ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 145 · folio 183b

བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་འཆི་ལྟས་བྱུང་བས་སྡུག་བསྔལ་གྱིས་སྐྱོ་བས་ཡང་དག་པར་དགའ་བར་བྱ་བ་ཁོ་ན་ཡིན་གྱི། སྨད་པར་བྱ་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་དགོངས་པ་མི་མངའ་བའི་ཕྱིར་རམ། འདི་ཆ་ཆུང་བར་འགྱུར་བར་འོང་ངོ་སྙམ་སྟེ། ངོ་ཚ་བ་སྤང་བར་བྱ་

བའི་ཕྱིར་མ་བཟློག་པ་ཡིན་ནོ། །དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་ཏེ། དེ་ལ་རབ་ཏུ་ཡོངས་སུ་སྨིན་པའི་རྒྱུ་མཐུན་པའི་འབྲས་བུ་རྒྱས་པའི་ཁྱད་པར་རོ། །རྟེན་ཁྱད་པར་ཅན་ནི་ལམ་མངོན་དུ་གྱུར་པ་དང་མཐུན་པའི་

གནས་སྐབས་སོ། །ཁ་ཅིག་དབང་པོ་རྣོན་པོ་དག་ཡིན་ཡང་རྟེན་མི་མཐུན་པས་ཡོན་ཏན་དག་ལས་ཉམས་པར་སྣང་ངོ་། །དེ་ལ་ཁ་ཅིག་ན་རེ་རྟེན་ཁྱད་པར་ཅན་ཐོབ་པ་ནི་ཡོངས་སུ་ཉམས་པ་མེད་པའི་གཏན་ཚིགས་སོ། །དབང་པོ་རྣམས་ཆེས་ཤིན་ཏུ་སྨིན་པ་ནི་དབང་པོ་འཕོ་བ་མེད་པའི་རྒྱུའོ། །

ཞེའོ། །གཞན་དག་ན་རེ་གཉི་ག་ཡང་རེ་རེའི་གཏན་ཚིགས་ཡིན་ནོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་སློབ་པ་འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའོ། །ལམ་འདྲིས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལམ་ལ་འདྲིས་

པས་མངོན་སུམ་དུ་མི་འགྱུར་བའི་རྒྱུ་དེའི་ཕྱིར། སློབ་པ་འདོད་ཆགས་དང་མ་བྲལ་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཞན་ཡང་ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་དེའི་ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མ་ཡིན་པ་དེའི་ཕྱིར་ཡང་བར་མ་

དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ་ཞེས་འབྱུང་ངོ་། །འདིས་ཉོན་མོངས་པ་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྤངས་པ་དང་ཞེས་བྱ་བ་ནི་མི་དགེ་བ་འདོད་པ་ན་སྤྱོད་པ་རྣམས་དང་། ལུང་དུ་མ་བསྟན་པ་གཟུགས་དང་གཟུགས་

མེད་པ་ན་སྤྱོད་པ་རྣམས་སྤངས་པའོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་སམ་གསུམ་ཐོབ་པ་ནི་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བས་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་ཐོབ་པར་བྱ་དགོས་ལ། རྒྱུན་དུ་ཞུགས་པ་ནི་དགེ་སྦྱོང་གི་འབྲས་བུ་

Vol. 145 · folio 184a

གསུམ་ཐོབ་པར་བྱ་དགོས་ཏེ། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའོ། །ཁམས་གསུམ་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ནི། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའོ། །དེ་ཡང་སྲིད་པ་བར་མ་ལ་གནས་པས་མི་

ནུས་སོ་ཞེས་བྱ་བ་ནི་སྲིད་པ་བར་མའི་གནས་སྐབས་ན་ཞན་པའི་ཕྱིར་དང་། ཡུན་རིང་དུ་མི་གནས་པའི་ཕྱིར་རོ། །དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་བྱ་བ་ནི་དེ་ཐམས་ཅད་པས་ལས་སུ་རུང་བ་ཡིན་པའི་ཕྱིར་རོ། །དེ་མངོན་དུ་གྱུར་པ་ལས་རྟེན་གྱིས་རྒྱས་པའི་ཁྱད་པར་ཐོབ་པའི་ཕྱིར། སྤྲོ་བ་འཕེལ་

ལས་སུ་རུང་བ། །ཞེས་བྱ་བའོ། །དེ་ནི་ཐམས་ཅད་པས་ལས་སུ་རུང་བ་ཡིན་ཏེ། ཐམས་ཅད་པས་ཤིན་ཏུ་སྦྱངས་པའི་བདེ་བ་མཆོག་ཡིན་པའི་ཕྱིར་རོ། །ལམ་སླ་བ་རྣམས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ལམ་སླ་བ་ནི་བསམ་གཏན་བཞི་སྟེ། ལམ་སླ་བ་དེ་དག་གི་ནང་ན་

བསམ་གཏན་བཞི་པ་མཆོག་ཡིན་ནོ། །སྤེལ་བའི་ཞེས་བྱ་བ་ནི་འདྲེས་པར་གྱུར་པའི་སྟེ། མེ་ཏོག་ཕྲེང་སྤེལ་མ་བཞིན་ནོ། །སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ཕྱིར་ལམ་ལྟ་བུ་ཡིན་ལ་ཞེས་བྱ་བ་ནི་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དག་གོ། །གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་

བུ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །ཉོན་མོངས་པས་འཇིག་པའི་ཡང་ཕྱིར་ཏེ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་གནས་གཙང་མར་སྐྱེ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཡང་ཡིན་ནོ། །རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་

བསྲིངས་པའི་སྒོ་ནས་ཡོངས་སུ་མི་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན། སྤེལ་མ་བསྒོམས་པས་རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིངས་པའི་ཕྱིར་རོ། །དེ་ལྟར་ན་ཉོན་མོངས་པ་ཅན་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་སྦྱིན་པ་བསལ་བར་འགྱུར་རོ། །དགྲ་

བཅོམ་པ་དབང་པོ་རྣོན་པོ་ནི་སྐྱེ་བ་དང་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ཁོ་ནའི་ཕྱིར་རོ། །དབང་པོ་རྟུལ་པོ་ནི་སྐྱེ་བ་ཁོ་ན་མི་སྲིད་པས་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཡང་ཕྱིར་རོ། །ཆུང་ངུ་དང་འབྲིང་དང་ཞེས་བྱ་བ་རྒྱས་

Vol. 145 · folio 184b

པར་འབྱུང་སྟེ། བསྒོམ་པ་དེའི་དབྱེ་བ་ནི་རྣམ་པ་ལྔ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེ་དང་ཤིན་ཏུ་ཆེས་ཆེ་བའོ། །དང་པོ་ལ་ནི་སེམས་གསུམ་མངོན་དུ་བྱེད་དོ་ཞེས་བྱ་བ་ནི་གང་ཟག་དེའི་ནུས་པ་ནི་དེ་ཙམ་ཞིག་ཏུ་ཟད་དེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་བརྗོད་པར་བྱའོ། །གཉིས་པ་

ལ་ནི་དྲུག་གོ་ཞེས་བྱ་བ་ནི་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཡང་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །སེམས་དགུ་དང་། སེམས་བཅུ་གཉིས་དང་། བཅོ་ལྔ་ཡང་དེ་ལྟར་བརྩི་བར་བྱའོ། །དེ་ལ་ཟག་པ་དང་བཅས་

པ་གང་ཡིན་པ་ཞེས་བྱ་བ་ལ། ཟག་པ་མེད་པ་ནི་གཉེན་པོ་ཡིན་པའི་ཕྱིར། དེ་སྲིད་པ་མི་འཕེན་ནོ། །དེ་ལྟར་ན་རྒྱུ་རྣམ་པ་ལྔ་ཡིན་པའི་ཕྱིར་འབྲས་བུ་ཡང་རྣམ་པ་ལྔ་ཡིན་པས་གནས་གཙང་མའི་སྐྱེ་བ་ལྔ་ཁོ་ན་ཡིན་ནོ། །དད་པའི་དབང་པོ་ལ་སོགས་པ་ལྷག་པའི་ཕྱིར་ཞེས་སྨྲ་བ་ནི་བཙུན་པ་

དཔལ་ལེན་ཏེ། གནས་གཙང་མ་དང་པོ་རྒྱུ་ནི་དད་པའི་དབང་པོ་ལྷག་པ་ཡིན་པ་ནས་ལྔ་པ་ནི་ཤེས་རབ་ཀྱི་དབང་པོའི་བར་ཡིན་ཏེ། དེའི་ཕྱིར་གནས་གཙང་མ་ལྔ་ཡིན་ནོ་ཞེའོ། །དད་པའི་དབང་པོ་ལ་སོགས་པ་ལྷག་པ་ཡིན་ནོ་ཞེས་བྱ་བ་འདི་ནི། དེ་ལྟ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དད་པ་ལ་

སོགས་པ་ལྔ་ཆར་ཡང་རྩྭ་སྦམ་གྱི་ཚུལ་དུ་རྣམ་པ་ལྔར་བྱས་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེ་བ་དང་ཤིན་ཏུ་ཆེས་ཆེ་བའི་རིམ་པས་རྣམ་པ་ལྔར་དབྱེའོ། །དེའི་ཕྱིར་གནས་གཙང་མ་ལྔ་ཁོ་ན་ཡིན་ཏེ། ཕྱིར་མི་འོང་བ་གཙང་མ་རྣམས་ཀྱི་གནས་ནི་གནས་གཙང་མའོ། །ཕྱིར་མི་

འོང་བ་གང་ལ་ལ་ཞེས་བྱ་བ་ནི་དད་པས་མོས་པའམ་མཐོང་བས་ཐོབ་པའོ། །མྱ་ངན་ལས་འདའ་བ་དང་འདྲ་བ་ཡིན། །ཞེས་བྱ་བ་ནི་ཇི་ལྟར་མྱ་ངན་ལས་འདའ་བ་ཆོས་ཐམས་ཅད་འཇུག་པ་ཉེ་བར་ཞི་བའི་བདག་ཉིད་ཡིན་པའི་ཕྱིར་ཞི་བ་ཡིན་པ་དེ་བཞིན་དུ། འགོག་པའི་སྙོམས་པར་འཇུག་པ་ཡང་

སེམས་དང་སེམས་ལས་བྱུང་བ་འཇུག་པ་དང་འགལ་བའི་ཕྱིར་ཞི་བ་ཡིན་པས་མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ནོ། །ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ལ་ཆོས་དེས་ནི་སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར། འགོག་པ་དེ་ལས་ལངས་ཏེ་ཞེས་བྱ་བ་འབྱུང་སྟེ། འགགས་སུ་ཟིན་

Vol. 145 · folio 185a

ཀྱང་དེ་ཐོབ་པའི་དབང་གིས་འགོག་པ་ཐོབ་པ་ཞེས་བྱའོ། །ཐོབ་པ་དང་ཤེས་པས་མངོན་སུམ་དུ་བྱས་པ་དག་གིས་མངོན་སུམ་དུ་བྱས་པ་ཡིན་ཏེ། རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། དེས་ན་ཐོབ་པས་མངོན་སུམ་དུ་བྱས་པ་ཡིན་ནོ། །

ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཤེས་པས་མངོན་དུ་བྱས་པ་ཡིན་ནོ། །མདོ་ལས་སློབ་པ་བཅོ་བརྒྱད་གསུངས་པ་དེར་ཞེས་བྱ་བ་ནི་དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞུས་པ། བཙུན་པ་འཇིག་རྟེན་ན་ཡོན་གནས་སུ་

ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཡོན་གནས་ནི་གཉིས་ཏེ། སློབ་པ་དང་། མི་སློབ་པའོ། །ཁྱིམ་བདག་དེ་ལ་སློབ་པ་ནི་བཅོ་བརྒྱད་དོ། །མི་སློབ་པ་ནི་དགུའོ། །སློབ་པ་བཅོ་བརྒྱད་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་

པའི་ཕྱིར་ཞུགས་པ་ནས། དེ་བཞིན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་བར་དང་། དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་

མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ན། གོང་དུ་འཕོ་བའི་བར་ཏེ། དེ་དག་ནི་སློབ་པ་བཅོ་བརྒྱད་ཡིན་ནོ། །མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུངས་པའི་ཆོས་ཅན་དང་། གནས་པ་ལས་མི་གཡོ་བ་དང་།

རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་དང་། ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་སྟེ། དེ་དག་ནི་མི་སློབ་པ་དགུ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ཟག་པ་མེད་པའི་བསླབ་པ་གསུམ་ཞེས་

བྱ་བ་རྒྱས་པར་འབྱུང་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དང་། སྤོང་བའི་ལམ་གྱིས་བསྡུས་པ་དེ་དག་གི་བྲལ་བའི་འབྲས་བུའོ། །དེའི་ཁྱད་པར་གྱི་སློབ་པ་རྣམས་རྣམ་པར་གཞག་གོ་ཞེས་བྱ་བ་ནི་སློབ་པའི་ཁྱད་པར་དང་། བསླབ་པའི་

Vol. 145 · folio 185b

འབྲས་བུའི་ཁྱད་པར་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཁྱད་པར་ཡང་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཞན་དང་གཞན་མི་འདྲ་བ་ཡིན་ནོ། །དེའི་ཕྱིར་སློབ་པ་བཅོ་བརྒྱད་རྣམ་པར་གཞག་གོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྤོང་བའི་ལམ་གྱི་རང་བཞིན་མ་ཡིན་པའི་ཕྱིར། བསླབ་པ་ཡང་མ་

ཡིན་ལ། བྲལ་བའི་རང་བཞིན་མ་ཡིན་པའི་ཕྱིར་བསླབ་པའི་འབྲས་བུ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དང་ལྡན་པས་ཏེ། འགོག་པའི་སྙོམས་པར་འཇུག་པ་དང་ལྡན་པ་སློབ་པའི་ཁྱད་པར་དུ་མ་གསུངས་སོ། །འདི་ནི་རེ་ཞིག་ཕྱིར་མི་འོང་བ་རྣམས་ཀྱི་དབྱེ་བ་ཆེ་ལོང་ཡིན་ནོ་ཞེས་བྱ་བ་ལ།

ཇི་ལྟར་ཞེ་ན། གཟུགས་སུ་ཉེ་བར་འགྲོ་བ་ལྔ་དང་གཞན་གཟུགས་མེད་པར་འགྲོ་བ་རྣམ་པ་བཞི་དང་། གཞན་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཞིབ་ཏུ་དབྱེ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་གྱིས་བརྩི་བའི་ཐབས་རབ་ཏུ་བསྟན་པའི་

ཕྱིར་དང་པོར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའི་དབང་པོ་དང་། ས་དང་རིགས་ལ་སོགས་པའི་ཁྱད་པར་བྱེ་བྲག་ཏུ་སྟོན་པར་མཛད་དོ། །དང་པོར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་བགྲང་སྟེ། དེའི་བྱེ་བྲག་བགྲངས་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དབང་པོ་ལ་

སོགས་པའི་བྱེ་བྲག་གིས་ཐ་དད་པར་ལྟར། གོང་དུ་འཕོ་བའི་བར་དུ་ཡང་དེ་དང་འདྲ་བའི་ཕྱིར་ཞེས་བསྒྲེ་བར་བྱ་བའི་ཕྱིར་རོ། །སའི་བྱེ་བྲག་གི་གཞིའོ་ཞེས་བྱ་བ་ནི་བསམ་གཏན་བཞིའི་བྱེ་བྲག་གིས་ཏེ། བསམ་གཏན་དང་པོར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་བསམ་གཏན་བཞི་པར་མྱ་ངན་

ལས་འདའ་བའི་བར་རོ། །རིགས་ཀྱི་བྱེ་བྲག་གིས་དྲུག་གོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུངས་པའི་ཆོས་ཅན་དང་། གནས་པ་ལས་མི་གཡོ་བ་དང་། རྟོགས་པའི་སྐལ་བ་ཅན་དང་། མ་གཡོ་བའི་ཆོས་ཅན་ཞེས་བྱ་བ་

ཡིན་ནོ། །གནས་གཞན་གྱི་བྱེ་བྲག་གིས་བཅུ་དྲུག་གོ་ཞེས་བྱ་བ་ནི་ཚངས་རིས་ལ་སོགས་པ་དག་གོ། །ས་དང་འདོད་ཆགས་དང་བྲལ་བའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་གོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། རེ་ཞིག་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་གཟུགས་ཀྱི་ཁམས་ཀྱི་འཆིང་བ་

Vol. 145 · folio 186a

མཐའ་དག་དང་ལྡན་པ་གཅིག་དང་། བསམ་གཏན་དང་པོ་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས། རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་གཞན་བརྒྱད་དེ། དེ་དག་ནི་སྔར་གྱི་འཆིང་བ་མཐའ་དག་དང་ལྡན་པ་དང་བཅས་ཏེ། བསམ་གཏན་

དང་པོའི་དགུ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་གཉིས་པའི་འཆིང་བ་མཐའ་དག་དང་ལྡན་པ་ནས་རྣམ་པ་བརྒྱད་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་བར་དེ་དག་ནི་གང་ཟག་དགུ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གཉིས་པའི་རྣམ་པ་དགུ་ལས་

འདོད་ཆགས་དང་བྲལ་བ་བསམ་གཏན་གསུམ་པའི་འཆིང་བ་མཐའ་དག་དང་ལྡན་པ་དང་། བསམ་གཏན་གསུམ་པའི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེ་དག་ཀྱང་གང་ཟག་དགུ་ཡིན་ལ། བསམ་གཏན་གསུམ་པའི་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་བསམ་

གཏན་བཞི་པའི་འཆིང་བ་མཐའ་དག་དང་ལྡན་པ་དང་། བསམ་གཏན་བཞི་པའི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེ་དག་ཀྱང་དགུ་ཡིན་ཏེ། དགུ་ཚན་བཞི་ན་སུམ་ཅུ་རྩ་དྲུག་གོ་ཞེས་བྱ་བར་གྲུབ་བོ། །བསམ་གཏན་བཞིའི་དགུ་པའི་རྣམ་པ་ལས་འདོད་ཆགས་དང་བྲལ་བ་ནི་མ་སྨོས་

ཏེ། དེ་ནི་གཟུགས་མེད་པའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་པས་གཟུགས་མེད་པར་ཉེ་བར་འགྲོ་བ་ཡིན་ན། འདིར་ནི་གཟུགས་སུ་ཉེ་བར་འགྲོ་བའི་སྐབས་སུ་བབ་པ་ཡིན་ཏེ། སྲིད་པ་བར་མ་དང་སྦྱར་བའི་ཕྱིར་རོ། །གནས་གཅིག་ན་རིགས་དྲུག་གོ་ཞེས་བྱ་བ་ནི་ཚངས་རིས་ཀྱི་གནས་

ནའོ། །རིགས་དང་རིགས་ལ་གང་ཟག་དགུ་དགུའོ། །ཇི་ལྟར་ཞེ་ན། འཆིང་བ་མཐའ་དག་དང་ལྡན་པ་ནས་རང་གི་བསམ་གཏན་གྱི་རྣམ་པ་བརྒྱད་ལས་ཞེས་བྱ་བ་སྨོས་སོ། །རང་གི་བསམ་གཏན་གྱི་ཞེས་བྱ་བ་ནི་བསམ་གཏན་དང་པོའིའོ། །འདིའི་རང་གི་ནི་བསམ་གཏན་དང་པོ་ཚངས་རིས་སོ། །དགུ་

ཚན་དྲུག་ན་ཞེས་བྱ་བ་ལ། རིགས་དྲུག་ཚན་དགུ་གཟུང་བས་དགུ་ཚན་དྲུག་སྟེ། གཅིག་ཏུ་བསྡོམས་ན་ལྔ་བཅུ་རྩ་བཞིར་འགྱུར་རོ། །ལྔ་བཅུ་རྩ་བཞི་ཕྲག་བཅུ་དྲུག་ན་ཞེས་བྱ་བ་ནི་གནས་གཞན་བཅུ་དྲུག་བཟུང་བའི་ཕྱིར་རོ། །ཚངས་ཆེན་ནི་གནས་གཞན་མ་ཡིན་ལ། གནས་གཞན་ཡིན་ན་

Vol. 145 · folio 186b

ཡང་། དེར་འཕགས་པ་མི་སྐྱེ་བས་ལྔ་བཅུ་རྩ་བཞི་ཕྲག་བཅུ་དྲུག་གོ། །དེ་དག་གཅིག་ཏུ་བསྡོམས་ན་བརྒྱད་བརྒྱ་དྲུག་ཅུ་རྩ་བཞིར་འགྱུར་རོ། །ཡང་དབང་པོའི་བྱེ་བྲག་གིས་སུམ་འགྱུར་ཏེ་ཞེས་བྱ་བ་ནི་བརྒྱད་བརྒྱ་དྲུག་ཅུ་རྩ་བཞི་པོ། །དབང་པོའི་བྱེ་བྲག་གིས་སུམ་འགྱུར་དུ་བྱས་ན། བར་མ་དོར་

ཡོངས་སུ་མྱ་ངན་ལས་འདའ་བ་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་སུ་འགྱུར་རོ། །བསམ་གཏན་འོག་མའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསམ་གཏན་འོག་མ་སྟེ་དང་པོ་ནས་གསུམ་པའི་བར་གྱི་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་གོང་མ་སྟེ། གཉིས་པ་

ནས་བཞི་པའི་བར་གྱི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ནོ་ཞེས་བཤད་དོ། །ཅིའི་ཕྱིར་ཞེ་ན། མཉམ་པར་བརྩིས་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ཅི་ནས་ཀྱང་བསམ་གཏན་བཞི་པ་ན། དགུ་དགུར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་འདྲ་བར་བརྩིས་པར་འགྱུར་རོ། །གལ་ཏེ་ཉོན་

མོངས་པ་རྣམ་པ་དགུ་སྤངས་པའི་བྱེ་བྲག་གིས་དགུར་བརྩིས་ན་ནི། ད་ལྟ་ན་མི་འདྲ་བར་བརྩིས་པར་འགྱུར་ཏེ། བསམ་གཏན་བཞི་པ་ན་རྣམ་པ་དགུ་མེད་པའི་ཕྱིར་རོ། །དེའི་རྣམ་པ་དགུ་ལས་འདོད་ཆགས་དང་བྲལ་བ་དེ་ནི་གཟུགས་མེད་པར་ཉེ་བར་འགྲོ་བ་ཡིན་ནོ། །གོང་དུ་འཕོ་བའི་བར་དུ་ཡང་དེ་དང་

འདྲ་བས་ཞེས་བྱ་བ་ལ། སྐྱེས་ནས་དང་མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། གོང་དུ་འཕོ་བ་རྣམས་ལ་ཡང་གནས་གཞན་དང་། རིགས་དང་། འདོད་ཆགས་དང་བྲལ་བ་དང་། དབང་པོའི་བྱེ་བྲག་གིས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འདིར་གོང་དུ་

འཕོ་བ་གཟུགས་སུ་ཉེ་བར་འགྲོ་བ་གཟུང་གི །གཟུགས་མེད་པ་ཉེ་བར་འགྲོ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིར་བསམ་གཏན་བཞི་པ་ན། རྣམ་པ་དགུ་པ་ལས་འདོད་ཆགས་དང་བྲལ་བ་མ་བགྲངས་ཏེ། དེ་ནི་གཟུགས་མེད་པར་ཉེ་བར་འགྲོ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཕྱིར་མི་འོང་བ་གཟུགས་

