ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 144 · folio 265a

རོ་ཞེས་བྱ་བ་ལ། ཐ་དད་པར་སྨོས་ཀྱང་འགྲོ་བ་ཡིན་པར་འགྱུར་ན་ནི་འགྲོ་བའི་རང་བཞིན་ཁོ་ན་འགྲོ་བར་ཤེས་པར་བྱ་བའི་ཕྱིར་ཐ་དད་དུ་བསྟན་པར་འགྱུར་རོ། །དེར་འགྲོ་བས་ན་ཞེས་བྱ་བ་ནི་ལས་སུ་བསྒྲུབ་པ་ཡོངས་སུ་བཟུང་བ་ཡིན་ནོ། །སྲིད་པ་བར་མ་ལ་ནི་དེ་ལྟར་མི་རུང་སྟེ། དེས་ན་འགྲོ་བ་མ་

ཡིན་ནོ། །གཟུགས་མེད་པ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་མེད་པ་རྣམས་འགྲོ་བ་མ་ཡིན་པར་འགྱུར་ཏེ། འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ། །འདི་ལྟར་གཟུགས་མེད་པར་ཉེ་བར་འགྲོ་བ་རྣམས་ནི་གཙུག་ལག་ཁང་ངམ་ཤིང་དྲུང་ངམ་བསམ་གཏན་བཞི་པའི་བར་གང་དུ་འཆི་འཕོ་

བ་དེ་ཉིད་དུ་སྐྱེ་བས་སྲིད་པ་བར་མ་དང་འདྲ་བར་འགྲོ་བར་མི་འགྱུར་རོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ནི། ཕྱོགས་དང་པོ་བཏང་ནས་ཕྱོགས་གཞན་ལ་བརྟེན་པའོ། །སྲིད་པ་བར་མ་ཡིན་པ་ཁོ་ནའི་ཕྱིར་ཞེས་བྱ་བ་ལ། གང་ནས་འཆི་འཕོ་བ་དང་གང་དུ་འགྲོ་བར་འགྱུར་བ་དེ་གཉིས་ཀྱི་བར་དུ་འབྱུང་བའི་ཕྱིར་སྲིད་པ་བར་མ་

ཡིན་ནོ། །སྲིད་པ་བར་མ་ནི་འགྲོ་བའི་བར་མ་དོ་ཡིན་ན་འགྲོ་བའི་བར་མ་དོ་ནི་འགྲོ་བར་མི་རུང་ངོ་། །གལ་ཏེ་འགྲོ་བ་རྣམས་དགེ་བ་དང་ཉོན་མོངས་པ་ཅན་ཡང་ཡིན་ན། རྣམ་པར་སྨིན་པ་གྲུབ་ནས་ཞེས་བྱ་བ་འདི་ཇི་ལྟར་དྲང་ཞེ་ན། རྣམ་པར་སྨིན་པ་གྲུབ་ནས་དགེ་བ་དང་ཉོན་མོངས་པ་ཅན་ཡང་དམྱལ་བ་

ཞེས་བྱ་བའི་གྲངས་སུ་འགྲོ་བས་འགལ་བ་མེད་དེ། འདི་ལྟར་གལ་ཏེ་འདི་རྣམ་པར་སྨིན་པ་ཁོ་ན་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་དེ་སྐད་དུ་གསུངས་ན་ནི་དེའི་ཕྱིར་ཕུང་པོ་གཞན་བཀག་པར་རྟོགས་པར་འགྱུར་བ་ཞིག་གོ། །འོ་ན་ཚེ་དང་ལྡན་པ་དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདིར་

ཡང་གང་ཟག་གི་རྫས་བཀག་པ་ཡིན་གྱི་ཕུང་པོ་གཞན་མ་བཀག་པས་འགལ་བ་མེད་དོ། །དེ་དག་ཀྱང་ཁ་ཅིག་ན་རེ་རྣམ་པར་སྨིན་པའི་རང་བཞིན་དག་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྣམ་པར་སྨིན་པའི་ཕུང་པོ་ལས་གཞན་དུ་དམྱལ་བ་མི་དམིགས་སོ་ཞེས་གསུངས་པ་དང་། གང་

གི་ཕྱིར་རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གསུངས་པ་དེས་ན་འགྲོ་བ་རྣམས་རྣམ་པར་སྨིན་པའི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གཞན་དག་ན་རེ་རྒྱས་པ་ལས་བྱུང་བའི་རང་བཞིན་དག་ཀྱང་ཡིན་ཏེ། འདི་ལྟར་མིག་ལ་སོགས་པ་དག་ནི་རྣམ་པར་སྨིན་པ་ལས་

Vol. 144 · folio 265b

སྐྱེས་པ་ཡང་ཡིན་ཞིང་རྒྱས་པ་ལས་བྱུང་བ་ཡང་ཡོད་ལ། དེ་དག་ཀྱང་འགྲོ་བས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ་ནི་རྣམ་པར་སྨིན་པའི་རང་བཞིན་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། སྔར་གྱི་ཕྱོགས་ཁོ་ན་འདོད་དོ། །ལུས་དང་འདུ་ཤེས་ཐ་དད་དང་། །ཞེས་རྒྱས་པར་འབྱུང་བ་ལ།

མདོར་བསྡུ་ན་རྣམ་པར་ཤེས་པ་གནས་བདུན་གྱི་རང་བཞིན་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་དང་། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་པོ་གསུམ་ཞེས་བྱ་བ་འདི་ཡིན་ལ། འདི་དག་གི་དེ་རྒྱས་པར་ནི་བརྩམ་པར་བྱའོ། །སེམས་ཅན་གཟུགས་ཅན་ཞེས་བྱ་བ་ལ་སོགས་པ་ལ།

གཟུགས་ཅན་ནི་གཟུགས་ཀྱི་ལུས་དང་ལྡན་པ་དག་གོ། །བསམ་གཏན་དང་པོ་པ་ཞེས་བྱ་བ་ལ། བསམ་གཏན་དང་པོ་ན་ཡོད་པ་ནི་བསམ་གཏན་དང་པོ་པ་སྟེ། ཚངས་རིས་ལ་སོགས་པ་རྣམས་སོ། །དེ་དག་ཀྱང་དང་པོར་འབྱུང་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་གཉིས་པར་གཞག་པས་དང་

པོར་འབྱུང་བ་མ་གཏོགས་པ་ཞེས་བྱ་བ་སྨོས་སོ། །དེ་དག་གི་ལུས་ཐ་དད་པའི་ཕྱིར་རམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐ་དད་པ་ནི་ཁ་དོག་དང་རྟགས་དང་དབྱིབས་མི་མཚུངས་པ་ཉིད་དོ། །ཁ་དོག་ཅེས་བྱ་བ་ནི་དཀར་ཤམ་ལ་སོགས་པའོ། །རྟགས་ཞེས་བྱ་བ་ནི་གོས་དང་རྒྱན་ཆ་ལ་སོགས་

པའོ། །དབྱིབས་ནི་རིང་པོ་ལ་སོགས་པའོ། །འདུ་ཤེས་དུ་མའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་འདུ་ཤེས་ཅན་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་གྱི་འདུ་ཤེས་ཅན་ནི་འདོད་པའི་ཁམས་ཁོ་ནའོ། །བདེ་བ་དང་བཏང་སྙོམས་དག་

ནི་ཅི་རིགས་པར་འདོད་པའི་ཁམས་དང་གོང་མའོ། །དང་པོར་འབྱུང་བ་དེ་དག་ཐམས་ཅད་ནི་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དབྱིབས་ཀྱི་ལུས་ཞེས་བྱ་བ་ལ། དབྱིབས་ཀྱི་བདག་ཉིད་ཀྱི་ལུས་ནི་དབྱིབས་ཀྱི་ལུས་ཏེ། ཚོར་བ་ལ་སོགས་པའི་ལུས་གསལ་བར་བྱ་བའི་ཕྱིར་རོ། །དབྱིབས་

ནི་དབྱིབས་སོ། །ལུས་ནི་ཁོག་པའོ། །དེ་དག་གིས་དེ་ཇི་ལྟར་མཐོང་ཞེས་བྱ་བ་ནི་རྣམ་པ་གང་གིས་ཞེས་བྱ་བའི་དོན་ཏོ། །ཅི་འོད་གསལ་ན་གནས་པ་འམ། བསམ་གཏན་དང་པོར་སྐྱེས་པའམ། འོན་ཏེ་བསམ་གཏན་དང་པོའི་སྲིད་པ་བར་མ་དོ་ན་གནས་པ་དག་གིས་སམ། ཅི་བསམ་གཏན་གཉིས་

Vol. 144 · folio 266a

པའི་སྙོམས་པར་འཇུག་པ་ཐོབ་པ་འམ། ཅི་མ་ཐོབ་པར་ཞེས་བརྗོད་པར་བྱའོ། །དེ་ནི་བསམ་གཏན་གཉིས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་གིས་བསམ་གཏན་དང་པོར་སླར་འོངས་པས་བསམ་གཏན་གཉིས་པ་བཏང་ན་དེའི་ས་པ་སྟེ་བསམ་གཏན་གཉིས་

པའི་ས་པའི་སྔོན་གྱི་གནས་ཇི་ལྟར་རྗེས་སུ་དྲན་ཏེ། མངོན་པར་ཤེས་པ་རྣམས་ནི་རང་དང་འོག་མའི་ས་ལ་དམིགས་པའི་ཕྱིར་རོ། །རེ་ཞིག་བསམ་གཏན་དང་པོའི་ས་པའི་སེམས་ཀྱིས་ནི་མ་ཡིན་ཏེ། དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་ས་པས་ཀྱང་མ་ཡིན་ཏེ་དེ་མ་

ཐོབ་པའི་ཕྱིར་རོ། །ཅི་སྟེ་ཇི་ལྟར་མི་འགལ་བ་དེ་ལྟར་ཡིན་ལ་རག་གོ་སྙམ་ན། དེའི་ཕྱིར་འོན་ཏེ་ཐོབ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གང་ཞིག་ས་གང་ལས་འདོད་ཆགས་དང་བྲལ་བ་དེ་ལ་ནི་ས་དེ་ལ་དམིགས་པའི་ཉོན་མོངས་པ་འབྱུང་བ་ཡོད་པ་མ་ཡིན་པས་དེ་དང་ཚངས་པ་ཆེན་པོ་ལ་དམིགས་

པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་མངོན་པར་ཞེན་པ་མི་རིགས་སོ། །དེ་ན་ཡང་གེགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། ཁུ་བ་དང་ཁྲག་ལ་སོགས་པ་ཕྱིའི་རྒྱུ་མཚན་ལ་ལྟོས་པ་མེད་པའི་ཕྱིར་ན་རྫུས་ཏེ་སྐྱེ་བ་རྣམས་ལ་ཁུ་བ་དང་ཁྲག་མེད་པས་གེགས་བྱེད་པ་ཡོད་

པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་དེ་དག་འདི་སྙམ་དུ་བདག་ཅག་ནི་འདིས་སྤྲུལ་ལོ་སྙམ་དུ་ཤེས་པར་འགྱུར་ཞེ་ན། དབྱིབས་ཀྱི་ལུས་ཀྱི་ཁྱད་པར་རྟོགས་པའི་ཕྱིར་དང་། སྔར་སྐྱེས་པ་མཐོང་བའི་ཕྱིར་རོ། །འོ་ན་ཚངས་པ་ཆེན་པོ་འདི་སྙམ་དུ་འདི་དག་ནི་བདག་གིས་སྤྲུལ་ལོ་སྙམ་དུ་ཤེས་པར་ག་ལས་འགྱུར་

ཞེ་ན། དེ་ལ་སེམས་སྐྱེས་པའི་མཇུག་ཐོགས་སུ་དེ་དག་སྐྱེས་པའི་ཕྱིར་དང་། ལས་དང་འབྲས་བུའི་འབྲེལ་པ་ལ་ཀུན་དུ་རྨོངས་པའི་ཕྱིར་རོ། །ཡང་ན་ཚེ་དང་ཁ་དོག་དང་ལུས་ཀྱི་ཆུ་ཞེང་ལྷག་པའི་བདག་གི་དངོས་པོ་མཐོང་བའི་ཕྱིར་རོ། །གལ་ཏེ་བདག་ཅག་ནི་ངེས་སོ་སྙམ་པ་དང་། འདི་དག་བདག་

གིས་སྙམ་དུ་འདུ་ཤེས་ཐ་དད་པའི་ཕྱིར་འདུ་ཤེས་ཅིག་མ་ཡིན་ནོ་སྙམ་ན་རྒྱུའི་འདུ་ཤེས་ཐ་མི་དད་པའི་ཕྱིར་འདུ་ཤེས་ཐ་མི་དད་པ་མེད་དེ། དེ་དག་ཐམས་ཅད་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་ཞེན་པའི་ཕྱིར་རོ། །གཞན་དག་ན་རེ་འོད་གསལ་ན་གནས་པ་གང་དག་ཁོ་ནས་བསམ་

Vol. 144 · folio 266b

གཏན་དང་པོའི་ས་པའི་སྤྲུལ་པ་སྤྲུལ་ནས་ཚངས་པ་དང་ལྷན་ཅིག་བསྡད་ལ། སྤྲུལ་པའི་གནས་སྐབས་དང་ཡང་བསམ་གཏན་དང་པོར་སྐྱེས་པ་དག་ནི་དེའི་ས་པའི་མངོན་པར་ཤེས་པའི་ཡུལ་ཡིན་པས་དེ་དག་གི་སྤྲུལ་པའི་གནས་སྐབས་དྲན་པས་དེ་དག་འདི་སྙམ་དུ་བདག་ཅག་ནི་ཞེས་བྱ་བ་རྒྱས་པར་ཤེས་

པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་ནི་ཚངས་པའི་འཇིག་རྟེན་པ་ཁོ་ན་ཡིན་པས་དེ་དག་ཉམས་སུ་མྱོང་བ་རྗེས་སུ་དྲན་པ་མི་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་སྔར་མཐོང་བ་ཁོ་ན་རྗེས་སུ་དྲན་པ་ཡིན་ནོ་ཞེས་ཟེར་རོ། །ཁ་

ཅིག་ན་རེ་སེམས་ཅན་འདི་ཡང་འདི་སྙམ་དུ་སྨོས་ལ། བདག་ཅག་ཀྱང་འདིར་སྐྱེས་སོ་སྙམ་དུ་བསྒོམས་པ་ལས་བྱུང་བའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའམ། གཞན་གྱི་སེམས་ཤེས་པས་འཛིན་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྐྱེས་ནས་ཐོབ་པ་ཁོ་ནས་དེ་སྙམ་དུ་ཤེས་པས་འགལ་བ་མེད་དོ་

ཞེས་ཟེར་རོ། །གཞན་དག་ན་རེ་རྗེས་སུ་དཔག་པའི་ཤེས་པས་གཞན་གྱི་བསམ་པ་རྣམ་པ་དང་བཅས་པར་རྟོགས་པས་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཞེས་བྱ་བ་ལ། ཇི་ལྟ་ཞེ་ན། དེ་དག་ནི་དངོས་གཞིའི་ས་ལ་ཡིད་

བདེ་བའི་དབང་པོས་ཀུན་དུ་སྐྱོ་ནས་ཉེར་བསྡོགས་ལས་བཏང་སྙོམས་ཀྱི་དབང་པོ་མངོན་དུ་བྱེད་ལ་ཞེས་ཇི་སྐད་དུ་བཤད་པ་རྒྱས་པར་བརྗོད་པར་བྱའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་ཤེས་པ་གནས་པ་གསུམ་པའི་མཚན་ཉིད་ཐོབ་པ་འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་

གང་གིས་རྣམ་པར་ཤེས་པ་གནས་པ་ཉིད་ཡིན་པར་འགྱུར་ཏེ། དེའི་ཕྱིར་འོད་གསལ་བ་རྣམས་འདི་དཔེར་བརྗོད་པའི་ཚུལ་གྱིས་ཉེ་བར་བཀོད་པ་ཡིན་ནོ། །ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཞེས་བྱ་བ་འདི་དགེ་རྒྱས་པ་དག་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ། དེ་དག་ཀྱང་དངོས་གཞིའི་ས་ལ་བདེ་

བའི་དབང་པོས་ཡོངས་སུ་སྐྱོ་ནས་ཞེས་བྱ་བ་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ། །མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ནི་བསམ་གཏན་གསུམ་པའི་བདེ་བ་དེས་ཡོངས་སུ་སྐྱོ་བ་མེད་དོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི་བདེ་བ་དེ་ནི་ཞི་བ་ཡིན་ལ་ཞེས་བྱ་བ་ལ་སོགས་པའོ། །འོང་བ་དང་མེད་པར་

Vol. 144 · folio 267a

འདུ་ཤེས་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་ནས་ཡུན་རིང་དུ་མ་ལོན་པ་རྣམས་ནི་འོང་བར་འདུ་ཤེས་པའི་ཕྱིར་རོ། །སྐྱེས་ནས་ཡུན་རིང་དུ་ལོན་པ་རྣམས་ནི་མེད་པར་འདུ་ཤེས་པའི་ཕྱིར་རོ། །སྐྲག་པ་དང་མི་སྐྲག་པར་འདུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་ཉིད་

གོ་རིམས་བཞིན་ནོ། །སྐྲག་པ་ནི་སྐྱོ་བའི་རྒྱུ་འཆི་འཕོ་བར་དོགས་པའི་མཚན་ཉིད་ཅན་ཏེ། བདག་ཏུ་འཛིན་པ་མ་སྤངས་པའི་ཕྱིར་དེ་དག་ལ་དེ་ཡོད་དོ། །འདུ་ཤེས་གཅིག་པ་དག་ཅེས་བྱ་བ་ནི་བདེ་བར་འདུ་ཤེས་པ་དག་སྟེ། དེ་དག་ནི་བདེ་བ་གྱ་ནོམ་པ་ལ་གནས་པས་ཉེར་བསྡོགས་མངོན་དུ་མི་

བྱེད་དོ། །དེ་ལ་བསམ་གཏན་དང་པོ་ན་ནི་ཉོན་མོངས་པ་ཅན་གྱི་འདུ་ཤེས་སུ་ཞེས་བྱ་བ་ལ། རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཕྱིར་ན་ཉོན་མོངས་པ་ཅན་ནོ། །གཉིས་པ་ན་ནི་དགེ་བའི་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་

དབང་གིས་ཚོར་བའི་ཁྱད་པར་མངོན་དུ་བྱེད་པའི་ཕྱིར་རོ། །གསུམ་པ་ན་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཏེ། གཞན་དུ་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་འདུ་ཤེས་ཀུན་དུ་འབྱུང་བའི་ཕྱིར་དེ་ཡང་

འདུ་ཤེས་ཐ་དད་པ་དག་ཏུ་འགྱུར་རོ། །གཟུགས་མེད་པ་གསུམ་ནི་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པ་ཞེས་བྱའོ། །མདོ་ལས་ཇི་སྐད་དུ་འབྱུང་བ་ཞེས་བྱ་བ་ལ། མདོ་ལས་སེམས་ཅན་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་

ཡང་དག་པར་འདས་ཏེ་ཞེས་བྱ་བ་ནས་ནམ་མཁའ་མཐའ་ཡས་སོ་སྙམ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ནས་གནས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་བ་ཡིན་ནོ། །གཟུགས་མེད་པ་གསུམ་གྱི་བདག་ཉིད་ཅན་དག་ཏུ་ནི་ཕུང་པོ་བཞིའོ། །ལྷག་མ་རྣམས་སུ་ནི་ལྔའོ། །དེ་ལ་

འཇོམས་བྱེད་ལྡན་ཞེས་བྱ་བ་ལ། འདིས་འཇོམས་པར་བྱེད་པས་ན་འཇོམས་པར་བྱེད་པའོ། །རྣམ་པར་ཤེས་པ་དེ་འཇོམས་པར་བྱེད་པ་སྟེ་དེ་འདི་ལ་ཡོད་པས་ན་འཇོམས་བྱེད་ལྡན་ནོ། །དེ་ལ་ངན་སོང་དག་ནི་འཇོམས་པར་བྱེད་པ་སྡུག་བསྔལ་གྱི་ཚོར་བ་ཡིན་ཏེ། དེས་རྣམ་པར་ཤེས་པ་ལ་གནོད་པའི་

Vol. 144 · folio 267b

ཕྱིར་རོ། །གང་དུ་སྲེད་པས་རྣམ་པར་ཤེས་པ་གཟུང་བ་དེ་དག་ནི་རྣམ་པར་ཤེས་པ་གནས་པ་ཡིན་ནོ། །ངན་འགྲོ་རྣམས་དང་གནས་གཙང་མ་དག་ན་ནི་ལས་ཀྱིས་བཟུང་བ་ཡིན་ལ། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང་། སྲིད་པའི་རྩེ་མོར་ནི་ལྟ་བས་བཟུང་བ་ཡིན་པས། དེ་དག་རྣམ་པར་

ཤེས་པ་གནས་པ་ཉིད་མ་ཡིན་ནོ། །ངན་སོང་དག་ན་ནི་གཉིས་ཀ་མེད་དོ་ཞེས་བྱ་བ་ལ། འདིས་ན་གནས་པ་རྣམས་ནི་འགྲོ་བར་འདོད་པ་མ་ཡིན་ལ། དེ་ན་གནས་པ་རྣམས་ནི་བསྐྱོད་པར་མི་འདོད་པ་མ་ཡིན་ནོ། །སྲིད་པའི་རྩེ་མོ་ནི་རྒྱུ་བ་མི་གསལ་བའི་ཕྱིར་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་

བ་རྣམས་རྒྱུ་བ་གཞན་པའི་ཕྱིར་རྣམ་པར་ཤེས་པ་སྟོབས་དང་ལྡན་པར་གནས་པ་ཡིན་ནོ་ཞེས་བྱ་བར་བརྗོད་པར་མི་རིགས་སོ། །གལ་ཏེ་ཡང་འདི་ན་གནས་པ་རྣམས་བསམ་གཏན་བཞི་པར་འགྲོ་བར་འདོད་པ་ཡོད་མོད་ཀྱི་འོན་ཀྱང་སེམས་ཅན་རྣམས་བསྐྱོད་པའི་ཡིད་དང་ལྡན་པ་དག་སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་

པར་འཇུག་པར་ལྡན་པ་ཡིན་ལ། འཕགས་པ་རྣམས་ནི་སྤྲིན་མེད་དང་བསོད་ནམས་སྐྱེས་དག་ཏུ་ཡང་ངོ་། །གནས་གཙང་མ་རྣམས་ཀྱང་གནས་གཙང་མ་དང་། གཟུགས་མེད་པར་འཇུག་པར་འདོད་ལ། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འདོད་ཀྱི། དེ་དག་ལ་དེ་ན་གནས་པའི་བློ་མེད་དེ། དེའི་ཕྱིར་

རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །ཡང་ན་སྲོག་ཆགས་དག་ནི་ཡུལ་དང་བདེ་བ་དང་འདུ་ཤེས་ལ་མངོན་པར་དགའ་བའི་དབྱེ་བས་རྣམ་པ་གསུམ་མོ། །དེ་ལ་ཡུལ་ལ་མངོན་པར་དགའ་བ་ནི་མི་རྣམས་དང་། འདོད་པ་ན་ལོངས་སྤྱོད་པའི་ལྷ་རྣམས་སོ། །བདེ་བ་ལ་མངོན་པར་དགའ་བ་ནི་

བསམ་གཏན་གསུམ་གྱི་ས་པའོ། །འདུ་ཤེས་ལ་མངོན་པར་དགའ་བ་ནི་གཟུགས་མེད་པ་གསུམ་གྱི་ས་པ་སྟེ། དེ་ཉིད་ཀྱི་ཕྱིར་དེ་དག་ཁོ་ན་གསུངས་ཀྱི་ལྷག་མ་ནི་མ་ཡིན་ནོ་ཞེས་བྱ་བར་མདོའི་དགོངས་པ་མངོན་ནོ། །སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས། སེམས་ཅན་གྱི་གནས་

དགུར་ཞེས་བྱ་བ་ལ། མདོ་ལས་སེམས་ཅན་གྱི་གནས་དགུ་གང་ཞེ་ན། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ། །འདི་ནི་སེམས་ཅན་གྱི་གནས་དང་པོའོ་ཞེས་གསུངས་ཏེ། རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་ནོ། །

Vol. 144 · folio 268a

འདི་དག་ཏུ་སེམས་ཅན་རྣམས་རང་དགས་ཀུན་དུ་གནས་ཏེ། ངན་སོང་རྣམས་ནི་བཙོན་ར་བཞིན་ནོ། །ཇི་ལྟར་བཙོན་ར་དག་ཏུ་ནི་མི་འདོད་བཞིན་དུ་གཞན་དག་གིས་གནས་སུ་འཇུག་གི་དགའ་སྟེ་མ་ཡིན་པ་དེ་བཞིན་དུ་ངན་སོང་དག་ཏུ་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོ་དག་གིས་གནས་

སུ་འཇུག་གི་དགའ་སྟེ་གནས་པ་མ་ཡིན་ནོ། །སེམས་ཅན་དུ་བགྲངས་པའི་ཆོས་རྣམས་ཁོ་ན་སེམས་ཅན་རྣམས་ཀྱི་གནས་ཞེས་བྱའོ། །གང་ནི་ཕྱིར་ལུས་ལ་སྲེད་པས་སེམས་ཅན་རྣམས་ཀྱི་གནས་ཡིན་གྱི་གནས་ལ་དགའ་བས་ནི་མ་ཡིན་ཏེ། གནས་དག་ཏུ་སེམས་ཅན་འཆོལ་བའི་ཕྱིར་དང་། ལུས་ཁོ་ན་མ་

འཆོལ་བའི་ཕྱིར་སེམས་ཅན་གྱི་གནས་ཡིན་ནོ། །གནས་མེད་པའི་ཆོས་སྲིད་པ་བར་མ་ཡང་སེམས་ཅན་རྣམས་མི་གནས་པས་སྲིད་པ་བར་མ་ཡང་སེམས་ཅན་གྱི་གནས་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འཁོར་བ་སྣ་ཚོགས་པའི་དོན་གྱིས་ན་རྣམ་པར་ཤེས་པ་གནས་པ་དག་ཡིན་ལ། གནས་

པར་འདོད་པ་དག་གིས་མངོན་པར་དགའ་བར་བྱས་པའི་ཕྱིར་སེམས་ཅན་གྱི་གནས་དག་ཡིན་ནོ་ཞེས་བྱ་བ་ནི་དེ་དག་རྣམ་པར་གཞག་པའི་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །རྣམ་པར་ཤེས་པ་གནས་པས་གཟུགས་སུ་ཉེ་བར་འགྲོ་བ་དང་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་གནས་པ་ནི་རྣམ་པར་ཤེས་པ་

གནས་པའོ། །འདི་ལ་རྣམ་པར་ཤེས་པ་གནས་པས་ན་རྣམ་པར་ཤེས་པ་གནས་པའོ། །ཉེ་བར་འགྲོ་བས་ན་ཉེ་བར་འགྲོ་བ་སྟེ། རྣམ་པར་ཤེས་པ་དང་ཉེ་བར་རྒྱུ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱང་དེ་ཡིན་ལ་ཉེ་བར་འགྲོ་བ་ཡང་ཡིན་པ་ནི་གཟུགས་སུ་ཉེ་བར་འགྲོ་བའོ། །ཡང་ན་རྣམ་པར་ཤེས་པ་

