད་ནས་འོག་མར་འཕོ་ན་དགེ་བ་ལས་འཕོ་བ་ཡིན་གྱི། ཉོན་མོངས་པ་ཅན་ལས་ནི་མ་ཡིན་ནོ། །འོན་ཏེ་ཡོངས་སུ་མ་བཅད་ན་ནི་ཇི་ལྟར་འཕོ་ཞེ་ན། སྔོན་འཕངས་པ་ལས་ཏེ། སྔོན་འདི་སྙམ་དུ་གོང་མའི་ཉོན་མོངས་པ་ཅན་པས་ནི་འོག་མའི་དག་པ་བླའོ་སྙམ་དུ་འདོད་པར་འགྱུར་ལ། སེམས་ཅན་རྣམས་ཀྱི་སྔོན་གྱི་

འདོད་པ་ཡང་རྒྱུད་ཀྱི་རྗེས་སུ་འབྲང་སྟེ། སྨོན་ནས་གཉིད་ལོག་པ་འདོད་པའི་དུས་སུ་སད་པ་བཞིན་ནོ། །ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ཟག་པ་མེད་པ་ནི་ནམ་ཡང་མི་སྐྱེའོ། །དག་པ་དང་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རང་གི་ས་པའི་ཉོན་མོངས་པ་ཅན་ཁོ་ན་སྐྱེའི། གཞན་གྱི་ས་པ་ནི་མ་ཡིན་ནོ་ཞེས་བྱ་བ་

དེ་ནི་སྙོམས་པར་འཇུག་པའི་དུས་ཀྱི་ཕྱིར་བཤད་ཀྱི། འཆི་འཕོ་ཅན་ལས་ཉོན་མོངས་ཀུན། །འཆི་འཕོ་བའི་ཚེ་སྐྱེ་བས་ཐོབ་པའི་དག་པའི་མཇུག་ཐོགས་སུ་ས་ཐམས་ཅད་པའི་ཉོན་མོངས་པ་ཅན་སྐྱེའོ། །ཉོན་མོངས་ཅན་ལས་གོང་མ་མིན། །འཆི་འཕོ་བའི་ཚེ་ཉོན་མོངས་པ་ཅན་གྱི་བསམ་གཏན་དང་། གཟུགས་མེད་པའི་

མཇུག་ཐོགས་སུ་རང་གི་ས་པ་དང་། ས་འོག་མ་པའི་ཉོན་མོངས་པ་ཅན་སྐྱེའི། ས་གོང་མ་པའི་ནི་མ་ཡིན་ནོ། །དག་པ་ཐམས་ཅད་ལས་ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྗེས་སུ་སྐྱེ་བ་ཡང་མ་ཡིན་ཏེ། ཇི་ལྟར་ཞེ་ན། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི། དག་པ་ནི་ཉམས་པའི་ཆ་དང་མཐུན་པ་དང་། གནས་

པའི་ཆ་དང་མཐུན་པ་དང་། ཁྱད་པར་གྱི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞིའོ། །སྲིད་པའི་རྩེ་མོ་ནི་ཁྱད་པར་གྱི་ཆ་དང་མཐུན་པ་མ་གཏོགས་པ་གཞན་རྣམ་པ་གསུམ་ཡིན་ནོ། །དེའི་མཚན་ཉིད་ཀྱང་ཅི་ཞེ་ན། དེ་ནི་རིམ་བཞིན་དུ། ཉོན་མོངས་སྐྱེ་དང་རང་ས་དང་། གོང་མ་ཟག་མེད་རྗེས་མཐུན་

པའོ། །ཉམས་པའི་ཆ་དང་མཐུན་པ་ནི། །ཉོན་མོངས་པ་སྐྱེ་བའི་རྗེས་སུ་མཐུན་པའོ། །གནས་པའི་ཆ་དང་མཐུན་པ་ནི་རང་གི་ས་དང་རྗེས་སུ་མཐུན་པའོ། །ཁྱད་པར་གྱི་ཆ་དང་མཐུན་པ་ནི་ས་གོང་མ་དང་རྗེས་སུ་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ། ཟག་པ་མེད་པ་ནི་དེ་ལས་སྐྱེའོ། །ཡང་བཞི་པོ་དེ་དག་གི་

Vol. 141 · folio 260b

མཇུག་ཐོགས་སུ་གང་ཞིག་སྐྱེ་ཞེ་ན། །ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཉམས་ཆ་དང་མཐུན་པ་ཞེས་བྱ་བ་ནི་ཉམས་པ་དང་བསྟན་པ་སྟེ། དེའི་མཇུག་ཐོགས་སུ་ནི་ཉམས་པའི་ཆ་དང་མཐུན་པ་དང་། གནས་པའི་ཆ་དང་མཐུན་པ་དང་གཉིས་སྐྱེའོ། །གནས་པའི་ཆ་

དང་མཐུན་པའི་མཇུག་ཐོགས་སུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ་གསུམ་སྐྱེའོ། །ཁྱད་པར་གྱི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་ཉམས་པའི་ཆ་དང་མཐུན་པ་གསུམ་སྐྱེའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་གཅིག་པུ་དེ་ཉིད་སྐྱེའོ། །ཇི་ལྟར་ན་ཐོད་རྒལ་གྱི་སྙོམས་

པར་འཇུག་པ་སྐྱེ་བ་ཡིན་ཞེ་ན། ས་བརྒྱད་རྣམས་ནི་འབྲེལ་པར་ནི། །སོང་ཞིང་འོངས་ནས་གཅིག་རྒལ་བ། །ཐོད་རྒལ་སྙོམས་པར་འཇུག་པ་ཡིས། །མི་མཐུན་གསུམ་པར་འགྲོ་བའོ། །ས་བརྒྱད་ཅེས་བྱ་བ་ནི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། །རྣམ་པ་གཉིས་ཞེས་བྱ་བ་ནི།

ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །འབྲེལ་བ་ཞེས་བྱ་བ་ནི། གོ་རིམས་བཞིན་དུའོ། །སོང་ཞིང་ཞེས་བྱ་བ་ནི། ལུགས་དང་མཐུན་པར་སྙོམས་པར་འཇུག་ནས་སོ། །འོངས་ནས་ཞེས་བྱ་བ་ནི། ལུགས་དང་མི་མཐུན་པར་སྙོམས་པར་ཞུགས་ནས་སོ། །གཅིག་རྒལ་བ་ཞེས་བྱ་བ་ནི་རེ་རེ་བརྒལ་བ་སྟེ། ཟག་པ་དང་བཅས་པའི་

ས་བརྒྱད་དང་ཟག་པ་མེད་པའི་ས་བདུན་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པའི་བྱ་བར་བྱ་སྟེ། ཕྱིས་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས། ཟག་པ་དང་བཅས་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་

ལ་སྙོམས་པར་འཇུག་ལ། དེ་ནས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་དུ་ལུགས་དང་མི་མཐུན་པ་ལ་ཡང་སྦྱར་བར་བྱ་སྟེ། ཟག་པ་མེད་པ་ཡང་གཅིག་རྒལ་ཞིང་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་དེ་ནི་ཐོད་རྒལ་དུ་སྙོམས་པར་འཇུག་པའི་སྦྱོར་བ་ཡིན་ནོ། །

གང་གི་ཚེ་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་མེད་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ནི་ཟག་པ་དང་བཅས་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ལ། དེ་ནས་ནི་ཟག་པ་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་དུ་ལུགས་

Vol. 141 · folio 261a

དང་མི་མཐུན་པར་ཡང་སྙོམས་པར་ཞུགས་པ་དེའི་ཚེ་རིས་མི་མཐུན་པ་གསུམ་པར་འགྲོ་བའི་ཕྱིར་ཡོངས་སུ་གྲུབ་པ་ཡིན་ནོ། །ཤིན་ཏུ་རིང་བའི་ཕྱིར་བཞི་པ་ལ་ནི་སྙོམས་པར་མི་འཇུག་གོ། །དེ་དག་ཀྱང་གླིང་གསུམ་དག་དུ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ནས་སྐྱེ་བར་བྱེད་ཀྱི།

མཐོང་བས་ཐོབ་པ་ནི་དབང་པོ་རྣོན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཏིང་ངེ་འཛིན་ལ་དབང་བ་ཡིན་ཡང་ཉོན་མོངས་པ་མེད་པ་མ་ཡིན་ནོ། །དུས་ཀྱི་རྣམ་པར་གྲོལ་བ་ནི་གལ་ཏེ་ཉོན་མོངས་པ་མེད་པ་ཡིན་ཡང་། ཏིང་ངེ་འཛིན་ལ་དབང་བ་ནི་མ་ཡིན་ནོ། །ལུས་གང་གིས་བསམ་གཏན་དང་། གཟུགས་མེད་པ་དུ་ཞིག་མངོན་དུ་

བྱེད་ཅེ་ན། བསམ་གཏན་གཟུགས་མེད་རང་དང་ནི། །འོག་མའི་ལུས་ཉིད། སྲིད་པའི་རྩེ་མོ་ནི་སྲིད་པའི་རྩེ་མོར་ཡང་མངོན་དུ་བྱེད་ཅིང་། འོག་མ་འདོད་པའི་ཁམས་ཀྱི་བར་དག་དུ་མངོན་དུ་བྱེད་ལ། དེ་བཞིན་དུ་ལྷག་མ་རྣམས་ཀྱང་། རང་གི་ས་དང་། ས་འོག་མ་དག་དུ་མངོན་དུ་བྱེད་དོ། །ཅིའི་ཕྱིར་གོང་མར་སྐྱེས་ལ་སྙོམས་

པར་འཇུག་པ་འོག་མ་མངོན་དུ་མི་བྱེད་ཅེ་ན། གང་གི་ཕྱིར་དེ་ལ་ནི། འོག་དགོས་མེད། དེའི་དགོས་པ་ནི་སྙོམས་པར་འཇུག་པའི་འོག་མའི་རྫས་ཀྱིས་ཆུང་ཟད་ཀྱང་མི་བྱེད་དེ་དམན་པའི་ཕྱིར་རོ། །སྤྱིར་བསྟན་པར་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དོ། །ཅི་ཡང་མེད་པ་མངོན་བྱས་ནས། །འཕགས་པའི་སྲིད་རྩེའི་ཟག་

ཟད་བྱེད། །འཕགས་པའི་སྲིད་པའི་རྩེ་མོར་སྐྱེ་བ་ཐོབ་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཟག་པ་མེད་པ་མངོན་དུ་བྱས་ནས་ཟག་པ་ཟད་པར་བྱེད་དོ། །ཇི་ལྟར་ན་དེར་སྐྱེས་པ་དེ་མངོན་སུམ་དུ་བྱེད་ཅེ་ན། རང་གི་ས་པ་མེད་པ་དང་དེ་དང་ཉེ་བའི་ཕྱིར་རོ། །ཡང་བསམ་གཏན་དང་གཟུགས་མེད་པ་དེ་དག་གི་དམིགས་པ་ཅི་ཞིག་ཡིན་ཞེ་ན། སྲེད་

བཅས་རང་གི་སྲེད་ལ་དམིགས། །རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་ནི། རང་གི་ས་པའི་སྲེད་པ་ལ་དམིགས་སོ། །སྲེད་པ་ཞེས་སྨོས་པས་ནི་ཟག་པ་དང་བཅས་པའི་དངོས་པོ་གཟུང་ངོ་། །འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ལ་མི་དམིགས་སོ། །ས་རྣམས་ཀྱི་སྲེད་པ་ནི་ཡོངས་སུ་ཆུད་པའི་ཕྱིར་གོང་མ་ལ་ཡང་མ་

ཡིན་ནོ། །དགེ་བར་ཐར་པར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་མ་ཡིན་ནོ། །བསམ་གཏན་དགེ་ཡུལ་ཡོད་དོ་ཅོག །དགེ་བའི་བསམ་གཏན་དག་པ་དང་། །ཟག་པ་མེད་པ་དེའི་དམིགས་པ་ནི། ཟག་པ་དང་བཅས་པའམ། ཟག་པ་མེད་པ་གང་ཆུང་ཟད་ཅི་ཡོད་པ་ཐམས་ཅད་ཡིན་ནོ། །གཟུགས་མེད་དངོས་གཞི་དགེ་