སུ་ཉེ་བར་འགྲོ་བ་ལྔའི་དབྱེ་བ་བྱས་པར་འགྱུར་ཏེ། འདི་ལྟ་སྟེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་

Vol. 145 · folio 187a

འདའ་བ་དང་། གོང་དུ་འཕོ་བའོ། །ཐམས་ཅད་བསྡུས་ན་ཕྱིར་མི་འོང་བ་ཁྲི་ཉིས་སྟོང་དགུ་བརྒྱ་རྩ་དྲུག་ཅུ་ཡིན་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ལྔ་འགྱུར་དུ་བྱས་ནས་ཞེས་བྱ་བར་དགོངས་སོ། །ཇི་སྐད་བཤད་པའི་ཚུལ་འདིས་

ཕྱིར་མི་འོང་བ་གཟུགས་མེད་པར་ཉེ་བར་འགྲོ་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པ་རྣམས་ཀྱི་དབྱེ་བ་ཁོང་དུ་ཆུད་པར་བྱ་སྟེ། གཟུགས་མེད་པའི་ཁམས་ནི་སྐྱེ་བ་ལས་རྣམ་པ་བཞི་ཞིག་ཏུ་ཟད་དོ། །སྲིད་རྩེའི་བར་ཆ་བརྒྱད་ཟད་པ་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ཞེས་བྱ་བ་ནི། སྲིད་

པའི་རྩེ་མོའི་རྣམ་པ་བརྒྱད་ཟད་པར་བྱེད་པ་ནི་ཞེས་བྱ་བའི་དོན་ཡིན་ཏེ། དགྲ་བཅོམ་པའི་འབྲས་བུ་ནི་དེའི་མཇུག་ཐོགས་སུ་ཡིན་པའི་ཕྱིར་རོ། །དགུ་པའི་བར་ཆད་མེད་ལམ་ཡང་། །ཞེས་བྱ་བ་ཅི་ཞེ་ན། དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཞེས་བྱ་བར་སྐབས་དང་སྦྱར་ཏེ། རྣམ་པར་གྲོལ་བའི་ལམ་ལ་

དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་དེ་ནི་སྙམ་དུ་དགོངས་སོ། །འདི་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེ་ལྟ་བུ་སྟེ། དེ་ཉིད་ཀྱི་ཕྱིར། ཕྲ་རྒྱས་ཐམས་ཅད་འཇོམས་པ་ཡིན་པའི་

ཕྱིར་ཞེས་བྱ་བ་སྨོས་སོ། །ཇི་ལྟར་རྡོ་རྗེས་ཐམས་ཅད་འཇོམས་པ་དེ་བཞིན་དུ་ཏིང་ངེ་འཛིན་འདིས་ཀྱང་ཕྲ་རྒྱས་ཐམས་ཅད་འཇོམས་ཏེ། འདིའི་རྡོ་རྗེ་དང་ཆོས་མཐུན་པ་ནི་འདི་ཡིན་ནོ་ཞེས་བསྟན་ཏོ། །བཅོམ་ཟིན་པའི་ཕྱིར་འདིས་ཐམས་ཅད་འཇོམས་པ་ནི་མ་ཡིན་གྱི་ཞེས་བྱ་བ་ནི་སྔར་སྲིད་པའི་རྩེ་མོའི་རྣམ་པ་

བརྒྱད་ཀྱི་བར་སྤངས་ཟིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཕྲ་རྒྱས་ཐམས་ཅད་འཇོམས་པ་ཡིན་ཞེས་བརྗོད་ཅེ་ན། དེའི་ཕྱིར་ཐམས་ཅད་འཇོམས་པར་ནུས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སྲིད་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ་སྙམ་དུ་དགོངས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྲིད་པའི་

དབང་དུ་མཛད་ནས་ཤིང་སཱ་ལ་འདི་དག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ན། དེ་དག་ཀྱང་བསོད་ནམས་དང་ལྡན་པར་འགྱུར་རོ་ཞེས་གཞན་ནས་གསུངས་པ་ལྟར། རྡོ་རྗེ་ལྟ་བུས་ཀྱང་ཐམས་ཅད་འཇོམས་སྲིད་པ་ཞིག་སྟེ། བར་ཆད་མེད་པའི་ལམ་ཐམས་

Vol. 145 · folio 187b

ཅད་ཀྱི་ནང་ན་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར། སྲིད་པའི་དབང་དུ་བྱས་ནས་བཤད་དོ། །རྡོ་རྗེ་ལྟ་བུ་རྣམས་ཀྱི་བྱེ་བྲག་ནི་རྣམ་པ་མང་པོ་ཞིག་ཏུ་བརྗོད་དེ་ཞེས་བྱ་བ་ནི། ས་དགུ་པ་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་འཐོབ་པས་སོ། །མི་ལྕོགས་པ་མེད་པས་བསྡུས་པ་ཞེས་བྱ་བ་ནི་གང་གི་ཚེ་མི་ལྕོགས་པ་

མེད་པ་ལ་བརྟེན་ནས་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དེའི་ཚེ། རྡོ་རྗེ་ལྟ་བུ་མི་ལྕོགས་པ་མེད་པས་བསྡུས་པ་ཡིན་ནོ། །སྲིད་པའི་རྩེ་མོའི་སྡུག་བསྔལ་དང་། ཀུན་འབྱུང་བ་ལ་དམིགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནས་སྲིད་པའི་རྩེ་མོའི་སྡུག་བསྔལ་

དང་ཀུན་འབྱུང་བ་ལ་དམིགས་པ་ལ་སོགས་པའམ། རྒྱུ་ལ་སོགས་པའི་རྣམ་པ་དག་ཏུ་རྟོག་པ་ན་སྡུག་བསྔལ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དོ། །ཤེས་རབ་ཀྱི་རྣམ་པ་དང་མཚུངས་པར་ལྡན་པའི་བྱེ་བྲག་ལས་བརྒྱད་ཡིན་ཏེ། སྡུག་བསྔལ་གྱི་རྣམ་པ་བཞི་

དང་། ཀུན་འབྱུང་གི་རྣམ་པ་བཞི་དང་མཚུངས་པར་ལྡན་པའོ། །འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དགུ་དང་མཚུངས་པར་ལྡན་པ་བརྒྱད་དང་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པ་བཞི་དང་། ལམ་ལ་ཆོས་ཤེས་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པ་

བཞིའོ། །འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་པའི་འགོག་པ་ལ་དམིགས་པ་བཞི་སྟེ། གང་གི་ཚེ་བསམ་གཏན་དང་པོའི་ས་པའི་འགོག་པ་ལ་དམིགས་ཤིང་སྲིད་པའི་རྩེ་མོ་ལས་གྲོལ་

བར་བྱེད་པ་ནའོ། །དེ་བཞིན་དུ་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་དུ་བཞི་དང་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པར་བསམ་གཏན་གཉིས་པའི་འགོག་པ་ལ་དམིགས་པ་བཞི་ནས་དེ་བཞིན་དུ། སྲིད་པའི་རྩེ་མོའི་འགོག་པ་ལ་

དམིགས་པའི་བར་དུ་བཞི་སྟེ། འགོག་པ་ལ་ཆོས་ཤེས་པ་ནས་རེ་རེའི་འགོག་པ་ལ་དམིགས་པས་ས་བརྒྱད་པོ་རེ་རེ་མི་ལྕོགས་པ་མེད་པས་བསྡུས་པའི་རྣམ་པ་བཞི་བཞིའོ། །ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་བཞི་སྟེ་ཞེས་བྱ་བ་ནི་གང་གི་ཚེ་དེ་ལ་དམིགས་ནས་སྲིད་པའི་རྩེ་མོ་

Vol. 145 · folio 188a

ལ་འདོད་ཆགས་དང་བྲལ་བར་བྱེད་པ་ནའོ། །ཡང་ཅིའི་ཕྱིར་རྡོ་རྗེ་ལྟ་བུ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་བཞི་ཁོ་ན་ཡིན་གྱི། འགོག་པ་ལ་དམིགས་པའི་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པའི་རྡོ་རྗེ་ལྟ་བུ་བཞིན་དུ། གཉེན་པོ་ལ་དམིགས་པ་

ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་དག་མང་དུ་མི་བགྲང་ཞེ་ན། དེའི་ཕྱིར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པར་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ནི་གཉེན་པོའི་ངོ་བོ་ཁྱད་པར་

མེད་པས་རིལ་ཁོ་ན་ལ་དམིགས་སོ། །དེ་དག་ནི་ཤེས་པའི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པའི་རྣམ་པའི་བྱེ་བྲག་གིས་ཐ་དད་པ་དང་། རྣམ་པའི་བྱེ་བྲག་གིས་ཐ་དད་པ་དང་། དམིགས་པའི་བྱེ་བྲག་གིས་ཐ་དད་པ་སྟེ། ཤེས་པའི་རྣམ་པའི་བྱེ་བྲག་གིས་ཐ་དད་པ་

ནི། ཆོས་དང་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཏེ། འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །རྣམ་པའི་བྱེ་བྲག་གིས་ཐ་དད་པ་ནི་སྡུག་བསྔལ་ལ་སོགས་པའི་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་

པའི་སྒོ་ནས་ཏེ། སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་ཞེས་འབྱུང་བའི་ཕྱིར་རོ། །དམིགས་པའི་བྱེ་བྲག་གིས་ཐ་དད་པ་ནི་སྲིད་པའི་རྩེ་མོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །ཇི་སྐད་དུ་སྲིད་པའི་རྩེ་མོའི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་ཞེས་བྱ་བ་ལ་

སོགས་པ་དང་། དེ་བཞིན་དུ་བསམ་གཏན་དང་པོ་འགོག་པ་ལ་དམིགས་པ་བཞི་ནས། དེ་བཞིན་དུ་སྲིད་པའི་རྩེ་མོའི་འགོག་པ་ལ་དམིགས་པའི་བར་དུ་བཞི་དང་ཞེས་བྱ་བ་དང་། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པར་ལ་དམིགས་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ན་རྡོ་རྗེ་ལྟ་བུར་ཤེས་

པའི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་ཐ་དད་པ་ལྔ་བཅུ་རྩ་གཉིས་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། བརྒྱད་ཚན་གཉིས་ཏེ་བཅུ་དྲུག་དང་། བཞི་ཚན་དགུ་ལ་སུམ་ཅུ་རྩ་དྲུག་སྟེ། ལྔ་བཅུ་རྩ་གཉིས་སུ་འགྱུར་རོ། །མི་ལྕོགས་པ་མེད་པས་བསྡུས་པ་ཇི་ལྟ་བར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།

Vol. 145 · folio 188b

བཤད་མ་ཐག་པའི་རྣམ་པ་གང་གིས་མི་ལྕོགས་པ་མེད་པས་བསྡུས་པའི་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་པ་དེ་བཞིན་དུ། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བཞི་པས་བསྡུས་པའི་རྡོ་རྗེ་ལྟ་བུ་དག་ནི་རེ་

རེ་ཞིང་ལྔ་བཅུ་རྩ་གཉིས་ལྔ་བཅུ་རྩ་གཉིས་སུ་འགྱུར་ཏེ། བསམ་གཏན་དག་ནི་ཀུན་དུ་ལྟ་བ་ཡིན་ཏེ། གོང་མ་དང་། འོག་མ་ལ་དམིགས་པ་ཡིན་ནོ། །གྲངས་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུ་རྩ་བརྒྱད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་ཀྱིས་བསྡུས་པ་ནི་ཉི་ཤུ་རྩ་བཞིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུའོ། །སྲིད་པའི་རྩེ་མོ་ན་ནི་ལམ་ཉིད་ཡོད་པ་མ་ཡིན་པས་དེས་བསྡུས་པ་མི་བསམ་མོ། །དེ་དག་ན་ཆོས་ཤེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པའི་རྡོ་རྗེ་ལྟ་བུ་དེ་དག་ནའོ། །

ཆོས་ཤེས་པ་ས་དྲུག་པ་ཡིན་པའི་ཕྱིར་རོ། །ཅི་ཞེ་ན། རྡོ་རྗེ་ལྟ་བུ་བརྒྱད་མེད་དོ། །རྗེས་སུ་ཤེས་པས་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་དག་ཉིད་ན་མེད་པའི་ཕྱིར་རོ། །ཅི་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པའི་རྡོ་རྗེ་ལྟ་བུ་བཅུ་དྲུག་མེད་དོ། །

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ཉི་ཤུ་མེད་དོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ཉི་ཤུ་རྩ་བཞི་མེད་དོ། །འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་དང་སྔར་བཤད་པ་བརྒྱད་དོ། །དེ་དག་ན་གྲངས་བཞིན་དུ་ཉི་ཤུ་རྩ་བརྒྱད་དང་། ཉི་ཤུ་བཞི་དང་། ཉི་ཤུ་

ཡོད་དོ། །ཇི་ལྟར་བྱས་པས་ཉི་ཤུ་རྩ་བརྒྱད་ཡོད་ཅེ་ན། རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ལས་འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་བསམ་གཏན་བཞི་པའི་འགོག་པ་ལ་དམིགས་པ་བཅུ་

དྲུག་དོར་བས་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་སྲིད་པའི་རྩེ་མོ་བའི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པ་སྡུག་བསྔལ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དང་། ནམ་མཁའ་མཐའ་ཡས་

Vol. 145 · folio 189a

སྐྱེ་མཆེད་ལ་སོགས་པའི་འགོག་པ་ལ་དམིགས་པ་འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཅུ་དྲུག་དང་། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་སྟེ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ཟད་པར་ལ་དམིགས་པའི་ཕྱིར་

རོ། །དེའི་ཕྱིར་དེ་ལྟར་ན། ཤེས་པའི་རྣམ་པ་དང་། དམིགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་ཉི་ཤུ་རྩ་བརྒྱད་ཡིན་ནོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་བླ་ལྷག་དུ་དོར་ནས་ཉི་ཤུ་རྩ་བཞི་ཡིན་ནོ། །དེ་བཞིན་དུ་ཅི་

ཡང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་ཡང་བོར་ནས་ཉི་ཤུ་ཡིན་ནོ། །ཡང་ཅིའི་ཕྱིར་ས་གཞན་གྱི་འགོག་པ་ཁོ་ན་ལ་དམིགས་ཀྱི། སྲིད་པའི་རྩེ་མོའི་སྡུག་བསྔལ་དང་ཀུན་འབྱུང་བ་ལྟར་ས་གཞན་པའི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་མ་ཡིན་ཞེ་

ན། ས་འོག་མ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། དེའི་སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ནི་ལུས་སོ། །ཡང་ཅིའི་ཕྱིར་རང་གི་ས་དང་ས་གོང་མ་པ་ཁོ་ནའི་འགོག་པ་ལ་དམིགས་ཀྱི་བསམ་གཏན་བཞིན་དུ་ས་འོག་མ་པ་ནི་མ་ཡིན་ཞེ་ན། ས་འོག་མ་པའི་སྡུག་བསྔལ་ལ་མ་དམིགས་པར་དེའི་འགོག་

པ་ལ་དམིགས་པར་མི་ནུས་སོ། །སྡུག་བསྔལ་ཡང་ཐམས་ཅད་ཟག་པ་དང་བཅས་པ་ཡིན་ལ། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་བྱ་བ་འདི་ཡང་ངེས་པས་འདི་ནི་རྒྱུ་ཡིན་ནོ། །བསམ་གཏན་རྣམས་ཀྱི་ཀུན་དུ་བལྟ་བའི་ཕྱིར་མི་དགག་སྟེ།

བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་བྱ་བ་འཆད་པར་འགྱུར་རོ། །ས་འོག་མའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ་ཞེས་བྱ་བ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། གཉེན་པོ་དེ་ནི་ཕན་ཚུན་དུ་རྒྱུ་ཡིན་པའི་ཕྱིར་རོ། །འདིས་ནི་བསམ་གཏན་གྱིས་བསྡུས་པའི་ཡོངས་སུ་ཤེས་པ་ཐམས་ཅད་ས་

འོག་མའི་གཉེན་པོ་ལ་དམིགས་པར་བསྟན་ཏེ། གང་ཞིག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་བསྡུས་པ་དེ་ནི་རང་གི་ས་དང་ས་གོང་མའི་གཉེན་པོ་ལ་དམིགས་པ་ཉིད་དོ། །གང་དག་ལམ་ལ་རྗེས་སུ་ཤེས་པ་ཡང་འགོག་པ་ལ་རྗེས་སུ་ཤེས་པ་ལྟར་ས་རེ་རེའི་གཉེན་པོ་ལ་དམིགས་པ་

Vol. 145 · folio 189b

ཡིན་པར་འདོད་པ་དེ་དག་གི་ལྟར་ན་བསམ་གཏན་དང་གཟུགས་མེད་པ་བརྒྱད་ཀྱི་སའི་གཉེན་པོ་ལ་དམིགས་པ་དག་ལས་སྲིད་པའི་རྩེ་མོའི་གཉེན་པོ་ལ་དམིགས་པ་བཞི་ཚན་གཅིག་བོར་ནས་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཏེ། ཇི་ལྟར་ཞེ་ན། མི་ལྕོགས་པ་མེད་པས་བསྡུས་པ་བསམ་གཏན་དང་པོའི་གཉེན་པོ་ལ་

དམིགས་པ། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་བར་དུ་བཞི་སྟེ། ལྔ་བཅུ་རྩ་གཉིས་ལ་ཉི་ཤུ་རྩ་བརྒྱད་པོ་དེ་དག་བསྣན་པས་ད་ལྟར་ན་བརྒྱད་ཅུར་

འགྱུར་རོ། །བསམ་གཏན་བཞི་པས་བསྡུས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བསམ་གཏན་བཞི་པས་བསྡུས་པ་དག་ཀྱང་རེ་རེ་ཞིང་བརྒྱད་ཅུ་ཡིན་ནོ། །གོ་རིམས་བཞིན་དུ་བཞི་བཅུ་དང་ཞེས་

བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་བྱས་པས་ཤེ་ན། རྡོ་རྗེ་ལྟ་བུ་ཉི་ཤུ་རྩ་བརྒྱད་ལ་བཅུ་གཉིས་བསྣན་ན་བཞི་བཅུར་འགྱུར་རོ། །དེ་བཞིན་དུ་སྔར་བཤད་པ་དག་ལ་བརྒྱད་དང་བཞིས་བསྣན་ན་སུམ་ཅུ་རྩ་གཉིས་དང་ཉི་ཤུ་རྩ་བཞིར་འགྱུར་རོ། །ཡང་ཅིའི་ཕྱིར་གཟུགས་མེད་པ་དག་རང་དང་གོང་མའི་ས་པའི་གཉེན་

པོ་ཁོ་ན་ལ་དམིགས་པར་བཤད་ཀྱི། ས་འོག་མའི་གཉེན་པོ་ལ་དམིགས་པ་མ་ཡིན་ཞེ་ན། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལ་སོགས་པ་ལས་ཡང་དག་པར་འདའ་བར་གསུངས་པའི་ཕྱིར་ལ། ས་འོག་མའི་གཉེན་པོའི་སྒོ་ནས་ནི་དེའི་མི་མཐུན་པའི་ཕྱོགས་ལ་དམིགས་པའི་ཕྱིར་རོ། །

འོ་ན་ས་འོག་མའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ། དེ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་དེ་ཇི་ལྟར་ཞེ་ན། དེ་ནི་ཁྱད་པར་དུ་མ་བྱས་པར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ས་དགུ་པ་ནི་ས་འོག་མའི་གཉེན་པོ་ལ་དམིགས་པ་ཡིན་ནོ་ཞེས་བཤད་ཀྱི། ནམ་མཁའ་མཐའ་ཡས་སྐྱེ་

མཆེད་ལ་སོགས་པས་བསྡུས་པ་ས་འོག་མའི་གཉེན་པོ་ལ་དམིགས་སོ་ཞེས་ཁྱད་པར་དུ་བྱས་ནས་ནི་མ་བསྟན་པས་ས་འོག་མའི་གཉེན་པོ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་ནི། བསམ་གཏན་གྱི་ས་པ་དག་ཁོ་ན་ལ་ཡིན་ནོ། །ཡང་རིགས་དང་དབང་པོའི་བྱེ་བྲག་གིས་ནི་ཆེས་མང་བ་ཡིན་ནོ་

Vol. 145 · folio 190a

ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། རེ་ཞིག་མི་རྟག་པའི་རྣམ་པ་དང་མཚུངས་པར་ལྡན་པའི་རྡོ་རྗེ་ལྟ་བུ་གང་ཡིན་པ་དེ་ནི་རིགས་ཀྱི་བྱེ་བྲག་གིས་ཁྱད་པར་རྣམ་པ་དྲུག་ཡིན་ལ། དབང་པོ་རྟུལ་པོ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་རྣམ་པ་དང་

མཚུངས་པར་ལྡན་པ་གཞན་དག་ལ་ཡང་དེ་དང་འདྲ་བར་རིགས་དང་དབང་པོའི་བྱེ་བྲག་གིས་ཁྱད་པར་སྦྱར་བར་བྱའོ། །ཟད་པ་ཤེས་པ་ཡིན་ནོ་ཞེས་བྱ་བ་ལ། གང་ལས་ཤེ་ན། དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དཔེར་ན་དང་པོར་ཡོད་པ་ནི་དང་པོ་ཡིན་

ནོ་ཞེས་བྱ་བ་ལྟར་ཐོག་མར་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ། ཟད་པ་ཤེས་པ་ནི་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་། ལྷན་ཅིག་སྐྱེས་པའི་ཤེས་པའོ་ཞེས་བསྟན་པར་འགྱུར་ཏེ། བར་གྱི་ཚིག་མི་མངོན་པར་བྱས་པས་རྡོ་རྗེའི་སོར་གདུབ་བཞིན་ནོ། །རྣམ་པར་གྲོལ་བའི་ཤེས་པ་གཞན་ཡང་

ཟད་པའི་ཐོབ་པ་དང་། ལྷན་ཅིག་སྐྱེ་མོད་ཀྱི་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་པ་དེ་དག་ཟད་པ་ཤེས་པ་མ་ཡིན་ནོ། །མི་སྐྱེ་བ་ཤེས་པ་ནི་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་མོད་ཀྱི། དེ་ནི་དང་པོ་ཉིད་དུ་མ་ཡིན་པས་དེ་ཟད་པ་ཤེས་པ་མ་ཡིན་ནོ། །གང་གི་ཚེ་སློབ་

པའི་གནས་སྐབས་ན་ཡང་འདིའི་ཟག་པ་ཁ་ཅིག་སྤངས་པ་ཡིན་ན། དེའི་ཕྱིར་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་ཞེས་བྱ་བ་འདི་ཅི་སྟེ་བརྗོད་ཅེ་ན། སྤངས་པ་བདེན་མོད་ཀྱི། འོན་ཀྱང་སྔར་སྤངས་པ་རྣམས་ཀྱི་བྲལ་བའི་ཐོབ་པ་དག་ཡང་སྐྱེ་སྟེ། འབྲས་ལས་སྔོན་ལམ་བཏང་བ་དང་། །

གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །འབྲས་བུ་གཞན་གྱི་ཕྱིར་བསླབ་པར་བྱ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ། གལ་ཏེ་མི་སློབ་པ་ལ་ཡང་དབང་པོ་འཕོ་བའི་སྒོ་ནས་འབྲས་བུ་གཞན་ཐོབ་པར་བྱ་བའི་ཕྱིར་ཡོད་དེ། སྤེལ་བས་འབྲས་བུ་ཁྱད་པར་ཅན་ཞེས་འབྱུང་བའི་

ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། དེ་ནི་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དེ་བཞིན་དུ་དེའི་འབྲས་བུ་གཞན་མ་ཡིན་ནོ། །གང་དུ་སྔར་གྱི་འབྲས་བུ་རྒྱུ་མཚན་ཅན་གྱི་མིང་དོར་ནས་འབྲས་བུ་ཕྱི་མའི་རྒྱུ་མཚན་ཅན་གྱི་མིང་བཏགས་པ་དེ་ནི་དེའི་འབྲས་བུ་གཞན་ཡིན་ནོ་ཞེས་བྱ་བར་ཤེས་ན་དགྲ་བཅོམ་

Vol. 145 · folio 190b

པ་དེ་ལྟར་དབང་པོ་འཕོས་ཀྱང་སྔར་གྱི་མིང་མི་འདོར་ལ། དེའི་དབང་པོ་འཕོས་ཀྱང་སྔ་མ་ལྟར་དགྲ་བཅོམ་པ་ཉིད་ཡིན་པས་འབྲས་བུ་གཞན་ཐོབ་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ནི་རང་གི་དོན་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཏེ། རང་གི་དོན་ཡོངས་སུ་སོགས་པ་ནི་ཤིན་ཏུ་ཆེས་

གཞན་གྱི་དོན་བྱེད་པར་འོས་པ་ཡིན་ནོ། །འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་ཞེས་བྱ་བ་ལ། འདོད་ཆགས་དང་བཅས་པ་ནི་སོ་སོའི་སྐྱེ་བོ་དང་སློབ་པ་དག་གོ། །གང་ཟག་ཟད་པ་ཤེས་པ་མ་སྐྱེས་པར་གྱུར་པའི་གང་ཟག་དེ་དག་ནི་སློབ་པ་ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གང་

ཟག་སྔར་བཤད་པ་བདུན་ནི་སློབ་པ་དག་ཡིན་ནོ་ཞེས་བྱ་བར་གྲུབ་བོ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་གསུམ་མོ། །རྒྱུ་གང་གིས་གང་ཟག་བདུན་པོ་དེ་དག་སློབ་པ་ཡིན་པར་བརྗོད་ཅེ་ན། དེའི་ཕྱིར་ཟག་པ་ཟད་པར་བྱ་བའི་ཕྱིར་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཏེ་ཞེས་

བྱ་བ་སྨོས་ཏེ། གང་ལ་ཞེ་ན། བསླབ་པ་གསུམ་པོ་ལའོ། །དེ་དག་གི་ལྷག་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་སོ། །ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བར་ཡང་དེ་དང་འདྲའོ། །དེ་དག་ནི་རང་བཞིན་ཅི་

ཞེ་ན། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །སོ་སོའི་སྐྱེ་བོ་ཡང་སློབ་པ་ཡིན་པར་འགྱུར་ཏེ། དེ་ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སློབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བདེན་པ་ཡང་དག་པ་ཇི་ལྟ་བུ་བཞིན་དུ་མ་ཤེས་

པའི་ཕྱིར་ཏེ། སོ་སོའི་སྐྱེ་བོ་ཞེས་སྐབས་དང་སྦྱར་རོ། །འདི་ལྟར་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱི་བསླབ་པ་བཤད་ནས། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཡིན་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཞེས་བྱ་

བ་ནས། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སོ་སོའི་སྐྱེ་བོ་ལ་ནི་ཡོངས་སུ་ཤེས་པ་ཟག་པ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཡོད་པ་མ་ཡིན་ལ། དེ་མེད་པས་དེ་

Vol. 145 · folio 191a

ལ་ཟག་པ་མེད་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ཡང་མེད་དོ། །དེའི་ཕྱིར་བསླབ་པ་རྣམས་ཟག་པ་མེད་པ་ཡིན་པའི་ཕྱིར། དེ་བསླབ་པ་དག་ལ་སློབ་པ་མ་ཡིན་ནོ། །ཡང་བསླབ་པ་གཏོང་བའི་ཕྱིར་རོ་ཞེས་བྱ་བ་ལ་རེ་ཞིག་ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་གཏོང་སྟེ། སོ་

སོར་ཐར་པའི་སྡོམ་པ་གཏོང་བའི་ཕྱིར་རོ། །ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་བསླབ་པ་གཏོང་སྟེ། བསམ་གཏན་ལས་ཡོངས་སུ་ཉམས་པ་ལས་སོ། །གཞན་དག་ན་རེ་དྲོ་བར་གྱུར་པའི་ཏིང་ངེ་འཛིན་ལ་སོགས་པ་ལས་ཡོངས་སུ་ཉམས་པ་ལས་སོ་ཞེའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་

སློབ་པ་གཏོང་སྟེ། སྡོམ་པའི་ཡན་ལག་གིས་ཤེས་རབ་ནས་དྲོ་བར་གྱུར་པས་བསྡུས་པའི་ཤེས་རབ་ཀྱི་བར་ལས་ཡོངས་སུ་ཉམས་པ་ལས་སོ། །དགྲ་བཅོམ་པ་དང་སློབ་པ་ཡང་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཡོངས་སུ་ཉམས་མོད་ཀྱི་ཡོངས་སུ་ཉམས་པས་འཆི་བའམ། དེས་བྱ་

བ་མ་ཡིན་པ་བྱེད་པ་ནི་མ་ཡིན་ནོ། །སློབ་པ་ཡོངས་སུ་ཉམས་པ་ལ་ཡང་བསླབ་པ་གསུམ་པོ་ལྷག་པ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་ཡོད་དེ། དེ་ལ་འབྲས་བུ་དང་པོ་ལ་ཉམས་པ་མེད་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ནི་དགེ་བའི་རྩ་བ་ཡོངས་སུ་ཆད་པ་ལ་བསླབ་པ་གསུམ་པོ་རྣམ་པ་

ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །འཕགས་པ་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པའི་སྤྱོད་པ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་རང་བཞིན་ནི་མཉམ་པར་མ་བཞག་པའི་གནས་སྐབས་ལ་བརྗོད་དོ། །བསམ་པ་ནི་བསམ་མོ། །ལམ་དུ་འགྲོ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་

ལྟར་འགྲོ་བའི་བསམ་པ་མ་བཏང་བའི་ཕྱིར་ལམ་དུ་ཞུགས་པ་ཟས་ལ་སོགས་པ་ཟ་ཞིང་། མི་འགྲོ་ཡང་ལམ་དུ་འགྲོ་བ་ཞེས་བརྗོད་པ་དེ་དང་འདྲའོ། །ཐོབ་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ལ། རང་བཞིན་དུ་གནས་ཀྱང་བསླབ་པ་གསུམ་གྱི་ཐོབ་པ་དང་རྗེས་སུ་འབྲེལ་པས་སློབ་པ་ཉིད་དུ་

བརྗོད་དོ། །སློབ་པ་དང་མི་སློབ་པའི་གང་ཟག་བཞི་ལ་ཡང་སློབ་པའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སློབ་པ་ཟག་པ་མེད་པ་རྣམས་སོ་ཞེས་བྱ་བ་ལ། མི་སློབ་པ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་སློབ་པ་མ་ཡིན་ཞེ་ན། གང་ཞིག་སློབ་པ་ཁོ་ན་ལྡན་པ་དེ་ནི་

Vol. 145 · folio 191b

སློབ་པའི་ཆོས་ཞེས་བྱ་ན། མྱ་ངན་ལས་འདས་པ་ནི་ཐུན་མོང་བ་ཡིན་པའི་ཕྱིར་སློབ་པ་དང་སོ་སོའི་སྐྱེ་བོ་གཉི་ག་ལ་ཡང་ཡོད་དེ། སོ་སོའི་སྐྱེ་བོ་རྣམས་ལ་ནི་འཇིག་རྟེན་པའི་ལམ་གྱིས་མྱ་ངན་ལས་འདས་པ་དག་སྐྱེ་ལ། འཕགས་པ་རྣམས་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྐྱེའོ། །མི་སློབ་

པ་དང་སྐྱེ་སོའི་སྐྱེ་བོ་གཉི་ག་ཡང་དེ་དང་ལྡན་པའི་ཕྱིར་ཞེས་བྱ་བ་འབྱུང་ངོ་། །མྱ་ངན་ལས་འདས་པ་མི་སློབ་པ་ཡང་མ་ཡིན་ཏེ། སློབ་པ་དང་སོ་སོའི་སྐྱེ་བོ་གཉི་ག་ཡང་དེ་དང་ལྡན་པའི་ཕྱིར་རོ། །འདིས་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡང་སློབ་པ་དང་མི་སློབ་པ་ཉིད་ཡིན་པ་བསལ་བ་ཡིན་ནོ། །ཞུགས་

པ་དང་པོ་དང་འབྲས་བུ་ལ་གནས་པ་བཞིའོ་ཞེས་བྱ་བ་ལ། ཞུགས་པ་དང་པོ་ནི་མཐོང་བའི་ལམ་ལ་གནས་པའི་ཕྱིར་འབྲས་བུ་ལས་ཐ་དད་པ་ཡིན་ནོ། །ཞུགས་པ་ལྷག་མ་རྣམས་ནི་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་རྣམས་སོ། །འབྲས་བུ་ལ་

གནས་པ་གསུམ་ལས་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཇི་ལྟ་ཞེ་ན། རེ་ཞིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་པར་འདུ་བྱས་པའི་ཕྱིར་ཞུགས་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པ་ལས་ཐ་དད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྒྱུན་དུ་ཞུགས་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཕྱིར་མི་འོང་བ་དང་། དགྲ་བཅོམ་

པ་ཉིད་ལ་ཞུགས་པ་གཉིས་ཀྱང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དག་ལས་ཐ་མི་དད་པ་ཡིན་ནོ། །དེ་ལྟར་ན་འབྲས་བུ་ལ་ཞུགས་པ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་དོ། །འདིར་ནི་མཐར་གྱིས་ཐོབ་པའི་ཕྱིར་ཡིན་ཏེ། གང་གི་ཚེ་རྒྱུན་དུ་ཞུགས་པའི་འབྲས་བུའི་མཇུག་ཐོགས་

སུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ལ་དེའི་མཇུག་ཐོགས་སུ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ནའོ། །ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་འཇིག་རྟེན་པའི་ལམ་གྱིས་གང་གི་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་དྲུག་སྤངས་པ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམ་པ་དགུ་ཟད་

པ་ནི་མཐོང་བའི་ལམ་གྱི་གནས་སྐབས་ན་གོ་རིམས་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཡིན་གྱི། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དག་ཀྱང་མ་ཡིན་ནོ། །དེ་ལྟ་ན་ནི་གང་ཟག་བཞི་འམ་གསུམ་ཡིན་གྱི་ལྔ་ནི་མ་ཡིན་ནོ། །རྣམ་པ་གཉིས་སུ་བཤད་པ་ལ་

Vol. 145 · folio 192a

ཞེས་བྱ་བ་ནི། བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་བྱ་བ་འདས་ནས་སོ། །འཇིག་རྟེན་འདས་ཀྱི་སྲིད་རྩེ་ལས། །ཆགས་བྲལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་པར་

གཟུང་ངོ་། །དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། འཇིག་རྟེན་པའི་ལམ་ས་གོང་མའི་ཉེར་བསྡོགས་ཀྱིས་བསྡུས་པ་ནི་ས་འོག་མའི་གཉེན་པོ་ཡིན་ནོ། །སྲིད་པའི་རྩེ་མོའི་གོང་ན་ནི་ས་ཡོད་པ་འང་མ་ཡིན་ནོ། །རང་གི་ས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཅིའི་ཕྱིར་གཉེན་

པོ་མ་ཡིན་ཞེ་ན། དེའི་ཕྱིར་དེའི་ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །རང་གི་ས་པའི་ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་ཏེ། ཕྲ་རྒྱས་ཀུན་དུ་འགྲོ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འབྱུང་སྟེ།

ཉོན་མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེས་སྤོང་བར་བྱེད་པ་མ་ཡིན་ཏེ། དཔེར་ན་འདོད་པའི་ཁམས་རང་གི་ས་པའི་ཉོན་མོངས་པ་རྣམས་དང་མཐུན་པ་ལྟར་དེ་སྐྱེ་བ་དང་མཐུན་པའི་ཕྱིར་རོ། །གང་གི་གཉེན་པོ་གང་ཡིན་པ་དེ་ལ་ནི་ཉོན་མོངས་པ་དེ་རྒྱས་པར་མི་འགྱུར་ཏེ།

དེའི་འགྲིབ་པའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་ས་འོག་མ་པའི་ཉོན་མོངས་པ་ས་གོང་མར་རྒྱས་པར་མི་འགྱུར་བ་བཞིན་ནོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཁོ་ནས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བར་འཐད་པ་ཡིན་ནོ། །སྲིད་པའི་རྩེ་མོ་ལས་གཞན་པ་ཞེས་བྱ་བ་ནི་ས་བརྒྱད་དོ། །འཇིག་རྟེན་

པའི་ལམ་གྱིས་ཀྱང་ཞེས་བྱ་བ་ནི་ཐམས་ཅད་ན་ས་གོང་མའི་ཉེ་བར་བསྡོགས་པའི་ལམ་ལ་ཡོད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པས་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་རང་དང་གོང་མའི་སའི་གཉེན་པོ་ཡིན་པའི་ཕྱིར་རོ། །བྲལ་བའི་ཐོབ་པ་རྣམ་པ་གཉིས་སྐྱེའོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་

རྣམས་ན་རེ་བྱ་བ་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། འདིར་བྱ་བ་ནི་ཉོན་མོངས་པ་སྤོང་བ་ཡིན་ནོ་ཞེས་ཟེར་རོ། །འཇིག་རྟེན་འདས་ཀྱིས་ཀྱང་ཞེས་བྱ་བ་ནི། དཔེར་ན་བྱ་བ་མཚུངས་པའི་ཕྱིར་འཇིག་རྟེན་པས་འཕགས་པ་འདོད་ཆགས་དང་བྲལ་བ་ནི་བྲལ་བའི་ཐོབ་པ་རྣམ་པ་གཉིས་ཡིན་པ་དེ་བཞིན་དུ། འཇིག་

Vol. 145 · folio 192b

རྟེན་ལས་འདས་པས་འདོད་ཆགས་དང་བྲལ་བ་ན་ཡང་བྲལ་བའི་ཐོབ་པ་རྣམ་པ་གཉིས་ཡིན་ནོ། །གལ་ཏེ་འཕགས་པའི་ལམ་གྱིས་ཞེས་བྱ་བ་ནི་དེ་ལ་འཇིག་རྟེན་པའི་ལམ་མེད་པས་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མེད་ན་ཞེས་བསྟན་ཏོ། །བསམ་གཏན་ལ་བརྟེན་ཏེ་དབང་པོ་རྣམས་འཕོ་བར་བྱེད་པ་ཞེས་

བྱ་བ་ལ། བསམ་གཏན་གྱི་དངོས་གཞི་ཁོ་ན་ལ་བརྟེན་ནས་དབང་པོ་རྣམས་འཕོ་བར་བྱེད་ཀྱི། མི་ལྕོགས་པ་མེད་པའམ་བསམ་གཏན་ཁྱད་པར་ཅན་ལ་བརྟེན་ནས་ནི་མ་ཡིན་ཏེ། དེ་ལ་བརྟེན་ནས་དབང་པོ་འཕོ་བར་བླ་བའི་ཕྱིར་རོ། །འདིར་ནི་བསམ་གཏན་ལ་བརྟེན་ཏོ་ཞེས་དཔེར་བརྗོད་པ་ཙམ་ཞིག་

ཏུ་ཟད་དེ། སློབ་པ་ནི་ས་དྲུག་ལ་བརྟེན་ཏེ་དབང་པོ་རྣམས་འཕོ་བར་བྱེད་དོ་ཞེས་བཤད་དོ། །དེ་ལམ་སྔ་མ་ཟད་པར་བཏང་བའི་ཕྱིར་ཞེས་བྱ་བ་ལ། ལམ་སྔ་མ་ནི་ཕྱིར་མི་འོང་བའི་འབྲས་བུའི་ལམ་དང་། དེ་ལས་ཁྱད་པར་དུ་འཕགས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་གཉེན་པོའོ། །འབྲས་བུའི་

ལམ་འབའ་ཞིག་ཐོབ་པའི་ཕྱིར་ཞེས་བྱ་བ་ལ། དེས་ནི་དབང་པོ་རྟུལ་པོས་བསྡུས་པའི་འབྲས་བུ་ལས་ཁྱད་པར་ཅན་གྱི་ལམ་བཏང་ནས་འབྲས་བུའི་ལམ་དབང་པོ་རྣོན་པོས་བསྡུས་པ་འབའ་ཞིག་འཐོབ་སྟེ། འཕེལ་བ་འབྲས་བུའི་ཁྱད་པར་བཅས། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །ཞེས་

འབྱུང་བའི་ཕྱིར་རོ། །ས་གོང་མ་པའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་ཡང་འགྱུར་རོ་ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་གོང་མ་ནི་བསམ་གཏན་དང་པོ་ནས་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཏེ། དེའི་ས་པའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་འགྱུར་རོ། །དེ་བཏང་ན་ཞེས་བྱ་

བ་ནི། ས་གོང་མའི་ཉོན་མོངས་པའི་བྲལ་བ་དང་ལྡན་པ་བཏང་ནའོ། །ཉོན་མོངས་པ་དེ་དག་དང་ལྡན་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་ས་གོང་མའི་ཉོན་མོངས་པ་དག་དང་ངོ་། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། །གོང་དུ་སྐྱེས་པ་བཞིན་མི་ལྡན། །ཞེས་བྱ་བ་འབྱུང་ངོ་། །སྲིད་པའི་རྩེ་མོའི་རྣམ་པ་ཕྱེད་

ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ལ། སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བ་གང་ཞིག་དབང་པོ་རྣམས་འཕོ་བར་བྱེད་པ་དེ་ལ་རྣམ་པ་བརྒྱད་པོ་དེ་དག་གིས་འཇིག་རྟེན་པའི་བྲལ་བ་འཐོབ་པ་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། གང་གི་ཕྱིར་འཇིག་རྟེན་པའི་ལམ་སྲིད་པའི་རྩེ་མོ་གཉེན་

Vol. 145 · folio 193a

པོར་འགྱུར་བ་མེད་དོ། །འཇིག་རྟེན་པའི་ལམ་གྱིས་གང་ཞིག་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་དེ་ཁོ་ན་ལས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བའི་འཕགས་པ་ལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲལ་བའི་

འཐོབ་པ་ཡོད་པ་ཞིག་གོ། །ཡང་དཔེར་ན་སོ་སོའི་སྐྱེ་བོ་ཞེས་བྱ་བ་ལ། དེ་ཡང་བསམ་གཏན་དང་པོ་བསྡུས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་གཏོང་ངོ་། །འཕགས་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འཕགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་ཁམས་ཀྱི་གོང་མ་

ལས་འདོད་ཆགས་དང་བྲལ་བར་གྱུར་པ་ལ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བྲལ་བའི་ཐོབ་པ་ཡོད་དོ། །དེ་ལ་འཇིག་རྟེན་པའི་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་གང་ཡིན་པ་དེ་ནི་འཕགས་པ་བསམ་གཏན་དང་པོའི་སའི་གོང་དུ་སྐྱེས་པས་གཏོང་བར་འགྱུར་གྱི། འཇིག་

རྟེན་ལས་འདས་པ་ནི་མ་ཡིན་ནོ། །འཇིག་རྟེན་ལས་འདས་པ་དེ་ཡོད་ན་ཡང་དེ་དག་དང་མི་ལྡན་ནོ། །སོ་སོའི་སྐྱེ་བོ་ནི་དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་སོ་སོའི་སྐྱེ་བོ་སྨོས་སོ། །དེའི་ཕྱིར་ཇི་ལྟར་འདིར་བྲལ་བའི་ཐོབ་པ་མེད་པར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་བས་ཁས་ལེན་པ་

ལྟར་གང་ཟག་འདི་ཡང་དེ་དང་འདྲ་བར་འགྱུར་བས། བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །ཞེས་བྱ་བ་ནི། འདི་ནི་ཤེས་རབ་བྱེད་པ་མ་ཡིན་ནོ། །ཟག་མེད་མི་ལྕོགས་མེད་པ་ཡི། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །སྲིད་པའི་རྩེ་མོའི་བར་ལས་སོ། །ཞེས་བྱ་བ་ནི་ས་འོག་མ་དང་གོང་མ་

ལས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཟག་པ་མེད་པ་ནི་ལྡན་པ་མ་ཡིན་པའི་ཕྱིར་རོ། །ས་གསུམ་ལས་རྒྱལ་བ་ཡན་ཆད་ནི་ཞེས་བྱ་བ་ལ། བསམ་གཏན་གསུམ་པ་ལ་སོགས་པ་ལས་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་བཞི་པ་ལ་སོགས་པའི་ཉེར་བསྡོགས་དག་གིས་ཐོབ་ལ། དེ་ན་

ཉེར་བསྡོགས་དང་དངོས་གཞི་ལ་ཚོར་བ་ཐ་དད་པ་མེད་དེ། བཏང་སྙོམས་ཀྱི་དབང་པོ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་དབང་པོ་རྣོན་པོ་འམ། དབང་པོ་རྟུལ་པོ་ཞིག་འདོད་ཆགས་དང་བྲལ་བའི་ས་ལ་ཐ་གིར་སེམས་པས་དངོས་གཞི་ཁོ་ན་ལས་རྣམ་པར་གྲོལ་བའི་ལམ་ཐ་མ་མངོན་དུ་བྱེད་དོ། །

Vol. 145 · folio 193b

བསམ་གཏན་གསུམ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཉེར་བསྡོགས་དག་ན་བཏང་སྙོམས་ཀྱི་ཚོར་བ་ཡོད་ལ། བསམ་གཏན་གྱི་དངོས་གཞི་དག་ལས་ནི་གཉིས་ན་ཡིད་བདེ་བ་ཡོད་ལ། གསུམ་པ་ན་བདེ་བ་ཡོད་དོ། །དེ་ལ་ཁ་ཅིག་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་པོ་སྤོང་བར་མི་ནུས་པས་ཉེར་

བསྡོགས་ཁོ་ན་ལས་རྣམ་པར་གྲོལ་བའི་ལམ་ཐ་མ་མངོན་དུ་བྱེད་ལ། དེ་ནུས་པ་ནི་དངོས་བཞི་ལས་མངོན་སུམ་དུ་བྱེད་པས་འདི་ལ་ཉེས་པ་མེད་དོ། །འཕགས་པ་བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །ཞེས་བྱ་བ་འབྱུང་ངོ་། །ས་འོག་མ་ལས་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ་ཞེས་