གནས་པ་གང་ལ་གཟུགས་སུ་ཉེ་བར་འགྲོ་བ་སྟེ། དེ་ཉེ་བར་རྟོགས་པས་ན་ཉེ་བར་འགྲོ་བའོ། །ཇི་ལྟར་ཉེ་བར་རྟོགས་ཤེ་ན། བདག་དང་བདག་གིར་རོ། །འདུ་བྱེད་དུ་ཉེ་བར་འགྲོ་བའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཡང་ན་གནས་པ་ནི་སྲིད་པ་སྟེ། འདིས་རྣམ་པར་ཤེས་པ་ཡང་སྲིད་

པར་རྒྱུན་མི་འཆད་པར་གནས་པར་བྱེད་པའི་ཕྱིར་རོ། །དེ་གཟུགས་སུ་ཉེ་བར་འགྲོ་ཞིང་དེ་ལ་མངོན་པར་ཆགས་པས་ན་གཟུགས་སུ་ཉེ་བར་འགྲོ་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཟག་དང་བཅས་པའི་ཕུང་པོ་བཞི། །དེ་དག་ཀྱང་རང་གི་ས་པ་ཉིད་དེ། ས་རྣམས་ནི་སྲིད་པས་

Vol. 144 · folio 268b

ཡོངས་སུ་བཅད་པའི་ཕྱིར་རོ། །ས་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ལ། ས་གཞན་གྱི་ཕུང་པོ་རྣམས་ནི་མངོན་དུ་གྱུར་པ་ཡིན་ཡང་རྣམ་པར་ཤེས་པ་གནས་པའི་བྱ་བ་མི་བྱེད་དེ། སྲིད་པ་ཀུན་དུ་སྤྱོད་པའི་དབང་གིས་ན་དེ་ལ་རྣམ་པར་ཤེས་པ་རབ་ཏུ་གནས་པ་ཡིན་ན། དེ་དག་ལ་སྲིད་པ་ཀུན་དུ་སྤྱོད་པ་

མེད་པའི་ཕྱིར་རོ། །རྒྱུད་གཞན་པ་དག་དང་། སེམས་ཅན་ཀུན་དུ་བགྲང་བ་མ་ཡིན་པ་དག་ནི་རང་གི་ས་པ་ཡིན་ཡང་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །གཞན་དག་ན་རེ་དེ་དག་ཀྱང་རྣམ་པར་ཤེས་པ་གནས་པ་མ་ཡིན་ཏེ། དེ་ལ་ཡང་རྣམ་པར་ཤེས་པ་ཉེ་བར་བརླན་པ་འཕེལ་བར་

འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །གནས་པ་པོ་ཡོངས་སུ་སྤངས་ནས་ཞེས་བྱ་བ་ནི་གནས་པ་པོ་མ་གཏོགས་པར་རོ། །གནས་པ་པོ་ལྷ་སྦྱིན་ལ་སོགས་པ་ཡང་གཞན་ཡིན་ཞིང་གནས་པ་ཡང་གཞན་ཡིན་པ་གང་ཡིན་པ་དེ་ལྟར་ནི་འཇིག་རྟེན་དུ་མཐོང་བ་ཡིན་ཏེ། ཁྱིམ་ལ་སོགས་པའི་གནས་ཞེས་བྱ་

བའི་དོན་ཏོ། །འགྲོ་བར་བྱེད་པ་ཞེས་བྱ་བ་ནི་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །གྲུ་དང་མཉན་པའི་ཚུལ་དུ་ཞེས་བྱ་བ་ནི་ཇི་ལྟར་མཉན་པ་གྲུ་འགྲོ་བར་བྱེད་པ་ལྟ་བུ་སྟེ་དེ་དང་འདྲའོ། །རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་ལ་གནས་ནས་འགྲོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུད་གཅིག་ལ་རྣམ་

པར་ཤེས་པའི་རྫས་དག་ཕྲད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་རྒྱུད་གཞན་གྱི་རྣམ་པར་ཤེས་པ་ནི་དུས་གཅིག་ཏུ་ཡོད་མོད་ཀྱི་དེ་ནི་གཞན་དང་ཉེ་བར་འཇུག་པ་མ་ཡིན་པས་དེ་ཡང་དེའི་གནས་པ་མ་ཡིན་ནོ། །འོ་ན་མདོ་ལས་ཞེས་བྱ་བ་འདིས་ནི་རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་གནས་པ་ཡིན་

པར་བཤད་དོ་ཞེས་སྟོན་ཏོ། །དགའ་བ་ནི་ཡིད་བདེ་བའོ། །རྣམ་པར་ཤེས་པ་གནས་པ་བདུན་ཕུང་པོ་ལྔའི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་དེ་ཡང་ཇི་ལྟ་བུ་ཞེས་བྱ་བ་འདིས་ནི་ཡང་མདོ་དང་འགལ་བར་སྟོན་ཏོ། འདི་ལ་རྣམ་པར་ཤེས་པ་གནས་པ་གང་ཡིན་ཞེ་ན། དེ་དག་དང་ལྡན་པའི་ཕུང་པོ་ལྔ་དང་གཞི་

ཡིན་ནོ་ཞེས་བཤད་ན། གལ་ཏེ་གནས་པ་ལྔ་པོ་ཡོངས་སུ་སྤངས་ནས་གནས་པ་ཞེས་བྱ་བ་ནི་དེ་ཇི་ལྟ་བུ་ཡིན། དེ་ལྟ་ན་འོ་ན་ནི་བྱེ་བྲག་མེད་པར་ཞེས་བྱ་བ་ནི་མདོ་དང་བསྟན་བཅོས་དག་དང་མི་འགལ་བར་བསྟན་པའོ། །བྱེ་བྲག་མེད་པར་ནི་ཞེས་བྱ་བ་ནི་ཁྱད་པར་མེད་པ་སྟེ། ལྔ་ཆར་ལ་ཡང་ཞེས་བྱ་

Vol. 144 · folio 269a

བའི་དོན་གང་ཡིན་པའོ། །སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དག་ལ་ཞེས་བྱ་བ་ནི་མི་ལ་སོགས་པའི་རིས་ཀྱིས་བསྡུས་པ་དུས་གསུམ་པ་དག་ལའོ། །མངོན་པར་དགའ་བ་དང་བཅས་པ་ཞེས་བྱ་བ་ལ། མངོན་པར་དགའ་བ་ནི་ཡིད་བདེ་བ་ཉོན་མོངས་པ་ཅན་ནོ། །སོ་སོར་

དབྱེ་ན་ཞེས་བྱ་བ་ནི་ཕུང་པོ་རེ་རེ་ལ་སྟེ། ཇི་ལྟར་རྟེན་དང་མཚུངས་པར་ལྡན་པ་དང་ལྷན་ཅིག་འབྱུང་བའི་ངོ་བོར་ཉེ་བར་འགྲོ་བའི་ཕྱིར་གཟུགས་དང་གཟུགས་ལ་སོགས་པ་དག་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་པ་ལྟར་རྣམ་པར་ཤེས་པ་འབའ་ཞིག་ལོགས་སུ་ནི་དེ་ལྟ་མ་ཡིན་ཏེ་ཅི་

ཞེ་ན། ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན་ཏེ་ཞེས་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཅིག་ཅར་རྟེན་ཉིད་ལ་སོགས་པར་མི་རིགས་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་གནས་པ་བཞི་བསྟན་པར་རྣམ་ཤེས་འབའ་ཞིག་ལོགས་སུ་གནས་པར་མ་བཤད་དོ། །གཞན་ཡང་ཞེས་བྱ་བ་

རྒྱས་པར་འབྱུང་བ་ལ། དེར་ནི་རྣམ་པར་ཤེས་པ་གནས་པ་བདུན་རྣམ་པར་ཤེས་པའི་ཞིང་གི་ངོ་བོར་མ་བསྟན་གྱི་འདིས་ནི་རྣམ་པར་ཤེས་པ་གནས་པ་བཞི་རྣམ་པར་ཤེས་པའི་ཞིང་གི་ངོ་བོར་བསྟན་ལ། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་ས་བོན་གྱི་ངོ་བོར་བསྟན་ཏོ། །ས་བོན་ཉིད་ས་བོན་

གྱི་ཞིང་གི་ངོ་བོར་ཞེས་བྱ་བ་ལ། ས་བོན་ཉིད་ནི་ཞིང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་ལ་སོགས་པའི་ཆོས་གང་དག་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་དེ་དག་ཁོ་ན་ཞིང་གི་ངོ་བོར་ཆེས་ལེགས་པ་ཡིན་ནོ། །ས་བོན་དང་ཞིང་ནི་

འཇིག་རྟེན་ན་ལྷན་ཅིག་འབྱུང་བར་མཐོང་ན། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་མ་ཡིན་ཏེ་དུས་གཅིག་ཏུ་མེད་པའི་ཕྱིར་རོ། །མུ་དང་པོ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མདུན་དུ་རྣམ་པར་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གནས་པ་བདུན་ཕུང་

པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་དེར་རྣམ་པར་ཤེས་པ་འདུའི་བཞིར་ནི་མ་ཡིན་ཏེ། རྣམ་ཤེས་འབའ་ཞིག་གནས་པར་མ་བཤད་དོ་ཞེས་དེར་རྣམ་པར་ཤེས་པ་མ་འདུས་པའི་ཕྱིར་རོ། །རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་རྣམས་སོ་ཞེས་བྱ་བ་ལ། ངན་སོང་རྣམས་ཀྱི་རྣམ་པར་ཤེས་པ་ནི་

Vol. 144 · folio 269b

བཞིར་མ་འདུས་ཤིང་བདུན་དུ་ཡང་མ་ཡིན་ཏེ། ངན་སོང་རྣམས་སུ་རྣམ་པར་ཤེས་པ་འཇོམས་པར་བྱེད་པས་མ་སྨོས་པའི་ཕྱིར་རོ། །བདུན་དག་ཏུ་ཕུང་པོ་བཞི་རྣམས་སོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གནས་པ་བདུན་དག་ཏུ་རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་གང་དག་བཤད་པ་དེ་

རྣམས་ནི་རྣམ་པར་ཤེས་པ་རྣམ་པ་བདུན་དང་བཞི་དག་ཏུ་ཡང་འདུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་ངན་སོང་རྣམས་དང་། བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོའི་རྣམ་པར་ཤེས་པ་གང་དག་ཡིན་པ་དང་། ཟག་པ་མེད་པའི་ཕུང་པོ་རྣམས་སོ། །འགྲོ་བ་ལ་

སོགས་པའི་བྱེ་བྲག་གིས་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨོས་པས་ནི་སྣོད་དང་། སྲིད་པ་བར་མ་དང་ས་བསྡུའོ། །ཁམས་དང་སེམས་ཅན་དང་སེམས་ཅན་དུ་སྟོན་པ་ཉིད་ཡིན་པའི་ཕྱིར་སྐྱེ་གནས་དེ་དག་གང་གི་ཡིན་པ་མི་ཤེས་པས། སེམས་ཅན་ཞེས་བྱ་བ་སྨོས་ཏེ། སྐྱེ་གནས་དག་

ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། སྒོ་ང་ལས་སྐྱེས་སོགས་ཞེས་བྱ་བ་སྨོས་ཏེ། གང་དག་ལ་སྒོ་ང་ལས་སྐྱེས་པ་དང་པོར་ཡོད་པ་དེ་དག་ནི་སྒོ་ང་ལས་སྐྱེས་སོགས་སོ། །སྐྱེ་གནས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་ཡིན་གྱི་སྐྱེ་ས་ནི་མ་ཡིན་ནོ། །

སྒོ་ང་ལས་སྐྱེས་པའི་སྐྱེ་གནས་ནི་སྒོ་ང་ལས་སྐྱེས་པའི་རིགས་ཞེས་བྱ་བའི་དོན་ཏོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བར་དུ་ཡང་དེ་དང་འདྲའོ། །ཡང་དོན་གང་གིས་རིགས་ལས་སྐྱེ་གནས་ཞེས་བརྗོད་ཅེ་ན། དེའི་ཕྱིར་འདིར་སེམས་ཅན་རྣམས་འཆོལ་བར་འགྱུར་ཞིང་ཞེས་བྱ་བ་སྨོས་སོ། །འཆོལ་བར་

འགྱུར་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། འདྲེ་བར་འགྱུར་བ་ཞེས་བྱ་བའི་དོན་འདི་ཡིན་ནོ། །ཇི་ལྟར་འདྲེ་བར་འགྱུར་ཞེ་ན། སྐྱེ་བ་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། སྐྱེ་བ་ཆོས་མཐུན་པ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མངལ་ནི་གང་གིས་མའི་ལྟོར་ན་བུ་གཏུམས་ནས་གནས་པ་སྟེ། དེ་

ལས་སྐྱེས་པ་ནི་མངལ་ནས་སྐྱེས་པའོ། །འབྱུང་བའི་དྲོད་གཤེར་ལས་སྐྱེས་པ་རྣམས་ཏེ་ཞེས་བྱ་བ་ལ། འབྱུང་བ་ལྔ་ལ་སོགས་པ་རྣམས་ཀྱི་དྲོད་གཤེར་རྒྱུན་ཆགས་པའི་མཚན་ཉིད་ཅན་ལས་སྐྱེས་པ་ནི་འབྱུང་བའི་དྲོད་གཤེར་ལས་སྐྱེ་བ་རྣམས་སོ། །དབང་པོ་མ་ཚང་བ་མ་ཡིན་པ་ནི་མིག་ལ་སོགས་

Vol. 144 · folio 270a

པ་མ་ཚང་བ་མེད་པའི་ཕྱིར་རོ། །དབང་པོ་དམན་པ་མ་ཡིན་པ་ཞར་བ་དང་ལོང་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཡན་ལག་ཐམས་ཅད་དང་ལྡན་པ་ནི་ལག་པ་དང་རྐང་པ་ལ་སོགས་པ་རྣམས་དང་ལྡན་པའོ། །ཉིང་ལག་དང་ལྡན་པ་ནི་མཐེབ་སོར་ལ་སོགས་པ་དང་ལྡན་པའོ། །

སྔར་གྱི་རྒྱུ་ལ་མི་ལྟོས་པར་ཅིག་ཅར་དུ་སྐྱེ་བ་རྣམས་སོ་ཞེས་བྱ་བ་ལ། སྒོ་ང་ལས་སྐྱེ་བ་ལ་སོགས་པ་ལྟ་བུར་ནུར་ནུར་པོ་ལ་སོགས་པའི་རིམ་གྱིས་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། དང་པོ་ཉིད་ནས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་ལ་སོགས་པའོ། །སྐྱེ་བ་ལ་ནི་འབྱུང་བ་ལའོ། །སྐྱེ་བ་དང་།

རྫུ་བ་དང་། འབྱུང་བ་ཞེས་བྱ་བ་ནི་དོན་གཅིག་སྟེ། དེ་ལ་མཛེས་པར་བྱེད་པའི་ཕྱིར་རྫུས་ཏེ་འབྱུང་བ་རྣམས་སོ། །འདི་དག་གི་རང་བཞིན་ཡང་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ནི་ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན། དེ་ལས་གཞན་རྣམས་ནི་ཕུང་པོ་ལྔའི་རང་བཞིན་ཡིན། ཐམས་ཅད་ཀྱང་རྣམ་པར་

སྨིན་པ་དང་རྒྱས་པའི་རྒྱུད་ཀྱི་རང་བཞིན་ནོ། །ཁྲུང་ཁྲུང་མོ་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཚོང་པ་གཟིངས་ཞིག་པ་གཉིས་རྒྱ་མཚོའི་ངོགས་སུ་ཁྲུང་ཁྲུང་མོ་དང་འགྲོགས་པར་གྱུར་པ་དང་། དེ་ལས་གནས་བརྟན་བྲག་དང་ཉེ་བྲག་གཉིས་སྐྱེས་སོ། །རྒྱལ་པོ་ལྔ་ལེན་གྱི་ཞེས་

བྱ་བ་ལ། དེའི་བཙུན་མོ་ལྷ་མོ་ཆེན་མོ་ལས་སྒོ་ང་ལྔ་བརྒྱ་སྐྱེས་ལ། དེ་སྒྲོམ་དུ་བཅུག་ནས་གངྒཱ་ལ་བསྐུར་བ་དང་། ལིཙྪ་བཱིའི་རྒྱལ་པོ་བཙུན་མོའི་འཁོར་ལྔ་བརྒྱ་དང་ཁྲུས་བྱེད་པས་སྒྲོམ་དེ་ཆུས་གཡེང་བ་མཐོང་ཞིང་ཁ་ཕྱེ་བས། དེ་ལ་ཁྱེའུ་ལྔ་བརྒྱ་མཐོང་སྟེ་བླངས་པར་གྱུར་ཏོ། །དྲོད་གཤེར་ལས་

སྐྱེས་པ་ནི་ང་ལས་ནུ་ལ་སོགས་པ་རྣམས་སོ། །ཇི་ལྟ་ཞེ་ན། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཐོར་བ་ཞིག་འབྱུང་ལ། དེ་མཐར་གྱིས་འཕེལ་ཞིང་སྨིན་ལ་རྡོལ་བར་གྱུར་པ་ལས་ཁྱེའུ་ཞིག་སྐྱེས་པ་དེ་ནི་ང་ལས་ནུ་ཡིན་ཏེ། དེ་ལྟ་ན་དྲོད་གཤེར་ལས་སྐྱེས་པ་ཡིན་ནོ། །རྒྱལ་པོ་ང་ལས་ནུའི་པུས་

མོའི་སྟེང་དུ་ཐོར་བ་གཉིས་ཤིག་བྱུང་བ་ལ་དེ་གཉིས་མཐར་གྱིས་འཕེལ་ཞིང་སྨིན་ལ་རྡོལ་བ་ལས་ཁྱེའུ་གཉིས་སྐྱེས་ཏེ། དེ་གཉིས་ནི་མཛེས་པ་དང་ཉེ་མཛེས་དག་ཡིན་ནོ། །རྒྱལ་པོ་ཚངས་པས་བྱིན་གྱི་བྲང་ལ་ཐོར་བ་ཞིག་བྱུང་བ་ལས། དེ་མཐར་གྱིས་འཕེལ་ཞིང་སྔ་མ་བཞིན་དུ་བུ་མོ་ཞིག་སྐྱེས་པའི་བར་ཡིན་ཏེ།

Vol. 144 · folio 270b

དེ་ནི་ཐི་བའི་ཕྲེང་བ་ཅན་མའོ། །ཨ་མྲ་སྐྱོང་མ་ནི་ཆུ་ཤིང་གི་སྡོང་པོ་ཞིག་ལས་སྐྱེས་སོ་ཞེས་བྱ་བར་གྲགས་སོ། །བསྐལ་པ་དང་པོ་པ་རྣམས་ཞེས་བྱ་བ། །སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །འདབ་བཟངས་ནི་ནམ་མཁའ་ལྡིང་ངོ་། །ཁ་ཅིག་ན་རེ་ཡི་དགས་རྣམས་ནི་

རྫུས་ཏེ་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེའི་ཕྱིར་ཡི་དགས་རྣམས་ལ་མངལ་ནས་སྐྱེ་བ་ཉིད་བསྒྲུབ་པའི་ཕྱིར་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མངལ་ནས་སྐྱེས་པ་ཉིད་དུ་གྲུབ་པར་བྱ་བའི་དོན་དུ་ཡིན་པར་ཇི་ལྟར་རྟོགས་ཞེ་ན། སྐྱེས་ནས་ཞེས་འབྱུང་བའི་ཕྱིར་རོ། །

དེ་ལྟ་ན་འོན་ཀྱང་བདག་ནི་ཚིམ་པ་མེད་ཅེས་འབྱུང་བའི་ཕྱིར་རྫུས་ཏེ་སྐྱེས་པ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་ཡིན་པར་ཤིན་ཏུ་ཆེས་རྟོགས་པ་མ་ཡིན་ནམ་མངལ་ནས་སྐྱེ་བ་དག་གིས་ནི་ཇི་ལྟར་བགྲངས་པར་མི་འགྱུར། མངལ་ནས་སྐྱེས་པ་ཉིད་ཡིན་ན་ནི་ཉིན་མོ་དང་མཚན་མོར་ལྔ་ལྔ་སྐྱེ་བར་ཡང་མི་རིགས་སོ་ཞེ་

ན། བཀྲེས་པ་ཤིན་ཏུ་འཕེལ་བའི་ཕྱིར་ཚིམ་པ་མེད་དོ། །དེ་འདྲ་བ་དེ་ནི་སེམས་ཅན་གྱི་རང་བཞིན་ཡིན་པས་ཉིན་མཚན་དུ་ལྔ་ལྔ་སྐྱེ་བར་མི་འགལ་ལ། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཡང་འགལ་བ་མེད་དོ། །སྐྱེ་གནས་ཐམས་ཅད་དུ་སྐྱེ་བ་རྣམས་ལ་འཕགས་པའི་ཆོས་

ཐོབ་པའི་གོ་སྐབས་ཡོད་མོད་ཀྱི། འཕགས་པའི་ཆོས་ཐོབ་ཟིན་པ་རྣམས་ནི་སྒོ་ང་ལས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དག་ཏུ་མི་སྐྱེའོ། །རྫུས་ཏེ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ལ། དེའི་སྐྱེ་གནས་པ་རྣམས་ནི་སྐྱེ་མཆེད་དྲུག་ཚང་བ་ཁོ་ན་འགྲུབ་པའི་ཕྱིར་སྐྱེ་གནས་ཐམས་ཅད་ཀྱི་ནང་ན་

རྫུས་ཏེ་སྐྱེ་བ་ཁོ་ན་བཟང་ངོ་། །གལ་ཏེ་ཐམས་ཅད་ཀྱི་ནང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཁོ་ན་བཟང་ན་ཡང་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་མངལ་ནས་སྐྱེ་བའི་སྐྱེ་གནས་ལེན། ལས་དག་གིས་ལེན་ནོ་ཞེ་ན། དེའི་ཕྱིར་སྐྱེ་བ་ལ་དབང་ཐོབ་པ་ཡང་ཞེས་བྱ་བ་སྨོས་སོ། །འཁོར་ལོས་

སྒྱུར་བའི་རིགས་སུ་འཁྲུངས་པ་ནི་འཁོར་ལོས་སྒྱུར་བའི་རིགས་སོ། །གཞན་མུ་སྟེགས་ཅན་ཞེས་བྱ་བ་ནི་གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་དག་གོ། །སྒྱུ་མས་འཇིག་རྟེན་ཟའོ་ཞེས་བྱ་བ་ནི་ཉེ་བར་སླུའོ་ཞེས་བྱ་བའི་དོན་ཏོ། །ཕྱིའི་ས་བོན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཕྱིའི་ཁུ་བ་དང་། ཁྲག་གི་འདམ་

Vol. 144 · folio 271a

ལ་སོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱིན་གྱི་རླབས་ལས་འབྱུང་བའི་ཞེས་བྱ་བ་ལ། བྱིན་གྱི་རླབས་ཀྱིས་དགོས་པ་ཅན་ནམ། བྱིན་གྱི་རླབས་ལ་ཡོད་པ་ནི་བྱིན་གྱི་རླབས་ལས་བྱུང་བའོ། །བྱིན་གྱི་རླབས་ནི་འདི་ནི་འདི་ལྟར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པ་

གང་ཡིན་པའོ། །ལམ་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ལ། གང་ཞེ་ན་རིང་བསྲེལ་སྐུ་གདུང་རྣམས་རྣམ་པར་གཞག་སྟེ། ཕྱིར་ཞེས་གང་སྨྲས་པའོ། །དྲི་བ་ལས་དྲི་བ་གཞན་བྱུང་སྟེ་ཞེས་བྱ་བ་ནི་འོ་ན་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དྲི་བ་དེ་ལས་དྲི་བ་འདི་བྱུང་བའོ། །གལ་

ཏེ་རྫུས་ཏེ་སྐྱེ་བ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལུས་ཞིག་པ་ནི་ཤི་བའི་ལུས་གནས་མེད་པའོ། །སྒོ་ང་ལས་སྐྱེས་པ་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གིས་རྫུས་ཏེ་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་ནོ་ཞེས་བྱ་བ་སྨོས་སོ། །གང་ལས་དེ་གཉིས་དེ་དག་

བས་ཁྱད་པར་དུ་གྱུར་པས་ཅི་ནམ་མཁའ་ལྡིང་དང་ཀླུ་གཞན་དག་ཀྱང་ཡོད་དམ་ཞེ་ན་སྨྲས་པ་ཡོད་དོ། །ཀླུ་དང་ནམ་མཁའི་ལྡིང་དག་ནི་རྣམ་པ་བཞི་ཡིན་ཏེ། དེ་དག་གི་མཆོག་ནི་རྫུས་ཏེ་སྐྱེས་པའོ། །ཉེ་མཆོག་ནི་དྲོད་གཤེར་ལས་སྐྱེས་པའོ། །བར་མ་ནི་མངལ་ནས་སྐྱེས་པའོ། །ཐ་ཆད་ནི་

སྒོ་ང་ལས་སྐྱེས་པའོ། །དེ་ལ་རྫུས་ཏེ་སྐྱེས་པ་ནི་ནམ་མཁའ་ལྡིང་གིས་ནི་དྲོད་གཤེར་ལས་སྐྱེས་པ་ལ་སོགས་པ་དག་ལས་སྔ་མ་སྔ་མ་ཟོས་ནས། ཀླུ་ཐམས་ཅད་བཟའ་བའི་ཕྱིར་འབྱིན་ཏོ། །ཤི་བ་དེས་ཚིམ་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདིས་སྔར་མ་ཤི་བར་ཟོས་པ་གང་ཡིན་པར་

དེ་ཡང་ཤི་བའི་ཚེ་མི་སྣང་བར་འགྱུར་རོ། །དེ་ནི་འགྲོ་བ་གཉིས་ཞེས་བྱ་བ་འདི་ལྷའི་འགྲོ་བ་དང་། དམྱལ་བའི་འགྲོ་བའོ། །གསུམ་གྱི་ཕྱོགས་ཞེས་བྱ་བ་ནི་མི་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ཕྱོགས་སོ། །གང་ལས་སྲིད་པ་བར་མ་ཐམས་ཅད་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པ། སྲིད་པ་བར་མ་ཞེས་

བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བ་ལ་འདི་ལོག་པར་རྟོགས་པའི་ཕྱིར་དང་། མཚན་ཉིད་མ་བསྟན་པའི་ཕྱིར་ཐེ་ཚོམ་ཟ་བས་དྲིས་པའོ། །འགྲོ་བའི་བར་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་སྔ་མ་དང་ཕྱི་མའི་བར་ན་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་སྐྱེས་པ་ཡང་ཡིན་

Vol. 144 · folio 271b

ལ་བྱུང་བ་ཡང་མ་ཡིན་ཞེ་ན་ཞེས་བྱ་བ་ལ། འདི་སྐད་དུ་འདི་ཤི་ཞིང་མངོན་པར་གྲུབ་པ་ཡང་ཡིན་ལ། བྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེའི་ལན་སྨྲས་པ་ནི། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །

འདི་སྐད་བསྟན་པར་འགྱུར་ཏེ། བྱུང་བའི་སྒྲ་ནི་སོན་པ་ལ་འཇུག་ན། སྲིད་པ་བར་མ་ནི་བགྲོད་པའི་ཡུལ་དུ་མ་ཕྱིན་པའི་ཕྱིར་བྱུང་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འབྱུང་བ་བཞིན་མ་ཡིན་ནོ། །སོན་པ་ནི་ཞེས་བྱ་བ་འདིས་ནི་བྱུང་བའི་སྒྲ་སོན་པ་ལ་འཇུག་གོ་ཞེས་སྟོན་ཏོ། །གཞན་དག་ན་རེ་དེས་བགྲོད་

པར་བྱ་བའི་ཡུལ་གང་ཡིན་པ་དེ་དང་། ད་རུང་དུ་ཡང་དེ་མི་ལྡན་ཏེ་ཡུལ་དེ་དང་མི་ལྡན་ཞེས་བྱ་བའི་དོན་ཏོ་ཞེས་ཟེར་རོ། །དེའི་ཕྱིར་རྣམ་པར་སྨིན་པ་གཞན་གྲུབ་ཀྱང་བྱུང་བ་ཞེས་མི་བྱ་སྟེ། དེ་ཉིད་ཀྱི་ཕྱིར་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའི་ཕྱིར་སྲིད་པ་བར་མ་ཡིན་ནོ་ཞེས་བསྟན་ཏོ་ཞེས་བྱའོ། །གང་

དུ་རྣམ་པར་སྨིན་པ་འཕངས་པ་ཞེས་བྱ་བ་ལ། འཕེན་པར་བྱེད་པའི་ལས་ཀྱིས་ནི་རིས་མཐུན་པ་མངོན་པར་གྲུབ་པ་ཡིན་ལ། རྫོགས་པར་བྱེད་པ་དག་གིས་ནི་རྫོགས་པར་བྱེད་དེ། གཅིག་གི་སྐྱེ་བ་གཅིག་འཕེན་ཏེ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་བྱ་བ་སྐྱེ་བ་ཐམས་ཅད་ལ་ལས་གཉིས་

ཀྱི་བྱ་བ་བྱེད་དོ། །གཞན་དག་ན་རེ་འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་ལ་འཆི་བའི་སྲིད་པའི་མཇུག་ཐོགས་ཁོ་ནར་ཡུལ་གཞན་དུ་སྐྱེ་བའི་སྲིད་པ་འབྱུང་གི་བར་ན་གནས་པའི་བདག་ཉིད་ཅན་རྒྱུ་མཚན་གཞན་སྔོན་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་པ་དང་ལུང་ལས་ཏེ་

ཞེས་བྱ་བ་ལ། མི་མཐུན་པར་སྨྲ་བའི་དངོས་པོ་ལ་ནི་གཉིས་ཀ་ཉེ་བར་མཁོ་སྟེ་རིགས་པ་དང་ལུང་ངོ་། །ཅིའི་ཕྱིར་གཉིས་སྨོས་ཤེ་ན། རིགས་པ་དང་ལུང་རྐྱང་པ་དག་ཚད་མ་ཡིན་པའི་ཕྱིར་གཉིས་ཀ་ཉེ་བར་བཀོད་དོ། །འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་འཆི་

བའི་སྲིད་པ་ཁོ་ན་ལས་ཡུལ་གཞན་དག་ཏུ་སྐྱེ་བའི་སྲིད་པ་འབྱུང་བར་འདོད་ན་ནི། དེ་ལྟ་ན་སྐྱེ་བའི་སྲིད་པ་མི་སྲིད་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྒྱུན་གྱིས་འཇུག་པའི་ཕྱིར་རོ། །འདི་ལྟར་རྒྱུན་གྱིས་འཇུག་པའི་དངོས་པོ་རྣམས་ནི་ཆད་ནས་ཡུལ་གཞན་དག་ཏུ་འབྱུང་བར་མ་མཐོང་སྟེ། དཔེར་ན་འབྲུའི་

Vol. 144 · folio 272a

རྒྱུན་དུ་གཏོགས་པའི་འབྲུའི་འབྲས་བུ་རྣམས་རྒྱུན་དུ་འབྲེལ་པས་རྒྱས་པ་བཞིན་ནོ། །འདི་དག་ལ་རྒྱུན་གྱིས་འཇུག་པའི་ངང་ཚུལ་ཡོད་པ་ན་རྒྱུན་གྱིས་འཇུག་པའོ། །ཡུལ་གཞན་དག་ཏུ་ཞེས་སྨོས་པའི་ཕྱིར་སེམས་ཀྱི་རྒྱུན་གྱིས་མ་ངེས་པ་ཡང་མ་ཡིན་ཏེ། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་

པ་ལས་ལྡང་བའི་སེམས་ཡོད་པ་ན་དུས་གཞན་དུ་ཆད་པ་ནི་ཡུལ་དེ་ཁོ་ནར་སྐྱེ་བའི་ཡུལ་གཞན་དུ་མ་ཡིན་པའི་ཕྱིར་རོ། །ཆད་ནས་འབྱུང་བ་ཡང་མཐོང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་མེ་ལོང་ལ་སོགས་པ་དག་གི་ནང་དུ་གཟུགས་ཏེ་བཞིན་ལས་གཟུགས་བརྙན་ཏེ་བཞིན་གྱི་གཟུགས་བརྙན་འབྱུང་བ་མཐོང་

ངོ་ཞེས་འདིས་ནི་མ་ངེས་པར་རྗོད་པར་བྱེད་དོ། །གཟུགས་བརྙན་མ་གྲུབ་ཕྱིར་བ་དང་། །ཞེས་པ་འདིས་ནི་མ་ངེས་པ་ལྟར་སྣང་བ་ཉིད་དུ་སྟོན་པར་བྱེད་དོ། །དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དམིགས་པ་མེད་པའི་ཆོས་རྣམས་

གང་ཞེ་ན། གཟུགས་དང་འདུས་མ་བྱས་དང་ལྡན་པ་མ་ཡིན་པ་རྣམས་སོ་ཞེས་བསྟན་བཅོས་ལས་འབྱུང་བས་གཟུགས་བརྙན་སེམས་དང་སེམས་ལས་བྱུང་བའི་དམིགས་པ་ལེན་པའི་ཕྱིར་ཡོད་དོ་ཞེ་ན། འདིའི་ལན་གྱི་ཕྱིར། མི་འདྲའི་ཕྱིར་ན་དཔེ་མ་ཡིན། །ཞེས་བྱ་བ་སྨོས་སོ། །ཁ་དོག་

གི་ཁྱད་པར་གཞན་ཞེས་བྱ་བ་ལ། མེ་ལོང་གི་ཁ་དོག་ལས་གཞན་པ་ནི་ཁ་དོག་གི་ཁྱད་པར་གཞན་ནོ། །ཚིག་ཙམ་གྱིས་དད་པར་མི་འགྱུར་བས་འདྲི་བ་ནི་རེ་ཞིག་ཇི་ལྟར་མ་གྲུབ་ཅེ་ན་ཞེས་བྱའོ། །ཡུལ་དེ་ཉིད་ན་ཞེས་བྱ་བ་ལ། ཟུར་ན་གནས་པས་མེ་ལོང་གི་ཡུལ་དེ་ཉིད་ན་མེ་ལོང་གི་གཟུགས་

མཐོང་གི་གཟུགས་བརྙན་མ་ཡིན་ལ། མདུན་ན་གནས་པས་གཟུགས་བརྙན་མཐོང་གི་མེ་ལོང་གི་གཟུགས་མ་ཡིན་ཏེ། དེ་ལྟར་བསྡོམས་པས་དེར་གཉིས་ཀ་སྣང་ངོ་། །གཞན་དག་ན་རེ་མདུན་དུ་ཕྱོགས་པས་གཉིས་ཀ་མཐོང་ངོ་ཞེས་ཟེར་ཏེ། དེའི་ཕྱིར་མེ་ལོང་གཅིག་ན་སྣང་བ་གཉིས་ལྷན་

ཅིག་ཏུ་མི་སྲིད་པའི་ཕྱིར་དེ་ན་མེ་ལོང་གི་གཟུགས་ལས་གཞན་གཟུགས་བརྙན་ཡོད་པ་མ་ཡིན་ནོ། །རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ། དེ་གཉིས་ཀྱི་རྟེན་གྱི་འབྱུང་བ་རྣམས་ནི་ཐ་དད་པ་ཡིན་ལ། མེ་ལོང་གི་གཟུགས་ཀྱི་རྟེན་གྱི་འབྱུང་བ་རྣམས་ཀྱིས་བཟུང་བའི་ཡུལ་དེ་ན་གཟུགས་

Vol. 144 · folio 272b

བརྙན་གྱི་གཟུགས་ཀྱི་རྟེན་གྱི་འབྱུང་བ་རྣམས་ཀྱི་གོ་ཡོད་པ་ཡང་མ་ཡིན་ཏེ། ཐོགས་པ་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་དེ་ན་རྒྱུར་བྱས་པའི་གཟུགས་གཉིས་ལྷན་ཅིག་འབྱུང་བ་ནི་མེད་དོ། །དེ་བཞིན་དུ་ཕྱོགས་གཞན་ན་གནས་པ་རྣམས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཕྱོགས་ཐ་

དད་པ་ན་གནས་པའི་སྐྱེས་བུ་གཅིག་གི་རྒྱབ་ཀྱི་ཤིང་ལྗོན་པ་ལ་སོགས་པའི་གཟུགས་ཇི་ལྟར་ཡིན་པ་དེ་བཞིན་དུ་གཞན་གྱི་ཡང་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལ་གཅིག་གིས་ནི་རང་གི་མདུན་རོལ་གྱི་ཡུལ་ན་གནས་པའི་ཤིང་ལྗོན་པ་ལ་སོགས་པའི་གཟུགས་ཀྱི་གཟུགས་བརྙན་དམིགས་ཀྱི། རྒྱབ་ན་

གནས་པའི་མ་ཡིན་ལ། ཅིག་ཤོས་ཀྱིས་ཀྱང་མཚེའུའི་ཆུའི་ཡུལ་དེ་ཉིད་དུ་དེ་ཁོ་ན་ལྟར་དམིགས་སོ། །གལ་ཏེ་དེ་ན་ཆུའི་གཟུགས་ལྟར་གཟུགས་བརྙན་གྱི་གཟུགས་དག་ཀྱང་ཡོད་ན་ནི་གཟུགས་ཐུན་མོང་བ་ཡིན་པས་ཐམས་ཅད་ཀྱི་ཆུའི་གཟུགས་ལྟར་ཅིའི་ཕྱིར་མ་དམིགས། དམིགས་

པ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་འཁྲུལ་པ་ཙམ་ཞིག་ཡིན་གྱི་གཟུགས་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་གཟུགས་གཅིག་ལ་ཞེས་བྱ་བ་སྨོས་ཏེ། བུམ་པའམ་སྣམ་བུའི་གཟུགས་གཅིག་ལ་སྐྱེས་བུའི་ལྟ་བ་པོ་གཉིས་ཀྱིས་ལྷན་ཅིག་མི་མཐོང་བ་ནི་མ་ཡིན་ཏེ། མཐོང་བ་ཡིན་ཞེས་བྱ་

བའི་དོན་ཏོ། །འདིར་ནི་ལྷན་ཅིག་མཐོང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེར་གཟུགས་གཞན་ཞིག་འབྱུང་བར་རིགས་པ་མ་ཡིན་ནོ། །ཡང་གྲིབ་མ་དང་ཉི་མ་གཉིས་ཀྱང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ། གང་གི་ཚེ་མེ་ལོང་གྲིབ་མ་ན་འདུག་ཅིང་བསྒྲིབས་པ་མ་ཡིན་པའི་ཚེ་དེར་ཉི་མའི་གཟུགས་

བརྙན་སྣང་ལ། ཉི་མ་ལ་འདུག་པ་ལ་གྲིབ་མ་སྣང་ན། ཉི་མ་དང་གྲིབ་མ་དག་ནི་ལྷན་ཅིག་གནས་པར་འགལ་བའི་ཕྱིར་རོ། །ཁྲོན་པའི་ཆུ་བཞིན་དུ་ཞེས་བྱ་བ་ལ། ཇི་ལྟར་ཁྲོན་པའི་ཆུ་གཏིང་རིང་པོ་ན་ཡོད་པར་སྣང་བ་དེ་བཞིན་དུ་ཟླ་བའི་གཟུགས་བརྙན་ཡང་གཞན་ཁོ་ན་ཡོད་པར་སྣང་ངོ་། །དེ་ཡང་

དེའི་ནང་དུ་འབྱུང་ན་ནི་ཞེས་བྱ་བ་ལ། གཟུགས་བརྙན་དེ་ཡང་མེ་ལོང་གི་ནང་ཁོ་ནར་བྱུང་ན་ནི། དེ་མེ་ལོང་གི་གཟུགས་ལྟར་གཞན་ན་སྟེ། དེའི་ནང་ལས་གཞན་ན་དམིགས་པར་མི་འགྱུར་ན་དམིགས་པ་ཡང་ཡིན་ཏེ། དེའི་ཕྱིར་དེ་ནི་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་དེ་ཅུང་ཟད་ཀྱང་མེད་ན་འོ་ན་དེ་

Vol. 144 · folio 273a

ཇི་ལྟར་སྣང་ཞེ་ན། དེའི་ཕྱིར་གང་དེ་ལྟར་སྣང་བ་དེ་ནི་ཚོགས་པ་དེའི་མཐུ་དེ་འདྲ་བ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མཐུ་དང་ནུས་པ་དང་། ནུས་མཐུ་ཞེས་བྱ་བ་ནི་དོན་གཅིག་གོ། །ཇི་ལྟ་ཞེ་ན། ཆོས་རྣམས་ཀྱི་མཐུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་མིག་སེར་གྱིས་མིག་ཉམས་

པར་བྱས་པས་ཐམས་ཅད་དུ་སེར་པོར་མཐོང་ལ། རབ་རིབ་ཅན་གྱིས་ཟླ་བ་གཉིས་སུ་མཐོང་བ་དང་། ཇི་ལྟར་ཁབ་ལོང་ཁོ་ནས་ལྕགས་ཐག་འདྲེན་གྱི་གཞན་གྱིས་མ་ཡིན་པ་དང་། ཟླ་བ་ཤར་ན་ཆུ་ཤེལ་ཁོ་ན་ལས་ཆུ་འབྱུང་གི །སོལ་བ་ལ་སོགས་པ་དག་ལས་མ་ཡིན་པ་དེ་བཞིན་དུ།

གཟུགས་གཞན་མེད་ཀྱང་མིག་དང་མེ་ལོང་གི་ངོས་དང་དེ་བཞིན་གྱི་གཟུགས་ལ་བརྟེན་ནས་དེའི་གཟུགས་བརྙན་གྱི་རྣམ་པ་ཅན་གྱི་མིག་གི་རྣམ་པར་ཤེས་པ་འབྱུང་བ་ཡིན་ནོ། །རྒྱུན་མིན་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་གཟུགས་བརྙན་གཟུགས་ཀྱི་རྒྱུན་གྱི་ཁོངས་སུ་གཏོགས་པ་

ཡིན་ན་ནི་མེ་ལོང་གི་རྒྱུ་དང་མ་འབྲེལ་པར་གཟུགས་དང་འབྲེལ་བ་ཁོ་ནར་འབྱུང་བར་འགྱུར་ཏེ། གཞན་གྱི་རྒྱུད་དུ་གཏོགས་པ་ནི་གཞན་གྱི་རྒྱུད་དང་འབྲེལ་ཏེ་འབྱུང་བར་མི་རིགས་སོ། །མེ་ལོང་གི་རྒྱུད་དང་འབྲེལ་པའི་ཕྱིར་དང་ཞེས་བྱ་བ་ལ། གཟུགས་བརྙན་གྱི་གཟུགས་ཀྱི་རྒྱུན་དུ་གྱུར་པ་

མ་ཡིན་ཏེ། མེ་ལོང་དང་འབྲེལ་པའི་ཕྱིར་མེ་ལོང་གི་གཟུགས་བཞིན་ནོ། །ལྷན་ཅིག་འབྱུང་བའི་ཕྱིར་ཡང་གཟུགས་བརྙན་གཟུགས་ཀྱི་རྒྱུན་མ་ཡིན་ཏེ། གང་ཞིག་གང་གི་རྒྱུན་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བར་མ་མཐོང་སྟེ། དཔེར་ན་ས་བོན་དང་མྱུ་གུ་བཞིན་ནོ། །ཇི་ལྟར་འཆི་བའི་

སྲིད་པའི་རྒྱུན་སྐྱེ་བའི་སྲིད་པ་ལྟ་བུར་ཏེ། དེ་གཉིས་ནི་ལྷན་ཅིག་འབྱུང་བ་མ་ཡིན་ནོ། །རྒྱུན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུན་གྱིས་འཇུག་པའི་འབྲུ་དཔེར་བརྗོད་པ་ལ། གཟུགས་བརྙན་རྒྱུན་དུ་གྱུར་པ་མ་ཡིན་པས་ཕྱིར་བཟློག་པས་དཔེ་མི་འདྲ་བ་ཡིན་ནོ། །གཟུགས་བརྙན་

ནི་གཉིས་ལས་འབྱུང་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཉིས་ལས་འབྱུང་བ་ནི་གཉིས་ལས་འབྱུང་བ་སྟེ། གཉིས་ལས་འབྱུང་བ་དེའི་ཕྱིར་རོ། །གཙོ་བོའི་རྒྱུ་གང་ཡིན་པ་དེ་ནི་མེ་ལོང་ལ་སོགས་པ་སྟེ། དེའི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རལ་

Vol. 144 · folio 273b

གྲི་བསགས་ཀར་བསྙལ་ཏེ་འདུག་པ་ཡིན་ན་ནི་གཟུགས་བརྙན་ཡང་བསགས་ཀར་རིང་བར་སྣང་ལ། གལ་ཏེ་གྱེན་ལ་བསྒྲེང་སྟེ་འདུག་པ་ཡིན་ན་ནི་གཟུགས་བརྙན་ཡང་དེ་ལྟར་སྣང་ངོ་། །རྒྱུ་གཉིས་པ་གཙོ་བོ་མ་ཡིན་པ་ཁུ་ཆུ་དང་ཁྲག་ལ་སོགས་པ་ཡོད་དོ་ཞེ་ན། དེའི་ཕྱིར་གཙོ་བོའི་རྒྱུ་

གང་ཡང་རུང་བ་ཞིག་དང་ཞེས་བྱ་བ་སྨོས་སོ། །ཅི་སྟེ་ཡང་ཁུ་ཆུ་དང་ཁྲག་ལ་སོགས་པ་ཁོ་ན་གཙོ་བོ་ཡིན་ཏེ། དེ་ལ་བརྟེན་ནས་སྐྱེ་བའི་སྲིད་པ་གྲུབ་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ཕྱིའི་ཁུ་ཆུ་དང་ཁྲག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་ན་རེ། མི་འདྲའི་ཕྱིར་ན་དཔེ་

མ་ཡིན། །ཞེས་བྱ་བ། གཟུགས་ལོག་ན་གཟུགས་བརྙན་འཇིག་པར་འགྱུར་གྱི་འཆི་ཁ་མའི་ཕུང་པོ་འགགས་པ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་མེད་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་སེམས་ཅན་རྒྱུད་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །གཟུགས་བརྙན་ནི་

གཟུགས་དང་འདྲ་བར་འབྱུང་ན། སྐྱེ་བའི་སྲིད་པ་ནི་དེ་ལྟར་འཆི་བའི་སྲིད་པ་ལས་འབྱུང་བ་ཡང་མ་ཡིན་ཏེ། གཞན་དུ་ན་བ་ལང་ལ་སོགས་པ་ཤི་ནས་བ་ལང་ལ་སོགས་པ་དག་ཁོ་ནར་སྐྱེ་བར་ཐལ་བར་འགྱུར་རོ། །དེའི་ཕྱིར་དཔེ་འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །མགུར་

ནས་གསུངས་ཕྱིར་ཞེས་བྱ་བ་ནི་ཉིད་ཀྱི་གསུང་གིས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མདོ་འདི་དག་མི་འདོན་ཏོ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་བར་མ་ལ་སྐུར་པ་འདེབས་པའི་སྡེ་པ་གཞན་དག་གིས་སྡེ་པ་གཞན་ལ་གྲགས་ཀྱང་། སྡུད་པའི་གཞི་པོ་ཉམས་པས་ལྷག་

པར་སྒྲོ་བཏགས་པར་དོགས་པས་ཚད་མར་མི་བྱེད་དེ། དེ་དག་གི་ལུང་གི་ཁོངས་སུ་མ་འདུས་པའི་ཕྱིར་རོ། །གནས་གསུམ་ཞེས་བྱ་བ་ནི་རྒྱུ་གསུམ་མོ། །བུ་ཆགས་པ་ནི་འབྱུང་བའོ། །མ་རུང་ཞིང་ཞེས་བྱ་བ་ནི་བུ་འཛིན་པར་ནུས་པའོ། །ཟླ་མཚན་དང་ལྡན་པ་ཞེས་བྱ་བས་ནི་བུ་འཛིན་པར་

རུང་ཡང་ཟླ་མཚན་ལ་ལྟོས་སོ་ཞེས་སྟོན་ཏོ། །ཟླ་མཚན་དང་ལྡན་ཡང་གལ་ཏེ་བུ་འཛིན་པའི་ནུས་པ་ཉམས་པ་མེད་པ་ཡིན་ན་སྟེ། འདི་ནི་གནས་དང་པོའོ། །ཕ་དང་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་ཞེས་བྱ་བ་ལ། ཆགས་པར་གྱུར་ལ་མ་ཕྲད་པ་དང་། ཕྲད་པར་གྱུར་ལ་མ་ཆགས་པ་

Vol. 144 · folio 274a

ཡང་ཡོད་པས་གཉིས་ཀ་སྨོས་ཏེ། འདི་ནི་གནས་གཉིས་པའོ། །དྲི་ཟ་ཉེ་བར་གནས་པར་གྱུར་ནའོ་ཞེས་བྱ་བ་འདི་ནི་གནས་གསུམ་པའོ། །དྲི་ཟ་ཉེ་བར་གནས་པར་གྱུར་ནའོ་ཞེས་བྱ་བ་འདི་ཡང་དེ་དག་མི་འདོན་པ་དེ་དག་གི་ལུང་དག་ལས་དེ་སྐད་དུ་མ་བཏོན་པའི་ཕྱིར་

རོ། །འོ་ན་ཇི་ལྟར་དེ་དག་འདོན་ཞེ་ན། ཕུང་པོ་ཞིག་པ་ཉེ་བར་གནས་པར་གྱུར་ནའོ་ཞེས་འདོན་ཏེ། འདིར་ཕུང་པོ་ཞིག་པ་ནི་འཆི་བའི་སྲིད་པའོ། །གལ་ཏེ་དེ་ལྟར་ན་རྟ་ལེན་གྱི་བུའི་མདོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཕུང་པོ་ཞིག་པ་ནི་འགྲོ་བ་དང་འོང་བ་དང་བྲམ་ཟེ་ལ་སོགས་པའི་ངོ་བོར་

མི་འཐད་དོ། །ཕྱིར་མི་འོང་བ་ནི་ལྔ་སྟེ་ཞེས་བྱ་བ་ནི་ལམ་དང་གང་ཟག་བསྟན་པའི་མཛོད་ཀྱི་གནས་ནས་འཆད་དོ། །ཁ་ཅིག་ན་རེ་བར་མ་དོ་ཞེས་བྱ་བའི་ལྷ་དག་ཅིག་ཡོད་དེ། །གང་ཞིག་དེ་དག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་

ཟེར་རོ། །དེ་ལྟ་ན་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། དེ་ལ་གང་ཞིག་སྐྱེས་པའི་ལྷ་དག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་

དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་སྐྱེ་བ་ལ་སོགས་པའི་ལྷ་དག་ཁས་མི་ལེན་ན་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མི་འགྲུབ་པོ། །གཞན་དག་ན་རེ་འདོད་པ་དང་གཟུགས་

ཀྱི་ཁམས་དག་གི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེས་ན་སྲིད་པ་བར་མ་མེད་པར་ཁམས་གཉིས་སུ་མ་སྐྱེས་པའི་སེམས་ཅན་མེད་པས་སྲིད་པ་བར་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ། །འགྲོ་མདོ་ཞེས་བྱ་བ་ལ། མདོ་ལས་དགེ་

སློང་དག་ངས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་། ལེན་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་བྱ་ཡིས་ཞེས་སྐྱེས་བུ་དམ་པའི་འགྲོ་བའི་མདོ་རྒྱས་པར་གསུངས་སོ། །མདོ་དེ་ལས་ནི་ཕྱིར་མི་འོང་བ་ལྔ་ལས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ། ཞོགས་མ་

Vol. 144 · folio 274b

ལ་སོགས་པ་དཔེ་གསུམ་གྱི་སྒོ་ནས་རྣམ་པ་གསུམ་དུ་མཛད་ནས་སྐྱེ་བུ་དམ་པའི་འགྲོ་བ་བདུན་དུ་གསུངས་སོ། །དུས་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་དུས་ཀྱི་ཁྱད་པར་གྱི་བྱེ་བྲག་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་སོ། །ཇི་ལྟར་ཞེ་ན་མངོན་པར་

གྲུབ་བཞིན་དུ་ཞེས་བྱ་བ་ནི་དུས་སོ། །གནམ་དུ་ཡར་བཞིན་དུ་ཞེས་བྱ་བ་དང་། ས་ལ་མ་ལྷུང་བ་ཉིད་དུ་ཞེས་བྱ་བ་ནི་ཡུལ་ལོ། །བར་མ་དོ་ཞེས་བྱ་བའི་ལྷ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཚེའི་ཚད་ཀྱི་བར་དུ་འམ་ཞེས་བྱ་བ་ལ། ཚེའི་ཚད་ཀྱི་སྔ་རོལ་དུ་སྟེ་ཚེ་ཡོངས་སུ་མ་རྫོགས་པ་ཁོ་

ནར་ཞེས་བྱ་བའི་དོན་ཏོ། །ལྷ་དང་ཉེ་བའི་བར་དུ་ཞེས་བྱ་བ་ལ། ལྷ་རྣམས་ཀྱི་དྲུང་ནི་ལྷ་དང་ཉེ་བ་སྟེ། དེའི་བར་ནི་ལྷ་དང་ཉེ་བའི་བར་རོ། །བཤད་པ་འདི་ལ་ལྕགས་ཀྱི་ཚ་ཚ་ལ་སོགས་པའི་དཔེ་རྣམ་པ་གསུམ་ཇི་ལྟར་རུང་ཞེ་ན། དེའི་ཕྱིར། ཁམས་ཀྱི་གནས་སྐབས་པའམ་ཞེས་བྱ་བ་

