ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 145 · folio 235b
བ་མ་ཡིན་ནོ། །ལམ་ལྟ་བུར་གྱུར་པའི་ཕྱིར་ལམ་མོ་ཞེས་བྱ་བ་ནི་ལམ་དང་ཆོས་མཐུན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པ་ཇི་ལྟ་བ་བཞིན་ཞུགས་པའི་ཕྱིར་རིགས་པའོ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཞུགས་པ་མ་ཡིན་པ་ནི་རིགས་པ་མ་ཡིན་པའི་ཕྱིར་རོ། །སོ་སོར་ངེས་པའི་ཕྱིར་སྒྲུབ་པ་སྟེ་ཞེས་
བྱ་བ་ལ་སོ་སོར་ངེས་པ་ཉིད་ནི་མྱ་ངན་ལས་འདས་པར་ངེས་པ་ཉིད་དེ། དེ་ཉིད་ཀྱིས་དེར་འགྲོ་བའི་ཕྱིར་རོ། །དེ་ཉིད་ལ་ཁུངས་ནི། ཇི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །གཏན་དུ་ངེས་པར་འབྱུང་བར་བྱེད་པའི་ཕྱིར་ངེས་པར་འབྱིན་ནོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡང་ན་རྟག་པ་དང་བདེ་བ་དང་བདག་གི་དང་
བདག་ཏུ་ལྟ་བ་སྤྱད་པ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་འདུ་བྱེད་རྣམས་རྟག་གོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ལ་ནི་མི་རྟག་པའི་རྣམ་པའོ། །འདུ་བྱེད་རྣམས་བདེའོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ལ་ནི་སྡུག་བསྔལ་བའི་རྣམ་པའོ། །འདུ་བྱེད་རྣམས་བདག་གི་བའོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ལ་ནི་
སྟོང་པའི་རྣམ་པའོ། །འདུ་བྱེད་རྣམས་བདག་ཡིན་ནོ། །སྙམ་དུ་ལྟ་བས་སྤྱད་པ་རྣམས་ལ་ནི་བདག་མེད་པའི་རྣམ་པའོ། །འདུ་བྱེད་རྣམས་རྒྱུ་མེད་པའོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ལ་ནི་རྒྱུའི་རྣམ་པའོ། །ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ལ་སོགས་པ་གཅིག་པུའོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ལ་ནི་ཀུན་འབྱུང་བའི་རྣམ་
པའོ། །འགྱུར་བར་ལྟ་བས་སྤྱད་པ་རྣམས་ལ་ནི་རབ་ཏུ་སྐྱེ་བའི་རྣམ་པ་སྟེ། དང་པོར་འབྱུང་ཞིང་རབ་ཏུ་སྐྱེ་བ་ཡིན་གྱི། འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་འགྱུར་བ་ཞེས་བྱ་བ་ནི་དགའ་བའི་གང་དུ་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བའི་རྣམ་གྲངས་སོ། །བློ་སྔོན་དུ་བཏང་བ་བྱེད་པ་པོ་ཡིན་ནོ་སྙམ་དུ་ལྟ་བས་སྤྱོད་པ་
རྣམས་ལ་རྐྱེན་གྱི་རྣམ་པ་སྟེ། རྐྱེན་གྱི་ཚིག་ནི་བློ་སྔོན་དུ་མ་བཏང་བའི་རྒྱུའི་ཚིག་གོ། །ཐར་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་རྒྱུན་ལ་ཐོག་མ་བཞིན་དུ་ཐ་མ་ཡང་མེད་དོ་སྙམ་དུ་གང་དག་ལོག་པར་ལྟ་བ་གང་ཡིན་པ་དེའི་གཉེན་པོར་འགོག་པའི་རྣམ་པ་ཡིན་ནོ། །ཡུལ་ཉེ་བར་ལོངས་སྤྱད་པ་མེད་
ཕྱིར་དང་། དབང་པོ་རྣམ་འཇིག་པའི་ཕྱིར་ན། སྡུག་བསྔལ་ནི་ཐར་པ་ཡིན་ནོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ཀྱི་གཉེན་པོར་ནི་ཞི་བའི་རྣམ་པ་ཡིན་ནོ། །བསམ་གཏན་གྱི་བདེ་བ་གྱ་ནོམ་པ་ཡིན་པར་ལྟ་བས་སྤྱད་པ་རྣམས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་བརྡ་ཕྲད་པར་སླ་བས་རྣམ་པར་མ་ཕྱེའོ། །ཤེས་རབ་
Vol. 145 · folio 236a
གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་ཤེས་རབ་རྣམས་དང་བཅས་པར་མི་འགྱུར་ཏེ། རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་དག་གིས་མཚུངས་པར་ལྡན་པས་ན་མཚུངས་པར་ལྡན་པའོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །འདི་ལྟར་རྣམ་པ་ནི་སེམས་དང་སེམས་
ལས་བྱུང་བ་ཐམས་ཅད་ཀྱི་དམིགས་པ་འཛིན་པའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པར་འགྱུར་རོ་ཞེས་བྱ་བ་ནི། །མདོ་སྡེ་པའི་ལུགས་ཡིན་ནོ། །འཛིན་པ་ནི་འཛིན་པའི་བྱེ་བྲག་གོ། །དེ་ལྟ་མ་ཡིན་ན། ཤེས་རབ་ཀྱང་རྣམ་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བར་གྲུབ་པོ། །ཡང་ཅི་ཤེས་རབ་ཁོ་ནས་
འཛིན་པར་བྱེད་དམ་ཞེས་བྱ་བ་ནི། གཏོད་པར་བྱེད་དམ་ཞེས་བྱ་བའི་དོན་ཏོ། །དེ་དང་བཅས་པའི་དམིགས་པ་དང་བཅས་པས་འཛིན་པར་བྱེད་ཅེས་བྱ་བ་འདིས་ག་ལས་ཤེ་ན། བསྟན་བཅོས་ལས་ཏེ། དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ་ཞེས་
གསུངས་སོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་དང་བཅས་པའི་ཆོས་གཞན་ཐམས་ཅད་ཀྱིས་ཀྱང་འཛིན་པར་བྱེད་དོ་ཞེས་བྱ་བ་སྨོས་སོ། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །ཞེས་བྱ་བ་ནི་གང་ཅུང་ཟད་རྫས་སུ་ཡོད་པ་འམ་བརྟགས་པར་ཡོད་པ་དེ་ཐམས་ཅད་གཟུང་བར་བྱ་བ་ཡིན་ནོ། །འདིར་ཡོད་པ་སྨོས་པ་ནི་མེད་པ་
བཟློག་པར་བྱ་བའི་ཕྱིར་རོ། །ཐམས་ཅད་སྨོས་པ་ནི་རྫས་དང་ཀུན་རྫོབ་ཉེ་བར་གཟུང་བར་བྱ་བའི་ཕྱིར་རོ། །དེ་ལྟར་བྱས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཤེས་རབ་ནི་རྣམ་པ་ཡང་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འཛིན་པར་བྱེད་པ་ཡང་ཡིན་ཏེ། དམིགས་པ་དང་བཅས་པའི་ཕྱིར་རོ། །
གཟུང་བར་བྱ་བ་ཡང་ཡིན་ཏེ་ཡོད་པའི་ཕྱིར་དང་། ཤེས་རབ་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །དམིགས་པ་དང་བཅས་པ་གཞན་ནི་འཛིན་པར་བྱེད་པ་དང་གཟུང་བར་བྱ་བ་སྟེ། ཚོགས་པ་ཕྱི་མ་གཏད་པར་བྱ་བ་ཡིན་ཏེ། ཆོས་ཐམས་ཅད་ནི་སྐད་ཅིག་མ་གཉིས་ཀྱི་དམིགས་པ་ཡིན་ནོ་ཞེས་འབྱུང་
བའི་ཕྱིར་རོ། རྣམ་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་དང་། ཤེས་རབ་ཁོ་ན་རྣམ་པ་ཡིན་ནོ་ཞེས་བྱ་བ་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དམིགས་པ་མེད་པའི་ཆོས་རྣམས་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གཏང་བར་བྱ་བ་ཁོ་ན་ཡིན་ཏེ། གཏོང་བར་བྱེད་པ་མ་ཡིན་
Vol. 145 · folio 236b
ནོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བ་ལ་སོགས་པའི་བྱེ་བྲག་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། ས་དང་རྟེན་ལ་སོགས་པའི་བྱེ་བྲག་བསྟན་པར་བྱ་སྟེ། དང་པོ་རྣམ་གསུམ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་རྣམས་དགེ་ཞེས་བྱ་
བ་ནི། ཟག་པ་མེད་པས་ཉེ་བར་འཚེ་བ་མེད་པ་ཉིད་ཀྱིས་ཏེ་ཉེ་བར་འཚེ་བ་མེད་པར་འགྲོ་བ་ཡིན་ནོ། །ཚིགས་སུ་བཅད་པའི་དང་པོ་ན་ཡོད་པའི་ཕྱིར་ཞེས་བྱ་བ་ནི། ཤེས་པ་ཟག་བཅས་ཟག་པ་མེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་དེར་ཀུན་རྫོབ་ཤེས་པ་དང་པོར་འདོན་པ་ཡིན་ནོ། །དང་པོ་ས་རྣམས་ཐམས་
ཅད་ན། །ཞེས་བྱ་བ་ནི། ཀུན་རྫོབ་ཤེས་པ་ནི་རང་གི་ངོ་བོ་དམིགས་པའི་སྒོ་ནས་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་དུ་དམིགས་སོ། །དྲུག་ན་ཆོས་ཤེས་བྱ་ཞེས་བྱ་བ་ནི་མཐོང་བའི་ལམ་ས་དྲུག་པ་ཡིན་པའི་ཕྱིར་ཏེ། དེ་དག་གཅིག་ཏུ་ཟད་པ་དང་བཅས་པའི་ཕྱིར་མི་ལྕོགས་པ་མེད་པ་ལས་གཞན་པའི་ཉེ་བར་
བསྡོགས་པ་དག་ན་མེད་ལ་འདོད་པའི་ཁམས་ལ་དམིགས་པའི་ཕྱིར་གཟུགས་མེད་པའི་ས་དག་ན་ཡང་མེད་དོ། །དགུ་ན་རྗེས་ཤེས་བྱ་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་རྣམས་གོང་མའི་སྡུག་བསྔལ་ལ་སོགས་པ་དམིགས་པའི་ཕྱིར་ལ། བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་
རྣམས་དང་། སྲིད་པའི་རྩེ་མོ་ནི་གཅིག་ཏུ་ཟག་པ་དང་བཅས་པའི་ཕྱིར་རོ། །དེ་བཞིན་དྲུག་ཅེས་བྱ་བ་ལ། དེ་བཞིན་ཞེས་བྱ་བའི་སྒྲས་ནི་མ་ཕྱེ་བར་ས་དགུ་པའི་རྣམ་པ་དང་སྦྱར་རོ། །ཕྱེ་ན་ནི་ཅི་རིགས་པར་དྲུག་དང་དགུ་དག་ན་ཡོད་དོ། །གཞན་ཡིད་ཤེས་པ་བསམ་གཏན་ན། །ཞེས་བྱ་བ་ནི་མངོན་པར་ཤེས་
པའི་དབང་དུ་བྱས་ནས་བཤད་པའོ། །གཞན་ན་མེད་དོ་ཞེས་བྱ་བ་ནི་ཉེར་བསྡོགས་དང་བསམ་གཏན་དང་གཟུགས་མེད་པ་དག་ན་མེད་པའོ། །དེ་ནི་འདོད་དང་གཟུགས་རྟེན་ཅན། །ཞེས་བྱ་བ་ལ་གཞན་གྱི་སེམས་ཤེས་པ་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཁོ་ན་ཡིན་གྱི། གཞན་གྱི་སེམས་ཤེས་པ་ཁོ་ན་འདོད་པ་དང་
གཟུགས་ཀྱི་རྟེན་ཅན་ནི་མ་ཡིན་ནོ། །གོང་ན་མཐོང་ལམ་མེད་ཅེས་འབྱུང་བའི་ཕྱིར། ཆོས་ཤེས་པ་ནི་འདོད་པའི་རྟེན་ཅན་ཁོ་ན་ཡིན་གྱི། ཆོས་ཤེས་པ་ཁོ་ན་འདོད་པའི་རྟེན་ཅན་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཁམས་གསུམ་པའི་རྟེན་ཅན་གཞན་ཞེས་བྱ་བ་སྨོས་སོ། །ཕ་རོལ་གྱི་སེམས་ཤེས་པ་དང་ཆོས་ཤེས་
Vol. 145 · folio 237a
པ་མ་གཏོགས་སོ་ཞེས་བྱ་བ་ལ། རྗེས་སུ་ཤེས་པ་དང་སྡུག་བསྔལ་ཤེས་པ་ལ་སོགས་པ་བསྒོམ་པའི་ལམ་གྱིས་བསྡུས་པ་བཞི་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་ཀུན་རྫོབ་ཤེས་པ་ནི་ཁམས་གསུམ་པའི་རྟེན་ཅན་ཡིན་ནོ། །འགོག་པ་ཤེས་པ་ནི་གཅིག་སྟེ། ཆོས་དྲན་པ་ཉེ་
བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་འགོག་པ་ལུས་དང་ཚོར་བ་དང་སེམས་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་དེ་ལ་དམིགས་པ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་ཚོར་བ་དང་། སེམས་དྲན་པ་ཉེ་བར་གཞག་པས་བསྡུས་པའི་ཕྱིར་ཡིན་ནོ་ཞེས་བྱ་བར་རྟོགས་ན་ཆོས་དྲན་
པ་ཉེ་བར་གཞག་པ་གོ་ཇི་ལྟར་ཡིན་ཞེ་ན། སེམས་ལས་བྱུང་བ་འདུ་ཤེས་ཀྱི་ཁྱད་པར་ལ་དམིགས་པའི་ཕྱིར་ཏེ། འདུ་ཤེས་ལ་སོགས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །ཚོར་བ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་མོད་ཀྱི་དེ་ནི་དྲན་པ་ཉེ་བར་གཞག་པ་དག་ཏུ་སོ་སོར་གཞག་སྟེ། གསུམ་
ལས་གཞན་ནི་ཆོས་སོ་ཞེས་སྔར་བཤད་ཟིན་ཏོ། །ལྷག་མ་བཞི་ཡིན་ནོ་ཞེས་བྱ་བ་ནི། ལྷག་མ་ནི་ཤེས་པ་བརྒྱད་དེ། དེ་ལ་ཀུན་རྫོབ་ཤེས་པ་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པས་དྲན་པ་ཉེ་བར་གཞག་པ་བཞི་ཡིན་ནོ། །ཆོས་ཤེས་པ་ནི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པས་བཞི་ཡིན་ནོ། །
རྗེས་སུ་ཤེས་པ་ཡང་དེ་དང་འདྲའོ། །སྡུག་བསྔལ་དང་ཀུན་འབྱུང་དང་ལམ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ནི་རེ་རེ་ཞིང་དྲན་པ་ཉེ་བར་གཞག་པ་བཞི་བཞི་ཡིན་ཏེ། ཕུང་པོ་ལྔ་ལ་དམིགས་པའི་ཕྱིར་རོ། །རྗེས་སུ་ཤེས་པ་མ་གཏོགས་སོ། །ཞེས་བྱ་བ་ནི། ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། །
ཞེས་འབྱུང་བའི་ཕྱིར་རོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ལམ་ཤེས་པའི་དམིགས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་རྣམས་སོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་གི་དམིགས་
པ་ནི་ཀུན་རྫོབ་ཤེས་པ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་དེ་ཀུན་འབྱུང་བས་བསྡུས་པའོ། །རྗེས་སུ་ཤེས་པ་ནི་ཐམས་ཅད་དུ་ཆོས་ཤེས་པའི་དམིགས་པ་མ་ཡིན་ཏེ་ཡུལ་ཐ་དད་པའི་ཕྱིར་རོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །ཞེས་བྱ་བ་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་སྡུག་བསྔལ་ལ་སོགས་པ་
Vol. 145 · folio 237b
ཤེས་པ་ལ་ནི་དེའི་ཕྱོགས་དང་མཐུན་པའི་ལམ་ཁོ་ནས་དམིགས་ལ་ཀུན་རྫོབ་ཤེས་པ་ཁམས་གོང་མའི་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པ་ལ་ནི་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་ཁོ་ནས་དམིགས་སོ། །གཞན་གྱི་སེམས་ཤེས་པ་ལ་ནི་རྗེས་སུ་ཤེས་པའི་ཕྱོགས་ཀྱིས་བསྡུས་པ་ལམ་ཤེས་པས་
དམིགས་སོ། །ལམ་ཤེས་པའི་དམིགས་པ་ཡང་དགུ་ཡིན་ཏེ། ཀུན་རྫོབ་ཤེས་པས་མ་གཏོགས་སོ་ཞེས་བྱ་བ་ལ། ལམ་ཤེས་པ་ནི་ལམ་ལ་དམིགས་པས་དེའི་དམིགས་པ་ནི་ཤེས་པ་ཟག་པ་མེད་པ་དགུ་ཡིན་ཏེ། དེ་དག་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པའང་མ་ཡིན་ལ། གཞན་གྱི་
སེམས་ཤེས་པ་ཟག་པ་དང་བཅས་པ་ཡང་མ་ཡིན་ཏེ། ལམ་ཤེས་པ་ཟག་པ་མེད་པ་ལ་དམིགས་པའི་ཕྱིར་རོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། །ཞེས་བྱ་བ་ལ། ཀུན་རྫོབ་ཤེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་ནང་དུ་གཏོགས་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་གི་དམིགས་པ་
ཡིན་ནོ་ཞེས་བྱ་བར་རྟོགས་ན་གཞན་གྱི་སེམས་ཤེས་པ་ནི་ཇི་ལྟར་ཞེ་ན། གཞན་གྱི་སེམས་ཤེས་པའི་ཕྱོགས་གཅིག་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པ་ཡོད་དེ་ཟག་པ་དང་བཅས་པ་གང་ཡིན་པའོ། །བཞིའི་བཅུ་ཡིན་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཀུན་རྫོབ་ཤེས་པ་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་
པའི་ཕྱིར་ཤེས་པ་བཅུ་ལ་དམིགས་སོ་ཞེས་བྱ་བར་རྟོགས་ན། ཇི་ལྟར་གཞན་གྱི་སེམས་ཤེས་པའི་དམིགས་པ་བཅུ་ཡིན་ཞེ་ན། གཞན་གྱི་སེམས་ཤེས་པ་ནི་ཆོས་དང་རྗེས་དང་ལམ་དང་ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ལ། དེའི་དམིགས་པ་ནི་རྣམ་པར་མ་ཕྱེ་བར་ཤེས་པ་བཅུ་ཡིན་ལ། དབྱེ་ན་ནི་ཆོས་དང་
རྗེས་ཀྱིས་བསྡུས་པ་དག་གིས་ནི་ཤེས་པ་བརྒྱད་དོ། །ལམ་ཤེས་པས་བསྡུས་པ་ཡི་ནི་དགུའོ། །ཀུན་རྫོབ་ཤེས་པས་བསྡུས་པ་ཡི་ནི་ཀུན་རྫོབ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་གཉིས་སོ། །ཇི་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ཤེས་པ་བཅུ་ཡིན་ཞེ་ན། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་
ནི་བདག་གིས་ལམ་བསྒོམས་ཏེ། ཡང་བསྒོམ་དུ་མེད་དོ་ཞེས་བྱ་བ་ཆོས་དང་རྗེས་སུ་ཤེས་པའི་ལམ་ལ་དམིགས་པ་ཡིན་ཏེ། དེའི་ཕྱིར་ཤེས་པ་ཟག་པ་མེད་པ་དགུ་ལ་དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་དམིགས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་
Vol. 145 · folio 238a
པར་བྱས་ཏེ། ཡང་ཡོངས་སུ་ཤེས་པར་བྱར་མེད། ཀུན་འབྱུང་སྤངས་ཏེ་ཡང་ཡོངས་སུ་སྤང་དུ་མེད་དོ་ཞེས་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་ཀུན་རྫོབ་ཤེས་པ་ལ་དམིགས་སོ། །དབྱེ་ན་ནི་ཆོས་ཤེས་པས་བསྡུས་པ་དག་གི་དམིགས་པ་ནི་རྗེས་སུ་ཤེས་
པ་མ་ཡིན་ལ། རྗེས་སུ་ཤེས་པས་བསྡུས་པ་དག་གི་ནི་ཆོས་ཤེས་པ་མ་ཡིན་ནོ། །ཆོས་འདུས་བྱས་རྣམས་ལ་རྣམ་པ་བརྒྱད་དུ་བྱའོ་ཞེས་བྱ་བ་ལ། འདོད་པ་དང་ལྡན་པའི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའོ། དེ་བཞིན་དུ་གཟུགས་དང་ལྡན་པ་ཡང་རྣམ་
པ་གཉིས་ཡིན་ལ། གཟུགས་མེད་པ་དང་ལྡན་པ་ཡང་རྣམ་པ་གཉིས་ཡིན་ནོ། །ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་དང་མི་ལྡན་པ་མ་ཡིན་པའོ། །དགེ་བ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་ཞེས་བྱ་བ་ནི། དགེ་བ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། ཐར་པ་དམ་པའི་དོན་
དུ་དགེ། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་ནི་ནམ་མཁའ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། ལུང་མ་བསྟན་པ་བརྟན་པ་དག །ཅེས་འབྱུང་བའི་ཕྱིར་རོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་ཡིན་ནོ་ཞེས་བྱ་བ་ནི། ཀུན་རྫོབ་ཡུལ་ནི་ཐམས་ཅད་
དོ། །ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པ་ཡི་ནི་ལྔ་སྟེ་ཞེས་བྱ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་འདོད་པ་ན་སྤྱོད་པའི་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པ་དག་གོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ལམ་གྱི་བདེན་པ་ལ་དམིགས་པ་ནི་ཟག་པ་མེད་པ་མཚུངས་
པར་ལྡན་པ་དང་ལྡན་པ་མ་ཡིན་པ་དག་གོ། །འགོག་པའི་བདེན་པ་ལ་དམིགས་པའི་ནི་འདུས་མ་བྱས་དགེ་བ་ཡིན་ཏེ། འདུས་མ་བྱས་ལུང་དུ་མ་བསྟན་པ་ནི་བདེན་པས་མ་བསྡུས་པས་དེ་ནི་ཟག་པ་མེད་པའི་ཤེས་པས་དམིགས་པ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་
དང་། དྲུག་དང་ཞེས་བྱ་བ་ནི་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་སོ། །འདུས་མ་བྱས་དགེ་བ་ཡང་ཡིན་ནོ། །དྲུག་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་རེ་རེ་ཞིང་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་སོ། །འགོག་པ་ཤེས་
Vol. 145 · folio 238b
པའི་ནི་གཅིག་སྟེ་ཞེས་བྱ་བ་ནི། དེ་ནི་རྟག་ཏུ་སོ་སོར་བརྟགས་པས་འགོག་པ་ལ་དམིགས་པའི་ཕྱིར་རོ། །ལམ་ཤེས་པའི་ནི་གཉིས་ཏེ་ཞེས་བྱ་བ་ནི། ཟག་པ་མེད་པར་མཚུངས་པར་ལྡན་པ་ཡིན་པ་དང་ལྡན་པ་མ་ཡིན་པ་དག་གོ། །འདོད་པ་དང་གཟུགས་ན་སྤྱོད་པ་དང་ཟག་པ་མེད་པ་དང་མཚུངས་པར་ལྡན་པ་རྣམས་