བྱ་བ་ལ། ས་འོག་མ་ལ་འདོད་ཆགས་དང་མ་བྲལ་བས་ནི་ས་དེ་མངོན་དུ་བྱེད་མི་ནུས་སོ། །བདེན་པ་ལ་དམིགས་པའི་ཕྱིར་བདེན་པའི་རྣམ་པར་ཞུགས་པ་དག་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཏུ་ཞེས་བྱ་བའི་དོན་ཏོ། །ཅི་

རིགས་པར་ཞེས་བྱ་བ་ནི་སྲིད་ཚད་དེ་ལ་དེ་སྐད་དུ་བཤད་ཀྱི། ཐམས་ཅད་ཀྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །གལ་ཏེ་ས་འོག་མ་ལ་རགས་པར་ལྟ་བ་དེའི་ཚེ་ས་གོང་མ་ལ་དེ་ལས་བཟློག་པ་ཞི་བར་ལྟ་སྟེ། གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར། དེ་དག་ལས་བཟློག་པ་ནི་ཞི་བ་དང་གྱ་ནོམ་པ་དང་

ངེས་པར་འབྱུང་བའི་རྣམ་པ་ཅན་ཡིན་ནོ་ཞེས་འཆད་དོ། །མ་ཞི་བའི་ཕྱིར་རགས་པར་ལྟའོ་ཞེས་བྱ་བ་ལ། ཇི་ལྟར་མ་ཞི་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེ་བ་ཉིད་ཀྱིས་ཞེས་བྱ་བ་སྨོས་སོ། །ས་གོང་མ་ཡང་ལམ་དང་བཅས་ཏེ་མངོན་པར་འདུ་བྱེད་པ་ཡིན་མོད་ཀྱི། འདི་ནི་ལམ་

དང་བཅས་པ་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེ་བ་ཡིན་ནོ། །གྱ་ནོམ་པ་མ་ཡིན་པའི་ཕྱིར་ཐ་བ་ངན་པར་ལྟ་སྟེ་ཞེས་བྱ་བ་ལ། ཐ་བ་ནི་གཞིག་པར་དཀའ་བ་ཡིན་ནོ། །དམན་པའི་ཐ་བ་ནི་ཐ་བ་ངན་པའོ། །ཡང་ན་འདི་ལ་སྡུག་བསྔལ་ཡོད་པས་ན་ཐ་བའོ། །ལེན་པས་ན་ཐ་བ་ངན་པ་སྟེ། ལུས་ནང་དུ་གྱུར་པས་

ལུས་ནང་དུ་གྱུར་པ་ཉེ་བར་ལེན་པའི་ཕྱིར་རོ། །ཇི་ལྟར་གྱ་ནོམ་པ་མ་ཡིན་ཞེ་ན། དེའི་ཕྱིར་གནས་ངན་ལེན་རབ་ཏུ་མང་བ་ཉིད་ཀྱིས་མི་མཐུན་པར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གནས་ངན་ལེན་ནི་ལུས་དང་སེམས་དག་ལས་སུ་མི་རུང་བ་ཉིད་དེ་ཉོན་མོངས་པ་དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 145 · folio 194a

ས་གོང་མ་ཡང་གནས་ངན་ལེན་མེད་པ་མ་ཡིན་མོད་ཀྱི། འདི་ནི་གནས་ངན་ལེན་རབ་ཏུ་མང་བ་ཡིན་ནོ། །རྩིག་པ་སྟུག་པོ་ལྟ་བུར་ཞེས་བྱ་བ་ནི་རྩིག་པ་སྟུག་པོའི་ངོ་བོར་རོ། །དེ་ཉིད་ཀྱིས་ས་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ས་དེ་ཉིད་ཀྱིས་ས་དེ་ཉིད་ལས་ངེས་པར་མི་

འབྱུང་བའི་ཕྱིར་རོ། །རྩིག་པ་ལ་ངེས་པར་མི་འབྱུང་བ་བཞིན་དུ་ཞེས་བྱ་བ་ལ། དཔེར་ན་རྩིག་པ་ཡོད་ན་ནམ་མཁའི་ཕྱོགས་དེས་ནོན་པའི་ཕྱིར་ངེས་པར་འབྱུང་བ་མེད་པ་དེ་བཞིན་དུ་དེ་ཉིད་ཀྱིས་ས་དེ་ཉིད་ལས་ངེས་པར་འབྱུང་བར་མི་འགྱུར་རོ། །དེ་ལས་བཟློག་པ་ནི་ཞེས་བྱ་བ་ལ། ཞི་བའི་ཕྱིར་ཏེ། མངོན་པར་འདུ་

བྱེད་པ་ཤིན་ཏུ་ཆུང་བ་ཉིད་ཀྱིས་སོ། །གྱ་ནོམ་པ་ཡིན་པའི་ཕྱིར་ཏེ། གནས་ངན་ལེན་རབ་ཏུ་ཉུང་བ་ཉིད་ཀྱིས་མི་མཐུན་པར་མ་གྱུར་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཕྱིར་ཏེ། དེས་ས་འོག་མ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །ཞར་ལ་འོངས་པ་རྫོགས་སོ་ཞེས་བྱ་བ་ལ། འཇིག་རྟེན་འདས་ཀྱི་སྲིད་རྩེ་

ལས། །ཞེས་བྱ་བ་དེ་ནས་བཟུང་བ་ནི་ཞར་བྱུང་སྟེ། དེ་ཟད་ཐོབ་དང་ཟད་པ་ཤེས། །ཞེས་བྱ་བ་འདིའི་མཇུག་ཐོགས་སུ། གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེ་བློ་གྲོས་ཞེས་བྱ་བ་འདི་བརྗོད་པར་བྱ་བ་ཡིན་པ་ལས། དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་བྱ་བ་འདི་བཤད་ལ། དེའི་མཇུག་ཐོགས་སུ་

འདི་འོངས་པ་ཡིན་ནོ། །ཟད་པར་ཤེས་པའི་མཇུག་ཐོགས་སུ་དེ་ལས་མི་སྐྱེ་བ་ཤེས་པ་སྐྱེ་སྟེ། མི་སྐྱེ་བ་ཤེས་པ་ནི་ཡང་བྱ་བ་མེད་པ་ཉིད་དུ་ཤེས་པའོ། །ཡོངས་སུ་ཉམས་པ་སྲིད་པའི་ཕྱིར། །ཞེས་བྱ་བ་ལ། འདིས་ནི་ཉོན་མོངས་པ་སྐྱེ་བའི་གོ་སྐབས་ཡོད་པས་མི་སྐྱེ་བ་ཤེས་པ་མི་སྐྱེའོ་ཞེས་སྟོན་ཏོ། །དེ་

སྐྱེས་ན་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཞེས་བྱ་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་སྟེ། གང་གི་ཕྱིར་དེ་ནི་ཟད་པ་ཤེས་པ་བཞིན་དུ་དགྲ་བཅོམ་པ་ཐམས་ཅད་ལ་སྐྱེའོ། །དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །ཞེས་བྱ་བ་ལ། དགེ་སྦྱོང་གི་ཚུལ་ནི་བར་ཆད་

མེད་པའི་ལམ་བརྒྱད་ཅུ་རྩ་དགུ་ཡིན་ལ་དགེ་སྦྱོང་གི་འབྲས་བུ་ནི་རྣམ་པར་གྲོལ་བའི་ལམ་དགེ་སྦྱོང་གི་འབྲས་བུ་འདུས་མ་བྱས་དང་བཅས་པ་དེ་སྙེད་ཁོ་ན་དག་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན། དགེ་སྦྱོང་གི་འབྲས་བུ་འདི་དག་ནི་ཕུང་པོ་ལྔ་དང་འདུས་མ་བྱས་དང་རྫས་དྲུག་ཡིན་ནོ། །དགེ་སྦྱོང་དུ་འགྱུར་

Vol. 145 · folio 194b

ཏེ་ཞེས་བྱ་བ་ནི། ཞི་བར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཡང་དག་པ་ཞི་བར་བྱེད་པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །གཞན་དག་ན་རེ་ཁམས་དང་འགྲོ་བ་དང་སྐྱེ་གནས་སུ་འཁོར་བའི་ངལ་བ་བསལ་བས་ན་དགེ་སྦྱོང་ངོ་ཞེས་ཟེར་རོ། །སོ་སོའི་སྐྱེ་བོ་ནི་གཏན་དུ་ཞི་བར་མི་བྱེད་པའི་

ཕྱིར་དོན་དམ་པའི་དགེ་སྦྱོང་མ་ཡིན་ནོ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་ཡང་དོན་དམ་པའི་དགེ་སྦྱོང་མ་ཡིན་ཏེ། ཉེས་པའི་འཕྲོ་དང་བཅས་པའི་ཕྱིར་དང་། ཉེས་པ་གཏན་མ་ཞི་བའི་ཕྱིར་རོ། །དེ་དག་ཀྱང་མདོ་ལས་རྣམ་པ་བཞིར་གསུངས་སོ་ཞེས་བྱ་

བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་རོ། །དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་འདི་ནི་དགེ་སྦྱོང་གི་ཚུལ་དང་སྦྱར་ཏེ། རྣམ་པར་གྲོལ་བའི་བར་ལམ་ནི་བར་ཆད་མེད་པའི་ལམ་གྱི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་

བུ་ཡིན་ཏེ། གོ་རིམས་བཞིན་དུ་དེ་དང་འདྲ་བའི་ཕྱིར་དང་། དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །འདི་དག་ནི་དགེ་སྦྱོང་གི་འབྲས་བུ་འདུས་བྱས་ཡིན་ནོ། །ཇི་ལྟར་ཞེ་ན། མཐོང་བའི་ལམ་ནི་རྣམ་པར་གྲོལ་བའི་ལམ་རྗེས་སུ་ཤེས་པ་དང་བཅས་པ་བརྒྱད་དོ། །བསྒོམ་པའི་ལམ་ལ་ནི་དགུ་ཚན་དགུའོ། །

ཉོན་མོངས་པ་དེ་དག་གི་སྤངས་པ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་མ་བྱས་དག་ཡིན་ནོ། །དེ་ལྟར་ན་འོ་ན་ནི་ཞེས་བྱ་བ་ནི་གལ་ཏེ་དེ་དག་བརྒྱད་ཅུ་རྩ་དགུ་ཡིན་ནོ། །སངས་རྒྱས་ཀྱིས་གསུངས་པ་ཁ་བསྐང་བར་བྱ་དགོས་པར་འགྱུར་རོ་ཞེས་བྱ་བ་ནི་དེས་འབྲས་བུ་བཞི་གསུངས་པ་ལས་ཐ་དད་པར་འབྲས་

བུ་བརྒྱད་ཅུ་རྩ་དགུ་ཡོད་པའི་ཕྱིར་རོ། །ཆེད་དུ་གཏང་ནས་སྐོང་བ་ནི་ཁ་སྐོང་བ་སྟེ། ཁ་ཉེ་བར་བསྐང་ཞེས་བྱ་བའི་དོན་ཏོ། །བྱ་མི་དགོས་ཏེ་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། འབྲས་བུ་མང་མོ་ཞིག་ཡོད་མོད་ཀྱི། འབྲས་བུ་བཞིར་

གཞག་པ་ནི་རྒྱུ་ལྔ་སྲིད་པའི་ཕྱིར་རོ། །ཞུགས་པ་དང་འབྲས་བུའི་ལམ་བཏང་བ་དང་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ་ཞུགས་པའི་ལམ་བཏང་བའི་ཕྱིར་ཏེ། མི་ལྡན་པའི་ཕྱིར་རོ། །འབྲས་བུའི་ལམ་ཐོབ་པའི་ཕྱིར་ཏེ་ལྡན་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤངས་

Vol. 145 · folio 195a

པ་བསྡོམས་པ་ན་སྔར་སྤངས་པ་རྣམས་ཀྱི་བྲལ་བའི་ཐོབ་པ་འབྲས་བུ་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །ཤེས་པ་བརྒྱད་ཅིག་ཅར་དུ་ཐོབ་པ་ཞེས་བྱ་བ་ནི་ཆོས་ཤེས་པ་བཞི་དང་། རྗེས་སུ་ཤེས་པ་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་ཆོས་ཤེས་པའི་བར་དང་དེ་

བཞིན་དུ་རྗེས་སུ་ཤེས་པ་བཞི་ཞེས་བྱ་བ་དེ་དག་གོ། །ཇི་ལྟར་རྣམ་པ་བཅུ་དྲུག་འཐོབ་ཅེ་ན། མི་རྟག་པ་ལ་སོགས་པའི་སྟེ་ཞེས་བྱ་བ་སྨོས་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པ་རྣམས་སོ། །འབྲས་བུ་དང་པོ་ལ་ཞུགས་པ་ལ་ནི་རྒྱུ་འདི་དག་ལྔ་ཆར་མེད་

དེ། མཐོང་བའི་ལམ་ལ་གནས་པའི་ཕྱིར་རོ། །འབྲས་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་ཞུགས་པ་རྣམས་ལ་ནི་དང་པོ་གསུམ་མེད་ཀྱི། ཤེས་པ་བརྒྱད་ཐོབ་པ་དང་རྣམ་པ་བཅུ་དྲུག་ཐོབ་པ་གཉིས་ནི་ཡོད་དེ། བསྒོམ་པའི་ལམ་ལ་གནས་པའི་ཕྱིར་རོ། །ཕལ་ཆེར་དང་འདོད་པ་ལས་འདོད་

ཆགས་དང་བྲལ་བ་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དག་ལ་ནི་ཐམས་ཅད་མེད་དེ། མཐོང་བའི་ལམ་ལ་གནས་པའི་ཕྱིར་རོ། །འདི་སྐད་དུ། འདི་དག་ཐམས་ཅད་ནི་འབྲས་བུའི་ལམ་ཁོ་ན་ལ་ཡོད་དེ་བསྒོམ་པའི་ལམ་གྱིས་བསྡུས་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །འཇིག་རྟེན་

པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུའོ། །དེ་ལ་ནི་ཞེས་རྒྱས་པར་འབྱུང་བས་ནི་འདི་སྐད་དུ་དེ་དག་ནི་ཟག་པ་མེད་པའི་ལམ་གྱི་འབྲས་བུ་སྤངས་པ་ཆེས་མང་བ་ཡིན་གྱི། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ཉིད་ནི་མ་

ཡིན་ཏེ། དེ་དག་གིས་མཐོང་བའི་ལམ་གྱི་འབྲས་བུ་སྤངས་པ་ཡང་བསྡུས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི། མཐོང་བའི་ལམ་གྱི་འབྲས་བུ་དང་། བསྒོམ་པའི་ལམ་གྱི་འབྲས་བུའིའོ། །ཐོབ་པ་དེའི་འབྲས་

བུར་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐོབ་པ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུས་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་འབྲས་བུ་ཐམས་ཅད་ཀྱི་ཐོབ་པ་དེའི་འབྲས་བུར་

Vol. 145 · folio 195b

བསྡུས་པ་གཅིག་རྙེད་པའི་ཕྱིར་ཏེ། དེའི་ཕྱིར་མདོ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་མ་ཡིན་ན་མི་གསུང་བར་འགྱུར་ཏེ། མཐར་གྱིས་པ་དང་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བས་ཀུན་དུ་སྦྱོར་བ་གསུམ་སྤངས་ཟིན་པའི་ཕྱིར་རོ། །འདོད་ཆགས་དང་

ཞེ་སྡང་དང་གཏི་མུག་བསྲབས་པ་ནི་དེ་ཙམ་ཞིག་ལུས་པའི་ཕྱིར་རོ། །ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་ཞེས་བྱ་བ་ལ། འདོད་པ་ལ་བདུན་པ་དང་གནོད་སེམས་ཀྱི་ཀུན་དུ་སྦྱོར་བ་མ་གཏོགས་ལ། ཀུན་དུ་སྦྱོར་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་གསུམ་ནི་རྒྱུན་དུ་ཞུགས་པ་ཁོ་ནས་སྤངས་

ཟིན་པ་ཡིན་ནོ། །གལ་ཏེ་ཡང་བྲལ་བའི་ཐོབ་པ་མི་སྐྱེ་ན་ནི་གསུངས་པ་དོན་མེད་པར་འགྱུར་རོ། །བྲལ་བའི་ཐོབ་པ་ཟག་པ་མེད་པས་ཞེས་བྱ་བ་ནི། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་བཤད་དེ། དེའི་ཕྱིར་འཇིག་རྟེན་པའི་ལམ་གྱི་འབྲས་བུ་སྤངས་

པ་དེ་ལ་བྲལ་བའི་ཐོབ་པ་ཟག་པ་མེད་པ་བརྒྱད་འདྲ་བ་དག་སྐྱེ་ལ། དེ་དག་གིས་དེའི་སྤངས་པ་འཛིན་པར་བྱེད་དོ། །འདི་ལྟར་ཕོ་བྲང་འཁོར་བའི་རྫས་ཡིན་ཡང་རྒྱལ་པོའི་ཕྱག་རྒྱས་བཏབ་པ་གང་ཡིན་པ་དེ་ནི་ཡང་གང་གིས་བསགས་པ་དེའི་ཡིན་པར་བརྗོད་པ་མ་ཡིན་པ་དེ་དང་འདྲའོ། །དེའི་སྟོབས་ཀྱིས་ཞེས་

བྱ་བ་ནི་བྲལ་བའི་ཐོབ་པ་ཟག་པ་མེད་པའི་སྟོབས་ཀྱིས་སོ། །ཡོངས་སུ་ཉམས་པ་མི་འཆི་བའི་ཕྱིར་ཞེས་བྱ་བ་ལ། འདིར་ཡོངས་སུ་འཛིན་པ་ནི་འདི་ཡིན་པར་འདོད་དེ། འབྲས་ལས་ཉམས་ལ་འཆི་བ་མེད། །ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་མ་ཡིན་ན་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་

འཆི་བར་འགྱུར་བ་ཞིག་ན། ཡོངས་སུ་ཉམས་པ་དེ་ནི་འཆི་བ་མེད་དོ། །ཚངས་པའི་དངོས་པོ་ནི་ཚངས་པའི་ཚུལ་ཏེ། དེས་ནི་ཚངས་པར་འགྱུར་བས་སོ། །ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་ཞེས་བྱ་བ་ལ། དཔེར་ན་འདིས་སྡིག་པ་མི་དགེ་བའི་ཆོས་རྣམས་ཞི་བར་འགྱུར་བས་དགེ་སྦྱོང་ཡིན་པ་དེ་བཞིན་དུ་

འདིས་སྡིག་པ་མི་དགེ་བའི་ཆོས་རྣམས་སྤོང་བས་ཚངས་པ་སྟེ། ཞི་བ་དང་སྤོང་བའི་མཚན་ཉིད་དུ་གསུངས་པས་དགེ་སྦྱོང་ཉིད་ཚངས་པ་ཡིན་ནོ། །ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་བླ་ན་མེད་པ་དང་ལྡན་པའི་ཕྱིར་རོ། །དེ་ནི་ཚངས་པ་ཞེས་ཀྱང་བྱ་

Vol. 145 · folio 196a

ཞེས་བྱ་བ་འདི་ནི་དཔེར་བརྗོད་པའོ། །དེའི་འཁོར་ལོ་དེ་ནི་འདི་ཡིན་པས་ཞེས་བྱ་བ་ལ་འབྲེལ་པ་གང་གི་ཡིན་ཞེ་ན། དེའི་ཕྱིར་དེས་བསྐོར་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །མྱུར་བར་འགྲོ་ཕྱིར་རྩིབས་སོགས་ཀྱིས། །ཞེས་བྱ་བ་ནི་མྱུར་བར་འགྲོ་བ་ལ་སོགས་པའི་ཕྱིར་དང་། རྩིབས་

ལ་སོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་མཐོང་བའི་ལམ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་ཡིན་ཏེ། ཇི་ལྟར་འཁོར་ལོ་རིན་པོ་ཆེ་མྱུར་དུ་འགྲོ་བ་དེ་བཞིན་དུ་མཐོང་བའི་ལམ་ཡང་སྐད་ཅིག་མ་བཅོ་ལྔས་བདེན་པ་མངོན་པར་རྟོགས་པའི་ཕྱིར་མྱུར་དུ་འགྲོ་བ་ཡིན་ནོ། །འདོར་བ་

དང་འཇུག་པའི་ཕྱིར་ཞེས་བྱ་བ་ལ། ཇི་ལྟར་འཁོར་ལོ་རིན་པོ་ཆེ་རྒྱབ་མ་འདོར་ཞིང་མདུན་མ་ལ་འཇུག་པ་དེ་བཞིན་དུ་མཐོང་བའི་ལམ་ཡང་བར་ཆད་མེད་པའི་ལམ་འདོར་ཞིང་རྣམ་པར་གྲོལ་བའི་ལམ་ལ་ནི་མངོན་དུ་འགྱུར་བའི་སྒོ་ནས་འཇུག་པ་ཡིན་ནོ། །ཡང་ན་སྡུག་བསྔལ་ལ་སོགས་པའི་ཡུལ་འདོར་

ཞིང་། ཀུན་འབྱུང་ལ་སོགས་པའི་ཡུལ་ལ་འཇུག་པའི་ཕྱིར། འདོར་བ་དང་འཇུག་པ་ཡིན་ནོ། །འཁོར་ལོ་དང་ཆོས་མཐུན་པ་ནི་ཅིག་ཅར་མ་ཡིན་པར་བདེན་པ་མཐོང་བའི་ཕྱིར་རོ། །མ་རྒྱལ་བ་རྒྱལ་བར་བྱེད་པ་དང་། རྒྱལ་བ་རྣལ་དུ་འགོད་པའི་ཕྱིར། །ཞེས་བྱ་བ་ལ། ཅི་ཞེ་ན། འཁོར་ལོ་རིན་

པོ་ཆེ་དང་ཆོས་མཚུངས་ཏེ། ཇི་ལྟར་དེ་གྲོང་དང་གྲོང་རྡལ་ལ་སོགས་པ་མ་རྒྱལ་བ་ལས་རྒྱལ་བར་བྱེད་ལ། རྒྱལ་བ་དག་ནི་རྣལ་དུ་འགོད་པ་དེ་བཞིན་དུ་བར་ཆད་མེད་པའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་མ་རྒྱལ་བ་རྣམས་ལས་ནི་དེ་དག་གི་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་

ལ་རྣམ་པར་གྲོལ་བའི་ལམ་གྱིས་རྒྱལ་བ་རྣམས་ནི་ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་སྒོ་ནས་རྣལ་དུ་འགོད་དོ། །འཕར་བ་དང་འབབ་པའི་ཕྱིར་ཞེས་བྱ་བ་ལ། ཅི་ཞེ་ན། འཁོར་ལོ་དང་ཆོས་མཐུན་ནོ། །འཕར་བ་ནི་སྟེང་དུ་འགྲོ་བ་སྟེ། ཁམས་གོང་མའི་སྡུག་བསྔལ་ལ་སོགས་

པ་ལ་ལྟ་བའོ། །འབབ་པ་ནི་ཡང་འདོད་པ་ན་སྤྱོད་པ་ལ་ལྟ་བའོ། །མྱུར་བར་འགྲོ་བ་ལ་སོགས་པ་དག་གིས་ནི་དེ་ལྟ་བུ་ཡིན་ནོ། །ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དང་དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི། ཚུལ་ཁྲིམས་ལ་རག་ལས་ཏེ། འཇུག་པའི་ཕྱིར་རྩིབས་ལ་སོགས་