རྒྱས་པར་སྨྲས་སོ། །སྐྱེས་པ་ཙམ་གྱིས་ཉོན་མོངས་པའི་ས་བོན་གྱི་གནས་སྐབས་ཁོ་ནར་ལམ་མངོན་དུ་གྱུར་པ་ལས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། འདིར་ནི་དབང་པོ་རྣོན་པོ་ཡིན་ནོ་ཞེས་གྲག་གོ། །འདུ་ཤེས་ཀྱི་གནས་སྐབས་པའམ་ཞེས་བྱ་བ་ནི་ཡུལ་གྱི་འདུ་ཤེས་

ཀུན་དུ་སྤྱོད་པའི་གནས་སྐབས་སུའོ། །གཞན་དག་ན་རེ་ཉོན་མོངས་པ་སྐྱེས་པ་ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་འདུ་ཤེས་ཀྱི་གནས་སྐབས་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་དབང་པོ་འབྲིང་པོའོ། །རྣམ་པར་རྟོག་པའི་གནས་སྐབས་པ་ཞེས་བྱ་བ་ནི་དེའི་ས་པའི་ཉོན་

མོངས་པའི་རྣམ་པར་རྟོག་པ་ཀུན་དུ་སྤྱོད་པའི་གནས་སྐབས་སུའོ། །གཞན་དག་ན་རེ་རྣམ་པར་རྟོག་པ་ནི་དཔྱད་པ་ཡིན་པའི་ཕྱིར་ཤེས་རབ་ཀུན་དུ་སྤྱོད་པའི་གནས་སྐབས་སུ་ཡིན་ནོ། །འདིར་རྣམ་པར་རྟོག་པ་ནི་སེམས་རྩིང་བ་ལ་མི་འདོད་དེ། དེ་ནི་བསམ་གཏན་དང་པོའི་ས་པ་

ཡིན་པའི་ཕྱིར་གཉིས་པ་ལ་སོགས་པ་དག་ན་བར་དུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །འདི་ནི་དབང་པོ་རྟུལ་པོ་ཡིན་ནོ། །ཡང་ན་དང་པོ་ནི་གཟུགས་ཀྱི་ཁམས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལ་དཔེ་ནི་དཔེར་ན་ཞོགས་མའི་མེ་ཆུང་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་

Vol. 144 · folio 275a

ནི་ལྷ་རྣམས་ཀྱི་འབྱོར་པ་ཞེས་བྱ་བ་ལ། འདི་ལ་ཡང་དཔེ་ནི་དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །གསུམ་པ་ནི་ལྷ་རྣམས་ཀྱི་ཆོས་ཡང་དག་པར་འགྲོ་བའི་ཞེས་བྱ་བ་ལ། འདིར་ཡང་དཔེ་ནི་དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་

ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟ་ན་དཔེ་གསུམ་གྱི་སྒོ་ནས་རྣམ་པ་གསུམ་ཡིན་ནོ། །དེ་ལྟ་ན་ཡང་བར་མ་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ལས་ཁྱད་པར་མི་མངོན་པས་ཁྱད་པར་བསྟན་པའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཞེས་བྱ་བ་རྒྱས་པར་

སྨྲས་སོ། །ཚེ་ཕལ་ཆེར་བཅོམ་ནས་ཞེས་བྱ་བ་ནི་ཚེ་ཕལ་ཆེར་ཕྱིད་ནས་སོ། །དེ་དག་ཐམས་ཅད་ཀྱང་ཞོགས་མ་ལ་སོགས་པའི་དཔེ་དག་དང་མི་འབྱོར་ཏོ། །ཅིའི་ཕྱིར་ཞེ་ན། ཡུལ་དུ་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ཡུལ་དུ་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་རོ། །དེ་

དག་ལ་ནི་ཡུལ་དུ་འགྲོ་བའི་བྱེ་བྲག་ཡོད་པ་མ་ཡིན་ཏེ། ཡུལ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །མདོ་ལས་གསུངས་པའི་དཔེ་གསུམ་ལ་ནི་ཡུལ་དུ་འགྲོ་བའི་བྱེ་བྲག་ཡོད་དོ། །ཡང་ན་ཡུལ་གྱི་བྱེ་བྲག་མེད་པའི་ཕྱིར་དང་། འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་ཞེས་རེ་

རེ་ལ་བྱེ་བྲག་མེད་པའི་སྒྲ་སྦྱོར་རོ། །གཟུགས་མེད་པ་དག་ཏུ་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གཟུགས་མེད་པ་དག་ཏུ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གསུངས་པར་གཏོགས་ཤེ་ན། བསམ་གཏན་དག་གིས་བཅུ་ཚན་

བཞི་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསམ་གཏན་བཞི་དག་གིས་བཅུ་ཚན་བཞི་སྟེ། བསམ་གཏན་རེ་རེ་ལ་གང་ཟག་བཅུ་བཅུ་དབང་དུ་བྱས་པའི་ཕྱིར་རོ། །གཟུགས་མེད་དག་གིས་བདུན་ཚན་གསུམ། །ཞེས་བྱ་བ་ལ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་སྐྱེ་བ་

གཉིས་མ་གཏོགས་པ་སྟེ། གཟུགས་མེད་པའི་ཕྱིར་སྲིད་པ་བར་མ་མི་སྲིད་དོ། །འདུ་ཤེས་ཀྱིས་ནི་དྲུག་ཚན་དུ། །ཞེས་བྱ་བ་ལ། འདི་ལ་ནི་གོང་དུ་འཕོ་བ་ཡང་མེད་དེ། །ས་གཞན་མེད་པའི་ཕྱིར་རོ། །ཚོམས་སུ་ཡང་དག་སྡེབས་ཞེས་བྱ་བ་ནི་སྦྱར་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 144 · folio 275b

ཇི་ལྟ་ཞེ་ན། འདི་ན་དགེ་སློང་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་འདོད་པ་དག་ལས་དབེན་པ་སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་དང་

བསམ་གཏན་དང་པོ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི་འོན་ཀྱང་དེ་གཟུགས་ཀྱི་རྣམ་པའམ། ཚོར་བའི་རྣམ་པའམ། འདུ་ཤེས་ཀྱི་རྣམ་པའམ། འདུ་བྱེད་ཀྱི་རྣམ་པའམ། རྣམ་པར་ཤེས་པའི་རྣམ་པ་གང་ཞིག་དེར་ཉེ་བར་

དམིགས་པའི་ཆོས་དེ་དག་ནང་དུ་ཡིད་ལ་བྱེད། འབྲས་དང་ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱེད། དེ་ཆོས་དེ་དག་ལ་ཡིད་བྱུང་ཞིང་སྐྲག་སྟེ་ཕྱིར་ཟློག་པར་བྱེད། དེ་ཆོས་དེ་དག་ལ་སྐྱོ་ཞིང་

སྐྲག་སྟེ་ཕྱིར་བཟློག་ནས། འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པར་བྱེད་དོ། །མདོ་

དེ་ཉིད་གསུངས་ནས་ཁྱད་པར་ནི་འདི་ཡིན་ཏེ། དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་སྟེ་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ། སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་བྲོལ། གྲོལ་ནས་ཀྱང་བདག་རྣམ་པར་གྲོལ་ལོ། །བདག་གི་སྐྱེ་བ་

ཟད་དོ། །ཚངས་པར་སྤྱོད་པ་སྤྱོད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཡེ་ཤེས་མཐོང་བ་འབྱུང་ངོ་། །མདོ་དེ་ཉིད་དུ་གསུངས་ནས་ཁྱད་པར་ནི་འདི་ཡིན་ཏེ། དེ་འདིར་རྣམ་པར་མི་གྲོལ་གྱི་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་ཆགས་པ་དེ་ཉིད་

དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་བར་མ་དོར་རྣམ་པར་གྲོལ་བར་འགྱུར་རོ། །མདོ་དེ་ཉིད་གསུངས་ནས་དེ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་

Vol. 144 · folio 276a

འགྱུར་རོ། །དེ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་

མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་གོང་དུ་འཕོ་བར་འགྱུར་རོ། །དེ་གོང་དུ་འཕོ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་

ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་ཆེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ཚངས་ཆེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་མ་ཡིན་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་

ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་སུ་སྐྱེ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང་།

ཆོས་ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་རེ་ཞིག་ན་བསམ་གཏན་དང་པོ་ལ་མདོ་བཅུའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ཡང་

སྔ་མ་འདྲ་བར་མདོ་བཅུ་སྟེ། སྐྱེ་བ་ལ་ནི་འོད་གསལ་བ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ནས་ཚད་མེད་རྣམས་དང་ངོ་། །དེ་ནས་འོད་ཆུང་བ་རྣམས་དང་ངོ་། །དེ་ལྟར་ན་འདི་དག་ནི་བསམ་གཏན་གཉིས་པའི་མདོ་བཅུའོ། །དེ་བཞིན་དུ་བསམ་གཏན་གསུམ་པ་ལ་ཡང་སྔ་མ་

དང་འདྲ་བར་མདོ་བཅུ་སྟེ། སྐྱེ་བ་ལ་ནི་དགེ་རྒྱས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཚད་མེད་དགེ་བ་རྣམས་དང་ངོ་། །དེ་ནས་དགེ་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །བསམ་གཏན་བཞི་པ་ལ་ཡང་སྔ་མ་བཞིན་དུ་མདོ་བཅུ་སྟེ། སྐྱེ་བ་ལ་ནི་འབྲས་བུ་ཆེ་བ་རྣམས་

Vol. 144 · folio 276b

དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ནས་བསོད་ནམས་སྐྱེས་རྣམས་དང་ངོ་། །དེ་ནས་སྤྲིན་མེད་པ་རྣམས་དང་ངོ་། །དེ་ལྟར་ན་འདི་དག་ནི་བསམ་གཏན་བཞི་པའི་མདོ་བཅུའོ། །བསམ་གཏན་དག་གིས་བཅུ་ཚན་བཞི་བསྡུས་པ་ནི་དེ་དག་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ལ་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་སྐྱེ་བ་གཉིས་མ་གཏོགས་པ་མདོ་བདུན་སྔ་མ་བཞིན་དུ་བརྗོད་པར་བྱ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །རྣམ་ཤེས་མཐའ་

ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱང་དེ་དང་འདྲའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་དག་ཏུ་ནི་ས་གཞན་མེད་ཅིང་གོང་དུ་འཕོ་བ་ཡང་མེད་པས་མདོ་དྲུག་བརྗོད་པར་བྱའོ། །དེ་ལྟ་བས་ན་དེ་ཐམས་ཅད་ཀྱང་རྟོག་པ་ཙམ་དུ་ཟད་དོ། །ཀྱང་ཞེས་བྱ་བའི་སྒྲས་ནི་གཟུགས་

བརྙན་འབའ་ཞིག་ཏུ་མ་ཟད་དོ། །གལ་ཏེ་ཚེའི་ཚད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ན་ནི། དེ་ལྟ་ན་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་དུ་ཐལ་བར་འགྱུར་རོ། །འདི་ལྟར་

བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་དང་བྱང་གི་སྒྲ་མི་སྙན་པ་རྣམས་མ་གཏོགས་པའི་སེམས་ཅན་ཐམས་ཅད་ནི་ཕལ་ཆེར་ཚེ་མ་ཟད་པར་འཆི་སྟེ། སྒྲ་མི་སྙན་མ་གཏོགས་པར་འཆི་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ལུང་ལས་ཀྱང་སྲིད་པ་བར་མ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལ་

ནི། ལུང་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། ཀྱང་ཞེས་བྱ་བའི་སྒྲས་ནི་རིགས་པ་ལས་ཀྱང་ངོ་། །བདུད་སུན་འབྱིན་བྱེད་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་ཉན་ཐོས་མཁས་མགུ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ལ། དེའི་ཚེ་བདུད་སུན་འབྱིན་བྱེད་ཅེས་བྱ་བ་ཞིག་གིས་རྡོའི་ཚལ་པ་

ཞིག་གིས་དེའི་མགོ་བཅག་པར་གྱུར་ཏོ། །རང་གི་ལུས་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐད་ཅིག་དེ་ཉིད་ལའོ། །གལ་ཏེ་སྲིད་པ་བར་མ་ཡོད་ན་ནི་དེ་རང་གི་ལུས་ཁོ་ནས་མནར་མེད་པར་ལྟུང་བར་མི་རིགས་ཏེ། དེའི་རང་གི་ལུས་ནི་སྔར་གྱི་ལུས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་

Vol. 144 · folio 277a

ནི་གང་ལས་དེ་ཁོ་ན་རང་གི་ལུས་ཀྱིས་ཡིན་པར་འགྱུར་བ། དེ་ལ་གཞན་དག་པས་ཁྱད་ཅི་ཞིག་ཡོད་ཅེ་ན། ཁྱད་པར་ཡོད་དེ། དེ་ནི་གསོན་པོ་ཁོ་ནར་དམྱལ་བའི་མེ་དག་གིས་བསྐོར་རོ་ཞེས་ཤེས་པར་བྱ་བའི་ཕྱིར། རང་གི་ལུས་ཁོ་ནས་ཞེས་གསུངས་ཏེ། སྔར་གྱི་ལུས་ཁོ་ནས་

དམྱལ་བར་འགྲོ་བར་ནི་མི་རིགས་སོ། །ལས་ཤིན་ཏུ་དྲག་པོ་ཡོངས་སུ་རྫོགས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཞིང་དང་བསམ་པའི་ཁྱད་པར་དང་ལྡན་པའི་ཕྱིར་དང་། འཇུག་པ་རྙེད་པའི་ཕྱིར་ན་ཤིན་ཏུ་དྲག་པོ་རྣམས་སོ། །བསགས་པའི་ཕྱིར་རམ་རྣམ་པར་སྨིན་པ་ངེས་

པའི་ཕྱིར་ན་ཡོངས་སུ་རྫོགས་པ་རྣམས་སོ། །གསོན་པོ་ཁོ་ནར་དམྱལ་བའི་མེ་དག་གིས་བསྐོར་བ་དེའི་ཕྱིར་འདིའི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་དང་པོར་སྨིན་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ལ། སྲིད་པ་བར་མ་ཡོད་ན་སྙམ་དུ་བསམས་པའོ། །དེ་མ་ཐག་ཏུ་

དམྱལ་བ་དག་ཏུ་སྐྱེའོ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཞེས་འབྱུང་བས་སྲིད་པ་བར་མ་མེད་དོ་ཞེས་བྱ་བའོ། །འགྲོ་བ་གཞན་དུ་མི་འགྲོ་བར་ཞེས་བྱ་བ་ནི་ངས་འདི་ནི་སྐྱེ་བ་གཞན་འགོག་པ་ལྷུར་བྱེད་པ་ཡིན་གྱི། སྲིད་པ་བར་མ་འགོག་པ་ལྷུར་བྱེད་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །སྒྲ་ཇི་

བཞིན་དུ་བརྟག་ན་ནི་མཚམས་མེད་པ་དག་ལྔ་ཆར་བྱས་པ་ཁོ་ནས་དམྱལ་བར་འགྲོ་བ་ཡིན་ནོ་ཞེས་བྱ་བར་འགྱུར་གྱི། གཅིག་གམ་གཉིས་ཀྱིས་ནི་མ་ཡིན་ཏེ། ལྔ་ཞེས་སྒྲ་བརྗོད་པའི་ཕྱིར་ཏེ་གསུངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱས་མ་ཐག་ཏུ་ཡིན་གྱི་ཞེས་བྱ་བ་ལ། མཚམས་

མེད་པ་བྱས་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་གྱི། དུས་གཞན་གྱི་བར་དུ་གསོན་པོར་འདུག་ནས་ནི་མ་ཡིན་ཏེ། གང་གི་ཕྱིར་བྱས་ཤིང་བསགས་ནས་དམྱལ་བ་དག་ཏུ་སྐྱེའོ་ཞེས་སྒྲས་གསུངས་པའི་ཕྱིར་རོ། །སྲིད་པ་བར་མ་སྐྱེ་བ་ཉིད་ཡིན་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།

སྐྱེ་བ་ནི་རིས་མཐུན་པར་ཉེ་བར་སོན་པ་ཡིན་ལ། སྲིད་པ་བར་མ་ཡང་དེ་ལ་མངོན་དུ་ཕྱོགས་པ་ཡིན་པས་འཆི་བའི་མཇུག་ཐོགས་སུ་སྲིད་པ་བར་མ་ཁོ་ནས་དམྱལ་བ་དག་ཏུ་སྐྱེ་བ་ཡིན་གྱི་སྐྱེས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེས་པ་ཡིན་ནོ་ཞེས་སྨྲས་ན་ནི་སྲིད་པ་བར་

Vol. 144 · folio 277b

མ་མེད་པར་འགྱུར་བ་ཞིག་གོ། །བྲམ་ཟེ་ན་ཚོད་ཁྱེར་ཟིན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། འཆི་བའི་དྲུང་དུ་འདིའི་ན་ཚོད་ཁྱེར་བས་ན་ན་ཚོད་ཁྱེར་ཟིན་པའོ། །བྲམ་ཟེ་ཞེས་བྱ་བ་ནི་བོད་པ་སྟེ། བྲམ་ཟེ་འཁོགས་པ་འགའ་ཞིག་ལ་བོས་པའོ། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་པ་མ་ཡིན་ཞེས་བྱ་བ་ལ།

འདི་ནི་འདིར་སྲིད་པ་བར་མ་མེད་པའི་ཁུངས་ཡིན་ནོ། །ལམ་བརྒྱགས་ཀྱང་ནི་ཞེས་བྱ་བ་ལ། ཁྱོད་ལ་འཇིག་རྟེན་ཕ་རོལ་གྱི་ལམ་བརྒྱགས་ཀྱང་ཡོད་པ་མ་ཡིན་ཏེ། ཁྱོད་ལ་དགེ་བའི་ཚོགས་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །མི་དག་གི་ནང་ན་གནས་སུ་མེད་དོ་ཞེས་བྱ་བ་ནི་ཁྱོད་ན་བར་གྱུར་པ་ལ་མི་དག་གི་ནང་

གནས་སུ་མེད་དོ་ཞེས་བྱ་བ་ལ། འགྲོ་བ་ལ་གེགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འགྲོ་བ་མི་འགོག་པའི་ཕྱིར་ཏེ། ཐོགས་པར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལ་ཁྱོད་ཀྱིས་ཐལ་མ་ཐག་ཏུ་སྲིད་པ་བར་མ་ཡོད་པར་ཇི་སྐད་སྨྲས་པ་འདི་ནི་དགོངས་པ་ཡིན་གྱི། སྲིད་པ་བར་མ་མེད་དོ་ཞེས་ཁོ་བོ་

ཅག་གིས་འདོད་པ་འདི་ནི་དགོངས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། སློབ་དཔོན་གྱིས་བརྟག་པ་འདི་ཁྱོད་ལ་ཡང་མཚུངས་ཏེ་ཞེས་བྱ་བ་སྨོས་ཏེ། དྲི་བ་འདི་ཞེས་བྱ་བའི་དོན་ཏོ། །འདི་ལ་ཁྱོད་ཀྱི་སྲིད་པ་བར་མ་མེད་དོ་ཞེས་ཇི་སྐད་སྨྲས་པ་འདི་ནི་དགོངས་པ་ཡིན་གྱི། ཁོ་བོ་ཅག་གིས་

སྲིད་པ་བར་མ་ཡོད་དོ་ཞེས་ཇི་སྐད་སྨྲས་པ་འདི་ནི་དགོངས་པ་མ་ཡིན་ནོ་ཞེས་བྱ་བ་འདི་གོ་ག་ལས། དེ་ལྟ་བས་ན་གཉིས་ཀའི་ཕྱོགས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲིད་པ་བར་མ་ཡོད་དོ། །སྲིད་པ་བར་མ་མེད་དོ་ཞེས་བྱ་བ་གཉིས་ཀའི་ཕྱོགས་ལ་ཡང་ཁྱོད་དང་ཡང་ཇི་སྐད་བཤད་པའི་

མདོ་མི་འགལ་བའི་ཕྱིར་ཏེ། བདུད་སུན་འབྱིན་བྱེད་ཀྱི་མདོ་ལ་སོགས་པ་མི་འགལ་བའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཤེས་པར་བྱེད་པ་གཞན་དུ་ཤེས་པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁུངས་ཀྱི་དོན་ཤེས་པར་བྱེད་པ་གང་ལ་གཞན་དུ་ཤེས་པར་བྱེད་པ་མེད་

པའོ། །འདི་སྐད་བསྟན་པར་འགྱུར་ཏེ། ཚིགས་སུ་བཅད་པའམ་མདོ་གང་གི་དོན་རྣམ་པ་གཞན་དུ་བཀྲི་བར་མི་ནུས་པ་དེ་ནི་ཁུངས་ཡིན་ལ། གང་གི་དོན་རྣམ་པ་གཞན་དུ་ཡང་ཡིན་པར་མི་འགལ་བ་དེས་ནི་བརྗོད་མཁན་ཉིད་སེལ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་རིགས་པ་དང་ལུང་ལས་སྲིད་

Vol. 144 · folio 278a

པ་བར་མ་གྲུབ་པོ། །ཡང་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་དམྱལ་བ་ལ་སོགས་པར་འགྲོ་བ་ཐམས་ཅད་ཀྱི་སྲིད་པ་བར་མའི་ཤ་ཚུགས་གཅིག་མངོན་པར་འགྲུབ་བམ། འོན་ཏེ་ཤ་ཚུགས་ཐ་དད་པ་ཞིག་འབྱུང་ཞེས་རྣམ་པར་དཔྱད་པ་སྟེ། དེའི་ཕྱིར་དེ་ནི་

འཕེན་པ་གཅིག་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལས་ནི་རྣམ་པ་གཉིས་ཏེ། ཕན་པར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་དེ་དག་གི་ཡོངས་སུ་རྫོགས་པར་བྱེད་པ་ནི་དུ་མ་ཡིན་གྱི་འཕེན་པར་བྱེད་པ་ནི་གཅིག་ཡིན་ཏེ། དེའི་ཕྱིར་དེ་ནི་འཕེན་པ་གཅིག་པའི་ཕྱིར། སྔོན་

དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་བྱ་བ་སྨོས་སོ། །འདི་ལ་དུས་སྔ་མའི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་ལྟ་བུ་ཡོད་པས་ན་སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན་ཏེ། རྒྱ་ཡི་འབུར་བཞིན་ནོ། །སྔོན་གྱི་དུས་སྨོས་པ་ནི་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །མངལ་

ན་གནས་པ་རྣམས་ཁོ་ན་འཆི་ན་འགྲོ་བ་ལྔ་པའི་སྲིད་པ་བར་མ་མངོན་པར་འགྲུབ་སྟེ། འགྲོ་བ་ལྔར་འགྲོ་བའི་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མངལ་ན་གནས་པ་འཆི་བ་དེའི་དམྱལ་བའི་སྲིད་པ་བར་མས་མངལ་འཚིག་པར་འགྱུར་ཏེ། དམྱལ་བ་ནི་རབ་ཏུ་འབར་བ་ཡིན་ལ། སྲིད་པ་བར་མ་ཡང་དེའི་རང་

བཞིན་ཡིན་པའི་ཕྱིར་རོ། །ལྷག་པ་དག་ན་འཕྱན་པ་ན། །ཞེས་བྱ་བ་ལ། ལྷག་པ་དག་ནི་མེ་མར་མུར་ལ་སོགས་པའོ། །ཡང་ན་འབར་དུ་ཆུག་ན་ཡང་། །ཞེས་བྱ་བ་ནི་དམྱལ་བའི་སྲིད་པ་བར་མའོ། །མངལ་ན་ཕན་ཚུན་མི་རེག་པའི་ཕྱིར་དང་ཞེས་བྱ་བ་ལ། ལུས་དང་བ་ཉིད་ཀྱིས་སྲིད་པ་བར་མ་

རྣམས་ཕན་ཚུན་མི་རེག་པའི་ཕྱིར་དང་། ལས་ལ་རག་ལས་པའི་ཕྱིར་མི་ཚིག་གོ། །གཞན་དག་ནི་དམྱལ་བའི་མེ་ནི་ཉེས་པ་བྱས་པ་དག་ཁོ་ན་ལས་འབྱུང་བའི་ཕྱིར་སྐྱོན་འདི་མེད་དེ། མ་བསགས་ཤིང་ལས་ཀྱི་འབྲས་བུ་མ་ཐོབ་པ་དམྱལ་བའི་མེས་མི་ཚིག་གོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ་ཞེས་ཟེར་

རོ། །གང་གི་ཕྱིར་གཞོན་ནུ་ཐོར་བུ་ལྟ་བུ་མཚན་དང་དཔེ་བྱེད་དང་བཅས་པ་མའི་མངལ་དུ་འཇུག་པ་དེའི་ཕྱིར་དེས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དེ། ལྷན་ཅིག་སྐྱེས་པའི་འོད་ཡོངས་སུ་རྫོགས་པའི་ཕྱིར་རོ། །བྱེ་བ་ཕྲག་བརྒྱ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

Vol. 144 · folio 278b

ཁམས་སོ། །གླང་པོ་ཆེ་ཕྲུ་གུ་དཀར་པོ་ཞེས་བྱ་བ་ལ། གལ་ཏེ་སྲིད་པ་བར་མ་སྔོན་གྱི་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་ཅན་ཡིན་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་ཡུམ་གྱིས་གླང་པོ་ཆེའི་ཕྲུ་གུ་དེ་ལྟ་བུའི་རང་བཞིན་ཅན་གཟིགས་ཤེ་ན། དེ་ནི་མཚན་མ་ཙམ་དུ་ཟད་དོ་ཞེས་བྱ་བ་

འབྱུང་སྟེ། མཚན་མཁན་རྣམས་ལུང་སྟོན་པ་དང་རྗེས་སུ་མཐུན་པར་ཟད་དོ། །དུད་འགྲོའི་སྐྱེ་གནས་བཟློག་ནས་ཡུན་རིང་དུ་ལོན་པའི་ཕྱིར་ཞེས་བྱ་བ་ནི་བསྐལ་པ་བརྒྱ་ལུས་པ་ནས་ཏེ། དེ་ནས་བཟུང་ནས་དེའི་ངན་སོང་ཐམས་ཅད་ལོག་པ་ཡིན་ནོ། །དཔེར་ན་རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བ་ལ་ཇི་ལྟར་རྒྱལ་པོ་ཀྲྀ་

ཀཱིས་འབྱུང་བར་འགྱུར་བའི་དོན་གྱི་མཚན་མ་ཙམ་དུ་རྨི་ལམ་བཅུ་མཐོང་བ་ལྟ་བུའོ། །རྒྱལ་པོ་ཀྲྀ་ཀཱིས་ནུབ་གཅིག་ལ་རྨི་ལམ་བཅུ་རྨིས་པར་གྲག་སྟེ། འདི་ལྟ་སྟེ་གླང་པོ་ཆེ་སྐར་ཁུང་ནས་བྱུང་ནས་མཇུག་མ་ཐོགས་པ་དང་། ཁྲོན་པ་ཆུ་ཤིན་ཏུ་དང་ཞིང་ཞིམ་ལ་མ་རྙོགས་ཤིང་མ་གཡོགས་པ་ཞིག་མ་