སོ་ཞེས་བྱ་བ་ནི། གཞན་གྱི་སེམས་ཤེས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་དམ། གཟུགས་མེད་ཀྱི་ཁམས་ལ་དམིགས་པ་མེད་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ནི་ཆོས་དགུ་ཡིན་ཏེ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ནི་ཆོས་དགུ་ཡིན་ཏེ། རེ་རེ་ཡང་ཁམས་
གསུམ་གྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པའི་ཕྱིར་རོ། །འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ནི་དེ་བདེན་པས་མ་བསྡུས་པའི་ཕྱིར་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་བདེན་པའི་ཡུལ་ཅན་ཡིན་པའི་ཕྱིར་དེ་མ་གཏོགས་སོ། །དེའང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཞེས་བྱ་
བ་ནི། ཚོར་བ་ལ་སོགས་པ་སེམས་ལས་འབྱུང་བ་རྣམས་དང་དེ་དག་གི་ཐོབ་པ་དང་སྐྱེ་བ་ལ་སོགས་པ་རྣམས་ཏེ། དེ་དག་དང་རང་གི་ངོ་བོ་མི་འཛིན་ནོ། ཅིའི་ཕྱིར་རང་གི་ངོ་བོ་མི་འཛིན་ཞེ་ན། ཡུལ་དང་ཡུལ་ཅན་ཐ་དད་པའི་ཕྱིར་ཏེ། ཡུལ་ནི་ཡུལ་ཅན་ལས་ཐ་དད་དེ། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་
ཕྱིར་སོར་མོའི་རྩེ་མོ་དང་རལ་གྲིའི་སོ་ནི་དེ་ཉིད་ཀྱིས་མི་རེག་ཅིང་མི་གཅོད་པ་བཞིན་ནོ། །ཆོས་མངོན་པ་པ་རྣམས་ནི་གང་ཞིག་མ་ཚང་བས་གང་མི་སྐྱེ་བ་དེ་ནི་དེའི་རྐྱེན་ཡིན་ན་རང་གི་ངོ་བོ་མ་ཚང་བས་དངོས་པོ་རྣམས་མི་སྐྱེ་བ་ཡང་མ་ཡིན་ཏེ། རང་གི་ངོ་བོ་རྟག་ཏུ་ཡོད་པའི་ཕྱིར་ཏེ་རྐྱེན་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །གལ་
ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་རང་གི་ངོ་བོའི་ཡུལ་ཅན་མ་ཡིན་ན། འོ་ན་ཕན་ཚུན་གྱི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། བཤད་པ་ཕན་ཚུན་གྱི་ཡུལ་ཅན་མ་ཡིན་ཏེ། དམིགས་པ་གཅིག་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་དམིགས་པ་གཅིག་པའི་ཕྱིར་ཏེ། ཕན་ཚུན་གྱི་
ཡུལ་ཅན་ཉིད་ཡིན་ན་ནི་དམིགས་པ་གཅིག་པ་ཉིད་ཉམས་པར་འགྱུར་རོ། །དེ་ལྟ་ན་ནི་འོ་ན་རང་གི་ཚོགས་པ་དང་ལྡན་པ་མ་ཡིན་པ་འཛིན་པར་འགྱུར་ཏེ། དམིགས་པ་མེད་པའི་ཕྱིར་དང་ཡུལ་དང་ཡུལ་ཅན་ཐ་དད་པའི་ཕྱིར་རོ་ཞེ་ན། །དེའི་ཕྱིར་ཧ་ཅང་ཉེ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྡན་པ་མ་ཡིན་པ་འཛིན་
Vol. 145 · folio 239a
པ་ཡང་མ་ཡིན་ཏེ། ཧ་ཅང་ཉེ་བའི་ཕྱིར་མིག་ལ་གནས་པའི་མིག་སྨན་དང་མིག་སྨན་གྱི་ཐུར་མ་ལ་སོགས་པ་མི་མཐོང་བ་བཞིན་ནོ། །མདོ་ལས་ཀྱང་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་ཡུལ་ཡིན་པ་མེད་དོ་ཞེས་བྱ་བ་མཐོང་སྟེ། འདི་སྐད་དུ། དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་། གང་
ཅིག་ཅར་ཐམས་ཅད་ཤེས་པའམ་མཐོང་བ་དེ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ནི་རྣམ་པར་ཆད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རྣམས་གོ་རིམས་བཞིན་དུ་ས་འོག་མ་དང་གོང་མ་ལ་དམིགས་པའི་ཕྱིར་རོ། །སྦྱོར་བ་དང་ཁྱད་
པར་གྱི་ལམ་དག་གི་དམིགས་པ་ཡང་ཅི་རིགས་པར་ས་གཅིག་པུ་འགའ་ཞིག་ཁོ་ན་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བའི་ལམ་གྱིས་བསྡུས་པ་གང་གི་དམིགས་པ་འདོད་པའི་ཁམས་ཡིན་པ་དེའི་གཟུགས་དང་གཟུགས་མེད་པའི་ཁམས་མ་ཡིན་ནོ། །དེ་བཞིན་དུ་གང་གི་གཟུགས་
དང་གཟུགས་མེད་པའི་ཁམས་ཡིན་པ་དེའི་འདོད་པའི་ཁམས་མ་ཡིན་ནོ། །དེ་བཞིན་དུ་མི་སྡུག་པ་དང་ཚད་མེད་པ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་དང་། རྣམ་པར་སུན་འབྱིན་པ་དང་། ཁྱད་པར་ཅན་གྱིས་བསྡུས་པའི་དམིགས་པ་ནི་འདོད་པའི་ཁམས་ཁོ་ན་ཡིན་གྱི་ཁམས་གཞན་དག་ནི་མ་ཡིན་
ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ས་ཐམས་ཅད་ལ་དམིགས་པ་ཡིན་ན་ནི་དེ་ལྟ་ན་ས་ཐམས་ཅད་ལས་ཅིག་ཅར་འདོད་ཆགས་དང་བྲལ་བར་འགྱུར་ཏེ། ས་འོག་མ་ལ་ཡིན་པ་འགའ་ཞིག་ཏུ་མ་ཟད་ཀྱི། ས་གོང་མ་དང་འོག་མ་ལས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཁོ་ན་
ཤེས་པ་གཅིག་དང་ལྡན་པར་མ་ཟད་ཀྱི། འཕགས་པ་དང་། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །ཆགས་ཅན་ཞེས་ཁྱད་པར་དུ་བྱས་པ་ནི་འདོད་ཆགས་དང་བྲལ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་གཞན་གྱི་སེམས་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཟག་
མེད་སྐད་ཅིག་དང་པོ་ལ། །ཞེས་བྱ་བ་ནི་བཟོད་པ་རྣམས་ཤེས་པའི་བདག་ཉིད་མ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པ་གཅིག་པུ་ཁོ་ན་དང་ལྡན་ནོ་ཞེས་སྟོན་པའོ། །གཉིས་པ་ལ་གསུམ་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དེ་ཉིད་ཆོས་ཤེས་པ་དང་སྡུག་བསྔལ་ཤེས་པ་གཉིས་སུ་བགྲང་སྟེ། གོ་རིམས་བཞིན་དུ་ཆོས་
Vol. 145 · folio 239b
ཙམ་རྟོགས་པའི་ཕྱིར་དང་། སྡུག་བསྔལ་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །བཞི་ལ་རེ་རེ་འཕེལ་དང་ལྡན། །ཞེས་བྱ་བ་འབྱུང་སྟེ། ཆོས་ཤེས་པ་དང་སྡུག་བསྔལ་ཤེས་པ་ནི་ཡོངས་སུ་བགྲང་བ་ཟིན་ཏེ། དེ་ནི་རྗེས་སུ་ཤེས་པ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རྣམས་ཡོངས་སུ་བགྲང་བར་བྱ་བ་
ཡིན་པས་དེའི་ཕྱིར་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལམ་ལ་ཆོས་ཤེས་པ་རྣམས་ལ་ནི་བདུན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་དང་ཆོས་དང་། རྗེས་སུ་ཤེས་པ་དག་དང་། སྡུག་བསྔལ་ལ་སོགས་པ་བཞི་དང་ལྡན་ནོ། །ལམ་ལ་རྗེས་སུ་ཤེས་པ་ལ་ཡང་དེ་དག་ཁོ་ན་དང་ལྡན་ཏེ། རྗེས་དང་ལམ་ཤེས་པ་དག་ནི་
སྔར་བགྲངས་ཟིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔ་ལ་ནི་ཕ་རོལ་གྱི་སེམས་ཤེས་པ་འཇིག་རྟེན་པ་ལྷག་པར་ལྡན་ནོ། །དེ་ལྟར་བྱས་ན་ཟག་པ་མེད་པའི་སྐད་ཅིག་དང་པོ་ལ་ནི་ཀུན་རྫོབ་དང་། གཞན་གྱི་སེམས་ཤེས་པ་གཉིས་དང་ལྡན་ལ།
གཉིས་པ་ནི་བཞི་དང་ལྡན་ནོ་ཞེས་ཐམས་ཅད་དུ་རྒྱས་པར་བརྗོད་པར་བྱའོ། །ལམ་ལ་རྗེས་སུ་ཤེས་པ་ནི་གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་དང་ཡང་ལྡན་ཏེ། དེས་ནི་གནས་སྐབས་དང་གཞན་གྱི་སེམས་ཤེས་པ་ཕྱིར་མི་འོང་བས་བསྡུས་པ་རྙེད་དེ། ལམ་ལ་རྗེས་སུ་ཤེས་པ་བསྒོམ་པའི་ལམ་ཡིན་པའི་ཕྱིར་དང་འདོད་
ཆགས་དང་བྲལ་བ་ཡིན་པའི་ཕྱིར་རོ། །ཡང་གནས་སྐབས་གང་དུ་ཤེས་པ་དུ་དག་ཅིག་ཐོབ་ཅེ་ན་ཞེས་བྱ་བ་འབྱུང་ངོ་། །ཡང་འཐོབ་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། གང་ཞིག་བསྟེན་པ་ཐོབ་པ་དང་རྙེད་པ་ཐོབ་པ་ཞེས་བྱ་བ་ནི་དགེ་བའི་ཆོས་ལ་གོམས་པ་དང་དབང་ཕུན་སུམ་ཚོགས་པ་སྟེ་དེ་དག་གི་མཚན་ཉིད་ཀྱང་འཆད་པར་འགྱུར་རོ། །ཇི་
ལྟར་སྐྱེས་པ་རྣམས། མ་འོངས་པ་འཐོབ་ཅེས་བྱ་བ་ཇི་ལྟར་ཞེ་ན། རེ་ཞིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་བཟོད་པ་དེ་ཡང་མ་འོངས་པ་དེའི་རྣམ་པ་བཞི་འཐོབ་པར་འགྱུར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་ན་ཡང་དེ་ཉིད་མ་འོངས་པ་དེའི་རྣམ་པ་བཞི་འཐོབ་པར་འགྱུར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་
པའི་བཟོད་པ་སྐྱེས་ན་ཡང་དེ་དང་འདྲ་བ་མ་འོངས་པ་ཐོབ་པར་འགྱུར་གྱི་མི་འདྲ་བ་དང་བདེན་པ་གཞན་གྱི་ཡུལ་ཅན་ནི་མ་ཡིན་ཏེ་དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །བསྒོམ་པའི་ལམ་ལ་ནི་ཤེས་པ་སྐལ་བ་མི་མཉམ་པའི་རྣམ་པ་ཐོབ་པ་ཡང་ཡིན་པས་དེའི་ཕྱིར་རོ། །ཅིའི་ཕྱིར་མཐོང་བའི་ལམ་ལ་ཤེས་པ་འདྲ་
Vol. 145 · folio 240a
བའི་རྣམ་པ་ཁོ་ན་ཐོབ་ཅེས་སྨྲས་ཏེ། བསྒོམ་པའི་ལམ་ལ་ཐོབ་པ་ལྟར་ཤེས་པ་སྐལ་བ་མཉམ་པ་དང་མི་མཉམ་པའི་རྣམ་པ་མི་ཐོབ་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །བཟོད་པ་རྣམས་ནི་བསྒོམ་པའི་ལམ་ལ་མེད་པས་བཟོད་པ་རྣམས་མ་སྨོས་ཏེ་ཤེས་པ་ཁོ་ན་རྣམས་དཔྱོད་དོ། །རིགས་
རྣམས་མ་ཐོབ་པའི་ཕྱིར་རོ་ཞེས་སྨོས་པ་ནི་སྐལ་བ་མཉམ་པའི་རྒྱུ་རྣམས་མ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་དང་རྣམ་པ་བཞི་ཕན་ཚུན་སྐལ་བ་མཉམ་པ་ཡིན་ཞེ་ན། བཟོད་པ་ལ་སོགས་པས་བསྡུས་པའི་ཕྱིར་དང་། དམིགས་པ་ཐ་མི་དད་
པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་དེའི་རིགས་འཐོབ་ཅིང་དེའི་རྣམ་པ་བཞིའི་རིགས་འཐོབ་པར་འགྱུར་ཏེ། སྡུག་བསྔལ་ཆོས་ཤེས་པ་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །འདི་ལྟར་སྡུག་བསྔལ་མཐོང་ན་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཁོ་ན་འཐོབ་པར་འགྱུར་གྱི། ཀུན་
འབྱུང་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། རིགས་ཐ་དད་པའི་ཕྱིར་དང་། དམིགས་པ་ཐ་དད་པའི་ཕྱིར་རོ། །ཡང་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ལས་རྣམ་པ་གཅིག་མངོན་དུ་གྱུར་ན་རྣམ་པ་ལྷག་མ་རྣམས་ཀྱི་རིགས་འཐོབ་པ་གང་ཡིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། དམིགས་པ་མཚུངས་པའི་སྐལ་
བ་འདྲ་བ་ཉིད་ཀྱིས་སོ། །འདིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་གང་ཡིན་པ་དེ་ཉིད་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་གནས་པས་དེ་སྐྱེས་པས་ཐམས་ཅད་ཀྱི་རིགས་རྣམས་ཐོབ་པོ་ཞེས་བྱ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །བསྒོམ་པའི་ལམ་ལ་ནི་སྐལ་བ་འདྲ་བ་དང་སྐལ་བ་འདྲ་བ་མ་ཡིན་
པའི་ཤེས་པ་ཐམས་ཅད་དང་དེའི་རྣམ་པ་རྣམས་མངོན་དུ་གྱུར་པས་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་འཐོབ་པར་འགྱུར་བས་དེར་ཤེས་པའི་རྣམ་པ་ཁྱད་པར་དུ་འཕགས་པ་མ་འོངས་པ་འཐོབ་པར་འགྱུར་རོ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་། །ཞེས་བྱ་བ་འདིར་ནི་ཀུན་རྫོབ་ཤེས་པ་ཁྱད་པར་ཅན་གཟུང་གི་ཐམས་ཅད་
ནི་མ་ཡིན་ནོ། །ཆོས་ཤེས་པ་དག་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། དེ་ནི་བདེན་པ་མངོན་པར་རྟོགས་པའི་མཐར་འཐོབ་ན། ཆོས་ཤེས་པ་དག་ལ་ནི་བདེན་པ་ཟད་པར་མངོན་པར་རྟོགས་པ་མེད་དེ། འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལ་ཆོས་
Vol. 145 · folio 240b
ཤེས་པ་དག་གི་ནི་གཟུགས་དང་གཟུགས་མེད་པར་རྟོགས་པའི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་མངོན་པར་མི་རྟོགས་པས་དོན་བྱས་ཟིན་པ་མ་ཡིན་པའི་ཕྱིར་ཆོས་ཤེས་པ་དག་ལ་མི་འཐོབ་པོ། །ལམ་གྱི་བདེན་པ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་མངོན་པར་མ་རྟོགས་པའི་ཕྱིར་དང་ཞེས་བྱ་བ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་
བ་ན་སྔོན་འཇིག་རྟེན་པའི་ལམ་གྱིས་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་མངོན་པར་རྟོགས་ཤིང་ཡོངས་སུ་ཤེས་པ་དང་སྤངས་པ་དང་། མངོན་སུམ་དུ་བྱས་པའི་སྒོ་ནས་མངོན་པར་རྟོགས་ཀྱི་གང་གིས་ན་དེ་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བར་འགྱུར་ཞིང་། དེ་མངོན་པར་རྟོགས་པའི་མཐར་དེ་དང་འདྲ་བ་མ་
འོངས་པ་འཐོབ་པར་འགྱུར་བ་ཀུན་རྫོབ་ཤེས་པས་ལམ་གྱི་བདེན་པ་ལ་སོགས་པའི་རྣམ་པ་དག་ཏུ་མངོན་པར་མི་རྟོགས་སོ། །ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ཞེས་བྱ་བར་སྙེགས་སོ། །ལམ་ཐམས་ཅད་ནི་སུས་ཀྱང་བསྒོམ་པར་མི་ནུས་སོ། །གཞན་གྱི་རྒྱུད་ལ་ཡོད་པ་བསྒོམ་པར་མི་ནུས་ལ་རང་
གི་རྒྱུད་ལ་ཡོད་པའི་སྙེད་ཟིན་པ་ནི་བརྒྱའི་ཆ་ཡང་མངོན་པར་བྱ་བར་མི་ནུས་སོ། །དེའི་ཚེ་ཀུན་འབྱུང་ཡང་ཐམས་ཅད་སྤོངས་པ་མ་ཡིན་པས་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཚེའོ། །གང་ཞིག་མ་སྤངས་ཤེ་ན། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཏེ། དེའི་ཕྱིར་ལམ་ལ་
རྗེས་སུ་ཤེས་པ་ལྟར་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཚེ་ཡང་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བར་མི་འགྱུར་རོ། །དེའི་བདེན་པ་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་མང་བའི་ཕྱིར་ཞེས་བྱ་བ་ལ་རིགས་ནི་ནུས་པའི་ཁྱད་པར་
དང་ལྡན་པའི་རྒྱུད་ཡིན་ལ། ལམ་འདི་ལ་ཉན་ཐོས་ལ་སོགས་པའི་རིགས་ཀྱི་དབྱེ་བས་རིགས་མང་པོ་ཞིག་ཡོད་པས་ན་རིགས་མང་པོའོ། །ཉན་ཐོས་ཀྱི་རིགས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ལམ་ཐམས་ཅད་ནི་བསྒོམ་པར་མི་ནུས་ཏེ། མངོན་དུ་བྱ་བར་མི་ནུས་ཞེས་བྱ་བའི་ཐ་ཚིག་སྟེ། གང་ཡང་རུང་བ་ཞིག་
མངོན་དུ་འགྱུར་ན་གང་ཡང་རུང་བ་ཞིག་གིས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ་ཞེས་བྱ་བ་ནི་ཀུན་རྫོབ་ཤེས་པ་མཐོང་བའི་ལམ་གྱི་འཁོར་ཡིན་ལ། ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་ཏེ། དེའི་ཕྱིར་དེར་མི་འཐོབ་
Vol. 145 · folio 241a
པོ་ཞེས་ཟེར་བའོ། །འདི་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འཁོར་ཁོ་ན་ཡིན་གྱི། བསྒོམ་པའི་ལམ་གྱི་འཁོར་རམ། ལམ་གཉི་གའི་འཁོར་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་
ཞེས་བྱ་བ་ལ་ཅིའི་ཕྱིར་ཞེ་ན། དེའི་རྟེན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། དེ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་རྟེན་ཁོ་ནས་མངོན་དུ་བྱེད་པ་སྲིད་ན། མཐོང་བའི་ལམ་གྱི་གོང་ན་དེ་དག་སྐྱེ་བའི་གོ་སྐབས་མེད་དེ། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་རྟེན་དག་ཀྱང་དེའི་གོང་རོལ་ན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་
ཕྱིར་དེ་མི་སྐྱེ་བའི་ཆོས་ཅན་ཉིད་ཡིན་ནོ། །ཇི་ལྟར་དེ་ཐོབ་ཡིན་ཞེས་བྱ་བ་ནི། གལ་ཏེ་མངོན་དུ་མི་བྱེད་ན་སྙམ་དུ་བསམས་པའོ། །མ་རྙེད་པ་ལས་རྙེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བར་སྔར་མ་རྙེད་པ་ལས་བདེན་པ་གསུམ་མངོན་པར་རྟོགས་པའི་མཐར་རྙེད་པས་མ་རྙེད་པ་ལས་རྙེད་པ་ཞེས་བྱའོ། །
ཇི་ལྟར་རྙེད་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་སྐྱེད་པའི་ནུས་པ་རྙེད་ན་ཇི་ལྟར་མངོན་དུ་མི་བྱེད། འོན་ཏེ་མངོན་དུ་མི་བྱེད་ན་ཇི་ལྟར་རྙེད་དེ་མི་རྙེད་པ་ཉིད་དོ་སྙམ་དུ་བསམས་པའོ། །འཐོབ་པའི་སྒོ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་གནས་སྐབས་དེར་དེའི་ཐོབ་པ་སྐྱེ་སྟེ། དེས་ན་དེའི་ཚེ་རྙེད་དོ་ཞེས་བརྗོད་ཀྱི། སྐྱེ་བོ་
ཞེས་བྱ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་རྙེད་པ་དེའི་ཕྱིར་རྙེད་དོ་ཞེས་བྱ་བ་ནི་ཐོབ་པ་དང་རྙེད་པའི་སྒྲ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྟོན་པ་འདི་ནི་སྔོན་མ་བྱུང་བའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི། རིགས་པ་དང་བྲལ་བའི་ཕྱིར་རམ། སྔར་མ་ཐོས་པའི་ཕྱིར་སྔོན་མ་བྱུང་བ་སྟེ། སྔར་སུས་ཀྱང་དེ་ཉིད་ངེས་པར་བྱ་བའི་ཕྱིར་དེ་
ཉིད་མ་བསྟན་པས་སྟོན་པ་སྔོན་མ་བྱུང་བའི་རྣམ་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་མཐུས་ཞེས་བྱ་བ་ནི་མཐུའི་སྒོ་ནས་ཀུན་རྫོབ་ཤེས་པ་འཐོབ་ཀྱི། མངོན་དུ་གྱུར་པའི་སྒོ་ནས་ནི་མ་ཡིན་ཏེ། ལངས་པས་མངོན་དུ་བྱེད་པའི་ཕྱིར་རོ། །ཆེས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་གཞན་འཇིག་རྟེན་པའི་ཀུན་
རྫོབ་ཤེས་པ་བས་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་ནི་བདེན་པ་མཐོང་བའི་བདེན་པས་མ་དམིགས་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར་རྟོག་པ་ལ་དཔྱོད་པ་ཡིན་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཐོབ་པ་མེད་ན་ཇི་ལྟར་མ་འོངས་པ་དེ་རྙེད་ཅེ་ན་དེའི་ཕྱིར། དེ་ཉིད་དེ་རྙེད་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །
Vol. 145 · folio 241b
རིགས་རྙེད་ན་རིགས་ལས་བྱུང་བ་ཡང་རྙེད་པ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་འཐོབ་པ་དང་ལྡན་པ་རྙེད་པ་བཞིན་ནོ་སྙམ་དུ་བསམས་པའོ། །རིགས་ནི་དེ་སྐྱེད་པར་ནུས་པའི་རྒྱུའོ། །དེ་ལས་བྱུང་བ་ནི་རིགས་ལས་བྱུང་བའོ། །དེ་སྐད་བསྟན་པར་འགྱུར་ཏེ། དེ་མངོན་སུམ་དུ་འབྱུང་བར་ནུས་པའི་རྟེན་རྙེད་ན་རྟེན་དེས་སྐྱེད་པ་དེ་ཡང་རྙེད་
