ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 144 · folio 320a
བར་དུ་རྒྱས་པར་འབྱུང་བའོ། །ཉོན་མོངས་པ་དང་ལས་ཀྱི་གཞི་རྣམས་སོ་ཞེས་བརྟན་པ་ཞེས་བྱ་བ་ནི་ཉོན་མོངས་གསུམ་དང་ལས་གཉིས་སོ། །གཞི་བདུན་ཞེས་བྱ་བར་རོ། །ཉོན་མོངས་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་སྦྱར་
བར་བྱ་བའི་ཕྱིར་མདོ་རྩོམ་པའོ། །ཉོན་མོངས་པ་དང་། ལས་དང་། གཞི་འདི་དག་གི་སོ་སོའི་བྱེད་པ་ཕྱི་རོལ་གྱི་དཔེའི་སྒོ་ནས་བསྟན་པའི་ཕྱིར། འདིར་ནི་ཉོན་མོངས་ས་བོན་བཞིན། །ཞེས་བྱ་བ་རྒྱས་པར་སྨོས་སོ། །ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་
ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། ཉོན་མོངས་པ་ཡོད་ན་ལས་རྣམས་ཉེ་བར་སོགས་པར་འགྱུར་ལ། དེས་ན་དེ་ལས་སྐྱེས་པ་ཡིན་པས་ཉོན་མོངས་པ་ཡོད་ན་འགའ་ཞིག་གི་ཡང་སྐྱེ་བའི་མཚོ་སྐམས་པར་མི་འགྱུར་རོ། །ལས་རྣམས་ཀྱང་རྣམ་པར་སྨིན་པ་སྐྱེ་བར་བྱ་བ་ལ་དེ་
བཞིན་དུ་རིག་པར་བྱ་བའོ། །ཞེས་བྱ་བ་ནི་ཉེ་བའི་རྒྱུར་ཏེ། ཉོན་མོངས་པ་རྣམས་ནི་རིང་བ་ཡིན་ནོ། །ཐར་བར་མི་འགྱུར་རོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་ཡང་ཡང་སྲིད་པའི་རྒྱུ་ཡོད་པའི་ཕྱིར་རོ། །དེ་དག་ནི་བཤད་ཟིན་ཏོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། འདིར་གང་འཆི་དང་སྐྱེ་
བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །ཞེས་བྱ་བ་དང་། སྐྱེ་བའི་སྲིད་པ་ནི་འགྲོ་བ་དག་ཏུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་གོ་ཞེས་བྱ་བ་དང་། དེ་ཕན་ཆད་འཆི་བའི་སྐད་ཅིག་མ་གཏོགས་པ་གཞན་ནི་དུས་སྔ་མའི་སྲིད་པའོ། །གང་གི་འོག་ཏུ་སྲིད་པ་བར་མ་འབྱུང་
བ་ཐ་མའི་སྐད་ཅིག་མ་ནི་འཆི་བའི་སྲིད་པའོ། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་བྱ་བ་ནི་དགེ་བ་མ་ཡིན་ཞིང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་ཡིན་པ་སྟེ། དེའི་ཕྱིར་གཅིག་ཏུ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ་ཞེས་བསྟན་པར་འགྱུར་
རོ། །ཉོན་མོངས་པ་དམིགས་ཀྱིས་མ་ཕྱེད་པས་དྲི་བ་འདི་ཉོན་མོངས་པ་གང་གི་ཞེས་བྱ་བ་སྟེ། དེའི་ཕྱིར་ཉོན་མོངས་ཀུན་ཞེས་བྱ་བ་སྨོས་སོ། །ཅི་སྐྱེ་བའི་སྲིད་པ་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་དུ་འགྱུར་རམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན།
Vol. 144 · folio 320b
རང་གི་ས་པའི་ཉོན་མོངས་པ་རྣམས་ཁོ་ན་སྟེ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། གཏི་མུག་དང་། ལྟ་བ་དང་། ཐེ་ཚོམ་ཞེས་བྱ་བ་དག་གིས་སོ། །ཀུན་ནས་དཀྲིས་པ་ཆིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་
པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། གཉིད་ཅེས་བྱ་བ་ཀུན་ནས་དཀྲིས་པ་རང་དབང་བ་མ་ཡིན་པ་ཡོད་པས་དེའི་ཕྱིར་ཆིག་རྐྱ་ཐུབ་པ་རྣམས་ཀྱིས་ཞེས་ཁྱད་པར་དུ་བྱས་སོ། །མ་རིག་པ་ལས་
གཞན་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་མཚུངས་པར་མི་ལྡན་པས་ན་ཆིག་རྐྱ་ཐུབ་པ་དག་ཅེས་བྱ་སྟེ། ཕྲག་དོག་དང་སེར་སྣ་དང་། འགྱོད་པ་དང་། ཁྲོ་བ་དང་། འཚིག་པ་ཞེས་བྱ་བ་དང་། ལྔ་ལ་ཆིག་རྐྱ་ཐུབ་པ་རྣམས་ཞེས་བརྗོད་དོ། །ཉོན་མོངས་
པ་རྣམས་ཀྱིས་ཉིང་མཚམས་སྦྱོར་རོ་ཞེས་འབྱུང་བ་དང་། དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་གང་ཡང་རུང་བ་ཞིག་མངོན་དུ་འགྱུར་ཏེ། རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པའོ་ཞེས་གསུངས་པ་དང་། རང་དབང་བ་རྣམས་ནི་འདོད་ཆགས་ལ་
སོགས་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་མི་ལྡན་པའི་ཕྱིར་དེ་དག་གི་ཉིང་མཚམས་སྦྱོར་བ་དགག་གོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པས་རང་དབང་མ་ཡིན་པ་རྣམས་ཀྱིས་ནི་ཉིང་མཚམས་སྦྱོར་བ་མི་དགག་གོ། །གལ་ཏེ་
གནས་སྐབས་དེ་ནི་ཞེན་པ་མ་ཡིན་ནམ། ཇི་ལྟར་དེར་ལོག་པར་ལྟ་བ་ལ་སོགས་པ་དག་ཀུན་དུ་འབྱུང་ཞེ་ན། དེའི་ཕྱིར། གནས་སྐབས་དེ་ཞན་པ་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་མི་གཡེར་བའི་ཕྱིར་གནས་སྐབས་
དེ་ནི་ཞན་པ་ཡིན་ཞེས་བྱའོ། །གཞན་དག་ན་རེ་དེ་ན་ཚོར་བ་བཏང་སྙོམས་ཁོ་ན་ཡོད་པས་དེའི་ཕྱིར་ཞན་པ་ཞེས་བརྗོད་དོ་ཞེས་ཟེར་རོ། །གང་ཞིག་གིས་གང་ལ་ཡང་དང་ཡང་དུ་ཞེས་བྱ་བ་ནི་རྟག་ཏུ་ཞུགས་ཞེས་བྱ་བའི་དོན་ཏོ། །ཉེ་བར་ཞེས་བྱ་བ་ནི་འཆི་བ་དང་ཉེ་བར་ཏེ། སྤྱད་པ་
Vol. 144 · folio 321a
ཞེས་བྱ་བ་དང་སྦྱར་རོ། །དེའི་ཚེ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པའི་གནས་སྐབས་ནའོ། །ཉོན་མོངས་པ་དེ་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་གང་ལ་ཡང་དང་ཡང་དུ་ཉེ་བར་སྤྱད་པའོ། །སྔོན་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་གོམས་པས་དེའི་ཚེ་ཡང་རྣམ་
པ་དེ་ལྟ་བུའི་ཉོན་མོངས་པ་ཁོ་ན་ཉེ་བར་གནས་པའོ། །ཡང་ན་དེའི་ཚེ་ཉོན་མོངས་པ་གང་ཞིག་ཉེ་བར་གནས་པ་དེ་སྔར་འབྲས་བུའི་ངོ་བོར་ཉེ་བར་གཟུང་ཞིང་འཕངས་པ་སྟེ་འཕེན་པས་དེའི་ཚེ་ཉེ་བར་གནས་སོ། །སྲིད་པ་བར་མ་ཉིང་མཚམས་སྦྱར་བ་ན་ཡང་དེ་བཞིན་དུ་ཞེས་བྱ་བ་
ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །གཟུགས་མེད་གསུམ་ཞེས་བྱ་བ་ནི་གཟུགས་མེད་པ་ལ་གསུམ་ཁོ་ན་ཡིན་གྱི། གཟུགས་ལ་གསུམ་ནི་མ་ཡིན་ཏེ། གཟུགས་མེད་པ་དང་ལྡན་པའི་ལས་སྲིད་པ་བར་མའི་འབྲས་བུ་ཅན་ནི་ཡོད་པ་
མ་ཡིན་ནོ། །ཅིའི་ཕྱིར་སྲིད་པ་བར་མ་མེད་ཅེ་ན། དེའི་ཕྱིར་གཟུགས་མེད་པའི་ཁམས་ནི་ཞེས་བྱ་བ་སྨོས་སོ། །འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་བྱ་བ་འབྱུང་ངོ་། །ཡང་ཟས་རྣམས་གང་ཡིན་ཞིང་དུ་དག་ཅིག་ཡིན་ཞེ་ན། མདོ་ཉིད་ལས་ཟས་ནི་བཞི་སྟེ།
ཁམ་གྱི་ཟས་ནི་རགས་པ་དང་ཕྲ་བའོ། །རེག་པ་ནི་གཉིས་པའོ། །ཡིད་ལ་སེམས་པ་ནི་གསུམ་པའོ། །རྣམ་པར་ཤེས་པ་ནི་བཞི་པའོ་ཞེས་གསུངས་སོ། །ཁམ་གྱི་ཟས་ནི་རྣམ་པ་གཉིས་སོ་ཞེས་བསྟན་ཏོ། །དེ་ལ་ཕྲ་བ་གང་དག་གི་ཡིན་ཞེ་ན། ཕྲ་བ་ནི་སྲིད་པ་བར་
མ་པ་རྣམས་ཀྱི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྐལ་པ་དང་པོ་སྟེ་མི་རྣམས་ཀྱི་ཡང་ཡིན་ཏེ། རྒྱུ་མཐུན་པ་མེད་པའི་ཕྱིར་ཏེ་གཅིན་དང་ཕྱི་ས་མེད་པའི་ཕྱིར་རོ། །ཡང་ན་ཕྲ་མོ་རྣམས་ཀྱི་ཡིན་པས་ཕྲ་མོ་སྟེ་ཞེས་བྱ་བ་ལ། སྲོག་ཆགས་ཕྲ་མོ་རྣམས་ཀྱི་
ཟས་ནི་ཕྲ་མོའོ། །བྱིས་པ་ནི་སྐྱེས་མ་ཐག་པ་སྟེ། འོ་མ་དང་མར་ཟ་བའི་བར་རོ། །སོགས་པའི་སྒྲས་ནི་མངལ་ན་གནས་པ་བསྡུ་སྟེ། འདི་དག་ཡོངས་སུ་ཆད་པ་ཉིད་ཀྱི་ལྷག་མ་རྣམས་ཀྱིས་ནི་རགས་པ་ཉིད་དོ་ཞེས་བྱ་བ་གྲུབ་པོ། །ཡང་ཅི་འདི་རྣམས་ཐམས་ཅད་
Vol. 144 · folio 321b
ཁམས་ཐམས་ཅད་ན་ཡོད་དམ་ཞེ་ན། དེའི་ཕྱིར། ཁམ་གྱི་ཟས་ནི་འདོད་པ་ན། །ཞེས་བྱ་བ་སྨོས་ཏེ། ཁམ་གྱི་ཟས་ནི་འདོད་པ་ཁོ་ན་ན་ཡོད་པ་ཡིན་ཏེ། ཁམ་གྱི་ཟས་ཁོ་ན་ནི་མ་ཡིན་ཏེ། དེའི་འདོད་ཆགས་དང་བྲལ་བ་སྟེ། ཁམ་གྱི་ཟས་ཀྱི་འདོད་ཆགས་
དང་མ་བྲལ་བ་གཟུགས་དང་གཟུགས་མེད་པར་མི་སྐྱེ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་ཇི་སྲིད་དེར་མ་སྐྱེས་པ་དེ་སྲིད་དུ་ཟས་ཀྱིས་གནས་པ་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེར་ནི་ལུས་གནས་པས་ཕྱི་རོལ་གྱི་རྐྱེན་ལ་རག་
ལས་པ་མ་ཡིན་ནོ། །དེ་ཡང་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ་ཞེས་བྱ་བ་ནི་སྐྱེ་མཆེད་གསུམ་གྱི་ངོ་བོས་ཏེ། དྲི་དང་། རོ་དང་། རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཁམ་དུ་བྱས་ཏེ་མིད་པའི་ཕྱིར་ཁམ་གྱི་ཟས་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། དྲི་དང་།
རོ་དང་། རེག་བྱའི་སྐྱེ་མཆེད་རྣམས་ནི་འདོད་པའི་ཁམས་ན་སྣ་དང་ལྕེས་ཁམ་དུ་བཅད་ནས་ཁམ་དུ་བྱས་ཏེ་མིད་པའི་ཕྱིར་ཁམ་གྱི་ཟས་ཞེས་བརྗོད་ན། གྲིབ་མ་ལ་སོགས་པ་དག་ནི་ཁམ་དུ་བྱས་ནས་མིད་དེ་སྙམ་དུ་ཐེ་ཚོམ་ཟ་བས་འདྲི་བ་ནི། གྲིབ་མ་དང་། ཉི་མ་དང་།
མེ་དང་། འོད་དག་ལ་ཡོད་པའི་དྲི་དང་། རོ་དང་། རེག་བྱ་དེ་དག་ཇི་ལྟར་ཟས་ཉིད་ཡིན་ཞེས་བྱ་བའོ། །འདི་ནི་ཕལ་ཆེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདོད་པ་ན་སྤྱོད་པའི་དྲི་དང་། རོ་དང་། རེག་བྱ་དེ་དག་ནི་ཕལ་ཆེར་ཁམ་དུ་བཅད་ནས་མེད་པ་ན་གནས་
པ་འདྲེན་པར་བྱེད་མོད་ཀྱི་ཁམ་གྱི་ཟས་ཕྲ་བ་དེ་དག་ཀྱང་ཁྲུས་དང་ལུས་མཉེ་བ་བཞིན་དུ་དེའི་རིགས་ཅན་ཡིན་པའི་ཕྱིར་ཟས་ཉིད་ལས་མི་འདའ་བས་འགལ་བ་མེད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་ཏེ། གཟུགས་ཀྱི་སྐྱེ་མཆེད་ཀྱིས་རང་གི་དབང་པོ་ལ་མི་ཕན་པའི་ཕྱིར་དང་། གྲོལ་བ་
ལ་མི་ཕན་པའི་ཕྱིར་རོ། །གཟུགས་ཀྱི་སྐྱེ་མཆེད་ནི་མིད་པའི་ཚེ་ཞེས་བྱ་བ་ནི་མིད་པའི་དུས་ན་སྟེ། ཟས་ཀྱིས་གང་གི་ཚེ་ཁར་བཅུག་པ་དང་། སོས་མནལ་བ་དང་། མཆིལ་མས་བརླན་པ་དང་། མིད་པ་ལས་འདས་པར་གྱུར་པ་དེའི་ཚེ་སྣ་དང་། ལྕེ་དང་། ལུས་ཀྱི་དབང་
Vol. 144 · folio 322a
པོ་དག་གམ། དེ་དག་གིས་དྲི་ལ་སོགས་པ་རྣམས་འཛིན་པས་དེའི་རྟེན་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པ་དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་ནི་མིད་པའི་ཚེ་མ་ཡིན་ནོ། །གཟུགས་ཀྱི་སྐྱེ་མཆེད་ནི་རང་གི་དབང་པོ་སྟེ། མིག་གི་དབང་པོ་གང་ཡིན་པའམ།
དེའི་འབྱུང་བ་ཆེན་པོ་སྟེ་དབང་པོའི་རྟེན་འབྱུང་བ་ཆེན་པོ་གང་དག་ཡིན་པ་དེ་ལ་ཕན་མི་འདོགས་ན་དབང་པོ་གཞན་རྣ་བ་ལ་སོགས་པ་དག་ལ་ཕན་འདོགས་པ་ལྟ་སྨོས་ཀྱང་ཅི་དགོས། །ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣ་བ་ལ་སོགས་པ་དག་གི་ཡུལ་མ་ཡིན་པ་ཉིད་དོ། །གལ་ཏེ་
མིད་པའི་ཚེ་གཟུགས་ཀྱི་སྐྱེ་མཆེད་མིག་གིས་མ་བཟུང་བས་མིག་གི་དབང་པོ་ལ་ཕན་མི་འདོགས་ན། འོ་ན་ཟས་ཀྱི་ཚེ་མཐོང་བ་ན་ཕན་འདོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གང་གི་ཚེ་མཐོང་བ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལ་དམིགས་པ་ནི་མཐོང་བཞིན་པའི་གཟུགས་
ལ་དམིགས་པའོ། །ཡང་དེའི་ཚེ་ཡང་དེ་ལ་དམིགས་པ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་ཡིན་གྱི། གཟུགས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་ཤེ་ན། དེའི་ཕྱིར་གྲོལ་བ་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕྱིར་མི་འོང་བ་སྨོས་པ་
ནི་དེ་དག་ཀྱང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །མཐོང་བའི་གཟུགས་ཟས་ཀྱི་བྱ་བ་བྱེད་པ་ལ་ཇི་ལྟར་དྲི་དང་། རོ་དང་། རེག་བྱ་མིད་བཞིན་པ་དག་བཞིན་དུ་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་རྣམས་ལ་ཡང་བྱེད་པར་འགྱུར་ཏེ། འདི་སྐད་དུ་ཁམ་གྱི་
ཟས་ནི་ལག་ན་ཡོད་པའམ་སྣོད་ན་ཡོད་པས་ཟས་ཀྱི་བྱ་བ་མི་བྱེད་ཀྱི། འོན་ཀྱང་གང་གི་ཚེ་ཁར་བཅུག་པ་དང་། སོས་མནལ་བ་དང་། མཆིལ་མས་བརླན་པ་དང་། མིད་པར་འདས་པ་དང་། ཕོ་བ་ཁེངས་པར་གྱུར་པ་ཞེས་བྱ་བ་རྒྱས་པར་ཡིན་པ་དེའི་ཚེ་ཟས་ཉིད་ཀྱི་
ཆེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཏེ། ཟས་ཀྱི་དངོས་པོ་བྱེད་ཅེས་བྱ་བའི་དོན་ཏོ། །དེའི་གོང་བུ་མཐའ་དག་ལག་པ་ལ་སོགས་པ་ན་ཡོད་པ་ན་འབྱུང་བར་འགྱུར་བའི་མིང་གིས་ཁམ་གྱི་ཟས་ཞེས་བྱ་བའོ། །གཞན་ནི་གཟུགས་ཀྱི་སྐྱེ་མཆེད་ནི་ཟས་མ་ཡིན་ཏེ། ཕྲད་
Vol. 144 · folio 322b
ནས་འཛིན་པའི་དབང་པའི་ཡུལ་མ་ཡིན་པའི་ཕྱིར་སྒྲ་བཞིན་ནོ་ཞེས་ཟེར་རོ། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །ཞེས་བྱ་བ་ལ། ཁམ་གྱི་ཟས་སྐྱེ་མཆེད་གསུམ་གྱི་བདག་ཉིད་ཅན་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་པས་
གསུམ་པོ་ཁོ་ན་ཟག་པ་དང་བཅས་པས་ཁྱད་པར་དུ་བྱས་སོ། །སྲིད་པ་གསོ་བར་བྱེད་པའི་དོན་ནི་ཟས་ཀྱི་དོན་ཡིན་ཞེས་བྱ་བ་ལ། ཇི་ལྟར་ན་དེ་དག་སྲིད་པ་གསོ་བར་བྱེད་ཅེ་ན། མ་འཕངས་པ་འཕེན་པའི་ཕྱིར་དང་། འཕངས་པ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ཏེ། སྲིད་
པ་རྗེས་སུ་མི་གཅོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རེག་པ་དང་། སེམས་པ་དང་། རྣམ་པར་ཤེས་པ་ཟག་པ་མེད་པ་དེ་དག་ནི་སྲིད་པ་ཟད་པར་བྱ་བའི་ཕྱིར་སྐྱེས་པ་དག་ཡིན་ཏེ། སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་སྐྱེས་
ཟིན་པའི་སྲིད་པ་རྒྱས་པར་བྱེད་མོད་ཀྱི་སྲིད་པ་གཞན་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་ཟག་པ་དང་བཅས་པ་ཡིན་ཡང་ཁམས་དང་ས་སྐལ་བ་མི་མཉམ་པ་དག་ནི་ཟས་མ་ཡིན་ནོ། །སྐལ་བ་མི་མཉམ་པའི་ས་ན་ནི་རྒྱས་པའི་རྒྱུ་ཉིད་ཡིན་ན་ཡང་ཕྱི་མ་ལ་སྲིད་པ་
དེ་སྦྲེལ་བའི་རྒྱུ་མ་ཡིན་པའི་ཕྱིར་ཟས་མ་ཡིན་ནོ། །གཞན་ཡང་མདོ་ལས་ཟས་བཞི་པོ་འདི་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་གནས་པ་ནི་མི་འཆད་པའོ། །འཚོ་བ་ནི་རྒྱུན་ཆགས་སུ་རྗེས་སུ་འཇུག་པའོ། །ཡང་ན་ནི་སྔ་མའི་བཤད་པ་ཕྱི་མ་ཡིན་
ནོ། །ཕན་པར་བྱེད་པ་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པའོ། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་པས་ཞེས་བྱ་བ་ནི་རྒྱུན་མི་འཆད་པའམ་ཡང་སྲིད་པ་མངོན་པར་འགྲུབ་པ་མ་ཡིན་པ་སྟེ། དེའི་ཕྱིར་རེག་པ་ལ་སོགས་པ་རྣམས་ནི་ཟག་པ་དང་བཅས་པ་ཁོ་ན་
ཟས་ཡིན་གྱི་ཟག་པ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་མདོ་ལས་ཁོང་དུ་ཆུད་དོ། །རེ་ཞིག་བྱུང་བ་ནི་ཞེས་བྱ་བ་ལ། བྱུང་བ་ནི་སྐྱེས་པ་དང་མངོན་པར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །ཡིད་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ཡིད་ཙམ་ལས་སྐྱེས་པའི་ཕྱིར་ཏེ། དེ་ལྟར་ན་ཡིད་ཁོ་ན་སྨོས་
Vol. 144 · folio 323a
པ་འབྲས་བུ་དང་བཅས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར་ཕྱིའི་ཁུ་ཆུ་དང་ཁྲག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཅིན་དང་ཕྱི་ས་དང་འདམ་རྫབ་ལ་སོགས་པ་རྣམས་བསྡུའོ། །དྲི་ཟ་བའི་ཕྱིར་ན་
ཞེས་བྱ་བ་ནི་དྲི་ཟ་བ་དང་དྲི་ཟས་སུ་ཟ་བའི་ཕྱིར་ན་ཞེས་བྱ་བའི་དོན་ཏོ། །སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ། མ་སྐྱེས་པས་ཕལ་ཆེར་སྐྱེ་བ་ལ་གཞོལ་བ་ནི་སྲིད་པ་ཚོལ་བའི་ངང་ཚུལ་ཅན་ནོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་ཞེས་བྱ་བ་ལ། དེའི་དོན་དུ་
མངོན་པར་གྲུབ་པའི་ཕྱིར་དང་། དེ་མ་ཐག་ཏུ་སྐྱེ་བའི་ཕྱིར་ན་སྐྱེ་བོ་ལ་མངོན་དུ་ཕྱོགས་པའོ། །མདོ་ལས་གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས་ཞེས་བྱ་བ་འབྱུང་སྟེ། སྲིད་པ་བར་མ་མངོན་པར་འགྲུབ་པ་ཡིན་ནོ་ཞེས་བྱ་བ་ལ། ཁུངས་ནི་གནོད་པ་དང་བཅས་པའི་
འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ཏེ། གང་གི་ཕྱིར་སྔར་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བའི་ཕྱིར་རོ། །མུ་བཞི་གསུངས་པའི་ཕྱིར་ཅི་ཡིན་ཞེ་ན། སྲིད་པ་བར་མ་མངོན་པར་གྲུབ་པར་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །མུ་དང་པོ་ནི་
ཕྱིར་མི་འོང་བ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བའོ། །གཉིས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པའོ། །གསུམ་པ་ནི་དགྲ་བཅོམ་པའོ། །བཞི་པ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་གཟུགས་སུ་ཉེ་བར་འགྲོ་བ་
དང་། །བདག་ཅག་ལ་སོགས་པ་རྣམས་སོ། །འཇིག་རྟེན་པ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བ་ཡང་མངོན་པར་འགྲུབ་པའི་སྦྱོར་བ་སྤངས་པ་མ་ཡིན་པ་ཉིད་དོ། །དེ་དག་གང་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་
ན་བྱུང་བ་ནི་དགྲ་བཅོམ་པའོ་ཞེས་བྱ་བ་ནི་བྱུང་བ་དང་སྐྱེས་ཟིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །སྲིད་པ་ཚོལ་བ་ནི་མ་ཡིན་ཏེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྲིད་པ་ཚོལ་བ་རྣམས་ནི་སྲེད་པ་དང་བཅས་པ་དག་གོ་ཞེས་བྱ་བ་ལ། དེ་དག་ནི་འདོད་