འཐུངས་པ་ཁོ་ནར་སྐམས་པ་དང་། ཙན་དན་གོ་ཤིཪྵ་དང་ཨེ་རཎྜའི་བུད་ཤིང་བརྗེ་བ་དང་། མུ་ཏིག་བྲེ་གང་ཕྱེ་བྲེ་གང་དུ་འཚོང་བ་དང་། སྐྱེ་བོའི་ཚོགས་ཆེན་པོས་སྤྲེའུ་དང་དབང་བསྐུར་བ་དང་། སྐྱེས་བུ་མི་གཙང་བས་གོས་པ་ཞིག་གཞན་དག་ལ་ཡང་བསྒོ་བ་དང་། གླང་པོ་ཆེའི་ཕྲུ་གུས་གླང་པོ་ཆེ་ཆེན་

པོ་ཟིལ་གྱིས་གནོན་པ་དང་། ལྷའི་ཚལ་ནས་མེ་ཏོག་ལ་སོགས་པ་ཁྱེར་བ་དང་། དགའ་སྟོན་ཆེན་པོ་དོར་བ་དང་། སྐྱེས་བུ་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་དྲངས་ཀྱང་མི་འདྲལ་བར་མཐོང་ལ། མཐོང་ནས་ཀྱང་སྐྲག་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་གསོལ་པ་དང་། བཅོམ་

ལྡན་འདས་དེས་དབུགས་འབྱིན་པར་མཛད་ཅིང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག་འདི་དག་ཁྱོད་ཀྱི་འཆི་ལྟས་སྟོན་པར་བྱེད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་

ཞིག་འབྱུང་སྟེ། དེའི་གསུང་རབ་ཉམས་པར་འགྱུར་བའི་མཚན་མར་གྱུར་པ་ཞིག་གོ། །དཔེར་ན་ཇི་ལྟ་ཞེ་ན། དེའི་ཉན་ཐོས་ཆེན་པོ་ལོངས་སྤྱོད་སྤངས་ཤིང་རབ་ཏུ་བྱུང་ནས་སློང་མོ་གཟར་བུ་གང་བྱིན་པ་ཙམ་གྱིས་རྙེད་པ་བཀུར་སྟི་ལ་ལྟོས་པར་སྐྱེད་དེ། གླང་པོ་ཆེ་སྐར་ཁུང་ལ་མཇུག་མ་ཐོགས་པ་

Vol. 144 · folio 279a

ལྟར་ཚུལ་མ་ཡིན་པས་ཉོན་མོངས་པར་འགྱུར་ཞིང་ལེགས་པའི་དོན་ལ་མི་རྩོལ་བར་འགྱུར། ཁྲོན་པ་ཆུ་མ་འཐུངས་པར་སྐམས་པ་ལྟར་ཆོས་སྨྲ་བ་ཆོས་སྟོན་པ་ལ་འགའ་ཡང་ཉན་པར་མི་འགྱུར། གོ་ཤིཪྵ་དང་འདྲ་བའི་གཙུག་ལག་དང་དམ་པ་མ་ཡིན་པའི་བསྟན་བཅོས་

དག་བརྗེ་བར་འགྱུར། ཟང་ཟིང་གི་ཕྱིར་མུ་ཏིག་བྲེ་གང་ལྟ་བུའི་ཆོས་སྟོན་པར་འགྱུར། སྤྲེའུ་ལྟ་བུའི་ཚུལ་ཁྲིམས་འཆལ་པ་ལ་མདུན་གྱིས་འདར་བར་འགྱུར། ཚུལ་ཁྲིམས་འཆལ་པ་ལ་བརྩད་དང་མི་གཙང་བས་གོས་པ་ལྟར་བདག་ཁོ་ནར་མ་ཟད་དོ་ཞེས་དད་པ་དང་ལྡན་པ་གཞན་དག་ལ་ཡང་

སྐུར་བར་འགྱུར། གླང་པོ་ཆེའི་ཕྲུ་གུ་དང་འདྲ་བའི་གསར་བུས་གླང་པོ་ཆེ་ཆེན་པོ་དང་འདྲ་བའི་རྒན་པོ་རྣམས་ལ་སྤྱོ་བར་འགྱུར། །དགེ་འདུན་ནམ་མཆོད་རྟེན་གྱི་མེ་ཏོག་དང་འབྲས་བུ་ལ་སོགས་པ་བླངས་ཏེ་ཁྱིམ་པ་དག་ལ་སྟེར་བར་འགྱུར། དགའ་སྟོན་ཆེན་པོ་དང་འདྲ་བའི་སོ་སོར་ཐར་པའི་མདོ་འདོན་པ་

ལ་འདུས་ནས་རྩོད་པ་སྨྲ་བར་འགྱུར། བསྟན་པ་རྣམ་པ་བཅོ་བརྒྱད་དུ་འགྱེས་པར་འགྱུར། དེ་དག་ཀྱང་རས་ཡུག་ལྟ་བུའི་རྣམ་པར་གྲོལ་བའི་རས་ཡུག་འདྲེན་ཅིང་། དེ་གཞན་ཉིད་དུ་ཡང་མི་འགྱུར་རོ། །བསྡུ་བའི་ཚིགས་སུ་བཅད་པ་ནི། །གླང་ཆེན་ཁྲོན་པ་གོ་ཤིཪྵ། །སྤྲེའུ་དང་མུ་ཏིག་བྲེ་གང་དང་། །ལུས་ཆེན་བ་གླང་ཕྲུ་གུ་དང་། །

འབྲས་བུ་མེ་ཏོག་དགའ་སྟོན་དང་། །རས་ཡུག་བཅོ་བརྒྱད་འདྲེན་པ་སྟེ། །ཀྲྀ་ཀཱིའི་རྨི་ལམ་བསྡུས་པའོ། །ཞེས་བྱ་བའོ། །སྲིད་པ་བར་མ་ནི་ལྟོ་བརྟོལ་ཏེ་འཇུག་པ་མ་ཡིན་གྱི་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། ལས་ཀྱི་ལྟོ་བ་འཛིན་པར་བྱེད་པ་དེའི་ཕྱིར་སྐྱེ་གནས་ཀྱི་སྒོ་ནས་འཇུག་གོ། །གཟུགས་ན་སྤྱོད་པ་

ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོག་མིན་ན་ལུས་ཀྱི་ཚད་དཔག་ཚད་ཁྲི་དྲུག་སྟོང་པ་རྣམས་འཛམ་བུའི་གླིང་དུ་མངོན་པར་འགྲུབ་པའི་གོ་སྐབས་ཡོད་པར་མི་འགྱུར་རོ་ཞེ་ན། ནམ་མཁའ་ཡངས་པའི་ཕྱིར་དང་། རྟེན་ནོར་བུའི་འོད་ལ་སོགས་པའི་སྣང་བ་དང་འདྲ་བས་འགར་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ངོ་ཚ་

ཤེས་པ་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ལ་ནི་ངོ་ཚ་ཤེས་པ་ཤས་མང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཡང་གོས་དང་བཅས་པ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེ་བའི་ཕྱིར་གཟུགས་ཀྱི་ཁམས་ཀྱི་སྲིད་པ་བར་མ་བཞིན་ནོ། །དགེ་སློང་མ་དཀར་མོའི་ཡང་གོས་དང་བཅས་པ་ཡིན་ཏེ། །དགེ་འདུན་ལ་ཆོས་གོས་

Vol. 144 · folio 279b

ཕུལ་བའི་སྨོན་ལམ་གྱི་དབང་གིས་དེའི་གདུང་ལ་བཀུར་སྟི་བྱ་བའི་ཕྱིར་མཆོད་རྟེན་བཞེངས་པ་ཡང་དཀྲིས་པ་ཉིད་དུ་འགྱུར་བ་ཡིན་ནོ། །ཡང་སྲིད་པ་སྔ་མ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །སྲིད་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཡིན་པས། སྲིད་པ་ཞེས་བྱ་བ་ནི་བྱེ་བྲག་མེད་

པར། ཉེ་བར་ལེན་པའི་ཕུང་པོ་ལྔ་དག་གོ་ཞེས་བྱ་བ་སྨོས་ཏེ། འདིར་ནི་སེམས་ཅན་ཞེས་བྱ་བ་ཁོ་ན་གཟུང་ངོ་། །དེ་ནི་རྣམ་པ་བཞིར་དབྱེ་སྟེ་ཞེས་བྱ་བ་ལ། དེ་ནི་གཅིག་ཁོ་ན་ཡིན་མོད་ཀྱི་སྐྱེ་བ་དང་། གནས་སྐབས་ཀྱི་བྱེ་བྲག་གིས་རྣམ་པ་བཞིར་དབྱེའོ། །སྐྱེ་བའི་སྲིད་པ་ནི་འགྲོ་བ་རྣམས་སུ་ཉིང་

མཚམས་སྦྱོར་བའི་སྐད་ཅིག་མའོ། །དེ་ཕན་ཆད་འཆི་བའི་སྲིད་པ་མ་གཏོགས་པ་སྲིད་པ་གཞན་ནི་དུས་སྔ་མའི་སྲིད་པ་ཡིན་ནོ། །གང་གི་འོག་ཏུ་སྲིད་པ་བར་མ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ། གཟུགས་མེད་པའི་ཁམས་སུ་སྐྱེ་བའི་ཇི་ལྟར་ཡིན་ཞེ་ན། གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་

དུ་སྐྱེ་ན་ཞེས་བྱ་བ་སྨོས་ཏེ། གཟུགས་ཅན་སྨོས་པས་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་སེམས་ཅན་གཟུང་ངོ་། །གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལ་ནི་ཚུལ་འདི་ཡོད་པ་མ་ཡིན་ཏེ། དེ་ན་སྲིད་པ་བར་མ་མེད་པའི་ཕྱིར་རོ། །སྲིད་པ་བར་མ་དེ་ཡང་ལུང་དང་རིགས་པའི་ཡུལ་ཡིན་པ་འབའ་ཞིག་ཏུ་མ་

ཟད་དེ། འོ་ན་ཅི་ཞེ་ན། རིས་མཐུན་ལྷ་མིག་དག་པས་མཐོང་། །རིས་མཐུན་པས་བལྟ་བར་བྱ་བ་ཡིན་ཞིང་། ལྷ་མིག་དག་པས་བལྟ་བར་བྱ་བ་ཡིན་ནོ། །རིས་མཐུན་པའི་སྲིད་པ་བར་མ་དག་གིས་མཐོང་ངོ་ཞེས་བྱ་བ་ལ། དམྱལ་བའི་སྲིད་པ་བར་མ་ནི་དམྱལ་བའི་སྲིད་པ་བར་མ་ཁོ་ནས་མཐོང་གི །

གཞན་གྱི་སྲིད་པ་བར་མ་དག་གིས་ནི་མ་ཡིན་ཏེ། གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །གང་དག་ལ་ལྷའི་མིག་རྣམ་པར་དག་པ་མངོན་པར་ཤེས་པ་ལས་བྱུང་བ་ཡོད་པ་དེ་དག་གིས་ཀྱང་འདི་མཐོང་ངོ་། །སྐྱེས་ནས་ཐོབ་པ་དགག་པའི་ཕྱིར་མངོན་པར་ཤེས་པ་ལས་བྱུང་བ་ཞེས་

བྱ་བ་སྨོས་ཏེ། མངོན་པར་ཤེས་པའི་རང་བཞིན་དང་། བསྒོམས་པའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །ལྷའི་མིག་སྐྱེས་ནས་ཐོབ་པས་ཀྱང་མི་མཐོང་ངོ་། །དེ་ཉིད་ལ་རྒྱུ་སྨོས་པ་ནི་ཤིན་ཏུ་དང་བའི་ཕྱིར་ཞེས་བྱ་སྟེ། སྐྱེས་ནས་ཐོབ་པའི་མིག་གི་ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །

Vol. 144 · folio 280a

གཞན་དག་ན་རེ་ལྷའི་སྲིད་པ་བར་མ་བས་ཐམས་ཅད་མཐོང་ངོ་ཞེས་བྱ་བ་ནི། དེའི་མིག་ནི་འགྲོ་བ་དང་འདྲ་བར་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དབང་པོ་ཀུན་ཚང་ཞེས་བྱ་བ་ལ། སྔོན་གྱི་དུས་ཀྱི་སྲིད་པའི་ཤ་ཚུགས་ཅན་ཡིན་ཡང་།

རྣམ་པར་སྨིན་པའི་སྙིང་པོ་དང་ཡིན་པའི་ཕྱིར་དང་། སྲིད་པ་ཚོལ་བ་ཡིན་པའི་ཕྱིར་དབང་པོ་མ་ཚང་བ་མེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྣ་མེད་པ་དང་མིག་མེད་པ་སྐྱེ་བ་ཉིད་དུ་མི་འགྱུར་རོ། །འགྲོ་བ་གང་དང་། ཁམས་དང་གནས་གང་དུ་སྐྱེ་བར་འགྱུར་བ་ནི་དེ་ལས་རྣམ་པ་ཐམས་ཅད་དུ་བཟློག་ཏུ་མེད་དོ། །མིའི་

སྲིད་པ་བར་མ་མེད་པར་གྱུར་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁམས་དང་གནས་དག་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །འདི་འགྲོ་བ་གང་གི་དབང་དུ་བྱས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། འགྲོ་བ་དང་སྲིད་པ་བར་མ་ལས་གཅིག་གིས་འཕངས་པའི་ཕྱིར་དང་། འགྲོ་བ་

འདིར་ཕྱིན་པར་བྱ་བའི་ཕྱིར་འགྲུབ་པའི་ཕྱིར་རོ། །ཡང་ཅི་འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཡང་ཞེས་བྱ་བ་ལ་སོགས་པ་ལ། འདོད་པ་ན་སྤྱོད་པ་སྨོས་པ་ནི་གཟུགས་ན་སྤྱོད་པའི་སྲིད་པ་བར་མ་བསལ་བར་བྱ་བའི་ཕྱིར་རོ། །དེ་ནི་ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་ཡིན་ཏེ། དེའི་ཟས་ནི་རྣམ་པར་ཤེས་

པ་དང་ཡིད་ལ་སེམས་པ་དང་རེག་པ་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །དེ་ཉིད་ཀྱི་ཕྱིར་དྲི་ཟ་ཞེས་བྱའོ། །གང་གི་ཕྱིར་དེ་ལྟར་དྲི་ཟ་བ་ཡིན་པ་དེའི་ཕྱིར་དྲི་ཟའོ། །དབང་ཆུང་བར་གྲགས་པ་ཞེས་བྱ་བ་ནི་མི་རིགས་པ་སྟེ། དམན་པའི་རིགས་ཅན་ཞེས་བྱ་བའི་དོན་ཏོ། །དབང་ཆུང་བ་ནི་དབང་ཐང་ཆུང་བའོ། །

དབང་ཆུང་བ་ཞེས་བྱ་བར་གྲགས་པ་གང་ལ་ཡོད་པ་དེ་ནི་དབང་ཆུང་བར་གྲགས་པ་ཡིན་ནོ། །དབང་ཆེ་བ་ནི་དབང་ཐང་ཆེ་བ་སྟེ། དབང་ཆེ་བ་ཞེས་བྱ་བར་གྲགས་པ་གང་ལ་ཡོད་པ་དེ་ནི་དབང་ཆེ་བར་གྲགས་པ་ཡིན་ནོ། །བཙུན་པ་ན་རེ་ངེས་པ་མེད་དེ་ཞེས་བྱ་བ་ལ། བཙུན་པ་ནི་དཔེས་སྟོན་པའི་

སྡེ་པ་ཆོས་སྐྱོབ་པོ། །ཇི་སྲིད་དུ་སྐྱེ་བའི་ཚོགས་པ་མ་རྙེད་པ་དེ་སྲིད་ཀྱི་བར་དུ་གནས་སོ་ཞེས་བྱ་བ་འདི་ལ་རྒྱུ་སྨྲས་པ་ནི་དེའི་ཚེའི་འཕེན་པ་ལོགས་ཤིག་ན་མེད་དེ་ཞེས་བྱ་བའོ། །ཡང་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། རིས་མཐུན་པ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དུས་སྔ་མའི་སྲིད་

Vol. 144 · folio 280b

པ་གང་ཡིན་པ་དང་སྲིད་པ་བར་མ་གང་ཡིན་པ་དེ་དག་ཐོབ་པར་བྱེད་པའི་རིས་མཐུན་པ་དེ་ནི་གཅིག་པ་ཉིད་དོ། །ཚེའི་ལས་གང་གིས་དུས་སྔ་མའི་སྲིད་པའི་ཚེ་འཕེན་པ་དེ་ཉིད་ཀྱིས་སྲིད་པ་བར་མའི་ཡིན་ཏེ། སྲིད་པ་ཚོལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་རིས་མཐུན་

པ་ཐ་དད་པ་འམ་ཚེའི་ལས་ཀྱིས་ཚེ་ལོགས་ཤིག་ཏུ་འཕེན་པར་འགྱུར་ན་ནི་དེ་ལྟ་ཡིན་དང་སྲིད་པ་བར་མ་དོའི་ཚེ་ཟད་པས་འཆི་བའི་སྲིད་པར་ཡང་འགྱུར་ཏེ། དཔེར་ན་དུས་སྔ་མའི་སྲིད་པའི་ཚེ་ཟད་པས་འཆི་བའི་སྲིད་པར་འགྱུར་བ་བཞིན་ནོ། །དེའི་ཕྱིར་ངེས་པ་མེད་དོ། །གལ་ཏེ་ཤའི་ཕུང་པོ་རི་རབ་ཙམ་དུ་ཞེས་

བྱ་བ་ནི་སློབ་དཔོན་ཉིད་འདྲི་བར་མཛད་པའོ། །གཞན་དག་ན་རེ་ནི་འདི་ལ་རྒྱུ་མེད་པར་སྨྲ་བའི་ཚིག་གི་གླགས་ཡོད་པ་དེའི་ཕྱིར་དེས་སྨྲས་སོ་ཞེའོ། །དེ་དག་དྲི་དེ་ཚོར་ཞིང་དེ་དང་ལྷན་ཅིག་རྒྱུ་བའི་རོ་མྱོང་བ་དྲན་ནས་དེ་དག་ལ་ཆགས་པ་སྐྱེས་པར་བྱེད་པ་དེའི་ཕྱིར་དྲི་དང་རོ་ལ་མངོན་པར་ཆགས་པ་ཞེས་བྱ་བ་

སྨོས་སོ། །སད་པར་བྱས་ནས་སྲེད་པ་དེས་ཞེས་བྱ་བ་ནི་དྲི་དང་རོའི་སྲེད་པས་རྣམ་པར་སྨིན་པ་ལ་མངོན་དུ་ཕྱོགས་པར་བྱས་ནས་སྲིད་པ་བར་མའི་རྒྱུན་གྱིས་སྲིན་བུའི་ནང་དག་ཏུ་སྐྱེ་བར་འགྱུར་རོ། །དེའི་རྐྱེན་མང་པོ་ཞེས་བྱ་བ་ནི་སྲིན་བུའི་ངོ་བོའི་རྐྱེན་མང་པོའི་ཚེ་སྟེ། ཚོགས་ཤིང་དུས་ལ་བབ་པ་ན། །

འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །གཞན་དུ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་མང་པོ་མ་ཡིན་པའི་དུས་སོ། །གཞན་དུ་ནི་མ་ཡིན་པ་ལྟ་བུའོ་ཞེས་བྱ་བ་ནི་ཚེ་ཐུང་བ་མ་ཡིན་པ་སྟེ། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་མཆི། །ཞེས་འབྱུང་བའི་ཕྱིར་རོ། །

དེ་ཉིད་ཀྱི་ཕྱིར་ན་གང་གི་ཕྱིར་འཁོར་ལོས་སྒྱུར་བ་ལ་སོགས་པར་འགྱུར་བའི་ལས་དག་ཡོད་དུ་ཟིན་ཀྱང་། །རེས་འགའ་ཞིག་ཁོ་ན་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱ་བ་ལ། འཇུག་པར་རྙེད་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་དུ་ཞེས་བྱ་བ་ནི་སྲིད་པ་བར་མ་དོར་རོ། །སྲིད་པ་ཚོལ་བ་ཡིན་པའི་ཕྱིར་ཞེས་

བྱ་བ་ལ། དེ་ནི་སྐྱེ་བའི་དགོས་པ་ཅན་ཡིན་པའི་ཕྱིར་སྲིད་པ་དོན་དུ་གཉེར་བར་བྱེད་དོ། །མྱུར་བ་ཁོ་ནར་སོང་སྟེ། འགྲོ་བའི་ཡུལ་དུ་སྐྱེ་སྟེ། དེ་ལྟ་མ་ཡིན་ན་གང་ཞིག་ཟླ་བའམ་ཞག་བཅུར་སོན་པ་སྟེ། གལ་ཏེ་དུས་དེ་སྲིད་ཀྱིས་ཚོགས་པ་མ་རྙེད་ན་སྲིད་པ་བར་མ་ཁོ་ནར་དེ་ལ་དུས་སྔ་མའི་སྲིད་པ་དང་འཆི་བའི་སྲིད་པ་དག་

Vol. 144 · folio 281a

ཡོད་པར་འགྱུར་རོ། །དེའི་ཚེ་ལས་རྣམས་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། བ་ལང་དང་རྟ་དང་རྔ་མོ་ལ་སོགས་པ་རྣམས་རབ་ཏུ་གྲགས་པའི་འཁྲིག་པའི་དུས་ལས་འདས་ནས་དུས་གཞན་དུ་ཡང་དེའི་དབང་གིས་འཁྲིག་པར་འགྱུར་ཏེ།

གང་ཞིག་ཡུལ་དང་དུས་དང་རིགས་ངེས་པར་སྐྱེ་བ་དེའི་ནི་དེ་ལྟར་རིག་པར་བྱའོ། །འོན་ཏེ་མ་ངེས་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དུས་དང་སྐྱེ་བ་ངེས་པས་ཡུལ་མ་ངེས་པར་འཕེན་པ་དེ་ནི་དེ་ལས་གཞན་པའི་ཡུལ་དང་སྐྱེ་བ་དེར་སྐྱེའོ། །གཞན་དག་ན་རེ་འདྲ་བ་སྐྱེ་བར་འགྱུར་ཏེ།

སྐྱེ་བ་དེ་དང་ཡུལ་དེར་སྐྱེ་བ་མ་ངེས་ན་ནི་དེའི་ཕྱིར་དེ་དང་འདྲ་བའི་སྐྱེ་བར་སྐྱེའོ་ཞེས་ཟེར་རོ། །ཇི་ལྟ་ཞེ་ན། དུས་གཞན་ན་བ་ལང་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་བ་མེན་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་ལ་སོགས་པ་འབྱུང་ངོ་། །ལས་ཀྱི་འཕེན་པ་གཅིག་པའི་ཕྱིར། །ཞེས་བྱ་བ་ལ།

ལས་གང་གིས་བ་གླང་ལ་སོགས་པའི་རིས་མཐུན་པ་འཕེན་པའི་ལས་དེ་ཉིད་ཀྱིས་དེའི་སྲིད་པ་བར་མ་འཕེན་པས་ཇི་ལྟར་རིས་མཐུན་པ་གཞན་གྱིས་སྲིད་པ་བར་མས་རིས་མཐུན་པ་གཞན་དུ་སྐྱེད་པར་ནུས་ཏེ། དེ་ནི་བརྗེད་པར་བྱ་བ་མ་ཡིན་ནོ། །གཞན་དག་ན་རེ་ནི་མི་བཟློགས་ཞེས་བྱ་བ་འདི་དང་

འགལ་བར་སྟོན་ཏོ་ཞེས་ཟེར་རོ། །བློ་ནི་ཕྱིན་ཅི་ལོག་གྱུར་པས་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་ཞེ་སྡང་དག་གིས་ཏེ། འདི་ལྟར་མ་ལ་འཁྲིག་པའི་འདོད་ཆགས་ཀུན་དུ་སྤྱོད་པའི་ཕྱིར་བློ་ཕྱིན་ཅི་ལོག་པ་ཡིན་ལ། ཕ་ལ་ཞེ་སྡང་ཀུན་དུ་སྤྱོད་པའི་ཕྱིར་རོ། །ཡང་ན་ནི་བཟློག་པའོ། །ཕ་མ་ཞེས་བྱ་བ་ལ།

ཕ་དང་མ་ནི་ཕ་མ་སྟེ། ཕ་མ་དེ་གཉིས་སོ། །ཉལ་པོ་བྱེད་པ་ནི་འཁྲིག་པའི་ཆོས་ལྷག་པར་སྤྱོད་པའོ། །ཕོའི་འདོད་ཆགས་ནི་ཕོའི་འོ། །མོའི་ཡང་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར། བུ་ནི་ལྷག་པར་མའི་ཕྱོགས་འཛིན་ལ། བུ་མོ་ནི་ཕའི་འོ། །གནས་སྐབས་དེར་ཞེས་བྱ་བ་ལ་ཕོའི་ཉལ་པོ་ལ་ནི་ཕའི་གནས་

སྐབས་སུའོ། །མོའི་ཉལ་པོ་ལ་ནི་མའི་གནས་སྐབས་སུའོ། །འདིར་སྨྲས་པ། འདི་ནི་རང་གི་རིགས་སུ་མངལ་སྐྱེས་སམ། །གལ་ཏེ་སྒོ་ང་ལས་སྐྱེས་འབྱུང་འགྱུར་ན། །དེ་ཡི་དུས་སུ་མ་དེ་དང་ནི་ཕ། །སྦྱོར་བ་མཐོང་ནས་དྲེགས་པས་རབ་དགར་འགྱུར། །རྩེ་དགས་དེ་དག་དྲུང་རྒྱུག་ཕ་ཡིས་ནི། །

Vol. 144 · folio 281b

ཁུ་ཆུ་དེ་མཐོང་ཀུན་དུ་རྨོངས་པ་ཡིས། །བདག་ཉིད་ཇི་བཞིན་དེ་ལ་ཆགས་འགྱུར་ཏེ། །མོ་ན་མོ་བཞིན་ཕོ་ན་ཕོ་བཞིན་ནོ། །མི་གཙང་བ་དེར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་གཙང་བ་ནི་ཁུ་ཁྲག་གོ། །མངལ་གྱི་གནས་ནི་ཕོ་བ་དང་ལོང་ཀ་དང་གཉིས་ཀྱི་བར་རོ། །ཁུ་ཆུ་དང་ཁྲག་འདི་

ནི་བདག་གི་ཡིན་ནོ་སྙམ་སྟེ་དགའ་བ་སྐྱེས་ནས་མའི་མངལ་དུ་ཞུགས་ཏེ་ཁུ་ཆུ་དང་ཁྲག་ཐིགས་པ་གཅིག་གཉིས་ཀྱིས་ནུར་ནུར་པོར་གནས་ཏེ། འདབ་ཆགས་སུ་གནས་ཞེས་བྱ་བའི་དོན་ཏོ། །དེ་ནས་འདབ་ཆགས་སུ་གནས་པ་དེའི་ཕུང་པོ་མཁྲང་བར་གྱུར་པ་ཞེས་བྱ་བ་ནི་རགས་པར་འགྱུར་