པར་འགྱུར་རོ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་མི་འདོད་དེ། དེ་ནི་མཐོང་བའི་ལམ་གྱིས་ཐོབ་པར་བྱ་བ་ཡིན་ན། དེ་བསྒོམ་པའི་ལམ་དུ་ཇི་ལྟར་མངོན་སུམ་དུ་བྱེད་པར་འགྱུར། དེ་ཉིད་ཀྱི་ཕྱིར་དེ་མི་སྐྱེ་བའི་ཆོས་ཅན་དུ་རྣམ་པར་གཞག་གོ་ཞེའོ། །ས་བདུན་པའི་ཀུན་རྫོབ་ཤེས་པ་དེ་འཐོབ་ཅེ་ན། མཐོང་བའི་ལམ་བསམ་གཏན་བཞི་
པའི་ས་པ་ཡིན་ན་ས་བདུན་པའི་ཀུན་རྫོབ་ཤེས་པ་ཐོབ་པའི་བར་དུ་སྟེ། ས་བདུན་པ་ནི་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང་། བསམ་གཏན་བཞི་དང་། བསམ་གཏན་ཁྱད་པར་ཅན་ནོ། །བར་དུ་ཞེས་བྱ་བའི་སྒྲས་ནི་བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་གཉིས་པ་དང་གསུམ་པའི་
མཐོང་བའི་ལམ་བསྡུའོ། །མཐོང་བའི་ལམ་བསམ་གཏན་དང་པོའི་ས་པ་ཞིག་ཡིན་ན་ནི། ས་གསུམ་པའི་ཀུན་རྫོབ་ཤེས་པ་མ་འོངས་པ་འཐོབ་སྟེ། བསམ་གཏན་དང་པོའི་ས་པ་དང་། མི་ལྕོགས་པ་མེད་པའི་ས་པ་དང་། འདོད་པ་ན་སྤྱོད་པའོ། །མཐོང་བའི་ལམ་བསམ་གཏན་ཁྱད་པར་ཅན་གྱི་ས་པ་ཞིག་ཡིན་ན་ནི་དེའི་ས་པ་ཁོ་ན་
ཀླགས་ཏེ་ས་བཞི་པ་འཐོབ་པོ། །མཐོང་བའི་ལམ་བསམ་གཏན་གཉིས་པའི་ས་པ་ཞིག་ཡིན་ན་ནི་བསམ་གཏན་གཉིས་པའི་ས་པ་ཀླགས་ཏེ་ས་ལྔ་པ་ཐོབ་པོ། །བསམ་གཏན་གསུམ་པའི་ས་པ་ཞིག་ཡིན་ན་ནི་ས་དྲུག་པ་ཐོབ་པོ་བསམ་གཏན་བཞི་པའི་ས་པ་ཞིག་ཡིན་ན་ནི་ས་བདུན་པའི་ཀུན་རྫོབ་ཤེས་པ་མ་འོངས་པ་འཐོབ་སྟེ།
བསམ་གཏན་བཞིའི་ས་པ་ནས་འདོད་པ་ན་སྤྱོད་པའི་བར་རོ། །འགོག་པའི་མཐའ་ཞེས་བྱ་བ་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པའམ། རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ཡིན་ཡང་རུང་ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ཏེ་འགོག་པ་ལ་དམིགས་པའི་ཕྱིར་དང་། ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །
ལྷག་མ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་ཡིན་ནོ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན། སྡུག་བསྔལ་མངོན་པར་རྟོགས་ན་ཀུན་རྫོབ་ཤེས་པ་གང་འཐོབ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ཆར་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་རྣམས་ཏེ། ཕུང་པོ་ལྔ་ལ་དམིགས་པའི་ཕྱིར་རོ། །
Vol. 145 · folio 242a
ཀུན་འབྱུང་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །རང་བདེན་རྣམ་ཅན་ཞེས་བྱ་བ་ནི་གང་ཞིག་བདེན་པ་གང་མངོན་པར་རྟོགས་པས་འཐོབ་པ་དེའི་ནི་དེ་རང་གི་བདེན་པ་སྟེ། སྡུག་བསྔལ་མངོན་པར་རྟོགས་པ་ནི་ཀུན་རྫོབ་ཤེས་པ་གང་ཐོབ་པ་དེ་ནི་མི་རྟག་པ་ལ་སོགས་པའི་རྣམ་པའོ། །དེ་བཞིན་དུ་
ཀུན་འབྱུང་བ་དང་འགོག་པ་ལ་ཡང་བརྗོད་པར་བྱའོ། །དེའི་དམིགས་པ་ཡང་བདེན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། དེའི་དམིགས་པ་ཅན་མ་ཡིན་པ་ནི་དེའི་རྣམ་པ་ཅན་ཉིད་དུ་མི་རུང་བའི་ཕྱིར་རོ། །རྣམ་པ་ནི་དམིགས་པ་འཛིན་པའི་རྣམ་པའོ། །འབད་ལས་བྱུང་ཞེས་བྱ་བ་ནི་སྐྱེ་བས་
ཐོབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལ་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་ཕུང་པོ་བཞིའི་རང་བཞིན་ནོ། །གཟུགས་ན་སྤྱོད་པ་ནི་བསམ་གཏན་གྱི་སྡོམ་པའི་གཟུགས་ཡོད་པའི་ཕྱིར་ཕུང་པོ་ལྔ་ཡིན་ནོ། །ཆགས་བཅས་བཅུ་
དྲུག་པ་ལས་དྲུག །ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའོ། །ཤེས་པ་གཉིས་ད་ལྟར་བྱུང་བ་ཡིན་ལ་ཞེས་བྱ་བ་ནི་ལམ་ཤེས་པའོ་ཞེས་ལམ་ལ་རྗེས་སུ་ཤེས་པ་ཁོ་ན་གཉིས་སུ་བརྩིའོ། །མ་འོངས་པ་དྲུག་འཐོབ་སྟེ་ཞེས་བྱ་བ་ནི། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བས་ཤེས་པ་དྲུག་ཐོབ་
པས་དེའི་ཕྱིར་དེ་དག་ཉིད་མ་འོངས་པ་འཐོབ་སྟེ། ཆོས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཐོབ་པ་དག་སྐྱེ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་དང་ནི་བྲལ་བས་བདུན། །ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་དྲུག་ཁོ་ན་ལ་སྟེ། མཐོང་བའི་ལམ་ལ་ནི་འདོད་ཆགས་དང་བྲལ་བས་ཀྱང་གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ།
དེ་ནི་མངོན་སུམ་དུ་བྱ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལ། དེ་ན་ཡང་དེའི་སྐབས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་ལ་ཡང་མི་འཐོབ་པོ། །བསྒོམ་པའི་ལམ་ལ་བདུན་འཐོབ་པོ་ཞེས་བྱ་བ་ནི་རྣམ་པ་བརྒྱད་སྤངས་པའི་བར་དེར་རོ། །རྣམ་པ་དགུ་པ་ནི་མ་གཏོགས་ཏེ། དེར་ཐོབ་པ་
དེ་ནི་ཕྱིས་བཤད་པའི་ལྷག་མ་ལ་བརྒྱད་ཐོབ་ཅེས་བྱ་བ་དེར་འཆད་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་མ་གཏོགས་པ་གཞན་གང་དག་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པ་སྦྱོར་བའི་ལམ་ལ་སོགས་པ་དེ་དག་ཏུ་གཞན་གྱི་སེམས་ཤེས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་མ་གཏོགས་
Vol. 145 · folio 242b
པ་ཤེས་པ་བདུན་ཐོབ་པོ། །འཇིག་རྟེན་པ་ཞིག་ཡིན་ན་ནི། །ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འཕགས་པས་འཇིག་རྟེན་པའི་ལམ་གྱིས་འདོད་པར་གཏོགས་པའི་བསྒོམ་པས་སྤང་བར་བྱ་བ་ཟད་པར་བྱེད་ན་དེའི་ཕྱིར་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །ཅི་སྟེ་འཇིག་རྟེན་ལས་འདས་པས་ཟད་པར་བྱེད་ན་དེའི་
ཕྱིར་ཤེས་པ་བཞི་ལས་ཞེས་བྱ་བ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ཆོས་ཤེས་པ་རྣམས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ཏེ། འདོད་ཆགས་དང་བཅས་པའི་བསྒོམ་པའི་ལམ་ནི་འདོད་པའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་
ནི་མི་འཐོབ་སྟེ། དེ་ནི་འདོད་ཆགས་དང་མ་བྲལ་བ་ལ་མེད་པའི་ཕྱིར་རོ། །ས་བདུན་ལས་རྒྱལ་ཞེས་བྱ་བ་ནི་ཤེས་པ་བདུན་ཐོབ་བོ་ཞེས་བྱ་བར་སྦྱར་རོ། །དེ་དག་ཉིད་དོ་ཞེས་བྱ་བ་ནི་ཆོས་དང་། རྗེས་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཀུན་རྫོབ་ཤེས་པ་རྣམས་སོ། །འདོད་པའི་ཁམས་
ལས་འདོད་ཆགས་དང་བྲལ་ཡང་གཞན་གྱི་སེམས་ཤེས་པ་མི་ཐོབ་སྟེ། དེ་ནི་བར་ཆད་མེད་པའི་ལམ་ལ་བཀག་པའི་ཕྱིར་རོ། །གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་ས་བདུན་ལས་འདོད་
ཆགས་དང་བྲལ་བ་ལ་སོགས་པར་ཅི་རིགས་པར་གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི་རྗེས་སུ་ཤེས་པ་བཞི་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་རྗེས་སུ་ཤེས་པ་རྣམས་ལ་གང་ཡང་རུང་བ་ཞིག་སྟེ།
ཐམས་ཅད་ཅིག་ཅར་མངོན་སུམ་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ཆོས་ཤེས་པ་གཉིས་ལས་ཞེས་བྱ་བ་ནི་འགོག་པ་དང་ལམ་ལ་དམིགས་པ་དག་ལས་ཏེ། འགོག་པ་དང་། ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་
རྫོབ་ཤེས་པ་སྲིད་པའི་རྩེ་མོའི་གཉེན་པོ་མེད་དེ། ས་གོང་མའི་ཉེར་བསྡོགས་མེད་པའི་ཕྱིར་ལ་མི་གཡོ་བའི་སེམས་རྣམ་པར་གྲོལ་བ་ཡང་སྲིད་པའི་རྩེ་མོའི་གཉེན་པོས་རབ་ཏུ་ཕྱེ་བ་ཡིན་ནོ། །དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་པར་རིག་པར་བྱའོ། །ཡང་ཅིའི་ཕྱིར་དེར་མི་སྐྱེ་བ་ཤེས་པ་ཡང་མི་འཐོབ་ཅེ་ན་བར་ཆད་མེད་པའི་ལམ་ལ་
Vol. 145 · folio 243a
གནས་པ་ནི་མི་གཡོ་བའི་ཆོས་ཅན་མ་ཡིན་ཏེ། དེ་ནི་དུས་ཀྱི་རྣམ་པར་གྲོལ་བ་ཡིན་ནོ། །རྣམ་པར་གྲོལ་བའི་ལམ་དགུ་པ་ལ་མི་སྐྱེ་བ་ཤེས་པ་འབྱུང་གི་བར་ཆད་མེད་པའི་ལམ་ལ་ནི་མ་ཡིན་ནོ། །གལ་ཏེ་ཀུན་རྫོབ་ཤེས་པ་མི་འཐོབ་ན་གཞན་གྱི་སེམས་ཤེས་པ་ཇི་ལྟར་འཐོབ་ཅེ་ན།
གཞན་གྱི་སེམས་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པ་དང་། ཟག་པ་མེད་པ་ཡིན་པས་འཐོབ་པའོ། །སློབ་པ་སྦྱང་བའི་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འབྱུང་ངོ་། །གཉི་གས་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་གཉི་གས་
རྣམ་པར་གྲོལ་བའི་ལམ་ལ་འཐོབ་བོ། །སྦྱོར་བའི་ལམ་ལ་ནི་དེ་ཉིད་ཀྱིས་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་དེ་གཉི་གས་ཀྱང་དབང་པོ་སྦྱོང་བའི་སྦྱོར་བའི་ལམ་ལ་སྔར་བཤད་པ་ཆོས་དང་རྗེས་སུ་ཤེས་པ་ལ་སོགས་པ་འབའ་ཞིག་དུ་མ་ཟད་ཀྱི་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ། །དེ་ལྟར་ན་འདོད་
ཆགས་དང་བྲལ་བས་ནི་སྦྱོར་བའི་ལམ་ལ་ཤེས་པ་བདུན་འཐོབ་པོ། །འདོད་ཆགས་དང་བྲལ་བས་ནི་བརྒྱད་འཐོབ་པོ། །མཐོང་བའི་ལམ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་དག་སྦྱོང་ན་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་ལས་གང་ཡང་རུང་བ་འབྲས་བུ་འདུས་བྱས་དབང་པོ་རྣོན་པོས་བསྡུས་པ་འཐོབ་བོ་
ཞེས་བྱ་བ་ནི་མཐོང་བའི་ལམ་དང་འདྲ་བ་ཡིན་ནོ། །དེར་བར་ཆད་མེད་པའི་ལམ་ལ་ཀུན་རྫོབ་ཤེས་པ་ཐོབ་པ་ཡང་མ་ཡིན་པ་དེ་བཞིན་དུ་འདིར་ཡང་བར་ཆད་མེད་པའི་ལམ་ལ་ཀུན་རྫོབ་ཤེས་པ་འཐོབ་པ་མེད་དོ། །གཉེན་པོ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ནི་མངོན་པར་ཤེས་པའི་བདག་ཉིད་
ཡིན་པ་ཉིད་ཀྱིས་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་ཕྱིར་གཉེན་པོ་མ་ཡིན་པ་ཉིད་དེ། འདིར་ནི་སྤོང་བའི་གཉེན་པོར་འདོད་དོ། །དེ་བཞིན་སྲིད་རྩེ་རྣམ་རྒྱལ་ལ། །ཞེས་བྱ་བ་ནི་ཇི་ལྟར་དབང་པོ་སྦྱོང་བ་ན་འདོད་ཆགས་དང་མ་བྲལ་བས་རྣམ་པར་གྲོལ་བའི་ལམ་དང་། འདོད་ཆགས་དང་བྲལ་ཡང་རུང་མ་བྲལ་ཡང་
རུང་བས་བར་ཆད་མེད་པའི་ལམ་ལ་ཤེས་པ་དྲུག་འཐོབ་པ་དེ་བཞིན་དུ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་རྣམས་ལ་ཡང་ཆོས་དང་རྗེས་དང་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་། ལམ་ཤེས་པ་དྲུག་ཁོ་ན་འཐོབ་པོ། །གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ། བར་ཆད་མེད་
Vol. 145 · folio 243b
པའི་ལམ་ལ་བཀག་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པ་ཡང་མི་འཐོབ་སྟེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་དག་ཏུ་ཀུན་དུ་སྦྱོར་བ་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ཀྱང་མི་འཐོབ་པོ། །ཟད་པ་ཤེས་པ་ལ་དགུའོ། །ཞེས་བྱ་བ་ནི་དུས་ཀྱི་རྣམ་པར་གྲོལ་བས་ནི་ཟད་པ་ཤེས་པ་ལ་
ཤེས་པ་དགུ་འཐོབ་པར་འགྱུར་ཏེ། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་མི་སྐྱེ་བ་ཤེས་པ་ནི་མ་ཡིན་ནོ། །ཟད་པ་ཤེས་པའི་ལས་ཐམས་ཅད་པའི་ཡོན་ཏན་ཟག་པ་དང་བཅས་པ་རྣམས་འཐོབ་པར་འགྱུར་བའི་ཕྱིར་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ། །དུས་ཀྱི་རྣམ་པར་གྲོལ་བ་གང་ཞིག་མི་གཡོ་བ་ཉིད་དུ་འཕོ་བ་དེའི་
རྣམ་པར་གྲོལ་བའི་ལམ་ཐ་མ་ལ་ཡང་མི་སྐྱེ་བ་ཤེས་པས་བསྣན་ཏེ་བཅུ་འཐོབ་པོ། །བཤད་པའི་ལྷག་མ་ལ་བརྒྱད་འཐོབ་ཅེས་བྱ་བ་ལ་བཤད་པའི་ལྷག་མ་ནི་བཤད་པ་ལས་གཞན་མ་བཤད་པའོ། །དེ་ལ་ལྷག་མ་ཡང་གང་ཞིག་ཅེ་ན། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་
ལམ་དགུ་པ་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་ཞེ་ན། དེ་ཡི་གོང་མ་ཆགས་བཅས་ཀྱི། །བསྒོམ་པའི་ལམ་ལ་བདུན་འཐོབ་པོ། །ཞེས་འབྱུང་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་ལྷག་མ་ཡིན་ནོ། །དེ་བཞིན་དུ་ས་བདུན་པོ་ལས་འདོད་ཆགས་དང་བྲལ་བ་དང་མངོན་པར་ཤེས་པ་དང་སྤེལ་མར་བསྒོམ་པ་དག་
གིས་རྣམ་པར་གྲོལ་བའི་ལམ་རྣམས་ཀྱང་ལྷག་མ་ཡིན་ནོ། །ཇི་ལྟར་ཞེ་ན། ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་ཐོབ་དང་སྤེལ་བསྒོམ་པའི། །བར་ཆད་མེད་པའི་ལམ་དག་དང་། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལྷག་མ་
ཡིན་ནོ། །འདི་ག་ལས་ཤེ་ན། དེའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལ་ཡང་བཅུ་འཐོབ་པོ་ཞེས་འབྱུང་བའི་ཕྱིར་མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལྷག་མ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་སྦྱོར་བ་དང་ཁྱད་པར་ཅན་གྱི་ལམ་ཐམས་ཅད་ལྷག་མ་ཡིན་ཏེ། མ་བཤད་པའི་
ཕྱིར་རོ། །ཤེས་པ་བརྒྱད་མ་འོངས་པ་འཐོབ་པས་འཐོབ་སྟེ་ཞེས་བྱ་བ་ནི་རྒྱས་པར་འབྱུང་ངོ་། །སློབ་པའི་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་ཅི་ཞིག་ཅེ་ན། ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་གཞན་ཤེས་པ་བརྒྱད་འཐོབ་པོ་ཞེས་བྱ་བའོ། །མི་སློབ་པ་ནི་མངོན་པར་ཤེས་པ་ལ་སོགས་པའི་སྦྱོར་
Vol. 145 · folio 244a
བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་ཅན་གྱི་ལམ་རྣམས་ལ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་སྤེལ་མར་བསྒོམ་པ་ལ་སོགས་པ་བསྡུའོ། །མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང་། སྤེལ་མར་བསྒོམ་པའི་སྦྱོར་བ་དང་། རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་གང་དག་ཡིན་
པ་དེ་དག་ལ་ཤེས་པ་དགུ་འམ་བཅུ་མ་འོངས་པ་འཐོབ་པས་འཐོབ་སྟེ། དུས་ཀྱི་རྣམ་པར་གྲོལ་བས་ནི་མི་སྐྱེ་བ་ཤེས་པ་མ་གཏོགས་པ་དགུ་འཐོབ་པོ། །མི་གཡོ་བའི་ཆོས་ཅན་གྱིས་ནི་མི་སྐྱེ་བ་ཤེས་པ་བསྣན་ཏེ་བཅུ་འཐོབ་པོ། །བརྒྱད་དམ་དགུ་འཐོབ་བོ་ཞེས་བྱ་བ་ནི་དུས་ཀྱི་རྣམ་པར་གྲོལ་བས་ནི་གཞན་གྱི་སེམས་
དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བརྒྱད་འཐོབ་པོ། །མི་གཡོ་བའི་ཆོས་ཅན་གྱིས་ནི་གཞན་གྱི་སེམས་ཤེས་པ་མ་གཏོགས་པ་དགུ་འཐོབ་སྟེ། དེ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་ལ་བཀག་པ་ཡིན་ནོ། །མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་རྣམས་ལ་ཤེས་པ་དགུའམ་བཅུ་འཐོབ་པོ་ཞེས་ཁྱད་པར་མེད་པར་
སྨོས་པའི་ཕྱིར་མིག་དང་རྣ་བའི་མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །མིག་དང་རྣ་བའི་མངོན་པར་ཤེས་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་པས་དེའི་ཕྱིར་དེ་དག་གི་རྣམ་པར་གྲོལ་བའི་ལམ་
ལུང་དུ་མ་བསྟན་པ་ཡིན་ལ། ཆོས་ལུང་དུ་མ་བསྟན་པ་ལ་ནི་མ་འོངས་པའི་འཐོབ་པ་མེད་དེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདོད་པ་ལས་འདོད་ཆགས་དང་བྲལ་བ་དང་བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་
པར་གྲོལ་བའི་ལམ་ཐ་མ་རྣམས་ལ་ཀུན་རྫོབ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་མ་འོངས་པ་འཐོབ་བོ། །ཡང་བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བའི་ཡང་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ན། གཞན་གྱི་སེམས་ཤེས་པ་གཟུགས་མེད་པའི་
ཁམས་ཀྱིས་བསྡུས་པ་ཡང་མེད་དེ། གཞན་གྱི་སེམས་ཤེས་པ་གཟུགས་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་རོ། །བསམ་གཏན་གྱི་ས་པ་དག་གི་སྦྱོར་བ་རྣམས་དང་མངོན་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བའི་ལམ་དང་། མངོན་པར་ཤེས་པ་གསུམ་གྱི་རྣམ་
Vol. 145 · folio 244b
པར་གྲོལ་བའི་ལམ་རྣམས་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་རྣམས་ནི། སྦྱོར་བ་རྣམས་དང་མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་རྣམས་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་རྣམས་ཏེ། བསམ་གཏན་གྱི་ས་པ་དེ་རྣམས་ལ་ཀུན་རྫོབ་ཤེས་
པ་མ་འོངས་པ་དང་། གཞན་གྱི་སེམས་ཤེས་པ་འཐོབ་པོ། །བསམ་གཏན་གྱི་ས་པ་དག་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན་གཞན་གྱི་སེམས་ཤེས་པ་ཉེར་བསྡོགས་ཀྱི་ས་པ་མེད་པས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་གལ་ཏེ་དང་པོའི་སྦྱོར་བ་ཡིན་ན་
ནི་ཀུན་རྫོབ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་འཐོབ་པོ། །གལ་ཏེ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཀྱི་སྦྱོར་བ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་པོ། །བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་བར་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བསམ་གཏན་བཞི་པ་ལས་འདོད་