Vol. 144 · folio 323b
ཆགས་དང་མ་བྲལ་བའི་ཕྱིར་སྲིད་པ་ཚོལ་བ་ཡིན་ནོ། །ཡང་ཟས་དུ་ཞིག་ན་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡིན་ཞེས་བྱ་བ་ནི་སེམས་ཅན་སྐྱེས་པ་རྣམས་གནས་པའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །དུ་ཞིག་ནི་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ཞེས་བྱ་བ་
ནི་ཡང་སྲིད་པ་ཚོལ་བ་རྣམས་ཀྱི་ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཀྱང་གཉིས་ཀ་ཡིན་ནོ་ཞེས་བྱ་བའི་ཟས་བཞི་ཆར་ཡང་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་། སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་འདོགས་པར་
བྱེད་པ་ཡིན་ནོ་ཞེས་བྱ་བའོ། །ཡིད་ལ་སེམས་པ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་ལ། དེ་དང་མཚུངས་པར་ལྡན་པའི་རིགས་པ་དང་། རྣམ་པར་ཤེས་པ་ནི་དེ་དང་འབྲས་བུ་གཅིག་པའི་ཕྱིར་དང་། དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་
ལ་རག་ན། ཁམ་གྱི་ཟས་ཀྱི་བདག་ཉིད་མ་ཡིན་ཞིང་ལུང་དུ་མ་བསྟན་པ་གོ་ཇི་ལྟར་སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་འདོགས་པར་བྱེད་པར་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་ཁམ་གྱི་ཟས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དོན་འདི་ནི་ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཟས་
བཞི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་དང་འབྲས་དང་ཟུག་རྔུ་དང་རྒ་ཤི་རྣམས་ནི་མདོ་འདི་ལས་ཡང་འབྱུང་བའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རྣམ་གྲངས་ཀྱི་ཚིག་ཏུ་གསུངས་ཏེ། ཟུག་རྔུའི་རྩ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་འབྱུང་བའི་རྒྱུ་ནི་ཟས་བཞི་སྟེ། རྩ་བ་
དང་རྒྱུ་དང་བྱེད་རྒྱུ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་མདོ་ལས་ཁམ་གྱི་ཟས་ཀྱང་དེ་ལ་ཆགས་པ་རྣམས་ཀྱི་ཡང་འབྱུང་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གཞན་དག་ནི་རྒ་ཤིའི་རྐྱེན་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་དཔེར་བརྗོད་པ་ཡིན་ཏེ་བདག་འདིའི་འོག་རོལ་
དུ་རྒ་ཤི་རྣམ་པར་གཞག་པའི་ཕྱིར་རོ་སྙམ་དུ་སེམས་སོ། །འདིར་ཁམ་གྱི་ཟས་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་མངོན་སུམ་གྱིས་མཐོང་ལ། དེ་བཞིན་དུ་བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་། དེ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་
Vol. 144 · folio 324a
པ་ཡང་སེམས་ཅན་བྱུང་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ལ་རག་ན། ཡིད་ལ་སེམས་པ་ནི་ཇི་ལྟར་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་ཡིད་ལ་སེམས་པ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དྲུང་དུ་སོང་སྟེ་ཞེས་བྱ་བ་ནི་དྲུང་དུ་
རབ་ཏུ་སོང་བའོ། །འགྲོ་བའི་རྣམ་གྲངས་ལས་ཀྱང་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ཞིག་ལས་སོ། །ཆོས་མངོན་པའི་བསྟན་བཅོས་ནི་དྲུག་སྟེ། ཡེ་ཤེས་ལ་འཇུག་པ་དང་། རབ་ཏུ་བྱེད་པའི་རྐང་པ་དང་། རྣམ་པར་ཤེས་པའི་ཚོགས་དང་། ཡང་དག་པར་འགྲོ་
བའི་རྣམ་གྲངས་དང་། གདགས་པའི་བསྟན་བཅོས་དང་། ཆོས་ཀྱི་ཕུང་པོའོ། །འདི་སྐད་དུ་སྒོ་ང་གང་དག་གིས་མ་ལས་བརྩམས་ནས་དྲན་པས་མི་བརྗེད་པ་ཞེས་བྱ་བ་འབྱུང་ངོ་། །ལུས་ནུར་ནུར་པོར་གྱུར་པ་དེ་དག་ལ་མའི་ཡུལ་ཅན་གྱི་དྲན་པ་ཡོད་དོ་ཞེས་ཇི་ལྟར་བརྗོད་པར་
བྱ། དེ་ཉིད་ཀྱི་ཕྱིར་ན། འགྲོ་བའི་རྣམ་གྲངས་ལས་མ་དག་གི་སྒོ་ང་ལས་བརྩམས་ཏེ་ཞེས་འདོན་ཏེ། སྒོ་ང་དག་ལ་དྲན་པ་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་རེག་པའི་གནས་སྐབས་དེ་དྲན་པས་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྲིད་པ་
རྗེས་སུ་འཇུག་པར་གནས་པའི་བྱེད་རྒྱུ་ཡིན་པའི་ཕྱིར་སྲིད་པ་རྣམས་གསོ་བར་བྱེད་པ་དག་མ་ཡིན་ཞེ་ན། གཙོ་བོར་བཤད་དེ་ཟས་བཞི་ཞེས་བྱ་བར་སྦྱར་རོ། །རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་དེ་ཞེས་གཙོ་བོའི་སྒོ་ནས་སྟོན་པ་ཡང་མཐོང་སྟེ། ཚུལ་
ཁྲིམས་རྣམ་པར་དག་པ་ལ་སོགས་པ་དག་ཀྱང་དེ་སྐྱེ་བའི་རྒྱུ་མ་ཡིན་པ་ནི་མ་ཡིན་ནོ། །བཞི་པོ་འདི་དག་ཉིད་ད་ལྟར་བའི་སྐྱེ་བ་གསོ་བ་དང་མ་འོངས་པའི་སྐྱེ་བ་འཕེན་པ་དང་གྲུབ་པ་དག་ལ་གཙོ་བོ་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར་འདི་ལ་གནས་དང་ནི། བརྟེན་པ་རྒྱས་པའི་དོན་དུ་
གཉིས། །ཞེས་བྱ་བ་རྒྱས་པར་སྨོས་སོ། །གསོ་བར་བྱ་བ་དང་བསྐྱེད་པར་བྱ་བའི་ཆོས་ནི་གཉིས་ཏེ། གཟུགས་དང་མིང་ངོ་། །དེ་ལ་གཟུགས་ནི་རྟེན་ཏེ་དབང་པོ་དང་བཅས་པའི་ལུས་སོ། །མིང་ནི་བརྟེན་པ་སྟེ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་ལ་རྟེན་
Vol. 144 · folio 324b
རྒྱས་པར་བྱེད་པ་ནི་ཁམ་གྱི་ཟས་ཏེ་འདོད་པ་ན་སྤྱོད་པའི་གཟུགས་ནི་དེ་ལ་བརྟེན་པའི་ཕྱིར་རོ། །བརྟེན་པ་རྒྱས་པར་བྱེད་པ་ནི་རེག་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེས་འཚོ་བའི་ཕྱིར་ཏེ། དེ་སྐད་དུ་ཡང་ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་
པོ་གང་ཅི་ཡོད་པ་དེ་ཐམས་ཅད་ནི་རིག་པ་ལ་བརྟེན་ནས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཡིད་ལ་སེམས་པས་ནི་མིང་དང་གཟུགས་ཀྱི་བདག་ཉིད་ཀྱི་སྲིད་པ་འཕེན་པར་བྱེད་དེ། ཡིད་ལ་སེམས་པ་ནི་ཡང་སྲིད་པ་འཕེན་པའི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་
འཕེན་པར་བྱེད་ཅེ་ན། རྒྱུ་དེ་སྐྱེ་བ་དང་མཐུན་པར་གནས་པར་བྱེད་པའི་ཕྱིར་རོ། །ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་ཞེས་བྱ་བ་ལ་སོགས་པ་ལ། བསྒོས་པ་ནི་ལས་ཀྱིས་འཕངས་པའི་ཡང་སྲིད་པ་བསྐྱེད་པའི་ནུས་པ་སྟེ། འདི་ལྟར་སྲིད་པས་
ནི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་བརླན་པར་བྱེད་ལ། དེས་ནི་མིང་དང་གཟུགས་གཞན་མངོན་པར་གྲུབ་པར་བྱེད་དེ། བརླན་གྱིས་རྗེས་སུ་ཟིན་པའི་ས་བོན་གྱིས་མྱུ་གུ་འགྲུབ་པར་བྱེད་པ་བཞིན་ནོ། དེ་ཉིད་ཀྱི་ཕྱིར་ལས་ནི་སྐྱེ་བའི་རྒྱུ་ཡིན་ལ།
སྲིད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བཤད་དོ། །སྔ་མ་གཉིས་ནི་སྐྱེས་ཟིན་པ་གསོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །མ་མ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཁམ་དང་རེག་པ་གཉིས་སོ། །ཇི་ལྟ་ཞེ་ན། སྐྱེས་ཟིན་པ་གསོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཕྱི་མ་གཉིས་ནི་
སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མ་ལྟ་བུ་དག་ཡིན་ནོ། །མུ་བཞི་སྟེ་ཞེས་བྱ་བ་ལ། ཁམ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད། ཟས་ཡིན་ལ་ཁམ་མ་ཡིན་པ་ཡང་ཡོད། གཉིས་ཀ་ཡིན་པ་ཡང་ཡོད། གཉིས་ཀ་མ་ཡིན་པ་ཡང་ཡོད་དེ། མུ་དང་པོ་ནི་ཁམས་
གང་ལ་བརྟེན་ནས་དབང་པོ་རྣམས་ཉམས་པར་འགྱུར་ལ་འབྱུང་བ་ཆེན་པོ་རྣམས་ཀྱང་ཡོངས་སུ་འཇིག་པར་འགྱུར་བ་སྟེ། དཔེར་ན་དུག་ཟ་བ་ལ་སོགས་པ་ལྟ་བུའོ། །མུ་གཉིས་པ་ནི་ཁམ་ལས་གཞན་པའི་ཟས་གསུམ་དག་གོ། །མུ་གསུམ་པ་ནི་ཁམ་གང་ལ་བརྟེན་ནས་
Vol. 144 · folio 325a
དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་ཆེན་པོ་རྣམས་ཀྱང་འཕེལ་བར་འགྱུར་བ་སྟེ། དཔེར་ན་ཟས་ཡིད་དུ་འོང་བ་ལྟ་བུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་སྒྲ་དང་ཚོར་བ་སྡུག་བསྔལ་དང་ལྡན་པའི་སེམས་དང་སེམས་
ལས་བྱུང་བ་ཐམས་ཅད་དོ། །དེ་བཞིན་དུ་རེག་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་མུ་བཞིར་བྱའོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟ་ཞེ་ན། གང་ལ་ལ་རེག་པ་ཡིན་པ་དེ་ཐམས་ཅད་ཟས་ཀྱང་ཡིན་ནམ་ཞེ་ན་ཞེས་བྱ་བ་རྒྱ་ཆེར་ཏེ། མུ་དང་པོ་ནི་རེག་པ་གང་ལ་བརྟེན་ནས་དབང་པོ་
རྣམས་ཉམས་པར་འགྱུར་ལ་འབྱུང་བ་ཆེན་པོ་རྣམས་ཀྱང་ཡོངས་སུ་འཇིག་པར་འགྱུར་བའོ། །གཉིས་པ་ནི་རེག་པ་ལས་གཞན་པའི་ཟས་གསུམ་དག་གོ། །གསུམ་པ་ནི་རེག་པ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་ཆེན་པོ་རྣམས་ཀྱང་
འཕེལ་བར་འགྱུར་བའོ། །བཞི་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། །དེ་བཞིན་དུ་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པར་མུ་བཞི་ཡང་བརྗོད་པར་བྱ་སྟེ། ཟས་ཐམས་ཅད་མུ་བཞི་དང་ལྡན་པ་ཡིན་ནོ། །དེ་ཡིན་དོན་མིན་བྱེད་དེ་གཞན། །ཡོན་
ཏན་བྱེད་དང་དང་པོ་སྟེ། །གསུམ་ནི་དེ་བཞིན་བཞི་པ་ནི། །དེ་བཞིན་ཡོན་ཏན་མེད་པའོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རེག་པ་ལ་སོགས་པ་དབང་པོ་རྒྱས་པའི་རྒྱུ་དང་འབྱུང་བ་ཆེན་པོ་འཕེལ་བའི་རྒྱུ་རྣམས་ཁྱད་པར་མེད་པར་ཟས་ཉིད་དུ་བཤད་པ་དེའི་
ཕྱིར་རེག་པ་ལ་སོགས་པ་ལ་བརྟེན་ནས་ཞེས་བྱ་བ་རྒྱ་ཆེར་དྲིས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པ་དང་སེམས་པ་གཉིས་བསྡུ་འོ། །ཡོད་དེ་གཞན་གྱི་ས་པ་དང་ཟག་པ་མེད་པ་རྣམས་སོ་ཞེས་བྱ་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། རེག་པ་ལ་
སོགས་པ་རང་གི་ས་པ་རྣམས་ཁོ་ན་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་ན་ཟས་ཡིན་གྱི། གཞན་གྱི་ས་པ་དང་ཟག་པ་མེད་པ་རྣམས་ནི་མ་ཡིན་ནོ། །ཁམ་གང་ལ་བརྟེན་ནས་དབང་པོ་ཉམས་པར་འགྱུར་ལ་ཞེས་བྱ་བ་འབྱུང་བ་དེའི་ཕྱིར་གང་ཞིག་ཟོས་ནས་གནོད་པར་བྱེད་པ་
Vol. 144 · folio 325b
དེས་ཟས་མ་ཡིན་པ་ཉིད་དུ་ཐལ་བས་དེའི་ཕྱིར་གང་ཞིག་ཟོས་ནས་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །འདི་ཉིད་ལ་རྒྱུ་སྨྲས་པ་ནི་དང་པོ་ཕན་འདོགས་པའི་ཕྱིར་རོ་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །བྱེ་བྲག་ཏུ་སྨྲ་བ་སྨོས་པ་ནི་མུ་བཞི་ལ་གནོད་པའི་ཕྱིར་རོ། །རྒྱས་པར་འགྱུར་བའི་ཟས་ལ་
དགོངས་ཏེ་གསུངས་པའི་ཕྱིར་འགལ་བ་མེད་དོ་ཞེས་བྱ་བ་ལ། རྒྱས་པར་འགྱུར་བའི་ཟས་ལ་དགོངས་པས་མུ་བཞིར་བཤད་པ་དང་རབ་ཏུ་བྱེད་པའི་ལས་ཟས་སུ་གསུངས་པ་མི་འགལ་ལོ། །ཉམས་པར་འགྱུར་བའི་ཟས་ནི་དམྱལ་བ་དག་ཏུ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཁམ་གྱི་
ཟས་ཀྱི་མཚན་ཉིད་ཐོབ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྨྲས་པ། བཀྲེས་པ་དང་སྐོམ་པ་འཇོམས་པར་ནུས་པ་ཉིད་ནི་ཁམ་གྱི་ཟས་ཀྱི་མཚན་ཉིད་ཡིན་ལ་དམྱལ་བ་དག་ན་ཡང་ལྕགས་ཀྱི་ཐུ་ལུམ་འབར་བ་དང་། ཟངས་བཞུན་མས་བཀྲེས་པ་དང་སྐོམ་པ་དག་འཇོམས་
པར་ནུས་པ་འདི་ཟས་ཉིད་དུ་མི་འགལ་ལོ། །ཇི་ལྟར་འཇོམས་ཤེ་ན། འཇོམས་སོ་ཞེས་ནི་མི་སྨྲའི། འོན་ཀྱང་འཇོམས་པར་ནུས་པ་ཡིན་ནོ། །གལ་ཏེ་འཇོམས་པར་ནུས་ན་ཇི་ལྟར་མི་འཇོམས་ཤེ་ན། གང་གིས་ན་འཇོམས་པར་མི་འགྱུར་བ་མེའི་ཁམས་ཤས་ཆེ་བའི་ཕྱིར་
རམ། སེམས་ཅན་རྣམས་ཀྱི་སྐལ་བ་མཉམ་པ་དེ་དང་འདྲ་བ་ཡིན་པས་སོ། །ཁམ་གྱི་ཟས་ཀྱི་ཞར་ལ་འདི་ཡང་དཔྱད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །འཛམ་བུའི་གླིང་ན་གནས་པ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་གང་ལ་ལ་འཛམ་
བུའི་ཚལ་ནས་འབབ་པ། དེ་ཐམས་ཅད་ནི་རྒྱ་མཚོར་གཞོལ་བ་རྒྱ་མཚོར་འབབ་པ་རྒྱ་མཚོར་བབ་པའོ་ཞེས་གསུངས་ཏེ། དེའི་ཕྱིར་འཛམ་བུའི་གླིང་ཉིད་ལ་འཛམ་བུའི་ཚལ་ཞེས་བསྙད་དོ། །ཟས་ཀྱི་སྐབས་སུ་བབ་པའི་ཕྱིར་སྐྱེས་པ་སྟོབས་དང་ལྡན་པ་དག་གོ་ཞེས་བྱ་བར་
ཤེས་ཀྱི་ནུར་ནུར་པོ་ལ་སོགས་པ་དག་ནི་མ་ཡིན་ནོ། །གཞན་དག་ན་རེ་སྐྱེ་བོ་ཆུང་ངུ་རྣམས་ནི་མ་ཡིན་ནོ་ཞེའོ། །དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རིགས་པ་དང་མ་འབྲེལ་བའོ། །ཅིའི་ཕྱིར་ཞེ་ན། གཅིག་ཅེས་གསུངས་པའི་ཕྱིར་ཏེ། གང་གིས་འཛམ་བུའི་ཚལ་ན་འདུག་པའི་
Vol. 144 · folio 326a
སོ་སོའི་སྐྱེ་བོ་གཅིག་ལ་ཞེས་བྱ་བའོ། །འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ལ། གལ་ཏེ་འདོད་ཆགས་དང་བྲལ་བ་ཉུང་ངུ་ལ་ཟས་བྱིན་ནས་བསོད་ནམས་མང་པོ་འགྱུར་ན་ནི་དེ་ལྟར་ན་ཁྱད་པར་ཡོད་པར་འགྱུར་རོ་སྙམ་དུ་དགོངས་ཏེ་མང་པོ་ལ་ཟས་བྱིན་
ནས་བསོད་ནམས་མང་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་མཚར་བ་ཅི་ཡོད། གཞན་དག་ན་རེ་བྱང་ཆུབ་སེམས་དཔའ་ཉེ་བ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་ལ་ཉེ་བར་ཞེས་བྱ་བའི་དོན་ཏེ། གང་ནས་བྱང་ཆུབ་སེམས་དཔའ་ཡིན། གང་ནས་མཚན་གྱི་ལས་བྱེད་པ་ཞེས་བྱ་བ་ཡིན་ནོ་
སྙམ་དུ་དགོངས་སོ། །འདི་ནི་མིང་ཡང་དོན་དང་མ་ཐུན་པ་མ་ཡིན་ལ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྟར་དོན་དང་རྗེས་སུ་འབྲེལ་པ་མ་ཡིན་པའོ། །འོ་ན་འོལ་ཕྱིར་མིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་མདོ་འམ་བསྟན་བཅོས་གང་ལས་ཀྱང་འཛམ་བུའི་ཚལ་དུ་རྟོགས་པ་ནི་ངེས་
པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པའོ་ཞེས་འོལ་ཕྱིར་མ་བཤད་པས་ཞེས་བྱ་བ་སྨོས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཞིང་དང་གྲོང་གཟིགས་སུ་གཤེགས་པས་འཛམ་བུའི་ཤིང་གི་དྲུང་དུ་བཞུགས་ཏེ། བསམ་གཏན་དང་པོ་བསྐྱེད་དོ། །
དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་པར་རིགས་སོ། །བྱང་ཆུབ་སེམས་དཔའ་ལ། ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་འབྱུང་བའི་ཕྱིར་ན། དེ་ལ་བྱིན་ན་དགྲ་བཅོམ་པ་བྱེ་བ་ལ་བྱིན་པ་བས། བསོད་ནམས་ཆེས་མང་བའི་ཕྱིར་རོ་ཞེས་སྨྲས་པ་མ་ཡིན་ནམ་ཞེ་ན། དེའི་
ཕྱིར་སོ་སོའི་སྐྱེ་བོ་དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བར་འདྲ་བས་ཞེས་བྱ་བ་སྨོས་ཏེ། མཚུངས་པའི་སྒོ་ནས་སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ་དག་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །འོ་ན་བརྒྱ་སྨོས་པ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་
བཤད་པ་གང་གིས་ཕྱིའི་དྲང་སྲོང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་པ་བས་ཞེས་བརྒྱ་སྨོས་པ་ནི་དང་པོའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟ་བུ་དེ་ནི་གདོན་མི་ཟ་བར་དེ་ལྟ་ཡིན་པར་ཞེས་བྱ་བ་ལ། དེ་ནི་རྒྱུ་འདི་ལས་ཀྱང་དེ་ལྟར་ཡིན་ཏེ། གང་བྱང་ཆུབ་
Vol. 144 · folio 326b
སེམས་དཔའ་འཛམ་བུའི་ཚལ་ན་བཞུགས་པ་ཁོ་ན་སོ་སོའི་སྐྱེ་བོ་ཡིན་པར་དགོངས་ཀྱི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཐོབ་པ་ནི་མ་ཡིན་པའོ། །འདི་ལྟར་འཛམ་བུའི་ཚལ་ན་འདུག་པ་མ་གཏོགས་པའི་ཕྱི་རོལ་པ་རྣམས་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་
ལྟར་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཡིན་ན་ནི་གང་གིས་འཛམ་བུའི་ཚལ་ན་འདུག་པ་བརྒྱ་ལ་ཟས་བྱིན་པ་བས། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་
ཆེས་ཆེའོ་ཞེས་འཛམ་བུའི་ཚལ་ན་འདུག་པ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཁྱད་པར་དུ་འཕགས་པ་མཛད་པར་འགྱུར་བ་ཞིག་གོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་ཞེས་བྱ་བ་ནི། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་
གཉིས་ཆ་གསུམ་མོ་ཞེས་བྱ་བ་ལ་སོགས་པས་སོ། །ཇི་ལྟར་གནས་པ་ནི་འགྲོ་བ་ཟས་ཀྱིས་གནས་པ་ཡིན་ཞེས་བྱ་བས་བཤད་ཟིན་ལ། འཆི་འཕོ་བ་ཡང་ཚེ་ཟད་པས་འཆི་ལ་བསོད་ནམས་ཟད་པས་མ་ཡིན་པ་ཡང་ཡིན་པ་ཡང་ཡོད་དེ་ཞེས་རྒྱས་པར་བཤད་ཟིན་ཏོ། །ད་ནི་སེམས་གང་
ལ་གནས་ཏེ་ཞེས་བྱ་བ་འབྱུང་ངོ་། །སྲིད་པ་བར་མ་ལ་སོགས་པ་སྲིད་པ་བཞི་བཤད་པ་གང་ཡིན་པ་དེ་ལ། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་གཉིས་ཁོ་ན་སྐད་ཅིག་མ་ཡིན་པས་དེའི་ཕྱིར་རྣམ་པར་ཤེས་པ་གང་གི་སྐད་ཅིག་ལ་གནས་པ་ལ། འཆི་འཕོ་བ་དང་སྐྱེ་བར་འགྱུར་ཞེས་