Vol. 145 · folio 196b

པ་དང་འདྲའོ། །ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་རྣམས་ལྟེ་བ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་རྣམས་དེ་ལ་རག་ལས་ཏེ་འཇུག་པའི་ཕྱིར་ཏེ། ཚུལ་ཁྲིམས་ནི་རྒྱུར་གྱུར་པས་སོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་དེས་ཡང་དག་པའི་ལྟ་བ་ལ་སོགས་

པ་ཉེ་བར་འཛིན་པའི་ཕྱིར་རོ། །འདི་ག་ལས་ཞེས་བྱ་བ་ནི་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་འདི་ཅི་རང་གི་འདོད་པ་ཡིན་ནམ། འོན་ཏེ་ལུང་ལས་བྱུང་ཞེས་བྱ་བའོ། །རང་གི་འདོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་འཕགས་པ་ཀཽ་ཎྜི་ནྱ་ལ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་སྐྱེས་ནས་ཞེས་

བྱ་བ་ནི་མདོ་ལས་གསུངས་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། ས་བླ་བའི་གནོད་སྦྱིན་རྣམས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ཆོས་ཀུན་ཤེས་སོ་ཞེས་སྒྲ་འབྱིན་དབྱངས་སྒྲོགས་པར་བྱེད་ཅིང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དགས་ཀྱི་གནས་སུ་བཅོམ་ལྡན་འདས་

ཀྱིས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་བསྐོར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ། ཇི་ལྟར་ན་དེ་ལན་གསུམ་དུ་བཟླས་པ་ལ་སོགས་པ་ཡིན་ཞེ་ན། འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་འདི་ནི་བསྐོར་བ་གཅིག་ཡིན་ནོ། །དེ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་འདི་ནི་གཉིས་པའོ། །

དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི་གསུམ་པ་སྟེ། དེ་ནི་ལན་གསུམ་དུ་བཟླས་པའོ། །བཟླས་པ་རེ་རེ་མིག་སྐྱེས་སོ་ཞེས་བྱ་བ་ལ། ཟག་པ་མེད་པའི་ཤེས་རབ་ནི་མངོན་སུམ་དུ་འཇུག་པའི་ཕྱིར་མིག་གོ། །ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པའི་དོན་གྱི་ཕྱིར་རིག་པའོ། །རྣམ་པར་དག་པའི་

བློ་སྟེ། ཀུན་འབྱུང་བ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བདེན་པ་རེ་རེ་ལ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་པའོ། །ཇི་ལྟ་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་སོ། །

གལ་ཏེ་བདེན་པ་རེ་རེ་ལ་ཡང་དེ་དང་འདྲ་བར་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཡིན་ན་ནི། དེ་ལྟ་ན་ལན་བཅུ་གཉིས་སུ་བཟླས་པ་དང་རྣམ་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་ན། ཅིའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་གསུངས་ཞེས་བྱ་ཞེ་ན། དེ་ལྟར་ཡིན་པ་བདེན་མོད་ཀྱི། གསུམ་

Vol. 145 · folio 197a

ཚན་དང་བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ཏེ། གསུམ་ཚན་དུ་ཆོས་མཐུན་པའི་ཕྱིར་དང་། བཅུ་གཉིས་སུ་ཆོས་མཐུན་པའི་ཕྱིར་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་སུ་གསུངས་སོ། །གཉིས་དང་གནས་བདུན་ལ་མཁས་པ་བསྟན་ནོ་ཞེས་བྱ་བ་ནི་གཉིས་བསྟན་

པ་དང་གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ། །ཇི་སྐད་དུ་ཁྱེད་ལ་གཉིས་བསྟན་པར་བྱ་ཡིས། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །གཉིས་གང་ཞེ་ན། མིག་དང་གཟུགས་རྣམས་ཞེས་བྱ་བ་ནས། ཡིད་དང་ཆོས་རྣམས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་

བུའོ། །དེ་བཞིན་དུ་གནས་བདུན་ལ་མཁས་པ་བསྟན་པ་ནི་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་དང་། གཟུགས་འགོག་པར་འགྱུར་བའི་ལམ་དང་། གཟུགས་ཀྱི་རོ་མྱང་བ་དང་། ངེས་པར་འབྱུང་བ་དང་། ཉེས་དམིགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་

རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དེ་དང་འདྲའོ། །ཇི་ལྟར་གཉིས་སུ་ཆོས་མཐུན་པའི་ཕྱིར་གཉིས་ཞེས་བཤད་པ་དང་། ཕུང་པོ་རེ་རེའི་གནས་བདུན་ལ་མཁས་པར་ཆོས་མཐུན་པའི་ཕྱིར་གནས་བདུན་ལ་མཁས་པར་བཤད་པ་དེ་བཞིན་

དུ། འདིར་ཡང་གསུམ་དང་བཅུ་གཉིས་སུ་ཆོས་སུ་མཐུན་པའི་ཕྱིར། ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་སུ་གསུངས་སོ། །བཟླས་པ་མདོ་ལས་གསུངས་པ་འདི་དག་གིས་ནི་གྲངས་བཞིན་དུ་མཐོང་བ་དང་བསྒོམ་པ་དང་། མི་སློབ་པའི་ལམ་རྣམས་བསྟན་ཏོ། །ཇི་ལྟར་བྱས་པས་ཤེ་

ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བས་ནི་མཐོང་བའི་ལམ་བསྟན་ཏོ། །དེ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པའི་ལམ་བསྟན་ཏོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་སོགས་པས་ནི་མི་སློབ་པའི་ལམ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་

འབྱུང་སྟེ། གལ་ཏེ་དེ་ལྟར་འདས་པ་འདི་དག་གིས་གྲངས་བཞིན་དུ་ཡང་མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་རྣམས་བསྟན་ཏོ། །འོ་ན་ནི་མཐོང་བའི་ལམ་ཁོ་ན་ལ་ཞེས་བྱ་བ་འབྱུང་ངོ་། །འོ་ན་ནི་མཐོང་བའི་ལམ་ཁོ་ན་ལ་ལན་གསུམ་དུ་བཟླས་པ་ཡང་མ་ཡིན་ལ། རྣམ་པ་བཅུ་གཉིས་ཀྱང་

Vol. 145 · folio 197b

མ་ཡིན་གྱི་འོ་ན་ཅི་ཞེ་ན། མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་མཐའ་དག་ལ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཟླས་པ་དང་པོས་མཐོང་བའི་ལམ་བཤད་པའི་ཕྱིར་ལན་ཅིག་བཟླས་པ་དང་རྣམ་བཞི་ཡིན་གྱི། ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ནི་མ་ཡིན་པས་འདི་

ཇི་ལྟར་ན་ཆོས་ཀྱི་འཁོར་ལོར་རྣམ་པར་གཞག །དེ་ལྟ་བས་ན་མདོ་ལས་ཇི་སྐད་དུ་བསྟན་པའི་མཚན་ཉིད་ཅན་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡང་ཡིན། ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཀྱང་ཡིན་པར་རུང་གིས་མཐོང་བའི་ལམ་ནི་མ་ཡིན་ནོ། །ཆོས་ནི་རྣམ་པ་གསུམ་

སྟེ། བསྟན་པའི་ཆོས་དང་། བསྒྲུབ་པའི་ཆོས་དང་། འབྲས་བུའི་ཆོས་དང་། གཞུང་ལ་ཡང་དོན་ཉེ་བར་འདོགས་པ་ཡིན་ཏེ། དཔེར་ན་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ལྟ་བུའོ། །བདེན་པ་རྣམས་ལན་གསུམ་དུ་བཟླས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ཞེས་

བྱ་བ་ནས་ལམ་ཞེས་བྱ་བའི་བར་ནི་བཟླས་པ་གཅིག་ཡིན་ནོ། །ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ནས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་ནི་གཉིས་པ་ཡིན་ནོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་བསྒོམས་སོ་ཞེས་བྱ་བའི་བར་ནི་གསུམ་པ་ཡིན་ནོ། །རྣམ་པ་གསུམ་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ་

སྡུག་བསྔལ་ཞེས་བྱ་བ་ནས་ལམ་ཞེས་བྱ་བའི་བར་ནི་རྣམ་པ་གཅིག་ཡིན་ཏེ། རྣམ་པ་ནི་འཛིན་པའི་རྣམ་པའོ། །ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །ཡོངས་སུ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ། །དེ་ལྟར་བདེན་པ་རེ་རེ་ལ་རྣམ་པ་གསུམ་དུ་གཏད་པའི་

ཕྱིར་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ཇི་ལྟར་ཆོས་ཀྱི་རྣམ་གྲངས་བསྐོར་བར་གྲུབ་ཅེ་ན། དེའི་ཕྱིར་དེ་བསྐོར་བ་ནི་གཞན་གྱི་རྒྱུད་ལ་གོ་བར་བྱེད་པ་སྟེ། དོན་ཤེས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་

འཕགས་པའི་ལམ་ཐམས་ཅད་དེ། ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་ཞེས་བྱ་བ་ནི། མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་གྱི་བདག་ཉིད་ཅན་ནོ། །དེའི་ཕྱིར་དེ་ལྟར་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་གྲུབ་པར་འགྱུར་ཏེ།

Vol. 145 · folio 198a

ལན་གསུམ་དུ་བཟླས་པས་ལན་གསུམ་བསྡུས་པའི་ཕྱིར་དང་། བཟླས་པ་རེ་རེ་ལ་མིག་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་ལམ་ཆོས་ཀྱི་འཁོར་ལོ་ཡིན་ཞེ་ན། དེའི་ཕྱིར་གདུལ་བའི་རྒྱུད་ལ་འཇུག་པའི་ཕྱིར་ཞེས་སྨོས་སོ། །ཇི་ལྟར་དེ་བསྐོར་བ་ཡིན་ཞེ་ན། དེ་ནི་གཞན་

གྱི་རྒྱུད་ལ་ཞེས་བྱ་བ་སྨོས་ཏེ། གཞན་གྱི་རྒྱུད་ལ་ནི་འཕགས་པ་ཀཽཎྜི་ནྱའི་རྒྱུད་ལའོ། །མཐོང་བའི་ལམ་བསྐྱེད་པའི་ཕྱིར་བསྐོར་བར་རྩོམ་པས་བསྐོར་བ་ཞེས་བྱ་སྟེ། དང་པོར་བསྐོར་བ་ཞེས་བྱ་བའི་ཐ་ཚིག་གོ། །རྩོམ་པའི་སྒྲའི་དབང་གིས་ན་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བ་

གྲུབ་པོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུའི་སྐབས་ཡིན་པས་ཡང་ཁམས་གང་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་འདི་ཡང་དཔྱད་པར་བྱའོ། །འདོད་པར་གསུམ་ཐོབ་ཅེས་བྱ་བ་ནི། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་རྣམས་སོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་

གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་སྟེ། འདོད་པའི་ཁམས་ན་གནས་པ་ཁོ་ནས་འབྲས་བུ་གསུམ་འཐོབ་པའི་ཕྱིར་རོ། །འབྲས་བུ་གཉིས་ནི་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདོད་པའི་ཁམས་ལས་འདོད་ཆགས་དང་མ་

བྲལ་བས་ཐོབ་པས་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པས་དེ་གཉིས་ཐོབ་པར་མི་རུང་སྟེ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྱིར་མི་འོང་བའི་འབྲས་བུ་ནི་དགྲ་བཅོམ་པ་ཉིད་བཞིན་དུ་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བས་ཀྱང་ཐོབ་

སྟེ། འདོད་པ་འམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །ཞེས་འབྱུང་བའི་ཕྱིར་རོ། །དེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཅིའི་ཕྱིར་མི་འདོད་ཅེ་ན། དེའི་ཕྱིར་གོང་ན་མཐོང་ལམ་མེད་ཅེས་བྱ་བ་སྨོས་ཏེ། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་

བས་ནི་མཐོང་བའི་ལམ་གྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ཡིན་ལ། མཐོང་བའི་ལམ་ཁམས་གོང་མ་ལ་བརྟེན་པ་ཡོད་པ་མ་ཡིན་པས་དེར་སྐྱེས་པ་དག་གིས་ཕྱིར་མི་འོང་བའི་འབྲས་བུ་མི་ཐོབ་པོ། །རེ་ཞིག་གཟུགས་མེད་པའི་ཁམས་ན་ནི་ཞེས་བྱ་བ་ལ། གཟུགས་མེད་པ་དག་ན་ནི་

Vol. 145 · folio 198b

གཟུགས་མེད་པས་བདག་མེད་པ་སྟོན་པའི་སྒྲ་མེད་ལ། གཞན་གྱི་སྒྲ་མེད་པར་ཡང་དག་པའི་ལྟ་བ་སྐྱེ་བ་ནི་ཡོད་པ་ཡང་མ་ཡིན་ནོ། །ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་དག་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་ལ། འདོད་

པ་ན་སྤྱོད་པའི་སྡུག་བསྔལ་ནི་དང་པོར་བལྟ་བར་བྱ་བ་ཡིན་པའི་ཕྱིར། མཐོང་བའི་ལམ་དེ་ལ་བརྟེན་པར་མི་རིགས་སོ། །སྙོམས་པར་འཇུག་པའི་བདེན་པ་ལ་ཆགས་པའི་ཕྱིར་དང་ཞེས་བྱ་བ་ལ་འདོད་པའི་ཁམས་ན་ནི། སྡུག་བསྔལ་གྱི་ཚོར་བ་མང་བའི་ཕྱིར་དང་། འབད་པས་བདེ་བ་རྣམས་

ཀྱང་ཚེ་ཐུང་བའི་ཕྱིར་དང་། ནད་མེད་པ་དང་། ལོངས་སྤྱོད་དང་། གཉེན་བཤེས་དང་བྲལ་བ་ལ་སོགས་པ་སྲིད་པའི་ཕྱིར། སྐྱེ་བ་མང་བ་ཡིན་ལ། གཟུགས་མེད་པའི་ཁམས་ན་ནི་དེ་ལས་བཟློག་པའི་སྒོ་ནས་སྐྱེ་བ་གཞན་པ་ཡིན་ནོ། །དེ་ནས་གནས་པའི་སོ་སོའི་སྐྱེ་བོ་དག་ནི་སྙོམས་པར་

འཇུག་པའི་བདེ་བ་ལ་ཆགས་པའི་ཕྱིར་དང་། ཚེ་ཤིན་ཏུ་རིང་བའི་ཕྱིར་དེ་ལྟར་སྐྱོ་བར་མི་འགྱུར་རོ། །གཟུགས་ཀྱི་ཁམས་ན་ནི་འཕགས་པའི་ལམ་འདྲེན་པར་བྱེད་པའི་སྐྱོ་བ་མེད་པས་མཐོང་བའི་ལམ་ཡོད་པ་མ་ཡིན་ནོ། །མདོ་ལས་ཀྱང་སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་གསུངས་

སོ། །འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བ་ལ། འཕགས་པ་མ་ཡིན་པ་ནི་འགས་ཀྱང་དེར་རྩོམ་པར་མ་གསུངས་སོ། །རྩོམ་པ་ནི་རྩོམ་པ་སྟེ། མྱ་ངན་ལས་འདས་པར་འགྲོ་བའི་ཐབས་རྩོམ་ཞེས་བྱ་བའི་ཐ་ཚིག་གོ། །དགྲ་བཅོམ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་

འདོད་པས་འདི་སྐད་དུ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ཅི་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེས་བྱ་བ་སྨོས་སོ། །དགྲ་བཅོམ་དྲུག་འདོད་ཅེས་བྱ་བ་ལ། མདོ་ལས་མི་སློབ་པ་དགུ་བཤད་པ་གང་ཡིན་པ་དེ་དག་ལས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་

པར་གྲོལ་བ་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དག་ཀྱང་མི་གཡོ་བའི་ཆོས་ཅན་གྱི་ནང་དུ་འདུ་བས་ཆོས་མངོན་པའི་ལུགས་ལས་དྲུག་ཉིད་དུ་ཐ་སྙད་གདགས་སོ། །འདི་ལ་ཡོངས་སུ་ཉམས་པའི་ཆོས་ཀྱི་རང་བཞིན་ཡོད་པས་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དེ་བཞིན་དུ་འདི་ལ་

Vol. 145 · folio 199a

བདག་ཉིད་འཆི་བར་སེམས་པའི་ཆོས་ཡོད་པས་ན་འཆི་བར་སེམས་པའི་ཆོས་ཅན་ནོ། །འདི་ལ་རྣམ་པར་གྲོལ་བ་གང་ལ་གནས་པ་དེ་བསྲུང་བའི་ཆོས་ཡོད་པས་ན། རྗེས་སུ་བསྲུང་བའི་ཆོས་ཅན་ནོ། །དེ་གཞན་དུ་གནས་པ་ལ་མི་བསྐྱོད་པ་ནི་གོང་ལ་གནས་པ་ཡོངས་སུ་ཉམས་

པའི་རྐྱེན་སྟོབས་དང་ལྡན་པ་མེད་པར་བསྐྱོད་པར་མི་ནུས་པ་སྟེ། ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །མི་གཡོ་བའི་རྣམ་པར་གྲོལ་བ་རྟོགས་ཤིང་ཁོང་དུ་ཆུད་དེ་སྐལ་བ་དང་ལྡན་ཞིང་ནུས་པ་ནི་རྟོགས་པའི་སྐལ་བ་ཅན་ནོ། །དབང་པོ་རྣོ་བའི་ཕྱིར་ན་མི་གཡོ་བ་སྟེ། འདི་གཡོ་བར་མི་ནུས་པའི་

ཕྱིར་མི་གཡོ་བའི་ཆོས་ཅན་ནོ། །དགྲ་བཅོམ་དྲུག་པོ་དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །ཞེས་བྱ་བ་ལས། དྲུག་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བར་དོན་གྱི་བཤད་པ་ཡིན་ནོ། །དུས་དང་སྦྱོར་བ་དང་ཞེས་བྱ་བ་འབྱུང་ངོ་། །སེམས་རྣམ་པར་

གྲོལ་བ་ནི་དུས་དང་སྦྱོར་བ་སྤངས་པ་ཞེས་བྱ་བ་ལ། དུས་དང་སྦྱོར་བ་ནི་དུས་ཀྱི་སྦྱོར་བ་སྟེ། དེ་སྐྱེ་བ་ཡུལ་དང་། གང་ཟག་དང་། ཡོ་བྱད་ཀྱི་དུས་ལ་ལྟོས་པའི་ཕྱིར་རོ། །ཕངས་པ་ནི་མིག་གཅིག་པའི་མིག་བཞིན་དུ་ལྷུར་བླངས་ནས་རྟག་ཏུ་རྗེས་སུ་བསྲུང་བའི་ཕྱིར་ཏེ། ཕངས་པ་ནི་རྟག་ཏུ་རྗེས་

སུ་བསྲུང་བ་ཡིན་ནོ། །དུས་ལ་ལྟོས་པ་ཡང་ཡིན་ལ་ཞེས་བྱ་བ་ལ། དུས་ཞེས་བྱ་བ་ནི་ཡོ་བྱད་ལ་སོགས་པ་ལ་བྱའོ། །ཡང་ཇི་ལྟར་དེ་དག་རྣམ་པར་གྲོལ་དུས་དང་སྦྱོར་བ་ཡིན་ཞེ་ན། དེའི་ཕྱིར་འདི་དག་གིས་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པ་ནི་ཞེས་བྱ་བ་སྨོས་ཏེ། དེའི་རྟེན་མཐུ་ཆུང་བའི་

ཕྱིར་རོ། །གཡོ་བར་མི་ནུས་པའི་ཕྱིར་ཞེས་བྱ་བ་ནི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་ཏེ། དེ་ཉིད་ཀྱི་ཕྱིར་ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །འདོད་དགུར་ཞེས་བྱ་བ་ནི་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པའི་ཕྱིར་ཏེ། དེ་ལ་ནི་གང་རུང་རུང་གི་ཚེ་གང་རུང་རུང་

དུ་གང་རུང་རུང་གིས་ཏིང་ངེ་འཛིན་མངོན་སུམ་གྱུར་པ་ཡིན་ནོ། །དུས་གཞན་གྱི་བར་དང་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་ན་དུས་ཀྱིས་རྣམ་པར་གྲོལ་བའོ། །གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་ཡིན་ནོ། །

Vol. 145 · folio 199b

ཡོངས་སུ་ཉམས་པ་སྲིད་པ་དང་མི་སྲིད་པའི་སྒོ་ནས་ཞེས་བྱ་བ་ལ། ཡོངས་སུ་ཉམས་པ་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། །ཡོངས་སུ་ཉམས་པ་མི་སྲིད་པའི་སྒོ་ནས་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་

གྲོལ་བ་ཞེས་བྱའོ། །ཁ་ཅིག་དང་པོ་ནས་དེའི་རིགས་ཞེས་བྱ་བ་འབྱུང་ངོ་། །རིགས་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དགེ་བའི་རྩ་བ་ཡིན་ཏེ། དེའི་བྱེ་བྲག་གིས་འདི་བྱེ་བྲག་ཏུ་འགྱུར་རོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ན་རེ་ནི་སེམས་ཀྱི་ས་བོན་གྱི་དངོས་པོའི་ནུས་པ་ཡིན་ཏེ། ཡོངས་

སུ་ཉམས་པའི་ཆོས་ཅན་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་ས་བོན་ཡོད་པས་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཅན་ཞེས་བྱ་བ་ལ་མི་སློབ་པའི་གནས་སྐབས་སུ་ས་བོན་དེའི་འཇུག་པ་རྙེད་པས་ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་བྱའོ། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་

པ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་དང་པོ་ཉིད་ནས་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཅན་ཡིན་ལ་ཞེས་བྱ་བ་ལ་ཡང་། ཅིའི་ཕྱིར་ཡོངས་སུ་ཉམས་པའི་ཆོས་ཅན་ལ་མི་དཔྱད་ཅེ་ན། གང་གི་ཕྱིར་འོག་ན་རིགས་གཞན་མེད་པ་དེའི་ཕྱིར་དེ་ནི་སྦྱངས་པ་

ལས་གྱུར་པ་མེད་དོ། །མི་གཡོ་བའི་ཆོས་ཅན་དུ་འགྱུར་བའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བ་ལ། འཆི་བར་སེམས་པའི་ཆོས་ཅན་དང་པོ་ཉིད་ནས་དེའི་རིགས་ཅན་དང་དབང་པོ་སྦྱངས་པ་ལས་གྱུར་པ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ཐོབ་ནས་རིམ་གྱིས་མི་གཡོ་བའི་ཆོས་ཅན་

གྱི་བར་འཐོབ་སྟེ། རྗེས་སུ་བསྲུང་བའི་ཆོས་ཅན་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་གྱི་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་ན་ནི། འཆི་བར་སེམས་པའི་ཆོས་ཅན་ལ་

སོགས་པ་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་པས་ཡོངས་སུ་ཉམས་པའི་ཆོས་ཅན་དེ་དག་ཁོ་ན་ཁོངས་སུ་འདུས་པར་འགྱུར་གྱི་དེ་དག་ལས་གཞན་ལྔ་པ་མ་ཡིན་པའི་ཕྱིར། འདི་ནི་ལྔ་པ་གཞན་ཞིག་ཡིན་ནོ་ཞེས་དེ་དག་ལས་ཁྱད་པར་དུ་བྱ་