ཆགས་དང་བྲལ་བར་བྱ་བ་ལ་གལ་ཏེ་དེ་ཉིད་སྦྱོར་བ་ཡིན་ན་ནི་ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་དག་འཐོབ་པོ། །གོང་མའི་ཉེར་བསྡོགས་ཀྱི་ཡིན་ན་ནི། ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་པོ། །མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་རྣམས་ལ་ཡང་ཤེས་པ་གཉིས་ཁོ་ན་འཐོབ་པོ། །
མངོན་པར་ཤེས་པ་གསུམ་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པའོ། །སོགས་པ་ཞེས་སྨོས་པ། ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པའི་ཡོན་
ཏན་མངོན་པར་བསྒྲུབ་པ་དག་གི་བསམ་གཏན་གྱི་ས་པའི་རྣམ་པར་གྲོལ་བའི་ལམ་གང་དག་ཡིན་པ་དེ་རྣམས་ལ་ཡང་ཀུན་རྫོབ་ཤེས་པ་མ་འོངས་པ་དང་གཞན་གྱི་སེམས་ཤེས་པ་འཐོབ་སྟེ། གཞན་གྱི་སེམས་ཤེས་པ་ནི་བསམ་གཏན་གྱི་དངོས་གཞིས་བསྡུས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ། །ངེས་པར་འབྱེད་པའི་
ཆ་དང་མཐུན་པ་དག་མ་གཏོགས་པ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསམ་གཏན་གྱི་ས་པ་དག་ཀྱང་ཡོད་མོད་ཀྱི། དེ་དག་ལ་ནི་གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ། མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་དང་། མཐོང་བའི་ལམ་ལ་གཞན་གྱི་སེམས་ཤེས་པ་བཀག་པའི་ཕྱིར་རོ། །སྔོན་མེད་པའི་ལམ་
Vol. 145 · folio 245a
འཐོབ་པ་གཞན་ལ་ནི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཁོ་ནའི་འདོད་པ་དང་། བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལས་གཞན་པའི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པ་གང་ཡིན་པ་དང་བསམ་གཏན་གྱི་ས་པ་དག་གི་སྦྱོར་བ་
རྣམས་དང་མངོན་པར་ཤེས་པ་གསུམ་གྱི་རྣམ་པར་གྲོལ་བའི་ལམ་ལ་སོགས་པ་དག་ལས་གཞན་པ་གང་ཡིན་པའོ། །དེ་ཡང་གང་ཞེ་ན། འདོད་པ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་བརྒྱད་དང་། དེ་བཞིན་དུ་བསམ་གཏན་གསུམ་པ་དང་། བཞི་པའི་བར་ལས་
འདོད་ཆགས་དང་བྲལ་བའི་བར་ཆད་མེད་པ་ལ། རྣམ་པར་གྲོལ་བའི་ལམ་དང་། ས་གོང་མའི་ཉེར་བསྡོགས་ཀྱི་སྦྱོར་བའི་ལམ་དང་། གཟུགས་མེད་པ་གསུམ་ལས་འདོད་ཆགས་དང་བྲལ་བ་སྟེ། དེ་རྣམས་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན་ཐོབ་ཀྱི་གཞན་གྱི་སེམས་ཤེས་པ་ནི་མ་ཡིན་ཏེ། དེ་ནི་ཉེར་བསྡོགས་དང་བར་
ཆད་མེད་པའི་ལམ་དང་གཟུགས་མེད་པ་རྣམས་སུ་བཀག་པའི་ཕྱིར་རོ། །ཡང་ལམ་གང་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་མངོན་སུམ་དུ་གྱུར་པ་ལའོ། །ལམ་ས་གང་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པའི་ས་པའོ། །དང་པོ་ཉིད་དུ་ས་
འཐོབ་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་སྒོ་ནས་བསམ་གཏན་དང་པོ་ལ་སོགས་པ་ཐོབ་པ་སྟེ། ས་དེ་པའི་ཀུན་རྫོབ་ཤེས་པ་མ་འོངས་པ་འཐོབ་པོ། །ཇི་ལྟར་ཞེ་ན། གལ་ཏེ་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོ་འཐོབ་ནི་མི་
ལྕོགས་པ་མེད་པའི་ས་པ་དང་། བསམ་གཏན་དང་པོའི་ས་པའི་ཀུན་རྫོབ་ཤེས་པ་འཐོབ་པོ། དེ་བཞིན་དུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་བརྟེན་ཏེ་དང་པོར་ས་གང་འཐོབ་ན། ཀུན་རྫོབ་ཤེས་པ་བསམ་གཏན་གཉིས་པའི་ས་པ་དང་། དེའི་ཉེར་བསྡོགས་ཀྱི་ས་པ་འཐོབ་པོ། །སྲིད་པའི་རྩེ་མོའི་བར་དུ་ཡང་དེ་
དང་འདྲ་སྟེ། དེར་ཡང་སྲིད་པའི་རྩེ་མོའི་ས་པ་དང་། དེའི་ཉེར་བསྡོགས་ཀྱི་ས་པ་འཐོབ་པོ། །གང་ལས་ཆགས་བྲལ་བྱ་ཕྱིར་ཞེས་བྱ་བ་ནི་ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རོ། །གང་ཐོབ་པ་ཞེས་བྱ་བ་ནི་ལམ་གང་ཐོབ་པའོ། །རྣམ་པ་གཉིས་ཡིན་ལ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་། འཇིག་རྟེན་
Vol. 145 · folio 245b
ལས་འདས་པའོ། །སྦྱོར་བའི་ལམ་ལ་སོགས་པ་ཞེས་བྱ་བ་ནི་རྣམ་པ་བཞི་ཆར་ཡང་ངོ་། །དེའི་ས་པ་དང་ས་འོག་མའི་ཟག་པ་མེད་པའི་ཤེས་པ་འཐོབ་པོ། །ཇི་ལྟར་ཞེ་ན། དཔེར་ན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་
ཀྱིས་བསྡུས་པའི་འཇིག་རྟེན་པའི་ལམ་མངོན་དུ་བྱེད་པའམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཟག་པ་མེད་པ་དེ་ཉིད་མངོན་སུམ་དུ་བྱེད་པ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་ས་གང་ལས། འདོད་ཆགས་དང་བྲལ་བར་བྱ་བའི་དོན་དུ་ལམ་དེ་མངོན་སུམ་དུ་བྱེད་པ་དང་། ཅི་ཡང་མེད་
པའི་སྐྱེ་མཆེད་ཀྱི་ས་རྙེད་པ་གང་ཡིན་པ་དེའི་ས་པ་དང་། འོག་མ་མི་ལྕོགས་པ་མེད་པའི་བར་ཐོབ་པ་བཞིན་ནམ། དཔེར་ན། གང་ཞིག་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོ་རྙེད་པ་དེས་བསམ་གཏན་དང་པོའི་ས་པ་དང་། མི་ལྕོགས་པ་མེད་པས་བསྡུས་པའི་ཡོན་ཏན་
དག་ཐོབ་པ་བཞིན་ནོ། །དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་ལས་འདོད་ཆགས་དང་བྲལ་བར་འགྱུར་བས་ས་ཐམས་ཅད་པའི་ཡོན་ཏན་ཟག་པ་མེད་པ་ཐོབ་པར་འགྱུར་རོ། །ཡང་ཞེས་བྱ་བའི་སྒྲ་དང་པོས་ནི་དེའི་ས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། གཞན་གྱི་ས་པ་ཡང་ཐོབ་པར་འགྱུར་རོ་ཞེས་བསྟན་
ལ། ཡང་ཞེས་བྱ་བའི་སྒྲ་གཉིས་པས་ཀྱང་འཇིག་རྟེན་ལས་འདས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། འཇིག་རྟེན་པ་ཡང་ངོ་ཞེས་བསྟན་ཏོ། །ཟད་པ་ཤེས་ལ་ཟག་བཅས་ཀྱང་། །ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཟག་པ་མེད་པ་ཡང་ཞེས་བྱ་བ་ཡིན་ཏེ། དགྲ་བཅོམ་པ་ཉིད་ཐོབ་ན་ཐོས་པ་དང་
བསམ་པ་དང་བསྒོམ་པ་ལས་བྱུང་བ་དང་། མི་སྡུག་པ་དང་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་ལ་སོགས་པ་ས་ཐམས་ཅད་པ་དག་འཐོབ་པོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་བསྡུའོ། །སྤྲོག་མ་ཐག་པ་བཅད་དེ་ཞེས་བྱ་བ་རྒྱས་པར་འབྱུང་
བ་ནི་དཔེར་ན་སྤྲོག་མ་ཐག་པ་གཞུངས་ཏེ་བཅིངས་པ་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་སྟེ། དེ་བཞིན་དུ་སྤྲོག་མ་དང་ཆོས་མཚུངས་པ་དེ་ལྟ་བུ་བར་ཆད་མེད་པའི་ལམ་དགུ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་བཅད་པ་ལས་ཇི་སྐད་བཤད་པའི་ཡོན་ཏན་མི་སྡུག་པ་ལ་སོགས་པ་མི་སློབ་
Vol. 145 · folio 246a
པའི་རྒྱུད་ལ་ཡོད་པ་རྣམས་ཐོབ་པའི་སྒོ་ནས་དབུགས་ཕྱིན་པ་ལྟ་བུར་འགྱུར་ཏེ། ཆེར་སྦྱངས་པ་རྣམས་ཀྱི་ཐོབ་པ་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ། །དབུགས་ཕྱིན་པ་ལྟ་བུར་ཞེས་བྱ་བ་ནི་དབུགས་ཕྱིན་པ་སྲོག་ཆགས་ཀྱི་ཆོས་ཡིན་པའི་ཕྱིར་ཉེ་བར་བཏགས་པའོ། །རང་གི་སེམས་ལ་རྒྱལ་སྲིད་
ཆེན་པོ་ཉིད་ཐོབ་ན། །ཞེས་བྱ་བ་ལ་ལྷག་པའི་རྒྱལ་པོ་ནི་རྒྱལ་སྲིད་ཆེན་པོའོ། །དེའི་དངོས་པོ་ནི་རྒྱལ་སྲིད་ཆེན་པོ་ཉིད་དོ། །རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་ཐོབ་པ་ནི། རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་ཐོབ་པ་སྟེ། རང་གི་སེམས་ལ་དབང་ཐོབ་པའི་ཕྱིར་རོ། །དགེ་བའི་ཆོས་ཐམས་ཅད་
ཐོབ་པ་རྣམས་ཀྱིས་བསུ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་འདྲ་བ་དེ་ལ་མི་སྡུག་པ་ལ་སོགས་པའི་ཡོན་ཏན་དགེ་བའི་ཆོས་ཐམས་ཅད་ཀྱིས་ཐོབ་པ་འབུལ་བ་དང་འདྲ་བ་རྣམས་ཀྱིས་བསུ་བའི་ཕྱིར་ཏེ། དཔེར་ན་རྒྱལ་སྲིད་ཆེན་པོ་ཐོབ་ན་ཡུལ་རྣམས་འབུལ་བར་བྱེད་པ་སྟེ། གོས་དང་རྒྱན་ལ་སོགས་
པ་འབུལ་གྱིས་བསུ་བ་བཞིན་ནོ། །ཡུལ་ལས་རྣམས་ཞེས་བརྗོད་པར་བྱ་བ་ལས་ཡུལ་རྣམས་ཞེས་བསྟན་པ་ནི་ཡུལ་གྱིས་ཡུལ་ལ་བསྟན་པའི་ཕྱིར་ཏེ། འདི་ལྟར་སྨྲ་བ་པོ་དང་ཡུལ་ཐམས་ཅད་འོངས་སོ་ཞེས་བརྗོད་པ་ཡིན་ནོ། །གང་ཇི་རྙེད་པ་ཞེས་བྱ་བ་ལ། བསམ་གཏན་ལ་སོགས་པ་མངོན་དུ་
བྱེད་པ་དེ་ཐམས་ཅད་མ་འོངས་པ་ཐོབ་བམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། སྔོན་རྙེད་ཟིན་པ་མི་འཐོབ་པོ། །གང་ཞིག་རྙེད་དེ་རྣམ་པར་ཉམས་པ་ལས་ཡང་རྙེད་པ་དེ་ཡང་མི་འཐོབ་བོ། །གང་སྔོན་མ་རྙེད་པ་ལས་རྙེད་པ་དེ་འཐོབ་པོ། །འཁོར་བར་མ་འདྲིས་པར་ཟག་པ་མེད་པ་དང་། དེ་དང་མཐུན་པ་གང་ཡིན་
པ་དེ་ནི་མངོན་དུ་གྱུར་ན། དེ་དང་འདྲ་བ་མ་འོངས་པ་ཁྱད་པར་ཅན་འཐོབ་སྟེ། འབད་ནས་མངོན་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་རྙེད་པའི་ལམ་ནི་འབད་པས་མངོན་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་རྙེད་པའི་ལམ་ནི་འབད་པས་མངོན་དུ་བྱེད་པ་དེས་འཕངས་པ་སྟོབས་དང་ལྡན་པའི་ཕྱིར་མ་འོངས་པ་འཐོབ་
ཀྱི། སྔོན་རྙེད་པ་ནི་འབད་པ་མེད་པར་མངོན་དུ་འགྱུར་ཏེ། དེ་བསྒོམས་ཤིང་རྙེད་པའི་ཕྱིར་རོ། །མཚར་ཅིག་དགའ་བ་མེད་པའི་ཕྱིར་དང་། ཤིན་ཏུ་མངོན་དུ་འགྱུར་བའི་ཕྱིར་མ་འོངས་པ་མི་འཐོབ་པོ། །འཐོབ་པ་ནི་རྣམ་པ་བཞི་སྟེ་ཞེས་གྲངས་བསྟན་པ་ནི་ངེས་པར་གཟུང་བར་བྱ་བའི་ཕྱིར་རོ། །རྙེད་པའི་འཐོབ་པ་
Vol. 145 · folio 246b
ཞེས་བྱ་བ་ནི་ཡོན་ཏན་གང་ཡང་རུང་བ་གོམས་པས་ཡོན་ཏན་གང་ཡང་རུང་བ་འཐོབ་པའོ། །རྙེད་པ་ཉིད་ཐོབ་པ་ཡིན་པས་ན་རྙེད་པའི་ཐོབ་པའོ། །བསྟེན་པའི་ཐོབ་པ་ཞེས་བྱ་བ་ལ་བསྟེན་པ་ནི་ཆོས་ཐོབ་ཟིན་པ་མངོན་དུ་བྱེད་པའོ། །བསྟེན་པ་ཉིད་ཐོབ་པ་ཡིན་པས་ན་བསྟེན་པའི་ཐོབ་པའོ། །གཉེན་པོའི་
ཐོབ་པ་ཞེས་བྱ་བ་ལ་གཉེན་པོ་ནི་ལམ་སྟེ། གཉེན་པོ་ཉིད་འཐོབ་པ་ཡིན་པས་ན་གཉེན་པོའི་ཐོབ་པའོ། །དེ་ནི་ལུས་ལ་སོགས་པ་རྣམས་ཀྱི་ལུས་ལ་སོགས་པའི་གཉེན་པོ་རྟོགས་པ་ལས་ལུས་བསྒོམ་པ་ཞེས་བྱ་བ་ལྟ་བུ་སྟེ། དེ་བཞིན་དུ་ཟག་པ་དང་བཅས་པའི་ཆོས་གཞན་དག་ཀྱང་ཡིན་ནོ། །འདི་ལྟར་
ལུས་བསྒོམ་པ་དང་སེམས་བསྒོམ་པ་དང་ཚུལ་ཁྲིམས་བསྒོམ་པ་ནི་དགེ་སློང་ཞེས་བྱའོ། །ཇི་ལྟར་ལུས་བསྒོམ་པ་ཡིན་ཞེ་ན། ལུས་འདོད་ཆགས་དང་བྲལ་བ་སྲེད་པ་དང་བྲལ་བ་དང་། བསྒོམ་པ་དང་བྲལ་བ་ཞེས་རྒྱས་པར་འབྱུང་ངོ་། །ཁ་ཅིག་ན་རེ་ལུས་ཀྱི་གཉེན་པོ་ནི་བསམ་གཏན་བཞི་པ་ལས་འདོད་
ཆགས་དང་བྲལ་བར་བྱེད་པའི་གང་ཡིན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་གཟུགས་ཀྱི་འདོད་ཆགས་ཟད་པར་བྱེད་པའི་བར་ཆད་མེད་པའི་ལམ་ཡིན་ནོ་ཞེས་ཟེར་རོ། །ཐག་བསྲིང་བའི་ཐོབ་པ་ཞེས་བྱ་བ་ལ་ཐག་བསྲིང་བ་ཉིད་ཐོབ་པ་ཡིན་པས་ན་ཐག་བསྲིང་བའི་ཐོབ་པའོ། །དེ་ནི་ཉོན་མོངས་པའི་ཐོབ་པ་
གཅོད་པ་སྟེ། ཐག་བསྲིང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མ་འོངས་པ་རྣམས་ཀྱི་ནི་གཅིག་གོ་ཞེས་བྱ་བ་ནི་རྙེད་པའི་འཐོབ་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་གཉི་གའོ་ཞེས་བྱ་བ་ནི་དེ་དང་བསྟེན་པ་ཐོབ་པའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་རྙེད་པ་དང་བསྟེན་པ་ཐོབ་པ་ནི་བྱེ་བྲག་
མེད་པར་བཤད་པའི་ཕྱིར་དགེ་བ་འདུས་བྱས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཀྱི་ཡིན་ནོ། །གཉེན་པོ་དང་ཐག་བསྲིང་བ་འཐོབ་པ་དག་ནི་བྱེ་བྲག་མེད་པར་བཤད་པའི་ཕྱིར་ཟག་པ་དང་བཅས་པ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཡིན་པ་དེའི་ཕྱིར་དེ་ལྟར་ན་དགེ་བ་
ཟག་པ་དང་བཅས་པ་རྣམས་ཀྱི་འཐོབ་པ་བཞི་ཡིན་ཏེ། དགེ་བ་འདུས་བྱས་ཡིན་པའི་ཕྱིར་དང་པོ་གཉིས་ཡིན་ལ། ཟག་པ་དང་བཅས་པའི་ཕྱིར་ཕྱི་མ་གཉིས་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་དེ་དག་གི་ནི་ཐོབ་པ་བཞི་ཡིན་ནོ། །ཟག་པ་མེད་པ་རྣམས་ཀྱི་ནི་གཉིས་ཡིན་ཏེ་སྔ་མ་གཉིས་སོ། །ཉོན་མོངས་པ་ཅན་
Vol. 145 · folio 247a
དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་གཉིས་ཏེ་ཕྱི་མ་གཉིས་སོ། །སྡོམ་པའི་འཐོབ་པ་དང་རྣམ་པར་འཇིག་པའི་འཐོབ་པའོ་ཞེས་བྱ་བ་ལ་སྡོམ་པ་ཉིད་དེ་ཐོབ་པ་ཡིན་པས་ན་སྡོམ་པའི་ཐོབ་པ་སྟེ། དེ་ནི་དབང་པོའི་སྡོམ་པ་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་དེ། དབང་པོ་དྲུག་པོ་འདི་དག་
ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་བསྒོམས་པ་ནི་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བར་འགྱུར་རོ་ཞེས་འབྱུང་ངོ་། །རྣམ་པར་འཇིག་པ་ཉིད་འཐོབ་པ་ཡིན་པས་ན་རྣམ་པར་འཇིག་པའི་འཐོབ་པའོ། །དེ་ནི་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་
བསྲིང་བ་སྟེ། འདི་སྐད་དུ། ལུས་འདི་ལ་སྐྲ་དང་། སྤུ་དང་། སོ་དང་། སེན་མོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་དང་། གཉེ་མ་དང་། ཕོ་བ་དང་། ལོང་ཀ་དང་ལྒོང་པ་དང་། བཤང་བ་དང་། མཆི་མ་
དང་། རྔུལ་དང་། མཆིལ་མ་དང་། སྣབས་དང་། རྐང་དང་། ཆུ་སེར་དང་། གཞུངས་པ་དང་། ཚིལ་དང་། བད་ཀན་དང་། རྣག་དང་། ཁྲག་དང་། ཀླད་པ་དང་། ཀླད་རྒྱས་དང་། གཅིན་ཡོད་དོ་ཞེས་འབྱུང་བ་ལྟ་བུའོ། །དེ་དག་ནི་གྲངས་བཞིན་དུ་གཉེན་པོ་དང་ཐག་བསྲིང་བའི་ཐོབ་པའི་ནང་དུ་འདུས་སོ། །དེ་ལ་དབང་
པོ་སྡོམ་པའི་ཐོབ་པ་ནི་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་པས་གཉེན་པོའི་ཐོབ་པ་གྲུབ་ན། རྣམ་པར་འཇིག་པའི་ཕྱིར་ཐོབ་པ་ནི་ཇི་ལྟར་ཐག་བསྲིང་བའི་ཐོབ་པར་གྲུབ་ཅེ་ན། འདི་ལྟར་དེ་ནི་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་བསྲིང་བའི་མཚན་ཉིད་ཡིན་ནོ། །དེ་ནི་གཉེན་པོའི་ཐོབ་པ་ཡིན་པར་ཡང་མི་
འགལ་ཏེ། ཤེས་རབ་ཀྱིས་ལུས་རྣམ་པར་འཇིག་པར་བྱེད་པས་སོ། །གང་ཟག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཟད་པ་ཤེས་པའི་སྐད་ཅིག་ལ་ཡོན་ཏན་ཐོབ་པ་བཤད་དེ། ཟད་པ་ཤེས་པ་ཟག་བཅས་ཀྱང་། །ཞེས་འབྱུང་བའི་
ཕྱིར་རོ། །སྟོབས་བཅུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྟོབས་ལ་སོགས་པ་ཐུགས་རྗེ་ཆེན་པོ་ལ་ཐུག་པ་དེ་དག་ནི་མ་འདྲེས་པའི་ཆོས་བཅོ་བརྒྱད་ཅེས་བརྗོད་དོ། །མ་འདྲེས་པ་ཞེས་བྱ་བ་ལ་འདྲེས་པ་ནི་འདུས་པའོ། །མ་འདྲེས་པ་ནི་འདྲེས་པ་མེད་པ་སྟེ། ཟླ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་དག་ལ་མ་འདྲེས་
Vol. 145 · folio 247b
པའི་གང་ཟག་གིས་ཡིན་པས་ན་མ་འདྲེས་པ་སྟེ། དེ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པ་ནི་མ་འདྲེས་པའོ་ཞེས་བཤད་པར་བྱ་སྟེ་གང་དག་དེ་ཁོ་ནའི་ཡིན་གྱི་གཞན་གྱི་མ་ཡིན་པའོ། །གནས་དང་གནས་མིན་ཤེས་པ་བཅུ། །ཞེས་བྱ་བ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན་
དགེ་སློང་དག་གནས་ནི་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ནི་གནས་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་པར་བཤད་དེ། །ཆོས་ཐམས་ཅད་ཀྱི་རང་བཞིན་དང་ནུས་པ་དང་། རྒྱུ་དང་འབྲས་བུ་ངེས་པ་དེ་
ལ་འདི་ནི་གནོན་མི་ཟ་བར་རྒྱུ་འདི་ལས་འབྱུང་ངོ་། །འདི་ནི་མི་འབྱུང་ངོ་སྙམ་པའི་མཁྱེན་པ་ཐོགས་པ་མེད་པ་གང་ཡིན་པའོ། །གནས་ཞེས་བྱ་བ་ནི་སྲིད་པའོ། །གནས་མ་ཡིན་པ་ནི་མི་སྲིད་པའོ། །གནས་དང་གནས་མ་ཡིན་པ་དག་ལས་གང་ཡང་རུང་བ་ཞིག་བསྟན་པས་ཅིག་ཤོས་ཀྱང་བསྟན་པར་འགྱུར་
བ་མ་ཡིན་ནམ། ཅིའི་ཕྱིར་གཉི་ག་བསྟན་ཞེ་ན། འདི་ནི་དེ་ལྟར་ཡིན་མོད་ཀྱི། གནས་མཁྱེན་པས་ནི་རྒྱུ་མེད་པར་སྨྲ་བ་བཀག་པར་སྟོན་ལ། གནས་མ་ཡིན་པ་མཁྱེན་པས་ནི་མི་མཐུན་པའི་རྒྱུར་སྨྲ་བ་དགག་པར་སྟོན་པས་གཉི་ག་ཉེ་བར་བསྟན་ཏོ། །གནས་དང་གནས་མིན་ཤེས་པ་བཅུ། །ཞེས་བྱ་
བ་ལ་ཇི་ལྟར་ཞེ་ན། འདི་ལྟར་གནས་དང་གནས་མ་ཡིན་པས་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་འདུས་བྱས་ནི་རྣམ་པ་བརྒྱད་དུ་དབྱེ་བར་བྱ་སྟེ། ཁམས་གསུམ་དང་། ཟག་པ་མེད་པ་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་དབྱེ་བས་སོ། །འདུས་མ་
བྱས་ནི་རྣམ་པ་གཉིས་སོ། །དགེ་བ་དང་ལུང་དུ་མ་བསྟན་པའི་དབྱེ་བས་སོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་རྣམ་པ་བཅུ་ཆར་ཡིན་ནོ། །ཆོས་ཤེས་པའི་ནི་ལྔ་སྟེ། འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་དགེ་བའོ། །
དེ་བཞིན་དུ་རྗེས་སུ་ཤེས་པ་ལ་སོགས་པ་རྣམས་ཀྱི་ཡུལ་ཡང་ཅི་རིགས་པར་དེ་ལྟར་བྱས་ན་གནས་དང་གནས་མ་ཡིན་པ་ཤེས་པ་ནི་ཤེས་པ་བཅུ་ཡིན་ནོ། །ལས་འབྲས་ལ་བརྒྱད་ཅེས་བྱ་བ་ལ་ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་
Vol. 145 · folio 248a