Vol. 141 · folio 261b

རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་ཡིན། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ནི། རང་གི་ས་པ་དང་ས་གོང་མ་པ་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར། ས་འོག་མ་པའི་ཟག་པ་དང་བཅས་པའི་དངོས་པོ་ལ་མི་དམིགས་སོ། །ཟག་པ་མེད་པ་ཡང་རྗེས་སུ་ཤེས་པའི་ཕྱོགས་ཐམས་ཅད་

ལ་དམིགས་ཀྱི། ཆོས་ཤེས་པའི་ཕྱོགས་དང་འོག་མའི་འགོག་པ་ལ་ནི་མི་དམིགས་སོ། །ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ནི་ས་འོག་མ་ལ་དམིགས་སོ། །བསམ་གཏན་དང་གཟུགས་མེད་པ་རྣམ་པ་གསུམ་པོ་དེ་དག་ལས། ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་སྟེ། འདོད་ཆགས་དང་བྲལ་བའི་

ཕྱིར་འོག་མ་ལ་ཡང་མ་ཡིན། དེ་ཉིད་ཀྱི་གཉེན་པོ་དེ་ཉིད་མ་ཡིན་པའི་ཕྱིར་རང་གི་ས་པ་ཡང་མ་ཡིན་ཁྱད་པར་དུ་འཕགས་པའི་ཕྱིར་གོང་མ་ཡང་མ་ཡིན་པས། དག་པས་ཀྱང་མ་ཡིན་ན་ཉོན་མོངས་པ་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཉེར་བསྡོགས་པས་ཀྱང་། གཟུགས་དང་གཟུགས་མེད་པའི་ཉེར་བསྡོགས་ནི་དག་

པས་ཀྱང་ཉོན་མོངས་པ་རྣམས་སྤོང་སྟེ། ས་འོག་མ་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉེར་བསྡོགས་རྣམས་ཀྱང་དུ་ཞིག་ཅེ་ན། དེ་དག་ལ་ནི་ཉེར་བསྡོགས་བརྒྱད། །རེ་རེ་ལ་ཡང་ཉེར་བསྡོགས་གང་གིས་དེ་ལ་འཇུག་པ་རེ་རེ་ཡིན་ནོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ། དེ་དག་གི་ཚོར་བ་ཡང་དེ་དང་འདྲའམ་ཞེ་ན། སྨྲས་

པ་མི་འདྲ་སྟེ། དག་པ་བདེ་མིན་སྡུག་བསྔལ་མིན། །དེ་དག་ནི་དག་པ་ཡིན་ཞིང་འབད་དེ་དྲན་པར་བྱ་བ་ཡིན་པ་དང་། ས་འོག་མ་པ་ལ་ཡིད་འབྱུང་བ་དང་མ་བྲལ་བ་ཡིན་པའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་ལྡན་པ་ཡིན་ལ། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར། རོ་མྱང་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་

ནོ། །དང་པོ་འཕགས་པ་ཡང་། ཉེར་བསྡོགས་ཀྱི་དང་པོ་མི་ལྕོགས་པ་མེད་པ་དེ་ནི་དག་པ་འདི་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ནོ། །གལ་ཏེ་ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ན། ཉོན་མོངས་པ་ཅན་དུ་འགྱུར་ཡང་མཉམ་པར་གཞག་པ་ལ་ནི་ཉོན་མོངས་པ་ཅན་ཉིད་དགག་གོ། །ལ་ལ་ནི། རྣམ་གསུམ། ལ་ལ་ནི་

མི་ལྕོགས་པ་མེད་པར་རོ་མྱང་བ་དང་མཚུངས་པར་ལྡན་པ་ཡང་ཡོད་དོ། །ཉེར་བསྡོགས་ཞེས་ཀྱང་འབྱུང་། བསམ་གཏན་ཁྱད་པར་ཅན་ཞེས་ཀྱང་འབྱུང་ན། ཅི་དོན་གཅིག་པ་ཞིག་ཡིན་ནམ་འོན་ཏེ་དོན་ཐ་དད་ཅེ་ན། དོན་ཐ་དད་དེ་ཉེར་བསྡོགས་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་ལ། རྟོག་མེད་བསམ་གཏན་དང་། བསམ་

Vol. 141 · folio 262a

གཏན་ཉིད་ཡིན་ལ། བསམ་གཏན་ལ་ཁྱད་པར་འཕགས་ཤིང་རྟོག་པ་དང་མཚུངས་པར་མི་ལྡན་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་ན་ཁྱད་པར་དུ་འཕགས་པ་མེད་པའི་ཕྱིར་རྣམ་པར་མ་གཞག་གོ། །བསམ་གཏན་ཁྱད་པར་ཅན་དེ་ཡང་། རྣམ་གསུམ།

རོ་མྱང་བ་དང་མཚུངས་པར་ལྡན་པ་དང་ཟག་པ་དང་ཟག་པ་མེད་པ་ཡིན་ནོ། །བདེ་མིན་སྡུག་མིན་ཏེ། འདི་ལ་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད་པས་ན། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་སྟེ། བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདུ་བྱ་བ་དང་བཅས་

པས་དྲན་པར་བྱ་བ་ཡིན་པའི་ཕྱིར་དགའ་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་དཀའ་བ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་དེའི་འབྲས་བུ་ཁྱད་པར་ཅན་དེ་གང་ཞིག་ཡིན་ཞེ་ན། འབྲས་བུ་ཚངས་པ་ཆེན་པོ་ཡིན། །བསམ་གཏན་ཁྱད་པར་ཅན་དེ་བསྒོམས་ནས་ཚངས་པ་ཆེན་པོར་འགྱུར་རོ། །ཡང་ཏིང་ངེ་