བྱ་བ་ནི་བརྗོད་པར་བྱའོ་ཞེ་ན། །དེའི་ཕྱིར། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོག་པར་ལྟ་བས་རྩ་བ་གཅོད། །ཅེས་འབྱུང་བའི་ཕྱིར། དགེ་བའི་རྩ་བ་ཡང་དག་པར་འཆད་པ་ནི་
ལོག་པར་ལྟ་བས་ཡིན་ལ། ལོག་པར་ལྟ་བ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་ན་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་ནི་ཐེ་ཚོམ་དང་ཡང་དག་པའི་ལྟ་བས་ཡིན་ཏེ། མཚམས་ནི་ཐེ་ཚོམ་ཡོད་ལྟ་
Vol. 144 · folio 327a
བས། །ཞེས་འཆད་པར་འགྱུར་རོ། །ཐེ་ཚོམ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ལ། ཡིད་མི་བདེ་བ་ཡང་ཡིད་ཀྱི་ས་པ་ཁོ་ན་ཡིན་ནོ། །རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོགས་མེད་ཕྱིར་ལྟ་མ་ཡིན། །ཞེས་བྱ་བས་ཡང་དག་
པའི་ལྟ་བས་ཡང་ངེས་པར་རྟོགས་པའི་བདག་ཉིད་ཡིན་ལ། དེ་ནི་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་རོ། །ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་ནི་སེམས་མཉམ་པར་གཞག་པ་ལ་ཡོད་པ་ཡིན་ལ།
རྣམ་པར་ཤེས་པའི་ཚོགས་ལྔ་ནི། ཁ་ཕྱིར་བལྟས་པའི་ཕྱིར་མཉམ་པར་མ་བཞག་པ་ཡིན་པས། དེ་ཡང་ཡིད་ཀྱི་རྣམ་ཤེས་ཁོ་ན་ལ་ཡིན་ནོ། །ཉམས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཅན་ཡིན་པས་ཡིད་ཀྱི་རྣམ་ཤེས་ཁོ་ན་ལ་ཡིན་གྱི། རྣམ་པར་ཤེས་པའི་
ཚོགས་ལྔ་ལ་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འཆི་འཕོ་བ་ནི་དབང་པོ་ལྔའི་རྒྱུ་བ་བསྡུས་ཤིང་རྒྱུན་འཆད་པ་དང་རྗེས་སུ་མཐུན་པའི་རྣམ་པར་ཤེས་པ་ལ་གནས་པ་ཡོད་པ་ཡིན་པས་དེ་ཡང་ཡིད་ཀྱི་རྣམ་ཤེས་ཁོ་ན་ལ་ཡིན་ནོ། །བསྒྲེ་བའི་ཕྱིར་བཤད་
པ་ནི་སྐྱེ་བ་སྨོས་པས་ནི་སྲིད་པ་བར་མ་ཉིང་མཚམས་སྦྱོར་བ་ཡང་བཤད་པའི་ངོ་བོར་རིག་པར་ཡང་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཚོར་བ་གསུམ་པོ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཚོར་བ་གང་ལ་གནས་པ་ལ་འཆི་འཕོ་དང་སྐྱེ་བ་
ཡོད་པ་མི་ཤེས་པས་དེའི་ཕྱིར་ཚོར་བ་ལ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་བྱ་བ་སྨོས་སོ། །ཚོར་བ་གཞན་དག་ནི་གསལ་བ་ཡིན་ཏེ་ཞེས་བྱ་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བའི་མཚན་ཉིད་ཅན་ཏེ། དེ་དག་ནི་ཀུན་དུ་བརྟགས་པ་ན་སྐྱེ་བའི་ཕྱིར། ཕན་འདོགས་པ་དང་གནོད་པ་
བྱེད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་ཤེས་པ་གསལ་བ་ལ་ནི་འཆི་འཕོ་བ་དང་སྐྱེ་བར་རུང་བ་མ་ཡིན་ཏེ། གནས་སྐབས་དེ་དག་ནི་ཞན་པ་ཉིད་ཡིན་པས་དེ་གཉིས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་གསུམ་དག་ན་སེམས་ཅན་རྣམས་ལ་ཉེར་བསྡོགས་ཁོ་ན་ལས་འཆི་འཕོ་བ་དང་
Vol. 144 · folio 327b
སྐྱེ་བའི་སེམས་ཡོད་དེ། དངོས་གཞི་དག་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མེད་པའི་ཕྱིར་རོ། །ཁྱད་པར་མེད་པར་བརྗོད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བ་ཡིན་པར་འགྱུར་བ་དང་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་། རྩེ་གཅིག་
སེམས་མེད་པ་དེ་མེད། །ཅེས་བྱ་བ་སྨོས་སོ། །འདོད་པའི་ཁམས་སུ་སྐྱེས་ཤིང་མཉམ་པར་གཞག་པའི་སེམས་ལ་གནས་པ་ལ་ནི་འཆི་འཕོ་བ་དང་སྐྱེ་བ་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། སྐལ་བ་མི་མཉམ་པའི་ས་པ་ཡིན་པའི་ཕྱིར་ཏེ། ས་གཞན་དུ་སྐྱེས་ཤིང་ས་གཞན་གྱི་
སེམས་ལ་གནས་པ་ནི་འཆི་འཕོ་བའམ་ས་གཞན་དུ་སྐྱེ་བར་མི་འགྱུར་རོ། །འོ་ན་གང་གི་ཚེ་གཟུགས་ཀྱི་ཁམས་ཉིད་དམ། གཟུགས་མེད་པའི་ཁམས་ཉིད་དུ་འཆི་བ་དང་སྐྱེ་བ་དེའི་ཚེ་རང་གི་ས་པའི་སེམས་མཉམ་པར་གཞག་པ་ཡོད་དོ་ཞེ་ན། དེའི་ཕྱིར་མངོན་པར་འདུ་བྱེད་པ་ལས་བྱུང་
བ་ཉིད་ཡིན་པའི་ཕྱིར་དང་། ཕན་འདོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རང་གི་ས་པའི་མཉམ་པར་གཞག་པའི་སེམས་ཀྱིས་ཀྱང་འཆི་འཕོ་བ་དང་སྐྱེ་བར་མི་འགྱུར་རོ། །སྦྱོར་བ་ལ་ལྟོས་པའི་ཕྱིར་ན་མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །ཤིན་ཏུ་སྦྱངས་པ་
དང་ལྡན་པའི་ཕྱིར་ན། ཕན་འདོགས་པར་བྱེད་པའི་མངོན་པར་འདུ་བྱེད་པ་ལས་བྱུང་བའི་སེམས་ནི་གསལ་བའི་ཕྱིར་ཆད་པ་དང་རྗེས་སུ་མཐུན་པ་མ་ཡིན་ལ། འཆི་བའི་སེམས་ནི་གནོད་པར་བྱེད་པ་ཡིན་ཞིང་མཉམ་པར་གཞག་པ་ནི་ཕན་འདོགས་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ལས་འཆི་
འཕོ་བར་མི་རུང་ངོ་། །གང་གི་ཕྱིར་སྐྱེ་བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་ལ། མཉམ་པར་གཞག་པ་ནི་དགེ་བ་ཡིན་པས་དེས་ནི་སྐྱེ་བར་ཡང་མི་རིགས་སོ། །གནས་སྐབས་དེ་ནི་ཞེན་པ་ཡིན་ལ་མཉམ་པར་གཞག་པ་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་པའི་ཕྱིར་གསལ་བ་
ཡིན་པས་གནས་སྐབས་དེ་ན་དེ་མེད་པའི་ཕྱིར་མཉམ་པར་གཞག་པས་སྐྱེ་བ་ག་ལ་ཡོད། སེམས་མེད་པ་ལ་ཡང་མེད་དེ་ཞེས་བྱ་བ་འབྱུང་སྟེ། འཆི་འཕོ་བ་དང་སྐྱེ་བ་གཉིས། །ཞེས་བྱ་བར་སྦྱར་རོ། །སེམས་མེད་པ་ནི་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་
Vol. 144 · folio 328a
པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པ་པར་ཉེ་བར་གནས་པའོ། །གནོད་པར་བྱར་མི་ནུས་པ་ནི་དུག་དང་མཚོན་དང་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཏེ། དེའི་ཕྱིར་སེམས་མེད་པ་ལ་འཆི་འཕོ་བ་མེད་དོ་ཞེས་བྱ་བར་བསྟན་ཏོ། །གང་གི་ཚེ་འགོག་པ་དང་འདུ་
ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའམ། འདུ་ཤེས་མེད་པ་དང་ལྡན་པ་སྟེ་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ཟད་པས་ལུས་ཡོངས་སུ་འགྱུར་བར་རྩོམ་པ་དེའི་ཚེ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་རིས་མཐུན་པ་འཆད་པ་དང་མཐུན་པར་གནས་པའི་ཚེ་ཞེས་བྱ་བ་
བའི་དོན་ཏོ། །ལུས་དང་འབྲེལ་པ་ཞེས་བྱ་བ་ནི་ལུས་ལ་ས་བོན་གྱི་ངོ་བོར་གནས་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ལུས་ལ་སྲེད་པ་དང་བཅས་པ་ཉིད་དུ་འབྲེལ་ལོ་ཞེའོ། །གཞན་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མཉམ་པར་གཞག་པའི་སེམས་ཀྱིས་ལྡང་བའི་སེམས་སྐྱེ་བར་ངེས་
པར་བྱས་པའི་ཕྱིར་དེའི་ཚེ་ཡང་དེ་ལ་གདོན་མི་ཟ་བར་དེའི་ལུས་དང་འབྲེལ་བའི་སེམས་མངོན་དུ་འགྱུར་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཆོས་སྐྱེ་བ་ནི་སུས་ཀྱང་དགག་པར་མི་ནུས་སོ། །སེམས་ཅན་དེ་དག་འདུ་ཤེས་བསྐྱེད་ནས་གནས་དེ་ནས་འཆི་འཕོ་བར་
འགྱུར་རོ་ཞེས་བྱ་བའི་ལུང་གིས་ཀྱང་སེམས་མེད་པ་ལ་འཆི་འཕོ་མེད་དོ་ཞེས་ཤེས་པར་བྱེད་དོ། །སེམས་འཆད་པའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ལ། སེམས་འཆད་པའི་རྒྱུ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་དག་ཡིན་ན། དེ་དག་ནི་སྐྱེ་བའི་ཚེ་འབྱུང་བ་མེད་དོ། །ཉོན་
མོངས་པ་མེད་པར་མི་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །ཞེས་འབྱུང་བའི་ཕྱིར་ལ། སེམས་མེད་པར་ཡང་ཉོན་མོངས་པ་འབྱུང་བ་མེད་པས་སེམས་མེད་པ་ལ་སྐྱེ་བ་མེད་དོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་
མངལ་དུ་མི་འཇུག་ན་ནི་ཞེས་རྒྱས་པར་འབྱུང་བའི་ལུང་ལས་ཀྱང་སེམས་མེད་པ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། །འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་ལ་སྟེ། གཞན་རྣམ་གསུམ་ཞེས་འབྱུང་བའི་ཕྱིར་རོ། །དགྲ་བཅོམ་པ་ལ་ནི་ཉོན་མོངས་ཅན་གྱི་སེམས་ཡོད་པ་མ་ཡིན་ཏེ། འོ་ན་
Vol. 144 · folio 328b
ཅི་ཞེ་ན། དེ་དགེ་བ་དང་ལུང་དུ་མ་བསྟན་པའོ། །དེ་ལ་ཡང་། མྱ་ངན་འདའ་ལུང་བསྟན་མི་གཉིས་ཏེ་འདིར་ནི་ལུང་དུ་མ་བསྟན་པ་གཉིས་ཁོ་ནར་མྱ་ངན་ལས་འདའོ་ཞེས་བརྗོད་ཀྱི། དགྲ་བཅོམ་པ་ཁོ་ན་ནི་མ་ཡིན་ནོ། །ཉིང་མཚམས་སྦྱོར་བ་མེད་པའི་འཆི་བ་ཁོ་ན་ལ་མྱ་ངན་ལས་འདས་པ་
ཞེས་བྱའོ། །གལ་ཏེ་འདོད་པའི་ཁམས་ན་རྣམ་པར་སྨིན་པ་བཏང་སྙོམས་ཡོད་ན་ཞེས་བྱ་བ་ལ་ཡོད་ན་ཞེས་བྱ་བ་ནི་འོག་ན་ཡང་བར་མ་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ་གང་གི་ཕྱིར། བསམ་གཏན་ཁྱད་པར་རྣམ་སྨིན་ལས། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་བྱ་བའི་ཁ་
ཅིག་གི་ལུགས་ཡོངས་སུ་བཟུང་ནས་སྨྲས་པའོ། །ཁ་ཅིག་ནི་དེ་ཡན་ཆད། བདེ་མིན་སྡུག་མིན་མྱོང་འགྱུར་བ། །ཞེས་འབྱུང་བས་བསམ་གཏན་གསུམ་པ་ཡན་ཆད་ན་ལས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡོད་པར་འདོད་དེ། དེ་དག་གི་ལྟར་ན་ཇི་
སྟེ་མེད་ན་ནི་སྤྱོད་ལམ་པ་ཁོ་ན་ལའོ་ཞེས་བྱ་བ་སྨོས་སོ། །གཞན་ལ་མ་ཡིན་ཞེས་བྱ་བ་ནི་དགེ་བ་ལ་མ་ཡིན་ཞེས་བྱ་བའི་དོན་ཏེ། ཉོན་མོངས་པ་ཅན་ནི་མི་སྲིད་པའི་ཕྱིར་རོ། །དགེ་བའི་སེམས་ནི་སྟོབས་དང་ལྡན་པའི་ཕྱིར་སེམས་འཆད་པའི་རྗེས་སུ་མཐུན་པ་མ་ཡིན་ལ། ཉམ་ཆུང་བའི་
ལུང་དུ་མ་བསྟན་པ་ནི་སེམས་འཆད་པའི་རྗེས་སུ་མཐུན་པ་ཡིན་ཏེ། འདིར་སེམས་འཆད་པ་ནི་སེམས་ཉིང་མཚམས་སྦྱོར་བ་མེད་པར་འགག་པའོ། །ཁ་ཅིག་ན་རེ་དགེ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱང་མ་འོངས་པའི་རྣམ་པར་སྨིན་པ་ལ་
རྒྱབ་ཀྱིས་ཕྱོགས་པ་ཡིན་པའི་ཕྱིར། དགེ་བའི་སེམས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཡོད་པ་མ་ཡིན་ནོ་ཞེའོ། །གཞན་དག་ན་རེ་ནི་མཐར་གྱིས་འཁོར་བ་སྤོང་བ་ཡིན་ཏེ། འདི་ལྟར་འདོད་པའི་ཁམས་ན་འདོད་ཆགས་དང་བྲལ་བས་ནི་མི་དགེ་བ་སྤོང་ལ། སྲིད་པའི་རྩེ་མོ་ལ་འདོད་
ཆགས་དང་བྲལ་བས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ནི་ལུང་དུ་མ་བསྟན་པའི་སེམས་མངོན་དུ་གྱུར་པས་དགེ་བའོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤངས་
Vol. 144 · folio 329a
སོ་ཞེས་ཟེར་རོ། །ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་འགག་ཅེ་ན་ཞེས་བྱ་བ་ལ། རྣམ་པར་ཤེས་པ་བསྟན་དུ་མེད་པ་ནི་ཡུལ་ན་གནས་པར་མི་རུང་ལ་ཁྱད་པར་དུ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མི་རུང་མོད་ཀྱི། དེ་ནི་འདིར་ལུས་ཀྱི་དབང་པོ་འགག་པར་ངེས་
པའི་སྒོ་ནས་བརྗོད་དོ། །མདོ་ལས་འགག་པར་འགྱུར་རོ་ཞེས་བྱ་བ་ནི་ལུས་ཀྱི་དབང་པོ་དེ་ལ་རག་ལས་ཏེ། འཇུག་པའི་ཡིད་དང་བཅས་པ་མཐའ་དག་སྐད་ཅིག་ཙམ་དེ་ཉིད་ལ་འགག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གྲངས་བཞིན་དུ་ཞེས་བྱ་བ་ལ། ངན་སོང་དུ་འགྲོ་བ་རྣམས་ཀྱི་ནི་
རྐང་པ་དག་ཏུའོ། །མིའི་ནང་དུ་འགྲོ་བ་རྣམས་ཀྱི་ནི་ལྟེ་བར་རོ། །ལྷའི་ནང་དུ་འགྲོ་བ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱི་ནི་སྙིང་གར་རོ། །གཞན་དག་ན་རེ་སྤྱི་བོར་ཏེ། ལུས་ཀྱི་དབང་པོ་དེར་འགག་པའི་ཕྱིར་དེ་དང་འབྲེལ་པའི་རྣམ་པར་ཤེས་པ་ཡང་དེར་འགག་གོ་ཞེས་བྱ་
བའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཇི་ལྟར་ལུས་ཀྱི་དབང་པོ་དང་འབྲེལ་ནས་འཇུག་ཅེ་ན། འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ལུས་ཀྱི་དབང་པོ་མེད་པར་མི་འབྱུང་བའི་ཕྱིར་རྐང་པ་ལ་སོགས་པ་དག་ཏུ་འགག་གོ་ཞེས་བྱ་སྟེ། རྒྱུན་གཞན་གྱི་རྒྱུའི་དངོས་པོར་མི་འགྱུར་རོ་ཞེས་བྱ་བའི་
དོན་ཏོ། །ཕལ་ཆེར་ཞེས་བྱ་བ་ནི་ཐམས་ཅད་མ་ཡིན་ཏེ། ལྷ་ལ་སོགས་པ་དགེ་བ་བྱེད་ཅིང་གནད་དུ་སྣུན་པར་བྱེད་པ་མ་ཡིན་པ་རྣམས་དང་ཅིག་ཅར་འཆི་བའི་གནད་གཅོད་མེད་པར་འཆི་བའི་ཕྱིར་རོ། །གང་ཞིག་དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་མ་ཡིན་པར་སྤྱོ་བའི་ཚིག་དག་གིས་གཞན་དག་ལ་
གནད་དུ་སྣུན་པར་བྱེད་པ་དེ་ནི་གནད་འཆད་པའི་ཚོར་བ་དག་གིས་རེག་པར་འགྱུར་རོ་ཞེས་སྨྲའོ། །གནད་དག་གང་གིས་གཅོད་ཅིང་གནད་འཆད་པ་ཡང་གང་ཞེ་ན། དེའི་ཕྱིར། གནད་གཅོད་པ་ནི་ཆུ་སོགས་ཀྱིས། །ཞེས་བྱ་བ་སྨོས་སོ། །དེ་ནི་དངོས་པོ་གཞན་འགའ་ཡང་ཡོད་པ་
མ་ཡིན་ཏེ། འོ་ན་ཅི་ཞེ་ན། ལུས་ཀྱི་ཕྱོགས་འགའ་ཞིག་ཅེས་བྱ་བ་རྒྱ་ཆེར་སྨོས་སོ། །རླུང་ལ་སོགས་པ་དེ་དག་ནི་བཟློག་པའི་སྒོ་ནས་ཆུ་ལ་སོགས་པ་གཙོ་བོ་ཡིན་ལ། མི་མཐུན་པའི་རྐྱེན་ཉེ་བས་དེ་དག་རེ་རེའམ་མཐའ་དག་ཏུ་འཁྲུགས་ཤིང་ཤུགས་དང་ལྡན་པའི་རལ་གྲི་
Vol. 144 · folio 329b
རྣོན་པོ་ལྟར་རྣོ་བས་ལུས་ཀྱི་ཕྱོགས་དེ་དང་དེར་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེད་པར་བྱེད་དེ། དེ་ནི་གནད་གཅོད་པ་ཞེས་བྱའོ། །དེ་དག་ཤིང་ལྟར་གཉིས་སུ་བྱས་པས་གཅོད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཚོར་བ་མི་བཟད་པ་དག་གིས་བཅད་པ་ལྟ་བུར་གཅོད་དོ། །ཡང་ན་བཅད་པ་དང་འདྲ་
བར་གཡོ་བ་མེད་པས་ཞེས་བྱ་བ་ནི་ཡན་ལག་དང་ཉིང་ལག་བཅད་པ་བཞིན་དུ་མི་གཡོ་བས་ན་བཅད་པ་ཞེས་བྱའོ། །ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་ཅེས་སྨྲས་པ་དང་། ཅིའི་ཕྱིར་སའི་ཁམས་ཀྱིས་མ་ཡིན་ཞེས་འདྲི་སྟེ། དེའི་ཕྱིར་སྐྱོན་བཞི་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་
ལ་སོགས་པ་སྨོས་སོ། །ཅི་རིགས་པར་ཞེས་བྱ་བ་ལ། བད་ཀན་གྱི་གཙོ་བོ་ནི་ཆུའོ། །མཁྲིས་པའི་གཙོ་བོ་ནི་མེའོ། །རླུང་གི་གཙོ་བོ་ནི་རླུང་ངོ་། །སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆོས་མཐུན་པས་སོ་ཞེས་བྱ་བས་ནི་གནས་དང་འདྲ་བར་གནས་དང་ལྡན་པ་རྣམས་ཀྱང་སྟོན་པར་བྱེད་
དོ། །ཕྱི་རོལ་གྱི་དངོས་པོ་འཇིག་པའི་རྒྱུ་དང་ཆོས་མཐུན་པ་ནད་དག་ཀྱང་འཇིག་གོ་ཞེས་བྱ་བའི་དོན་ཏོ། །འཇིག་པ་ནི་གསུམ་སྟེ། མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ། །ལྷ་དག་གི་ནང་ན་ནི་གནད་འཆད་པ་མེད་མོད་ཀྱི་ཞེས་བྱ་བ་ནི་རྫུས་ཏེ་སྐྱེ་བ་ཉིད་ཀྱིས་
ཅིག་ཅར་འཆི་བའི་ཕྱིར་རོ། །དེ་དག་ནི་འཁྲུལ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་བཟློག་པར་ནུས་པའི་ཕྱིར་རོ། །འཆི་བ་ལྟས་ལྔ་ལས་ནི་མི་འདའ་སྟེ་ཞེས་བྱ་བ་ནི་བཟློག་པར་མི་ནུས་པའི་ཕྱིར་རོ། །འདི་དག་ནི་ཐམས་ཅད་ལ་གདོན་མི་ཟ་བར་མི་འབྱུང་ལ། ཐམས་ཅད་ཀྱང་མི་འབྱུང་མོད་ཀྱི།
ལྷ་ཡི་འཆི་ལྟས་བསྡོམས་ནས་ལྔ། །ཞེས་དེ་ལྟར་བརྗོད་དོ། །སྔ་ལྟས་དེ་དག་ནི་ལྷའི་ཞག་ལྔ་འབྱུང་ངོ་། །སེམས་ཅན་གྱི་འཇིག་རྟེན་འདི་དེ་ལྟར་སྐྱེ་བ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་རིམ་གྱིས་སོ། །གནས་པ་ཞེས་བྱ་བ་ནི་རྫས་བཞིས་སོ། །འཆི་འཕོ་བ་ཞེས་བྱ་བ་ནི། འཆི་
འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་བྱ་བའོ། །ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡང་དག་པ་ཉིད་ནི་གང་། ལོག་པ་ཉིད་ནི་གང་། དེར་ངེས་པ་ནི་གང་ཞེ་ན། ཡང་དག་པ་ཉིད་ནི་མྱ་ངན་ལས་འདས་པའོ། །འདི་གང་ལས་ཤེས་ན། བཅོམ་ལྡན་
Vol. 144 · folio 330a
འདས་ཉིད་ཀྱིས་ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན་ནས་སྤངས་པ་དང་ཞེས་བྱ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །གཏན་ནས་སྤངས་ཞེས་བྱ་བ་ནི་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་འདི་ཡང་དག་པ་ཉིད་ཡིན་ཞེ་ན། དེ་ཁོ་ན་
ཉིད་ཀྱི་དོན་མ་ཡིན་པ་ལ་འཇུག་པའི་ཆོས་ཟད་པའི་ཕྱིར་དང་། རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་ཉིད་དུ་བཞེད་པའི་ཕྱིར་རོ། །ལོག་པ་ཉིད་ནི་ངན་འགྲོ་རྣམས་ཏེ། ལོག་པ་ཉིད་ནི་གང་ཞེ་ན། དམྱལ་བ་རྣམས་དང་དུད་འགྲོ་དང་ཡི་དགས་རྣམས་ཏེ། འདི་དག་ནི་ལོག་པ་ཉིད་དུ་ངེས་པ་ཞེས་
བྱའོ་ཞེས་འབྱུང་བའི་ཕྱིར་རོ། །རབ་ཏུ་བྱེད་པའི་རྐང་པ་ལས་འདི་ལ་ངེས་པ་ནི་སློབ་པ་དང་མི་སློབ་པ་རྣམས་དང་། མཚམས་མེད་པའི་ལས་དང་ལྡན་པ་རྣམས་སོ་ཞེས་འདོན་ཏེ། གོ་རིམས་བཞིན་དུ་བྲལ་བ་དང་དམྱལ་བའི་འབྲས་བུ་ངེས་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་དང་ལྡན་པ་དེ་དག་