པ་དང་། ཉུང་བ་དང་མང་བ་ཉིད་དང་ངེས་པ་དང་མ་ངེས་པ་ལ་སོགས་པའི་དོན་དག་ལ་ཐོགས་པ་མེད་པའི་མཁྱེན་པ་གང་ཡིན་པའོ། །ལས་དང་རྣམ་པར་སྨིན་པ་ནི་ཁམས་གསུམ་པའི་ཆོས་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པ་ཡིན་ལ། དེ་དག་ཀྱང་སྡུག་བསྔལ་དང་ཀུན་
འབྱུང་གིས་བསྡུས་པ་ཡིན་པས་དེའི་ཕྱིར་འགོག་པ་དང་ལམ་ཤེས་པ་དག་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་ཁམས་གསུམ་པའི་ལས་དང་རྣམ་པར་སྨིན་པའི་ཡུལ་ཅན་ནོ། །ཆོས་ཤེས་པ་ནི་འདོད་པར་གཏོགས་པའི་ཡུལ་ཅན་ནོ། །རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པར་
གཏོགས་པའི་ཡུལ་ཅན་ནོ། །སྡུག་བསྔལ་དང་ཀུན་འབྱུང་དང་ཟད་པ་དང་། མི་སྐྱེ་བ་ཤེས་པ་དག་ཀྱང་ཅི་རིགས་པར་འདོད་པ་དང་། གཟུགས་སུ་གཏོགས་པ་ཡང་དགེ་བ་དང་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ནོ། །བསམ་གཏན་སོགས། དབང་པོ་མོས་དང་ཞེས་བྱ་བ་རྒྱས་པར་འབྱུང་
བ་ནི་གང་དག་བསམ་གཏན་དང་པོར་ཡོད་པ་དེ་དག་ནི་བསམ་གཏན་སོགས་ཏེ། དེ་དག་ནི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གོ། །བསམ་གཏན་ལ་སོགས་པ་དང་། དབང་པོ་རྣམས་དང་། མོས་པ་རྣམས་ནི་བསམ་གཏན་སོགས། དབང་པོ་མོས་པ་དང་སྟེ་དེ་དག་ལའོ། །
དེ་ལ་བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་སྟོང་པ་ཉིད་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། གཟུགས་མེད་པ་བཞི་སྟེ། བསམ་གཏན་ལ་སོགས་པ་དེ་དག་གི་རང་བཞིན་དང་། ཐོབ་པ་དང་
ཐབས་དང་ཕན་འདོགས་པ་དང་། རོ་མྱང་བ་དང་དག་པ་དང་། ཟག་པ་མེད་པ་དང་། ཉམས་པ་དང་གནས་པ་དང་། ཁྱད་པར་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་དོན་དག་ལ་མཁྱེན་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་
པ་མཁྱེན་པའི་སྟོབས་ཏེ། འདི་ནི་འགོག་པ་ཤེས་པ་མ་གཏོགས་པ་ཤེས་པ་དགུ་ཡིན་ནོ། །ཇི་ལྟར་ཞེ་ན་བསམ་གཏན་ལ་སོགས་པ་དེ་དག་ནི་མདོར་བསྡུ་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་རང་བཞིན་ཡིན་པ་དེ་དག་ཀྱང་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་རེ་རེ་ཞིང་རྣམ་
Vol. 145 · folio 248b
པ་གཉིས་སུ་དབྱེའོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་ལམ་ཐམས་ཅད་ཀྱི་ཡུལ་ཅན་ནོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ལ་དམིགས་པའོ། །རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་དམིགས་པའོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་ནི་ཟག་པ་དང་བཅས་པའི་
ལམ་ལ་དམིགས་པའོ། །ལམ་ཤེས་པ་ནི་ཟག་པ་མེད་པ་ལ་དམིགས་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པའོ། །གཞན་གྱི་སེམས་ཤེས་པ་ནི་མཚུངས་པར་ལྡན་པའི་ལམ་ལ་དམིགས་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་
པའི་སྟོབས་ཞེས་བྱ་བ་ལ། དད་པ་ལ་སོགས་པའི་དབང་པོ་རྣམས་གང་མཆོག་ཅེས་བྱ་བ་ནི་གཙོ་བོ་ཡིན་ལ། མཆོག་མ་ཡིན་པ་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྱེ་བྲག་ལ་ཐོགས་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་
ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །དེ་ཡང་དབང་པོ་རྣམས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་ཤེས་པ་དགུ་ཡིན་ནོ་ཞེས་རྒྱས་པར་སྦྱར་བར་བྱའོ། །འདིར་འདོད་པར་གཏོགས་པའི་དབང་པོ་རྣམས་ཀྱང་ཡོད་པས་ཆོས་ཤེས་པ་སྡུག་བསྔལ་དང་ཀུན་འབྱུང་ལ་
དམིགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །མདོར་བསྡུ་ན་སེམས་ཅན་རྣམས་ཀྱི་ལེགས་པ་འཐོབ་པའི་ནུས་པ་རྣམ་པ་གསུམ་ལ་ཐོགས་པ་མེད་པས་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་མོས་པ་སྣ་ཚོགས་
པ་ནི་དམན་པ་དང་གྱ་ནོམ་པ་དག་ལ་འདོད་པ་སྟེ། འདོད་པ་དང་མོས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སེམས་ཅན་རྣམས་ཀྱི་འདོད་པ་སྣ་ཚོགས་པ་ཐོགས་པ་མེད་པར་མཁྱེན་པ་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སོ། །མོས་པ་དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པས་སྔ་མ་བཞིན་དུ་
ཤེས་པ་དགུ་ཡིན་ནོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། དེ་ལ་ཁམས་ནི་སེམས་ཅན་རྣམས་ཀྱི་སྔོན་གོམས་པའི་བག་ཆགས་སོ། །དེ་ནི་སེམས་དང་སེམས་ལས་བྱུང་བ་ཁྱད་པར་ཅན་དེ་དག་ཡིན་ནོ། །རང་བཞིན་ཡང་ཁམས་ཡིན་ཏེ། རང་བཞིན་ཡོངས་སུ་ཤེས་ན་ཆོས་རྣམས་ཀྱི་
Vol. 145 · folio 249a
ངོ་བོའི་ཁྱད་པར་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་དག་ལ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དབྱེ་བ་དང་། ཁམས་ཀྱི་དབྱེ་བ་བྱས་ཏེ། དེ་དག་ལ་དམིགས་པའི་ཤེས་པ་དགུ་སྦྱར་བར་བྱའོ། །མདོར་བསྡུ་ན་སེམས་ཅན་རྣམས་ཀྱི་སྔོན་གོམས་པས་ཡང་དག་པར་འགྲུབ་
པའི་བསམ་པ་དང་། བག་ལ་ཉལ་དང་། ཆོས་རྣམས་ཀྱི་རང་བཞིན་སྣ་ཚོགས་པ་མཁྱེན་པའི་མཁྱེན་པ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སོ། །ལམ་དག་ལ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལམ་ནི་མང་སྟེ། དམྱལ་བར་འགྲོ་བ་ནས་ལྷར་འགྲོ་བ་དང་། འགོག་པར་འགྲོ་བའི་བར་རོ། །འདིས་དམྱལ་
བ་ལ་སོགས་པ་སྒྲུབ་པས་ན། དམྱལ་བར་འགྲོ་བའི་ལམ་སྟེ་རྒྱུའོ། །འགོག་པར་འགྲོ་བའི་ལམ་སྟེ། བྲལ་བ་ཐོབ་པར་བྱ་བའི་ཕྱིར་འདིས་འགོག་པ་སྒྲུབ་པར་བྱེད་པས་སོ། །ལམ་ནི་མདོར་བསྡུ་ན་འཇིག་ཚོགས་འབྱུང་བར་འགྲོ་བ་དང་། འཇིག་ཚོགས་འགོག་པར་འགྲོ་བའོ། །དེ་ལ་འཇིག་ཚོགས་ནི་ཉེ་བར་
ལེན་པའི་ཕུང་པོ་ལྔའོ། །འབྱུང་བ་ནི་འདིར་དེ་སྐྱེ་བ་ལ་མངོན་པར་འདོད་དོ། །འཇིག་ཚོགས་འགོག་པ་ནི་བྲལ་བའོ། །འདི་ལ་དེར་འགྲོ་བའི་ངང་ཚུལ་ཡོད་པས་ན་འདི་ནི་འཇིག་ཚོགས་འགོག་པར་འགྲོ་བའོ། །ཐམས་ཅད་དུ་འགྲོ་བ་ཡང་དེ་ཡིན་ལ་ལམ་ཡང་ཡིན་པས་ན་ཐམས་ཅད་དུ་འགྲོ་བའི་ལམ་སྟེ།
དེ་ལ་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། སྐྱེ་བ་ཐམས་ཅད་སྒྲུབ་པར་བྱེད་པ་དང་། སྐྱེ་བ་ཟད་པར་བྱེད་པའི་ཆོས་རྣམས་ལ་ཐོགས་པ་མེད་པའི་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཡིན་ནོ། །དེ་ལ་གཅིག་གི་ཚིག་ནི་
ལམ་གྱི་རིགས་ལ་ལྟོས་པ་སྟེ། དམྱལ་བ་དང་དུད་འགྲོ་དང་ཡི་དགས་དང་། མི་དང་ལྷ་དང་ཐར་པར་འགྲོ་བ་ཞེས་བྱ་བ་ལམ་དག་ནི་མང་ངོ་། །གལ་ཏེ་ལམ་འབྲས་བུ་དང་བཅས་པར་གཟུང་ན་ནི་ཞེས་བྱ་བ་ལ་ལམ་གྱི་འབྲས་བུ་ནི་འགོག་པ་སྟེ། བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གཉིས་ནི་ཀུན་རྫོབ་ཤེས་
པ་ཡིན། །ཞེས་བྱ་བ་ནི་རང་བཞིན་ནོ། །དེ་དག་གི་མཚན་ཉིད་ནི་བདག་དང་གཞན་དག་གི་སྐྱེ་བ་འདས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དྲན་པ་ལ་ཐོགས་པ་མེད་པའི་མཁྱེན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་སོ། །སེམས་ཅན་རྣམས་ཀྱི་མ་འོངས་པའི་སྲིད་པར་ཉིང་མཚམས་སྦྱོར་བ་ལ་ཐོགས་
Vol. 145 · folio 249b
པ་མེད་པའི་མཁྱེན་པ་ནི་ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སོ། །ཟད་པ་དྲུག་གམ་བཅུ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཟག་པ་ཟད་པའི་ཡུལ་ཅན་ཉིད་ཡིན་ན། དེ་ལྟར་ན་ཤེས་པ་དྲུག་གི་བདག་ཉིད་དེ། གཞན་གྱི་སེམས་དང་སྡུག་བསྔལ་དང་ཀུན་འབྱུང་
དང་ལམ་ཤེས་པ་དག་མ་གཏོགས་སོ། །འོན་ཏེ་ཟག་པ་ཟད་པ། ཟག་པ་ཟད་པའི་རྒྱུད་ལ་ཡོད་པ་ཐབས་དང་བཅས་པ་གཟུང་ན་ནི་དེ་ལྟ་ན་ཤེས་པ་བཅུ་སྟེ། དེ་སྐད་དུ་ཡང་ཟག་པ་ཟད་པ་དང་། །དེའི་ཐབས་ལ་ཐོགས་པ་མེད་པའི་མཁྱེན་པ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ་ཞེས་བཤད་དོ། །སྔོན་
གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན་ཞེས་བྱ་བ་ནི་བསམ་གཏན་དག་ཁོ་ན་མངོན་པར་ཤེས་པའི་རྟེན་ཏིང་ངེ་འཛིན་ཡོད་པའི་ཕྱིར་རོ། །ལྷག་མ་ནི། ས་རྣམས་ཀུན་ན་ཞེས་བྱ་བ་ལ། འདོད་པའི་ཁམས་ན་སྟོབས་ལྷག་མ་ཇི་ལྟར་ཡོད་ཅེ་ན། དེའི་ཕྱོགས་གཅིག་དུ་གྱུར་པ་ཀུན་རྫོབ་
ཤེས་པ་ཡོད་དོ། །བློ་གསལ་བའི་ཕྱིར་འཛམ་བུའི་གླིང་པ་རྣམས་ལ་སངས་རྒྱས་འབྱུང་བ་དང་སྟོབས་རྣམས་སངས་རྒྱས་ཀྱི་རྟེན་ཅན་ཡིན་པའི་ཕྱིར་ཐམས་ཅད་འཛམ་བུའི་གླིང་གི་སྐྱེས་པའི་རྟེན་ཅན་ཡིན་ནོ། །གཞན་གྱི་སྟོབས་ཞེས་མི་བྱའི་ཞེས་བྱ་བ་ནི་ཉན་ཐོས་སམ་རང་སངས་རྒྱས་ཀྱིའོ། །ཐོགས་
མི་མངའ་ཞེས་བྱ་བ་ནི། ཐམས་ཅད་ལ་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་འབྱུང་བར་འདོད་པའི་མི་ཕྱིར་བཏང་བ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བ་ནི་རབ་ཏུ་འབྱུང་བའོ། །དེ་འདོད་པ་ནི་རབ་ཏུ་འབྱུང་བར་འདོད་པའོ། །རབ་ཏུ་འབྱུང་བར་འདོད་པའི་མི་དེ་སླར་བཏང་བ་ནི་རབ་ཏུ་འབྱུང་བར་འདོད་པའི་མི་
ཕྱིར་བཏང་བའོ། །ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མ་མཐོང་བས་ཕྱིར་བཏང་བ་སྟེ། རབ་ཏུ་མ་བྱུང་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་ནི་གཟིགས་ཤིང་རབ་ཏུ་ཕྱུང་ངོ་། །འདི་ནི་ཇི་ལྟར་གཞན་གྱི་ཤེས་པ་ཐོགས་པའི་དཔེར་བརྗོད་པའོ། །སྐྱེ་བ་ལ་སོགས་པའི་མཐའ་མ་ཤེས་
ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་འཆི་འཕོ་བའི་མཐའ་མ་ཤེས་པ་བསྡུའོ། །སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱ་བ་ནི། སྟོབས་ཉིད་ཀྱི་མིང་གི་ཁྱད་པར་ཏེ། གང་ལ་སྟོབས་དེ་ཡོད་པ་དེ་ཡང་སྲེད་མེད་ཀྱི་བུ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་ཕུན་སུམ་ཚོགས་པ་ནི་གཉིས་ཏེ། རྟེན་ཕུན་སུམ་
Vol. 145 · folio 250a
ཚོགས་པ་ནི་གཟུགས་ཀྱི་སྐུའོ། །བརྟེན་པ་ཕུན་སུམ་ཚོགས་པ་ནི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་སོ། །གཞན་དག་ཚིགས་ན་ཞེས་བྱ་བ་ལ། གཞན་དག་ན་རེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་ལ་སྲེད་མེད་ཀྱི་བུའི་སྟོབས་གཅིག་ཡོད་པ་མ་ཡིན་
ཏེ། འོ་ན་ཅི་ཞེ་ན། ཚིགས་དང་ཚིགས་ནའོ་ཞེས་ཟེར་རོ། །དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་རོ་ཞེས་བྱ་བ་ལ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཐུགས་ཀྱི་བཞིན་དུ་སྐུའི་སྟོབས་མི་འདོད་ན་སྟེ། མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་ཏེ། བཟོད་
པའི་ངང་ཚུལ་ཅན་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཚིགས་ན་ཞེས་བཤད་པ་དེའི་ཕྱིར་རུས་པའི་ཚིགས་ཀྱི་ཁྱད་པར་ཀླུ་མདུད་པ་ཞེས་བྱ་བ་རྒྱས་པར་བཀོད་དོ། །སངས་རྒྱས་རྣམས་ཀྱི་ཚིགས་ནི་ཀླུ་མདུད་པ་ལྟ་བུ་སྟེ། ཀླུ་མདུད་པ་ནི་ཀླུ་སྦྲེལ་བའོ། །རང་སངས་རྒྱས་རྣམས་ཀྱི་ཚིགས་ནི་ལུ་གུ་རྒྱུད་ལྟ་
བུ་ཡིན་ནོ། །འཁོར་ལོས་སྒྱུར་བ་རྣམས་ཀྱི་ཚིགས་ནི་གཟེར་བུས་བཏབ་པ་ལྟ་བུ་ཡིན་ནོ། །གླང་ཆེན་སོགས། བདུན་ཅུ་གླགས་པའི་སྟོབས་ཡིན་ནོ། །ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པ་སྟེ། གླང་པོ་ཆེ་ཕལ་པ་དང་། སྤོས་ཀྱི་གླང་པོ་ཆེ་དང་། ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་
ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་དང་བདུན་ཡིན་ནོ། །དེའི་སྟོབས་ནི་བཅུས་གླགས་པའམ། བཅུ་པས་ལྷག་པའོ། །ཇི་ལྟར་ཞེ་ན། གླང་པོ་ཆེ་ཕལ་པ་སྟེ། གླང་པོ་ཆེ་ཐ་མལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་
ངོ་། །ཇི་ལྟར་ཆེས་ཆེ་བ་དེ་ལྟར་རུང་ངོ་ཞེས་བྱ་བ་ནི་སློབ་དཔོན་ཏེ། དེ་ལྟ་མ་ཡིན་ན་མཁྱེན་པ་མཐའ་ཡས་པ་བཟོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐུ་ལ་བརྟེན་པ་ནི་སྐུ་དང་འཚམ་པ་ཡིན་ཏེ། སྐུ་དང་ཐུགས་ནི་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་རོ། །གཞན་དུ་ན་ལྷ་སྦྱིན་གྱིས་བསད་པའི་
གླང་པོ་ཆེ་ཞབས་ཀྱི་མཐེ་བོས་ར་བ་དང་འོབས་བདུན་ཟློ་བ་དེར་མི་འགྱུར་བ་འདི་ནི་རྒྱུ་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་ཡིན་ཞེས་བྱ་བ་ནི། སྟོབས་ཐམས་ཅད་རེག་བྱའི་སྐྱེ་མཆེད་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་པས་དེའི་ཕྱིར་འབྱུང་བ་ཆེན་པོའི་ཁྱད་པར་
Vol. 145 · folio 250b
ཞེས་བྱ་བ་སྨོས་ཏེ། འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ། །བདུན་ལས་དོན་གཞན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི། སྔར་བཤད་པ་འཇམ་པ་ཉིད་ལ་སོགས་པ་དག་ལས་གཞན་པ་རྒྱུར་བྱས་པའི་གཟུགས་ནི་སྟོབས་ཡིན་ནོ་ཞེས་བྱ་བའོ། །མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི། ཀྱེ་
མ་ང་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདི་ན་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷ་འམ་བདུད་དམ་ཚངས་པའང་རུང་འགའ་ཡང་ཆོས་དང་མཐུན་པས་རྒོལ་ཞིང་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་ངས་
རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་པ་དང་། འཇིགས་པ་མེད་པར་གྱུར་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་འདི་ནི་མི་འཇིགས་པ་དང་པོའོ། །
ཀྱེ་མ་ང་ཟག་པ་ཟད་པ་ལ་འདི་ན་ཟག་པ་འདི་དག་མ་ཟད་དོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་འམ་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ན་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟན་ན་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ང་ལ་དགེ་སྦྱོང་ངམ་ཞེས་བྱ་བ་སྔ་མ་བཞིན་ནོ། །
འདི་ན་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱིན་པའི་ལམ་དུ་གསུངས་པ་ངེས་པར་འབྱིན་པ་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་ལ་སྡུག་བསྔལ་གྱི་མཐར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེའམ་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་
བཞི་པ་ཡིན་ནོ་ཞེས་འབྱུང་ངོ་། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཤེས་པ་བཅུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བ་འདི་མི་འཇིགས་པ་འདི་ཡང་དེ་དང་
འདྲ་སྟེ། དེ་ཁོ་ན་བཞིན་དུ་ཆོས་རྣམ་པ་བཅུར་ཕྱེ་ནས་སྦྱར་བར་བྱའོ། །ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཞེས་བྱ་བ་སྟེ། དེ་ཤེས་པ་དྲུག་གམ་བཅུ་དང་། ས་བཅུ་གཅིག་གིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་ཟག་པ་ཟད་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། འདིར་ཡང་དེ་
Vol. 145 · folio 251a
ཁོ་ན་བཞིན་དུ་ཆོས་རྣམས་ཕྱེ་ནས་ཤེས་པ་དྲུག་གམ་བཅུ་དང་ས་བཅུ་གཅིག་པར་སྦྱར་བར་བྱའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་འགོག་པ་དང་ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་དང་ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ངས་གང་དག་ཉན་ཐོས་རྣམས་ལ་
བར་དུ་གཅོད་པའི་ཆོས་སུ་གསུངས་པ་ཡང་དེ་དང་འདྲ་སྟེ། འདིར་ཡང་དེ་ཁོ་ན་བཞིན་དུ་ཆོས་རྣམས་ཕྱེ་ནས་སྦྱར་བར་བྱའོ། །ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུ་འམ་དགུ་དང་། ས་ཐམས་ཅད་ན་ཡོད་པ་ཇི་ལྟར་བར་ངས་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་
དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་དག་ནི་རྣམ་པ་བཞི་ཡིན་ཏེ། སྔ་མ་གཉིས་ཀྱིས་ནི་དེའི་བདག་ཉིད་ཀྱི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་བརྗོད་དོ། །ཕྱི་མ་གཉིས་ཀྱིས་ནི་གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་སྟེ། ཡང་དག་པ་
མ་ཡིན་པའི་ལམ་བཟློག་པའི་ཕྱིར་དང་། ཡང་དག་པའི་ལམ་བསྟན་པའི་ཕྱིར་རོ། །ཇི་ལྟར་ན་མཁྱེན་པ་ཉིད་མི་འཇིགས་པ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ་འདི་དག་གིས་ཀྱང་མི་སྐྲག་པར་འགྱུར་བས་ཤེས་པ་རྣམས་མི་འཇིགས་པ་ཡིན་ནོ་ཞེས་ཟེར་རོ། །སློབ་
དཔོན་གྱི་ཤེས་པས་བྱས་པ་ནི་མི་འཇིགས་པ་ཡིན་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེས་སྨོས་ཏེ། མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ་མི་སྐྲག་པ་ཉིད་ཀྱང་སྐྲག་པ་དང་བྲལ་བ་ཡིན་ཞིང་དེ་ཡང་ཤེས་པ་ལས་ཡིན་པས་ཤེས་པ་ཉིད་ནི་མ་ཡིན་ནོ། །མི་བརྫི་བའི་རྒྱུ་ཐོགས་པ་མེད་པའི་ལམ་མཁྱེན་པ་ནི་སྟོབས་