འཛིན་ཐམས་ཅད་མདོར་བསྡུས་ཏེ། མདོ་ལས་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་གསུམ་དུ་བཀའ་སྩལ་ཏེ། དེ་ལ་རེ་ཞིག་བསམ་གཏན་ཁྱད་པར་ཅན་གྱི་རྟོག་པ་ཙམ་ཞིག་

བཀག་པའི་ཕྱིར། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཡིན་ནོ། །དེ་མན་ཆད་རྟོག་དཔྱོད་བཅས་པའི་ཏིང་ངེ་འཛིན། བསམ་གཏན་དང་པོ་དང་མི་ལྕོགས་པ་མེད་པ་ནི། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན་ནོ། །ཡན་ཆད་གཉི་ག་མེད། །དེ་ན་གཉིས་པོ་མེད་པས་ན་གཉི་ག་མེད་པ་སྟེ། བསམ་གཏན་ཁྱད་

པ་ཅན་ཡན་ཆད་བསམ་གཏན་གཉིས་པའི་ཉེར་བསྡོགས་ནས་སྲིད་པའི་རྩེ་མོའི་བར་གྱི་ཏིང་ངེ་འཛིན་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །ཡང་མདོ་ལས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་གསུངས་ཏེ། མཚན་མེད་ཞི་བའི་རྣམ་

པ་དང་། །འགོག་པའི་བདེན་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་སྟེ། རྣམ་པ་བཞི་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ནོ། །མཚན་མ་བཅུ་ནི་

Vol. 141 · folio 262b

ཡུལ་ལྔ་དང་ཕོ་དང་མོ་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །སྟོང་ཞིང་མཚན་ཉིད་སྟོང་ཉིད་ལ། །འཇུག་སྟེ་བདག་མེད་པ་དང་སྟོང་པ་ཉིད་ཀྱི་རྣམ་པ་དག་དང་མཚུངས་པར་ལྡན་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། རྣམ་པ་གཉིས་ཡིན་ནོ། །སྨོན་པ་མེད་པ་ནི། དེ་ལས་གཞན་བདེན་རྣམ་དག་དང་། །

བདེན་པ་ལྷག་མའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ་པ་བཅུ་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་བྱུང་བ་དང་། ལམ་ཡང་གཟིངས་ལྟ་བུར་གདོན་མི་ཟ་བར་དོར་བར་བྱ་བ་ཡིན་པའི་ཕྱིར་ལ་དེའི་རྣམ་པར་དམིགས་པའི་ཏིང་

ངེ་འཛིན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སྟོང་པ་དང་བདག་མེད་པ་དག་གི་ནི་ཡིད་འབྱུང་བ་མ་ཡིན་ནོ། །ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་རྣམ་པ་གཉིས་ཏེ། དག་དང་དྲི་མ་མེད། འཇིག་རྟེན་དང་

འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་དག་པ་དང་དྲི་མ་མེད་པ་དག་ཡིན་ཏེ། འཇིག་རྟེན་པ་ནི་ས་བཅུ་གཅིག་ན་ཡོད་དོ། །འཇིག་རྟེན་ལས་འདས་པ་ནི་གང་ལ་ལམ་ཡོད་པ་དག་ན་ཡོད་དོ། །དེ་དག་ནི། དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཏིང་ངེ་འཛིན་གསུམ་པོ་དེ་དག་དྲི་མ་མེད་པ་ནི་རྣམ་པར་ཐར་པའི་སྒོ་ཡིན་པའི་ཕྱིར།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཞེས་བྱའོ། །ཡང་། སྟོང་ཉིད་སྟོང་ཉིད་ཞེས་ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ། །ཞེས་བྱ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་དང་། སྨོན་པ་

མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་པ་མཚན་མ་མེད་པ་སྟེ། དེ་དག་ནི་སྟོང་པ་ཉིད་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པ་ལ་དམིགས་པ་ཡིན། །ཏིང་ངེ་འཛིན་གཞན་གཉིས་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་ཡང་དམིགས་

ཏེ། སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་སྟོང་པའི་རྣམ་པར་དམིགས་སོ། །སྨོན་པ་མེད་པ་སྨོན་པ་མེད་པ་ཡང་མི་སློབ་པའི་སྨོན་པ་མེད་པ་ལ་མི་རྟག་པའི་རྣམ་པར་དམིགས་སོ། །ཟག་པ་མེད་པའི་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་དུ་ཡང་མ་ཡིན་ལ། རྒྱུ་ཉིད་ལ་

Vol. 141 · folio 263a

སོགས་པར་ཡང་མ་ཡིན་ལ། སུན་དབྱུང་བར་བྱ་བ་ཡིན་པ་དེའི་ཕྱིར་ལམ་གྱི་རྣམ་པ་དག་ཏུ་ཡང་མ་ཡིན་ནོ། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །མཚན་མ་མེད་པ་མཚན་མ་མེད་པ་ནི། ཟག་པ་མེད་པ་ལ་སོ་སོར་བརྟགས་ཏེ་འགོག་པ་མེད་པའི་ཕྱིར་མི་སློབ་པའི་

མཚན་མ་མེད་པའི་སོ་སོར་མ་བརྟགས་པར་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །མི་རྟག་པ་དང་འགོག་པ་ཐུན་མོང་ཡིན་པའི་ཕྱིར་བ་དང་། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་བ་དང་། བྲལ་བ་མ་ཡིན་པའི་ཕྱིར་འགོག་པ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་རྣམ་པ་དག་ཏུ་ནི་མ་ཡིན་ནོ། །ཏིང་ངེ་

འཛིན་གཞན་དེ་དག་ནི་གཅིག་ཏུ། ཟག་བཅས། འཕགས་པའི་ལམ་ལ་སྡང་བ་ཡིན་པའི་ཕྱིར་ཏེ། ཟག་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །གང་དུ་སྐྱེད་པར་བྱེད་ཅེ་ན། མི་རྣམས་དག་གི་ནང་། མི་དག་གི་ནང་ཁོ་ནར་སྐྱེད་ཀྱི། ལྷ་དག་གི་ནང་དུ་ནི་མ་ཡིན་ནོ། །སུ་སྐྱེད་ཅེ་ན། མི་གཡོ། དགྲ་བཅོམ་པ་གཞན་དག་གིས་