ནི་ཡང་དག་པ་དང་ལོག་པ་ཉིད་དུ་ངེས་པ་ཞེས་བྱའོ། །དེ་དག་ཀྱང་གང་ཞེ་ན། འཕགས་དང་མཚམས་མེད་བྱེད་པ་ནི། །ཞེས་བྱ་བའོ། །སྡིག་པའི་ཆོས་ལས་རིང་དུ་སོང་བས་ན། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རིང་དུ་ཞེས་བྱ་བ་ནི་རྒྱང་རིང་དུ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་
ལྟར་དེ་དག་རིང་དུ་སོང་ཞེ་ན། དེའི་ཕྱིར་གཏན་དུ་བྲལ་བའི་ཐོབ་པ་རྙེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བྲལ་བའི་ཐོབ་པ་གཏན་དུ་རྙེད་པ་ནི་གང་གི་ཕྱིར་ཡང་དེ་ལས་ཡོངས་སུ་མི་མཉམ་པའོ། །ཡང་ན་བྲལ་བ་ཐོབ་པ་གཏན་དུ་བ་སྟེ། དེ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བྲལ་
བ་ཡིན་ལ། དེ་ལ་ཡོངས་སུ་ཉམས་པ་མེད་པས་ན་གཏན་དུ་བའོ། །མཚམས་མེད་བྱེད་པ་དག་ཅེས་གང་བཤད་པ་ལ། འདི་ལ་མཚམས་ཡོད་པ་མ་ཡིན་པས་ན་མཚམས་མེད་པའོ། །མཚམས་མེད་པའི་དངོས་པོ་ནི་མཚམས་མེད་པ་སྟེ། དེ་དག་དེའི་ངང་ཚུལ་ཅན་གྱིས་བྱེད་
པས་ན་མཚམས་མེད་བྱེད་པའོ། །དེ་དག་ནི་ལོག་པ་ཉིད་དུ་ངེས་པར་འགྱུར་ལ་ཞེས་བྱ་བ་ནི་གལ་ཏེ་ཐར་པའི་ཆ་དང་མཐུན་པ་ཐོབ་པ་རྣམས་མཚམས་མེད་པ་དག་བྱེད་ནའོ། །དེ་དག་གིས་ནི་བཟོད་པ་ཐོབ་པ་རྣམས་ལྟར་མཚམས་མེད་པ་མི་བྱེད་པའི་ངེས་པ་ཐོབ་པ་མ་ཡིན་ནོ། །ཇི་ལྟར་དེ་ལྟར་
Vol. 144 · folio 330b
ཐོགས་ན་སྲིད་པ་ལན་བདུན་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་ནས་རིགས་སུ་སྐྱེ་བ་དང་བར་ཆད་གཅིག་པ་དང་བར་དོར་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་བསྡུའོ། །རྐྱེན་ལ་ལྟོས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་
ཡང་དག་པ་ཉིད་ཀྱི་རྐྱེན་ཐོབ་ན་ནི་ཡང་དག་པ་ཉིད་ལ་རྟེན་ཏོ། །འོན་ཏེ་ལོག་པ་ཉིད་ཀྱི་རྐྱེན་ཐོབ་ན་ནི་ལོག་པ་ཉིད་ལའོ། །དེ་དག་གི་རྐྱེན་གཉིས་ཀ་མེད་ན་ནི་མ་ངེས་པ་སྟེ། ཡང་དག་པ་ཉིད་ཀྱང་མ་ཡིན་ལ། ལོག་པ་ཉིད་ཀྱང་མ་ཡིན་པའོ། །སེམས་ཅན་གྱི་འཇིག་རྟེན་བཤད་ཟིན་ཏོ་
ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའི་རིམ་པས་སོ། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གླིང་བཞི་བྱེ་བ་ཕྲག་བརྒྱ་ཅིག་ཅར་འཇིག་ཅིང་འཆགས་ལ། སྣོད་ཀྱི་འཇིག་རྟེན་དེའི་གནས་པ་དེ་ནི་འདི་ལྟར་འདོད་དོ། །
འདི་ལ་བསམ་གཏན་བསྒོམས་ཤིང་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་ལ་གནས་པའི་སེམས་ཅན་རྣམས་ཡོད་པ་ན། ཡུན་རིང་མོ་ཞིག་འདས་ནས་འོག་ཏུ་ནམ་མཁའ་ལ་དེ་དག་གི་ལས་ཀྱི་དབང་གིས་རླུང་འཇམ་པོ་འཇམ་པོ་དག་ལྡང་ལ། རླུང་དེ་དང་
འདི་དང་དེར་ཆེས་ཏེ་པོར་སོན་པ་ན་རིམ་གྱིས་རླུང་གི་དཀྱིལ་འཁོར་དུ་གྲུབ་པོ། །ལས་ཀྱི་རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་དང་། བདག་པོའི་འབྲས་བུ་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་ལོངས་སྤྱད་པ་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཞེས་
བྱ་བ་སྨོས་སོ། །ཆུའི་དཀྱིལ་འཁོར་ནི་ཁོར་ཡུག་ཏུ་རླུང་གི་དཀྱིལ་འཁོར་དང་འདྲའོ། །སྤྱད་ཀྱི་ཚུལ་དུ་ཞེས་བྱ་བ་ནི་ཀུན་ནས་ར་བ་བཞིན་དུ་འདུག་པའི་ཕྱིར་རོ། །འོ་མ་བསྐོལ་མ་སྤྲིས་མ་ཆགས་པ་ཞེས་བྱ་བ་ནི་ཞུ་བ་དང་འཐས་པའི་ངོ་བོར་འདུག་པའི་ཕྱིར་རོ། །གང་གི་
ཚེ་ཆུ་དེ་གསེར་དུ་འགྱུར་བ་དེའི་ཚེ་ནི་གང་དག་གི་རེ་རེའི་ཚད་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་ཞེས་བྱ་བ་ལ་སོགས་པར་བཤད་པ། ཆུ་དང་གསེར་གྱི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱར་གནས་སོ། །དེས་ཏེ་ཁོར་ཡུག་གིས་ཁོར་ཡུག་ཏུ་བསྐོར་ཏེ། དེ་ཉིད་ཀྱི་ཕྱིར་ཁོར་ཡུག་
Vol. 144 · folio 331a
ཅེས་བྱའོ། །ལྕགས་ཀྱི་རང་བཞིན་ཞེས་བྱ་བ་ནི་ལྕགས་ལས་བྱས་པའོ། །ངོས་བཞི་དག་ཏུ་གྲངས་བཞིན་ནོ། །ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་གྱི་ངོས་ནི་གསེར་གྱི་རང་བཞིན་ནོ། །ལུས་འཕགས་པོའི་ངོས་ནི་དངུལ་གྱི་རང་བཞིན་ནོ། །འཛམ་བུའི་གླིང་གི་ངོས་
ནི་བཻ་ཌཱུརྱའི་རང་བཞིན་ནོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ངོས་ནི་ཤེལ་གྱི་རང་བཞིན་ཏེ། དེའི་ཕྱིར་དེ་ལྟར་ན་རི་རབ་ནི་གྲུ་བཞི་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ས་བོན་སྣ་ཚོགས་ཁོ་ན་ཡོད་པ་ཞེས་བྱ་བ་ནི་རྒྱུ་སྣ་ཚོགས་དང་ལྡན་པ་ཡིན་གྱི། གང་གི་གསར་གྱི་ས་བོན་ཁོ་ན་ཡོད་པ་ཇི་ལྟ་བ་བཞིན་
དུ་ནི་མ་ཡིན་ཏེ། དེའི་ཕྱིར་འདི་གསེར་དང་དངུལ་དང་ས་ལ་སོགས་པའི་རྫས་སུ་ཐ་དད་དོ་སྙམ་དུ་དགོངས་སོ། །མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་བྱ་བ་ནི་དེ་བསྐྱེད་པ་ལ་ནུས་པ་རྣམ་པ་དུ་མ་ཐ་དད་པ་དག་གིས་ཞེས་བྱ་བའི་དོན་ཏོ། །མཐུ་ནི་ནུས་པ་དང་ནུས་མཐུ་ཞེས་བྱ་བའི་ཐ་ཚིག་
གོ། །རིགས་དེ་དང་དེ་དག་ཏུ་འགྱུར་རོ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་མཚན་ཉིད་ཅན་ནོ། །མ་ཕྲད་པར་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་གཉིས་ནི་ཐ་དད་པའི་ཕྱིར་དང་། འདུ་བྱེད་རྣམས་སྐད་ཅིག་མ་ཡིན་པའི་ཕྱིར་འབྲས་བུའི་དུས་ན་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །རྐྱེན་དུ་འགྱུར་
བ་ཡིན་ཞེས་བྱ་བ་ནི་རྒྱུ་འགག་བཞིན་པ་དེ་ནི་ཡོད་པ་ཙམ་གྱིས་འབྲས་བུ་སྐྱེ་བཞིན་པའི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྫས་གནས་པ་ལ་ཞེས་བྱ་བ་ལ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་བདག་ཉིད་ཅན་ནམ། བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་
ཉིད་ཅན་ལའོ། །ཆོས་གཞན་ལོག་ན་ཞེས་བྱ་བ་ནི་འོ་མ་ཞེས་བྱ་བའི་ཆོས་གཞན་ལོག་ནའོ། །ཆོས་གཞན་འབྱུང་བ་ཞེས་བྱ་བ་ནི་ཞོ་ཞེས་བྱ་བའི་ཆོས་གཞན་འབྱུང་བའོ། །སློབ་དཔོན་གྱིས་གནས་པ་གང་གིས་ཞེས་བྱ་བ་སྨོས་སོ། །དེ་ལས་ཐ་དད་པར་འོ་མ་ལ་སོགས་པ་མ་དམིགས་པས་
འོ་མ་ལ་སོགས་པའི་ཆོས་རྣམས་ཁོ་ནར་གཟུགས་ལ་སོགས་པའི་ཁྱད་པར་ཚོགས་པའི་བདག་ཉིད་ཡིན་ཞིང་། རོ་དང་ནུས་པ་དང་སྨིན་པར་བྱེད་པ་དང་མཐུ་ཐ་དད་པས་ཕན་ཚུན་ཐ་དད་པ་ཡང་ཡིན་ཏེ། དེའི་ཕྱིར་གནས་པ་གང་གིས་ཆོས་གཞན་ལྡོག་ཅིང་ཆོས་གཞན་འབྱུང་བར་བརྟག་པར་བྱ་བ་ཆོས་
Vol. 144 · folio 331b
རྣམས་ལས་གཞན་པའི་ཆོས་ཅན། ཆོས་སྐྱེ་ཞིང་འཇིག་ཀྱང་མི་སྐྱེ་ཞིང་མི་འཇིག་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པའི་རང་གི་བདག་ཉིད་ཀྱི་ངོ་བོ་སྤོང་ན་ནི་ཇི་ལྟར་གནས་པ་ལ་ཆོས་ལོག་པ་དང་འབྱུང་བར་རྟོག །མི་སྤོང་ན་ནི་ཆོས་འདྲེས་པར་འགྱུར་རོ། །ཡང་གཞན་དུ་འགྱུར་བ་ཙམ་
ཞིག་འགྱུར་བ་ཡིན་ཏེ། གཟུགས་ལ་སོགས་པ་འོ་མའི་ངོ་བོར་གནས་པ་དེ་དག་ཉིད་འོ་མའི་ངོ་བོ་ལོག་པ་ན་ཞོའི་ངོ་བོར་གནས་ཤིང་གཞན་དུ་གྱུར་པ་ཙམ་འགྱུར་བ་ཡིན་པར་བརྗོད་དོ་ཞེ་ན། འདི་ནི་ལོང་བའི་གོམ་པ་ཞིག་གོ། །ཇི་ལྟ་ཞེ་ན། དེ་ཉིད་འདི་ཡིན་ལ་ཞེས་འབྱུང་སྟེ། ཆོས་དང་
ཆོས་ཅན་གཞན་མ་ཡིན་པས་འོ་མ་ཉིད་ཞོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་དེ་ལྟ་བུ་ཡང་མ་ཡིན་ནོ་ཞེས་བྱ་བ་ན་ཞོ་འདི་འོ་མ་མ་ཡིན་ནོ་ཞེས་བྱ་བའོ། །ཚིག་གི་ཚུལ་འདི་ནི་སྔོན་མ་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མ་འབྲེལ་པ་རང་གི་ཚིག་དང་འགལ་བའོ་སྙམ་དུ་དགོངས་པའོ། །སྐད་ཅིག་
མ་སྔ་མ་དང་ཕྱི་མ་དག་ནི་གཞན་ཉིད་དུ་འདོད་ལ། གང་དག་གཞན་ཉིད་ཡིན་པ་དེ་དག་ནི་གཅིག་མ་ཡིན་པ་ཉིད་དུ་མཐོང་སྟེ་བྱིས་པ་དང་གཞོན་ནུ་བཞིན་ནོ། །གང་ཞིག་ཅིག་ཤོས་གང་ཡིན་པ་དེ་ལས་གཞན་མ་ཡིན་པར་དེ་ནི་ཕན་ཚུན་ཡང་གཞན་མ་ཡིན་པར་འགྱུར་ཏེ། དེའི་
ཕྱིར་འོ་མ་ཉིད་ཡིན་པས་འདི་དེ་ལྟ་བུ་ཡང་མ་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ། །གལ་ཏེ་རྫས་དེ་དེ་ཉིད་ཡིན་ན། དེ་དེ་ཁོ་ནར་འགྱུར་ལ། དེ་ལྟ་མ་ཡིན་ན་གཞན་ཁོ་ན་མ་ཡིན་པས་གྲངས་ཅན་གྱི་འགྱུར་བར་སྨྲ་བ་མ་གྲུབ་པོ། །ཇི་སྐད་དུ། དངོས་པོ་རྣམས་ཀྱིས་ཡོངས་འགྱུར་བ། །
ཡིད་ཀྱིས་ཀྱང་ནི་མི་འཛིན་མོད། །དེ་ལྟ་འང་དེ་ལྟར་ཡོད་པ་རུ། །མཁས་པ་རྣམས་ཀྱིས་རྟོག་པར་བྱེད། །ཅེས་བཤད་དོ། །གང་ངེས་པར་མ་ཟིན་པའི་དོན་ཕ་རོལ་པོ་ལ་སྨྲ་བ་འདི་ནི་མུན་པ་མཐུག་པོའི་འགྱིང་བག་ངན་པ་ཞིག་སྟེ། རྟོག་པའི་དྲ་བ་མ་བཅད་པའི་ཕྱིར་མ་རིག་པའི་གཉིད་ལོག་པས་
བསླུས་པ་དེ་དག་གི་ལྟ་བ་འདི་ནི་གཉིད་ཀྱིས་ལོག་པ་རྣམས་ཀྱིས་མཐོང་བ་ལྟར་དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །བྱིས་པའི་བློ་རྡོལ་དག་ལ་གུས་པས་ཅི་བྱ། དེ་ལྟར་བྱུང་བའི་གསེར་ལ་སོགས་པ་ཞེས་བྱ་བ་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་ལ་སོགས་པ་དག་གོ། །དེའི་ངོས་ལ་སུམ་འགྱུར་རོ་
Vol. 144 · folio 332a
ཞེས་བྱ་བ་ལ་ནི་གཉའ་ཤིང་འཛིན་གྱི་ངོས་ནས་ཏེ། ངོས་གཅིག་གི་དབང་དུ་བྱས་ནས་སོ། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ་ཞེས་བྱ་བ་ནི་མུ་ཁྱུད་འཛིན་དང་ཁོར་ཡུག་གཉིས་ཀྱི་བར་གྱི་ཕྱོགས་གཅིག་གི་ཕྱིའི་རྒྱ་མཚོའི་ཚད་
བཤད་པ་ཡིན་ནོ། །དེ་ནི་ལུས་སམ་ས་ཕྱོགས་གཞན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི་བྱང་ཆུབ་སེམས་དཔའི་སྐུ་ལས་གཞན་པའི་ལུས་སམ་རྡོ་རྗེ་གདན་གྱི་ཕྱོགས་ལས་གཞན་པའི་ས་ཕྱོགས་ཀྱིས་བཟོད་པར་མི་ནུས་སོ། ཡུལ་དེར་ཆུ་རྣམ་པ་གཉིས་
སུ་གྱུར་པས་ན་གླིང་ངོ་། །གླིང་གང་གི་དབྱིབས་ཅི་འདྲ་བ་ཞེས་བྱ་བ་ལ། ས་གཞིའི་དབང་གིས་སེམས་ཅན་རྣམས་སྣ་ཚོགས་པ་འདི་ནི་མངོན་སུམ་དུ་གྱུར་པ་ཡིན་ཏེ། གངས་རི་དང་འབིགས་བྱེད་ལ་གནས་པའི་རི་ཁྲོད་པ་རྣམས་དཀར་ཤམ་དང་སྔོ་བསངས་སུ་མཐོང་ངོ་། །དེའི་བར་གྱི་གླིང་བརྒྱད་
ནི་ཞེས་བྱ་བ་ལ། དེ་དག་ཐམས་ཅད་ནི་ལས་ངན་པའི་དབང་གིས་གྲུབ་པ་ཞིག་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལ་གནས་པའི་མི་རྣམས་ནི་ལུས་ཆུང་བ་ཡིན་ནོ་ཞེས་བརྗོད་དོ། །གཅིག་ན་སྲིན་པོ་དག་གནས་སོ། །ཞེས་བྱ་བ་ནི་རྔ་ཡབ་པོ། །འཛམ་བུའི་གླིང་འདིའི་བྱང་ཕྱོགས་ན་རི་ནག་པོ་ཤིན་ཏུ་རྒྱང་རིང་བར་
གནས་པ་མ་ཡིན་པ་གསུམ་ཡོད་དོ། །དེ་དག་འདས་ནས་ཡང་གསུམ་ཡོད་དོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེའི་དབང་གིས་ཞེས་བྱ་བ་སྟེ། འཛམ་བུ་དེའི་དབང་དུ་བྱས་ཤིང་ཆེད་དུ་བྱས་ནས་འཛམ་བུའི་གླིང་དུ་ཞེས་བྱའོ། །ཡང་ན་དེའི་འབྲས་བུའི་དབང་གིས་ཞེས་བྱ་བ་ནི་འཛམ་བུའི་ཤིང་ཐོག་གི་
དབང་དུ་བྱས་ནས་སོ། །འཛམ་བུའི་གླིང་འདི་ཉིད་ཀྱི་ཞེས་བྱ་བ་ལ། ཡང་ཅིའི་ཕྱིར་འཛམ་བུའི་གླིང་འདི་ཉིད་ཀྱི་གཞན་གྱི་མ་ཡིན་ཞེ་ན། འཛམ་བུའི་གླིང་ཁོ་ན་ལས་ངན་པ་ཀུན་དུ་སྤྱོད་པའི་ཕྱིར་དང་། མཚོན་ཆར་འགྱུར་བའི་ལས་ཡོད་པའི་ཕྱིར་དང་། དབང་པོ་རྣོན་པོ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །
སྡུག་བསྔལ་བར་ཆད་མེད་པའི་ཕྱིར། །ཞེས་བྱ་བ་ནི་འདི་ན་རྒྱུན་ཆད་པ་ཡོད་པ་མ་ཡིན་ཏེ། མནར་མེད་པའི་སྒྲ་ནི་བར་མེད་པའི་རྣམ་གྲངས་སོ། །དེས་ན་བདེ་བའི་སྐབས་མེད་པས་ཞེས་བྱ་བ་ནི་བདེ་བ་གཞན་མེད་པ་སྟེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་ཡིན་པ་ནི་བཟློག་པར་
Vol. 144 · folio 332b
མི་བྱའོ། །ལུགས་སྔ་མ་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་མེད་པ་མ་ཡིན་ནོ། །དེ་ལྟ་ན་ཧ་ཅང་ཐལ་བར་འགྱུར་ཏེ། གཅིག་ཏུ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་དམྱལ་བ་གཞན་དག་ན་ཡང་ཚོར་བ་བདེ་བ་མེད་པའི་ཕྱིར་མནར་མེད་པ་ཉིད་
དུ་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་གཞན་དག་ན་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་དག་ན་རེ་སྣང་བའི་བུ་ག་མེད་པ་ཞེའོ། །རྩིག་པ་བཞི་ཞེས་བྱ་བ་ནི་ར་བ་བཞི་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་ཕྱེ་ཞེས་བྱ་བ་ནི་རྣམ་པར་ཕྱེ་ནས་འདུག་པའོ། །ཇི་ལྟ་ཞེ་ན། འདི་ལྟར་
རིས་སུ་ཆད་པ་ཡིན་ཞེས་བྱ་བ་སྨོས་སོ། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ཞེས་བྱ་བ་ནི་ལྕགས་ཀྱི་ར་བས་ཡོངས་སུ་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། །ལྕགས་དག་གིས་ནི་གང་བ་ཡིན། །ཞེས་བྱ་བ་ནི་སྟེང་ནས་ལྕགས་ཀྱིས་གཡོགས་པའོ། །གཞན་དག་ན་རེ་ལྕགས་
ཀྱིས་སྒོ་གཅད་པའོ་ཞེས་ཟེར་རོ། །ཁྱད་པར་གནས་ཞེས་བྱ་བ་ནི་ཁེབས་པའོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྐང་པ་བཏེག་ན་ནི་པགས་པ་དང་ཤ་དང་ཁྲག་རྒྱས་པར་སླར་སྐྱེ་བའོ། །སྤུ་གྲིའི་ལམ་ལ་སོགས་པ་གསུམ་པོ་ཞེས་བྱ་བ་ནི་སྤུ་གྲིའི་ལམ་དང་། ལོ་མ་རལ་གྲི་ལྟ་བུའི་
ནགས་དང་། ཤལ་མ་རིའི་ནགས་ཞེས་བྱ་བ་གསུམ་མོ། །ཁྱི་སྲེ་བོ་རྣམས་ཀྱང་ཟ་བར་བྱེད་ཅེས་བྱ་བ་ནི་ལོ་མ་རལ་གྲི་ལྟ་བུའི་ནགས་ཀྱི་ནང་ན་ཡོད་པ་དག་གོ། །ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་ཞེས་བྱ་བ་ནི་ཤལ་མ་རིའི་ནགས་ན་ཡོད་པའོ། །ཐང་མདུང་ཐོགས་པ་ཞེས་བྱ་བ་ལ་
སོགས་པ་འབྱུང་སྟེ། དགྲ་སྟ་ཐོགས་པའོ། །གནོད་པ་ལྷག་པའི་གནས་ཡིན་པའི་ཕྱིར་ལྷག་པ་ཞེས་བྱ་སྟེ་ཞེས་བྱ་བ་ལ། ལྷག་པའི་སྒྲ་ནི་བླ་ལྷག་པའི་དོན་ཏོ། །འདི་དག་ཏུ་ལྷག་པར་འབྱིང་བས་ན་ལྷག་པ་ཡིན་གྱི། ལྷག་པར་གནོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དམྱལ་བ་དག་
ཏུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་དག་ཅེས་བྱ་བ་ནི་གནས་བརྟན་ཡིད་འོང་སྟེ། དེའི་རྩ་བའི་དམྱལ་བའི་སྡུག་བསྔལ་བས་འདི་ཆེས་ཞན་པའི་ཕྱིར་ལྷག་པ་ཞེས་བྱ་བའི་སྒྲ་བླ་ལྷག་པའི་དོན་ལ་མི་འདོད་དེ། འོ་ན་ཅི་ཞེ་ན། ལྷག་པའི་སྒྲ་འོག་གི་དོན་དུ་འདོད་དོ། །དེས་ན་དམྱལ་
Vol. 144 · folio 333a
བའི་འཆིང་བའི་འོག་ཏུ་མེ་མར་མུར་ལ་སོགས་པ་འདི་དག་ཏུ་འབྱིང་བས་ན་ལྷག་པའོ། །དྲི་བ་ལས་དྲི་གཞན་འབྱུང་སྟེ། །ཞེས་བྱ་བ་ནི་དམྱལ་བ་ཕྱོགས་ནི་གང་རོལ་ན་ཡོད་ཚད་ནི་ཇི་ཙམ་ཞེས་བྱ་བའི་དྲི་བ་འདི་ལ་ད་ལྟ་ཅི་དམྱལ་བའི་སྲུང་མ་དེ་དག་ཞེས་བྱ་བ་རྒྱས་པར་སྨོས་པ་
འདི་འབྱུང་ངོ་། །ད་ནི་ཇི་ལྟར་ན་དེ་དག་གཡོ་ཞེས་བྱ་བ་ནི་ཤིང་ལ་སོགས་པ་སེམས་པ་མེད་པ་རྣམས་མི་གཡོ་བའི་ཕྱིར་ལ། དེ་ལས་བཟློག་སྟེ་སེམས་དང་སེམས་ལས་གཡོ་བ་མཐོང་བའི་ཕྱིར་དྲི་བ་སྟེ། དེ་སྐད་དུ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེར། །
འཛིན་ཕྱིར་བློ་ཡོད་གང་ན་དེ། །མེད་དེར་བློ་ནི་མེད་པར་རྟོགས། །ཞེས་བཤད་དོ། །འཆགས་པའི་རླུང་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་འཆགས་པའི་རླུང་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་འགྲུབ་པ་དང་། རྗེས་སུ་མཐུན་པར་གཡོ་བ་ཡིན་ནོ། །
དེ་དག་སེམས་ཅན་དུ་བགྲང་བ་ནི་མ་ཡིན་ཏེ། དམྱལ་བའི་སྣོད་ཀྱི་རྒྱུ་ཅན་གྱི་སྡུག་བསྔལ་ཉམས་སུ་མི་མྱོང་བའི་ཕྱིར་རོ། །དེའི་ཕྱིར་དམྱལ་བའི་སྲུང་མ་དག་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཙམ་དུ་ཟད་པས་སེམས་པ་མེད་པ་ཡིན་ཏེ། ལུག་ལྟ་བུའི་རི་དང་ཚེར་མ་ལ་སོགས་པ་བཞིན་
ནོ། །འོ་ན་བཙུན་པ་ཆོས་ལྡན་རབ་འབྱོར་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེའི་རྒྱུ་ལས་དང་ཉོན་མོངས་པ་བསྟན་པའི་ཕྱིར་སེམས་ཅན་དག་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གཤིན་རྗེའི་སྒོ་བ་གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཤིན་རྗེའི་སྲིན་པོ་གང་དག་ལྷའི་མདོ་
ལས་གཤིན་རྗེའི་བཀའ་བཞིན་བྱེད་པའི་ཡི་དགས་དེ་དག་ནི་གཤིན་རྗེའི་སྲིད་པའོ་ཞེས་བསྟན་པ་རྣམས་ནི་གཞན་ཁོ་ན་ཡིན་གྱི་དམྱལ་བའི་སྲུང་མ་ནི་མ་ཡིན་པས་འགལ་བ་མེད་དོ། །སྡུག་ཅིང་སྡུག་བསྔལ་བ་རྣམས་ལ་བསོད་ནམས་མ་ཡིན་པ་མང་བས་མི་སྲིད་པར་འདྲི་བ་ནི་ད་ནི། ལས་
དེ་གང་དུ་རྣམ་པར་སྨིན། །ཅེས་བྱ་བའོ། །དེ་དག་ཁོ་ནར་དེ་བས་ཀྱང་ཁ་ན་མ་ཐོ་བ་ཆེ་བའི་ལས་ཀྱི་རྣམ་པར་སྨིན་པའི་གོ་སྐབས་ཡོད་པར་མཐོང་ནས་གང་དག་ཏུ་ཞེས་བྱ་བ་སྨོས་ཏེ། དམྱལ་བ་དེ་དག་ཏུའོ། །མཚམས་མེད་པ་བྱེད་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མཚམས་
Vol. 144 · folio 333b