Vol. 145 · folio 200a

བའི་ཕྱིར། འཆི་བར་སེམས་པ་ལ་སོགས་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་པོ་རྣམས་ལ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཉིད་ཡང་རེ་རེ་ལ་མཚན་ཉིད་ཁྱད་པར་དུ་འཕགས་པ་བསྟན་པས་འཆི་བར་སེམས་པའི་

ཆོས་ཅན་ནི་འཆི་བར་སེམས་པའི་སྐལ་བ་དང་ལྡན་གྱི་རྗེས་སུ་བསྲུང་བའི་ཆོས་ཅན་ནས་རྟོགས་པའི་སྐལ་བ་ཅན་གྱི་བར་མ་ཡིན་པ་གང་ཡིན་པའོ་ཞེས་བྱ་བ་འདི་མི་དགོས་སོ། །མ་བསྲུངས་ཀྱང་འབྲས་བུ་དེ་ལ་གནས་པའི་སྐལ་བ་ཅན་ཡིན་ཏེ། རྗེས་སུ་བསྲུང་བའི་ཆོས་ཅན་ནི་མ་བསྲུངས་ན་ཉམས་

པའི་སྐལ་བ་ཅན་ཡིན་གྱི་གནས་པར་མི་འགྱུར་བས་དེ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཉམས་པར་མི་འགྱུར་བ་དང་ཞེས་བྱ་བ་སྨོས་སོ། །འཕེལ་བར་ཡང་མི་འགྱུར་བའི་ཞེས་བྱ་བ་ནི་རྟོགས་པའི་སྐལ་བ་ཅན་ཐོབ་པར་མི་འགྱུར་བའོ། །མངོན་པར་བརྩོན་པ་མེད་ན་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་

པ་མེད་ན་སྟེ། གལ་ཏེ་མངོན་པར་བརྩོན་པར་བྱེད་ན་ནི་ཐོབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན་ཞེས་བྱ་བ་ལ། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་རྣམས་ནི་ཡོངས་སུ་ཉམས་པའི་རྐྱེན་ཆུང་ངུས་ཀྱང་ཡོངས་སུ་ཉམས་པར་

འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་རྣམས་ནི་མདོ་ལས་ཇི་སྐད་དུ་འབྱུང་བ་སྟེ། ཇི་ལྟར་ཞེ་ན། རྐྱེན་ལྔ་དང་རྒྱུ་ལྔས་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན། ལས་ཀྱི་མཐའ་ལ་ཞུགས་པ་ཡིན། སྨྲ་

བ་ལ་ཞུགས་པ་ཡིན། རྩོད་པ་ལ་ཞུགས་པ་ཡིན། རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་ཡིན། ནད་ཀྱི་རྣམ་པ་ཡུན་རིང་པོས་ཐེབས་པ་ཡིན་ཞེས་པ་ཡིན་ནོ། །དང་པོ་གཉིས་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་ནོ། །སྔོན་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དང་

སློབ་པའི་གནས་སྐབས་ནའོ། །རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པ་ཡིན་ནོ། །གཉི་ག་ལ་ཡང་གཉི་ག་མེད་མོད་ཀྱི། འཆི་བར་སེམས་པའི་ཆོས་ཅན་ནི་ལུས་ལ་སྨོད་པ་ཀུན་དུ་སྤྱོད་པ་ཆེས་མང་བ་གང་གིས་ན། བདག་ཉིད་བརླག་པར་སེམས་བསྐྱེད་པའམ་ཡོངས་སུ་ཉམས་པར་དོགས་

Vol. 145 · folio 200b

པའམ། ལུས་མི་གཙང་བའི་རྫས་དུ་མ་ཚོགས་པའི་བདག་ཉིད་ཅན་གནས་པ་ལ་དགོས་པ་མེད་པར་རྟོགས་ནས་བདག་ཉིད་འཆི་བར་སེམས་པའམ། སྲོག་ལ་ལྟོས་པ་མེད་པ་ལ་བརྟེན་ནས་རྣམ་པར་གྲོལ་བ་ཐོབ་པར་བྱེད་པ་སྟེ། ཇི་སྐད་དུ་མགྲིན་ལ་མཚོན་ཆའི་ཁ་བསྟན་ཏེ། དེ་ནས་སེམས་རྣམ་པར་གྲོལ་

ལོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་ཞེས་བྱ་བ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ཏེ། རྒྱུན་དུ་སྦྱོར་བ་ཡིན་གྱི། གུས་པར་སྦྱོར་བ་ནི་མ་ཡིན་ཏེ། དེ་ནི་སེམས་ཀྱི་རྣམ་པར་གྲོལ་བ་ཤིན་ཏུ་རྗེས་སུ་བསྲུང་བར་བྱ་བར་སེམས་སོ། །བཞི་པ་ནི་ཞེས་བྱ་བ་ནི་གནས་པ་ལས་མི་བསྐྱོད་པའོ། །དེ་ནི་གུས་པར་

སྦྱོར་བ་ཡིན་གྱི། རྒྱུན་དུ་སྦྱོར་བ་པ་ནི་མ་ཡིན་ཏེ། དེ་ནི་རྗེས་སུ་མ་བསྲུངས་ཀྱང་གནས་པའི་སྐལ་བ་ཅན་ཡིན་གྱི། ཡོངས་སུ་ཉམས་པའི་རྐྱེན་སྟོབས་ཆུང་བ་གང་རུང་རུང་གིས་ཉམས་པར་མི་འགྱུར་ལ། མངོན་པར་བརྩོན་པ་མེད་ན་འཕེལ་བར་ཡང་མི་འགྱུར་ཞིང་བཏང་སྙོམས་ཀུན་དུ་སྤྱོད་པ་མང་

བ་ཡིན་ནོ། །རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་གཉིས་ཀྱི་ཁྱད་པར་ནི་དབང་པོས་བྱས་པ་ཡིན་གྱི། སྦྱོར་བས་བྱས་པ་ནི་མ་ཡིན་ཏེ། གཉི་ག་ཡང་རྒྱུན་དུ་སྦྱོར་བ་དང་། གུས་པར་སྦྱོར་བ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཞེས་བྱ་བ་ལ་གལ་ཏེ་ཡོངས་སུ་ཉམས་པའི་

ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་རྟོགས་པར་འགྱུར་བ་མ་ཡིན་ན་ནི་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་པར་རུང་ངོ་། །གང་དག་གི་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ཞེས་བྱ་བར་རྒྱས་

པར་འབྱུང་སྟེ། དེ་ལྟ་མ་ཡིན་ན། འདི་དག་གི་ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་བྱ་བའི་མིང་ཕྱིན་ཅི་ལོག་ཡིན་པར་འགྱུར་ཏེ། ཆོས་ཀྱི་སྒྲ་ནི་རང་བཞིན་རྗོད་པར་བྱེད་པའོ་སྙམ་དུ་བསམས་པའོ། །དེ་དག་གི་ལྟར་ན་འདོད་པའི་ཁམས་ན་དྲུག་སྟེ། འདི་ཁོ་ན་ན་ཡོངས་སུ་ཉམས་པ་དང་། འཆི་

བར་སེམས་པ་དང་། དབང་པོ་འཕོ་བ་སྲིད་པའི་ཕྱིར་རོ། །དེ་གཉིས་ན་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ནའོ། །ཡོངས་སུ་ཉམས་པ་དང་། འཆི་བར་སེམས་པ་དང་། དབང་པོ་འཕོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ན་ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་

Vol. 145 · folio 201a

རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་ཡོངས་སུ་ཉམས་པ་མེད་ལ། ཡོངས་སུ་ཉམས་པ་མེད་པས་ན། ཡོངས་སུ་ཉམས་པའི་ཆོས་ཅན་ཡང་མེད་དོ། །ཡོངས་སུ་ཉམས་པ་མེད་པ་ཉིད་ཀྱི་ཕྱིར། རྗེས་སུ་བསྲུང་བར་བྱ་བ་མེད་པས་རྗེས་སུ་

བསྲུང་བའི་ཆོས་ཅན་ཡང་མེད་དོ། །འཆི་བར་སེམས་པའི་ཆོས་ཅན་ཡང་མེད་དེ། ཡོངས་སུ་ཉམས་པའི་རྒྱུ་མཚན་སྐྱེ་བ་མེད་པའི་ཕྱིར་དང་། འཆི་བར་སེམས་པ་དང་མཐུན་པའི་སྐྱོ་བ་མེད་པའི་ཕྱིར་དང་། བདག་དང་གཞན་ལ་གདོན་པ་མེད་པའི་ཕྱིར་རོ། །དབང་པོ་འཕོ་བ་མེད་པས་རྟོགས་པའི་སྐལ་

བ་ཅན་ཡང་མེད་དོ། །གནས་པ་ལས་མི་བསྐྱོད་པ་དང་། མི་གཡོ་བའི་ཆོས་ཅན་དག་ནི་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང་། དབང་པོ་འཕོ་བ་ལ་མི་ལྟོས་པས་དེ་ན་དེ་གཉིས་ཁོ་ན་ཡོད་པར་ཐལ་བར་འགྱུར་རོ། །གལ་ཏེ་ལྔ་འབྲས་བུ་ལས་ཉམས་པ་ཡིན་ན་ནི་ཇི་ལྟར་གཟུགས་དང་

གཟུགས་མེད་པའི་ཁམས་དག་ན་གནས་པ་ལས་མི་བསྐྱོད་པ་ཡོད་པར་འགྲུབ་ཅེ་ན། གང་གི་ཕྱིར་གདོན་མི་ཟ་བར་ཡོངས་སུ་ཉམས་པ་མེད་ལ། དེ་ན་ཡོངས་སུ་ཉམས་པའི་རྐྱེན་སྟོབས་དང་ལྡན་པ་མེད་པས་སོ། །རང་གི་རིགས་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་

པའི་ཆོས་ཅན་གྱི་རིགས་ནི་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ལྟར་སྦྱངས་པ་ལས་གྱུར་པ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཡོངས་སུ་ཉམས་པ་མེད་དོ། །ལྷག་མ་ལས་ནི་ཡོངས་སུ་ཉམས་ཏེ། སྦྱངས་པ་ལས་གྱུར་པ་གང་ཡིན་པ་ལས་སོ། །རིགས་དང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་

ཞེས་བྱ་བ་འདི་ལ། རྒྱུ་སྨྲས་པ་ནི་སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་ཞེས་བྱ་བ་སྟེ། ཆོས་བརྟན་པར་བཀོད་པའི་ཕྱིར་དང་བརྟན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་པ་ནི་ཞེས་བྱ་བ་ལ། རིགས་དང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ལ་

རྒྱུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་དག་གིས་ཞེས་བྱ་བ་སྨོས་ཏེ། བརྟན་པོར་བྱས་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །གང་གིས་འབྲས་བུ་དང་པོ་གང་ཡིན་པ། །ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་

Vol. 145 · folio 201b

བུའམ། ལྷག་མ་ལས་ནི་ཡོངས་སུ་ཉམས་པར་འགྱུར། །ཞེས་བྱ་བ་ལ། གང་ཞིག་གང་གིས་དང་པོ་མ་ཡིན་པ་དེ་ལས་ནི་ཉམས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ནི་ཐམས་ཅད་ཀྱི་ཚེ་དང་པོ་ཁོ་ན་ཡིན་གྱི།

གཉིས་པའམ་གསུམ་པ་མ་ཡིན་པས་སོ། །གོ་རིམས་བཞིན་དུ་རྣམ་པ་ལྔ་དང་དྲུག་དང་བདུན་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་རྗེས་སུ་བསྲུང་བའི་ཆོས་ཅན་ནི་རྣམ་པ་ལྔ་ཡིན་ཏེ། སོ་ན་གནས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། དབང་པོ་འཕོ་བ་དང་། ཡོངས་སུ་ཉམས་ནས་སློབ་

པ་ཉིད་དུ་འགྱུར་བ་དང་། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བ་དང་། འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །གནས་པ་ལས་མི་བསྐྱོད་པ་ནི་རྣམ་པ་དྲུག་ཡིན་ཏེ། ལྔ་པོ་དེ་དག་ཉིད་དང་རྗེས་སུ་བསྲུང་བའི་ཆོས་ཅན་གྱི་རིགས་སུ་སླར་འོངས་པའོ། །

རྟོགས་པའི་སྐལ་བ་ཅན་ནི་རྣམ་པ་བདུན་ཡིན་ཏེ། དྲུག་པོ་དེ་དག་ཉིད་དང་གནས་པ་ལས་མི་བསྐྱོད་པའི་རིགས་སུ་སླར་འོངས་པའོ། །གང་གི་རིགས་དང་པོ་གང་ཡིན་པ་ཞེས་བྱ་བ་ནི་སློབ་པའི་གནས་སྐབས་ནས་བརྩམས་པ་དག་གོ། །དེ་སློབ་པར་གྱུར་ན་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་

པ་སྟེ། དེ་ཁོ་ན་ལ་གནས་ཀྱི་སྦྱངས་པ་ལས་གྱུར་པ་གཞན་ལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་ཉམས་པའི་ཆོས་ཅན་དབང་པོ་སྦྱངས་པས་རྟོགས་པའི་སྐལ་བ་ཅན་ཐོབ་པ་དེ་སློབ་པར་གྱུར་ཅིང་རིགས་དེ་ལས་ཀྱང་ཡོངས་སུ་ཉམས་ན་ལུགས་ལས་བཟློག་པ་གནས་པ་ལས་མི་བསྐྱོད་པའི་རིགས་ནས་

འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཀྱི་བར་ལ་མི་གནས་སོ། །འོ་ན་ཅི་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཁོ་ན་ལ་གནས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་རིགས་གཞན་ལ་གནས་པར་འགྱུར་ནའོ། །རིགས་ཁྱད་པར་ཅན་རྙེད་པའི་ཕྱིར་ཞེས་བྱ་བ་ནི་རིགས་དེ་ནི་ཡོངས་

སུ་ཉམས་པའི་རིགས་ལས་ཁྱད་ཞུགས་པ་ཡིན་པས་སོ། །དེའི་ཕྱིར་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་དབང་པོ་སྦྱངས་པས་ཐོབ་པ་ལས་ཀྱང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་རོ། །ཅིའི་ཕྱིར་འབྲས་བུ་དང་པོ་ལས་ཡོངས་སུ་ཉམས་པ་མེད་ཅེས་བྱ་བ་ནི་མཐར་གྱིས་པ་དང་། འདོད་ཆགས་

Vol. 145 · folio 202a

དང་མ་བྲལ་བ་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བ་རྣམས་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དག་ལས་ཡོངས་སུ་ཉམས་པ་མེད་ཅེས་བྱ་བའོ། །མཐོང་བས་སྤང་བར་བྱ་བ་རྣམས་གཞི་མེད་པའི་ཕྱིར་ཏེ་

ཞེས་བྱ་བ་ནི་རྟེན་མེད་པའི་ཕྱིར་ཏེ། དངོས་པོ་ཇི་ལྟར་ཀུན་བརྟགས་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་བདག་གི་གཞི་ལས་འཇུག་པ་ཡིན་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་རྣམས་ནི་བདག་ལ་བརྟེན་ནས་ཞུགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་ཚོགས་ལ་ལྟ་བའི་རྩ་

བ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མཐོང་བས་སྤང་བར་བྱ་བ་རྣམས་ནི་བདག་ཏུ་ལྟ་བའི་དབང་གིས་ཀུན་དུ་འབྱུང་སྟེ། འཇིག་རྟེན་ན་ལྟ་བ་ཐ་དད་པར་གྱུར་པ་གང་ཡིན་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་གཞི་ཅན་ཡིན་ཏེ་ཞེས་གསུངས་སོ། །བདག་དེ་ཡང་མེད་དོ་ཞེས་བྱ་བ་ནི་

གཞི་མེད་པའི་ཕྱིར་ཡོངས་སུ་ཉམས་པ་མེད་དོ། །འོ་ན་མེད་པ་ལ་དམིགས་པར་འགྱུར་རོ་ཞེས་བྱ་བ་ནི་བདག་གི་རྫས་མེད་པའི་ཕྱིར་རོ། །བདེན་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་ལ་རྟག་པ་ལ་སོགས་པར་འཛིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་དམིགས་པ་

ཡིན་ནོ་ཞེས་བྱ་བ་ནི་ལུས་སྡུག་བསྔལ་བ་ལ་བདག་ཏུ་དམིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པའི་ཉོན་མོངས་པ་གང་ཞིག་ཡིན་ཏེ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་ཡང་མི་གཙང་བ་ལ་སོགས་པའི་དངོས་པོ་ལ། གཙང་བ་དང་། བདེ་བ་དང་། རྟག་པའི་རྣམ་

པར་དམིགས་པའི་ཕྱིར་ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་ནོ། །བྱེད་པ་པོ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་བྱེད་པ་པོའོ། །ཚོར་བ་པོ་ནི་འབྲས་བུའི་ཟ་བ་པོའོ། །དེའི་གཞི་ལ་ཞུགས་པ་ཡིན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། བདག་ཏུ་མངོན་པར་འདོད་པའི་དངོས་པོ་ལྟ་ལ་རྟག་པ་དང་ཆད་པར་རྟོག་པའི་

ཕྱིར་ཏེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ནི་དགའ་བར་འགྱུར་བའི་རང་གི་ངོ་བོ་གཟུགས་ལ་སོགས་པ་ཁོ་ན་ལ་སྒྲོ་མི་འདོགས་པར་ཆགས་པའི་རྣམ་པར་འཇུག་པས་གཞི་དང་བཅས་པ་ཞེས་བྱ་སྟེ། ཞེ་སྡང་

Vol. 145 · folio 202b

ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །མཐོང་བས་སྤང་བར་བྱ་བ་རྣམས་ལ་ནི་བདག་ལ་སོགས་པའི་མཚན་ཉིད་མེད་དེ་ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བ་རྣམས་ལ་ནི་བདག་དང་བདག་གི་མཚན་ཉིད་ཀྱི་གཞི་སོ་སོར་ངེས་པར་ཅུང་ཟད་ཀྱང་མེད་དེ། ཇི་སྐད་དུ་བདག་གམ་བདག་གིས་

སྟོང་ངོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་གཞི་མེད་པ་དག་ཅེས་བྱའོ་ཞེས་བྱ་བ་ནི་གཞི་སོ་སོར་ངེས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་གྱིས་གཞན་ཡང་འཕགས་པ་ཞེས་བྱ་བ་སྨོས་སོ། །དྲན་པ་ཉམས་པ་ཞེས་བྱ་བ་ལ། དྲན་པ་ཉམས་པ་ནི་དྲན་པ་ཉོན་མོངས་པ་ཅན་ནོ། །ཐག་པ་ལ་སྦྲུལ་

གྱི་འདུ་ཤེས་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་དྲན་པ་ཉམས་པས་ཐག་པ་ལ་སྦྲུལ་དུ་འདུ་ཤེས་པ་འབྱུང་གི་ངེས་པར་རྟོག་པ་ལས་མ་ཡིན་པ་བཞིན་ནོ། །ངེས་པར་མི་རྟོག་པ་ལ་ནི་ཞེས་བྱ་བ་ནི་ལྟ་བ་རྣམས་ངེས་པར་རྟོག་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་

པ་མེད་དོ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་སྤངས་པ་ལས་ཡོངས་སུ་ཉམས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྙམ་དུ་བསམས་པའོ། །འདི་ཉིད་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གཞུང་འཛུགས་པར་མཛད་པའོ། །འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དགེ་སློང་དག་འཕགས་པའི་ཤེས་རབ་

ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །འཕགས་པ་མ་ཡིན་པའི་ནི་སྤངས་ཀྱང་སྤངས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། སླར་སྐྱེས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དགྲ་བཅོམ་པ་ཉིད་ནི་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་པ་ལ་སྲིད་

པའི་རྩེ་མོའི་གཉེན་པོ་མེད་པའི་ཕྱིར་རོ། །སློབ་པ་ལ་བག་ཡོད་པར་བྱའོ་ཞེས་ང་སྨྲའོ་ཞེས་བྱ་བའི་མདོའི་ཚིག་འདི་ནི་དགྲ་བཅོམ་པ་ཉིད་ལ་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བའི་ཁུངས་གཉིས་པ་ཡིན་ནོ། །སློབ་པ་ནི་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་ཐོབ་པ་སྲིད་པའི་ཕྱིར་འབྲས་བུ་གཉིས་ལས་ཡོངས་སུ་ཉམས་

པ་སྲིད་ཅིང་དེའི་ཉོན་མོངས་པ་ཡང་ལྷག་མ་དང་བཅས་པས་བག་ཡོད་པ་གསུངས་ཀྱི་མི་སློབ་པ་ནི་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་དང་། འཇིག་རྟེན་པའི་ལམ་གྱིས་འབྲས་བུ་མི་ཐོབ་པའི་ཕྱིར་ཡོངས་སུ་ཉམས་པ་མེད་པས་དེ་ལ་བག་ཡོད་པར་བྱ་བར་མ་གསུངས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་

Vol. 145 · folio 203a

འདི་ལ་དགོས་པ་ཡོད་དེ། སློབ་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་ཡང་སླར་ཡོངས་སུ་ཉམས་པ་ན་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ལ་བག་ཡོད་པར་བྱ་བ་བཀའ་སྩལ་པར་གྱུར་ཏོ། །མི་སློབ་པ་ལ་ནི་ཡོངས་སུ་

ཉམས་ཀྱང་ཡང་སྲིད་པ་མངོན་པར་འགྲུབ་པའི་གོ་སྐབས་མེད་པས་བག་ཡོད་པར་བྱ་བ་མ་གསུངས་སོ་ཞེས་ཟེར་རོ། །འདི་ནི་འཆད་པར་འགྱུར་བའི་རིགས་པ་དང་འགལ་བའི་ཕྱིར་དང་། ཐེ་ཚོམ་ཟ་བའི་ཕྱིར་ཁས་མི་ལེན་ཏོ། །སློབ་པ་ལ་ནི་ཡོངས་སུ་ཉམས་པ་ཡོད་དེ། འཇིག་རྟེན་པའི་ལམ་གྱིས་

ཐོབ་པའི་ཕྱིར་དང་། ལྷག་མ་དང་བཅས་པའི་ཕྱིར་རོ། །གཞན་དག་དགྲ་བཅོམ་པ་ལ་ཡང་བག་ཡོད་པར་བྱ་བ་མདོ་གཞན་ལས་གསུངས་ཏེ། རྙེད་པ་དང་བཀུར་སྟི་བར་ཆད་བྱེད་པ་ཡིན་པར་བཤད་པའི་ཕྱིར་རོ་སྙམ་དུ་སེམས་པ་བསལ་བར་བྱ་བའི་ཕྱིར། ཀུན་དགའ་བོ་དགྲ་བཅོམ་པ་ལ་ལ་ཡང་ཞེས་བྱ་བ་