ནི་མ་ཡིན་ནོ། །ས་དུ་པ་ཅིག་ཅེ་ན། ཉེར་བསྡོགས་བདུན་མ་གཏོགས། ཉེར་བསྡོགས་བདུན་མ་གཏོགས་པ་གཞན་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་གཟུགས་མེད་པ་རྣམས་ཏེ། ས་བཅུ་གཅིག་ན་ཡོད་དོ། །ཡང་ཏིང་ངེ་འཛིན་བསྒོམ་པ་བཞི་སྟེ།

ཏིང་ངེ་འཛིན་བསྒོམ་པ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལ། ལན་མང་དུ་བྱས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །དེ་ལ། བདེ་བར་བྱ་ཕྱིར་ཏིང་འཛིན་བསྒོམ། །དགེ་བའི་བསམ་གཏན་དང་པོ་ཡིན། །མཐོང་བའི་ཆོས་ལ་བདེ་བར་གནས་

པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་དགེ་བའི་བསམ་གཏན་དང་པོ་སྟེ། དག་པའམ་ཟག་པ་མེད་པ་ཡིན་ནོ། །དེ་དང་པོ་པ་ཡིན་པའི་ཕྱིར་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ། །ཡོངས་སུ་ཉམས་པ་དག་གོང་མར་སྐྱེ་བ་ཡང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ། དེ་མེད་པའི་ཕྱིར་གདོན་

མི་ཟ་བར་ཚེ་ཕྱི་མ་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །མཐོང་བྱ་མིག་གི་མངོན་ཤེས་འདོད། །མཐོང་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་ལྷའི་མིག་གི་མངོན་པར་ཤེས་པ་ཡིན་ནོ། །བློ་བསྐྱེད་བྱ་ཕྱིར་སྦྱོར་ལས་སྐྱེས། །ཤེས་རབ་རབ་ཏུ་བསྐྱེད་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་ཁམས་

Vol. 141 · folio 263b

གསུམ་པའི་ཡོན་ཏན་ཟག་པ་མེད་པ་ཐམས་ཅད་ཡིན་ནོ། །ཟག་པ་ཟད་པ་བསྒོམ་པ་ནི། །རྡོ་རྗེ་ལྟ་བུ་བསམ་གཏན་མཐའ། །ཟག་པ་དང་བཅས་པ་ཟད་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་ནི་བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་འདི་

ནི་བདག་ཉིད་ལ་ཉེ་བར་གཏོད་པ་ཡིན་ཏེ། དེའི་ཕྱིར་བསམ་གཏན་བཞི་པ་ཁོ་ནར་བཀའ་སྩལ་ཏོ་ཞེས་གྲག་གོ། །ཏིང་ངེ་འཛིན་རྣམས་ཀྱི་སྐབས་སུ་བབ་པ་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་ལ་བརྟེན་པའི་ཡོན་ཏན་རྣམས་ཀྱི་སྐབས་ཡིན་པས་དེ་དག་བཤད་པར་བྱའོ། །ཚད་མེད་པ་ནི་བཞི་ཡིན་ནོ། །བྱམས་པ་དང་

སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་བཞི་ཁོ་ན་ཡིན་ཞེ་ན། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །གནོད་སེམས་དང་རྣམ་པར་འཚེ་བ་དང་། མི་དགའ་བ་དང་། འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་དེ་དག་སྤང་བའི་ཕྱིར་བཞི་པོ་དང་

གྲངས་བཞིན་ནོ། །ཞེ་སྡང་མེད་བྱམས། བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ཡིན་ནོ། །སྙིང་རྗེ་ཡང་དེ་བཞིན་ནོ། །ཡིད་བདེ་བ་ནི་དགའ་བ་ཡིན། །དགའ་བ་ནི་ཡིད་བདེ་བའི་རང་བཞིན་ཡིན་ནོ། །བཏང་སྙོམས་ནི་མ་ཆགས་པའི་བདག་ཉིད་ཡིན་ནོ། །ཅི་ལྟར་ན་གནོད་སེམས་ཀྱི་གཉེན་པོ་ཡིན་ཞེ་ན། དེ་ནི་

ཆགས་པས་དྲངས་པ་ཡིན་པའི་ཕྱིར་རོ། །བྱམས་པ་ལ་སོགས་པ་དེ་དག་གི། རྣམ་པ་ནི། ཀྱེ་མ་བདེ་དང་སྡུག་བསྔལ་དང་། །མགུ་དང་སེམས་ཅན་ཞེས་བྱ་བའོ། །ཀྱེ་མ་སེམས་ཅན་བདེ་བར་གྱུར་ཅིག་སྙམ་དུ་ཡིད་ལ་བྱེད་ཅིང་བྱམས་པ་ལ་སྙོམས་པར་འཇུག་གོ། །ཀྱེ་མ་སེམས་ཅན་སྡུག་བསྔལ་ལོ་སྙམ་

པ་ནི་སྙིང་རྗེའོ། །ཀྱེ་མ་སེམས་ཅན་མགུ་བར་གྱུར་ཅིག་སྙམ་པ་ནི་དགའ་བའོ། །སེམས་ཅན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་ཅིང་བཏང་སྙོམས་པར་འཇུག་སྟེ་བར་མར་གནས་པ་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པ་ནི་བཤད་ཟིན་ཏོ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །དེ་དག་གི་དམིགས་པ་ནི། འདོད་

པ་ན་སྤྱོད་པའི་སེམས་ཅན་རྣམས་ཡིན་ཏེ། དེ་ལ་དམིགས་པ་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་དག་ས་དུ་པ་ཞིག་ཡིན་ཞེ་ན། དགའ་བ་བསམ་གཏན་གཉིས་དག་ན། །དགའ་བ་ནི་ཡིད་བདེ་བ་ཡིན་པའི་ཕྱིར་བསམ་གཏན་དང་པོ་དང་གཉིས་པ་དག་ན་ཡོད་དོ། །གཞན་ནི་དྲུག་ན། གཞན་ནི་