ཡིན་ལ། མི་ཞུམ་པའི་རྒྱུ་ནི་མི་འཇིགས་པ་ཡིན་ཏེ། ཇི་ལྟར་གཞན་གྱིས་ཟིལ་གྱིས་མི་གནོན་པ་དེ་ལྟར་ན་སྟོབས་ཡིན་ལ། ཇི་ལྟར་གཞན་དག་ཟིལ་གྱིས་གནོན་པ་དེ་ལྟར་ན་མི་འཇིགས་པ་ཡིན་ནོ། །གཞན་དག་ན་རེ་སྟོབས་ནི་དཔའ་བ་ཉིད་ཡིན་ལ། མི་འཇིགས་པ་ནི་བརྟན་པ་ཉིད་ཡིན་ནོ། །འདི་གཉིས་ཀྱི་
བྱ་བ་ཐ་དད་དེ། སྟོབས་ཀྱི་དོན་ནི་མངོན་པར་འདོད་པའི་སྒྲུབ་པའི་དོན་ཏོ། །མི་འཇིགས་པའི་དོན་ནི་མི་ཞུམ་པའི་དོན་ཏོ་ཞེས་ཟེར་རོ། །དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་རྣམས་ལས་གཞག་པ་དག་གོ། །འཁོར་གྱི་བྱེ་བྲག་ལས་ཞེས་བྱ་བ་ནི་འཁོར་གྱི་ཁྱད་
Vol. 145 · folio 251b
པར་ལས་སོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་དགེ་སློང་དག་སྟོན་པ་ཐུགས་བརྩེ་བ་ཐུགས་རྗེ་ཅན་དོན་བཞེད་པ་ཐུགས་རྗེ་སྟེ། ཉན་ཐོས་རྣམས་ལ་འདི་ནི་ཁྱེད་ལ་ཕན་པར་བྱེད་པ། འདི་ནི་ཁྱེད་ལ་བདེ་བར་བྱེད་པ། འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ་ཞེས་ཆོས་སྟོན་པར་མཛད་
ཅིང་ཉན་ཐོས་དེ་དག་དེ་ལ་ཉན་པར་བྱེད། རྣ་བ་གཏོད་པར་བྱེད། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལ་མི་འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པ་ཐུགས་དགྱེས་པར་ཡང་མི་འགྱུར། ཡིད་བདེ་བ་ཡང་མ་
ཡིན། ཐུགས་ཡ་ཡ་པོར་ཡང་མི་འགྱུར་གྱི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན། ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །
གཞན་ཡང་དགེ་སློང་དག་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །བཟློག་སྟེ་ཉན་ཐོས་དེ་དག་དེ་ལ་ཉན་པར་མི་བྱེད་ཅེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེས་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་ཡང་མི་འགྱུར། མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའ། ཐུགས་མ་རངས་
པ་ཡང་མི་མངའོ། །དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། དྲན་པ་ཉེ་བར་གཞག་པ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་དག་འདི་ན་སྟོན་པ་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཉན་ཐོས་ཁ་ཅིག་ནི་དེ་ལ་ཉན་པར་བྱེད་རྣ་བ་གཏོད་
པར་བྱེད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལས་མི་འགལ་བར་བྱེད་ལ། ཁ་ཅིག་ཉན་པར་མི་བྱེད་རྣ་བ་གཏོད་པར་མི་བྱེད་པ་ནས་སྟོན་པའི་བསྟན་པ་ལས་འགལ་བའི་བར་དུ་བྱེད་ན། དེས་དེ་བཞིན་གཤེགས་
པ་དགྱེས་པར་མི་འགྱུར། ཡིད་བདེ་བ་ཡང་མ་ཡིན་ཐུགས་ཡ་ཡ་པོར་ཡང་མི་འགྱུར་ལ། ཀུན་ནས་མནར་སེམས་སུ་ཡང་མི་འགྱུར། མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ།
Vol. 145 · folio 252a
འདི་ནི་གང་དག་སྟེན་པར་བྱེད་པ་སྟེ། འཕགས་པ་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་གསུམ་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ཡང་། དྲན་དང་ཤེས་བཞིན་བདག་ཉིད་གསུམ། །ཞེས་བྱ་བ་ནི་དྲན་པའི་བདག་ཉིད་དང་ཤེས་བཞིན་
གྱི་བདག་ཉིད་དེ། དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ་ཞེས་གང་བཤད་པ་ཡིན་ནོ། །གང་གི་ཚེ་ཉན་ཐོས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཉོན་མོངས་པ་སྤངས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །བག་ཆགས་དང་བཅས་པར་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ནི་
བཅོམ་ལྡན་འདས་ཀྱིས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་གི་བག་ཆགས་ཀྱང་སྤངས་ཀྱི། གཞན་ཉན་ཐོས་རྣམས་ཀྱིས་ནི་མ་ཡིན་ནོ། །བག་ཆགས་ཞེས་བྱ་བ་འདི་ཅི་ཞེ་ན། གང་སྔར་ཉོན་མོངས་པ་སྤྱད་པ་དེའི་དེས་བྱས་པའི་ལུས་དང་ངག་གི་གཡོ་བ་འགྱུར་བའི་རྒྱུ་ནུས་
པའི་ཁྱད་པར་ནི་བག་ཆགས་ཡིན་ནོ། །ཡང་ན་ཉན་ཐོས་རྣམས་གང་གི་ཡིན་པ་དེ་ལ་ཞེས་བྱ་བ་ནི། ཉན་ཐོས་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་གྱི། གཞན་དག་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་
རབ་ཏུ་འབྱུང་བས་སོ། །དེ་ཁོ་ན་ལ་དེ་མི་འབྱུང་བ་ཞེས་བྱ་བ་ནི་ཉན་ཐོས་དེ་དག་གང་གི་ཡིན་པ་སྟོན་པ་དེ་ཁོ་ན་ལའོ། །དེ་ཞེས་བྱ་བ་ནི་ཡིད་བདེ་བ་ལ་སོགས་པ་དེ་དག་མི་སྐྱེ་བ་ངོ་མཚར་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་སྙིང་རྗེ་བཞིན་དུ་ཞེ་སྡང་མེད་པའི་ངོ་བོ་ཡིན་པའམ། ཟག་
པ་མེད་པའི་བདག་ཉིད་ཡིན་ནའོ། །སེམས་ཅན་ཐམས་ཅད་ལ་དམིགས་པར་མི་འགྲུབ་ལ། སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་མི་འགྲུབ་པོ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ལ་དམིགས་པ་དེ་བཞིན་དུ་འདི་ཡང་འགྱུར་རོ་སྙམ་དུ་བསམས་པའོ། །
སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་མི་འགྱུར་ཏེ། འོ་ན་ཅི་ཞེ་ན། སྡུག་བསྔལ་སྡུག་བསྔལ་གྱི་རྣམ་པ་ཅན་ཁོ་ནར་འགྱུར་ཏེ། དཔེར་ན་སྙིང་རྗེ་བཞིན་ནོ། །ཤེས་པ་ཟག་པ་མེད་པ་ཡང་དེ་ལྟར་མི་འཇུག་སྟེ། དེའི་ཕྱིར་ཐུགས་རྗེ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །ཆེན་པོའི་སྒྲ་སྦྱར་བ་
Vol. 145 · folio 252b
བསྟན་པའི་ཕྱིར་འདི་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་འབྲས་བུ་ཆེན་པོ་ཉིད་ནི་རྒྱུ་ཆེན་པོ་སྔོན་དུ་འགྲོ་བ་ཡིན་པས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་
ཏུ་ཕྱིན་པའོ། །ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ནི། རྣམ་པ་གཉིས་ཀ་ཡིན་ཏེ། བསམ་གཏན་མེད་ན་ཤེས་རབ་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །བརྩོན་འགྲུས་མེད་པར་སྦྱིན་པ་མི་གཏོང་ལ། ཚུལ་ཁྲིམས་ཡང་དག་པར་མི་ལེན་
ཅིང་བཟོད་པ་མི་སྒོམ་མོ། །དེ་ལྟར་ན་བརྩོན་འགྲུས་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཆ་དང་མཐུན་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་མེད་ན་ཤེས་རབ་ཀྱང་མེད་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་ཆ་དང་མཐུན་པར་ཡང་འགྱུར་རོ། །སྡུག་བསྔལ་གསུམ་ལ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་རྣམ་པ་ཆེ་
བ་ཉིད་ཀྱིས་ཆེ་བ་ཉིད་བསྟན་ལ། ཁམས་གསུམ་པའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་དམིགས་པ་ཆེ་བ་ཉིད་བསྟན་ཏོ། །འདྲ་བར་འཇུག་པའི་ཕྱིར་ཞེས་བྱ་བ་འདི་ནི་ཕུལ་དུ་བྱུང་བའི་ཁྱད་པར་ལ་ལྟོས་ཏེ་ཆེན་པོ་ཉིད་ཡིན་པར་བསྟན་ཏོ། །ཆེས་ཆེ་བ་ཉིད་ནི་དེ་བས་ཆེས་ཆེ་བ་མེད་པའི་
ཕྱིར་རོ་ཞེས་བྱ་བ་ནི་དེ་ལ་ཤིན་ཏུ་དང་རིམ་ཆེས་ཀྱིས་རིམ་པ་ལྡོག་པའོ། །ཇི་ལྟར་སྙིང་རྗེས་སྙིང་རྗེ་བར་བྱེད་པ་དེ་ལྟར་དེས་ཀྱང་ཡིན་པ་དེ་གཉིས་ལ། ཁྱད་པར་མ་མཐོང་ནས་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་བྱ་བ་དྲིས་སོ། །ཐ་དད་དུ་བྱ་བ་ནི་དབྱེ་བར་བྱ་བའོ། །ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ངོ་བོ་ཉིད་ཡིན་པའི་
ཕྱིར་རོ་ཞེས་བྱ་བ་ནི། སྙིང་རྗེ་ནི་ཞེ་སྡང་མེད་པའི་ངོ་བོའོ། །ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོའོ། །སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྙིང་རྗེ་ནི་སྡུག་བསྔལ་གཅིག་གི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཐུགས་རྗེ་ཆེན་པོ་ནི་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་ཡིན་
པའི་ཕྱིར་རོ། །ཁམས་གཅིག་དང་གསུམ་གྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི། སྙིང་རྗེ་ནི་ཁམས་གཅིག་གི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ཐུགས་རྗེ་ཆེན་པོ་ནི་ཁམས་གསུམ་གྱི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ས་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ནི་བསམ་གཏན་
Vol. 145 · folio 253a
བཞིའི་ས་པ་ཡིན་ནོ། །འདིར་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་ནི་བསམ་གཏན་དང་པོའི་ཁོངས་སུ་གཏོགས་པས་ལོགས་ཤིག་ཏུ་མ་བཤད་དོ། །ཐུགས་རྗེ་ཆེན་པོ་ནི་བསམ་གཏན་བཞི་པའི་ས་པའོ། །ཉན་ཐོས་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་འཇིག་
རྟེན་པ་དང་རང་སངས་རྒྱས་བསྡུའོ། །འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བས་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི། སྙིང་རྗེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་ལ། །ཐུགས་རྗེ་ཆེན་པོ་ནི་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བ་འཐོབ་པ་སྟེ། ཟད་པ་ཤེས་པ་དང་སྟོབས་ལ་སོགས་པ་བཞི་
ཡིན་ནོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ་པ་དང་ཞེས་བྱ་བ་ནི་སྙིང་རྗེས་ཉན་ཐོས་ལ་སོགས་པ་དག་སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཉམ་ང་བ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་དག་གིས་སྡུག་བསྔལ་དེ་ལས་བསྐྱབ་པར་མི་ནུས་སོ། །མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྙིང་རྗེ་ནི་
སྡུག་བསྔལ་བ་རྣམས་ཁོ་ན་ལ་ཐུགས་རྗེ་མཛད་ལ། ཐུགས་རྗེ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ལ་སྟེ། མནར་མེད་པར་སྐྱེས་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ལ་ཡང་ངོ་། །སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་ནི་སངས་རྒྱས་པ་ཉིད་ཀྱི་སྔོན་
རོལ་གྱི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པའོ། །ཚོགས་ནི་ཚོགས་སོ། །ཡང་ན་འདིས་སངས་རྒྱས་ཉིད་ཀྱི་རྒྱུ་དགེ་བའི་སྤྱོད་པ་ཐམས་ཅད་ཚོགས་པས་ན་ཚོགས་སོ། །སོགས་པ་ཞེས་བྱ་བ་འདི་ཡང་དག་པར་སྡུད་ཅེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་སྐུ་ཡོངས་སུ་
གྲུབ་པ་ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཆོས་ཀྱི་རྒྱུན་ནམ། གནས་ཡོངས་སུ་གྱུར་པ་ཡིན་ནོ། །འཇིག་རྟེན་གྱི་དོན་སྤྱོད་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་དོན་ནི་མཐོ་རིས་དང་བྱང་གྲོལ་གྱི་རྒྱུའོ། །དེ་སྒྲུབ་པ་ནི་དོན་སྤྱོད་པ་སྟེ། སངས་རྒྱས་རྣམས་ཀྱིས་གཞན་གྱི་དོན་མཛད་པའི་རྒྱུ་ཐུགས་
རྗེ་ཆེན་པོ་མཚུངས་པའི་ཕྱིར་རོ། །དུས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་དང་སྦྱར་རོ། །ཇི་ལྟར་ཞེ་ན། ཡུན་ཤིན་ཏུ་རིང་བ་དང་། ཐུང་ངུར་འཚོ་བའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པ་ཡིན་པ་ན་སྐུ་ཚེ་ལོ་བརྒྱད་ཁྲི་པ་ཡིན་ལ་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ཡིན་པ་ན་སྐུ་ཚེ་ལོ་བརྒྱ་པར་
Vol. 145 · folio 253b
འགྱུར་བའོ། །དུས་ཇི་ལྟ་བ་བཞིན་དུ་རྒྱལ་རིགས་དང་བྲམ་ཟེའི་རིགས་ཐ་དད་པ་ནི་གང་གི་ཚེ་འཇིག་རྟེན་གྱིས་རྒྱལ་རིགས་བཀུར་བ་དེའི་ཚེ་རྒྱལ་རིགས་འབྱུང་ལ། གང་གི་ཚེ་བྲམ་ཟེ་བཀུར་བ་དེའི་ཚེ་ནི་བྲམ་ཟེར་རོ། །དུས་ཇི་ལྟ་བ་བཞིན་དུ་འོད་སྲུངས་དང་ཤཱཀྱ་ལ་སོགས་པ་གདུང་ཐ་དད་པ་ནི་གང་གི་ཚེ་འཇིག་རྟེན་ན།
རུས་གང་ཆེས་མཆོད་པར་འོས་པར་འགྱུར་བ་དེའི་ཚེ་དེའི་གདུང་དུ་འབྱུང་བའོ། །དུས་ཇི་ལྟ་བ་བཞིན་དུ་སྐུ་བོང་ཚོད་ཆུང་བ་དང་ཆུང་བ་མ་ཡིན་པ་ཐ་དད་པ་ནི་གང་གི་ཚེ་འཇིག་རྟེན་ན་བོང་ཚོད་ཆུང་ངུ་ཡིན་པ་དེའི་ཚེ་སྐུ་བོང་ཚོད་ཆུང་ལ། གང་གི་ཚེ་བོང་ཚོད་ཆུང་བ་མ་ཡིན་པ་དེའི་ཚེ་སྐུ་བོང་ཚོད་ཆུང་བ་མ་ཡིན་པའོ། །རྣམ་པ་གསུམ་པོ་
འདི་ཁོ་ན་ཞེས་བྱ་བ་ནི་གང་ཞིག་ཐལ་མ་ཐག་ཏུ་སངས་རྒྱས་རྣམས་མཉམ་པ་ཉིད་ཀྱི་རྒྱུར་བཤད་པ་རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཕན་འདོགས་པ་ཕུན་སུམ་ཚོགས་པའོ། །སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱིས་ཡང་དག་པར་འགྲུབ་པས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ལ། །
ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པས་ནི་འབྲས་བུ་ཕུན་སུམ་ཚོགས་པ་དང་། དོན་སྤྱོད་པས་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་ཞེས་བྱ་བ་ལ། བསོད་ནམས་ཡེ་ཤེས་སྨོས་པ་ནི་ཅི་རིགས་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྡུས་སོ། །
ཡེ་ཤེས་སྨོས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ནའོ། །ཡུན་རིང་པོ་ནས་གོམས་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པའོ། །ཡུན་རིང་པོར་གོམས་ཀྱང་བར་དང་བཅས་པ་ཡོད་པས། དེའི་ཕྱིར་བར་ཆད་མེད་པ་ཞེས་བྱ་བ་སྨོས་ཏེ། བར་ཆད་མེད་པར་བྱ་དཀའ་བས་སོ། །རེས་འགའ་གུས་
པར་མ་བྱས་པར་ཡང་ཡིན་པས་དེའི་ཕྱིར་གུས་པར་བྱས་ཏེ། གོམ་པ་ཞེས་བྱ་བ་སྨོས་སོ། །ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་ངན་སོང་གསུམ་ལས་ཐར་བར་མཛད་པ་ཕན་འདོགས་པ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་དང་། འཁོར་
བ་ལས་ཐར་བར་མཛད་པ་སྟེ་ཏེ་དེ་ལྟར་ན་རྣམ་པ་བཞིར་འགྱུར་རོ། །ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་ཐེག་པ་གསུམ་པོ་རེ་རེ་ལ་དགོད་པ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་དང་བདེ་འགྲོ་ལ་འགོད་པ་སྟེ་རྣམ་པ་བཞིར་འགྱུར་རོ། །ཡེ་ཤེས་ཕུན་སུམ་
Vol. 145 · folio 254a
ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་པོ་གང་ཡིན་པ་བདེ་འགྲོ་རེ་རེ་ལ་ཡང་ད་ལྟར་རྣམ་པ་བཞིར་འབྱེད་པའོ། །མ་བསྟན་པར་མཁྱེན་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་པར་རྫོགས་པའི་བྱང་ཆུབ་པའི་དོན་གྱིས་སོ། །ཐམས་ཅད་མཁྱེན་པ་
ནི་རང་དང་སྤྱིའི་མཚན་ཉིད་མ་ལུས་པར་ཐུགས་སུ་ཆུད་པའི་དོན་གྱིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ནི་རང་དང་སྤྱིའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་དོན་གྱིས་སོ། །མ་འབད་པར་མཁྱེན་པ་ནི་བཞེད་པ་ཙམ་གྱིས་ཐུགས་སུ་ཆུད་པའི་དོན་གྱིས་སོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་
ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཁམས་གསུམ་པ་སྤངས་པའི་ཕྱིར་རོ། །གཏན་ཏུ་སྤངས་པ་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་སོ། །བག་ཆགས་དང་བཅས་ཏེ་སྤངས་པ་ནི་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་སྤངས་པའོ་ཞེས་བྱ་བ་ནི་
གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཡུལ་སྤྲུལ་པ་དང་ཡོངས་སུ་སྒྱུར་བ་དང་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་ལ་སྤྲུལ་པ་ནི་སྤྱིའི་ཡུལ་སྔོན་མེད་པ་འབྱིན་པའོ། །ཡོངས་སུ་སྒྱུར་བ་ནི་རྡོ་ལ་སོགས་པ་གསེར་ལ་སོགས་པའི་དངོས་པོར་མཛད་པའོ། །བྱིན་གྱིས་བརླབ་པ་ནི་ཡུན་རིང་དུ་
གནས་པར་མཛད་པའོ། །དེ་དག་ལ་མངའ་བ་ཉིད་ནི་བཞེད་པའི་སྒོ་ནས་འཇུག་པའོ། །མངའ་ཉིད་ཕུན་སུམ་ཚོགས་པ་ནི་མངའ་ཕུན་སུམ་ཚོགས་པའོ། །སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པའི་མངའ་དེ་ཉིད་ཕུན་སུམ་ཚོགས་པ་ནི་སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པའོ། །
བསྒྲིབས་པ་ལ་གཤེགས་པ་དང་། ནམ་མཁའ་ལ་གཤེགས་པ་དང་། ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། རྡུལ་ཕྲ་རབ་ཆུང་ངུར་མང་པོ་སྟེ། འཇིག་རྟེན་གྱི་ཁམས་འཇུག་པར་མཛད་པ་ནི་བསྒྲིབས་པ་དང་། ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། ཆུང་ངུར་མང་པོ་འཇུག་པར་མཛད་
པའོ། །དེ་དག་ལ་མངའ་བ་ནི་བཞེད་པ་དགུར་མཛད་པ་སྟེ་དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ནོ། །ཡ་མཚན་གྱི་ཆོས་ནར་མ་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ནར་མ་རང་བཞིན་གྱིས་འབྱུང་བ་ཞེས་བྱ་བའི་དོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཤེགས་པ་ན་མཐོན་དམན་མཉམ་པར་འགྱུར་
Vol. 145 · folio 254b