རྒྱས་པར་སྨོས་ཏེ། རྙེད་པ་དང་བཀུར་སྟི་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ན་ལ་བར་ཆད་བྱེད་ཀྱི། དགྲ་བཅོམ་པ་ཉིད་ལ་ནི་མ་ཡིན་པས་དེ་བག་ཡོད་པར་བྱ་བ་མེད་དོ། །འདིས་སེམས་རྣམ་པར་གྲོལ་བ་མི་གཡོ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་སྡེ་ལས་ནི་དགྲ་བཅོམ་པ་ཉིད་ལས་

ཡོངས་སུ་ཉམས་པ་མེད་དོ་ཞེས་རང་གི་སྒྲ་ཁོ་ནས་གསུངས་སོ་ཞེས་བསྟན་ཏོ། །གལ་ཏེ་དུས་དང་སྦྱོར་བ་པ་ལ་ཡོད་དོ་ཞེས་བྱ་བ་ལ་ཅི་ཞེ་ན། རྣམ་པར་གྲོལ་བ་ལས་ཡོངས་སུ་ཉམས་པའོ། །སེམས་རྣམ་པར་གྲོལ་བ་ནི་རྣམ་པ་གཉིས་ཏེ། དུས་དང་སྦྱོར་བ་དང་མི་གཡོ་བའོ། །དེ་ལ་མི་གཡོ་བ་ཞེས་ཁྱད་

པར་དུ་བྱས་པས་སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ལས་ཡོངས་སུ་ཉམས་སོ་ཞེས་བསྟན་པར་འགྱུར་རོ། །དུས་སུ་མངོན་སུམ་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་དུས་འགའ་ཞིག་གི་ཚེ་མངོན་སུམ་དུ་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་རོ་མྱང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་ཅི་ཞེ་ན།

ཕངས་པ་ཞེས་ཀྱང་བྱའོ་ཞེས་བྱ་བར་སྦྱར་རོ། །དགྲ་བཅོམ་པ་ཉིད་ཀྱིས་རྣམ་པར་གྲོལ་བ་ནི་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་རྣམ་པར་གྲོལ་བ་ཡིན་པའོ། །རྟག་ཏུ་རྗེས་སུ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་ཐོབ་པའི་ཚུལ་གྱིས་རྟག་ཏུ་རྗེས་སུ་འབྲེལ་པས་དུས་དང་སྦྱོར་བ་ཡིན་པར་མི་རུང་སྟེ། འདུས་མ་

Vol. 145 · folio 203b

བྱས་ཀྱི་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་ནམ་ཡང་མངོན་དུ་འགྱུར་བ་མ་ཡིན་ནོ། །ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་པའི་ཕྱིར་ཕངས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་ཏུ་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་ནོ། །གལ་ཏེ་འདི་དུས་གཞན་དུ་འབྲེལ་པའི་ཕྱིར་དུས་དང་

སྦྱོར་བ་ཡིན་ལ། ཡོངས་སུ་ཉམས་པ་དག་གིས་ཡང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་ཕངས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གལ་ཏེ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལྷག་པའི་སེམས་ལ་ཡོད་པས་ན། ལྷག་པའི་སེམས་ལས་འབྱུང་བའོ། །དབང་

ཉམས་པའི་ཕྱིར་ཞེས་བྱ་བ་ནི་མངོན་དུ་བྱ་བ་མཐུ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་ཏིང་ངེ་འཛིན་ཉམས་པའི་འཇིགས་པས་བདག་ཉིད་འཆི་བར་སེམས་པ་དེ་ནི་འཆི་བར་སེམས་པའི་ཆོས་ཅན་ནོ། །

གང་ཞིག་ཡོན་ཏན་གྱི་ཁྱད་པར་ཅུང་ཞིག་རྗེས་སུ་བསྲུང་བ་དེ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ནོ། །གང་ཞིག་ཡོན་ཏན་དེ་ཙམ་ལ་གནས་པ་དེ་ལས་མ་བསྲུངས་ཀྱང་མི་གཡོ་བ་དེ་ནི་གནས་པ་ལས་མི་བསྐྱོད་པའོ། །གང་ཞིག་ཡོན་ཏན་གྱི་ཁྱད་པར་གོང་དུ་རྟོགས་པར་བྱེད་པ་དེ་ནི་རྟོགས་པའི་སྐལ་བ་ཅན་ཏེ། །

རྟོགས་པར་བྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཡོངས་སུ་མི་ཉམས་པའི་ཆོས་ཅན་ལས་བཟློག་སྟེ་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ཅན་སྨོས་པ་དེ་ནི་དེ་དག་མདོ་ལས་འབྱུང་བའི་ཕྱིར་རོ། །ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་གནས་པ་ལས་མི་བསྐྱོད་པ་དང་། །མི་

གཡོ་བའི་ཆོས་ཅན་ལ་ཁྱད་པར་ཅི་ཡོད་ཅེས་བྱ་བ་ནི་ཐམས་ཅད་ལ་ཡོངས་སུ་ཉམས་པ་མེད་པས་འདྲི་བའོ། །ཡོངས་སུ་མི་ཉམས་པའི་ཆོས་ཅན་ནི་སྦྱངས་པ་ལས་གྱུར་པ་མ་ཡིན་ལ། མི་གཡོ་བའི་ཆོས་ཅན་ནི་སྦྱངས་པ་ལས་གྱུར་པ་ཡིན་ཏེ་ཞེས་བྱ་བ་ནི་དབང་པོ་སྦྱངས་པ་རྗེས་སུ་ཐོབ་ཅེས་བྱ་བའི་དོན་

ཏོ། །ཚེ་དང་ལྡན་པ་གནག་ཚོགས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་སྟེ། བྱེ་བྲག་ཏུ་སྨྲ་བ་ཚེ་དང་ལྡན་པ་གནག་ཚོགས་ཅན་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་སོ་ཞེས་དེ་སྐད་དུ་སྨྲ་ན། དེ་ལ་ལན་གདབ་པར་རྩོམ་པའོ། །སློབ་པར་གྱུར་པ་ཞེས་བྱ་བ་འབྱུང་ངོ་། །མཚོན་གྱིས་

Vol. 145 · folio 204a

འདེབས་པར་བྱེད་ལ་ཞེས་བྱ་བ་ནི་མགྲིན་པ་ལ་མཚོན་གྱིས་འདེབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལུས་དང་སྲོག་ལ་མི་ལྟ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུ་འདིས་ན་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་བཅུ་ཚན་དེ་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགྲ་བཅོམ་པ་ཉིད་ལན་གཉིས་

སུ་སྨོས་པར་འགྱུར་ཏེ། མི་འགྱུར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་དགྲ་བཅོམ་པ་ཉིད་རྣམ་པ་གཉིས་ཡོད་པས། དེའི་ཕྱིར་གཅིག་ནི་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་ཚིག་གི་བྱེ་བྲག་ཏུ་བཤད་པ་ཡིན་ཏེ་ཞེས་སྨྲ་ན། དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་པར་ནི་གང་དུ་ཡང་མ་གསུངས་སོ། །འོ་ན་ཅི་ཞེ་ན།

མངོན་སུམ་དུ་བྱ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཡང་སེམས་རྣམ་པར་གྲོལ་བའི་དུས་དང་སྦྱོར་བ་པ་དགྲ་བཅོམ་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སེམས་སོ། །ཁས་བླངས་ནས་ཀྱང་བརྗོད་པར་བྱ་སྟེ། དབང་པོ་རྟུལ་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་ནོ་ཞེ་ན། ཡང་འདིས་ཅི་ཞིག་

ཤེས་པར་བྱས་ཤིང་བསྟན་པ་ཡིན། རེ་ཞིག་གལ་ཏེ་བསྐྱེད་པར་བྱ་བ་ནུས་པ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པར་བྱས་པ་ཡིན་ནོ་ཞེ་ན་ནི། གཞན་ཡང་སྟེ་དབང་པོ་རྣོན་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་ཀྱང་ནུས་སོ། །འོན་ཏེ་བསྐྱེད་པར་འོས་པ་ཡིན་ནོ་ཞེས་བྱ་བ་འདི་ཤེས་པར་བྱས་པ་ཡིན་ནོ་ཞེ་ན་ནི་གཞན་ཆེས་

ཤིན་ཏུ་འོས་པ་ཡིན་ཏེ། དབང་པོ་རྣོན་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་གང་ཡིན་པའོ། །འོ་ན་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་ཇི་སྐད་དུ་བྱ་ཞེས་བྱ་བ་ནི་གལ་ཏེ་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དགྲ་བཅོམ་པ་ཉིད་ཡིན་ན་ནི། དེ་ལྟ་ན་དེ་དང་ལྡན་པས་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་

བཅོམ་པ་ཞེས་བྱ་བ་རུང་ངོ་ཞེས་བྱ་བར་བསམས་པའོ། །ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པ་དུས་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་དེའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ནི་ནད་མེད་པ་དང་། ཡུལ་ལ་སོགས་པའི་མཚན་ཉིད་ཀྱི་དུས་ལ་ལྟོས་སོ། །རེ་ཞིག་མདོ་ལས་དགྲ་བཅོམ་

པ་ལས་ཡོངས་སུ་ཉམས་པ་མེད་པ་ནི་དེ་ལྟ་བུའོ། །ཆོས་མངོན་པ་ལས་ཀྱང་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཆོས་མངོན་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གནས་གསུམ་གྱིས་ཞེས་བྱ་བ་ནི་རྒྱུ་གསུམ་གྱིས་སོ། །མ་སྤངས་ཤིང་ཞེས་བྱ་བ་ནི་དེའི་

Vol. 145 · folio 204b

ཐོབ་པ་རྗེས་སུ་འབྲེལ་པའི་སྒོ་ནས་སོ། །དེ་སྤངས་པ་ནི་དེའི་ཐོབ་པ་མི་སྐྱེ་བའི་སྒོ་ནས་སོ། །སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི་ཡུལ་གྱི་དངོས་པོར་གནས་པ་ཉིད་དོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ཞེས་བྱ་བའི་དོན་ཏེ། འདོད་པའི་འདོད་ཆགས་དང་རྗེས་སུ་མཐུན་པའི་

ཕྱིར་རོ། །གལ་ཏེ་དེ་ལྟ་བུ་ནི་ཡོངས་སུ་ཚང་བ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟ་བུ་ནི་ཉོན་མོངས་པ་རྒྱུ་ཡོངས་སུ་ཚང་བ་ལས་སྐྱེ་བ་ཡིན་གྱི་ཉོན་མོངས་པ་རྒྱུ་ཡོངས་སུ་མ་ཚང་བ་ནི་ཡུལ་གྱི་སྟོབས་ཁོ་ན་ལས་སྐྱེའོ་སྙམ་དུ་སེམས་ན་དེ་ནི་རིགས་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རྒྱུ་ཡོངས་སུ་མ་ཚང་བར་

གོ་གང་ཞིག་སྐྱེ་ཞེས་བྱ་བ་སྨོས་ཏེ། རྐྱེན་ཇི་སྙེད་ཅིག་གིས་འབྲས་བུ་བསྐྱེད་པར་གྲགས་པ་དེ་དག་མ་ཚང་ན་དེ་སྐྱེད་པར་མི་འགྱུར་ཏེ། དཔེར་ན་མིག་དང་། གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་མ་ཚང་བ་དག་གིས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་དགྲ་

བཅོམ་པ་ཉིད་ལ་ཡོངས་སུ་ཉམས་པ་མེད་དེ། ཉོན་མོངས་པའི་ཕྲ་རྒྱས་ཐམས་ཅད་སྤངས་པའི་ཕྱིར་རོ། །འདི་སྐད་དུ། ས་ནི་བསྲེགས་པ་ཡང་དང་ཡང་དུ་སྐྱེ་འགྱུར་ཞིང་། །ལྗོན་ཤིང་བཅད་ལས་སླར་འདིར་ཡལ་ག་སྐྱེ་འགྱུར་ལ། །ཆུ་ཀླུང་རྣམས་ནི་ཆུ་སྐམས་གྱུར་ནས་ཆུ་འབྲུག་གི །ཤེས་རབ་རལ་

གྲིས་བཅད་པའི་སྐྱོན་རྣམས་འབྱུང་མི་འགྱུར། །ཞེས་སྨྲས་སོ། །དེ་ལྟ་བུ་ཞེས་བྱ་བ་ནི་དེ་དང་འདྲ་བ་འམ་དེའི་རང་བཞིན་ཏེ། ཉོན་མོངས་པའི་ས་བོན་དང་འགལ་བ་གང་ཡིན་པའོ། །གང་གིས་ན་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བའི་ཆོས་ཉིད་དུ་འགྱུར་བ་ཞེས་བྱ་བ་ལ། ཟག་པ་མེད་པའི་ལམ་གྱིས་

གནས་གྱུར་པའི་ཕྱིར། རང་གི་རྟེན་ལས་ཉོན་མོངས་པའི་ས་བོན་རྩ་བ་ནས་འདོན་པ་ཡིན་ལ་ས་བོན་མེད་པས་རྒྱུད་ལ་དེས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བའི་ཆོས་ཉིད་འཐོབ་པོ། །ཇི་ལྟར་ན་ཡང་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་ལ། ས་བོན་མེད་པ་ནི་འགའ་ཡང་སྐྱེ་བར་མི་རུང་ལ།

ཉོན་མོངས་པ་སྐྱེ་བ་མེད་པར་ཡང་དེ་ཡོངས་སུ་ཉམས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་མ་སྐྱེས་ཏེ་ཞེས་བྱ་བ་ནི་གང་གིས་ཉོན་མོངས་པའི་ས་བོན་རྩད་ནས་འདོན་པའོ། །དེའི་ས་བོན་གྱི་ཆོས་ཉིད་ཅེས་བྱ་བ་ནི་ཉོན་མོངས་པའི་ས་བོན་གྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །སོལ་བའི་ཕུང་པོ་ལྟ་བུའི་ལན་གདབ་དགོས་ཞེས་བྱ་བ་

Vol. 145 · folio 205a

ལ། དེ་ལས་ནི་དགྲ་བཅོམ་པ་ཁོ་ན་ལ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་སྐྱེ་བར་བཤད་ལ། དེ་ཡང་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་མ་ཉམས་པ་ལ་ཡང་མི་སྲིད་དེ། དེའི་ཕྱིར་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མེད་པར་སྨྲ་བ་རྣམས་ཀྱིས་དེའི་ལན་གདབ་དགོས་སོ། །

དེ་ཉིད་བསྟན་པའི་ཕྱིར་གང་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སློབ་པའི་དབང་དུ་མཛད་ནས་གསུངས་སོ་སྙམ་པའི་ཚིག་དེ་ལ་ལན་གདབ་པའི་ཕྱིར་ཡོངས་སུ་ཉམས་པར་སྨྲ་བ་དེ་ཉིད་ཀྱིས་དེ་ནི་དེ་ལས་དགྲ་བཅོམ་པ་ཁོ་ན་ཡིན་པར་བསྟན་ཏེ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཞེ་ན། ཡུན་རིང་པོ་ནས་ཞེས་བྱ་

བ་རྒྱས་པར་འབྱུང་ངོ་། །ཡོངས་སུ་མི་ཉམས་པར་སྨྲ་བ་དག་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ལ་བབ་པ་ཞེས་བྱ་བའི་བར་འདི་ནི་སློབ་པ་ཡིན་ནོ་ཞེས་སྨྲ་བར་འགྱུར་བའི་གོ་སྐབས་འདི་ཡོངས་སུ་སྤང་བའི་ཕྱིར་ཡང་ཡོངས་སུ་ཉམས་པར་སྨྲ་བས་གཞན་ལས་དེ་ནི་

དགྲ་བཅོམ་པའི་སྟོབས་ཡིན་པར་ཡང་གསུངས་ལ་ཞེས་བྱ་བར་སྨྲས་ཏེ། མདོ་ལས་ནི་ཡུན་རིང་པོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཞན་ཡང་མདོ་དེ་ཉིད་ལས་བསིལ་བར་གྱུར་ཅིང་། བསལ་བར་གྱུར་པ་ཞེས་གསུངས་པའི་ཕྱིར་དགྲ་བཅོམ་པ་ཁོ་ན་ཡིན་པར་བསྟན་ཏོ། །སློབ་པའི་གནས་

སྐབས་ཀྱི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་བརྒྱ་ལ་རེས་འགའ་ཞིག་དྲན་པ་ཉམས་པ་ལས་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་དག་སྐྱེ་བར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་དེ་ནི་དེ་ལས་དགྲ་བཅོམ་པ་ཁོ་ན་ཡིན་པར་བསྟན་ཏེ་ཡུན་རིང་པོ་ནས་སེམས་དབེན་པ་ལ་

གཞོལ་བ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་སྨྲས་པ་མ་ཡིན་ནམ་ཞེ་ན། ཡུན་རིང་པོ་ནས་ཞེས་བྱ་བ་ལ་སོགས་པ་འདི་ནི་དགྲ་བཅོམ་པའི་ཤེས་པར་བྱེད་པ་མ་ཡིན་ཏེ། དགྲ་བཅོམ་པའི་སྟོབས་ནི་ཕུལ་དུ་བྱུང་བ་དང་ལྡན་པ་ཡིན་པར་འདོད་ལ། སློབ་པ་རྣམས་ལ་ཡང་སེམས་དབེན་པ་ལ་

གཞོལ་བ་ལ་སོགས་པ་ཡོད་པ་ཡིན་ནོ། །ཟག་པའི་གནས་ལྟ་བུའི་ཆོས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། དེ་དག་ལས་བསིལ་བར་གྱུར་པའི་དབང་དུ་མཛད་ནས་ཟག་པའི་གནས་ལྟ་བུའི་ཆོས་ཐམས་ཅད་ལས་བསིལ་བར་གྱུར་ཅིང་། བསལ་བར་གྱུར་པ་ཞེས་གསུངས་སོ། །ཇི་སྲིད་དུ་སྤྱོད་པ་ལེགས་པར་

Vol. 145 · folio 205b

མ་རྟོགས་པ་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པ་སྤྱོད་པའོ། །དེའི་ཕྱིར་སློབ་པའི་གནས་སྐབས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །དེ་དག་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་ནི་སློབ་པའི་རིགས་དག་ནི་སོ་སོའི་སྐྱེ་བོ་སྔོན་དུ་འགྲོ་བ་ཡིན་ལ། མི་སློབ་པའི་རིགས་དག་ནི་སློབ་པ་སྔོན་དུ་འགྲོ་བ་ཡིན་ནོ། །

སློབ་པ་དང་མི་སློབ་པའི་གང་ཟག་རྣམས་དབང་པོ་སྦྱངས་པས་རིགས་འཕོ་བར་བཤད་ལ། དེ་དག་ཀྱང་མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་ལ་གནས་པ་ཐམས་ཅད་དུ་དབང་པོ་འཕོ་བར་ཐལ་ལོ་ཞེ་ན། དེའི་ཕྱིར་གཞན་ཡང་མཐོང་བ་ལ་ནི་འཕོ་བ་མེད་ཅེས་བྱ་བ་སྨོས་སོ། །སྦྱོར་བ་མི་སྲིད་

པའི་ཕྱིར་ཞེས་བྱ་བ་ནི་མྱུར་དུ་འགྲོ་བའི་ཕྱིར་དང་། བྱ་བ་གཞན་ལ་ཞུགས་པའི་ཕྱིར་ན་ལྡང་བ་མེད་པའི་ཕྱིར་རོ། །བྱ་བ་གཞན་ལ་ཞུགས་པ་ནི་བདེན་པ་མངོན་པར་རྟོགས་པར་ཞུགས་པའི་ཕྱིར་རོ། །ལ་ལ་ནི་དད་པས་མོས་པའི་གནས་སྐབས་ནའོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ན་ཞེས་བྱ་བའི་ཐ་ཚིག་གོ། །འདིར་མི་སློབ་

པ་དབང་པོ་འཕོ་བ་ནི་མ་བཤད་དེ་གོང་དུ་བཤད་ཟིན་པའི་ཕྱིར་རོ། །མདོ་ལས་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟི་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ་ཞེས་བྱ་བའི་མདོ་དེ་ལས་སོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་ལྷག་པའི་སེམས་

ལས་བྱུང་བ་ནི་བསམ་གཏན་བཞིའོ། །དབང་པོ་རྣོན་པོ་ཡིན་པའི་ཕྱིར་ཡོངས་སུ་ཉམས་པ་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི་ཇི་ལྟར་མི་གཡོ་བའི་ཆོས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །སངས་རྒྱས་ལ་ནི་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་ཁོ་ན་མངའི་གཞན་ཐོབ་པ་དང་མ་ཐོབ་པ་ལས་ཡོངས་

སུ་ཉམས་པ་ནི་མི་མངའ་སྟེ། གདུལ་བྱའི་དོན་ལ་ཞུགས་པ་ན་སངས་རྒྱས་ཀྱིས་ཆོས་གྱ་ནོམ་པ་རྣམས་བརྙེས་ཀྱང་མངོན་དུ་མི་མཛད་དོ། །མི་གཡོ་བའི་ཆོས་ཅན་ལ་དེ་དང་ཞེས་བྱ་བ་ནི་ཉེ་བར་སྤྱད་པ་ལས་ཉམས་པ་སྟེ། བྱ་བ་གཞན་ལ་གཡེངས་པ་བསམ་གཏན་ལ་སོགས་པ་མངོན་དུ་མི་བྱེད་པའི་ཕྱིར་

རོ། །གང་ཟག་ཁྱད་པར་ཅན་གྱི་ཆོས་མ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི། སངས་རྒྱས་དང་། རང་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་མ་ཐོབ་པའི་ཕྱིར་རོ་ཞེས་དགྲ་བཅོམ་པ་གཞན་ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དོ་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་མ་ཐོབ་པ་དང་ཉེ་བར་སྤྱད་

Vol. 145 · folio 206a

པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དོ་ཞེས་བྱ་བའོ། །ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བ་ཡིན་ལ་ཞེས་བྱ་བ་ལ། འདི་ཅི་ཞིག་འབྲེལ་ཞེ་ན། སྔར་ཡོངས་སུ་ཉམས་པ་སྨྲ་བས་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བའོ་

ཞེས་སྨྲས་པས་སོ། །གལ་ཏེ་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་མེད་པ་མི་གཡོ་བ་ཡིན་ན། ཅིའི་ཕྱིར་གཅིག་ཁོ་ན་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་གཞག་ཅེ་ན། དེའི་ཕྱིར་མི་གཡོ་བའི་ཆོས་ཅན་དུ་ཇི་ལྟར་རྣམ་པར་གཞག་པ་ནི་དེ་བཞིན་དུ་བཤད་ཟིན་ཞེས་བྱ་བ་སྨོས་ཏེ། གང་ཞིག་དབང་པོ་རྣོ་

བའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལ་ཡོངས་སུ་མི་ཉམས་པ་དེ་ནི་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་གཞག་གོ། །ཀླན་ཀར་མི་རུང་ངོ་ཞེས་བྱ་བ་ནི་མདོ་ལ་བརྟེན་ནས་ཇི་ལྟར་ན་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་གང་སྨྲས་

པའོ། །ཇི་ལྟར་ཀླན་ཀར་མི་རུང་ཞེ་ན། གང་གི་ཕྱིར་དགྲ་བཅོམ་པ་ཐམས་ཅད་སེམས་ཀྱི་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་པ་དེའི་ཕྱིར་མི་གཡོ་བ་ཡིན་ཞིང་། དེ་ལས་ཡོངས་སུ་ཉམས་པར་མི་འདོད་ཀྱི་བསམ་གཏན་དག་ལ་ནི་འགའ་ཞིག་ཡོངས་སུ་ཉམས་པར་འགྱུར་ལ། འགའ་ཞིག་ནི་མ་ཡིན་པ་དེའི་ཕྱིར་