Vol. 141 · folio 264a

ཚད་མེད་པ་གསུམ་ནི་ས་དྲུག་པོ་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་བསམ་གཏན་ཁྱད་པར་ཅན་དག་ན་ཡོད་དོ། །ཁ་ཅིག་ལྔ། ཁ་ཅིག་ནི་མི་ལྕོགས་པ་མེད་པ་མ་གཏོགས་པ་ས་ལྔ་པོ་དེ་དག་ན་ཡོད་པར་འདོད་དོ། །གནོད་སེམས་ལ་སོགས་པའི་གཉེན་པོ་ཞེས་བཤད་པ་གང་ཡིན་པ་

ཅི་ཚད་མེད་པ་དག་གིས་ཀྱང་ཉོན་མོངས་པ་སྤོང་བར་འགྱུར་རམ་ཞེ་ན། དེ་ཡིས་མི་སྤོང་བསམ་གཏན་དངོས་གཞིའི་ས་པ་ཡིན་པ་མོས་པ་ཡིད་ལ་བྱེད་པ་ཡིན་པ་དང་། སེམས་ཅན་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། དེ་སྦྱོར་བས་ནི་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པ་དང་། སྤངས་ཟིན་པ་ཐག་སྲིང་བར་བྱེད་པའི་

ཕྱིར། དེ་དག་གི་གཉེན་པོར་བཤད་དོ། །ཚད་མེད་པ་བཞི་པོ་དེ་དག་ནི། མི་དག་གི། ནང་དུ་བསྐྱེད་དེ། མི་དག་གི་ནང་ཁོ་ནར་བསྐྱེད་ཀྱི་གཞན་དག་ཏུ་ནི་མ་ཡིན་ནོ། །ཅི་ཚད་མེད་པ་གཅིག་དང་ལྡན་པ་གང་ཡིན་པ་དག་གདོན་མི་ཟ་བར་ཐམས་ཅད་དང་ལྡན་ནམ་ཞེ་ན། ངེས་གསུམ་ལྡན། བསམ་གཏན་གསུམ་པ་དང་

བཞི་པར་སྐྱེས་པ་དག །དགའ་བ་དང་ནི་མི་ལྡན་ལ། །ཚད་མེད་པ་གསུམ་གྱི་རྙེད་པ་དང་ནི་རྟག་ཏུ་ལྡན་པར་འགྱུར་རོ། །རྣམ་པར་ཐར་པ་བརྒྱད། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དང་པོ་ཡིན་ནོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་

བྱ་བ་ནི་གཉིས་པ་ཡིན་ནོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་ཞེས་བྱ་བ་ནི་གསུམ་པ་ཡིན་ཏེ། དེ་དག་དང་གཟུགས་མེད་པ་བཞི་དང་། བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་དག་གི། དང་པོ་གཉིས། མི་སྡུག་པ་དང་། རྣམ་པར་ཐར་པ་དང་། དང་པོ་

གཉིས་ནི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་ཡིན་པའི་ཕྱིར་མི་སྡུག་པའི་རང་བཞིན་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཀྱི་ཚུལ་ནི་མི་སྡུག་པ་བཞིན་དུ་རིག་པར་བྱའོ། །དེ་གཉིས་ཀྱང་། བསམ་གཏན་གཉིས་དག་ན། བསམ་གཏན་དང་པོ་དང་གཉིས་པ་དག་ཡོད་ཀྱིས་གཞན་དག་ན་ནི་མེད་དོ། །འདོད་པ་ན་སྤྱོད་

པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་དག་གི་གཉེན་པོར་གྲངས་བཞིན་ནོ། །གསུམ་པ་མཐའ་ན། སྡུག་པའི་རྣམ་པར་ཐར་པ་ནི་བསམ་གཏན་བཞི་པ་ན་ཡོད་དོ། །དེ་མ་ཆགས། དེ་ཡང་མ་ཆགས་པའི་རང་བཞིན་ཡིན་ལ་སྡུག་པའི་རྣམ་པ་ཡིན་པའི་ཕྱིར་མི་སྡུག་པའི་རང་

Vol. 141 · folio 264b

བཞིན་ནི་མ་ཡིན་ནོ། །དེ་དག་འཁོར་དང་བཅས་པ་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ནི། གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །གཟུགས་མེད་པ་དག་མཉམ་པར་གཞག་པ་དགེ་བ་ཉིད་རྣམ་པར་ཐར་པ་ཞེས་བྱ་བའི་མིང་འཐོབ་ཀྱི། ཉོན་མོངས་

པ་ཅན་ཡང་མ་ཡིན་ལ་མཉམ་པར་མ་གཞག་པ་ཡང་མ་ཡིན་ཏེ། འདི་ལྟ་སྟེ། འཆི་བའི་སྲིད་པ་ནའོ། །གཞན་དག་ན་རེ། གཞན་དག་ན་ཡང་མཉམ་པར་མ་གཞག་པ་ཡོད་དོ་ཞེས་ཟེར་རོ། །ཉེར་བསྡོགས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ཀྱང་རྣམ་པར་གྲོལ་བ་ཞེས་བྱ་བའི་མིང་འཐོབ་བོ། །འོག་མ་ལ་དམིགས་པའི་

ཕྱིར་བར་ཆད་མེད་པའི་ལམ་རྣམས་ནི་མ་ཡིན་ཏེ། རྣམ་པར་ཐར་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པའོ། །རྣམ་པར་ཐར་པ་འདུ་ཤེས་དང་ཚོར་བ་འགོག་པ་ནི་འགོག་པའི་སྙོམས་པར་འཇུག་པ་ཡིན་ནོ། །དེ་ནི་སྔར་བཤད་ཟིན་ཏོ། །འདུ་ཤེས་དང་ཚོར་བའམ་འདུ་བྱེད་ཐམས་ཅད་

ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཞན་དག་ན་རེ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་རྣམ་པར་ཐར་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཀྱང་། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །སྙོམས་པར་འཇུག་སྟེ། སྲིད་པའི་རྩེ་མོའི་འདུ་ཤེས་ནི་ཕྲ་བ་ཡིན་ལ། དེ་བས་ཀྱང་ཤིན་ཏུ་ཕྲ་བར་བྱས་ནས་འགོག་པའི་སྙོམས་

པར་འཇུག་གོ། །སྙོམས་པར་ཞུགས་པ་རྣམས་ནི། རང་གི་དག་ཀྱང་འོག་མ་ཡིན། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། །སྲིད་པའི་རྩེ་མོའི་སེམས་དག་པའམ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་སེམས་ཟག་པ་མེད་པའི་སེམས་ལས་ལྡང་སྟེ། དེ་ལྟར་ན་དེ་དག་གི་སྙོམས་པར་འཇུག་པའི་སེམས་ནི་ཟག་པ་དང་

བཅས་པ་ཡིན་ལ། ལྡང་བའི་སེམས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ། །རྣམ་པར་ཐར་པ་དེ་དག །འདོད་གཏོགས་སྣང་བ་དང་པོའི་ཡུལ། །དེ་དག་གི་དམིགས་པ་ནི་ཅི་རིགས་པར་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཡིན་ནོ། །གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་

རང་དང་གོང་ས་ཡི། །སྡུག་བསྔལ་ལ་སོགས་རྗེས་ཤེས་ཕྱོགས། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ཀྱི་དམིགས་པ་ནི་རང་གི་ས་པ་དང་། ས་གོང་མ་པའི་སྡུག་བསྔལ་བ་དང་དེའི་རྒྱུ་དང་འགོག་པ་དང་རྗེས་སུ་ཤེས་པའི་ཕྱོགས་ཐམས་ཅད་ཡིན་ནོ། །རྣལ་འབྱོར་པ་རྣམས་ནི་ཉོན་མོངས་པ་མེད་པ་ལ་སོགས་པ་དང་། འཕགས་

Vol. 141 · folio 265a

པའི་རྫུ་འཕྲུལ་མངོན་པར་སྤྲུལ་པའི་དོན་དུ་ཉོན་མོངས་པ་ཐག་བསྲིང་བར་བྱ་བ་དང་། སྐྱེ་བ་ལ་དབང་ཐོབ་པར་བྱ་བ་དང་། རྒྱུ་རྣམ་པ་གཉིས་ཀྱིས་རྣམ་པར་ཐར་པ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་ཡང་གང་གི་དངོས་པོ་ཡོངས་སུ་བསྒྱུར་བར་བྱིན་གྱིས་རློབ་པ་དང་། ཚེ་སྟོང་པ་ལ་སོགས་པ་བྱེད་པའོ། །ཟིལ་

གནོན་སྐྱེ་མཆེད་གཞན་བརྒྱད་དེ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱི་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་

བཞིན་དུ་གཟུགས་མེད་པར་འདུ་ཤེས་པ་རྣམས་དང་། ཆེན་པོ་རྣམས་ཏེ་བཞི་པོ་དེ་དག་དང་། ནང་གཟུགས་མེད་པར་འདུ་ཤེས་པ་ཉིད་ཀྱི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་དག་ཏུ་ལྟ་བ་སྟེ། དེ་ལྟར་བརྒྱད་དུ་འགྱུར་རོ། །དེ་དག་ལས། གཉིས་ནི་རྣམ་ཐར་དང་པོ་བཞིན། །ཟིལ་གྱིས་གནོན་པའི་སྐྱེ་

མཆེད་གཉིས། །དང་པོ་དང་གཉིས་པ་ནི་རྣམ་པར་ཐར་པ་དང་པོ་ཇི་ལྟ་བ་དེ་བཞིན་ནོ། །གཉིས་པ་ནི་གཉིས་པ་བཞིན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པོ་གསུམ་པོ་དང་བཞི་པ་ནི་རྣམ་པར་ཐར་པ་ཇི་ལྟ་བ་དེ་བཞིན་ནོ། །གཞན་རྣམས། སྡུག་པའི་རྣམ་པར་ཐར་པ་བཞིན། །གཞན་དག་ནི་རྣམ་པར་ཐར་པ་ཇི་ལྟ་བ་

དེ་བཞིན་ལ། འདི་ནི་ཁྱད་པར་ཡིན་ཏེ། ཇི་ལྟར་འདོད་པ་བཞིན་དུ་མོས་པ་དང་། ཉོན་མོངས་པ་མི་སྐྱེ་བར་བྱེད་པའི་ཕྱིར། དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་ཡིན་ལ། ཡིད་དག་གིས་ནི་དམིགས་པ་ཟིལ་གྱིས་གནོན་ཏོ། །ཟད་པར་བཅུ་སྟེ། རྒྱུན་དུ་ཟད་པར་ཁྱབ་པར་བྱེད་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ།

ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཟད་པར་ནམ་མཁའ་དང་། རྣམ་པར་ཤེས་པའོ། །དེ་རྣམས་ལས། དེ་རྣམས་ལས་དང་པོ་བརྒྱད་ནི་མ་ཆགས་པའི་རང་བཞིན་ནོ། །བསམ་གཏན་མཐའ་ནི། བསམ་གཏན་བཞི་པ་ཁོ་ན་ཡོད་དོ། །སྤྱོད་ཡུལ་ནི། འདོད་པ།

འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་སོ། །ཁ་ཅིག་ན་རེ་རླུང་ནི་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །གཉིས་ནི་གཟུགས་མེད་དག །ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་དག་པའི་རང་བཞིན་ཡིན་ནོ། །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །དེ་གཉིས་ཀྱི་དམིགས་པ་ནི་རང་གི་ས་པའི་ཕུང་པོ་

Vol. 141 · folio 265b

བཞི་ཡིན་ནོ། །གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རྣམ་པར་ཐར་པ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ལ་འཇུག་པར་བྱེད་པ་ཡིན་ལ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་ནི་ཟད་པར་གྱི་སྐྱེ་མཆེད་རྣམས་ལ་འཇུག་པར་བྱེད་པ་ཡིན་ནོ། །འགོག་པའི་རྣམ་པར་ཐར་པ་ལ་མ་གཏོགས་པ། རྣམ་པར་ཐར་པ་

ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོའི་སྐྱེ་བོ་དང་། འཕགས་པའི་རྒྱུད་ལ་ཡོད་པ་ཡིན་ནོ། །ཅིའི་རྣམ་པར་ཐར་པ་ལ་སོགས་པ་དེ་དག་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བ་ཡིན་ཞེས་དྲི་བ་དེ་ལ། འགོག་པ་བཤད་ཟིན་འགོག་པ་ནི་རྣམ་པ་ཐམས་ཅད་དུ་བཤད་ཟིན་ཏོ། །ལྷག་མ་ནི།

འདོད་ཆགས་དང་བྲལ་སྦྱོར་བས་འཐོབ། །འགོག་པ་ལས་གཞན་པའི་རྣམ་པར་ཐར་པ་ལ་སོགས་པ་ནི་འདྲིས་པ་དང་མ་འདྲིས་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་པ་ཡང་ཡིན་ལ་སྦྱོར་བ་ལས་བྱུང་བ་ཡང་ཡིན་ནོ། །གཟུགས་མེད་ཞེས་བྱ་ཁམས་གསུམ་ལུས། །ལྷག་མ་དག་ནི་མི་ལས་སྐྱེ། །གཟུགས་མེད་

པའི་རྣམ་པར་ཐར་པ་དང་། གཟུགས་མེད་པའི་ཟད་པར་གྱི་སྐྱེ་མཆེད་རྣམས་ནི་ཁམས་གསུམ་པའི་ལུས་ལ་བརྟེན་པ་ཡིན་ལ། ལྷག་མ་ནི་ལུས་ཀྱི་མཐུས་མིས་བསྐྱེད་པར་བྱ་བའི་ཕྱིར་མིའི་ལུས་ཁོ་ན་ལ་བརྟེན་པ་ཡིན་ནོ། །ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་

པར་དག་སྐྱེད་པར་བྱེད་ཅེ་ན། རྒྱུ་དང་ལས་དང་ཆོས་ཉིད་དང་རྒྱུ་གསུམ་གྱིས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་བསྐྱེད་དེ་དེ་ལ། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་སྐྱེད་པ་རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་

ཡང་དང་ཡང་དུ་གོམས་པ་ལས་སོ། །ལས་ཀྱི་སྟོབས་ཀྱིས་ནི་ཁམས་གོང་མའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་རོ། །འོག་མ་ལས་འདོད་ཆགས་དང་མ་བྲལ་བར་གོང་མར་སྐྱེ་བར་ནི་མི་ནུས་སོ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དང་ཆོས་

ཉིད་དག་གིས་ཀྱང་། །གཟུགས་ཀྱི་ཁམས་དག་དུ་ནི། བསམ་གཏན་རྒྱུ་དང་ལས་ཀྱི་སྟོབས་གཉིས་པོ་དག་དང་། ཆོས་ཉིད་ཀྱིས་ཀྱང་བསྐྱེད་དེ། འཇིག་པའི་ཚེ་དེའི་དུས་ན་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ལ་འཕེལ་བའི་ཕྱིར། ས་འོག་མ་པ་རྣམས་ཀྱང་བསམ་གཏན་དེ་དག་སྐྱེད་པར་བྱེད་དོ། །ཡང་གང་ལ་ཆོས་

Vol. 141 · folio 266a

རྣམས་ཀྱི་རྣམ་པ་འདི་ལྟ་བུ་དེ་དག་མངོན་པ་དམ་པའི་ཆོས་འདི་ཇི་སྲིད་དུ་གནས་ཤེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་ལ་ལུང་ནི་མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བའོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཏེ། དེ་ལྟ་ན་དམ་པའི་ཆོས་ནི་རྣམ་པ་དེ་གཉིས་

ཡིན་ལ། དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི། །སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཅི་སྲིད་དུ་གནས་པ་དེ་སྲིད་དུ། །དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་ཟེར་རོ། །

གཞན་དག་ན་རེ་ནི་རྟོགས་པའི་ཆོས་ཁོ་ན་ཡིན་གྱི། ལུང་ནི་དེ་བས་ཡུན་རིང་ངོ་ཞེས་ཟེར་རོ། །ཅི་བསྟན་བཅོས་ཆོས་མངོན་པ་འདི་ལས་བཤད་པ་གང་ཡིན་པ། བསྟན་བཅོས་མངོན་པ་ལས་ཀྱང་འདི་ཁོ་ན་བཞིན་དུ་བཤད་དམ་ཞེ་ན། འདི་ཁོ་ན་བཞིན་ནོ། །བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་

བྲག་སྨྲ་བའི་ཚུལ་གྲུབ་བཤད། །ངན་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་གྱི་ཚད་མ་ཐུབ་རྣམས་ཡིན། །བདག་གིས་ཆོས་མངོན་པ་འདི་ནི་ཕལ་ཆེར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དག་གི་ཚུལ་དུ་གྲུབ་པར་བཤད་པ་ཡིན་ནོ། །འདི་ལ་བདག་གིས་ཉེས་པར་ཟིན་པ་གང་ཡིན་པ་དེ་ནི་བདག་གི་ཉེས་པ་ཡིན་ཏེ། དམ་པའི་

ཆོས་ཀྱི་ཚུལ་དག་གི་ཚད་མ་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་སྲས་རྣམས་ཁོ་ན་ཡིན་ནོ། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །མངོན་སུམ་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོགས་རྣམས་ཀྱིས་བསྟན་པ་འདི་དག་དཀྲུགས། །རང་འབྱུང་རང་འབྱུང་བསྟན་མཆོག་གནས་

འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །གདམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་དགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་ཞིང་ཉོན་མོངས་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིགས་ནས་ནི། །

ཐར་པ་འདོད་པ་དག་གིས་བག་ཡོད་ཀྱིས། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བརྒྱད་པའོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ཞེས་བྱ་བ་སློབ་དཔོན་འདུས་བཟང་གིས་མཛད་པ་རྫོགས་སོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words