མེད་པ་རྣམས་ལས་གཞན་པའི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལས་ནི་མེད་དོ། །མེའི་ནང་ན་གནས་པ་ཇི་ལྟར་མི་ཚིག་ཅེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་དག་སེམས་ཅན་ཡིན་ན་དམྱལ་བ་ལྟར་མི་ཚིག་སྙམ་དུ་བསམས་པའོ། །ལས་དག་གིས་མཚམས་བཅད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་དག་བསྲེག་
པར་མི་བྱའོ་ཞེས་མེ་ནི་གདོན་མི་ཟ་བར་ལས་དག་གིས་དམྱལ་བའི་སྲུང་མ་རྣམས་ལས་མཚམས་བཅད་པའོ། །ཡང་ན་འབྱུང་བའི་ཁྱད་པར་འགྲུབ་པ་ཞེས་བྱ་བ་ནི་གང་གིས་ན་མེའི་ནང་ན་གནས་ཀྱང་མི་འཚིག་པ་དེ་དག་གི་ལུས་ཀྱི་འབྱུང་བ་ཆེན་པོའི་ཁྱད་པར་ནི་ལས་དེ་དག་གིས་དེ་འདྲ་བར་བསྒྲུབས་
སོ་ཞེས་བྱ་བའོ། །ལུས་དང་སྒྲ་འགྱུར་བ་དང་མཐུན་པ་དག་ཡིན་ཞེས་བྱ་བ་ལ། ལུས་འགྱུར་བ་དང་མཐུན་པ་ནི་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་དག་ཡིན་ལ། སྒྲ་འགྱུར་བ་དང་མཐུན་པ་ནི་སོ་
ཐམས་ཐམས་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་རྣམས་སོ། །ཐད་ཀ་ན་ཡོད་དོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དེ་དག་ན་གྲང་བ་ཡོད་དོ། །ཁ་ཅིག་ན་རེ་རྒྱ་མཚོ་ཆེན་པོ་དང་ཉེ་བའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་ར་ལས་ཀྱིས་བྱས་པ་ཁོ་ན་ཡིན་ཏེ། དེ་ལྟ་མ་
ཡིན་ན་ཉ་རྣམས་ལ་ཡང་གྲང་བས་ཆེས་གནོད་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་གྲང་བའི་དམྱལ་བ་རྣམས་ཀྱི་གནས་ནི་ཁོར་ཡུག་གི་རི་གླིང་བཞི་ཡོངས་སུ་བསྐོར་བའི་ངོས་ན་གཅིག་ཏུ་མུན་ནག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །འཛམ་བུའི་གླིང་གི་ངོས་གསུམ་ནི་སྟོང་ཕྲག་གཉིས་པ་
ཡིན་པའི་ཕྱིར་དང་། བཞི་པ་ལ་དཔག་ཚད་ཕྱེད་དང་བཞི་ཡིན་པའི་ཕྱིར་འོག་ན་དམྱལ་བ་རྣམས་ལ་གོ་སྐབས་མེད་པར་མཐོང་ནས། འཛམ་བུའི་གླིང་འདི་ཙམ་གྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །རེ་རེ་ལ་དམྱལ་བ་ཡིན་པས་ན། །ཉི་ཚེ་བའི་དམྱལ་བ་རྣམས་སོ། །ལྷའི་དཔལ་ལྟ་
བུ་ཡང་ཉམས་སུ་མྱོང་ངོ་ཞེས་བྱ་བ་ནི་གཤིན་རྗེ་ལ་སོགས་པ་དག་གིས་སོ། །སྐར་མའི་གཞལ་མེད་ཁང་ཞེས་བྱ་བ་ལ། གང་ཞིག་ཐམས་ཅད་ཀྱི་ནང་ན་ཆེ་བ་དེའི་ཚད་ནི་དཔག་ཚད་བཅུ་དྲུག་གོ། །ཟླ་བའི་གཞལ་མེད་ཁང་ནི་ཆུ་ཤེལ་ཞེས་བྱ་བ་ནི་འོག་ཏུ་ཤེལ་གྱི་དཀྱིལ་འཁོར་དང་
Vol. 144 · folio 334a
འབྲེལ་པའོ། །ཤེལ་ནི་རྣམ་པ་གཉིས་ཡིན་ཏེ། མེའི་ཁམས་ཤས་ཆེ་བ་དང་། ཆུའི་ཁམས་ཤས་ཆེ་བའོ། །སྲོག་ཆགས་རྣམས་ཀྱི་ལས་དག་གིས་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གཉིས་དང་སྦྱར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་
བྱའོ་ཞེས་བྱ་བ་ནི་གླིང་དག་ལའོ། །ཇི་ལྟར་ཞེ་ན། གང་གི་ཚེ་ཤར་གྱི་ལུས་འཕགས་སུ་ནམ་ཕྱེད་པ་དེའི་ཚེ་འཛམ་བུའི་གླིང་དུ་ཉི་མ་ནུབ་པོ། །ནུབ་ཀྱི་བ་གླང་སྤྱོད་དུ་ནི་ཉི་མ་ཕྱེད་དོ། །བྱང་གི་སྒྲ་མི་སྙན་དུ་ནི་ཉི་མ་ཤར་རོ་ཞེས་བྱ་བར་རྒྱ་ཆེར་རོ། །ཡང་གང་གིས་ཉིན་མོ་དག་རིང་བ་དང་
ཐུང་བར་འགྱུར་ཞེ་ན། ཉི་མའི་འགྲོས་ཀྱི་བྱེ་བྲག་གིས་སོ། །ཉི་མ་དང་ནི་ཉེ་བ་ལས། །ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཉི་མའི་འོད་ཟེར་དག་ཟླ་བའི་གཞལ་མེད་ཁང་ལ་འབབ་སྟེ། །དེས་ན་ཕ་རོལ་གྱི་ངོས་སུ་རང་གི་གཞལ་མེད་ཁང་གི་འོད་ལ་གནོད་པ་བྱས་པའི་གྲིབ་མས་མཐོང་བ་ལ་
བསྒྲིབས་པར་བྱས་པ་ན། ཟླ་བའི་དཀྱིལ་འཁོར་མ་རངས་པ་སྣང་ངོ་། །དེ་ལྟ་བུ་དེ་ནི་འདི་ལྟར་ཡིན་ཏེ། གང་གི་ཕྱིར་དཀྱིལ་འཁོར་མཐའ་དག་མི་གསལ་བར་ཡོངས་སུ་བསྐོར་ཏེ་སྣང་བའི་ཕྱིར་རོ། དེ་ཉིད་ཀྱི་ཕྱིར་ནུབ་ཀྱི་རི་བོ་ལ་ཉི་མ་གནས་ཤིང་། ཤར་གྱི་རི་བོ་ལ་ཟླ་བ་གནས་
པ་ན། ཟླ་བའི་དཀྱིལ་འཁོར་རངས་པར་སྣང་སྟེ། ཟླ་བ་ཡུལ་ཤིན་ཏུ་ཐག་རིང་བ་ན་གནས་པའི་ཕྱིར་རོ། །དེ་ལྟ་བུ་དེ་ནི་རྒྱུ་བའི་ཚུལ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཁད་ཀྱིས་བསྒྱུར་བ་ན་ཕྱོགས་གང་ཞིག་མཐོང་བ་དེ་ནི་དམིགས་ལ་གང་ཞིག་དམའ་བ་དེ་ནི་མི་དམིགས་
པ་བཞིན་ནོ། །ཁ་ཅིག་ན་རེ་ངེས་པ་མེད་པ་ཐལ་བར་འགྱུར་བས་དེ་ནི་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་ངེས་པའི་རྒྱུ་བཙལ་བར་བྱའོ་ཞེས་ཟེར་རོ། །རྒྱལ་ཆེན་བཞིའི་རིས་པའི་ལྷ་རྣམས་སོ་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་བཞིའི་རིས་ནི་ཚོགས་ཏེ། གླང་པོ་ཆེའི་ཚོགས་བཞིན་ནོ། །
དེ་ན་ཡོད་པ་ནི་རྒྱལ་ཆེན་བཞིའི་རིས་དག་གོ། །ཅི་དེ་དག་གི་འདི་དག་ཁོ་ན་འམ་ཞེས་བྱ་བ་ནི་ཉི་མ་ལ་སོགས་པའི་གཞལ་མེད་ཁང་དག་ཁོ་ནའམ་ཞེས་བྱ་བའོ། །རི་རབ་ཀྱི་བང་རིམ་ལ་སོགས་པའོ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་མུ་ཁྱུད་འཛིན་ལ་སོགས་པ་བསྡུའོ། །བཞི་པ་ལ་ནི་
Vol. 144 · folio 334b
རྒྱལ་པོ་ཆེན་པོ་བཞི་དག་ཉིད་ཅེས་བྱ་བ་འབྱུང་སྟེ། དེ་ལ་ཤར་གྱི་ཕྱོགས་ན་ནི་ཡུལ་འཁོར་སྲུང་ངོ་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོའོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་ངོ་། །བྱང་ཕྱོགས་ན་ནི་རྣམ་ཐོས་ཀྱི་བུའོ། །དེའི་ཕྱིར་དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་བཤད་
དོ་ཞེས་བྱ་བ་ནི། གང་གི་ཕྱིར་བང་རིམ་བཞི་པ་ལ་རྒྱལ་པོ་བཞི་བདག་ཉིད་གནས་པའི་ཕྱིར་རོ། །དེའི་ཕྱིར་འདི་སྐད་དུ་ཚིགས་སུ་བཅད་པ་ལས། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཞེས་བཤད་དེ། རྒྱལ་པོ་ཆེན་པོ་བཞི་དག་ཡོད་པས་ན་རྒྱལ་ཆེན་བཞིའོ། །བང་རིམ་ནི་ནམ་མཁའ་ལ་
འཕགས་པ་ལ་བརྗོད་དོ། །ཆེ་བ་ཡིན་ཞེས་བྱ་བ་ནི་རབ་ཏུ་མང་བ་ཡིན་གྱི། ཕུན་སུམ་ཚོགས་པ་ཆེ་བ་ནི་མ་ཡིན་ནོ། །དེ་དག་ལ་གནོད་སྦྱིན་ལག་ན་རྡོ་རྗེ་གནས་ཞེས་བྱ་བ་ནི་བག་མེད་པའི་ལྷ་བསྲུང་བར་བྱ་བའི་ཕྱིར་རོ། །ཚོན་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་ཞེས་བྱ་བ་ནི་ཚོན་སྣ་བརྒྱ་རྩ་
གཅིག་གིས་སོ། །ནེམས་ཞེས་བྱེད་པ་དང་པར་ཞེས་བྱེད་ཅེས་བྱ་བ་ནི། ནེམས་ཞེས་བྱེད་པ་དང་པར་ཞེས་བྱེད་པའི་ངང་ཚུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རིན་པོ་ཆེ་དང་གནས་རྣམ་པ་དུ་མ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། རིན་པོ་ཆེ་དང་གནས་རྣམ་པ་དུ་མ་དེ་ཕུན་སུམ་
ཚོགས་པ་ནི་ཆེ་བ་སྟེ་ཆེན་པོ་ཉིད་དོ། །ངོ་ཚ་བར་བྱེད་ཅེས་བྱ་བ་ནི་ངོ་ཚ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ཤིང་རྟ་སྣ་ཚོགས་ཅན་དུ་ནི་ལྷ་རྣམས་ཀྱི་དབང་ཐང་གི་མཐུས་ཤིང་རྟ་སྣ་ཚོགས་འབྱུང་བར་འགྱུར་རོ། །
རྩུབ་འགྱུར་དུ་ནི་གཡུལ་སྤྲོད་པར་འདོད་པ་དེ་དག་ལ་ནི་གོ་མཚོན་འབྱུང་བར་འགྱུར་རོ། །འདྲེས་པའི་ཚལ་དུ་ནི་དེ་དག་ཉེ་བར་ཕྲད་པ་ལས་དགའ་བའི་ཁྱད་པར་སྐྱེའོ། །དགའ་བའི་ཚལ་དུ་ནི་ཤིན་ཏུ་འབྱོར་པ་དང་ལྡན་པར་མཐོང་བ་ན་དགའ་བར་འགྱུར་ཏེ། སྐྱེད་མོས་ཚལ་དེ་དག་
ནི་གྲུ་བཞི་པ་ཡིན་ལ། དེ་དག་གི་ངོས་རེ་རེ་ལ་ནི་དཔག་ཚད་ཕྱེད་དང་སུམ་བརྒྱའོ། །འདབ་མ་དང་ལོ་མ་ཞེས་བྱ་བ་ལ། འདབ་མ་དག་ཉིད་ལོ་མ་ཡིན་པས་ན་འདབ་མ་དང་ལོ་མའོ། །དེ་རྫི་ཕྱོགས་མ་ཡིན་པར་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གང་དུ་སྐྱེས་པ་དེ་ཉིད་དུ་འཇུག་པའི་ཕྱིར་རོ། །
Vol. 144 · folio 335a
ཅི་མེ་ཏོག་གི་དྲིའི་རྒྱུན་དེས་ཞེས་བྱ་བ་ནི་ཇི་ལྟར་མེ་ཏོག་དང་འབྲེལ་པ་ལས་ཏིལ་དག་ལ་དྲི་གཞན་འབྱུང་བ་དེ་བཞིན་དུ་མེ་ཏོག་དང་འབྲེལ་པ་ལས་དེའི་དྲི་རླུང་གིས་འདས་པ་ཞིག་འབྱུང་བ་ཞིག་གམ་ཞེས་བྱ་བ་ཡིན་ནོ། །མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
རྩ་བ་ལ་ཡོད་པ་ནི་རྩ་བ་སྟེ། པུ་ཤེལ་ཙི་དང་གླ་སྒང་ལ་སོགས་པའི་དྲིའོ། །མཁས་རྣམས་དྲི་ནི་ཞེས་བྱ་བ་ནི་གྲགས་པ་ཞེས་བྱ་བའི་དོན་ཏོ། །བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་ལྷག་མ་ཡིན་ཕྱིར་བཟློག་པ་ལ་སོགས་པའི་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྩེད་
མོས་དྲན་པ་རླག་པ་ལ་སོགས་པ་ལྷ་གཞན་དག་ཀྱང་ཡོད་པས་དེའི་ཕྱིར་མདོར་བསྡུ་ན་ཞེས་བྱ་བ་སྨོས་སོ། །འཐབ་བྲལ་ནས་བརྩམས་ནས་འོག་མིན་དུ་ཉེ་བར་འགྲོ་བ་དང་འོག་མིན་གྱི་མཐར་ཐུག་པའི་བར་གྱི་ལྷ་རྣམས་ནི་སྤྲིན་གྱི་ཚོགས་ལྟར་གཞལ་མེད་ཁང་དག་ན་གནས་པ་ཡིན་ནོ། །སེམས་ཅན་དེ་དག་
ཉིད་ཀྱི་སྣོད་མངོན་གྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚངས་རིས་ལ་སོགས་པ་དག་སྟེ། དེ་དག་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་པ་དག་སྤྱོད་པ་མ་ཡིན་ནོ། །མི་རྣམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། དེ་དག་ནི་རླུང་བཏང་བས་ཡོངས་སུ་གདུང་བ་དང་དྲལ་ཏེ། ཁུ་ཆུ་མེད་པའི་
ཕྱིར་རོ། །དེ་མེད་པ་ཡང་དེ་ན་ཡོད་པའི་ཟས་ལ་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །འཁྱུད་པ་ཙམ་གྱིས་ཡོངས་སུ་གདུང་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ན་འདོད་ཆགས་དག་ཡོད་ན་འདོད་པ་དང་ལྡན་པ་རྣམས་ལ་འཁྱུད་པའི་བདེ་བ་འབྱུང་གི །འདོད་ཆགས་མེད་ན་ནི་དེ་དག་ལ་རེག་པ་སྐྱོན་ཅན་མི་འབྱུང་སྟེ།
མ་ལ་འཁྱུད་པ་བཞིན་ནོ། །གཞན་དག་ན་རེ་ཐམས་ཅད་གཉིས་གཉིས་ཀྱིས་ཡིན་ཏེ། ལྔ་པོ་རྣམས་ནི་ཡུལ་སོ་སོར་ངེས་པས་དབང་པོ་གཞན་གྱི་ཡུལ་ནི་དབང་པོ་གཞན་གྱིས་ལོངས་སྤྱོད་པ་མ་ཡིན་ནོ་ཞེས་ཟེར་རོ། །ཇི་ཙམ་ཇི་ཙམ་དུ་ཞེས་བྱ་བ་ནི་གང་དུ་ཞེས་བྱ་བའི་དོན་ཏོ། །ཆེས་ཤས་ཆེ་བ་ནི་
དྲག་ཅེས་བྱ་བའི་དོན་ཏེ། ཡུལ་དེ་དག་ཆེས་ཆེ་བའི་ཕྱིར་མྱུར་དུ་གྲུབ་པ་ཡིན་ནོ། །ཡང་ཇི་ལྟར་རྫུས་ཏེ་སྐྱེ་བ་རྣམས་ལ་ནི་འདི་བདག་གི་ཕ་ཡིན་ནོ། །བུ་ཡིན་ནོ་སྙམ་པའི་འདུ་ཤེས་འབྱུང་ཞེ་ན། དེའི་ཕྱིར་ལྷའམ་ལྷ་མོ་གང་གི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གྲངས་བཞིན་ཏེ་ཞེས་བྱ་བ་ལ་ནི་རྒྱལ་
Vol. 144 · folio 335b
ཆེན་བཞི་པ་དག་ཏུ་ནི་ལོ་ལྔ་ལོན་པ་ལྟ་བུའོ་ཞེས་བྱ་བ་ནས་གཞན་འཕྲུལ་དབང་བྱེད་དུ་ནི་ལོ་བཅུ་ལོན་པ་ལྟ་བུའོ་ཞེས་བྱ་བའི་བར་རོ། །དེ་དག་ཀྱང་ལྷའི་རིས་བཞི་རྣམས་སོ་ཞེས་བྱ་བ་ནི་རྒྱལ་ཆེན་བཞིའི་རིས་པ་ནས་བརྩམས་ཏེ་དགའ་ལྡན་པའི་བར་རོ། །ཇི་ལྟར་བྱུང་བ་རྣམས་ལ་ལོངས་སྤྱོད་པ་ནི་ཇི་ལྟར་
བྱུང་བ་ལ་ལོངས་སྤྱོད་པ་སྟེ། འདི་དག་ལ་དེ་ཡོད་པས་ན་ཇི་ལྟར་བྱུང་བ་ལ་ལོངས་སྤྱོད་པའོ། །ཇི་ལྟར་འདོད་པ་བཞིན་བདག་ཉིད་སྤྲུལ་པ་ནི་ཇི་ལྟར་འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་པ་སྟེ། འདི་དག་ལ་དེ་ལ་ལོངས་སྤྱོད་པ་ཡོད་པ་དེ་དག་ནི་ཇི་ལྟར་འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་
པ་ལ་ལོངས་སྤྱོད་པའོ། །ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ནི་ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ཡིན་ལ། དེ་ཡོངས་སུ་ལོངས་སྤྱོད་པ་ནི་ཇི་ལྟར་འདོད་པ་བཞིན་བདག་ཉིད་དང་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པ་སྟེ། གང་ལ་དེ་ཡོད་པ་དང་
ཞེས་ཐམས་ཅད་ལ་སྦྱར་རོ། །དང་པོ་ནི་ཡུལ་ཇི་ལྟར་བྱུང་བ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །གཉིས་པ་ནི་ཡུལ་ཇི་ལྟར་འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །གསུམ་པ་ཡུལ་བྱེད་པ་མེད་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ཡང་ན་གོ་
རིམས་བཞིན་དུ་ཡུལ་དམན་པ་དང་། བར་མ་དང་། གྱ་ནོམ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ལྷ་དེ་དག་ཅེས་བྱ་བ་ལ། བསམ་གཏན་དང་པོའི་ས་པ་དག་ནི་དབེན་པ་ལས་སྐྱེས་པའི་དགའ་བའི་བདེ་བས་ཏེ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བསམ་གཏན་
གཉིས་པའི་ས་པ་དག་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བས་སོ། །བསམ་གཏན་གསུམ་པའི་ས་པ་དག་ནི་དགའ་བ་མེད་པའི་བདེ་བས་ཏེ། དགའ་བ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བདེ་བས་གནས་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །བསམ་གཏན་ཁྱད་
པར་ཅན་དུ་སྐྱེས་པ་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཡོད་པས་བདེ་བ་སྐྱེ་བ་ཉིད་དུ་མི་རུང་ངོ་། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནི་འདི་ནི་ཕལ་ཆེ་བར་བསྟན་པ་ཡིན་ཏེ། དཔེར་ན་མངོན་པར་ཤེས་པ་གང་ཞེ་ན། ཤེས་རབ་དགེ་བའོ་
Vol. 144 · folio 336a
ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ། །གང་དག་ལྷ་རྣམས་ཀྱི་གནས་ཉི་ཤུ་རྩ་གཉིས་བཤད་པ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པ་རྣམས་ཀྱི་གནས་ནི་དྲུག་ཡིན་ལ། གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་བཅུ་དྲུག་ཡིན་ཏེ། ཚངས་པ་ཆེན་པོ་ནི་ཚངས་པའི་མདུན་ན་འདོན་དག་གི་ཁོངས་སུ་
འདུ་བའི་ཕྱིར་རོ། །དཔག་ཚད་བཞི་ཁྲི་ནི་ཞེས་བྱ་བ་ནི་དེ་དག་གིས་ནི་རི་རབ་ཀྱི་ཕྱེད་མན་ཆད་དུ་ཕྱིན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །བསགས་པར་གནས་པའི་གཟུགས་ཞེས་བྱ་བ་ལ་བསགས་པ་ལ་གནས་པ་ནི་བསགས་པར་གནས་པའོ། །ཡང་ན་བསགས་ཤིང་གནས་པ་ན་བསགས་པར་
གནས་པ་སྟེ། ཕན་ཚུན་འབྲེལ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱིས་སམ་གཞན་ལ་བརྟེན་ནས་ཏེ། རྫུ་འཕྲུལ་དང་ལྡན་པ་འམ་དེ་ན་གནས་པའི་ལྷས་ཁྲིད་པར་གྱུར་ན་འཐབ་བྲལ་བ་རྣམས་དགའ་ལྡན་པ་དག་གི་ནང་དུ་འགྲོ་བར་འགྱུར་ཏེ། དེ་བཞིན་
དགའ་ལྡན་པ་རྣམས་འཕྲུལ་དགའ་བ་དག་གི་ནང་དུ་འགྲོའོ་ཞེས་རྒྱས་པར་ཐམས་ཅད་དུ་བརྗོད་པར་བྱའོ། །གོང་དུ་སྐྱེས་པ་འོངས་པ་མཐོང་སྟེ། འདོད་པ་ན་སྤྱོད་པའམ། ས་མཚུངས་པ་མཐོང་ངོ་། །ཁམས་གོང་མ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པས་གཟུགས་ཀྱི་
ཁམས་སུ་སྐྱེས་པ་མི་མཐོང་བའོ། །ས་གོང་མ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་བསམ་གཏན་དང་པོར་སྐྱེས་པས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མི་མཐོང་བའོ། །རེག་བྱ་རེག་པར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི་ཁམས་གོང་མ་པ་འམ་ས་གོང་མ་པའོ། །ཅིའི་ཕྱིར་ཞེ་ན།
ཡུལ་མ་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་ཡུལ་མ་ཡིན་པའི་ཕྱིར་གཟུགས་ཀྱང་མི་མཐོང་ངོ་། །དེའི་འདོད་པས་འདི་ན་འཁོད་པ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་བྱ་བ་ལ། ཇི་ལྟར་འདོད་པ་ན་སྤྱོད་པས་འདོད་པ་ན་སྤྱོད་པ་མཐོང་བ་དེ་བཞིན་དུ། དེའི་འདོད་པས་གཟུགས་ན་སྤྱོད་པ་དང་། ས་གོང་མར་
སྐྱེས་པ་འོངས་པ་ཡང་ས་འོག་མ་པའི་ལུས་སུ་མ་སྤྲུལ་པར་ཡང་མཐོང་བར་འགྱུར་རོ། །གཞན་དག་ན་རེ་དེ་ནི་དེ་ལྟ་མ་ཡིན་ཏེ། གཟུགས་དང་འབྲས་བུ་དང་ཁམས་དང་ས་རྣམས་རྒྱུ་དང་འབྲས་བུ་ཡོངས་སུ་ཆད་པའི་ཕྱིར་རོ། །ས་འོག་མ་ལས་འདོད་ཆགས་དང་བྲལ་བ་ནི་ས་གོང་མ་དེར་སྐྱེ་སྟེ། དེའི་
Vol. 144 · folio 336b
ཕྱིར་ས་གོང་མའི་གཟུགས་ནི་ས་འོག་མའི་མིག་གི་ཡུལ་མ་ཡིན་ཏེ། ལས་ཀྱི་འབྲས་བུ་ཆེས་མཆོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེའི་འདོད་པས་ཀྱང་མི་མཐོང་ངོ་། །སུམ་ཅུ་རྩ་གསུམ་ལ་སོགས་པ་རྣམས་ཀྱི་ཚད་ས་དང་འབྲེལ་པ་ནི་བཤད་ན། ཡང་འཐབ་བྲལ་ལ་སོགས་པའི་གཞལ་མེད་
ཁང་དེ་དག་གི་ཚད་ནི་ཇི་ཙམ་ཞེ་ན། རེ་ཞིག་ཁ་ཅིག་ན་རེ་བཞི་རྣམས་ཀྱི་ནི་ཞེས་བྱ་བ་སྨོས་སོ། །བཞི་པ་ནི་ཚད་མེད་དོ་ཞེས་བྱ་བ་ལ། བསམ་གཏན་བཞི་པའི་གཞལ་མེད་ཁང་ནི་སྐར་མ་ལྟར་རྣམ་པར་འཆད་པ་ཡིན་ཏེ། མི་རྟག་པ་དེའི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་
ཕྱིར། །ཞེས་འབྱུང་ངོ་། །དེའི་ཕྱིར་དེ་ལ་ཚད་མེད་ལ། ལྷག་མ་རྣམས་ལ་ནི་ཚད་ཡོད་དེ། གཅིག་ཏུ་འབྲེལ་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་ཞེས་བྱ་བ་སྨོས་པས་གཉིས་པ་ལ་སོགས་པ་རྣམས་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་སྤྱི་ཕུད་
ཅེས་བྱ་སྟེ། གཙུག་ཕུད་དུ་གྱུར་པའི་ཕྱིར་དང་། སྤྱི་ཕུད་ཡིན་པའི་ཕྱིར་རོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་བྱ་བ་ལ། འདིར་སེམས་ཅན་རྣམས་མཉམ་པོར་འཇིག་ཅིང་སྣོད་དག་མཉམ་དུ་འབྱུང་ངོ་། །སྣོད་འབྱུང་བ་ནས་བཟུང་སྟེ་འཆགས་པའི་བསྐལ་པ་ཞེས་བྱ་སྟེ། གང་ཕྱིས་འཇིག་པ་དེ་ནི་སྔར་