འདི་ནི་ཀླན་ཀར་མི་རུང་ངོ་། །ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དང་། ཉོན་མོངས་པ་དང་བཅས་པའི་ཕྱིར་གདོན་མི་ཟ་བར་སྐྱེ་ལ། ཚངས་པར་སྤྱོད་པ་ཡང་ཡིད་བརྟན་པའི་གནས་སུ་བཤད་པས། ཡང་གང་ཞིག་དགྲ་བཅོམ་པའི་འབྲས་བུ་ལས་ཡོངས་སུ་ཉམས་ན་

ཞེས་བྱ་བ་དྲིས་སོ། །དེ་ནི་མེད་དོ་ཞེས་བྱ་བ་ནི་ཡང་སྐྱེ་བ་མེད་པའོ། །ཉོན་མོངས་པ་དང་བཅས་ན་ཇི་ལྟར་མི་སྐྱེ་ཞེ་ན། འདི་ལྟར་འབྲས་བུ་ལས་ཉམས་པ་འཆི་བ་མེད་ཅེས་བྱ་བ་འབྱུང་སྟེ། ཡོངས་སུ་ཉམས་ནས་ཡུན་རིང་པོར་མི་གནས་པའོ། །ཆུང་ངུ་ཞེས་བྱ་བ་ནི་མི་གསལ་བ་དང་ཞན་པ་ཞེས་བྱ་བ་དང་

དོན་གཅིག་པའོ། །དེ་ལྟ་མ་ཡིན་ན་ཚངས་པར་སྤྱོད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ་ཞེས་བྱ་བ་ནི། གལ་ཏེ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཡང་སྐྱེ་བར་འགྱུར་ན། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ཞེས་བྱ་བ་འདི་ལ་ཡིད་བརྟན་དུ་མི་རུང་བ་འགྱུར་རོ། །རྩལ་པོ་ཆེ་དྲེད་པ་རྡེག་

Vol. 145 · folio 206b

མི་འཆའ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྩལ་པོ་ཆེ་དྲེད་ཀྱང་མཐུས་བདག་ཉིད་བཟུང་བའི་ཕྱིར་རྡེག་འཆའ་བར་མི་འགྱུར་བ་དེ་དང་འདྲའོ། །ཇི་ལྟར་ཤིན་ཏུ་གོམས་པར་བྱས་ཤེ་ན། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟེན་པོར་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཉི་ག་ལ་གནས་པས་

སྙམ་དུ་བསམས་པའོ། །མཐོང་བས་ཐོས་པ་རེ་རེའོ་ཞེས་བྱ་བ་ནི་དེ་ནི་ལམ་གཉི་གས་བརྟན་པོར་བྱས་པ་མ་ཡིན་པའི་ཕྱིར་ཏེ། སློབ་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །སྦྱོར་བའི་ལམ་ནི་ཐམས་ཅད་དུ་གཅིག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མི་གཡོ་བ་རྟོགས་པར་བྱ་བ་དང་། མཐོང་བས་ཐོབ་པར་བྱེད་པ་

ལའོ། །ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དབང་པོ་ཟག་པ་མེད་པའི་འཕོ་བ་བརྗོད་པར་འདོད་པའི་ཕྱིར་ཏེ། འཕགས་པའི་ལམ་ནི་ཐམས་ཅད་ཀྱི་ནང་ན་ཆུང་བ་ཡང་འཇིག་རྟེན་པ་བས་ཆེས་གསལ་བའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་རྣམས་ཀྱི་དབང་པོ་ནི་

འཇིག་རྟེན་ལས་འདས་པ་ཁོ་ནས་འཕོ་བ་ཡིན་ནོ། །གཞན་དུ་ནི་མ་ཡིན་ཏེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་ལྷའི་རིགས་དྲུག་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡུལ་རྒྱ་ཆེ་བ་ལ་སྐྱོ་བ་རྣམས་ལ་དེ་ལ་དམིགས་པའི་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །གཞན་

ཡང་དོར་ནི་དབང་པོ་རྣོན་པོས་འབྲས་བུ་ཐོབ་སྟེ། དེའི་ཕྱིར་ཡོངས་སུ་ཉམས་པ་མེད་དོ། །འཕགས་པའི་གཟུགས་དང་གཟུགས་མེད་པར་སྐྱེས་པ་དབང་པོ་འཕོ་བ་དང་ཡོངས་སུ་ཉམས་པ་དག་ནི་སྔར་བཀག་ཟིན་ཏོ། །ཇི་སྐད་དུ་ཞེ་ན། དུས་གཞན་གྱི་བར་དུ་ཡོངས་སུ་བསྒོམས་པས་དབང་པོ་རྣམས་ཆེས་

ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་རྙེད་པའི་ཕྱིར་རོ་ཞེས་བྱ་བར་རོ། །མི་སློབས་དགུ་ལ་བརྟེན་ཏེ། །ཞེས་བྱ་བ་ནི་དེའི་འབྲས་བུས་དགུས་བསྡུས་པའི་ཕྱིར་རོ། །སློབ་པ་དྲུག་ལ་ཞེས་བྱ་བ་ནི་སྲིད་པའི་དབང་དུ་བྱས་ནས་བཤད་དེ་ཕྱིར་མི་འོང་བའི་འབྲས་བུས་དྲུག་གིས་བསྡུས་པའོ། །འབྲས་

བུའི་ལམ་ཁོ་ན་ཐོབ་པར་འགྱུར་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་ཙམ་གྱིས་བསྡུས་པའོ། །ཕྱིར་མི་འོང་བའི་འབྲས་བུ་གཟུགས་མེད་པའི་སས་བསྡུས་པ་ནི་ཡོད་པ་མ་ཡིན་ཏེ་དེ་ན་མཐོང་བའི་ལམ་མེད་པའི་ཕྱིར་ལ། དེ་མེད་པ་ནི་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་ཡིན་ནོ། །

Vol. 145 · folio 207a

སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་དབང་པོ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་གིས་གསུམ་དུ་དབྱེ་སྟེ། དེ་ལ་འབྲིང་དང་ཆེན་པོ་ནི་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་གཉིས་ཡིན་ནོ། །ཆུང་ངུའི་

ཆུང་ངུ་ལ་སོགས་པ་དབང་པོ་རྣམ་པ་དགུའི་བྱེ་བྲག་གིས་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དབང་པོ་ཆུང་ངུའི་ཆུང་ངུ་ཡིན་པས་ན། བཅོམ་ལྡན་འདས་དབང་པོ་ཆེན་པོའི་ཆེན་པོ་ཡིན་པའི་བར་རོ། །དང་པོ་ཉིད་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དང་པོ་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་གཞན་

གྱི་དྲིང་མི་འཇོག་པས། གཞན་ལ་དྲན་པ་ཉེ་བར་གཞོག་པ་ལ་སོགས་པའི་ཆོས་ཐོས་ནས་ཕྱིས་དོན་རྣམས་ལ་སྦྱོར་བའི་ཕྱིར་ཏེ། བསམ་པ་དང་བསྒོམ་པ་བརྟེན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་ཆོས་ཀྱི་རྗེས་སུ་འབྲང་བས་བདག་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་དང་

མཐུན་པ་ལ་སོགས་པའི་ཆོས་ཀྱི་རྗེས་སུ་འབྲང་ཞིང་དོན་རྣམས་ལ་སྦྱོར་བའི་ཕྱིར་ཏེ། བསམ་པ་དང་བསྒོམ་པ་བརྟེན་པའི་ཕྱིར་རོ། །དེ་ལྟར་ན་སྦྱོར་བ་ལས་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་ཡིན་ནོ། །དད་པས་མོས་པ་དང་། ཤེས་རབ་ལྷག་པའི་སྒོ་ནས་ཞེས་བྱ་བ་ནི་དད་པས་མོས་པ་ལྷག་པ་

དང་། ཤེས་རབ་ལྷག་པའི་སྒོ་ནས་སོ། །དད་པས་མོས་པ་ལྷག་པའི་ཕྱིར་དད་པས་མོས་པ་ནི་དབང་པོ་རྟུལ་པོ་ཉིད་ཡིན་ལ། དེ་བཞིན་དུ་ཤེས་རབ་ལྷག་པའི་ཕྱིར་མཐོང་བས་ཐོབ་པ་ནི་དབང་པོ་རྣོན་པོ་ཉིད་ཡིན་ཏེ། དེའི་དད་པ་ནི་ཤེས་རབ་ལྷག་པ་ཅན་ཡིན་ནོ། །སྙོམས་པར་འཇུག་པ་ལས་ནི་ལུས་ཀྱིས་

མངོན་དུ་བྱེད་པ་སྟེ་ཞེས་བྱ་བ་ནི། དབང་པོ་རྟུལ་པོ་དང་རྣོན་པོ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དག་ཁྱད་པར་མེད་པར་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་པས་སྙོམས་པར་འཇུག་པ་ལས་རྣམ་པར་གཞག་གི་དབང་

པོ་དང་སྦྱོར་བ་ལས་ནི་མ་ཡིན་ནོ། །རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའོ་ཞེས་བྱ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་དུས་དང་མི་སྦྱོར་བ་སྟེ། རྣམ་པར་གྲོལ་བ་ཙམ་ལ་ལྟོས་ནས་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམ་པར་གཞག་པའི་ཕྱིར་རོ། །སྙོམས་པར་འཇུག་པ་

Vol. 145 · folio 207b

དང་རྣམ་པར་གྲོལ་བ་ལས་ནི་ཞེས་བྱ་བ་ལ། དེ་ནི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །རྣམ་པར་ཐར་པའི་སྒྲིབ་པ་ནི་རྣམ་པར་ཐར་པའི་སྒྲིབ་པ་སྟེ། དེ་ཡང་གང་གིས་བསམ་གཏན་དག་སྐྱེད་པར་མི་ནུས་པ་ལུས་དང་སེམས་དག་ལས་སུ་མི་རུང་བ་ཉིད་

དོ། །དགྲ་བཅོམ་པའི་རྣམ་པར་གྲོལ་བ་ཐོབ་པས་ཉོན་མོངས་པའི་སྒྲིབ་པའི་ཆ་ལས་རྣམ་པར་གྲོལ་ཏེ་དེའི་ཕྱིར་སྙོམས་པར་འཇུག་པའི་རྣམ་པར་གྲོལ་བ་ལས་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རྣམ་པར་གཞག་གོ། །རྫས་སུ་ནི་དེ་དག་རྣམ་པ་དྲུག་ཡིན་ཏེ་ཞེས་བྱ་བ་ནི་ལུས་ཀྱིས་མངོན་དུ་བྱེད་པ་ནི་དད་པས་མོས་

པ་དང་། མཐོང་བས་ཐོབ་པ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་རྫས་སུ་ནི་དྲུག་ཡིན་ནོ། །དེ་ལ་དད་པས་རྗེས་སུ་འབྲང་བ་ལ་དབང་པོའི་སྒོ་ནས་ནི་

གསུམ་མོ་ཞེས་བྱ་བ་ནི་དད་པའི་རྗེས་སུ་འབྲང་བ་དབང་པོ་རྟུལ་པོ་ཡིན་མོད་ཀྱི། སླར་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་དབྱེ་སྟེ། དེ་དབང་པོ་རྟུལ་པོར་མཚུངས་ཀྱང་ཤིན་ཏུ་རྟུལ་བ་དང་ཆེས་ཤིན་ཏུ་རྟུལ་བའི་བྱེ་བྲག་ཡོད་པས་སོ། །རིགས་ཀྱི་སྒོ་ནས་ནི་ལྔའོ་ཞེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་

གྱི་རིགས་མ་གཏོགས་པ་སྟེ། ཆོས་རྗེས་སུ་འབྲང་བའི་སྐབས་སུ་བབ་པས་དེ་མ་སྨོས་སོ། །ཇི་ལྟར་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ནས་རྟོགས་པའི་སྐལ་བ་ཅན་གྱི་རིགས་ཞེས་བྱ་བའི་བར་ལྔ་ཡིན་ནོ། །སྔར་བཤད་པ་གསུམ་པོ་རེ་རེ་ལ་རིགས་ཀྱི་བྱེ་བྲག་ཡོད་དེ། དེ་ལྟར་ན་རིགས་

དང་དབང་པོའི་སྒོ་ནས་བཅོ་ལྔ་ཡིན་ནོ། །དེ་བཞིན་དུ་བཅོ་ལྔ་པོ་དེ་དག་རེ་རེ་ཞིང་ལམ་གྱི་སྒོ་ནས་ནི་བཅོ་ལྔ་བཅོ་ལྔ་ཡིན་ནོ། །ཤེས་པ་བདུན་ལ་གནས་པའོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་པའི་ཕྱིར་རོ། །དེ་དག་ཉིད་ལམ་གྱི་སྒོ་ནས་ནི་རེ་རེ་ཞིང་བཅོ་ལྔ་བཅོ་ལྔ་ཡིན་ནོ། །འདོད་

ཆགས་དང་བྲལ་བའི་སྒོ་ནས་རེ་རེ་ཡང་བདུན་ཅུ་རྩ་གསུམ་ཡིན་ནོ། །ཇི་ལྟར་ཞེ་ན། འདོད་པའི་ཁམས་ན་འཆིང་བ་མཐའ་དག་དང་ལྡན་པ་གཅིག་དང་། འདོད་པའི་ཁམས་ལ་རྣམ་པ་གཅིག་སྤངས་པ་ནས་རྣམ་པ་དགུ་སྤངས་པའི་བར་དང་། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་

Vol. 145 · folio 208a

པ་གཅིག་སྤངས་པ་ནས་རྣམ་པ་དགུ་སྤངས་པའི་བར་ཏེ། དེ་དག་ནི་འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་གསུམ་ན་དགུ་ཚན་བརྒྱད་ལ་བདུན་ཅུ་རྩ་གཉིས་ཡིན་ལ། འདོད་པའི་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པས་བསྣན་ན་

བདུན་ཅུ་རྩ་གསུམ་ཡིན་ནོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ནི་འདིར་མི་བརྩི་སྟེ། མཐོང་བའི་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ། །ཡང་ན་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བ་ཡིན་ནོ། །རྟེན་གྱི་

སྒོ་ནས་ནི་དགུ་སྟེ་ཞེས་བྱ་བ་ནི་རེ་རེ་ཞིང་སྟེ། རྟེན་ནི་སྐྱེ་བ་དང་འཆི་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། གླིང་གསུམ་དང་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པ་སྟེ། དེ་ན་ལམ་མེད་པའི་ཕྱིར་རོ། །ལྷའི་རིས་དྲུག་ཏུ་སྐྱེས་པའོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ཏུ་སྐྱེས་པ་

སྟེ། དེའི་གོང་ན་མཐོང་བའི་ལམ་མེད་པའི་ཕྱིར་དད་པའི་རྗེས་སུ་འབྲང་བ་མེད་དོ། །དབང་པོ་དང་རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་བསྡོམས་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་དེ་ཉིད་ཀྱི་མཇུག་སྡུད་པའོ། །གང་ཟག་གཞན་དག་ཀྱང་ཅི་རིགས་པར་དེ་བཞིན་

དུ་བརྩི་བར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་སྟེ། ཇི་ལྟར་དད་པས་རྗེས་སུ་འབྲང་བ་དབང་པོ་དང་རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་བརྩིས་པ་བཞིན་དུ་བརྩི་བར་བྱའོ། །ཅི་རིགས་པ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་དང་། མཐོང་བས་ཐོབ་པ་དང་དུས་

དང་མི་སྦྱོར་བར་རྣམ་པར་གྲོལ་བ་རྣམས་ལ་ནི་དབང་པོ་རྣོན་པོ་ཡིན་པའི་ཕྱིར་རིགས་ཀྱི་ཁྱད་པར་མེད་ལ་དད་པས་མོས་པ་དང་། དུས་ཀྱིས་རྣམ་པར་གྲོལ་བ་དག་ལ་ནི་རིགས་ཀྱི་ཁྱད་པར་ཡོད་དེ། དབང་པོ་རྟུལ་པོ་ཡིན་པའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་དག་གིས་ཞེས་བྱ་བ་ལ། ཤེས་

རབ་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི་རྣམ་པར་ཐར་པའི་སྒྲིབ་པ་ལས་གྲོལ་ལོ། །ཉོན་མོངས་པ་ཉིད་སྒྲིབ་པ་ཡིན་པས་ན། །ཉོན་མོངས་པའི་སྒྲིབ་པའོ། །རྣམ་པར་ཐར་པ་རྣམས་ཀྱི་སྒྲིབ་པ་ནི་རྣམ་པར་ཐར་པ་རྣམས་ཀྱི་སྒྲིབ་པའོ། །རྣམ་

Vol. 145 · folio 208b

པར་ཐར་པ་ནི་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཡང་རྣམ་པར་ཐར་པའི་སྒྲིབ་པ་ནི་གང་ཞིག་ཅེ་ན། གང་གིས་རྣམ་པར་ཐར་པ་དག་བསྐྱེད་པར་མི་ནུས་པ་སྟེ། ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ། །འདི་ལ་གང་ཞིག་ཉོན་མོངས་པ་ལྔ་

སྤངས་ཏེ་ཞེས་བྱ་བ་ནི། ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔའོ། །མི་འཕྲོགས་ཆོས་ལྡན་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ། །ཕྱིར་མི་འོང་བ་དད་པས་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་མ་ཡིན་པ་ནི་འབྲས་བུ་ཁོ་ན་ལས་སོ། །དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་

པོའི་སྒོ་ནས་ཡོངས་སུ་རྫོགས་པ་མ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་མེད་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ཀྱང་མ་ཡིན་ནོ། །སློབ་པའི་འབྲས་བུའི་མཐར་གནས་པའི་ཕྱིར་འབྲས་བུ་ཁོ་ནའི་སྒོ་ནས་ནི་ཡོངས་སུ་རྫོགས་པ་ཡིན་ནོ། །མཐོང་བས་ཐོབ་པ་འདོད་ཆགས་དང་མ་བྲལ་

བ་ན་དབང་པོ་ཁོ་ན་ལས་སོ་ཞེས་བྱ་བ་ནི་དེ་ནི་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དབང་པོ་ཁོ་ནའི་སྒོ་ནས་ཡོངས་སུ་རྫོགས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་སྙོམས་པར་འཇུག་པ་དང་འབྲས་བུའི་སྒོ་ནས་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །ཕྱིར་མི་འོང་བ་མཐོང་བས་ཐོབ་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་མ་ཡིན་

པ་ནི་འབྲས་བུ་དང་དབང་པོ་ལས་སོ་ཞེས་བྱ་བ་ནི་དེ་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དང་། སློབ་པའི་འབྲས་བུའི་མཐར་གནས་པའི་ཕྱིར་དང་། དབང་པོ་དང་འབྲས་བུའི་སྒོ་ནས་ཡོངས་སུ་རྫོགས་པ་ཡིན་གྱི། ལུས་ཀྱིས་མངོན་སུམ་དུ་མ་བྱས་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ནི་མ་ཡིན་ནོ། །དད་པས་

མོས་པ་ལུས་ཀྱིས་མངོན་དུ་བྱེད་པ་ནི་འབྲས་བུ་དང་སྙོམས་པར་འཇུག་པ་ལས་སོ་ཞེས་བྱ་བ་ནི་དེ་དབང་པོ་རྟུལ་པོ་ཡིན་པའི་ཕྱིར། དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པ་ནི་མེད་དོ། །མཐོང་བས་ཐོབ་པ་ལུས་ཀྱིས་མངོན་དུ་བྱེད་པ་ནི་འབྲས་བུ་དང་དབང་པོ་དང་སྙོམས་པར་འཇུག་པ་ལས་སོ་ཞེས་བྱ་བ་ནི་དབང་

པོ་རྣོན་པོ་ཡིན་པའི་ཕྱིར་དང་། འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་དང་། །སློབ་པའི་འབྲས་བུ་ཐམས་ཅད་ཐོབ་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ཁོ་ན་དང་སྙོམས་པར་འཇུག་པ་དབང་པོ་ལས་ཡོངས་སུ་རྫོགས་པ་ཉིད་ནི་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་ཕྱིར་མི་འོང་བའི་

Vol. 145 · folio 209a

འབྲས་བུ་མེད་པར་སློབ་པ་འགོག་པ་ལ་སྙོམས་པར་འཇུག་པ་མེད་དོ། །གང་གི་ཕྱིར་འབྲས་བུ་མེད་པར་མི་སློབ་པ་ཉིད་མེད་པ་ཉིད་ཀྱི་ཕྱིར་མི་སློབ་པའི་འབྲས་བུས་ཡོངས་སུ་རྫོགས་པ་ནི་ཡོངས་སུ་རྫོགས་པ་ཉིད་དུ་རྣམ་པར་མ་བཞག་གོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་

དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ནི་དབང་པོ་ཁོ་ན་ལས་སོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་མེད་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ནི་མ་ཡིན་ནོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་པོའི་སྒོ་ནས་ནི་མ་ཡིན་གྱི།

འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ནི་མ་ཡིན་ནོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་གཉིས་ཀྱིས་ཡོངས་སུ་རྫོགས་པ་ཉིད་

དོ། །སྦྱོར་བའི་ལམ་ནི་གང་གི་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བའོ་ཞེས་བྱ་བ་ནི་དཔེར་ན་ཆོས་ཀྱི་མཆོག་རྣམས་ལྟ་བུའོ། །མདོར་བྱས་པ་ལས་གོ་བཟློག་ནས་བསྟན་པ་ནི་ཚིག་ལེའུར་བྱས་པ་སྡེབ་པ་དང་མཐུན་པར་བྱས་པའི་ཕྱིར་ཡིན་ནོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་རབ་ཏུ་

སྤོང་བ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ་ཞེས་བྱ་བ་ལ་བར་ཆད་མེད་པའི་ལམ་དེས་སྤང་བར་བྱ་བའི་སྒྲིབ་པ་ནི་དེས་སྤང་བར་བྱ་བའི་སྒྲིབ་པའོ། །དེ་ལས་ངེས་པར་གྲོལ་བ་ནི་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བའི་

སྒྲིབ་པ་ལས་ངེས་པར་གྲོལ་བའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ་ཞེས་བྱ་བ་ལ། དང་པོ་ནི་ཐོག་མ་སྟེ། དཔེར་ན་སྡུག་བསྔལ་ལ་སོགས་པ་དག་ལ་ཆོས་ཤེས་པ་བཞིན་ནོ། །དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་

གྲོལ་བར་སྐྱེའོ། །གལ་ཏེ་དང་པོ་ཉིད་དུ་ཞེས་བྱ་བ་མ་སྨྲས་པར་རྣམ་པར་གྲོལ་བའི་ལམ་ནི་དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བའོ་ཞེས་འདི་ཙམ་ཞིག་སྨྲས་ན་ནི་དེ་ལྟ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་འོག་རོལ་གྱི་བར་ཆད་མེད་པའི་ལམ་ལ་སོགས་པ་ཐམས་ཅད་དེས་སྤང་བར་བྱ་བའི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words