བ་སྟེ། ནུར་ནུར་པོའི་ལུས་ཡིན་པའི་ཕྱིར་རོ། །སྲིད་པ་བར་མ་པའི་ཤིན་ཏུ་དང་བ་དག་ནི་འགག་པར་འགྱུར་ཏེ། འདིར་སྐྱེ་བ་དང་འགག་པ་ནི་ས་བོན་དང་མྱུ་གུ་དང་འདྲ་བར་བལྟ་བར་བྱ་བའོ། །རྒྱབ་རོལ་དུ་བལྟས་ཏེ་ཙོག་ཙོག་པོར་ཞེས་བྱ་བ་ནི། བདག་ཉིད་ལ་ཕའི་སྤྱོད་ལམ་ལྷག་པར་

མོས་པའི་ཕྱིར་རོ། །དེ་བཞིན་དུ་ལྟོ་རོལ་དུ་ཁ་ལྟའོ་ཞེས་བྱ་བ་ཡང་བདག་ཉིད་ལ་མའི་གནས་སྐབས་སུ་ལྷག་པར་མོས་པའི་ཕྱིར་དེ་ལྟར་སྐྱེ་སྟེ། གཡོན་ཕྱོགས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་ལྟོའི་གཡོན་ཕྱོགས་སུ་སྙེས་སོ། །ཕྱིས་ལུས་སྐྱེ་ཞིང་ཞེས་བྱ་བ་ནི་རྒྱས་པ་དང་འཕེལ་ཞིང་ཞེས་བྱ་བའི་དོན་ཏོ། །

དེ་དག་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་ཁུ་ཆུ་དང་ཁྲག་གི་འབྱུང་བ་དག་ཁོ་ནའོ། །ཇི་ལྟ་ཞེ་ན། ཁུ་ཆུ་དང་ཁྲག་དབང་པོ་མེད་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བའི་ཚུལ་དུ་ཞེས་བྱ་བ་ལ། སྐད་ཅིག་མ་གཅིག་ཁོ་ན་ལས་ས་བོན་འགག་ཅིང་མྱུ་གུ་སྐྱེ་སྟེ། ཇི་ལྟར་སྲང་མདའ་གཉིས་ཅིག་ཅར་མཐོན་དམན་དུ་

འགྱུར་བ་དེ་བཞིན་དུ་ཅིག་ཅར་འགག་པ་དང་སྐྱེ་བར་འགྱུར་རོ། །ནུར་ནུར་པོ་ཞེས་བྱ་བ་གང་ཡིན་པ་ཞེས་བྱ་བ་ནི་ཁུ་ཆུ་དང་ཁྲག་གི་མཇུག་ཐོགས་སུ། དང་པོ་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་སྐྱེ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དུར་ཁྲོད་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ་དུར་ཁྲོད་ནི་དུར་

ཁྲོད་དེ། ཡང་དང་ཡང་དུ་ཤི་བས་འཕེལ་བར་བྱས་པའོ། །ཁྲག་གི་ཐིགས་པ་བླངས་སོ་ཞེས་བྱ་བ་འདི་ནི་འདིའི་དཔེར་བརྗོད་པ་སྟེ། ལུས་ཀྱི་དབང་པོ་ལ་སོགས་པའི་ངོ་བོར་གྱུར་པའི་ཕྱིར་རོ། །མདོའི་ཚིག་ཅེས་བྱ་བ་ནི་དགེ་སློང་དག་གཟེབ་ཅེས་བྱ་བ་ནི་ལུས་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞི་

Vol. 144 · folio 282a

ལས་བྱུང་བ། ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་འབྲས་ཆན་དང་ཟན་དྲོན་གྱིས་རྒྱས་པར་བྱས་པ་འདིའི་ཚིག་བླ་དགས་སོ་ཞེས་རྒྱས་པར་འབྱུང་བའོ། །གཞན་དག་ན་རེ་འབྱུང་བ་གཞན་དག་ཁོ་ན་ཡིན་ཏེ་ཞེས་བྱ་བ་ལ། སྲིད་པ་བར་མ་མི་འབྱུང་བ་ནུར་ནུར་པོའི་

འབྱུང་བ་དང་འབྲེལ་པ་དག་ནི་ནུར་ནུར་པོ་དང་ལྷན་ཅིག་འགག་ལ། དེ་དག་ཀྱང་འགག་པ་ན་ལྷན་ཅིག་བྱེད་པའི་རྐྱེན་གཞན་ནུར་ནུར་པོ་ལ་བརྟེན་ནས་སྔར་གྱི་འབྱུང་བ་དང་མཚན་ཉིད་མི་མཐུན་པའི་འབྱུང་བ་གཞན་དབང་པོ་དང་བཅས་པ་དག་གི་རྒྱུར་འགྱུར་རོ། །དཔེར་ན་ལོ་མའི་སྲིན་བུ་ལྟ་བུ་ཡིན་ལ་

ཞེས་བྱ་བ་ལ། ལོ་མའི་འབྱུང་བ་དག་ལ་བརྟེན་ནས་ལས་རྣམས་ལས་འབྱུང་བ་དག་སྐྱེ་བ་དེ་དག་དབང་པོའི་རྟེན་གྱི་ངོ་བོར་འགྱུར་གྱི། ལོ་མའི་འབྱུང་བ་ཆེན་པོ་དག་ནི་སྲིན་བུའི་རྟེན་མ་ཡིན་ནོ། །ག་ལས་ཤེ་ན། ལོ་མ་དུམ་བུ་རེ་རེ་ནས་མ་དམིགས་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཕ་དང་མའི་མི་

གཙང་བ་ནུར་ནུར་པོ་ལས་འབྱུང་བ་ཞེས་བྱ་བའི་མདོ་དང་འགལ་ལོ་ཞེ་ན། དེའི་ལན་དུ་མི་གཙང་བ་ལ་བརྟེན་ནས་སྐྱེ་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཁུ་ཆུ་དང་ཁྲག་ལ་བརྟེན་ནས་དེ་དག་གིས་དབང་པོའི་འབྱུང་བ་ཆེན་པོ་རྣམས་སྐྱེའོ་ཞེས་བྱ་བ་འདི་ལ་དགོངས་ཤིང་

བསམས་ནས་ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་འབྱུང་བ་ཞེས་གསུངས་པའི་ཕྱིར་མདོ་དང་འགལ་བ་མེད་དེ། དཔེར་ན་ལོ་མ་ལ་བརྟེན་ནས་སྐྱེས་པའི་སྲིན་བུ་ལོ་མའི་སྲིན་བུ་ཡིན་པ་དེ་བཞིན་དུ། ཕ་དང་མའི་མི་གཙང་བ་ལ་བརྟེན་ནས་སྐྱེས་པའི་ནུར་ནུར་པོ་ཡང་ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ཡིན་

ནོ། །རེ་ཞིག་འདོད་པའི་ཁམས་སུ་སྒོ་ང་ལས་སྐྱེ་བ་དང་མངལ་ལས་སྐྱེ་བའི་སྐྱེ་གནས་སུ་འཇུག་པ་ནི་དེ་ལྟ་བུའོ། །གཞན་ལ་ཞེས་བྱ་བ་ནི་དྲོད་གཤེར་ལས་སྐྱེ་བ་དང་རྫུས་ཏེ་སྐྱེ་བའི་སྐྱེ་གནས་དག་ལའོ། །ཅི་རིགས་པར་ཞེས་བྱ་བ་ནི། དྲི་དང་གནས་ལ་མངོན་འདོད་གཞན། །ཞེས་བྱ་བ་

སྟེ། འགྲོ་བའི་ཡུལ་དུ་འགྲོའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་དམྱལ་བ་དག་ཏུ་གནས་འདོད་ཅེ་ན་ཞེས་བྱ་བ་ནི་དམྱལ་བ་དག་འཇིགས་པའི་གནས་ཡིན་པའི་ཕྱིར་འདྲི་བའོ། །སྔོན་གྱི་སློབ་དཔོན་དག་ཅེས་བྱ་བ་ནི་སྔོན་གྱི་མདོ་སྡེ་པ་དག་གོ། །གནས་སྐབས་གང་གིས་ཞེས་བྱ་བ་ནི་

Vol. 144 · folio 282b

ཤན་པ་ལ་སོགས་པའམ་ལིངས་པ་ལ་སོགས་པ་དག་གི་ཚེ་སྟེ། ཇི་སྐད་དུ། །ཇི་ལྟར་འགྱུར་བས་དེ་མྱོང་ལས། །སྔར་བྱས་པ་ནི་རྨི་ལམ་ལྟར། །སེམས་ཅན་དེ་འདྲ་མཐོང་གྱུར་ནས། །དམྱལ་བར་རབ་ཏུ་རྒྱུག་པར་འགྱུར། །ཞེས་བཤད་དོ། །ཡང་སྲིད་པ་བར་

མ་པ་གང་ཞིག་སྐྱེ་བའི་ཡུལ་དུ་ཇི་ལྟར་འགྲོ་ཞེ་ན། དེ་ལ་ལྷའི་སྲིད་པ་བར་མ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སྟན་ལས་ལྡང་བ་བཞིན་དུ་ཞེས་བྱ་བར་ནི་གནས་གོང་མར་སྐྱེ་བའི་ཕྱིར་རོ། །མི་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ནི་ཞེས་བྱ་བ་ལ། མིའི་སྲིད་པ་བར་མ་ནི་མི་བཞིན་ནོ། །

དུད་འགྲོའི་སྲིད་པ་བར་མ་ནི་དུད་འགྲོ་བཞིན་ནོ། །ཡི་དགས་ཀྱི་སྲིད་པ་བར་མ་ནི་ཡི་དགས་བཞིན་ཏེ། རྒྱབ་ཀྱིས་འགྲོ་བས་ཡི་དགས་ཡིན་པའི་ཕྱིར་རོ། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །ཞེས་བྱ་བ་ནི་ལྷག་པར་སྤོང་བ་དང་། གླང་འདེབས་པ་ཞེས་བྱ་བའི་དོན་ཏོ། །ཅི་སྲིད་པ་བར་མ་ཐམས་

ཅད་བློ་ཕྱིན་ཅི་ལོག་ཏུ་གྱུར་པས་མའི་མངལ་དུ་འཇུག་གམ་ཞེ་ན། སྨྲས་པ་མ་ཡིན་ཏེ། འོན་ཀྱང་མངལ་དུ་འཇུག་པ་ནི་བཞི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མངལ་དུ་འཇུག་པ་འདི་བཞི་ཞེས་བྱ་བ་ནི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བའི་ཁྱད་པར་གཞན་མེད་དོ་སྙམ་དུ་བསམས་

པའོ། །སེམས་ཉོན་མོངས་པ་ཅན་ཡིན་ཡང་འདུ་ཤེས་དང་མོས་པ་དག་ཕྱིན་ཅི་མ་ལོག་པའི་ཕྱིར་ཤེས་བཞིན་དུ་འཇུག་གོ་ཞེས་བརྗོད་དོ། །བཟློག་སྟེ་བསྟན་ཏོ་ཞེས་བྱ་བ་ལ་མདོ་ལས་ནི་ཐམས་ཅད་ཤེས་བཞིན་མ་ཡིན་པར་འགྱུར་བ་གང་ཡིན་པ་འདི་ཐོག་མར་བསྟན་ལ། གསུམ་ནི་ཇི་

སྐད་བསྟན་པ་ཁོ་ན་བཞིན་ཡིན་ནོ། །རྨོངས་པ་དང་མ་རྨོངས་པའི་བྱེ་བྲག་འདི་ནི་མངལ་ནས་སྐྱེ་བའི་སྐྱེ་གནས་ལ་ཡིན་ཏེ། སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་ཐམས་ཅད་རྨོངས་པ་ཁོ་ནར་འགྱུར་རོ། །གང་ཞིག་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་སྒྲའི་ཚུལ་གྱིས་དུས་གསུམ་ལ་བསྒྲུབས་པའི་

ཕྱིར་རོ། །ཡང་ན་འབྱུང་བར་འགྱུར་བའི་མིང་གིས་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མིང་གིས་ཀྱང་སྟོན་པར་བྱེད་པའོ། །འདུས་བྱས་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་ལ་བསྐྱེད་པའི་གནས་སྐབས་སུ་འདུས་བྱས་སུ་འགྱུར་གྱི། བསྐྱེད་བཞིན་པའི་གནས་སྐབས་སུ་ནི་མ་ཡིན་

Vol. 144 · folio 283a

ལ། འདུས་བྱས་ནི་ཡང་མངོན་པར་འདུ་བྱ་བར་མི་རིགས་པས་འདིར་འབྱུང་བར་འགྱུར་བའི་མིང་གིས་དེ་སྐད་བསྟན་ཏོ། །དེ་བཞིན་དུ་འབྲས་ཆན་འཚེད་དོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །གཞན་དག་ན་རེ་རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་སྒོ་ང་ལས་

སྐྱེས་པ་ཡིན་པ་དེ་དག་གིས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བར་གྲག་སྟེ། དེའི་ཕྱིར་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་ཐམས་ཅད་རྨོངས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་འདི་མ་ངེས་སོ་ཞེ་ན། རང་སངས་རྒྱས་བསེ་རུ་ལྟ་བུ་ལ་དགོངས་ནས་གསུངས་པས་ཉེས་པ་མེད་དོ། །ཡང་

ཅིའི་ཕྱིར་ཤེས་བཞིན་མ་ཡིན་པར་འཇུག་པ་ཤེས་བཞིན་དུ་གནས་པ་དང་འབྱུང་བ་དག་ཏུ་མི་འགྱུར་ཞེ་ན། མི་སྲིད་པའི་ཕྱིར་ཏེ། ལུས་དང་དབང་པོ་སྟོབས་དང་ལྡན་པ་དང་། ཚང་བ་དང་། མ་ཉམས་པ་དང་། གསལ་བ་གང་གིས་ཤེས་བཞིན་མ་བཞག་པ། ལུས་དང་དབང་པོ་སྟོབས་དང་

མི་ལྡན་པ་དང་། ཉམས་པ་དང་མ་ཚང་བ་དང་། ཞན་པ་དེ་ཤེས་བཞིན་དུ་གནས་པའམ་འབྱུང་བར་འགྱུར་བ་ནི་སྲིད་པ་མ་ཡིན་ན། །ལོག་པའི་འདུ་ཤེས་དང་མོས་པ་དག་ཅེས་བྱ་བ་ལ། འདུ་ཤེས་ནི་མཚན་མར་འཛིན་པའོ། །མོས་པ་ནི་ལྷག་པར་སྨོས་པའོ། །ཡང་ཇི་ལྟར་ལོག་

པ་དག་ཏུ་འགྱུར་ཞེ་ན། འདི་སྙམ་དུ་རླུང་ལངས་པ་འམ་ཆར་འབབ་པའམ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་རྩེ་དགས་འགྲོ་བའི་ཡུལ་དུ་འགྲོའོ་ཞེས་སྔར་བསྟན་ཟིན་པ་མ་ཡིན་ནམ། རླུང་ལངས་པའམ་ཆར་འབབ་པའམ་ཞེས་རྒྱས་པར་ཡང་ཅིའི་ཕྱིར་སྨོས་ཤེ་ན། ངེས་པ་མེད་

པར་ཤེས་པར་བྱ་བའི་ཕྱིར་ཏེ། འདོད་ཆགས་དང་ཞེ་སྡང་གཉིས་ཁོ་ནས་བློ་ཕྱིན་ཅི་ལོག་ཏུ་གྱུར་པས་སྐྱེ་བའི་ཡུལ་དུ་འགྲོ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྣམ་པ་གཞན་དུ་རྩྭ་ཐིབས་པོའམ། ནགས་ཐིབས་པོའམ། ལོ་མའི་སྤྱིལ་པོར་འཇུག་པ་འམ་ཞེས་རྒྱས་པར་འབྱུང་བ་ཡང་

ཡིན་ཏེ། དེ་ལྟར་བཤད་ན། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །ཞེས་བྱ་བ་འདི་ཡང་ཚད་མར་འགྱུར་རོ། །གཞན་དག་ན་རེ་ནི་རང་དང་ཉེ་བའི་གནས་སྐབས་སུ་ཡིན་ནོ་ཞེས་ཟེར་རོ། །ཡང་འདིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཤེས་

Vol. 144 · folio 283b

བཞིན་ལ་སོགས་པ་མངལ་དུ་འཇུག་པ་རྣམ་པ་བཞིར་རོ། །འདིར་ཡང་འབྱུང་བར་འགྱུར་བའི་མིང་གིས་བསྟན་ཏོ་ཞེས་བྱ་བ་ནི་དེའི་ཚེ་དེ་དག་འཁོར་ལོས་སྒྱུར་བ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འཁོར་ལོས་སྒྱུར་བ་ལ་སོགས་པ་དེ་དག་དེ་ལྟར་འཇུག་སྙམ་ན།

རྣམ་གྲངས་གཉིས་པའི་སྒོ་ནས་དེའི་རྒྱུ་བསྟན་པའི་ཕྱིར། ལས་སམ་ཡེ་ཤེས་སམ་གཉིས་ཀ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །རྒྱ་ཆེའི་ཕྱིར་ཞེས་བྱ་བ་ནི་རླབས་ཆེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐོས་པ་མང་བ་དང་། རབ་ཏུ་འབྱེད་པ་བྱས་པ་རྣམས་ནི་ཞེས་བྱ་བ་ནི་ཐོས་པ་མང་བ་ཡང་དེ་

དག་ཡིན་ལ། རབ་ཏུ་འབྱེད་པ་བྱས་པ་ཡང་ཡིན་ནོ། །འདི་སྐད་བསྟན་པར་འགྱུར་ཏེ། ཐོས་པ་དང་བསམས་པ་དང་བསྒོམས་པའི་ཤེས་པ་རྫོགས་པ་རྣམས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པར་མངལ་དུ་འཇུག་པ་ཞེས་བྱ་བ་རྣམ་པ་གཉིས་ཁོ་ན་མ་

ཡིན་ནམ། ཇི་ལྟར་རྣམ་པ་བཞིར་བརྗོད་དེ། གནས་པ་དང་འབྱུང་བ་ནི་མངལ་དུ་འཇུག་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འཇུག་པ་གཙོ་བོ་ཡིན་པའི་ཕྱིར་ཉེས་པ་མེད་དེ། འདི་ལྟར་འགའ་ཡང་ཤེས་བཞིན་མ་ཡིན་པར་ཞུགས་ནས་ཤེས་བཞིན་དུ་གནས་པའམ་འབྱུང་བ་ནི་མེད་དོ། །དེའི་

ཕྱིར་འཇུག་པའི་སྒྲས་གནས་པ་དང་འབྱུང་བ་ཡང་བརྗོད་དོ། །ད་ནི་འདིར་ཕྱི་རོལ་པ་ཅན་རྣམས་ཞེས་བྱ་བ་འབྱུང་སྟེ། །དེ་མེད་པའི་ཕྱིར་བདག་ནི་ཡོད་པ་མ་ཡིན་ལ། དེ་དག་ནི་བདག་ཡོད་དོ་སྙམ་དུ་དམིགས་ནས་ཕྱིར་ཟློག་པར་བྱེད་དོ། །ཇི་ལྟ་ཞེ་ན། གལ་ཏེ་སེམས་ཅན་

ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་བདག་མེད་ན་འདི་སྲིད་པ་བར་མའི་སྒོ་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་ཞེས་ཅི་སྟེ་བརྗོད། འདི་མའི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ཞེས་ཀྱང་ཅི་སྟེ་བརྗོད། དེའི་ཕྱིར་འདིར་གང་ཞིག་འཕོ་བ་དང་ཉེ་བར་འཕོ་བ་

ཞེས་བྱ་བར་ཁས་བླང་བར་བྱ་བ་བྱེད་པའི་སྐྱེས་བུ་འགའ་ཞིག་ཡོད་པ་ཡིན་ནོ་ཞེ་ན། དེ་དགག་པར་བྱ་བའི་ཕྱིར་བདག་མེད་ཅེས་བྱ་བ་འབྱུང་ངོ་། །གསུང་རབ་ལས་ཀྱང་ཕུང་པོ་ཙམ་ལ་བདག་གོ་ཞེས་བསྙད་པ་ཡོད་ལ། དེ་དགག་པའི་ཕྱིར་དང་པོའི་ཕྱོགས་དང་འགལ་ལོ་ཞེས་

Vol. 144 · folio 284a

འདྲི་བ་ནི་བདག་ཇི་ལྟ་བུ་ཞིག་ཅེ་ན་ཞེས་བྱ་བ་སྟེ། ཅི་ཕུང་པོ་ཙམ་གྱི་བདག་ཉིད་ཅན་ཞིག་གམ། འོན་ཏེ་ནང་གི་བྱེད་པའི་སྐྱེས་བུ་ཞིག་ཅེས་བྱ་བའོ། །དེའི་ཕྱིར་གང་ཕུང་པོ་འདི་དག་འདོར་ཞིང་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཕུང་པོ་འདི་དག་འདོར་ཞིང་ཞེས་བྱ་

བ་ནི་ད་ལྟར་བ་དག་གོ། །གཞན་དག་ཏུ་ཉིང་མཚངས་སྦྱོར་བ་ཞེས་བྱ་བ་ནི་སྲིད་པ་བར་མ་པ་དག་གམ། སྐྱེ་བའི་ཆ་པ་དག་གོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་བྱ་བས་ལུང་ལས་ཀྱང་ནང་གི་བྱེད་པའི་སྐྱེས་བུ་མེད་པར་བསྟན་ཏེ། རིགས་པ་ལས་དེ་མེད་པར་ནི། དབང་ཕྱུག་སོགས་

མིན་རིམ་སོགས་ཕྱིར། །ཞེས་བྱ་བ་དེར་བཤད་ཟིན་ཏོ། །བྱེད་པ་པོ་མི་དམིགས་སོ་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ལྟར་རང་གི་ངོ་བོས་སམ། མིག་ལ་སོགས་པ་ལྟར་བྱ་བའི་སྒོ་ནས་ཏེ། དེའི་ཕྱིར་རི་བོང་གི་རྭ་དང་འདྲ་བར་མེད་དོ་ཞེས་བྱ་བར་ངེས་སོ། །ཡང་ན་བྱེད་པ་པོ་རྟོག་

པའམ་མི་རྟག་པ་ཞིག་གིས་ཕུང་པོ་ལས་ཐ་དད་པར་མི་རིགས་སོ། །འདི་ལྟར་རྟག་པ་སྔ་ཕྱིར་རྣམ་པར་འགྱུར་བས་སྟོང་པ་ནི་ལས་རྣམས་ཀྱི་བྱེད་པ་པོ་དང་འབྲས་བུ་རྣམས་ཀྱི་ཟ་བ་པོར་མི་རུང་སྟོ། །ཆར་དང་སོལ་བའི་ཚོགས་ལ། ནམ་མཁའ་ལྟར་བྱེད་པ་པོ་ཉིད་ཉམས་པས་བྱ་བ་མེད་པའི་ཕྱིར་སྤུ་

ཡང་བསྒུལ་བར་མི་ནུས་ན། གང་ལ་བྱ་བའི་འབྲས་བུ་ཟ་བར་འགྱུར་བ། ཅི་ཞིག་བྱེད་པ་ན་བྱེད་པ་པོར་འགྱུར། དེ་སྐད་དུ་ཡང་། བྱ་བ་དང་ལྡན་རྟག་པ་མེད། །ཀུན་དུ་སོང་ལ་བྱ་བ་མེད། །བྱ་བ་མེད་པ་མེད་དང་མཚུངས། །བདག་མེད་ལ་ཁྱོད་ཅིས་མི་དགའ། །ཞེས་བཤད་དོ། །

དེའི་ཕྱིར་རྟག་པ་བྱེད་པ་པོ་ཉིད་དུ་མི་འཐད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པར་ཞེས་བྱ་བ་ལ། བརྡ་ནི་འདུ་བ་སྟེ། རྒྱུ་དང་རྐྱེན་རྣམས་འདྲེས་པ་ལྟ་བུའོ། །འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་བའོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་ནང་གི་བྱེད་པའི་སྐྱེས་བུ་དགག་ན།

འོ་ན་བདག་ཇི་ལྟ་བུ་ཞིག་མི་དགག་ཅེ་ན། ཕུང་པོ་ཙམ་ཉིད་དོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་དུ་སྟེ། གསུང་རབ་ལས་ཕུང་པོ་ཙམ་ཉིད་ལ་ཐ་སྙད་དུ་བདག་ཅེས་ཉེ་བར་བཏགས་སོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་

Vol. 144 · folio 284b

ཕུང་པོ་དག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་ཡིན་ན་མཐོང་བ་དང་འགལ་ཞིང་ཁས་བླངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་མི་འཕོ་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཕུང་པོ་ཙམ་ནི། ཉོན་མོངས་ལས་ཀྱིས་མངོན་འདུ་བྱས། །ཞེས་བྱ་བ་རྒྱས་པར་

འབྱུང་སྟེ། ཉོན་མོངས་པ་རྣམས་དང་ལས་རྣམས་ཀྱི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་སྐྱེད་པའི་ནུས་པ་གཞག་པའི་ཕྱིར་ཡོངས་སུ་བསྒོས་པ་ཞེས་བྱའོ། །ཉོན་མོངས་པ་རྣམས་དང་ལས་རྣམས་ཞེས་གཉིས་ཀ་སྨོས་པ་ནི་གང་ཡང་རུང་བ་ཞིག་གིས་ཡོངས་སུ་བསྒོས་

པས་མ་ཚོང་ན་སྐྱེ་བ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །ཕུང་པོ་ཙམ་ཞེས་ཙམ་གྱི་སྒྲ་ནི་བདག་དང་བདག་གི་དགག་པར་བྱ་བའི་ཕྱིར་རོ། །སྲིད་པ་བར་མ་ཞེས་བྱ་བའི་རྒྱུན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུ་དང་འབྲས་བུ་བར་མཚམས་མེད་པར་འབྲེལ་པ་ནི་འགྲོ་བ་དང་སྐྱེ་བ་དང་

རྒྱུན་ཏེ། སྔར་གྱི་ལས་དང་ཉོན་མོངས་པས་འཕངས་པའི་ཚེ་ཉམས་སུ་མྱོང་ནས། དེའི་རྣམ་པར་སྨིན་པའི་འཕེན་པ་ཟད་པས་མཐར་འཆི་བའི་མཐའི་རྣམ་པར་ཤེས་པ་རྟེན་དང་ལྷན་ཅིག་འགག་ཅིང་སྲིད་པ་བར་མ་པའི་རྣམ་པར་ཤེས་པའི་རྟེན་སྐྱེ་བའི་རྒྱུར་འགྱུར་ལ། སྲིད་པ་བར་མ་

དག་ཀྱང་དེ་ཁོ་ན་ལྟར་རྒྱུན་ཆགས་སུ་སྔར་གྱི་ལས་དང་ཉོན་མོངས་པའི་འཕེན་པའི་དབང་གིས་སྐྱེ་བའི་ཡུལ་དུ་ཕྱིན་ནས་མའི་མངལ་དུ་འགག་པ་ན་སྐྱེ་བའི་ཕུང་པོ་རྣམས་བསྐྱེད་པར་བྱ་བ་ལ་རྐྱེན་དུ་འགྱུར་ཏེ། དཔེར་ན་མར་མེ་སྐད་ཅིག་མ་ཡིན་ཡང་སྔ་མ་དང་ཕྱི་མར་རྒྱུ་དང་འབྲས་