འཆགས་སོ་ཞེས་ཕྱིས་བཤད་པར་བྱའོ། །འཛམ་བུའི་གླིང་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལུས་ཀྱི་ཚད་ནི་ཁྲུ་ཕྱེད་དང་བཞི་པའོ། །ཁ་ཅིག་ནི་ལུས་ཀྱི་ཚད་ཁྲུ་བཞི་པའོ། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་དང་ཞེས་བྱ་བ་ལ། གང་དག་ལ་ཞེས་བྱ་བ་སྟེ། མིང་ཡོད་པ་དེ་དག་ནི་ཤར་དང་བ་
ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་དག་སྟེ། དེ་དག་གི་ཚད་ནི་གྲངས་བཞིན་དུ་ཁྲུ་བརྒྱད་པ་དང་། བཅུ་དྲུག་པ་དང་། སུམ་ཅུ་རྩ་གཉིས་པ་དག་གོ། །དེ་ལས་དཔག་ཚད་གསུམ་ཕྲི་ན། །ཞེས་བྱ་བ་ནི་ཉིས་འགྱུར་དུ་བྱས་ཏེ་དཔག་ཚད་གསུམ་བསྐྱུངས་ན་ཞེས་བྱ་བ་སྟེ། དེས་ན་སྤྲིན་མེད་རྣམས་ཀྱི་ལུས་ནི་དཔག་
ཚད་བརྒྱ་ཉི་ཤུ་རྩ་ལྔའོ་ཞེས་བྱ་བ་ལ་སོགས་པ་རྩི་བར་བྱའོ། །ཀུ་མུ་ཏ་དང་པདྨ་བཞིན། །ཞེས་བྱ་བ་ལ། ཇི་ལྟར་འདི་ན་མེ་ཏོག་ཀུ་མུ་ཏ་དག་ཉིན་པར་ཁ་འཛུམ་ཞིང་། མཚན་མོ་འབྱེ་ལ། པདྨ་དག་དེ་ལས་བཟློག་པ་ཡིན་པ་དེ་བཞིན་དུ། དེ་ན་མེ་ཏོག་ཁ་ཅིག་ལ་འཛུམ་པ་དང་འབྱེ་བ་ལས་
Vol. 144 · folio 337a
ཉིན་མཚན་དུ་རྣམ་པར་གཞག་གོ། །བྱ་རྣམས་སྐད་འབྱིན་པ་དང་སྐད་མི་འབྱིན་པ་ཞེས་བྱ་བ་ལ་སོགས་པ་ལ། སྐད་འབྱིན་པ་ལས་མཚན་མོ་ཡིན་ལ། སྐད་མི་འབྱིན་པ་ལས་ཉིན་པར་ཡིན་པའམ་ཟློག་པའོ། །གཉིད་སངས་པ་དང་བྲོ་བ་ལས་ཞེས་བྱ་བ་ནི་གཉིད་བྲོ་བ་ལས་ནི་
མཚན་མོར་མངོན་ལ། གཉིད་སངས་པ་ལས་ནི་ཉིན་མོར་ཏེ། དེའི་ཕྱིར་དེ་ལྟར་ཡིན་ནོ། །བསྐལ་པ་ཆེན་པོའི་ཕྱེད་ཅེས་བྱ་བ་ལ། བར་གྱི་བསྐལ་པ་བརྒྱད་ཅུ་ནི་བསྐལ་པ་ཆེན་པོ་ཡིན་ལ། དེའི་ཕྱེད་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པར་བྱས་ནས་དེ་དག་གི་ཚེའི་ཚད་བཤད་དོ་ཞེས་བྱ་བ་
རྒྱ་ཆེར་རོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ནི་གང་ཞིག་སངས་རྒྱས་ཉིད་ལ་སྐྱེ་བ་གཅིག་གིས་ཆོད་པ་སྟེ། དེ་དགའ་ལྡན་ན་གནས་ཤིང་སྐུ་ཚེ་རངས་པར་གསོན་པར་འགྱུར་རོ། །སྲིད་པ་ཐ་མ་པ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་པ་སྟེ། གང་གིས་ན་སྐྱེ་བ་དེ་ཉིད་ལ་དགྲ་བཅོམ་པ་
ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །རྒྱལ་བས་བསྟན་པ་ནི་གང་ཞིག་དེའི་ཚེ་ནི་འདི་ཙམ་མོ་ཞེས་རྒྱལ་བས་ལུང་བསྟན་པའོ། །རྒྱལ་བའི་ཕོ་ཉ་ནི་ཕོ་ཉའི་བྱ་བ་བྱས་མ་ཟིན་པའོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ནི་མཐོང་བའི་ལམ་ལ་གནས་པ་དབང་པོ་རྣོན་པོ་དང་རྟུལ་པོ་དག་གོ། །
སོགས་པ་ཞེས་བྱ་བའི་སྒྲས་ནི་འགོག་པ་དང་། འདུ་བྱེད་མེད་པ་དང་། བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་བསྡུའོ། །དཔག་ཚད་ཀྱི་ཚད་ཀྱིས་གནས་རྣམས་ཞེས་བྱ་བ་ནི། སྟོང་ཕྲག་དག་ནི་བཅུ་དྲུག་ལ། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །ཞེས་བྱ་
བ་དེ་ལྟ་བུ་ལ་སོགས་པས་ནི་དཔག་ཚད་ཀྱི་ཚད་ཀྱིས་གནས་རྣམས་བཤད་དོ། །འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་ཞེས་བྱ་བ་ལ་སོགས་པས་ནི་ལུས་རྣམས་བཤད་དོ། །ལོའི་ཚད་ཀྱིས་ཚེ་བཤད་པ་ནི། །སྒྲ་མི་སྙན་ནི་ཚེ་སྟོང་སྟེ། །གཉིས་ལ་ཕྱེད་ཕྱེད་སྤངས་
པའོ། །ཞེས་བྱ་བའོ། །ཐམས་ཅད་ཀྱི་རྣམ་པར་གཞག་པ་ཡང་མིང་གིས་ཡིན་པ་ནི། དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །ཞེས་བྱ་བའོ། །གཟུགས་འགྲིབ་པའི་ཞེས་བྱ་བ་ནི་འདུས་པའི་གཟུགས་ཀྱི་ཡིན་གྱི། རྫས་ཀྱི་རྡུལ་ཕྲ་རབ་ཀྱི་
Vol. 144 · folio 337b
གཟུགས་ཀྱི་ནི་མ་ཡིན་ཏེ། ཆ་ཤས་མེད་པས་འགྲིབ་པ་མེད་པའི་ཕྱིར་རོ། །མཐའ་ནི་གང་ཞིག་ལ་དབྱེ་བར་མི་ནུས་པའོ། །དེའི་སྐད་ཅིག་ལ་སོགས་པ་དུས་ཀྱི་མཐའ་ནི་གང་ན་གཞན་དུ་དབྱེ་བ་ཡོད་པ་མ་ཡིན་པ་དེ་ནི་རྐྱེན་རྣམས་ཚོགས་ན་དངོས་པོ་རྣམས་བདག་ཉིད་ཐོབ་པའི་སྐད་ཅིག་གོ། །མིང་
གི་མཐའ་ནི་ཡི་གེ་སྟེ། ཡི་གེ་མེད་པའི་མིང་མེད་པའི་ཕྱིར་རོ། །དགུན་རྣམས་ཀྱི་ཟླ་བ་བཞི་ཞེས་བྱ་བ་འབྱུང་སྟེ། དགུན་ཆུང་ངུ་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །དཔྱིད་རྣམས་ནི་ཟླ་བ་བཞི་དང་ཞེས་བྱ་བ་ནི་དཔྱིད་ཀྱང་དྲོ་བར་འདྲ་བས་སོས་ཀར་བཤད་དོ། །དབྱར་རྣམས་
ཀྱི་ཟླ་བ་བཞི་ཞེས་བྱ་བ་ལ། སྟོན་ཡང་དབྱར་དང་འདྲ་བས་དབྱར་དུ་བཤད་དོ། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཞེས་བྱ་བ་ནི། འདི་ལ་ཕྱེད་ལྷག་པ་ཡོད་པས་ན་དེ་ནི་ཕྱེ་དང་གཉིས་སོ། །ཟླ་བ་ཕྱེད་དང་གཉིས་འདས་ནས་ཞེས་བྱ་བ་ནི་ཐལ་ནས་སོ། །དེ་ལྟར་ན་དགུན་དང་སོས་ཀ་
དང་། དབྱར་རྣམས་ཀྱི་ཟླ་བ་ཕྱེད་པོ་གསུམ་པ་མཐའ་དག་ལ་ཞག་མི་ཐུབ་པ་འདོར་བས་ལོ་ལ་ཞག་གི་ཤོལ་དྲུག་ཏུ་འགྱུར་རོ། །འགྲོ་བ་འཇིག་པ་ནི་འགྲོ་བ་ལྔ་ཆར་གཟུགས་ན་སྤྱོད་པའི་ལྷའི་འགྲོ་བ་གཅིག་ཏུ་འཇིག་པའོ། །དེའི་མཇུག་ཐོགས་སུ་ནི་ཁམས་འཇིག་སྟེ། ཁམས་འཇིག་
པ་ནི་འགྲོ་བ་འཇིག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་ཞིག་མ་ཐག་ཏུ་སྣོད་འཇིག་སྟེ། སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་གྲུབ་པའི་ཕྱིར་སེམས་ཅན་གཅིག་འདུག་ན་ཡང་སྣོད་འཇིག་པར་མི་འགྱུར་རོ། །དེ་ལས་ནི་ངེས་
པར་འབྱུང་བ་ཞེས་བརྗོད་པར་བྱ་ཞེས་བྱ་བ་ནི་གང་ཆགས་པའི་རྒྱུན་གནས་པ་དེ་ལས་ངེས་པར་འབྱུང་བ་སྟེ། འདའ་ཞེས་བྱ་བའི་དོན་ཏོ། །དེ་ལ་ནི་ཞུགས་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་འཇིག་པ་དེའོ། །ཞུགས་པ་ཞེས་བྱ་བ་ནི་བརྩམས་པའོ། །དེ་
ན་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཞེས་བྱ་བ་ལ། དེ་ན་གནས་ན་ནི་གནོད་ཀྱང་མི་འཇིག་པར་འགྱུར་རོ། །དུད་འགྲོ་མྱོང་བར་འགྱུར་བ་དང་། །ཞེས་བྱ་བ་ནི་གང་གི་ཚེ་དུད་འགྲོ་དག་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་ཞེས་བྱ་བ་ནས་བཟུང་སྟེ། འཇིག་རྟེན་གྱི་ཁམས་
Vol. 144 · folio 338a
གཞན་དག་ཏུ་འཕེན་པར་འགྱུར་ཏེ་ཞེས་བྱ་བའི་བར་དུ་ཐམས་ཅད་བརྗོད་པར་བྱའོ། །ཡི་དགས་རྣམས་ཀྱང་དེ་དག་འདྲའོ། །མི་དང་ལྷན་ཅིག་རྒྱུ་བ་རྣམས། །ཞེས་བྱ་བ་ནི་དེ་དག་ནི་མི་རྣམས་དང་ཐུན་མོང་བའི་ལོངས་སྤྱོད་དུ་འགྱུར་བའི་ལས་དག་གིས་མངོན་
པར་བསྒྲུབས་པའི་ཕྱིར་རོ། །ལྷ་དང་ལྷན་ཅིག་རྒྱུ་བ་རྣམས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ལ་ཆོས་ཉིད་ནི་དེའི་ཚེ་བསམ་གཏན་གྱི་ས་བོན་དུས་ཐོག་མ་མེད་པ་བས་འཇུག་པ་ཐོབ་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཆོས་ཉིད་ནི་དགེ་བའི་
རྩ་བ་ཤས་ཆེན་པོ་ཡིན་ཏེ། དེའི་ཚེ་དགེ་བའི་ཆོས་རྣམས་འཇུག་པ་ཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་མེད་པར་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་མེད་དོ་ཞེས་སྟོན་པའོ། །འཕེན་པའི་ལས་ཡོངས་སུ་
ཟད་པ་དང་ཞེས་བྱ་བ་ནི་སྣོད་སྐྱེད་པའི་ལས་ཉེ་བར་སྤྱད་ཟིན་པ་དང་ངོ་། །འདི་ཉིད་ནས་ཀུན་ནས་ཞེས་བྱ་བ་ནི་གླིང་བཞི་ཀུན་ནས་སོ། །གཞན་དག་ན་རེ་འཛམ་བུའི་གླིང་ཀུན་ནས་ཏེ། ལས་ཀྱི་ལམ་ཤས་ཆེ་བའི་ཕྱིར་རོ་ཞེས་ཟེར་རོ། །བར་དུ་བསྲེགས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་པར་
འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རིས་མི་མཐུན་པའི་སྐྱོན་དག་ཅེས་བྱ་བ་ནི་ཉེ་བར་འཚེ་བ་ལ་སོགས་པ་མི་འདྲ་བ་དག་གོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་ནི་འོ་ན་ཇི་ལྟར། རབ་ཏུ་འབར་བ་དེ་ཉིད་ལས། །ཞེས་བྱ་བ་རྒྱས་པར་སྨྲས་ཤེ་ན། དེའི་ཕྱིར་དེ་དང་འབྲེལ་པ་ལས་
བྱུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ན་སྤྱོད་པའི་མེ་ལྕེ་དེ་ནི་འདོད་པ་ན་སྤྱོད་པའི་མེ་ལྕེ་དང་འབྲེལ་ཏེ་འབྱུང་བ་ཡིན་ཏེ། དེའི་ཕྱིར། རབ་ཏུ་འབར་བ་དེ་ཉིད་ལས། །ཞེས་དེ་སྐད་དུ་བཤད་དོ། །དེ་བཞིན་དུ་འཇིག་པ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་
བ་ནི་ཆུས་འཇིག་པ་དང་། རླུང་གིས་འཇིག་པ་དག་ལ་སྟེ། བསམ་གཏན་གཉིས་པ་དང་གསུམ་པ་ཁོ་ནའི་ཆུའི་ཁམས་དང་རླུང་གི་ཁམས་ཡིན་གྱི་གཞན་གྱི་ས་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཞེས་བྱ་བ་ནི་ཇི་ལྟར་མེས་འཇིག་པ་
Vol. 144 · folio 338b
དག་ཏུ་འགྲོ་བ་དང་ཁམས་དང་སེམས་ཅན་དང་སྣོད་འཇིག་པ་བཤད་པ་དེ་བཞིན་དུ་ཆུ་དང་རླུང་གིས་འཇིག་པ་དག་ལ་ཡང་ཚུལ་དེ་ཉིད་ཀྱིས་སྣོད་སྟོང་པར་རང་གི་ས་པའི་ཆུའི་ཁམས་ཀྱིས་རིམ་གྱིས་སྣོད་ཀྱི་འཇིག་རྟེན་ལན་ཚྭ་ལ་བྱ་བ་བཞིན་དུ་འཇུ་བར་བྱེད་དོ་ཞེས་བྱ་བ་དང་། རང་གི་ས་པའི་རླུང་གི་
ཁམས་ཁོ་ནས་རིམ་གྱིས་སྣོད་ཀྱི་འཇིག་རྟེན་འཐོར་བར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་དེ། དེ་ཉིད་ཀྱིས་མི་སྣང་བར་བྱེད་དོ་ཞེས་བྱ་བའི་བར་བརྗོད་པར་བྱའོ་ཞེས་བྱ་བའོ། །དེ་ལས་ངེས་པར་འབྱུང་བ་ཞེས་བརྗོད་པར་བྱ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་འོངས་
པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་བཤད་པའི་རིམ་པ་དང་ཚུལ་དུ་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་རིམ་པ་དང་། ཇི་སྐད་བཤད་པའི་ཚུལ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་སྐད་བཤད་པའི་རིམ་པ་ནི་རླུང་གྱི་དཀྱིལ་འཁོར་དང་། ཆུའི་དཀྱིལ་འཁོར་ནས་
སེམས་ཅན་ལ་སོགས་པ་དག་གི་བར་རོ། །ཇི་སྐད་བཤད་པའི་ཚུལ་ནི་ཚུལ་གང་ཞིག་གང་ལ་བཤད་པ་སྲིད་དང་། རྒྱ་དང་ཚད་དང་། དབྱིབས་ཀྱི་མཚན་ཉིད་དོ། །དེའི་འོག་ཏུ་ནི་འཐབ་བྲལ་བའི་བར་དུའོ་ཞེས་བྱ་བས་ནི་ནམ་མཁའ་ལ་གནས་པའི་གཞལ་མེད་ཁང་རྣམས་ཀྱི་ས་མཚམས་
སྟོན་ཏོ། །དེ་ཙམ་གྱིས་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཅེས་བྱ་བ་ལ། འདི་ནི་ཚངས་པ་ཆེན་པོ་སྟེ། དེའི་ཕྱིར་ན་ཚངས་པ་ཆེན་པོ་ཐམས་ཅད་ནི་སོ་སོའི་སྐྱེ་བོ་ཡིན་ཏེ། འཕགས་པ་ལ་འོག་ཏུ་འགྲོ་བ་མི་སྲིད་པའི་ཕྱིར་དང་། གོང་ན་མཐོང་
ལམ་མེད་ཅེས་འབྱུང་བས། གཟུགས་ཀྱི་ཁམས་ན་སྐྱོན་མེད་པར་ཞུགས་པ་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཅིག་གིས་བར་མེད་པར་སྐྱེ་བ་གཉིས་སུ་ཚངས་པ་ཆེན་པོ་ཉིད་བྱེད་པ་མ་ཡིན་ནོ། །གལ་ཏེ་ཚངས་པ་ཆེན་པོ་ཉིད་ནང་གི་ཕྱི་ནས་འཆི་འཕོའོ་ཞེས་བཤད་ལ། འོད་
གསལ་བ་རྣམས་ཀྱི་ཚེ་ཡང་བསྐལ་པ་ཆེན་པོ་བསྐལ་པ་བརྒྱད་ཡིན་ཞིང་། བར་གྱི་བསྐལ་པ་ཉི་ཤུ་ན་ཡང་། སླར་འཆགས་པས་དེའི་ཕྱིར་དེ་འོད་གསལ་བའི་ས་པའི་ཚེ་མ་ཟད་པར་དེ་ནས་འཆི་འཕོ་བར་འགྱུར་ཞེ་ན། དེ་ན་བར་ཆད་དུ་འཆི་བ་ཡོད་དེ། །བསོད་ནམས་རླབས་ཆེན་པོ་
Vol. 144 · folio 339a
ལས་སྐྱེས་པ་དག་ནི་ཚེ་ལོ་བསྐལ་པ་ཆེན་པོ་བརྒྱད་པ་ཡིན་ནོ། །གང་བར་གྱི་བསྐལ་པ་ཆེན་པོ་ཉི་ཤུ་ཞེས་བྱ་བ་འདི་ནི་ཆེས་ཉུང་བ་ཡིན་ནོ། །ཁ་ཅིག་ན་རེ་དེར་སྐྱེ་བ་དེ་ནི་གཞན་ཞིག་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ལས་སྣ་ཚོགས་པས་འདི་ལ་ངེས་པ་མེད་
དོ་ཞེས་ཟེར་རོ། །གང་མཇུག་ཏུ་འཇིག་པ་དེ་དག་དང་པོར་འཆགས་ཞེས་བྱ་བ་ནི་དཔེར་ན་མེས་འཇིག་པ་དག་ན་ཚངས་པའི་གཞལ་མེད་ཁང་བཞིན་ནོ། །འདི་ནི་ཆོས་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་བའི་ལས་སྔོན་བསགས་པ་རྣམས་ཀྱི་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ནོ་ཞེས་བྱ་བའོ། །
འཇིག་རྟེན་འཆགས་པ་ན་ཞེས་བྱ་བ་ནི་གང་གི་ཚེ་འཆགས་པར་རྩོམ་པ་ན་དང་པོ་ཁོ་ནར་ཚངས་པའི་གཞལ་མེད་ཁང་སྐྱེ་བའོ། །ཚེ་དཔག་ཏུ་མེད་པ་ཉིད་ནས་འགྲིབ་པ་ནི་ཞེས་བྱ་བ་ནི་དམྱལ་བ་སྲིད་པ་ནས་བརྩམས་ནས་སོ། །ཇི་ལྟར་ཞེ་ན། གང་གི་ཚེ་ཚེ་དཔག་ཏུ་མེད་པ་དག་ཤི་སྟེ་
དམྱལ་བ་དག་ཏུ་སྐྱེ་བ་དེ་ནས་བཟུང་སྟེ་རྩིའོ། །དེ་ལྟར་ན་འདི་ནི་ཆགས་ནས་གནས་པ་རྣམས་ཀྱི་བར་གྱི་བསྐལ་པ་དང་པོ་ཡིན་ནོ་ཞེས་བྱ་བ་འདི་མི་འགལ་ལོ། །དེ་ནས་ཡར་སྐྱེ་མར་འབྲི་བའི། །ཞེས་བྱ་བ་ནི། བཅོ་བརྒྱད་པོ་དེ་དག་ནི་རེ་རེ་ཡང་ཡར་སྐྱེ་བ་དང་མར་འབྲི་བའི་རང་བཞིན་ཡིན་
ནོ། །ཡང་ཇི་ལྟར་ཡར་སྐྱེ་བའི་རང་བཞིན་དང་། འབྲི་བའི་རང་བཞིན་ནི་ཡར་སྐྱེ་བ་དང་འབྲི་བའི་རང་བཞིན་ཅན་གྱི་བསྐལ་པ་རྣམས་དང་དུས་མཉམ་པར་འགྱུར་ཞེ་ན། མགྱོགས་པ་དང་མགྱོགས་པ་མ་ཡིན་པར་འགྲོ་བའི་ཁྱད་པར་ལས་ཏེ། འདི་ལྟར་མཐའི་བསྐལ་པ་གཉིས་ནི་དལ་
གྱིས་འགྲོ་ལ། བར་མ་བཅོ་བརྒྱད་ནི་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྱུར་རོ། །ཆགས་པ་རྣམས་ཁོ་ན་ལ་ཡར་སྐྱེ་བ་དང་། མར་འབྲི་བ་མངོན་གྱི། གཞན་གྱི་ཚེ་ནི་མ་ཡིན་པས་དེ་དག་ལ་ཇི་ལྟར་བར་གྱི་བསྐལ་པ་རྣམ་པར་གཞག་ཅེ་ན། དེའི་ཕྱིར་གལ་ཏེ་ཡང་
དེའི་ཚེ་ཡར་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསྐལ་པ་ཕུང་པོ་ལྔའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ཉིད་དུས་ཞེས་ཁམས་ཀྱི་མཛོད་ཉིད་ལས་བཤད་དེ། དུས་མང་པོ་ནི་བསྐལ་པ་ཡིན་ནོ། །སིལ་བུ་ཞེས་བྱ་བ་ནི་ལུང་དག་གི་ནང་དུ་མ་འདུས་པའི་ཕྱིར་རོ། །གཞན་དག་ལ་ལྟ་
Vol. 144 · folio 339b
བ་བསྐྱེད་དེ་ཞེས་བྱ་བ་ནི་འདིར་ལྟ་བས་ཞེས་བྱ་བའི་སྒྲས་ནི་སྙིང་རྗེ་བཤད་ཀྱི་སྲེད་པ་ནི་མ་ཡིན་ནོ། །རིགས་གཞན་ཁོ་ན་ཞེས་བྱ་བ་ནི་ས་བོན་གྱི་ཁྱད་པར་རམ། དགེ་བའི་རྩ་བ་དག་གོ། །དམན་པ་དེ་དང་དེའི་ཐབས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་སོ་སོའི་སྐྱེ་བོ་དང་ཉན་
ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་བཤད་དོ། །དེའི་ཚེ་སྙིགས་མ་ལྔ་པོ་འདི་ལྟ་སྟེ་ཞེས་བྱ་བ་ནི། ཤིན་ཏུ་ལྷག་པ་ནི་ཆེས་བླ་ལྷག་པའོ། །འདིར་ཚེ་ཉིད་ཐ་ཆད་ཡིན་ཞིང་། ངན་སྙིགས་སུ་གྱུར་པ་ནི་སྙིགས་མ་དག་གོ། །དུས་ཀྱི་སྙིགས་མ་ལ་སོགས་པ་ཡང་
དེ་དང་འདྲའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི། ཚེའི་སྙིགས་མས་ནི་སྲོག་རྒུད་པར་བྱེད་དེ་གནས་པའི་དུས་ཐུང་ངུ་འཕེན་པར་བྱེད་པའི་ཕྱིར་རོ། །དུས་ཀྱི་སྙིགས་མས་ནི་ཡོ་བྱད་རྒུད་པར་བྱེད་དེ། འབྲུ་ལ་སོགས་པ་རྣམས་རོ་དང་ནུས་པ་དང་། སྨིན་པ་དང་མཐུ་ཆུང་བར་
འགྱུར་བའི་ཕྱིར་དང་། དུས་ཀྱང་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཉིས་ཀྱིས་ནི་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྟ་བའི་སྙིགས་མ་དག་གོ། །ཇི་ལྟ་ཞེ་ན། དེའི་ཕྱིར་འདོད་པའི་བསོད་ཉམས་དང་བདག་ངལ་བ་ཞེས་བྱ་བ་སྨོས་ཏེ། འདོད་པའི་བདེ་བ་ཉིད་འདོད་
པའི་བསོད་ཉམས་ཏེ། དེར་ཆགས་པའི་ཕྱིར་རོ། །ཡང་ན་འདོད་པའི་བསོད་ཉམས་ནི་འདོད་པའི་སྲེད་པ་སྟེ། དེས་འདོད་པའི་བདེ་བ་ལ་ཆགས་པར་བྱེད་ཅིང་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་ངལ་བ་ནི་བདག་ལ་ཉེ་བར་གདུང་བ་སྟེ་བདག་གཟིར་བའོ། །
དེ་དག་རྩོམ་པ་ནི་བསྟེན་པ་སྟེ། དེ་དག་གོམས་པར་བྱེད་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གོ་རིམས་བཞིན་དུ་འདོད་པའི་བདེ་བ་དང་། བདག་ལ་གདུང་བ་བསྟན་པའི་དབང་དུ་བྱས་པ་སྟེ། ཆེད་དུ་བྱས་ཤིང་བརྩམས་ནས་ཉོན་མོངས་པ་དང་ལྟ་བའི་སྙིགས་
མ་གཉིས་ཀྱིས་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །ཡང་ན་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱིས་ཞེས་བྱ་བ་ཡང་གོ་རིམས་བཞིན་ཡིན་ཏེ། དེ་གཉིས་ཀྱིས་ནི་དགེ་བའི་ཕྱོགས་རྒུད་པར་བྱེད་དོ་ཞེས་བྱ་བ་དང་སྦྱར་རོ། །འདི་ལྟར་ཁྱིམ་པ་རྣམས་ནི་འདོད་པ་གཙོ་ཆེ་བ་ཡིན་ལ།
Vol. 144 · folio 340a
རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་གཙོ་ཆེ་བ་ཡིན་ནོ། །གཅིག་གིས་ནི་ལུས་རྒུད་པར་བྱེད་དེ་ཞེས་བྱ་བས་ནི་ལྔ་པ་སེམས་ཅན་གྱི་སྙིགས་མའི་བྱ་བ་བཤད་དེ། བོང་ཚོད་ལ་སོགས་པ་ཉམས་པའི་ཕྱིར་རོ། །རང་སངས་རྒྱས་རྣམས་ནི་ཡར་སྐྱེ་བ་ནི་ཡང་འབྱུང་
སྟེ། བདག་ཉིད་ཀྱི་དབང་དུ་བྱས་ནས་ཞུགས་པའི་ཕྱིར་རོ། །ཉན་ཐོས་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་གང་དག་སངས་རྒྱས་བཅོམ་ལྡན་འདས་གཞན་གྱི་ཚེ་བདེན་པ་མཐོང་བ་རྣམས་སོ། །སོ་སོའི་སྐྱེ་བོ་སྔོན་དུ་འགྲོ་བ་དག་ཀྱང་ཞེས་བྱ་བ་ནི་ཚོགས་ན་སྤྱོད་པ་དག་གོ། །གང་དག་གཞན་
དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པར་ཞེས་བྱ་བ་ནི་གང་དག་གིས་སྔར་སངས་རྒྱས་གཞན་གྱི་ཚེ་དྲོ་བར་གྱུར་པ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་གསུམ་བསྐྱེད་པའོ། །དེའི་སྤྱོད་ལམ་བསྟན་པ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་སྤྱོད་ལམ་སྐྱིལ་མོ་
ཀྲུང་བཅའ་བ་ལ་སོགས་པ་བསྟན་ཞེས་བྱ་བའི་དོན་ཏོ། །འཕགས་པ་དག་ཅིག་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཕགས་པ་རྣམས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྤངས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཚོགས་དག་ལ་ཞེས་བྱ་བ་ནི་ཚུལ་
ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དག་སྟེ། སྤྱོད་པ་ནི་སྦྱོར་བ་བྱས་པའོ། །ཆོས་སྟོན་པར་སྤྱོད་དོ་ཞེས་བྱ་བ་ནི་གལ་ཏེ་སོ་སོ་ཡང་དག་པར་རིག་པ་མ་ཐོབ་ཏུ་ཟིན་ཀྱང་སྙམ་དུ་བསམས་པའོ། །བསོད་ནམས་ནི་འདོད་པ་ཆུང་བའོ། །རྣམ་པར་གཡེང་བ་དང་འདུ་
འཛིས་སྐྲག་པས་འཁོར་ཡོངས་སུ་གཟུང་བར་འགྱུར་བ་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། འཁོར་ཡོངས་སུ་གཟུང་བར་འགྱུར་ན་ནི་རྣམ་པར་གཡེང་བ་དང་འདུ་འཛི་གཉིས་སྤང་བར་མི་ནུས་སོ། །དེ་དག་རྣམ་པར་གཡེང་བ་དང་། འདུ་འཛིས་སྐྲག་པ་ནི་སྔོན་གོམས་པའི་
དབང་གིས་སོ། །བསེ་རུ་ལྟ་བུ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་། མ་འདྲེས་པར་གནས་པ་སྟེ། བསེའི་རྭ་ལྟར་གཉིས་པ་མེད་པའི་ཕྱིར་རོ། །དེ་ནི་གླིང་གཅིག་གི་བདག་པོ་ཡིན་ནོ་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་བདག་པོའོ། །དེ་ནི་གཉིས་ཀྱིའོ་ཞེས་བྱ་བ་ནི་
Vol. 144 · folio 340b
འཛམ་བུའི་གླིང་དང་ཤར་གྱི་ལུས་འཕགས་པོ་གཉིས་ཀྱིའོ། །དེ་ནི་གསུམ་གྱིའོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པའི་འོ། །དེ་ནི་གླིང་བཞི་ལ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་དང་བཅས་པ་ལའོ། །འདི་ནི་བཏགས་པ་ལས་བསྟན་པ་ཡིན་ནོ་ཞེས་བྱ་བས་ནི་མདོ་
ལས་མ་ཡིན་ནོ། །ཞེས་བསྟན་ཏོ། །མདོ་དང་འགལ་བ་སྤངས་པའི་ཕྱིར་མདོ་ལས་ནི་གཙོ་བོ་སྨོས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སྔ་ཕྱི་མེད་པར་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་སྟེ་འཕྱི་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་
མཐུ་ཐོགས་པ་ཡོད་པར་འགྱུར་དུ་འོང་ངོ་ཞེས་བྱ་བ་ནི་རྒྱུ་སྨྲས་པ་སྟེ་མཐུ་ལ་ཐོགས་པ་ཡོད་ན་ནི་སངས་རྒྱས་རྣམས་ཅིག་ཅར་འབྱུང་བ་དང་འབྲས་བུ་དང་བཅས་པར་འགྱུར་གྱི། གཞན་དུ་མ་ཡིན་ནོ། །དེ་ནི་གཞན་གྱིས་ཀྱང་མི་སྤྱོད་དོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ནུས་མཐུ་མཚུངས་པའི་
ཕྱིར་རོ། །མཉམ་ཞིང་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དང་མི་མཉམ་པ་དག་དང་མཉམ་ཞིང་མཉམ་པའོ། །གཞན་དག་ན་རེ་ཤིན་ཏུ་མཉམ་པ་ནི་མཉམ་ཞིང་མཉམ་པ་སྟེ། གྲང་ཞིང་གྲང་བ་བཞིན་ནོ། །ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་མཉམ་པ་
ཡོད་མོད་ཀྱི་མཉམ་ཞིང་མཉམ་པ་ནི་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་དང་མ་བྲལ་བའི་ཕྱིར་རོ། །འབྱུང་བ་ལ་གེགས་བྱེད་པ་འགའ་ཡང་མེད་ཅེས་བྱ་བ་ནི་ཚོགས་བསགས་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འབྱུང་བ་ལའོ། །འཇིག་རྟེན་གྱི་ཁམས་དག་ཀྱང་མཐའ་
ཡས་པས་ཞེས་བྱ་བས་ནི་དེར་ནི་གཞན་གྱིས་ཀྱང་མི་སྤྱོད་དོ་ཞེས་གང་སྨྲས་པ་དེ་ཡོངས་སུ་སྤངས་པ་ཡིན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རིམ་གྱིས་སྤྱོད། རིམ་གྱིས་འཇུག་ན་ནི་གདུལ་བའི་དུས་ལས་འདའ་བར་འགྱུར་རོ། །ཁམས་གྱི་རྒྱལ་ཕྲན་ནི་རྒྱལ་
ཕྲན་དག་གོ། །ཕན་ཚུན་མཚོན་བརྩམས་པ་ཞེས་བྱ་བ་ནི་གཟས་པ་ཞེས་བྱ་བའི་དོན་ཏོ། །ཁྱིམ་བདག་རིན་པོ་ཆེ་ནི་མཛོད་ཀྱི་སྤྱན་ནོ། །བློན་པོ་རིན་པོ་ཆེ་ནི་དཔུང་གི་སྤྱན་ནོ། །དེ་དང་འབྲེལ་པ་ནི་འཁོར་ལོས་སྒྱུར་བ་དང་འབྲེལ་པ་སྟེ། ལས་དང་ལྡན་པ་གང་
Vol. 144 · folio 341a
ཡིན་པ་དང་ངོ་། །ལས་དེ་ནི་དེ་དང་འབྲེལ་པར་འགྱུར་བའོ། །ཤིན་ཏུ་ཡུལ་ན་གནས་པ་ཞེས་བྱ་བ་ནི་སྐུའི་ཡུལ་གང་དང་གང་ཞིག་འགྱུར་བ་དེ་ནི་དེ་ཁོ་ནར་གནས་པའི་ཕྱིར་རོ། །ཤིན་ཏུ་གསལ་བ་ནི་ཤིན་ཏུ་འབར་བའི་ཕྱིར་དང་། ཡིད་འཕྲོག་
པའི་ཕྱིར་རོ། །ཤིན་ཏུ་རྫོགས་པ་ཞེས་བྱ་བ་ནི་གང་ཞིག་ཇི་སྙེད་ཡོད་པ་སྟེ། མ་ཚང་བ་མི་མངའ་བའི་ཕྱིར་རོ། །འཁོར་ལོས་སྒྱུར་བའི་ཞར་ལ་འདི་ཡང་དཔྱད་པར་བྱ་སྟེ། ཡང་ཅི་བསྐལ་པ་དང་པོ་པའི་མི་རྣམས་ཀྱང་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །གཟུགས་དང་ལྡན་
པ་ནི་ཁ་དོག་དང་དབྱིབས་ལེགས་པའོ། །ཡིད་ཙམ་ལས་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བའོ། །ལག་པ་དང་རྐང་པ་དང་དེ་དག་གི་སོར་མོ་ལ་སོགས་པ་དང་ལྡན་པའི་ཕྱིར། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པའོ། །དབང་པོ་ལྔ་ཆར་ཚོགས་པའི་ཕྱིར་དབང་པོ་
མ་ཚང་བ་མེད་པའོ། །ཞར་བ་དང་འཁྲུལ་པ་ལ་སོགས་པ་མེད་པའི་ཕྱིར། དབང་པོ་ངན་པ་མ་ཡིན་པའོ། །ཡིད་དུ་འཐད་པའི་ཕྱིར་དང་། ནད་དང་བྲལ་བའི་ཕྱིར་མཛེས་པའོ། །རྒ་བ་མེད་པའི་ཕྱིར་ཁ་དོག་ལ་གནས་པའོ། །ཚེ་རིང་བ་ནི་གང་གི་ཕྱིར་ཡུན་རིང་པོར་གནས་
པའི་ཕྱིར་རོ། །སྦྲང་རྩིའི་རོ་བྲོ་བ་ཞེས་བྱ་བ་ནི། འདི་ལ་སྦྲང་རྩི་ལྟ་བུའི་རོ་བྲོ་བ་ཡོད་པས་སྦྲང་རྩིའི་རོ་བྲོ་བའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉིད། ཆུ་སྲིན་འཛིན་ཁྲི་ཡིན་པ་དེའི་ཁམ་དུ་སོང་སྟེ། དེ་ལ་རག་ལས་ཏེ་འཇུག་པའི་ཕྱིར་དང་། དེར་འབབ་པའི་
ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ཉིད་འབྱུང་པོའི་གདོན་ཡིན་ཏེ། ཡང་དག་པ་མ་ཡིན་པའི་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་རློམ་པ་ནི་དམ་པ་མ་ཡིན་པའི་བྱ་བ་ལ་འཇུག་པ་ན་དེ་ལ་རག་ལས་པའི་ཕྱིར་རོ། །རྒྱལ་རིགས་ཀྱི་ཞར་ལ་འདི་ཡང་དཔྱད་པར་བྱ་སྟེ།
དེ་ལ་གང་དག་ཁྱིམ་དག་ནས་ཡིད་ཕྱིར་ཕྱོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྒྱལ་རིགས་ལ་སོགས་པའི་མི་རྣམས་ནི་ངེས་པའི་ཚིག་གི་ཚུལ་གྱིས་སོ། །བསྐལ་པ་མཚོན་དང་ནད་དང་མུ་གེ་དག་གིས་ཚར་ཕྱིན་ཅིང་ཡོངས་སུ་རྫོགས་པར་འགྱུར་ཏེ། བསྡུས་པ་ནི་
Vol. 144 · folio 341b
མ་ཡིན་ནོ། །ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པ་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པ་ལ་ལྷག་པར་ཞེན་པའོ། །ཡ་ང་བ་ལ་ཆགས་པས་ཟིལ་གྱིས་གནོན་པ་ནི་བརྣབ་སེམས་ཅན་ནམ། མ་བྱིན་པར་ལེན་པ་དག་གོ། །ལོག་པའི་ཆོས་ཀྱིས་
ཀུན་ནས་དཀྲིས་པ་ཞེས་བྱ་བ་ནི་ལོག་པའི་ཆོས་ཀུན་དུ་སྟོན་པར་བྱེད་པའོ། །ཉེས་པ་དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་འདོད་ཆགས་ལ་སོགས་པ་དག་གིས་སོ། །ཡམས་ཀྱི་ནད་གཏོང་བར་བྱེད་ཅེས་བྱ་བ་ནི་མདངས་འཕྲོག་པའམ་སྨན་རྣམས་མ་རུང་བར་
བྱེད་པའོ། །མུ་གེ་ནི་རྣམ་པ་གསུམ་ཡིན་ལ། སླར་རེ་རེ་ལ་ཡང་རྣམ་པ་གཉིས་གཉིས་ཡིན་པས་རྣམ་པ་དྲུག་གོ། །གླིང་གཉིས་སུ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ། །དེ་དག་དང་མཐུན་པ་ཞེས་བྱ་བ་ནི་མཚོན་དང་ནད་དང་མུ་གེ་དག་དང་སྟེ།
མཚོན་དང་མཐུན་པ་ནི་གནོད་སེམས་སོ། །ནད་དང་མཐུན་པ་ནི་ཁ་དོག་ངན་པ་དང་ཉམ་ཆུང་བའོ། །མུ་གེ་དང་མཐུན་པ་ནི་བཀྲེས་པ་དང་སྐོམ་པའོ། །ལྷག་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཅི་རིགས་པར་ཐམས་ཅད་དང་སྦྱར་བར་བྱའོ། །ཡར་སྐྱེ་བའི་ཚེ་ནི་མི་ཚེ་ལོ་བཅུ་
པ་རྣམས་ལས་བུ་ཚེ་ལོ་ཉི་ཤུ་པ་དག་སྐྱེ་ལ། ཚེ་ལོ་ཉི་ཤུ་པ་རྣམས་ལས་ཚེ་ལོ་བཞི་བཅུ་པ་རྣམས་དག་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་ཚེ་ལོ་བརྒྱད་ཁྲི་པ་རྣམས་སྐྱེ་བའི་བར་དུ་ཡིན་ནོ། །དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཞེས་བྱ་བ་ནི་མེས་འཇིག་པ་བཤད་ནས། དེ་བཞིན་
དུ་འཇིག་པ་གཞན་དག་ལ་ཡང་ཞེས་བྱ་བ་སྨྲས་སོ། །ཆ་ཤས་ཕྲ་མོ་ཡང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དག་ཀྱང་མི་ལུས་པར་བྱེད་པའོ། །འདི་ལ་མུ་སྟེགས་བྱེད་ཁ་ཅིག་ཅེས་བྱ་བ་ནི་གཟེགས་ཟན་ལ་སོགས་པ་དག་གོ། །རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཞེས་བྱ་བ་ནི་ཡོད་པ་རྒྱུ་
དང་མི་ལྡན་པའི་ཕྱིར་རམ། འཇིག་པའི་རྒྱུ་མེད་པའི་ཕྱིར་ཏེ། དེ་མེད་པ་ནི་འདུ་བ་ཅན་གྱི་རྒྱུ་དང་འདུ་བ་ཅན་མ་ཡིན་པའི་རྒྱུ་མི་སྲིད་པའི་ཕྱིར་རོ། །རྟག་པའི་ཕྱིར་ན་དེ་དག་དེའི་ཚེ་མེ་ལ་སོགས་པ་དག་གིས་མི་འཇིག་པས་དེའི་ཚེ་བསྡུས་སོ། །དེ་དག་ཅིའི་ཕྱིར་
Vol. 144 · folio 342a
དེ་ལྟར་འདོད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་པས་དེའི་ཚེ་བསྡུས་སོ་ཞེས་བྱ་བར་རོ། །རྒྱུ་མེད་པ་ཅན་དུ་འབྱུང་ན་མི་རུང་ངོ་ཞེས་བྱ་བ་ནི། བྱེད་རྒྱུ་མེད་པ་ཅན་ནོ། །རགས་པ་རྣམས་ཞེས་བྱ་བ་ནི་རླུང་དང་ཆུ་དང་སའི་དཀྱིལ་འཁོར་དང་།
རི་རབ་ལྷུན་པོ་ལ་སོགས་པ་ཞིག་པ་རྣམས་ཏེ། སངས་རྒྱས་པ་རྣམས་ཀྱི་ལྟར་ན་ཡང་འབྱུང་བར་འགྱུར་ན་ཞེས་བྱ་བར་བསམས་པའོ། །སངས་རྒྱས་པ་རྣམས་ཀྱིས་ནི་མ་ལུས་པར་འཇིག་པར་ཁས་བླངས་པས་རགས་པ་རྣམས་ས་བོན་མེད་པ་ཅན་དུ་འབྱུང་བར་ཁས་
བླངས་པ་ཡིན་ཏེ། འདུ་བ་ཅན་གྱི་རྒྱུ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །འདི་ནི་བུམ་པ་དང་། སྣམ་བུ་ལ་སོགས་པ་རགས་པ་རྣམས་རྒྱུ་མེད་པ་ཅན་དུ་འབྱུང་བ་ཡང་མ་མཐོང་བས། སངས་རྒྱས་པ་རྣམས་ཀྱིས་ཀྱང་རྒྱུ་མེད་པ་ཅན་དུ་འབྱུང་བར་མི་
འདོད་པའམ། གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །མཐུ་ཁྱད་པར་དུ་འཕགས་པའི་རླུང་རྒྱུར་བཤད་དེ། མཐུ་རྣམ་པ་སྣ་ཚོགས་པའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་གཞིགས་
པ་ན་ཞེས་འབྱུང་བའི་ཕྱིར་རོ། །རླུང་དེ་ཡང་རགས་པ་ཡིན་པའི་ཕྱིར། རྒྱུ་མེད་པ་ཅན་དུ་འབྱུང་བར་མི་རིགས་སོ་ཞེ་ན། དེའི་ཕྱིར་ཡང་ན་དེའི་རྒྱུ་ནི་འཇིག་པའི་རྩེ་མོའི་རླུང་ཡིན་པར་འགྱུར་རོ་ཞེས་སྨོས་སོ། །དེ་ལ་རྒྱུ་མེད་པ་ཅན་གྱི་དོགས་པ་ནི་མི་རིགས་ཏེ།
ལས་ལས་སྐྱེས་པའི་ཞེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ལུགས་གཞན་ལ་ལྟོས་ནས་སྨོས་སོ། །འཇིག་པའི་རྩེ་མོ་ནི་བསམ་གཏན་གཉིས་པ་ལ་སོགས་པ་བསམ་གཏན་གསུམ་ཡིན་ལ། དེའི་ས་པའི་རླུང་གི་སྐད་ཅིག་དང་པོར་སྐྱེས་པའི་རླུང་དེའི་རྒྱུ་ཡིན་
པར་འགྱུར་རོ། །ས་བོན་དག་ཁྱེར་ཏེ་འོང་ངོ་ཞེས་བྱ་བ་ལ། ས་བོན་ནི་རིགས་ལྔ་སྟེ། རྩ་བའི་ས་བོན་དང་། ལྡགས་པའི་ས་བོན་དང་། ས་བོན་གྱི་ས་བོན་དང་། སྡོང་བུའི་ས་བོན་དང་། མདོའི་ས་བོན་ནོ། །དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་
Vol. 144 · folio 342b
ས་བོན་དག་ཁྱེར་ཏེ་འོང་མོད་ཀྱི། དེ་ལྟ་ན་ཡང་དངོས་པོ་རྣམས་མེད་པ་ཅན་དུ་འབྱུང་བ་ཡིན་ནོ། །འདི་ལྟར་དེ་དག་ས་བོན་ལ་སོགས་པ་དག་ལས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི། མྱུ་གུ་དང་ལོ་མ་ལ་སོགས་པ་བསྡུའོ། །
རང་གི་ཡན་ལག་དག་ཁོ་ན་ལས་ཞེས་བྱ་བ་ནི་མྱུ་གུ་ནི། རང་གི་ཡན་ལག་དག་ཁོ་ན་ལས་སྐྱེ་ལ། ཡན་ལག་དེ་དག་ཀྱང་རང་གི་ཡན་ལག་དག་ཁོ་ན་ལས་སྐྱེ་སྟེ། རྡུལ་ཕྲ་རབ་དག་ལས་སྐྱེ་བའི་བར་དུ་ཡང་དེ་དང་འདྲའོ། །དེ་དག་ནི་ཆ་ཤས་མེད་པའི་ཕྱིར་གང་
ལས་ཀྱང་མི་སྐྱེའོ། །གལ་ཏེ་མྱུ་གུ་ལ་སོགས་པ་རྣམས་ས་བོན་ལ་སོགས་པ་དག་ལས་མི་སྐྱེ་ན། ད་ནི་གང་ལས་དེ་དོན་དུ་གཉེར་བས་དེ་དག་ཉེ་བར་ལེན་པ་དང་། དེ་ཡོད་པ་དང་མེད་པ་ནི་དེ་རྣམས་ཡོད་པ་དང་། མེད་པར་འགྱུར་བ་མྱུ་གུ་ལ་སོགས་པ་དག་
ལ་ས་བོན་ལ་སོགས་པའི་ནུས་པ་ཅི་ཞིག་ཡོད། འདིས་ནི་མཐོང་བ་དང་འགལ་བ་དང་། འཇིག་རྟེན་དང་འགལ་བར་བསྟན་ཏོ། །དེའི་རྡུལ་ཕྲ་རབ་རྣམས་ཕྲད་པ་ལ་མ་གཏོགས་པར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནི། མྱུ་གུ་ལ་སོགས་པའི་རྡུལ་ཕྲ་རབ་
མ་མཐོང་བས་བསྐུལ་བ་རྣམས་ནི་ས་བོན་གྱི་ཡུལ་དུ་ཉེ་བར་འདུ་སྟེ། དེ་དག་ནི་དེར་ཕན་ཚུན་ཕྲད་ནས་འབྲས་བུ་མྱུ་གུ་ལ་སོགས་པ་རྩོམ་མོ། །མྱུ་གུ་ལ་སོགས་པ་དག་ལ་ས་བོན་ལ་སོགས་པའི་ནུས་པ་ནི་དེ་ཡིན་གྱི། མྱུ་གུ་ལ་སོགས་པ་དག་ལ་ནུས་
པ་ནི་མ་ཡིན་ཏེ། དེས་ན་དེ་དོན་དུ་གཉེར་བ་དག་གིས་དེ་དག་ཉེ་བར་ལེན་པས་མཐོང་བ་དང་འགལ་བ་མེད་དོ། །ཡང་ཅིའི་ཕྱིར་དེ་དག་དེ་ལྟར་འདོད་ཅེ་ན་ཞེས་བྱ་བ་ནི། རྒྱུ་མེད་པར་ས་བོན་ལ་སོགས་པ་མཐོང་བའི་རྒྱུ་ཡོངས་སུ་སྤངས་ནས། མ་མཐོང་
བ་རྡུལ་ཕྲ་རབ་ཀྱི་བདག་ཉིད་ཅན་རྟག་པར་ན་རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །ངེས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་རིགས་མི་མཐུན་པ་ལས་རིགས་མི་མཐུན་པ་སྐྱེ་ན་ནི། དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ན།
Vol. 144 · folio 343a
དེ་ནི་དེ་ལྟར་མཐོང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་མྱུ་གུ་དང་རིགས་མཐུན་པའི་ཡན་ལག་དག་ཁོ་ན་ལས་མྱུ་གུ་སྐྱེ་བར་རིགས་ཏེ། ས་བོན་ལ་སོགས་པ་དག་ལས་ནི་མ་ཡིན་ཏེ། རིགས་མི་མཐུན་པའི་ཕྱིར་རོ། །ནུས་པ་ངེས་
པའི་ཕྱིར་དེ་ལྟར་མི་འགྱུར་ཏེ་ཞེས་བྱ་བ་ལ། ཇི་ལྟར་ས་བོན་ནི་ནུས་པའི་ཁྱད་པར་ལས་མྱུ་གུའི་རྡུལ་ཕྲ་རབ་དག་སྤྲོད་པར་བྱེད་དེ། རྡུལ་ཕྲ་རབ་གཞན་དག་མ་ཡིན་ལ། དེ་དག་ཀྱང་གཞན་དུ་མ་ཡིན་པ་དེ་བཞིན་དུ་ས་བོན་དང་། མྱུ་གུ་དང་། ལོ་མ་ལ་
སོགས་པ་རྣམས་སོ་སོར་ནུས་པ་ཐ་དད་པས་མྱུ་གུ་ལ་སོགས་པའི་འབྲས་བུ་སོ་སོར་ངེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པས་ངེས་པ་མེད་པར་ཐལ་བ་མེད་དོ། །གདོན་མི་ཟ་བར་ནུས་པ་ཐ་དད་པ་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་རྡོ་ལ་ཡང་མྱུ་གུ་ལ་སོགས་
པའི་རྡུལ་ཕྲ་རབ་རྣམས་ཕྲད་པར་ཁས་བླང་བར་བྱ་དགོས་ལ། དེར་ཕྲད་པ་རྣམས་ཀྱི་འབྲས་བུ་སྐྱེ་བར་ཡང་ཁས་བླང་བར་བྱ་དགོས་སོ། །དཔེ་ཤིན་ཏུ་གྲགས་པ་བསྟན་པའི་ཕྱིར། སྒྲ་དང་ཚོས་བྱེད་མེ་རིགས་ལས་སྐྱེ་བ་འབྱུང་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ།
སྒྲ་ནི་རིགས་མི་མཐུན་པ་ཕྲད་པ་དང་བྱ་བ་ལ་སོགས་པ་དག་ལ་འབྱུང་གི་དྲི་ལ་སོགས་པ་རིགས་མི་མཐུན་པ་གཞན་ལས་མི་འབྱུང་ལ། ཆོས་བྱེད་ལས་སྐྱེས་པའི་གཟུགས་ལ་སོགས་པ་དག་ཀྱང་ཚོས་པར་བྱ་བ་དང་། འཚེད་པ་པོ་རྫས་རིགས་མི་མཐུན་པ་ལས་སྐྱེའི་
སྒྲ་དང་བདེ་བ་ལ་སོགས་པ་རིགས་མི་མཐུན་པ་གཞན་ལས་ཀྱང་མི་འབྱུང་བ་བཞིན་ནོ། །ཡོན་ཏན་གྱི་ཆོས་ནི་སྣ་ཚོགས་ཡིན་གྱི་ཞེས་བྱ་བ་ནི། དེ་ནི་རིགས་མཐུན་པ་དང་། །རིགས་མི་མཐུན་པ་དག་ལས་ཀྱང་སྐྱེ་བའི་ཕྱིར་རོ། །དེ་ལ་འབྲས་བུའི་ཡོན་ཏན་རྒྱུའི་
ཡོན་ཏན་སྔོན་དུ་འགྲོ་བ་ཅན་རྣམས་ནི་རིགས་མཐུན་པ་དག་ལས་ཡིན་ལ། སྒྲ་དང་ཚོས་བྱེད་ལས་སྐྱེས་པ་དང་བདེ་བ་ལ་སོགས་པ་དག་ནི་རིགས་ཐ་དད་པ་དག་ལས་ཡིན་ནོ། །རྫས་ཀྱི་ཆོས་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་རིགས་མཐུན་པ་དག་ཁོ་ན་ལས་འབྱུང་བའི་
Vol. 144 · folio 343b
ཕྱིར་རོ། །ཡང་འདི་ལ་རྒྱུ་ཅི་ཞིག་ཡོད། ནུས་པ་ངེས་པའོ། །ཡོན་ཏན་རྣམས་ཇི་ལྟ་བ་བཞིན་དུ་རྫས་རྣམས་ལ་ནི་རིགས་མི་མཐུན་པ་རྩོམ་པའི་ནུས་པ་ཡོད་པ་མ་ཡིན་ནོ། །འདི་ལྟར་རིགས་མཐུན་པ་དག་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་དག་
དང་དེ་དག་ཁོ་ན་དེ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཇག་མ་ལ་སོགས་པ་དེ་ལྟར་གནས་པ་དག་ཁོ་ན་དེ་ལྟར་ཏེ་རེ་ལྡེ་ལ་སོགས་པའི་ངོ་བོའི་རྣམ་པ་དེར་གནས་ཤིང་རྣམ་པར་གནས་པ་ལ་དེའི་སྟེ་རེ་ལྡེ་ལ་སོགས་པའི་མིང་འཐོབ་སྟེ། གྲོག་མ་ལ་སོགས་པའི་ཕྲེང་
བ་བཞིན་ནོ། །ཇི་ལྟར་གྲོག་མ་ལ་སོགས་པ་དེ་ལྟར་གནས་པ་དག་ལ་ཕྲེང་བ་ཞེས་བྱ་བའི་མིང་འཐོབ་ལ། དེ་དག་ལས་གཞན་པའི་ཕྲེང་བའི་རྫས་ཀྱང་ཡོད་པ་མ་ཡིན་པ་ནི་ཁྱེད་ཅག་གི་གྲུབ་པའི་མཐའ་ལ་ཡང་ཡིན་ནོ། །ཇི་ལྟར་ཁོང་དུ་ཆུད་ཅེ་ན། སྐུད་པ་