བུ་འབྲེལ་པ་བར་མེད་པས་རང་གི་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་བཞིན་ནོ། །ཇི་ལྟར་འཕངས་བཞིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་འགྱུར་ལ། སེམས་ཅན་སོ་སོའི་ཚེའི་ལས་ཀྱང་ཐ་དད་དེ། དེ་ཐ་དད་པས་ཚེའི་འཕེན་པ་ཡང་

ཐ་དད་དེ། ཁ་ཅིག་ནི་ཐུང་ལ། གཞན་གྱི་ནི་རིང་ངོ་། །དེའི་ཕྱིར་གང་ཞིག་ཇི་སྲིད་དུ་འཕངས་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མཚན་རྣམས་ཞེས་བྱ་བ་ནི་དེ་དག་གིས་དེ་དག་མཚོན་པར་བྱེད་པས་མིག་ལ་སོགས་པའི་རྟེན་རྣམས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་

Vol. 144 · folio 285a

ནི་འདིར་ལས་ཀྱི་དབང་གིས་སྐྱེས་པ་ལ་བཤད་དེ། དེ་དག་སྦྱོར་བས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་། རེས་འགའ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །ཟས་

ཀྱི་བྱ་བ་མི་མཐུན་པར་སྤྱད་པར་སྤྱོད་པ་ནི་ཟས་རྣོ་བ་དང་ཚ་བ་ཟོས་པའོ། །གནས་པའི་བྱ་བ་མི་མཐུན་པར་སྤྱོད་པ་ནི་མ་ཚང་བ་དང་། སེ་ཏྲིག་གོ། །མངལ་ཁོ་ནས་འཆི་བ་ནི་འཇིག་པར་འགྱུར་བའོ། །རྐྱག་དོང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དྲི་ང་བ་དང་། མུན་ཁུང་དང་། བཙོག་

པའི་འདམ་རྫབ་ནི་དྲི་ང་བ་མུན་ཁུང་བཙོག་པའི་འདམ་རྫབ་སྟེ། ལུས་ཀྱི་རྨ་འཁྱིམས་པ་ཆེན་པོ་དེར་ཞེས་ཕྱིས་འཆད་པའོ། །སྲིན་བུའི་རིགས་ཤིན་ཏུ་མང་པོ་སྟོང་ཕྲག་ནི་སྲིན་བུའི་རིགས་ཤིན་ཏུ་མང་པོ་སྟོང་ཕྲག་གོ། །དེ་དག་གི་གནས་ནི་སྲིན་བུའི་རིགས་ཤིན་ཏུ་མང་པོ་སྟོང་ཕྲག་

གི་གནས་ཏེ། དེའོ། །ཁུ་ཆུ་དང་ཁྲག་དང་ཆུ་སེར་དང་དྲི་མ་ནི་ཁུ་ཆུ་དང་ཁྲག་དང་ཆུ་སེར་དང་དྲི་མ་སྟེ། ཁུ་ཆུ་དང་ཁྲག་དང་ཆུ་སེར་དང་དྲི་མ་དེ་དག་གིས་ཀུན་ནས་ཁྱད་པར་དུ་མྱགས་ཤིང་ཀུན་ཏུ་མྱགས་པ། རྣམ་པར་མྱགས་པ། རུལ་བ། རྣགས་པ། འགྲེད་པའོ། །ལུས་ལ་རྨ་

སར་པ་ལྟ་བུ་ཞེས་བྱ་བ་ལ། ལུས་རྨ་སར་པ་ལྟ་བུར་སྤྱོད་པ་ནི་རྨ་སར་པ་ལྟ་བུའོ། །གང་ལ་ལུས་རྨ་སར་པ་ལྟ་བུ་ཡོད་པ་དེ་ནི་ལུས་རྨ་སར་པ་ལྟ་བུ་སྟེ། དེ་ལྟར་གྱུར་པ་དེའོ། །བདག་ཉིད་མཚོན་པ་ཡིན་པ་མཚོན་པར་སྤྱོད་པ་ནི་མཚོན་ལྟ་བུའོ། །ཐལ་བའི་སྨན་ལྟ་བུ་ཡང་དེ་དང་འདྲའོ། །ལག་

པ་འདི་གཉིས་ལ་མཚོན་དང་ཐལ་བའི་སྨན་ལྟ་བུའི་རེག་པ་ཡོད་པ་དེ་དག་ནི་མཚོན་དང་ཐལ་བའི་སྨན་ལྟ་བུའི་རེག་པ་དང་ལྡན་པའི་ལག་པ་གཉིས་ཏེ། དེ་གཉིས་ཀྱིས་སོ། །དེ་སྐྱེ་བའི་རྒྱུས་ཞེས་བྱ་བ་ནི་འཕེལ་བའི་རྗེས་སུ་འགྲོ་བས་ཞེས་བྱ་བའི་དོན་ཏོ། །ཡང་ཉོན་མོངས་པ་རྣམས་ཀུན་དུ་སྤྱོད་

ཅིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ནང་དང་ཕྱིའི་སྐྱེ་མཆེད་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་དག་གིས་རྐྱེན་ཚོགས་པ་ལ་ལྟོས་པའི་ཉོན་མོངས་པ་རྣམས་ཀུན་དུ་སྤྱོད་ཅིང་། །ལས་སྣ་ཚོགས་རྣམས་ཀྱང་སོགས་པར་འགྱུར་ཏེ། དེ་ཉོན་མོངས་པ་དང་ལས་བསགས་པ་དེ་

Vol. 144 · folio 285b

དག་གིས་ལུས་ཞིག་ནས་ཡང་སྔ་མ་བཞིན་དུ་སྲིད་པ་བར་མའི་རྒྱུན་གྱི་ལས་ཇི་ལྟ་བ་བཞིན་དུ་འཇིག་རྟེན་ཕ་རོལ་དུ་འགྲོ་བར་འགྱུར་ཏེ། དེ་ལྟར་ན། སྲིད་པའི་འཁོར་ལོ་ཐོག་མ་མེད། །འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ལུང་དང་རིགས་པ་ལས་སོ། །དེ་ལ་རེ་ཞིག་ལུང་ནི་དགེ་

སློང་དག་སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ། སྲིད་པའི་ཀུན་དུ་སྦྱོར་བ་དང་ལྡན་པ། སྲིད་པའི་ཞགས་པས་བཅིངས་པ། ལམ་རིང་པོར་རྒྱུག་བཞིན་པའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ། །སྡུག་བསྔལ་གྱི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་བྱ་བའོ། །རིགས་པ་ནི་ཐོག་

མ་ཡོངས་སུ་རྟོག་པ་ན། དང་པོའི་སྐྱེ་བ་དེ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དང་པོའི་སྐྱེ་བ་ལྟར་ཐམས་ཅད་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །སྐྱེ་བ་དང་པོ་ཁོ་ན་རྒྱུ་མེད་པ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་རྒྱུ་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་

ཐམས་ཅད་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་སྐྱེ་བར་ཐལ་བར་འགྱུར་ཏེ། སྐྱེ་བའི་རྒྱུ་ངེས་པ་མེད་པའི་ཕྱིར་རོ། །མྱུ་གུ་ལ་སོགས་པ་དག་ལ་ས་བོན་ལ་སོགས་པ་རྣམས་ཀྱི་ནུས་པ་མཐོང་བ་ཡང་ཡིན་ཏེ། དེ་ཡོད་ན་ཡོད་པའི་ཕྱིར་ལ། དེ་མེད་ན་མེད་པའི་ཕྱིར་རོ། །ཡང་

འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེའི་ཕྱིར། ཡུལ་དང་དུས་སོ་སོར་ངེས་པ་ལས་ཞེས་བྱ་བ་སྨོས་སོ། །ཡུལ་སོ་སོར་ངེས་པ་ནི་ས་བོན་གྱི་ཡུལ་ཁོ་ནར་མྱུ་གུ་སྐྱེའི་གཞན་དུ་མ་ཡིན་པའོ། །དུས་ངེས་པས་ནི་ས་བོན་བངས་པའི་མཇུག་ཐོགས་ཁོ་ནར་མྱུ་གུ་སྐྱེའི་གཞན་གྱི་ཚེ་མ་

ཡིན་པའོ། །ཡུལ་དང་དུས་སོ་སོར་ངེས་པ་ལས་ཚོས་པ་ལ་སོགས་པ་ལ་མེ་ལ་སོགས་པའི་ནུས་པ་ཡང་མཐོང་བས་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་ཚོས་པ་ནི་མེ་དང་འབྲེལ་པའི་ཡུལ་ཁོ་ནར་སྐྱེའི་གཞན་དུ་ནི་མ་ཡིན་ལ། མེ་དང་འབྲེལ་པའི་མཇུག་ཐོགས་ཁོ་ནར་འབྱུང་གི །

ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ནོ། །རྒྱུ་མེད་པ་ཉིད་ལ་ནི་ངེས་པ་འདི་སྲིད་པ་ཡང་མ་ཡིན་ནོ། །རྒྱུ་རྟག་པ་ཡོད་པར་སྨྲ་བ་ནི་སྔར་བསལ་ཟིན་པ་ཉིད་དོ་ཞེས་བྱ་བ་ནི། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བྱ་བའོ། །དེ་སྐད་དུ་ཡང་། ཇི་ལྟར་མྱུ་གུ་བྱས་པ་ནི། །

Vol. 144 · folio 286a

ས་བོན་བྱས་ལས་སྐྱེ་བ་ལྟར། །དེ་བཞིན་མི་རྟག་ཐམས་ཅད་ཀྱང་། །མི་རྟག་རྣམས་ལས་སྐྱེ་བར་འགྱུར། །དེའི་ཕྱིར་འཁོར་བ་ལ་ཐོག་མ་མེད་པ་ཉིད་ལ། རྒྱུ་མེད་པ་ཡང་མ་ཡིན་ཞིང་། རྒྱུ་རྟག་པ་པ་ཡང་མ་ཡིན་ནོ། །ས་བོན་ཟད་པས་མྱུ་གུ་ལྟར་རྒྱུ་

ཟད་པས་ཐ་མ་ནི་རིགས་ཏེ། སྐྱེ་བ་རྒྱུ་ལ་རག་ལས་པའི་ཕྱིར་རོ། །ཇི་ལྟར་ས་བོན་ཚིག་པའམ་འབྱུང་བ་དང་འབྱུང་བ་ཕྱེ་མར་གླགས་ན་མྱུ་གུ་སྐྱེ་བ་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཉོན་མོངས་པ་ལ་སོགས་པའི་རྐྱེན་མ་ཚང་བས་སྐྱེ་བ་འབྱུང་བ་མེད་དོ། །འདིར་སྨྲས་པ། ཇི་ལྟར་

ས་བོན་མཐའ་མཐོང་ཞིང་། །དེ་ཡི་ཐོག་མ་མི་མངོན་ལྟར། །དེ་བཞིན་རྐྱེན་དག་མ་ཚང་བས། །སྐྱེ་བ་ཡང་ནི་མི་འབྱུང་ངོ་། །གང་ལ་རྒྱུ་ཡི་ཐོག་མཐོང་བ། །གང་གི་ཐ་མ་མཐོང་བར་འགྱུར། །སྒྲ་དང་མེ་ལྕེ་སོགས་ཀུན་གྱི། །མཐའ་མཐོང་ཐོག་མ་ཉིད་ཡིན་ནོ། །དེ་ལྟར་ན་

སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཐ་མ་མི་འགལ་ཏེ། རྒྱུ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་བསྟན་པ་གང་ཡིན་པ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདི་དང་། ཡང་འཇིག་རྟེན་འདི་ནས་ཕ་རོལ་དུ་ཞེས་བྱ་བ་དེ་ལྟ་བུའོ། །

རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་སེམས་ཅན་དུ་སྟོན་པ་ཡིན་པར་འདོད་ཀྱི། སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་མ་ཡིན་ཏེ། དེ་འཇིག་རྟེན་ཕ་རོལ་ནས་འཕོ་བར་མི་འཐད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ནི་རྒྱུ་མེད་པ་དང་། རྒྱུ་མི་མཐུན་པ་དགག་པར་བྱ་བའི་ཕྱིར་

ཡིན་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི་འཁོར་བ་འཇུག་པའི་དོན་ཡིན་ནོ། །ཅིའི་ཕྱིར་མདོ་ལས་སེམས་ཅན་དུ་སྟོན་པ་ཁོ་ན་བསྟན་ཅེ་ན། འདི་ལྟར་སེམས་ཅན་དུ་སྟོན་པ་དག་ལ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རིགས་ལ། དེ་ཡང་བཅོམ་ལྡན་འདས་ཀྱིས་གདུལ་བ་

དག་ལ་བསྟན་པར་བྱ་བ་ཡིན་ཏེ། སངས་རྒྱས་རྣམས་འབྱུང་བ་ནི་དེའི་དོན་ཁོ་ནར་ཡིན་པའི་ཕྱིར་རོ། །དེས་ན་ཏེ་པོར་ཆེན་པོ་ཡིན་པའི་ཕྱིར་མདོ་ལས་སེམས་ཅན་དུ་སྟོན་པ་ཁོ་ན་བསྟན་ཏོ། །བསྟན་བཅོས་ལས་ནི་ཆོས་ཉིད་ཀྱི་རྗེས་སུ་འབྲངས་ཏེ། སེམས་ཅན་དང་སེམས་ཅན་དུ་

Vol. 144 · folio 286b

སྟོན་པ་མ་ཡིན་པའོ། །ཡན་ལག་བཅུ་གཉིས་ཞེས་བྱ་བ་ནི་རྒྱུ་བཅུ་གཉིས་སོ། །ཆ་གསུམ་ཞེས་བྱ་བ་ནི་དུམ་བུར་ཡོངས་སུ་བཅད་པ་གསུམ་མོ། །ལྷག་མ་བརྒྱད་ནི་བར་དུའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་

བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དག་གོ། །ཡང་ན་ཅི་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཁྱད་པར་མེད་པར་མངལ་དུ་འཇུག་པ་ཙམ་ལ་བརྟེན་པ་རྣམས་ཀྱིའམ། ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིའོ། །སྐྱེ་བ་འདི་ལ་ཞེས་བྱ་བ་ནི་མངལ་དུ་འཇུག་པའི་སྐྱེ་བ་

ལའོ། །གང་བར་མ་དོར་འཆི་བ་ཡང་མ་ཡིན་ལ་ཞེས་བྱ་བ་ལ། གང་ཞིག་སྲིད་པའི་གནས་སྐབས་མ་ཐོབ་པར་འཆི་བ་དེ་ལ་ནི་བར་མ་དོར་འཆི་བ་ཞེས་བྱ་བའོ། །གཟུགས་དང་གཟུགས་མེད་པ་ནི་སྤྱོད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུགས་ན་སྤྱོད་པ་ལ་ནི་རྣམ་པར་ཤེས་པ་

དང་སྐྱེ་མཆེད་དྲུག་གི་གནས་སྐབས་ལས་ཐ་དད་པའི་མིང་དང་གཟུགས་ཀྱི་གནས་སྐབས་མེད་དེ། འདི་ལྟར། མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་གཟུགས་ཀྱི་ཁམས་ན་ཡན་ལག་བཅུ་

གཉིས་མེད་དོ། །གཟུགས་མེད་པ་ན་སྤྱོད་པ་ལ་ནི་མིང་དང་གཟུགས་ཀྱི་གནས་སྐབས་དང་། སྐྱེ་མཆེད་དྲུག་གི་གནས་སྐབས་ཡོད་པ་མ་ཡིན་ཏེ། གཟུགས་མེད་པས་དེ་དག་མེད་དོ། །དེའི་ཕྱིར་ཡན་ལག་བཅུ་ཡོད་དོ། །འདི་ལྟར་གླེང་གཞི་ཆེན་པོ་ཆོས་ཀྱི་རྣམ་

གྲངས་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན། རྣམ་པར་ཤེས་པ་དེ་འཕེལ་བ་དང་རྒྱས་པ་དང་ཡངས་པར་འགྱུར་རམ་ཞེས་འབྱུང་བའི་ཕྱིར་འདོད་པའི་ཁམས་ལས་མ་གཏོགས་པར་མའི་

མངལ་དུ་འཇུག་པ་ཉིད་མི་སྲིད་དོ། །དེ་ལྟ་ན་གང་ཟག་ཐམས་ཅད་ཀྱི་དབང་དུ་བྱས་ནས་སྲིད་པའི་ཡན་ལག་གི་རྣམ་པར་གཞག་པ་འཁྲུག་པར་འགྱུར་རོ། །སྔོན་དང་ཕྱི་མའི་མཐའ་འབྲས་བུ་དང་རྒྱུ་དང་བཅས་པ་དག་སྨོས་པའི་ཕྱིར་རོ་ཞེས་བྱ་བ་ལ། སྔོན་གྱི་མཐའ་འབྲས་བུ་དང་

Vol. 144 · folio 287a

བཅས་པ་དང་། ཕྱི་མའི་མཐའ་རྒྱུ་དང་བཅས་པ་སྨོས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་ཆ་གསུམ་པ་དེ་ཉིད་སྔོན་གྱི་མཐའ་པ་དང་ཕྱི་མའི་མཐའ་པ་དང་རྣམ་པ་གཉིས་སུ་བརྗོད་དོ། །དེ་ལ་སྔོན་གྱི་མཐའ་པ་ནི་མ་རིག་པ་དང་འདུ་བྱེད་

དོ། །དེའི་འབྲས་བུ་ནི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བའི་ཡན་ལག་རྣམས་ཏེ། དེ་ལྟ་ན་ཡན་ལག་བདུན་ནི་སྔོན་གྱི་མཐའ་པའོ། །ཕྱི་མའི་མཐའ་པ་གང་ཞེ་ན། སྐྱེ་བ་དང་རྒ་ཤིའོ། །དེའི་རྒྱུ་ནི་སྲེད་པ་དང་། ལེན་

པ་དང་། སྲིད་པའི་ཡན་ལག་རྣམས་ཏེ། དེ་ལྟ་ན་ཡན་ལག་ལྔ་ནི། ཕྱི་མའི་མཐའ་པའོ། །ཡང་མ་རིག་པ་ལ་སོགས་པ་འདི་གང་ཞིག་ཅེ་ན་ཞེས་བྱ་བ་ནི་ཅི་མ་རིག་པ་ནི་མི་ཤེས་པ་ཞིག་ཁོ་ན་འམ། འོན་ཏེ་ཉོན་མོངས་པ་ཐམས་ཅད་ཡིན་སྙམ་ནས་འདྲི་བ་སྟེ། དེ་བཞིན་དུ་གཞན་ལ་

ཡང་བརྗོད་པར་བྱའོ། །དེའི་ཕྱིར་མ་རིག་ཉོན་མོངས་སྔོན་གནས་སྐབས་ཞེས་བྱ་བ་སྨོས་སོ། །སྔོན་ཞེས་བྱ་བ་སྨོས་པ་ནི་ད་ལྟར་བ་སྲེད་པ་དང་ལེན་པས་བསྡུས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་མ་རིག་པའི་སྒྲས་བརྗོད་ཅེ་ན། ཡང་སྲིད་པ་འཕེན་པའི་འདུ་

བྱེད་རྣམས་ཀྱི་རྒྱུའི་ངོ་བོར་ངེས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་རྣམས་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ནི་ཞེ་སྡང་གིས་མངོན་པར་འདུ་བྱས་པའི་འདུ་བྱེད་རྣམས་ཀྱི་རྒྱུ་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །མ་རིག་པ་ནི་གདོན་མི་ཟ་སྟེ། དེ་ནི་

ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །དེས་གཞག་པའི་ནུས་པའི་ཤུགས་དང་ལྡན་པའི་ཕྱིར་ཡང་མ་རིག་པའི་ཕྱོགས་ལ་བརྟེན་ཏེ། དེའི་ཕྱིར་དེའི་སྒྲས་ཉོན་མོངས་པ་ཐམས་ཅད་བསྙད་དོ། །འདི་ག་ལས་ཤེ་ན། མ་རིག་པ་གཙོ་བོ་ཡིན་པའི་ཕྱིར་དང་། དེ་དང་ལྷན་

ཅིག་སྤྱོད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ལྷན་ཅིག་སྤྱོད་པའི་ཕྱིར་དང་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་ཐམས་ཅད་ནི་མ་རིག་པ་དང་མཚུངས་པར་ལྡན་གྱི། ཕན་ཚུན་ནི་མ་ཡིན་ཏེ། དེའི་ཕྱིར་མ་རིག་པ་དང་ལྷན་ཅིག་སྤྱོད་པ་ཉིད་དོ། །དེའི་དབང་གིས་ཞེས་བྱ་བ་ནི་མ་རིག་

Vol. 144 · folio 287b

པའི་དབང་གིས་སོ། །དེ་དག་ནི་ཉོན་མོངས་པ་དག་གོ། །ཀུན་དུ་འབྱུང་བ་ནི་སྐྱེ་བ་སྟེ། མ་རྨོངས་པ་ལ་ཉོན་མོངས་པ་གཞན་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་ལ་དཔེ་ནི་རྒྱལ་པོ་གཤེགས་སོ་ཞེས་བྱ་བ་ལ་སོགས་པའོ། །ཞ་འབྲིང་བ་ནི། རྒྱལ་པོ་དང་ལྷན་ཅིག་སྤྱོད་པ་རྣམས་

ཏེ། དེའི་དབང་གིས་འཇུག་པ་དང་ལྡོག་པའི་ཕྱིར་རྒྱལ་པོ་གཙོ་བོ་ཡིན་ནོ། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཞེས་བྱ་བ་འབྱུང་ངོ་། །འདིར་མ་རིག་པ་དང་འདུ་བྱེད་འབྲས་བུ་ཕྱུང་ཟིན་པ་རྣམས་ཁོ་ན་ཡན་ལག་ཉིད་དུ་རྣམ་པར་གཞག་སྟེ། འབྲས་བུ་མ་བྱུང་བ་རྣམས་ལ་ནི་སྲེད་

པ་དང་ལེན་པ་དང་སྲིད་པ་ཞེས་བྱའོ། །བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་ཞེས་བྱ་བ་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་ཀྱི་གནས་སྐབས་སོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན་ནོ་ཞེས་བྱ་བ་ལ། དེའི་ཚེ་རྣམ་པར་

ཤེས་པ་གཙོ་བོ་ཡིན་པའི་ཕྱིར་དང་། ལྷག་མ་རྣམས་རྣམ་པར་ཤེས་པ་དང་། ལྷན་ཅིག་སྤྱོད་པའི་ཕྱིར་རྣམ་པར་ཤེས་པ་མོས་པས་བསྡུས་སོ། །མའི་མངལ་དུ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བ་ཉིད་ནའོ། །དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་སྟེ། དེའི་ཚེ་

སྔ་མ་རྣམས་ཀྱི་རྐྱེན་མེད་པའི་ཕྱིར་རོ། །འདིར་རྣམ་པར་ཤེས་པ་དང་སྐྱེ་བའི་ཡན་ལག་གཉིས་ནི་སྐད་ཅིག་མ་ཡིན་ལ། གཞན་དག་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར་སྐད་ཅིག་མ་མང་པོ་དག་ཡིན་ནོ། །མིང་དང་གཟུགས་ནི་དེ་ཕན་ཆད་ཅེས་བྱ་བ་ལ། འདི་ནི་གནས་སྐབས་

ལ་གཞག་པ་ཡིན་གྱི་ཆོས་ཉིད་ལ་གཞག་པ་ནི་མ་ཡིན་ནོ། །སྐྱེ་མཆེད་བཞི་དོད་ཚུན་ཆད་དོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་དེ་སྐད་དུ་བརྗོད་པར་བྱ་བ་ཡིན་ཞེ་ན། ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་སྐྱེ་བའི་སྲིད་པ་ཁོ་ནར་དོད་པའི་ཕྱིར་རོ། །དེའི་ཚེ་དེར་

རྣམ་པར་འཇོག་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དག་ནི་ཞེས་རབ་ཏུ་མ་ཕྱེ་བའི་ཕྱིར་གནས་སྐབས་གང་ཞིག་སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་དེ་ཁོ་ན་ཚང་ན་དེའི་མིང་གིས་བསྙད་དོ། །ཡང་ན་དེའི་ཚེ་དེའི་རྣམ་པར་འཇོག་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་སོགས་

Vol. 144 · folio 288a

པའི་སྐྱེ་མཆེད་ཀྱི་ཚེ་རྟེན་དང་བརྟེན་པ་ཡོངས་སུ་ཚང་བའི་སྒོ་ནས་ཡིན་ལ། ཡིད་ཀྱི་སྐྱེ་མཆེད་དང་ལུས་ཀྱི་སྐྱེ་མཆེད་ཀྱང་ཡོངས་སུ་ཚང་བས་རྣམ་པར་འཇོག་སྟེ། དེའི་ཕྱིར་སྐྱེ་མཆེད་དྲུག་ཉིད་དུ་བརྗོད་ཀྱི། སྐྱེ་མཆེད་བཞིར་ནི་མ་ཡིན་ནོ། །དེ་ནི་གསུམ་འདུས་

ཚུན་ཆད་དོ། །ཞེས་བྱ་བ་ལ། ཇི་སྲིད་དུ་དབང་པོ་ལ་སོགས་པ་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་སྐབས་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཚུལ་གྱིས་རྫོགས་པར་འགྱུར་བ་དེ་ནི་སྐྱེ་མཆེད་དྲུག་ཅེས་བརྗོད་དེ། དེ་སྲིད་ཀྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་གཙོ་བོ་ཡིན་ནོ། །རེག་པ་བདེ་སྡུག་

ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཞེས་བྱ་བ་ལ། རེག་པ་ནི་སྐྱེ་མཆེད་དྲུག་གི་འོག་རོལ་དུ་རྣམ་པར་གཞག་སྟེ། དེའི་ཚེ་རེག་པའི་རྟེན་ཡོངས་སུ་རྫོགས་པ་ཡིན་ནོ། །དེའི་ཕྱིར་རེག་པ་སྔར་ཡོད་པ་མ་ཡིན་ནོ། །ཚོར་འཁྲིག་ཚུན་ཆད་ཅེས་བྱ་བ་ལ། ཚོར་བ་གསུམ་

གྱི་རྒྱུ་ཡོངས་སུ་གཅོད་པར་ནུས་པ་ཡིན་དང་ཟས་ལ་སོགས་པའི་སྲིད་པ་ཀུན་དུ་སྤྱད་ཀྱང་། ཇི་སྲིད་འཁྲིག་པའི་འདོད་ཆགས་མི་འབྱུང་བའི་གནས་སྐབས་དེ་ནི་ཚོར་བ་ཞེས་བྱའོ། །སྲིད་པ་ནི་ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི་ཞེས་བྱ་བ་ལ། འདོད་པའི་ཡོན་ཏན་གྱི་འདོད་ཆགས་

ཀུན་དུ་སྤྱོད་པའི་གནས་སྐབས་དང་། འཁྲིག་པའི་འདོད་ཆགས་ཀུན་དུ་སྤྱོད་པའི་གནས་སྐབས་དེ་ནི་སྲིད་པ་ཞེས་བྱའོ། །ལོངས་སྤྱོད་སྨོས་པས་ནི་འདོད་པའི་ཡོན་ཏན་ལྔ་གཟུང་སྟེ། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་འདོད་པ་སྡུག་པ། ཕངས་པ་ཡིད་དུ་འོང་

བ་དག་ཅེས་རྒྱས་པར་འབྱུང་བའི་ཕྱིར་རོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། འདིས་ཡུལ་ལམ་ལུས་ལེན་པར་བྱེད་པས་ན་ཉེ་བར་ལེན་པའོ། །དེ་ཉིད་ཀྱི་ཕྱིར་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་ནས་ཞེས་བྱ་བ་སྨོས་

ཏེ། ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ཞེས་བྱ་བ་ལ། དེ་ཞེས་བྱ་བས་ནི་ཡོངས་སུ་རྒྱུག་པ་བསྟན་ཏོ། །ལས་གང་ལས་འབྱུང་བར་འགྱུར་བའི་སྲིད་པ་འབྲས་བུར་ཡོད་པ་དེའི་དངོས་པོའོ། །ཡང་སྲིད་པའི་ཞེས་བྱ་བ་ལ།

Vol. 144 · folio 288b

འབྲས་བུ་ཡང་སྲིད་པ་ཡོད་པ་ནི་ཡང་སྲིད་པའོ། །འདི་ལ་རྣམ་པར་ཤེས་པའི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་ཤེས་པ་ནི་ཉིང་མཚམས་སྦྱོར་བ་སྟེ། གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན་ཁུ་ཆུ་དང་

ཁྲག་དེ་ནུར་ནུར་པོའི་ཕྱིར་བརྒྱལ་བར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཕན་ཆད་ཚོར་བའི་བར་ནི་རྒ་ཤི་ཡིན་ཞེས་བྱ་བ་ལ། ཚོར་བའི་བར་ཏེ། ཚོར་བའི་ཡན་ལག་གི་བར་ནི་རྒ་ཤི་སྟེ། བཅོམ་ལྡན་འདས་ཀྱིས་

གདུལ་བའི་སྐྱེ་བོ་སྐྱོ་བ་བསྐྱེད་པའི་ཕྱིར། དགེ་སློང་དག་གཟུགས་སྐྱེ་བ་འདི་ནི་རྒ་ཤི་སྐྱེ་བའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་གྱི་སྐྱེ་བ་ནི་ཞེས་རྒྱས་པར་རྒ་ཤིའི་སྒྲས་ཡན་ལག་བཞི་གསུངས་སོ། །སྐད་ཅིག་མ་ཞེས་བྱ་བ་ལ་སྐད་ཅིག་ལ་ཡོད་པ་ནི། སྐད་ཅིག་མ་སྟེ། རྒྱུ་

དང་འབྲས་བུ་ལྷན་ཅིག་སྤྱོད་ཅེས་བྱ་བའི་དོན་ཏོ། །རྒྱུན་ཆགས་པ་ཞེས་བྱ་བ་ལ། རྒྱུན་དང་ལྡན་པ་ནི་རྒྱུན་ཆགས་པ་ཡིན་པའམ། ཡང་ན་རང་གི་དོན་ལ་འཕེལ་བ་བསྒྲུབས་པས་རྒྱུན་ཉིད་རྒྱུན་ཆགས་པའོ། །འབྲེལ་པ་ཅན་ནི་རྒྱུ་དང་འབྲས་བུ་འབྲེལ་པར་འབྱོར་པའོ། །

དེ་ནི་སྐལ་བ་མཉམ་པ་དང་། སྐལ་བ་མཉམ་པ་མ་ཡིན་པ་དང་། འབྲེལ་པས་འབྲེལ་ཅན་ཞེས་བྱའོ། །གང་གི་ཚེ་མ་རིག་པའི་ཡན་ལག་རྒྱུན་དང་ལྡན་པ་ལས་མ་རིག་པའི་ཡན་ལག་ཁོ་ན་འབྱུང་བ་དེ་ནི་སྐལ་བ་མཉམ་པའི་འབྲེལ་པ་ཅན་ནོ། །གང་གི་ཚེ་མ་རིག་པའི་

ཡན་ལག་ལས་འདུ་བྱེད་ཀྱི་ཡན་ལག་འབྱུང་བ་དེའི་ཚེ་སྐལ་བ་མཉམ་པ་མ་ཡིན་པའི་འབྲེལ་པ་ཅན་ཏེ། འདིར་ནི་སྐལ་བ་མི་མཉམ་པའི་འབྲེལ་པ་ཅན་ལ་མངོན་པར་འདོད་དོ། །གནས་སྐབས་ལ་ཡོད་པ་ནི་གནས་སྐབས་པ་སྟེ། བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔའི་གནས་

སྐབས་སོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་བཞི་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ལ་ཁ་ཅིག་ན་རེ་རྣམ་པར་རིག་བྱེད་ཀྱི་གཟུགས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོའི་ཞེས་ཟེར་རོ། །རྣམ་པར་བཤད་པ་འདི་ལ་ནི་

Vol. 144 · folio 289a

སྲིད་པ་དང་ཁྱད་པར་མེད་པར་འགྱུར་ཏེ། གང་གི་ཕྱིར། ལས་བྱེད་དེ་ནི་སྲིད་པ་ཡིན། །ཞེས་བྱ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ངེས་པར་དབང་པོ་དང་ལྷན་ཅིག་སྐྱེ་བ་ཁོ་ན་ལ་གཟུགས་སུ་གཟུང་ངོ་ཞེས་བྱ་བར་རྟོགས་སོ། །མིང་དང་གཟུགས་ལ་རྣམ་པར་

གནས་པའི་དབང་པོ་རྣམས་ནི་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་མིང་ལ་དབང་པོ་རྣམས་གནས་ཤེ་ན། དེ་ལ་རག་ལས་ཏེ་འཇུག་པའི་ཕྱིར་ཏེ། འདི་ལྟར་མིང་གི་དབང་གིས་དེའི་རྟེན་འབྱུང་བ་ཆེན་པོ་གནས་ཤིང་། དེ་བཏང་བས་དེ་མི་གནས་སོ། །ཡང་ན་དབང་པོ་རྣམས་ལ་བརྟེན་ནས་

མིང་འབྱུང་བའི་ཕྱིར་དེ་རྣམས་རྟེན་གྱི་ངོ་བོས་མིང་ལ་རྣམ་པར་གནས་སོ། །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ་ཞེས་བྱ་བ་ལ། འདིར་མིག་ལ་སོགས་པ་རྣམས་རང་གི་ཡུལ་ལ་འཇུག་ཅིང་འདུས་པ་ནི་རེག་པ་ཞེས་བྱ་སྟེ། ཅིག་ཅར་སྐྱེ་མཆེད་དྲུག་འདུས་པ་མི་སྲིད་པས་རེག་པ་ནི་ཇི་ལྟར་

སྲིད་པའི་སྒོ་ནས་ཡིན་པར་རིག་པར་བྱའོ། །དེ་དང་མཚུངས་པར་ལྡན་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆགས་པ་དེའམ། སྲེད་པའམ། མ་རིག་པ་དང་མཚུངས་པར་ལྡན་པའི་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་སོགས་པ་ཀུན་ནས་དཀྲིས་པ་རྣམས་ནི་ལེན་པའོ། །དེ་ནས་ཀུན་

ནས་བསླང་བའི་ཞེས་བྱ་བ་ནི་ཆགས་པས་ཀུན་ནས་བསླང་བ་སྟེ། དེ་ནི་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་ནི་མ་རིག་པས་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སེམས་པས་སོ་ཞེས་ཟེར་རོ། །ལུས་དང་ངག་གི་ལས་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་དང་། རྣམ་པར་

རིག་བྱེད་མ་ཡིན་པའོ། །སྐྱེ་བ་ནི་རེག་པའོ། །ཡོངས་སུ་སྨིན་པ་ནི་སྐད་ཅིག་མ་སྔ་མ་ལ་ལྟོས་ཏེ་གཞན་དུ་གྱུར་པ་ཉིད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སྐད་ཅིག་མ་ལ་ཡང་ཡོངས་སུ་སྨིན་པ་འདོད་དེ། འཇིག་པ་དང་མཐུན་པའོ། །ཞིག་པ་ནི་ཤི་བའོ་ཞེས་བྱ་བ་ལ། འཇིག་པ་

ནི་འཇིག་པ་ལ་མངོན་དུ་ཕྱོགས་པའོ། །ཁ་ཅིག་ན་རེ་སྲོག་གཅོད་པ་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱས་པ་ཡིན་ལ། ཞེ་སྡང་དང་འདོད་ཆགས་པ་གཉིས་ཀྱང་སྐད་ཅིག་གཅིག་ལ་སྲིད་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ནོར་འཕྲོག་པའི་ཞེས་བརྗོད་པར་བྱའོ་ཞེས་ཟེར་རོ། །

Vol. 144 · folio 289b

ངེས་པ་དེ་ནི་སེམས་གཞན་མེད་པ་ལ་དེ་ཡོངས་སུ་རྫོགས་པ་ན་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བཤད་ན། མི་དགེ་བ་གཟུགས་ཅན་ཐམས་ཅད་ལ་སྐད་ཅིག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་རྙེད་པར་འགྱུར་རོ། །རབ་ཏུ་བྱེད་པ་དག་ལས་ཇི་སྐད་དུ་ཞེས་བྱ་བ་

ལ། རབ་ཏུ་བྱེད་པ་དག་ལས་ཇི་ལྟར་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་བྱ་བ་སྟེ། དེ་ལ་འདུས་བྱས་ཀྱི་ཆོས་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འགག་པ་དང་ལྡན་པའི་ཕྱིར་ན་སྐད་ཅིག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འབྲེལ་པ་ཅན་ནི་རྒྱུ་དང་འབྲས་བུར་གྱུར་པའི་

སྐད་ཅིག་གཉིས་ཀ་འབྲེལ་པ་ལས་ཡིན་ནོ། །ཚེ་གསུམ་བར་ཆད་མེད་པར་འབྲེལ་པ་ལས་ཡིན་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཚེ་གསུམ་དང་འབྲེལ་པའི་ཕྱིར་ན་དེ་ཉིད་གནས་སྐབས་པ་དང་རྒྱུན་ཆགས་པ་ཞེས་བྱའོ། །བར་ཆད་མེད་པ་སྨོས་པ་ནི་ཆ་གསུམ་པ་འགྲུབ་

པར་བྱ་བའི་ཕྱིར་རོ། །འདི་ནི་གནས་སྐབས་པར་འདོད་ལོ། །ཞེས་བྱ་ལ་ལོ་ཞེས་བྱ་བའི་སྒྲ་ནི་ལུགས་གཞན་ཡིན་པར་བསྟན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་མདོ་སྡེ་པ་དག་རྒོལ་བར་བྱེད་ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །

ཞེས་བྱ་བ་ལ། སྔ་མའི་ཕུང་པོ་ལྔ་པོ་ཐམས་ཅད་ཅི་རིགས་པར་ཕྱི་མ་ཐམས་ཅད་ཀྱི་རྐྱེན་ཡིན་པ་དེའི་ཕྱིར་འདིར་རྒྱལ་པོ་རྒྱལ་བ་ལྟར་གཙོ་བོ་ཡིན་པའི་ཕྱིར་ཡན་ལག་བསྒྲགས་པར་ཤེས་པར་བྱའི་ཐམས་ཅད་རྐྱེན་དང་རྐྱེན་ཅན་དུ་གྱུར་པའི་ཕྱིར་ནི་མ་ཡིན་པའོ། །གཞན་དུ་

འབྱུང་ཞེས་བྱ་བ་ནི་མདོ་ལས་གསུངས་པའི་ཡན་ལག་བཅུ་གཉིས་ལས་གཞན་དུ་སྟེ། འདི་ལྟར་འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་འབྱུང་བའི་ཕྱིར་རོ། །འདུས་བྱས་སྨོས་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པར་གཟུང་ངོ་། །ཡན་ལག་བཅུ་གཉིས་

ཀྱིས་ནི་སེམས་ཅན་དུ་སྟོན་པ་ཁོ་ན་བསྡུས་ཀྱི་སེམས་ཅན་མ་ཡིན་པར་སྟོན་པ་ནི་མ་བསྡུས་སོ། །མདོ་ལས་གསུངས་པ་ནི་དགོངས་པ་ཅན་ཡིན་ནོ། །ཆོས་མངོན་པ་ལས་ནི་མཚན་ཉིད་པ་ཡིན་ཏེ་ཞེས་བྱ་བ་ལ། དགོངས་པ་ལས་བྱུང་བ་ནི་དགོངས་པ་ཅན་ཡིན་ལ། མཚན་ཉིད་

Vol. 144 · folio 290a

ལས་རྣམ་པར་གནས་པ་ནི་མཚན་ཉིད་པ་སྟེ། ཆོས་མངོན་པ་ལས་གསུངས་པ་ནི་མཚན་ཉིད་དང་འབྲེལ་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་ལྟ་ཡིན་དང་ཞེས་བྱ་བའི་དོན་ཏོ། །གནས་སྐབས་པ་དང་རྒྱུན་ཆགས་པ་དང་སེམས་ཅན་དུ་སྟོན་པ་ནི་མདོ་

ལས་གསུངས་པ་དགོངས་པ་ཅན་ནོ། །སྐད་ཅིག་པ་དང་འབྲེལ་པ་ཅན་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ནི་ཆོས་མངོན་པ་ལས་གསུངས་པ་མཚན་ཉིད་པའོ། །དེ་ཉིད་ཀྱི་ཕྱིར་ཆ་གསུམ་པ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་སྔོན་དང་ཕྱི་མའི་མཐའ་

དང་། བར་ལ་རྨོངས་པ་བཟློག་པའི་ཕྱིར་བསྟན་པའི་ཕྱིར་ཏེ། ཆ་ནི་ཆ་ཤས་སོ། །ཅི་བདག་ཅི་ཞིག་ཏུ་ནི་བྱུང་བར་གྱུར་ཞེས་བྱ་བ་ནི་ལྷའམ་འོན་ཏེ་མི་ཞིག་སྙམ་པའོ། །བདག་ཇི་ལྟར་བྱུང་བར་གྱུར་ཞེས་བྱ་བ་ནི། རྣམ་པ་གང་གིས་ཚུལ་གང་གིས་སོ། །ཅི་མ་འོངས་པའི་དུས་ན་

འབྱུང་བར་འགྱུར་རམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་འོན་ཏེ་འབྱུང་བར་མི་འགྱུར། ཅི་ཞིག་ཏུ་ནི་འབྱུང་བར་འགྱུར། །ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བའོ། །འདི་ཅི་ཞིག་ཡིན་ཞེས་བྱ་བ་ནི་ལུས་ཀྱི་རྫས་ཚོལ་བའོ། །འདི་ཇི་ལྟར་

ཡིན་ཞེས་བྱ་བ་ནི་རྣམ་པ་གང་གིས་ཏེ་ཚུལ་གང་ཞིག་ཏུ་ཡིན་ཞེས་བྱ་བའོ། །ལུས་ཀྱི་རྫས་ངེས་པར་མ་ཟིན་པ་ནི་ཡོད་པ་ནི་ཅི་ཞིག་ཡིན་ཞེས་བྱ་བ་སྟེ། བདག་ཅག་ད་ལྟར་ཡོད་པ་ནི་ཅི་ཞིག་ཡིན། འགྱུར་བ་ནི་ཅི་ཞིག་ཡིན་ཞེས་དེ་ལྟར་མ་ངེས་པའོ། །མ་རིག་པ་དང་འདུ་བྱེད་

རྣམས། ཞེས་བྱ་བ་ལ། ཅི་ཞེ་ན། སྔོན་གྱི་མཐའ་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐའ་འོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་བར་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་རོ། །འདི་ལྟར་མདོ་ཉིད་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་

གི་ཕྱིར་མདོ་དེ་ཉིད་ལས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ནི་འདུ་བྱེད་ལ་སོགས་པ་དག་གོ། །ཡང་དག་པའི་

Vol. 144 · folio 290b

ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །སྔོན་གྱི་མཐའ་ལ་འབྲང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་འབྲས་བུ་འབྲེལ་པར་ཁོང་དུ་

ཆུད་པའི་ཕྱིར་དང་། ཆོས་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་རོ། །སྲེད་པ་དང་ལེན་པ་དང་། སྲིད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲེད་པ་ལ་སོགས་པ་འདི་དག་ནི་བར་གྱི་སྲིད་པ་ཡིན་ཡང་ཕྱི་མའི་མཐའ་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་ཡིན་ཏེ། དེའི་རྒྱུ་ཡིན་པའི་

ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་དག་གིས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་རྣམས་ཀྱང་དེའི་འབྲས་བུ་ཡིན་པའི་ཕྱིར་སྔོན་གྱི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་ཡིན་པའམ། ཡང་ན་མ་རིག་པ་དང་འདུ་བྱེད་རྣམས་ཀྱང་དེའི་རྒྱུ་ཡིན་པའི་ཕྱིར་བར་ལ་

རྨོངས་པ་བཟློག་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་ཁས་བླང་བར་བྱ་དགོས་ལ། དེ་ལྟ་ན་ཡང་འདས་པའམ་བར་གྱི་ཆ་ཡོད་པ་མ་ཡིན་པས་མདོ་དང་འགལ་ཏེ། དེ་ལྟ་བས་ན་སྔ་མ་ཉིད་ཁ་ན་མ་ཐོ་བ་མེད་དོ། །ཉོན་མོངས་གསུམ་མོ་ཞེས་བྱ་བ་ལ། མ་རིག་པ་ནི་ད་ལྟར་གྱི་སྐྱེ་བའི་

རྒྱུ་ཡིན་ལ། སྲེད་པ་དང་ལེན་པ་ནི་མ་འོངས་པའི་སྐྱེ་བའི་རྒྱུ་ཡིན་ནོ། །ལས་གཉིས་སོ་ཞེས་བྱ་བ་ནི་ད་ལྟར་དང་མ་འོངས་པའི་སྐྱེ་བའི་རྒྱུ་འདུ་བྱེད་དང་སྲིད་པ་ཞེས་བྱ་བའོ། །ཡན་ལག་བདུན་པོ་ཞེས་བྱ་བ་ལ། ད་ལྟར་བའི་སྐྱེ་བ་ལ་ནི་རྣམ་པར་ཤེས་པ་ལ་སོགས་པ་ཚོར་

བའི་མཐར་ཐུག་པ་ལྔའོ། །མ་འོངས་པའི་སྐྱེ་བ་དང་རྒ་ཤི་དང་གཉིས་སོ། །ཡང་ཅིའི་ཕྱིར་འདི་དག་བཞི་ཞེས་བྱ་ཞེ་ན། ལས་དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ལས་དང་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

བཞིན་འབྲས་བུ་ཡིན་ཞེས་བྱ་བ་ལ། ཡན་ལག་བདུན་ཁོ་ན་འབྲས་བུ་ཡིན་ཏེ། །སྔོན་གྱི་མཐའ་པའི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང་། ཕྱི་མའི་མཐའ་པའི་སྐྱེ་བ་དང་རྒ་ཤིའོ། །ལྷག་མ་ལྔ་ནི་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པའི་རང་བཞིན་ཉིད་ཀྱིས་རྣམ་པར་

Vol. 144 · folio 291a

སྨིན་པ་འཕེན་པའི་ཕྱིར་རོ། །གཞི་རྣམ་པ་ལྔ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་ལ་ཞེས་བྱ་བ་དེ་ལྟ་བུའོ། །ཉོན་མོངས་པ་རྣམ་པ་གཉིས་ཐ་དད་པ་ཞེས་བྱ་བ་ནི་སྲེད་པ་དང་།

དེའི་རྐྱེན་གྱིས་ལེན་པ་སྟེ། དེ་ལྟར་ན་བར་དུ་རྒྱུ་དང་འབྲས་བུ་གཉིས་རྒྱས་པ་ཡིན་ནོ། །ཡང་ཇི་ལྟར་སྲེད་པ་འདི་ལེན་པ་ཡིན་པ་བཞིན་དུ་ལོགས་ཤིག་ཏུ་རྣམ་པར་གཞག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྲེད་པའི་སྐད་ཅིག་མ་དང་པོ་ནི་སྲེད་པའི་སྒྲས་བརྗོད་ལ། རྒྱ་ཆེ་བ་ནི་

ལེན་པའི་སྒྲས་བརྗོད་དེ། རྒྱུན་གྱི་སྒོ་ནས་ཡུལ་ཆེས་དམ་པོར་འཛིན་པའི་ཕྱིར་རོ། །མ་འོངས་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་དང་དེའི་རྐྱེན་གྱིས་རྒ་ཤི་སྟེ། དེ་ལྟར་ན་འབྲས་བུ་མདོར་བསྡུས་པ་ཡིན་ནོ། །ཉོན་མོངས་པ་སྒོ་གཅིག་ཏུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི། མ་

རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་འབྱུང་བས། མ་རིག་པའི་སྒོ་གཅིག་པུས་ཉོན་མོངས་པ་ཐམས་ཅད་བསྟན་པའི་ཕྱིར་ཏེ། རྒྱུ་མདོར་བསྡུས་པ་ཡིན་ནོ་ཞེས་བྱ་བར་སྙེགས་སོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་ཡང་སྐབས་སུ་བབ་པ་ཡིན་པའི་ཕྱིར་ཐམས་ཅད་དང་སྦྱར་བར་བྱའོ། །

ལས་ནི་སྔོན་གྱི་མཐའ་དང་བར་དུ་ཡང་མདོར་བསྡུས་པ་ཉིད་དུ་བསྟན་པས་རྣམ་པར་མི་དཔྱད་དོ། །ཡང་དོན་མེད་པའི་འབད་པ་མ་བྱས་སོ་ཞེས་བྱ་བ་ལ། བར་དུ་རྒྱུ་རྒྱས་པར་བསྟན་པས་སྔོན་གྱི་མཐར་ཡང་རྒྱུ་རྒྱས་པ་དང་། འབྲས་བུ་རྒྱས་པར་བསྟན་པས་ཕྱི་མའི་མཐར་ཡང་འབྲས་བུ་

རྒྱས་པར་རྟོགས་པར་ནུས་པ་ཉིད་དོ། །གང་གི་ཕྱིར་སྐྱེ་བ་ཐམས་ཅད་ལྟོས་པའི་བྱེ་བྲག་ལས་སྔོན་དང་བར་དང་ཕྱི་མ་ཡིན་ཏེ། དེའི་ཕྱིར་སྔོན་དང་ཕྱི་མའི་མཐའ་གཉིས་སུ་འབྲས་བུ་རྒྱས་པར་བརྗོད་པ་དོན་མེད་པར་འགྱུར་བས། ཡང་བརྗོད་པའི་འབད་པ་དེ་ན་མེད་དོ། །གལ་ཏེ་རྟེན་

ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཁོ་ན་ཡིན་ན་ཞེས་བྱ་བ་རྒྱས་པར་སྨྲས་པ་ལ། ཡན་ལག་ལྔ་ནི་རྒྱུ་ཡིན་ལ། བདུན་འབྲས་བུ་ཡིན་པས་དེ་ལྟར་ཡན་ལག་བཅུ་གཉིས་ཁོ་ནར་འགྱུར་ཏེ། རྒྱུ་དང་འབྲས་བུ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་ན་མ་རིག་པ་ལ་རྒྱུ་

Vol. 144 · folio 291b

མེད་པའི་ཕྱིར་འཁོར་བ་ཐོག་མ་དང་ལྡན་པར་ཐལ་བར་འགྱུར་ལ། རྒ་ཤི་ལ་འབྲས་བུ་མེད་པའི་ཕྱིར་མཐའ་དང་ལྡན་པར་ཡང་འགྱུར་ཏེ། དེའི་ཕྱིར་གཉེན་པོ་མེད་པ་ཁོ་ན་སྲེད་པ་མེད་པར་ཐལ་བར་འགྱུར་རོ། །མ་རིག་པ་ལས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ། ཅི་ཞེ་ན།

ཉོན་མོངས་པ་ལས་ལས་སྐྱེའོ་ཞེས་དང་རྒ་ཤི་གཉིས་ཀྱི་རྒྱུ་དང་འབྲས་བུ་ཁས་ལེན་ན་ཡང་ཡན་ལག་ལྷག་པས་བསྟན་པ་མ་ཚང་བ་ཉིད་དང་། རྒྱུ་དང་འབྲས་བུ་དག་ཐུག་པ་མེད་པར་ཐལ་ལོ་ཞེ་ན། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་ཞེས་བྱ་བ་རྒྱས་པར་

འབྱུང་ངོ་། །མ་རིག་པ་ལས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ། ཅི་ཞེ་ན། ཉོན་མོངས་པ་ལས་ལས་སྐྱེའོ་ཞེས་བྱ་བར་སྟོན་ཏོ། །སྲིད་པ་ལས་སྐྱེ་བའོ་ཞེས་བྱ་བ་ལ། ཅི་ཞེ་ན། ལས་ལས་གཞི་སྐྱེའོ་ཞེས་བྱ་བའོ། །གཞི་འམ་ཉོན་མོངས་པ་ལས་ཞེས་བྱ་བ་ལ། ཚེ་འདིའི་

སྲེད་པ་དང་ལེན་པ་གང་ཡིན་པ་དེ་ནི་འདས་པའི་དུས་ན་མ་རིག་པ་ཡིན་པར་བཤད་དེ། དེས་ན་མ་རིག་པ་གཞི་འམ་ཉོན་མོངས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བར་གྲུབ་བོ། །གཞི་ལས་ཀྱང་ཉོན་མོངས་པ་འབྱུང་ངོ་ཞེས་བྱ་བ་ནི་སྲེད་པ་སྟེ། འདི་ལྟར་ཚོར་བའི་རྐྱེན་གྱིས་

སྲེད་པ་ཡིན་པར་བཤད་ལ། རྒ་ཤི་ཡང་ཚོར་བ་ལ་ཐུག་པ་ཡིན་ཏེ། ཚོར་བའི་བར་ནི་རྒ་ཤི་ཡིན་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ནི། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་

ནི་སྲིད་པའི་ཡན་ལག་ལུགས། །ཞེས་ཇི་སྐད་བཤད་པའི་ཚུལ་གྱིས་སོ། །དེ་ལྟ་མ་ཡིན་ན་སྟེ། ཉོན་མོངས་པ་ལས་ཉོན་མོངས་དང་། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཇི་སྐད་བཤད་པའི་མི་བཞེད་པར་འགྱུར་ན་ནི་གང་གིས་ན་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་

འདི་ཞེས་གསུངས་པར་འགྱུར་བ། འདི་ནི་ནུས་པ་ཅི་ཞིག་ཡོད་པར་འགྱུར། དེའི་ཕྱིར་ཡན་ལག་གཞན་ཁ་བསྐང་མི་དགོས་ལ། ཐུག་པ་མེད་པར་མི་འགྱུར་ཞིང་། བསྟན་པ་མ་ཚང་བ་ཉིད་མ་ཡིན་ནོ། །གཞན་དག་ན་རེ་མདོ་གཞན་ལས་ཞེས་བྱ་བ་ལ་སོགས་པ་ལ།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words