གཅིག་དང་ལྡན་ན་རས་ཡུག་མི་དམིགས་པའི་ཕྱིར་རོ། །གལ་ཏེ་སྐུད་པ་དག་ལས་རས་ཡུག་གཞན་ཡིན་ན་ནི། དེ་སྐུད་པ་དག་རེ་རེ་ལ་འདུ་བས་སྐུད་པ་དེ་ལྟར་རས་ཡུག་ཀྱང་མིག་དང་རེག་པ་དག་གིས་འཛིན་པར་ཐལ་བར་འགྱུར་ཏེ། ཕྲད་པར་ཁྱད་པར་མེད་
པའི་ཕྱིར་རོ། །རས་ཡུག་ནི་སྐུད་པ་ལྟར་དམིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་སྐུད་པ་ལ་སོགས་པ་རྣམ་པ་དེ་དང་དེར་གནས་པ་དག་ཁོ་ན་ལ་རས་ཡུག་ལ་སོགས་པའི་མིང་དེ་དང་དེ་འཐོབ་སྟེ། དཔེར་ན་གྲོག་མ་ལ་སོགས་པ་རྣམས་ཀྱི་བཀོད་པའི་ཁྱད་པར་
ལ་ཕྲེང་བ་ལ་སོགས་པའི་མིང་འདོགས་ཀྱི་དེ་དག་ལ་ཐ་དད་པའི་དངོས་པོ་ལ་ནི་མ་ཡིན་པ་བཞིན་ནོ། །ཡང་མེད་པས་མི་དམིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། མཐོང་བའི་གེགས་བྱས་པས་ཀྱང་ཡིན་ནོ་སྙམ་ན། དེའི་ཕྱིར་དེའི་ཚེ་རས་ཡུག་ཡོད་ན་ནི་
ཞེས་བྱ་བ་རྒྱས་པར་སྨོས་ཏེ། དམིགས་པའི་གེགས་མེད་པ་བཞིན་དུ་མི་འཛིན་པའི་ཕྱིར་ཞེས་ཁྱད་པར་ཉེ་བར་གཟུང་ངོ་། །གང་ཞིག་སྐུད་པ་ཐམས་ཅད་ལ་རས་ཡུག་ཟད་པར་ཡོད་པ་ཡིན་གྱི། རེ་རེ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་སྐུད་པ་གཅིག་གཟུང་བས་རས་
Vol. 144 · folio 344a
ཡུག་འཛིན་པ་མ་ཡིན་ཏེ། སྐུད་པ་བཞིན་དེ་དང་ཕྲད་པ་མེད་པའི་ཕྱིར་རོ་སྙམ་ན། དེའི་ཕྱིར་ཟད་པར་ཡོད་པ་མ་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྐུད་པ་རེ་རེ་དག་ལ་རས་ཡུག་ཟད་པར་ཡོད་པ་མ་ཡིན་ན། དེ་ལྟ་ན་རེ་རེ་
ལ་རས་ཡུག་གི་ཆ་ཡོད་དོ་ཞེས་བྱ་བར་འགྱུར་ཏེ། དེའི་ཕྱིར་སྐུད་པ་ཐམས་ཅད་ལ་ཡང་རས་ཡུག་ཡོད་པ་མ་ཡིན་ཏེ། རས་ཡུག་གི་ཆ་རྣམས་རས་ཡུག་མ་ཡིན་པའི་ཕྱིར་རོ། །འདུས་པ་ཙམ་རས་ཡུག་ཡིན་པར་ཡང་འགྱུར་གྱི། ཡན་ལག་ཅན་གྱི་རྫས་
གཅིག་ནི་མ་ཡིན་ཏེ། སྐུད་པ་རེ་རེ་ལ་འདུ་བའི་མང་པོ་དག་རས་ཡུག་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །སྐུད་པ་དག་ལས་གཞན་པ་རས་ཡུག་གི་ཆ་ཡང་གང་ཞིག་ཡོད་ཅེས་བྱ་བ་ནི་དེ་དག་ལས་ཐ་དད་པའི་རས་ཡུག་གི་ཆ་མེད་པའི་ཕྱིར་ཏེ་རྩོམ་པར་བྱེད་
པའི་ཡན་ལག་མ་གཏོགས་པའི་ཆ་ཁས་མ་བླངས་པའི་ཕྱིར་དང་། རྫས་གཅིག་རྩོམ་པ་མེད་པའི་ཕྱིར་དང་། སྐུད་པ་བཟུང་ན་དེ་མ་བཟུང་བའི་ཕྱིར་གང་ཞིག་སྐུད་པ་དག་ལ་ཡོད་པ་སྐུད་པ་དག་ལས་གཞན་པའི་རས་ཡུག་གི་ཆ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་རས་ཡུག་
དབང་པོ་དང་ཕྲད་པ་ནི་རས་ཡུག་གི་རྟེན་དུ་མ་དང་ཕྲད་པ་ལ་ལྟོས་ཏེ། རས་ཡུག་དམིགས་པའི་རྒྱུ་ཡིན་ནོ། །སྐུད་པ་གཅིག་དང་ལྡན་པའི་ཚེ་ན་ནི་རྟེན་དུ་མ་ཕྲད་པ་མེད་པས་དམིགས་པའི་ཕྱིར་རས་ཡུག་སྐུད་པ་ལ་ཡོད་བཞིན་དུ་མ་དམིགས་པས་ཁྱད་པར་མ་གྲུབ་པོ་སྙམ་ན།
དེའི་ཕྱིར་རྟེན་དུ་མ་ཞིག་དང་ལྡན་པ་ལ་ལྟོས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཚར་ཙམ་མཐོང་ན་རྟེན་དུ་མ་དང་ལྡན་པ་ཡོད་མོད་ཀྱི། རས་ཡུག་དམིགས་པ་ཡང་མ་ཡིན་པས། འདི་རས་ཡུག་དམིགས་པའི་རྒྱུ་མ་ཡིན་ཏེ། དེ་ཡོད་ཀྱང་རས་ཡུག་མ་དམིགས་པའི་
ཕྱིར་རོ། །ཅི་སྟེ་ཡང་རས་ཡུག་དམིགས་པ་ན་རྟེན་མ་ལུས་པར་དམིགས་པ་ལ་ལྟོས་པ་ཡིན་ནོ་སྙམ་ན། དེའི་ཕྱིར་ཡང་ན་ནམ་ཡང་དམིགས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབུས་དང་ཕ་རོལ་གྱི་ཆ་རྣམས་དབང་པོ་དང་མ་འབྲེལ་བའི་ཕྱིར་རྟེན་མ་ལུས་
Vol. 144 · folio 344b
པ་དང་ཕྲད་པ་མེད་པས་ནམ་ཡང་རས་ཡུག་དམིགས་པར་མི་འགྱུར་རོ། །གལ་ཏེ་ཡང་ཡན་ལག་ཐམས་ཅད་དང་ཅིག་ཅར་ཕྲད་པ་མེད་མོད་ཀྱི། རིམ་གྱིས་ན་ཡོད་པས་རས་ཡུག་འཛིན་པར་མི་འགལ་ལོ་ཞེ་ན། དེའི་ཕྱིར་རིམ་གྱིས་ཡན་ལག་རྣམས་དང་ཕྲད་ན་
ཡང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མིག་དང་རེག་པ་དག་རིམ་གྱིས་ཕྲད་ནས་ཡང་ཡན་ལག་དག་ཁོ་ན་དང་ཕྲད་པ་ཡིན་གྱི་ནམ་ཡང་ཡན་ལག་ཅན་དང་མ་ཡིན་པས་མིག་དང་རེག་པས་གཟུང་བར་བྱ་བར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཅི་ནས་ཀྱང་མིག་དང་རེག་པ་
དག་གིས་ཡན་ལག་ཅན་དོན་གཞན་དུ་གྱུར་པ་འཛིན་པ་མ་ཡིན་པ་དེ་ལྟ་བས་ན་རིམ་གྱིས་ཡན་ལག་ཅན་ཤེས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གང་ཞིག་དངོས་པོ་ཕན་ཚུན་ཐ་དད་པ་འཛིན་པ་ལ་ལྟོས་ཏེ། རིམ་གྱིས་འཛིན་པ་དེ་ནི་དེ་དག་ལས་དོན་གཞན་ཡིན་ཏེ། དཔེར་ན་མགལ་
མེའི་འཁོར་ལོ་བཞིན་ནོ། །དཔེར་ན་མགལ་མེ་ཡུལ་གཞན་དུ་བར་ཆད་མེད་པར་མྱུར་དུ་སྐྱེ་བ་ན་རིམ་གྱིས་དམིགས་པས་ཕྱིས་འཁོར་ལོ་སྙམ་དུ་ཤེས་པར་འགྱུར་ལ། དེ་ལས་དོན་གཞན་ཡིན་པ་བཞིན་ནོ། །གཟུགས་དང་རིགས་དང་བྱ་བ་ཐ་དད་པའི་སྐུད་པ་དག་ལ་ཞེས་བྱ་བ་རྒྱས་
པར་འབྱུང་སྟེ། གཟུགས་ཐ་དད་པ་ནི་སྔོན་པོ་དང་སེར་པོའི་གཟུགས་ཐ་དད་པ་དག་གོ། །རིགས་ཐ་དད་པ་ནི་སྲིན་དང་། རས་བལ་དང་། དུ་གུ་ལ་དང་། ཀཽ་ཤི་ལ་སོགས་པའི་རིགས་དག་གོ། །བྱ་བ་ཐ་དད་པ་ནི་ཅིག་ཅར་སྟེང་དང་འོག་དང་ཐད་ཀར་འགྲོ་བ་སྟེ། སྐུད་པ་དག་ལའོ། །
རས་ཡུག་གི་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེའི་ཚེ་རས་ཡུག་གཟུགས་དང་། རིགས་དང་། བྱ་བ་གཅིག་པ་ཡིན་པར་མི་རིགས་ཏེ། སྐུད་པ་རིགས་དང་། གཟུགས་དང་། བྱ་བ་དུ་མ་དང་ལྡན་པ་རྣམས་དེའི་རྒྱུའི་ངོ་བོར་ཁྱད་
པར་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་སྣ་ཚོགས་པ་ཡིན་ན་ནི་ཞེས་བྱ་བ་ལ། གལ་ཏེ་རས་ཡུག་ལ་ཡང་རྒྱུ་དང་འདྲ་བར་གཟུགས་དང་། རིགས་དང་། བྱ་བ་སྣ་ཚོགས་པར་འདོད་ན་ནི། དེ་ལྟར་ན་རིགས་མི་མཐུན་པ་རྩོམ་པར་ཡང་འགྱུར་ཏེ། སྐུད་
Vol. 144 · folio 345a
པའི་གཟུགས་དང་། རིགས་དང་། བྱ་བ་རྣམས་རེ་རེ་ཞིང་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་རས་ཡུག་གང་གི་ངོས་གཅིག་བཀྲ་ལ། གཉིས་པ་མི་བཀྲ་བ་ཡིན་ན། ངོས་ཅིག་ཤོས་མི་བཀྲ་བ་དེར་རས་ཡུག་མི་མཐོང་བར་འགྱུར་
ཏེ། ཅིའི་ཕྱིར་ཞེ་ན། གཟུགས་བཀྲ་བ་མ་མཐོང་བའི་ཕྱིར་རོ། །རས་ཡུག་གི་གཟུགས་མ་མཐོང་བར་ནི་རས་ཡུག་དམིགས་པར་མི་རིགས་ཏེ། གཟུགས་ནི་རྫས་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཆེན་པོ་ནི་དམིགས་པ་ཡིན་ཏེ། རྫས་དུ་མ་
དང་ལྡན་པའི་ཕྱིར་དང་། གཟུགས་ཡོད་པའི་ཕྱིར་རོ་ཞེས་སྨོས་སོ། །ཁྲ་བོའི་ངོ་བོར་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི། གལ་ཏེ་ངོས་གཉིས་པར་རས་ཡུག་མཐོང་ན་ནི་གདོན་མི་ཟ་བར་རས་ཡུག་དམིགས་པའི་རྒྱུ་མཚན་གཟུགས་མཐོང་བ་ཡང་ཡོད་པར་
འགྱུར་རོ་ཞེས་བྱ་བར་དགོངས་སོ། །བྱ་བ་ཡང་སྣ་ཚོགས་པ་ཡིན་པས་ཤིན་ཏུ་སྣ་ཚོགས་པ་ཡིན་པར་འགྱུར་རོ་ཞེས་བྱ་བས་ནི་རང་གི་བདག་ཉིད་དུ་གྱུར་པའི་ཡན་ལག་མེད་པའི་ཕྱིར་ཡན་ལག་ཅན་མེད་དོ་ཞེས་སྟོན་ཏོ། །དང་པོ་དང་བར་དང་ཐ་མ་དག་ཏུ་ཞེས་བྱ་བ་ལ།
དང་པོ་དང་བར་དང་ཐ་མ་དག་ཏུ་འོད་ཀྱི་ཚ་བ་དང་སྣང་བ་ཐ་དད་པ་དག་ཏུ་མཐོང་སྟེ། དེའི་ཕྱིར་འོད་ཀྱི་ཡན་ལག་ཅན་གྱི་ཚ་བ་དང་སྣང་བ་དག་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གཟུགས་དང་རེག་པ་དང་པོ་དང་བར་མ་དང་། ཐ་མར་རྣམ་པར་གནས་ཤིང་། ཤས་ཆེ་བ་དང་།
འབྲིང་དང་། ཤས་ཆུང་བའི་དབྱེ་བས་ཐ་དད་པ་དག་གི་ཅུང་ཟད་ཀྱང་གཟུགས་སམ་རེག་པ་དོན་གཞན་དུ་གྱུར་པ་ཅིག་རྩོམ་པར་མི་ནུས་ཏེ། དེའི་ཕྱིར་འོད་ཀྱི་གཟུགས་དང་རེག་པ་དག་མི་འཐད་དོ། །རྩོམ་ནས་ཡང་གཅིག་ཡིན་པའི་ཕྱིར་དང་པོ་དང་བར་མ་དང་ཐ་མ་དག་
ཏུ་གཟུགས་དང་རེག་པ་དག་ཐ་མི་དད་པར་འགྱུར་ན། ཐ་མི་དད་པ་ནི་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འོད་ཀྱི་རྫས་ནི་ཡན་ལག་དག་ལས་གཞན་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །གལ་ཏེ་ཡན་ལག་དག་ལས་ཡན་ལག་ཅན་གྱི་རྫས་གཞན་མ་ཡིན་ན། དེ་ལྟ་ན་རྡུལ་ཕྲ་རབ་
Vol. 144 · folio 345b
ཙམ་ཞིག་ལུས་པར་འགྱུར་ལ། དེ་དག་ཀྱང་མངོན་སུམ་མ་ཡིན་པས་མིག་ལ་སོགས་པའི་དབང་པོའི་སྒོ་ནས་འཛིན་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་འདུས་པ་དག་ནི་མངོན་སུམ་ཉིད་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་རེ་རེ་དག་དབང་པོ་ལས་འདས་པ་ཡིན་མོད་
ཀྱི། འདུས་པ་དག་ནི་མངོན་སུམ་ཡིན་པས་དམིགས་ལ་སོགས་པའི་སྒོ་ནས་འཛིན་པ་མེད་པ་མ་ཡིན་ནོ། །དེ་ཉིད་གཞུང་གཟུགས་པའི་ཕྱིར་དཔེར་ན་དེ་དག་གི་འབྲས་བུ་རྩོམ་པ་ཞེས་བྱ་བ་སྨོས་ཏེ། དཔེར་ན་རེ་རེ་ལ་འབྲས་བུ་རྩོམ་པའི་ནུས་པ་མེད་ཀྱང་། འདུས་
པ་དག་འབྲས་བུ་རྩོམ་པར་ནུས་པར་འདོད་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །མིག་ལ་སོགས་པ་ཞེས་བྱ་བ་ནི་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ནི་འདུས་པ་དག་ཁོ་ན་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་གྱི། རེ་རེ་བ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་དག་
ཀྱང་ཡིན་ནོ། །སྐྲ་གྲམ་པའི་ཚོགས་དམིགས་པ་ལྟ་བུ་སྟེ་ཞེས་བྱ་ལ། གྲམ་པ་སྨོས་པ་ནི་འདུས་པ་ཅན་གྱི་རྒྱུ་མེད་པས་རྫས་གཞན་དུ་རྟོགས་པ་བཀག་པར་བྱ་བའི་ཕྱིར་རོ། །རྫས་གཞན་མེད་ཀྱང་རབ་རིབ་ཅན་རྣམས་ལ་ནི་རྡུལ་ཕྲ་རབ་ལྟར་སྐྲ་ཅིག་དབང་པོ་ལས་
འདས་པ་ཡིན་མོད་ཀྱི་འོན་ཀྱང་ཕན་ཚུན་མ་འདྲེས་པའི་སྐྲའི་ཚོགས་དམིགས་པ་ཡིན་ནོ། །ཡན་ལག་དང་ཡན་ལག་ཅན་དུ་སྨྲ་བ་བཀག་པའི་མཇུག་ཐོགས་སུ་ཡོན་ཏན་དང་ཡོན་ཏན་ཅན་དུ་སྨྲ་བ་དགག་པའི་ཕྱིར། གཟུགས་ལ་སོགས་པ་དག་ཁོ་ན་ལ་རྡུལ་ཕྲ་རབ་
མིང་དུ་འདོགས་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །གཟུགས་ལ་སོགས་པ་ནི་འཇིག་པར་གྲུབ་སྟེ། དེའི་ཕྱིར་དེ་ཞིག་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྫས་དང་ཡོན་ཏན་གྱི་ཚིག་གི་དོན་དག་ནི་ཐ་དད་པའི་ཕྱིར་རྡུལ་ཕྲ་རབ་ནི་གཟུགས་ལ་སོགས་པ་དག་ལས་གཞན་
ཉིད་ཡིན་པས། གཟུགས་ལ་སོགས་པ་ཞིག་ན་དེ་འཇིག་པ་མ་ཡིན་ནོ་ཞེའོ། །འདི་ལྟར་སུས་ཀྱང་ཞེས་བྱ་བ་ལ། འདི་ལྟར་ཞེས་བྱ་བ་ལ་ནི་གང་གི་ཕྱིར་གྱི་དོན་ཏེ། འདི་ལྟར་ས་སྟོན་པ་ན་གཟུགས་སམ། རེག་པའམ་གཟུགས་ཀྱི་དབྱིབས་ཙམ་ཞིག་སྟོན་པར་བྱེད་
Vol. 144 · folio 346a
དོ། །ཆུ་ལ་སོགས་པ་དག་ལ་ཡང་དེ་དང་འདྲའོ། །ས་ལ་སོགས་པ་དག་ནི་མིག་དང་རེག་པའི་གཟུང་བར་བྱ་བར་དམ་འཆའ་ན་མིག་དང་རེག་པ་དག་གི་ཡུལ་ནི་གཟུགས་དང་རེག་པའི་ངོ་བོ་ལས་ཐ་དད་པ་གཞན་མེད་དོ། །བལ་དང་རས་བལ་དང་
ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྫས་སྨྲ་བ་རྣམས་ཀྱི་ལྟར་ན་མེ་དང་འབྲེལ་བས་གཟུགས་ལ་སོགས་པ་ཙམ་ཞིག་ལྡོག་གི་བལ་ལ་སོགས་པའི་རྫས་ནི་མ་ཡིན་པས་གལ་ཏེ། གཟུགས་ལ་སོགས་པ་དག་ལས་རྫས་གཞན་ཡིན་ན་ཚིག་པ་དག་ལ་བལ་ལ་སོགས་པའི་བློར་
ཅིའི་ཕྱིར་མི་འགྱུར། དེའི་ཕྱིར་གཟུགས་ལ་སོགས་པ་དག་ཁོ་ན་ལ་དེའི་བློར་འགྱུར་རོ། །གལ་ཏེ་གཟུགས་ལ་སོགས་པ་དག་ལས་རྫས་གཞན་མེད་ན་ཆོས་བྱེད་ལས་སྐྱེས་པ་བྱུང་བ་ལ་སྔར་གྱི་གཟུགས་ལ་སོགས་པ་ཞིག་དང་། བུམ་པར་ཡོངས་སུ་ཤེས་པར་ཇི་
ལྟར་འགྱུར་ཞེ་ན། དེའི་ཕྱིར་ཚོས་བྱེད་ལས་སྐྱེ་བ་འབྱུང་བ་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དབྱིབས་འདྲ་བའི་ཕྱིར་ཞེས་བྱ་བ་ནི་སྔར་གྱི་གཟུགས་དང་། རྣམ་པ་ཆོས་མཚུངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གཟུགས་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་ལ་བུམ་
པར་ཤེས་ཀྱི། གཟུགས་ལ་སོགས་པ་ཙམ་ལ་ནི་མ་ཡིན་ནོ། །དཔེར་ན་སླ་ཤ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་ལ་ཚར་དུ་ཤེས་ཀྱི། སླ་ཤ་ལ་སོགས་པ་ཙམ་ལ་མ་ཡིན་ཞིང་། སྔར་གྱི་སླ་ཤ་ལ་སོགས་པ་བཅད་པ་སྔར་སྐྱེས་པ་དག་ལ་ཡང་མ་ཡིན་ལ།
གཞན་ཉིད་ཡིན་ཡང་གྲོག་མ་རྣམས་ལ་དབྱིབས་འདྲ་བའི་ཕྱིར་ཕྲེང་བར་ཡོངས་སུ་ཤེས་པ་དེ་བཞིན་དུ་སྔར་གྱི་གཟུགས་ལ་སོགས་པ་དག་ལོག་ཀྱང་ཆོས་བྱེད་ལས་སྐྱེ་བ་བྱུང་བ་ལ་དབྱིབས་འདྲ་བའི་ཕྱིར་བུམ་པར་ཤེས་པར་མི་འགལ་ལོ། །ཡང་འདི་ཇི་ལྟར་ཤེས་ཤེ་
ན། རྟགས་མཐོང་བར་ཡོངས་སུ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། གང་གི་ཕྱིར་དེའི་གྱོ་རལ་དང་མཐོན་དམན་ལ་སོགས་པའི་རྟགས་མ་མཐོང་བར་བུམ་པ་ལ་སོགས་པར་ཡོངས་སུ་ཤེས་པར་མི་འགྱུར་བ་དེའི་ཕྱིར་གཟུགས་ལ་སོགས་པ་དག་ལས་བུམ་པ་
Vol. 144 · folio 346b
གཞན་མ་ཡིན་ལ། ཡན་ལག་ལས་ཡན་ལག་ཅན་ཡང་གཞན་མ་ཡིན་ནོ། །དེའི་ཕྱིར་རྡུལ་ཕྲ་རབ་རྣམས་མི་རྟག་གོ་ཞེས་བྱ་བ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར། འགར་ཡང་ཐོགས་པ་དང་ལྡན་པའི། །དངོས་པོ་རྟག་པར་མི་སྣང་སྟེ། །དེས་ན་རྡུལ་ཕྲན་
རྟག་པར་ནི། །སངས་རྒྱས་ནམ་ཡང་མི་གསུངས་སོ། །ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་མི་རྟག་སྟེ། །ཞེས་གསུངས་སོ། །སྟོན་པ་ཤེས་བྱ་ཐམས་ཅད་ལ་གཟིགས་པ་ཐོགས་པ་མི་མངའ་
ཞིང་། ཕྱིན་ཅི་མ་ལོག་པ་གསུངས་པའི་གསུང་ལ་རྣམ་པ་གཞན་དུ་ཇི་ལྟར་དོགས། དེའི་ཕྱིར་ཡན་ལག་དང་ཡན་ལག་ཅན་སྨྲ་བ་དང་ཡོན་ཏན་དང་ཡོན་ཏན་ཅན་སྨྲ་བ། ཇི་ལྟ་ཇི་ལྟར་རྟག་པའི་འཁྲི་ཤིང་ལ་འཇུག་པ་གཞན་གྱི་ལུགས་ཀྱི་ལམ་མ་བལྟས་པ་དེ་
རྣམས་ཀྱི་མི་ཤེས་པའི་ལིང་ཏོག་བསལ་བའི་ཕྱིར། འདི་སྐད་དུ་སྐུད་པ་དག་ལས་རས་ཡུག་གམ་གཟུགས་དག་ལས་བུམ་པ་གཞན་མེད་དོ་ཞེས་གསུངས་སོ། །གང་གིས་འཇིག་རྟེན་འདི་ལྟ་ཉེས། །དེ་ནི་གཞན་དུ་བླུན་པ་ཉིད། །གང་དག་དེ་ལ་
ཡུན་རིང་དུ། །འདུས་པ་དེ་དག་བསླུས་པར་འགྱུར། །རྣམ་པ་ཐམས་ཅད་དུ་མུ་སྟེགས་པའི་སྨྲ་བ་འདི་དག་ནི་རྣམ་པར་མཉེས་པ་ན་བོང་བུའི་འོ་མ་བཞིན་དུ་བཤད་པ་དང་འདྲ་བར་འགྱུར་བས་དེ་དག་ལ་སྡང་བ་མང་དུ་བྱས་པ་ནི་གཙང་སྦྲ་ཅན་འདམ་རྫབ་སྤྱོ་
བ་འདྲ་བ་ཞིག་གོ། །ལམ་འདི་ནི་རང་གི་སྡེ་པ་དག་གིས་སུན་ཕྱུང་ཟིན་པས་འཕྲོ་བཅད་དོ། །ཞར་ལ་འོངས་པས་ཆོག་གོ། །དཀྱུས་མ་ཉིད་བརྩམ་པར་བྱའོ། །དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །ཞེས་བྱ་བ་ནི། མེ་ལ་སོགས་པ་
རྣམས་ནི་བསམ་གཏན་དང་པོ་ལ་སོགས་པའི་སྐྱོན་དང་ཆོས་མཚུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཤིན་ཏུ་སྦྱངས་པ་དང་ལྡན་པས་ཞེས་བྱ་བ་ལ། དེ་ཡང་ཞེས་བྱ་བ་ནི་དགའ་བ་དང་སྦྱར་རོ། །ཤིན་ཏུ་སྦྱངས་པ་དང་ལྡན་པ་ནི། ཤིན་
Vol. 144 · folio 347a
ཏུ་སྦྱངས་པ་དང་ལྡན་པའོ། །དགའ་བ་ནི་ཤིན་ཏུ་སྦྱངས་པ་དང་ལྡན་པར་བྱེད་དེ། ཡིད་དགའ་བའི་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །ལུས་མཉེན་པར་བྱེད་པ་ཞེས་བྱ་བ་ནི་ལས་སུ་རུང་བར་བྱེད་པའོ། །དེ་ཉིད་
ཀྱི་ཕྱིར་ཞེས་བྱ་བ་ནི་ལུས་མཉེན་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བཞི་པ་ན་མེད་མི་གཡོ་ཕྱིར། །ཞེས་བྱ་བ་ནི་མི་འགུལ་ཞེས་བྱ་བའི་དོན་ཏོ། །ནང་གི་སྐྱོན་དང་བྲལ་བའི་ཕྱིར། །ཞེས་བྱ་བ་ལ། རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་
ཡིན་ནོ། །ཞེས་རྟོག་པ་དང་དཔྱོད་པ་ལ་སོགས་པ་རྣམས་སྐྱོན་དུ་འཆད་པར་འགྱུར་རོ། །དེ་དག་གིས་གཟུགས་མེད་པ་དག་ཏུ་འཇུག་པར་མི་ནུས་ལ་ཞེས་བྱ་བ་ནི་གནས་གཙང་མ་རྣམས་ལྷག་མཐོང་སྤྱོད་པ་ཡིན་པའི་ཕྱིར་ལ། དེ་དག་ནི་ཞི་གནས་ལྷག་པ་ཡིན་པའི་ཕྱིར་རོ། །གཞན་དུ་
ཡང་འགྲོ་བར་མི་ནུས་སོ་ཞེས་བྱ་བ་ནི་ས་འོག་མར་སྟེ། ཕྱིར་མི་འོང་བ་རྣམས་ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དུས་ཡུན་རིང་མོ་ཞིག་ན་ཆུས་འཇིག་ལ། དེ་བས་ཀྱང་ཆེས་རིང་བ་ན་རླུང་གིས་འཇིག་ཅེ་ན། དེའི་ཕྱིར་སེམས་ཅན་དེ་དག་གི་སྙོམས་པར་འཇུག་པའི་ཁྱད་པར་
ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྙོམས་པར་འཇུག་པའི་ཁྱད་པར་ནི་བསམ་གཏན་གཉིས་པ་དང་། གསུམ་པའི་ཁྱད་པར་རོ། །ལུས་གནས་པའི་ཁྱད་པར་ཞེས་བྱ་བ་ནི་གསོན་པའི་རྒྱུན་གྱི་ཁྱད་པར་ཏེ། དུས་དེ་ཙམ་གྱིས་དེ་དག་གི་ཚེ་ཟད་པར་འགྱུར་རོ། །འཇིག་
པ་དེ་དག་ནི་དྲུག་ཅུ་རྩ་བཞིར་འགྱུར་ལ། འཇིག་པ་རེ་རེ་ཡང་བསྐལ་པ་ཆེན་པོ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་བཤད་ན་བརྟགས་པའི་བཤད་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སློབ་དཔོན་གང་བ་སྤེལ་བས་མཛད་པ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་
རྗེས་སུ་འབྲང་བ་ཞེས་བྱ་བ་ལས། འཇིག་རྟེན་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གསུམ་པའི་འགྲེལ་བཤད་དོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words