ཏེ། མཐོ་བ་གང་ཡིན་པ་དེ་ནི་དམའ་བར་འགྱུར་ལ་དམའ་བ་གང་ཡིན་པ་དེ་ནི་མཐོན་པོར་འགྱུར་རོ། །ལོང་བ་རྣམས་ཀྱིས་ནི་མིག་འཐོབ་པོ། །འོན་པ་རྣམས་ཀྱིས་ནི་རྣ་བ་འཐོབ་པོ། །སྨྱོན་པ་རྣམས་ཀྱིས་ནི་དྲན་པ་འཐོབ་པོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆོས་ཉིད་ཡིན་ཏེ། ཐམས་ཅད་རྒྱས་པར་མདོ་ལས་ཇི་སྐད་
འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །མཚན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གསལ་བ་རྫོགས་པ་དང་། ཡུལ་ན་གནས་པའི་ཕྱིར་སྐྱེས་བུ་ཆེན་པོའི་ངོ་བོ་ཉེ་བར་མཚོན་པས་མཚན་དག་སྟེ། དེ་དག་ནི་གཙུག་ཏོར་ལ་སོགས་པ་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། སྐྱེས་
བུ་ཆེན་པོའི་ངོ་བོ་གསལ་བར་བྱེད་པའི་ཕྱིར་དཔེ་བྱད་བཟང་པོ་དག་སྟེ། དེ་དག་ནི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པ་བརྒྱད་ཅུའོ། །སྟོབས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པས་སོ། །བཅོམ་ལྡན་འདས་ཀྱི་སྐུ་གདུང་རྡོ་རྗེ་ལྟར་སྲ་བ་ནི་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་
ནི་མདོར་བསྡུས་པ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པའོ། །ཇི་ལྟར་ཞེ་ན། སྐྱེས་བུ་དམ་པ་རབ་ཏུ་དང་བ་སྐྱེ་བ་གང་ཡང་རུང་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་བསྟོད་པར་འགྱུར་བ་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པ་གསུམ་པོ་འདི་ཁོ་ནས་ཡིན་ཏེ། ཇི་སྐད་
དུ། ཚོགས་ནི་བསགས་པར་དཀའ་བའི་ཕྱིར། །སངས་རྒྱས་ཆོས་རྣམས་བླ་མེད་དང་། །འགྲོ་བའི་དོན་ཉིད་མཛད་པ་ཉིད། །སངས་རྒྱས་རྣམས་ལ་བསམ་པར་བྱ། །ཞེས་བཤད་དོ། །གལ་ཏེ་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སྐད་དུ། གལ་ཏེ་སངས་རྒྱས་
བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་ལན་གསུམ་དུ་སྐུ་ཚེ་བྱིན་གྱིས་རློབ་པར་མཛད་ན། དེ་ལྟར་ན་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་དང་མཁྱེན་པར་སྤྱོད་དོ་ཞེས་བསྟན་པར་འགྱུར་རོ། །རེ་ཞིག་དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཡོན་ཏན་རྣམས་དང་ཡེ་ཤེས་རྣམས་དང་མཐུ་
དང་ཕན་འདོགས་པ་ནི་ཡོན་ཏན་དང་ཡེ་ཤེས་དང་མཐུ་དང་ཕན་འདོགས་པའོ། །མཐའ་ཡས་པ་ནི་གྲངས་དང་མཐུ་མཐས་གཏུགས་པ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བ་ནི་སངས་རྒྱས་རྣམས་ལས་གཞན་ལ་མེད་པའི་ཕྱིར་དང་། མཛད་པར་དཀའ་བའི་ཕྱིར་དང་། བརྙེས་པར་དཀའ་བའི་ཕྱིར་རོ། །དེ་ཉིད་རིན་པོ་ཆེ་
Vol. 145 · folio 255a
ཆེན་པོ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྨན་འདོགས་པའི་ཕྱིར་ཏེ། རིན་པོ་ཆེ་ཆེན་པོ་དེ་དག་གི་འབྱུང་གནས་ཡིན་ནོ། །སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཅེས་བྱ་བ་ནི། གུས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལྷ་ཞེས་བྱ་བ་ནི་ལྷ་དག་ན་ཡོད་པ་ནི་ལྷའོ། །
འབྲས་བུ་མེད་པ་མ་ཡིན་པ་དང་། ཡིད་དུ་འོང་བ་དང་། མཆོག་ཏུ་གྱུར་པ་དང་། མྱུར་བ་དང་། མཐའ་བཟང་བའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལ་བསོད་ནམས་བྱ་བའི་ས་བོན་ཆུང་ངུ་ཡིན་ཡང་འབྲས་བུ་མེད་པ་མ་ཡིན་པ་སྟེ། འབྲས་བུ་འབྱིན་པར་ངེས་པར་གནས་པའི་ཕྱིར་རོ། །འབྲས་བུ་ཡིད་དུ་འོང་བ་ནི་
རྣམ་པར་སྨིན་པའི་འབྲས་བུ་མངོན་པར་འདོད་པ་ཡིན་པའི་ཕྱིར་རོ། །འབྲས་བུ་མཆོག་ཏུ་གྱུར་པ་ནི་ལྷ་ལ་སོགས་པའི་འབྱོར་པའི་རྒྱུར་གྱུར་པའི་ཕྱིར་དང་། འབྲས་བུ་མང་བའི་ཕྱིར་རོ། །འབྲས་བུ་མྱུར་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་མཐའ་བཟང་བ་ནི་མྱ་ངན་ལས་འདས་པའི་
རྒྱུར་གྱུར་པའི་ཕྱིར་རོ། །ཇི་སྐད་བཤད་པ་འདི། ཤེས་པར་བྱེད་པ་ནི་གང་དག་རྒྱལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདིས་ཉོན་མོངས་པ་བག་ཆགས་དང་བཅས་པ་ལས་རྒྱལ་བར་བྱེད་པས་ན་རྒྱལ་བ་སྟེ། འདི་སྐད་དུ། བཅོམ་ལྡན་འདས་ཀྱིས། སྡིག་ཆོས་ལས་ང་རྒྱལ་དེས་ན། །ཉེར་སོང་ང་ནི་རྒྱལ་བ་
ཡིན། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །གདུལ་བ་འདུལ་བས་རྣམ་འདྲེན་ནོ། །བྱ་བས་ན་བྱ་བ་སྟེ། མཆོད་པ་ལ་སོགས་པ་རྣམས་སོ། །སྣ་ཚོགས་དག་ཅེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །བདུད་རྩིའི་གོ་འཕང་ནི་མྱ་ངན་ལས་འདས་པའོ། །སློབ་དང་ཐུན་མོང་ཡིན་
ཞེས་རྒྱས་པར་འབྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཐམས་ཅད་ནི་དབང་རྣམ་པར་དག་པའི་ཁྱད་པར་གྱིས་རྣམ་པར་དག་པའི་ཕྱིར་བླ་ན་མེད་པ་ཡིན་མོད་ཀྱི་སློབ་མ་དང་ཐུན་མོང་ཡིན་ནོ། །སོ་སོའི་སྐྱེ་བོ་དང་ཐུན་མོང་ཡིན་ནོ་ཞེས་ཡོན་ཏན་ཐུན་མོང་མ་ཡིན་པའི་རིགས་ལ་དགོངས་
ནས་བརྗོད་དོ། །ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་རོ། །དེ་ལ་སློབ་མ་དང་ཐུན་མོང་བ་ནི་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པའོ། །སོ་སོའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་ནི་མངོན་པར་ཤེས་པ་ལྔ་ལ་སོགས་པ་རྣམས་སོ། །ཟད་པར་གྱི་སྐྱེ་མཆེད་ལ་
Vol. 145 · folio 255b
སོགས་པ་ཞེས་བྱ་བའི་སྒྲས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དང་ཏིང་ངེ་འཛིན་གཞན་དག་བསྡུའོ། །དགྲ་བཅོམ་པ་ལ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་ན་དགྲ་བཅོམ་པ་ལ་ལ་སྨད་འཚོང་མ་དང་ཟློས་གར་མཁན་དང་། གཡོན་ཅན་དང་ཆང་འཚོང་ལ་
སོགས་པའི་སྐྱེ་བ་དག་ལ་བདག་དང་གཞན་གྱི་ཉོན་མོངས་པ་སྐྱེ་བའི་འབྲས་བུ་ཡིད་དུ་མི་འོང་བ་རྗེས་སུ་འབྲེལ་པ་དྲན་ནས། རེ་ཞིག་འདོད་ཆགས་དང་བཅས་པའི་རྒྱུད་ལ་སྐྱེས་པའི་ཉོན་མོངས་པ་རྣམས་ཀྱང་འབྲས་བུ་ཡིད་དུ་མི་འོང་བ་ཡིན་ནོ། འདོད་ཆགས་དང་བྲལ་བའི་རྒྱུད་ལ་སྐྱེས་པ་རྣམས་ཀྱི་གནས་སྐབས་གང་ཞིག་དུ་
འགྱུར་སྙམ་དུ་དེ་ལྟར་རྗེས་སུ་སེམས་ཤིང་བསམས་ནས་ཇི་ལྟར་གཞན་དག་ལ་དེ་ལ་དམིགས་པའི་འདོད་ཆགས་དང་ཞེ་སྡང་ངམ་ང་རྒྱལ་ལམ། སེར་སྣ་འམ། ཕྲག་དོག་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ངོ་བོའི་ཤེས་པ་སྐྱེད་དོ། །བཅོམ་ལྡན་འདས་ཀྱིས་རྒྱུད་ལ་སོར་མོའི་ཕྲེང་
བ་ཅན་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བའི་ཕྱིར། ཇི་ལྟར་བཅོམ་ལྡན་འདས་ཉོན་མོངས་པ་མེད་པ་ལ་གནས་པ་ཡིན་ཞེ་ན། སྐྱོན་འདི་ནི་མེད་དེ། ཐུགས་རྗེ་མངའ་བ་གཞན་དག་གི་ཉོན་མོངས་པ་གཏན་དབྱུང་བར་འདོད་པ་རྣམས་ནི་རེས་འགའ་དགོས་པ་ཆེས་བརླིང་བའི་ཕྱིར་ཉོན་མོངས་པ་སྐྱེ་བ་བཏང་སྙོམས་
སུ་མཛད་དེ། མངོན་པར་རྟོགས་པའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །ཉན་ཐོས་རྣམས་ནི་བསམ་པ་དང་བག་ལ་ཉལ་ཤེས་པ་དང་བྲལ་བའི་ཕྱིར་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་དབྱུང་བར་མི་ནུས་ཏེ། དེའི་ཕྱིར་དུས་རེ་ཞིག་སྤོང་བར་བྱེད་དོ། །འདིར་མཐོང་བས་སྤང་བར་བྱ་བ་བསྲུང་བར་བྱ་བ་མི་ནུས་པས་
འདོད་ཆགས་ལ་སོགས་པ་སྨོས་སོ། །ཉོན་མོངས་པར་མི་བྱེད་པ་ནི་ཉོན་མོངས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་རྫོབ་ཤེས་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ཀྱི་བསྒོམ་པས་སྤང་བར་བྱ་བ་མ་འོངས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། དེ་ལྟར་ཞུགས་པའི་ཟག་པ་མེད་པའི་ཤེས་པ་ནི་ཡོད་པ་མ་ཡིན་ནོ། །
ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་མ་ལངས་པ་དེས། བདག་མཐོང་ནས་འདིའི་འདོད་ཆགས་སྐྱེ་བར་འགྱུར་དུ་འོང་ངོ་། །འདིའི་ཞེ་སྡང་དང་འདིའི་ང་རྒྱལ་དང་། འདིའི་བག་མེད་པ་སྐྱེ་བར་འོང་ངོ་སྙམ་དུ་ཇི་ལྟ་ཇི་ལྟར་མངོན་པར་འདོད་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་མཐུན་པར་སྤྱོད་པར་བྱེད་དོ། །
Vol. 145 · folio 256a
བསམ་གཏན་མཐའ་ན་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་དང་འགལ་བའི་ཕྱིར་དང་། བསམ་གཏན་བཞི་པ་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་བསམ་གཏན་བཞི་པའི་ས་པ་ཁོ་ན་ཡིན་ནོ། །མི་གཡོ་བའི་ཆོས་ཅན་གྱི་ཡིན་ཏེ། །གཞན་གྱི་རྒྱུད་ལ་ཉོན་མོངས་པ་སེལ་བར་ཞུགས་པའི་ཕྱིར་རོ། །
དགྲ་བཅོམ་པ་གཞན་གྱི་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དུས་ཀྱི་རྣམ་པར་གྲོལ་བའི་མ་ཡིན་པའོ། །རང་གི་རྒྱུད་ལས་ཀྱང་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཚེ་ན་ཏིང་ངེ་འཛིན་ལ་དབང་བ་ཉིད་མེད་པའི་ཕྱིར་རོ་ཞེས་གཞིར་བཅས་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་དག་གོ། །ཇི་ལྟར་མ་
འོངས་པའི་ཉོན་མོངས་པ་ལ་དམིགས་ཤེ་ན། དེའི་ཕྱིར་ཕ་རོལ་པོ་དག་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་གཞི་དང་བཅས་པ་རྣམས་ཁོ་ན་ལ་དམིགས་ཤེ་ན། དེའི་ཕྱིར་ཉོན་མོངས་པ་གཞི་མེད་པ་རྣམས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །
ཉོན་མོངས་པ་གཞི་མེད་པ་ནི་མཐོང་བས་སྤང་བར་བྱ་བ་རྣམས་ཏེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ནི་ཁམས་དང་ས་ཐམས་ཅད་ལ་དམིགས་པའི་ཕྱིར་བཟློག་པར་མི་ནུས་སོ། །སྨོན་ནས་ཤེས་པའང་དེ་བཞིན་ནོ་ཞེས་བྱ་བ་ནི། ཉོན་མོངས་པ་མེད་པ་རང་གི་ངོ་བོ་དང་ས་དང་རྒྱུད་དང་རྟེན་ལས་ཇི་སྐད་དུ་བཤད་པ་
དེ་བཞིན་དུ་ཀུན་རྫོབ་ཤེས་པ་ཡང་ཡིན་ཏེ། དེའི་དམིགས་པ་ཐམས་ཅད་དོ་ཞེས་བྱ་བ་འདི་ནི་ཁྱད་པར་ཡིན་ཏེ། ཐམས་ཅད་ལ་སྨོན་ནས་ཤེས་པ་འཇུག་པའི་ཕྱིར་རོ། །སྨོན་ནས་ཤེས་པ་གཟུགས་མེད་པ་རྣམས་མངོན་སུམ་དུ་མི་ཤེས་སོ་ཞེས་བྱ་བ་ནི། སྨོན་ནས་ཤེས་པ་བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་ཏེ།
མངོན་པར་ཤེས་པ་རང་དང་འོག་མའི་སའི་ཡུལ་ཅན་ཡིན་ལ། སྨོན་ནས་ཤེས་པ་ཡང་མངོན་པར་ཤེས་པ་དང་འདྲའོ་ཞེས་བཤད་པར་བྱའོ། །རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་ལས་ཞེས་བྱ་བ་ལ། རྒྱུ་མཐུན་པ་ནི་དམན་ཞིང་དམན་པའོ། །སྤྱོད་པ་ནི་ཞི་གནས་ལྷག་པའི་ཏིང་ངེ་འཛིན་ལ་གནས་པའོ། །གཟུགས་མེད་
པ་ནས་ཤི་འཕོས་ནས་འདོད་པ་དང་གཟུགས་སུ་སྐྱེས་པ་ནི་རྒྱུ་མཐུན་པའི་བྱེ་བྲག་ལས་སོ། །འདི་ནས་ཤི་འཕོས་ནས་གཟུགས་མེད་པ་གང་དུ་སྐྱེ་བ་གང་ཡིན་པ་དེ་ནི་སྤྱོད་པའི་བྱེ་བྲག་ལས་སོ། །དེ་ལྟར་ན་འབྲས་བུས་རྒྱུ་རྗེས་སུ་དཔག་ལ། རྒྱུས་ཀྱང་འབྲས་བུ་རྗེས་སུ་དཔག་གོ་ཞེས་བསྟན་པ་ཡིན་ནོ། །འདིར་དཔེ་
Vol. 145 · folio 256b
ནི་ཞིང་ས་ལྟ་བུའོ་ཞེས་བྱ་བ་ནི་དཔེར་ན་ཞིང་སས་འབྲས་བུ་དང་འབྲས་བུས་ས་བོན་དང་། ས་བོན་གྱིས་འབྲས་བུ་རྟོགས་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །སྨོན་པ་སྔར་བཏང་བ་ཞེས་བྱ་བ་ནི་གཏོད་པ་སྔར་བཏང་སྟེ། སྨོན་ནས་ཞེས་བྱ་བ་འདི་ནི་གཏད་ནས་ཞེས་བྱ་བའི་དོན་ཏོ། །ཧ་ཅང་ཐལ་བ་སྤང་བའི་ཕྱིར་
ཏིང་ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་གྱུར་པ་ཞེས་བྱ་བ་སྨོས་སོ། །འདི་དག་གི་དམིགས་པ་དང་། ས་དང་། རང་གི་ངོ་བོའི་བྱེ་བྲག་བྱ་བ་ལ། བྱེ་བྲག་ཅེས་བྱ་བའི་སྒྲས་ནི་དམིགས་པའི་བྱེ་བྲག་དང་། སའི་བྱེ་བྲག་དང་ངོ་བོའི་བྱེ་བྲག་ཅེས་རེ་རེ་ལ་སྦྱར་རོ། །ཐོགས་མེད་ཅེས་བྱ་བ་ནི་ཐོགས་པར་མི་ནུས་པས་ན་ཐོགས་མེད་དེ།
ཐོགས་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་དག་ལ་ཐོགས་པ་མེད་པའོ། །གསུམ་པོ་འདི་དག་ནི་ཤེས་བྱ་ཁོང་དུ་ཆུད་པ་འཛིན་པར་བྱེད་པའི་ཕྱིར་ཆོས་ཞེས་བྱའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་དོན་དམ་པ་ལ་ཐོགས་པ་མེད་
པའི་ཤེས་པ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱིས་ཤེས་པ་ཞེས་བྱ་བའི་དོན་ཏོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ངག་གི་སྦྱོར་བ་ལ་ཐོགས་པ་མེད་པ་སྟེ། རྟགས་དང་དུས་དང་བྱེད་པ་ལ་སོགས་པའི་སྦྱོར་བ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་པ་ཐགས་ཐོགས་མེད། མངོན་བརྗོད་ཅེས་བྱ་
བ་ལ། རིགས་པ་ནི་དོན་དང་འབྲེལ་པའོ། །ཐགས་ཐོགས་མེད་པ་ནི་ཐོགས་པ་མེད་པའོ། །དེ་མངོན་པར་བརྗོད་པ་ནི་དེ་བརྗོད་པ་སྟེ། དེའི་དངོས་པོ་ནི་རིགས་པ་ཐགས་ཐོགས་མེད། མངོན་བརྗོད་ཉིད་དོ། །མདོར་བསྡུས་ན་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཤེས་
པ་ཉིད་དོ། །འདི་ནི་རེ་ཞིག་རྣལ་འབྱོར་པའི་བདག་ལ་ཕན་པ་ཕུན་སུམ་ཚོགས་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་སྟོན་པ་ལ་མཁས་པ་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དྲི་བ་དང་བརྩད་པ་གཏན་ལ་དབབ་པ་དང་སྤང་བ་ཤེས་པའོ། །ཏིང་ངེ་འཛིན་
ལ་དབང་བ་གསལ་བར་བྱ་བ་ལ་ཐོགས་པ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་བ་གསལ་བར་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་བ་གསལ་བར་བྱའོ། །གསལ་བ་ཡང་ཅི་ཞིག་ཅེ་ན། མི་བརྗེད་པའོ་ཞེས་པ་དགུའོ་ཞེས་བྱ་བ་ནི་རེ་ཞིག་ངག་ལ་དམིགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་
Vol. 145 · folio 257a
པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་དང་ཟད་པ་དང་མི་སྐྱེ་བ་དང་ཆོས་དང་རྗེས་དང་ཀུན་རྫོབ་ཤེས་པ་རྣམས་ཡིན་ནོ། །ལམ་ལ་དམིགས་པ་གང་ཡིན་པ་དེ་ནི་ཟད་པ་དང་མི་སྐྱེ་བ་དང་ཆོས་དང་རྗེས་དང་ལམ་དང་གཞན་གྱི་སེམས་དང་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ནོ། །ངག་དང་ལམ་གཉིས་
ལས་གང་ཡང་རུང་བ་ཞིག་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་ངག་ལ་དམིགས་པ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་ནའོ། །ལམ་ལ་དམིགས་པ་ནི་སྲིད་པའི་རྩེ་མོའི་བར་ནའོ། །ལམ་སྨོས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་བཟུང་ངོ་། །གལ་ཏེ་ཆོས་ཐམས་ཅད་ལན་ན་ནི་
ཤེས་པ་བཅུའོ་ཞེས་བྱ་བ་ནི་གང་ཞིག་ཅི་རིགས་པར་ཤེས་པ་བཅུའི་ཡུལ་དུ་མི་འགྱུར་བ་དེ་ནི་ཡོད་པ་མ་ཡིན་ནོ། །གཞན་ཀུན་རྫོབ་ཅེས་བྱ་བ་ནི་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དག་ནི་མིང་གི་ཚོགས་ལ་སོགས་པ་དང་། ངག་ལ་དམིགས་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་
ཀུན་རྫོབ་ཤེས་པ་རང་བཞིན་ནོ། །ཟག་པ་མེད་པའི་ཤེས་པ་ནི་རང་གི་མཚན་ཉིད་ཀྱི་རྣམ་པར་རམ་སྡུག་བསྔལ་གྱི་ཕྱོགས་གཅིག་ལ་མི་འཇུག་སྟེ། འོ་ན་ཅི་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྤྱིའི་རྣམ་པར་འཇུག་པས་དེའི་ཕྱིར་དེ་དག་ཟག་པ་མེད་པའི་ཤེས་པའི་བདག་ཉིད་མ་ཡིན་ནོ། །ཡན་ཆད་ན་མིང་གི་
ཚོགས་མེད་པའི་ཕྱིར་ཞེས་བྱ་བ་འདིས་ནི་གཟུགས་མེད་པ་དག་ན་ཆོས་སོ་སོ་ཡང་དག་པར་རིག་པ་མེད་དོ་ཞེས་སྟོན་ཏོ། །མིང་གི་ཚོགས་བཀག་པ་ཁོ་ནས་ཚིག་དང་ཡི་གེའི་ཚོགས་བཀག་པ་སྟེ། ཕན་ཚུན་མི་འཁྲུལ་པའི་ཕྱིར་རོ། །ཡན་ཆད་ན་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གཉིས་
པ་ལ་སོགས་པ་དང་། བསམ་གཏན་ཁྱད་པར་ཅན་ན་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མེད་དེ། ངག་ཀུན་ནས་སློང་བ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །བཏགས་པ་ལས་ཞེས་བྱ་བ་ནི་བཏགས་པའི་བསྟན་བཅོས་ལས་སོ། །འདི་སྐད་དུ་ཞེས་བྱ་བ་ནི་ཇི་སྐད་འཆད་པར་འགྱུར་བའོ། །ཚིག་
དང་ཡི་གེ་ཞེས་བྱ་བ་ནི་འདིས་ཚིག་གསལ་བར་བྱེད་པས་ན་ཡི་གེ་སྟེ་མིང་ངོ་། །དེ་ཉིད་ཀྱི་དོན་ཞེས་བྱ་བ་ནི་ཚིག་དང་ཡི་གེའི་འོ། །དེ་ཉིད་ཀྱི་གཅིག་དང་ཞེས་བྱ་བ་ནི་དོན་གྱིའོ། །དེ་ལ་ཐགས་ཐོགས་མེད་པར་བྱ་བ་ལ་ཞེས་བྱ་བ་ནི་ཚིག་དང་ཡི་གེ་ལ་སོགས་པ་ལའོ། །ཐོགས་པ་མེད་པར་ཤེས་པའི་ཞེས་བྱ་བ་ནི་
Vol. 145 · folio 257b
རྡུགས་པ་མེད་པའོ། །ཕོ་དང་མོ་ལ་སོགས་པའི་ཚིག་བླ་དགས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མ་ནིང་དང་བྱེད་པ་པ་ལ་སོགས་པ་བསྡུའོ། །ཚིག་གཅིག་ཉིད་ལ་སོགས་པའི་དབང་དུ་བྱས་པའི་ཚིག་ནི་ཚིག་བླ་དགས་སོ། །དེ་ཉིད་ཀྱི་འདི་དག་གི་གོ་རིམས་གྲུབ་པ་ཡིན་ནོ་ཞེས་བྱ་བ་གང་གི་ཕྱིར་
ཚིག་དང་ཡི་གེ་ཞེས་རྒྱས་པར་ཇི་སྐད་དུ་བཤད་པ་འདི་རིམ་པ་ཡིན་པས་སོ། །ཚིག་ངེས་པ་ནི་ངེས་པའི་ཚིག་སྟེ་ཞེས་བྱ་བ་ནས་དཔེར་ན་ཇི་ལྟར་ཞེ་ན། དཔེར་ན་གཟུགས་སུ་རུང་བ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་ན་རྣམ་པར་ཤེས་པ་སྟེ། སེམས་པས་ན་སེམས་སོ་ཞེས་བྱ་བ་ལ་སོགས་པའོ། །གོ་རིམས་
བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ཞེ་ན་ཆོས་སོ་སོ་ཡང་དག་པར་རིག་པའི་སྦྱོར་བ་ནི་རྩིས་ཡིན་ནོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་སངས་རྒྱས་ཀྱི་བཀའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་སྒྲ་རིག་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་གཏན་ཚིགས་རིག་པའོ། །བྱེ་བྲག་ཏུ་སྨྲ་བ་
རྣམས་ན་རེ་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ཏེ། ཆོས་འདི་པ་རྣམས་ཁོ་ན་དེ་སྐྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །གང་ལ་གཅིག་ཡོད་པ་དེ་ལ་གདོན་མི་ཟ་བར་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡོད་དེ་ཞེས་བྱ་བ་ནི་ལམ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །མ་ཚང་བར་ནི་དེ་ཐོབ་མེད། །ཅེས་བྱ་
བ་ནི་འགས་ཀྱང་སོ་སོ་ཡང་དག་པར་རིག་པ་དག་མ་ཚང་བར་འཐོབ་པར་མི་འགྱུར་རོ་དེ་དག་ནི་རབ་ཀྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་པོ་ཞེས་བྱ་བ་ནི་དེ་དག་རབ་ཀྱི་མཐའ་པའི་བསམ་གཏན་གྱིས་མ་བསྡུས་པ་ཉིད་དེ། ངག་ནི་འདོད་དང་དང་པོ་ན། །ཞེས་འབྱུང་བའི་ཕྱིར་རོ། །ཉོན་མོངས་
པ་མེད་པ་ལ་སོགས་པ་ཡོན་ཏན་རྣམས་ནི་རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་བསྐྱེད་ནས་འཐོབ་ཀྱི། གཞན་དུ་ནི་མ་ཡིན་ནོ། །རབ་ཀྱི་མཐའ་པ་དེ་ཉིད་ཅེས་བྱ་བ་ལ། དེ་ཉིད་ཉོན་མོངས་པ་མེད་པ་ལ་སོགས་པ་ལས་ཐ་དད་པ་སྦྱོར་བ་ལས་བྱུང་བ་བསམ་གཏན་བཞི་པ་ཆེན་པོའི་ཆེན་པོའོ། །དེའི་སྟོབས་
ཀྱིས་འཐོབ་པ་ཡིན་གྱི་ཞེས་བྱ་བ་ནི་རབ་ཀྱི་མཐའ་པའི་སྟོབས་ཀྱིས་སོ། །དེ་བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ཏེ། དེ་ན་རྟོག་པ་མེད་པའི་ཕྱིར་དང་རྟོག་པ་དང་བཅས་པའི་སེམས་ཀྱིས་དེ་ཀུན་ནས་སློང་བའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་རབ་ཀྱི་མཐའ་པའི་བསམ་གཏན་
Vol. 145 · folio 258a
གྱིས་བསྡུས་པས་དེའི་བདག་ཉིད་ཅེས་བྱའོ། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཞེས་བྱ་བ་ནི་ཐམས་ཅད་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ནི་ས་ཀུན་གྱིས་མཐུན་བྱས། །ཞེས་བྱ་བ་ནི་ས་ཀུན་གྱིས་ཉེ་བར་གཟུང་ཞེས་བྱ་བའི་དོན་ཏོ། །མི་མཐུན་པ་ནི་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་
སྐྱེ་མཆེད་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ་ཡིན་པ་ནས། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་བར་རོ། །འདི་ལ་མཐར་རབ་ཏུ་ཕྱིན་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལ་འཕེལ་བ་རབ་ཏུ་གྱུར་པ་ཡོད་ཅེས་བྱ་བའི་དོན་ཏོ། །མུ་བཞི་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མུ་
བཞི་རྣམ་པ་བཞི་ཡིན་པ་དེ་བཞིན་དུ་རབ་ཀྱི་མཐའ་ཡང་རྣམ་པའི་མཐར་རབ་ཏུ་ཕྱིན་པ་ཡིན་ནོ། །སངས་རྒྱས་ལས་གཞན་ཞེས་བྱ་བ་ནི་ཉན་ཐོས་སམ་རང་སངས་རྒྱས་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་རྣམས་དེའི་མངས་འཇུག་པའི་ཕྱིར་ཞེས་བྱ་
བའི་ཐ་ཚིག་གོ། །མངོན་པར་ཤེས་པ་ལ་སོགས་པ་ནི་སོ་སོའི་སྐྱེ་བ་དག་དང་། ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཉན་ཐོས་རྣམས་དང་ཡང་ངོ་། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ནི། འདིས་སྤྲུལ་པ་དང་ནམ་མཁའ་ལ་འགྲོ་བ་འབྱོར་པར་བྱེད་པས་ན། རྫུ་འཕྲུལ་
ཏེ། ཏིང་ངེ་འཛིན་ཏོ། །རྫུ་འཕྲུལ་གྱི་ཡུལ་ནི། རྫུ་འཕྲུལ་གྱི་ཡུལ་ཏེ། སྤྲུལ་པ་དང་ནམ་མཁའ་ལ་འགྲོ་བའོ། །རྫུ་འཕྲུལ་གྱི་ཡུལ་གྱི་ཤེས་པ་ནི། རྫུ་འཕྲུལ་གྱི་ཡུལ་གྱི་ཤེས་པ་སྟེ། དེ་མངོན་དུ་བྱ་བ་ནི་མངོན་སུམ་དུ་བྱེད་པའོ། །ལྷའི་རྣ་བ་ཞེས་བྱ་བ་ནི་ལྷའི་རྣ་བ་ལ་བརྟེན་པའི་ཤེས་པ་ནི་ལྷའི་རྣ་བའི་
ཤེས་པ་སྟེ། དེ་མངོན་དུ་བྱེད་པ་ནི་མངོན་སུམ་དུ་བྱེད་པའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་ནི་སེམས་ཀྱི་བྱེ་བྲག་ཤེས་པ་སྟེ། གཞན་གྱི་སེམས་ཆགས་པ་དང་སྡང་བ་དང་རྨོངས་པ་ཤེས་པའོ། །ཡང་ན་རྣམ་གྲངས་ནི་རིམ་པ་སྟེ། རེས་འགའ་ཆགས་སོ་སྙམ་དུ་ཤེས་ལ། རེས་འགའ་སྡང་ངོ་སྙམ་དུ་ཤེས་
པ་ལ་སོགས་པའོ། །སྔོན་གྱི་གནས་ནི་སྔོན་གྱི་གནས་སོ། །སྔོན་གྱི་གནས་ཀྱི་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་སྟེ། དེ་དང་མཚུངས་པར་ལྡན་པའི་ཤེས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའོ། །འཆི་འཕོ་བ་དང་སྐྱེ་བ་ནི་འཆི་འཕོ་བ་དང་སྐྱེ་བ་དག་གོ། །དེ་དག་ཤེས་པ་ནི་འཆི་འཕོ་བ་དང་སྐྱེ་བ་
Vol. 145 · folio 258b
ཤེས་པ་སྟེ། འདི་ནི་ལྷའི་མིག་གི་མངོན་པར་ཤེས་པར་བཤད་དོ། །ཟག་པ་རྣམས་ཟད་པ་ནི་ཟག་པ་ཟད་པའོ། །དེའི་ཤེས་པ་ནི་ཟག་པ་ཟད་པ་ཤེས་པ་སྟེ། དེ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་རེ་རེ་ལ་སྦྱར་རོ། །ལྔ་ནི་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་བ་ཡིན་ནོ་ཞེས་བྱ་བ་ནི་ཐ་མ་མ་
གཏོགས་པའོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པ་དེ་བཞིན་དུ་མངོན་པར་ཤེས་པ་ཡང་ཡིན་གྱི། བར་ཆད་མེད་པའི་ལམ་ནི་མ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་བར་ཆད་མེད་པའི་ལམ་
ལ་བཀག་པའི་ཕྱིར་དང་། ཟག་པ་ཟད་པར་བྱེད་པའི་བར་ཆད་མེད་པའི་ལམ་བཏང་ནས་དགྲ་བཅོམ་པ་ཡང་མངོན་པར་ཤེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མངོན་པར་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །ཞེས་བྱ་བ་ནི་
འདི་ལྟར་གསུམ་གྱི་དམིགས་པ་ནི་གཟུགས་ཁོ་ན་ཡིན་ལ། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྔོན་གྱི་མཐའ་ལ་དམིགས་པ་ཡིན་ན། །ཟག་པ་མེད་པའི་ཤེས་པ་ནི་དེ་ལྟ་མ་ཡིན་ནོ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་
མེད་པ་ཡིན་པའི་ཕྱིར་ཤེས་པ་ལྔས་བསྡུས་པ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ། བཞིའི་ཆ་ཡང་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །ཟད་པ་དང་མི་སྐྱེ་བ་དང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་ཤེས་པ་རྣམས་མ་གཏོགས་ཏེ། རིམ་པ་བཞིན་དུ་གཞན་གྱི་སེམས་
ཤེས་པ་ལྟ་བུའི་བདག་ཉིད་ཡིན་པའི་ཕྱིར་དང་། རང་གི་མཚན་ཉིད་ཀྱི་ཕྱོགས་གཅིག་གི་ཡུལ་ཅན་ཡིན་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ཡིན་པའི་ཕྱིར་ཟད་པ་ཤེས་པ་ལ་སོགས་པ་ཡིན་པ་གསལ་བ་ཡིན་ནོ། །འདི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་བཤད་པ་ཞེས་བྱ་བ་
ནི་གལ་ཏེ་ཟག་པ་ཟད་པ་ཤེས་པ་འགོག་པ་ལ་དམིགས་པ་ཡིན་ན་ནི་ཤེས་པ་དྲུག་ཡིན་ཏེ། ཆོས་དང་རྗེས་དང་འགོག་པ་དང་ཟད་པ་དང་མི་སྐྱེ་བ་དང་ཀུན་རྫོབ་ཤེས་པ་དག་གོ། །འོན་ཏེ་ཟག་པ་ཟད་པའི་རྒྱུད་ལ་ཡོད་པ་ཡིན་ན་ནི་དེ་ལྟ་ན་ཤེས་པ་བཅུ་ཡིན་ནོ། །དེ་བཞིན་དུ་འདི་ནི་ས་ཐམས་ཅད་པ་ཡིན་པར་
Vol. 145 · folio 259a
ཡང་ཤེས་པར་བྱ་བ་ཞེས་བྱ་བ་ནི་ཇི་ལྟར་ཟག་པ་ཟད་པར་མཁྱེན་པའི་སྟོབས་ས་ཐམས་ཅད་པ་ཡིན་པ་དེ་བཞིན་དུ་ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་ཡང་ས་ཐམས་ཅད་པ་ཡིན་པར་རིག་པར་བྱའོ། །མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་པ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་ཟད་པའི་
མངོན་པར་ཤེས་པ་མ་གཏོགས་པའོ། །རེ་ཞིག་གསུམ་ནི་མེད་དེ། གཟུགས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་མིག་དང་རྣ་བའི་མངོན་པར་ཤེས་པ་དག་སྟེ། གསུམ་པོ་དེ་དག་ནི་གཟུགས་ལ་དམིགས་པ་ཡིན་ནོ། །གཟུགས་མེད་པ་དག་ནི་གཟུགས་ལ་དམིགས་པ་མ་ཡིན་ཏེ། གཟུགས་
ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ། །གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ཀྱི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། གཟུགས་ལ་དམིགས་པའི་ལམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཐར་
གྱིས་སྔོན་གྱི་གནས་གཞན་རྗེས་སུ་དྲན་པ་ཞེས་བྱ་བ་ནི་གང་གི་ཕྱིར་མཐར་གྱིས་བདག་ཉིད་ཀྱིས་གནས་སྐབས་གཞན་དག་འདོད་པའི་ཁམས་སུ་དྲན་པ་ན་སྒྲུབ་པར་བྱེད་པ་ན། གཟུགས་མེད་པ་རྣམས་ནི་འདོད་པའི་ཁམས་ལ་དམིགས་པ་ཡང་མ་ཡིན་ནོ། །གནས་དང་དུས་ལ་སོགས་པ་ལ་དམིགས་
པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་དང་དུས་ལ་སོགས་པ་དག་ནི་ཅི་རིགས་པར་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་ན་ཡོད་ཀྱི། གཟུགས་མེད་པའི་ཁམས་ན་ནི་མ་ཡིན་ནོ། །གཟུགས་མེད་པའི་དངོས་གཞི་དག་ནི་ཁམས་འོག་མ་ལ་དམིགས་པ་འམ། གཟུགས་ལ་དམིགས་པ་ཡོད་
པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་བསམ་གཏན་གྱི་ཉེར་བསྡོགས་དག་དང་། གཟུགས་མེད་པ་དང་པོའི་ཉེར་བསྡོགས་དག་ཏུ་ཡང་འགྱུར་ཏེ། གཟུགས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ཏིང་ངེ་འཛིན་ཡན་ལག་གིས་ཡོངས་སུ་བཟུང་བ་ཁོ་ན་མངོན་པར་ཤེས་པའི་རྟེན་
ཡིན་ན། འདི་ནི་གཟུགས་མེད་པའི་ཉེར་བསྡོགས་དག་ན་ཡོད་པ་མ་ཡིན་པས། དེ་ན་མངོན་པར་ཤེས་པ་མེད་དོ། །དེ་ལྟར་ན་དེ་དག་ན་ཟག་པ་ཟད་པའི་མངོན་པར་ཤེས་པ་ཡོད་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ས་ཐམས་ཅད་ཀྱི་ཤེས་པས་ཟག་པ་ཟད་པའི་ཤེས་པ་ལ་དམིགས་པར་ནུས་པའི་
Vol. 145 · folio 259b
ཕྱིར་རོ། །མངོན་པར་ཤེས་པ་རྣམས་ཀྱི་སྦྱོར་བ་བཤད་པའམ། ཡང་ན་ཇི་ལྟར་གཞན་གྱི་སེམས་ཤེས་པ་གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་ཞེ་ན། དེའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པར་འདོད་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་བཞིན་དུ་ཕ་རོལ་པོ་དག་ལ་ཡང་གཏོད་དེ་
ཞེས་བྱ་བ་ནི་གཏོད་པར་བྱེད་པ་སྟེ། བདག་གི་ལུས་འདི་འདྲ་བ་ཞིག་ལ་སེམས་ནི་འདི་འདྲ་བ་ཞིག་ཡིན་ལ། གཞན་ལ་ཡང་ལུས་འདྲ་བ་འདི་ཡོད་དེ། དེའི་ཕྱིར་འདིའི་སེམས་ཀྱང་འདི་འདྲ་བར་འགྱུར་རོ་ཞེས་བྱ་བའི་སྦྱོར་བའི་གནས་སྐབས་འདི་མངོན་པར་ཤེས་པ་མངོན་པར་གྲུབ་ནས་གཟུགས་ལ་མི་ལྟོས་པར་
གཞན་གྱི་སེམས་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །མཚན་མ་བཟུང་ནས་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་ཡོངས་སུ་བཅད་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་མ་ཐག་པའི་ཞེས་བྱ་བ་ནི་སེམས་གང་ལ་མཚན་མ་ཉེ་བར་གཟུང་བ་དེའི་དེ་མ་ཐག་ཏུ་
འགག་པ་གནས་སྐབས་གཞན་གང་དག་ཡིན་པ་དེ་རྣམས་དང་པོ་ཡིད་ལ་བྱེད་དོ། །སྐད་ཅིག་མ་བར་མེད་པ་ཡིད་ལ་བྱེད་པ་མི་སྲིད་པས་གནས་སྐབས་གཞན་ཞེས་བྱ་བ་སྨོས་སོ། །གནས་གཙང་མ་རྣམས་ཇི་ལྟར་དྲན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཉམས་སུ་མྱོང་བ་དྲན་ནའོ། །གནས་གཙང་མ་པ་རྣམས་འདིར་
འོང་བ་ནི་མེད་དེ། ཕྱིར་མི་འོང་བ་ཡིན་པའི་ཕྱིར་རོ། །ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འདིས་ནི་གནས་གཙང་མའི་ལྷ་རྣམས་འདི་འདྲ་བ་ཞིག་གོ་ཞེས་ཐོས་པ་ཡིན་ནོ། །ཉམས་སུ་མྱོང་བ་ནི་རྣམ་པ་གཉིས་ཏེ། །ཐོས་པས་ཉམས་སུ་མྱོང་བ་དང་། །མཐོང་བས་ཉམས་སུ་མྱོང་བའོ། །ཕ་རོལ་པོའི་རྒྱུད་
ལ་བརྟེན་ནས་འདིར་སྐྱེད་དོ་ཞེས་བྱ་བ་ལ་གཟུགས་མེད་པ་དག་ནས་ཤི་འཕོས་ནས་འདིར་སྐྱེས་པ་གང་ཞིག་བསམ་གཏན་བསྐྱེད་ནས་སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་དེ་ནི་ཕ་རོལ་པོའི་རྒྱུད་ལ་བརྟེན་ནས་སྐྱེད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ནི་བསམ་གཏན་གྱིས་བསྡུས་པ་ཡིན་པས་
དེས་གཟུགས་མེད་པ་ན་སྤྱོད་པའི་སེམས་མི་འཛིན་ཏེ། ས་གོང་མ་པ་ཡིན་པའི་ཕྱིར་རོ། །དེ་ཕ་རོལ་པོའི་རྒྱུད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་འགགས་མ་ཐག་པ་མཚན་མ་བཟུང་ནས་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །གཞན་དག་ན་ཞེས་བྱ་བ་ནི་གང་དག་གཟུགས་མེད་པ་དག་ནས་ཤི་འཕོས་པ་མ་ཡིན་
Vol. 145 · folio 260a
པ་དེ་དག་ནི་རང་གི་རྒྱུད་ལ་བརྟེན་ནས་སྐྱེད་དོ། །གལ་ཏེ་གཟུགས་མེད་པ་རྣམས་མི་དྲན་ན་འོ་ན་མདོ་ལས་བཅོམ་ལྡན་འདས་ཀྱིས་གལ་ཏེ་གཟུགས་དག་གམ་གཟུགས་མེད་པ་དག་ཏུ་སྔོན་གནས་པ་ཐམས་ཅད་རྣམ་པ་དང་བཅས་པར་རྗེས་སུ་དྲན་ནོ་ཞེས་མདོ་ལས་གསུངས་པ་ཇི་ལྟར་ཞེ་ན་
ཁ་ཅིག་ན་རེ་དེའི་རྗེས་སུ་དཔག་པ་འཁྲུལ་པ་མེད་པས་ཤེས་སོ་ཞེས་ཟེར་རོ། །གཞན་དག་ན་རེ། བཞེད་པ་ཙམ་གྱིས་ཐམས་ཅད་མཁྱེན་ཏེ། སངས་རྒྱས་རྣམས་ཀྱི་མཁྱེན་པའི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །རྫུ་འཕྲུལ་ལ་སོགས་པའི་ཞེས་བྱ་བ་ནི་
རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། མིག་གི་མངོན་པར་ཤེས་པ་དག་གི་སྦྱོར་བ་ནི་གོ་རིམས་བཞིན་དུ་སྤང་བ་དང་སྒྲ་དང་སྣང་བ་ཡིད་ལ་བྱེད་པ་ཡིན་ནོ། །ལྷའི་རྣ་བའི་སྦྱོར་བ་ནི་སྒྲ་ཡིད་ལ་བྱེད་པའོ། །ལྷའི་མིག་གི་སྦྱོར་བ་ནི་སྣང་བ་ཡིད་ལ་བྱེད་པའོ། །ཚུལ་གནས་ཞེས་བྱ་བ་ལ་
སོགས་པ་མཛོད་ཀྱི་གནས་དྲུག་པར་ཉོན་མོངས་པ་སྤོང་བའི་ཐབས་རྒྱས་པར་བསྟན་པའི་ཕྱིར་ཟག་པ་ཟད་པའི་མངོན་པར་ཤེས་པ་སྐྱེད་པའི་སྦྱོར་བ་ཡང་མི་བརྗོད་དོ། །འདི་དག་ཇི་ལྟར་འཐོབ་ཅེས་བྱ་བ་ནི་འཐོབ་པ་རྙེད་པའི་དབང་དུ་བྱས་ནས་དྲིས་པ་སྟེ། མངོན་སུམ་དུ་འགྱུར་བ་ནི། འདྲིས་
པའམ་མ་འདྲིས་པའང་རུང་སྟེ་སྦྱོར་བ་ཁོ་ནས་ཡིན་ནོ། །མ་འདྲིས་པ་རྣམས་ནི་སྦྱོར་བས་ཞེས་བྱ་བ་ནི་བྱེ་བྲག་ཅན་སྔོན་མ་བསྐྱེད་པ་གང་ཡིན་པའོ། །ཐམས་ཅད་ཀྱང་སྦྱོར་བས་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འདྲིས་པ་དང་། མ་འདྲིས་པ་བསྐྱེད་པ་སྟེ། མངོན་སུམ་དུ་བྱེད་པའོ། །མངོན་
པར་ཤེས་པ་གང་ཞིག་དྲན་པ་ཉེ་བར་གཞག་པ་དུ་མ་ཞིག་ཡིན། ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། མངོན་པར་ཤེས་པས་ན་མངོན་པར་ཤེས་པའོ་ཞེ་ན། གསུམ་པ་དྲན་པ་ཉེར་གཞག་གསུམ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །སེམས་དང་སེམས་ལས་བྱུང་བ་དམིགས་པའི་
ཕྱིར་ཞེས་བྱ་བ་ལ་ཅི་ཞེ་ན། སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ལུས་དྲན་པ་ཉེ་བར་གཞག་པའི་རང་བཞིན་མ་ཡིན་ནོ། །དབང་པོ་རྣོ་བ་རྫུ་འཕྲུལ་གྱི་མིག་ཅེས་བྱ་བ་ནི་འདི་དག་གཟུགས་ལ་དམིགས་པའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པའི་རང་བཞིན་ཡིན་ནོ། །གཟུགས་ལ་དམིགས་པ་
Vol. 145 · folio 260b
ཡིན་པའི་ཕྱིར་ཞེས་བཤད་པས་དེའི་ཕྱིར་རྫུ་འཕྲུལ་གྱི་དམིགས་པ་ནི་ཕྱིའི་སྐྱེ་མཆེད་བཞི་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྒྲ་མ་གཏོགས་སོ་ཞེས་བྱ་ནི་སྒྲ་ནི་རྒྱུན་འཆད་པའི་ཕྱིར་སྤྲུལ་པར་མི་བྱེད་དོ། །འོ་ན་ཇི་ལྟར་འཆི་འཕོ་བ་དང་། སྐྱེ་བ་ཤེས་པས་ཞེས་བྱ་བ་རྒྱས་པར་འབྱུང་
བ་ནི་གལ་ཏེ་མིག་གི་མངོན་པར་ཤེས་པ་གཟུགས་ལ་དམིགས་པ་ཡིན་ན། ལྷའི་མིག་གིས་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་དང་། ལེགས་པར་སྤྱད་པ་འམ། དེ་དང་ལྡན་པར་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མ་ཡིན་པ་ཇི་ལྟར་ཤེས་ཤེ་ན། འདིའི་ལན་གྱི་ཕྱིར་དེ་ནི་དེས་མི་ཤེས་ཀྱི་
ཞེས་བྱ་བ་སྨོས་ཏེ། གང་གིས་ཤེ་ན། ལྷའི་མིག་གིས་སོ། །འོ་ན་ཅི་ཞེ་ན། མངོན་པར་ཤེས་པའི་འཁོར་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་ལ་སོགས་པ་དང་། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གོ། །ལྷག་མ་ནི་ཞེས་བྱ་བ་ནི་སྔོན་གྱི་
གནས་དང་ཟག་པ་ཟད་པའི་མངོན་པར་ཤེས་པའོ། །རེ་ཞིག་སྔོན་གྱི་གནས་རྗེས་སུ་དྲན་པ་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞིའི་བདག་ཉིད་ཡིན་ལ་རག་མོད། ཟག་པ་ཟད་པ་མངོན་པར་ཤེས་པ་ནི་ཇི་ལྟར་དྲན་པ་ཉེ་བར་གཞག་
པ་ཡིན་ཏེ། འགོག་པ་ལ་དམིགས་པའི་ཕྱིར་རོ་ཞེ་ན་འགོག་པ་ལ་དམིགས་པའི་ཕྱོགས་ཡིན་ན་ནི་ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ན་ཡིན་ལ། ཟག་པ་ཟད་པའི་རྒྱུད་ཀྱི་ཕྱོགས་ཡིན་ན་ནི་དྲན་པ་ཉེ་བར་གཞག་པ་བཞི་ཡིན་པས་འགལ་བ་མེད་དོ། །དེ་དག་དགེ་བ་ལ་སོགས་པའི་དབྱེ་བས་ནི། མིག་དང་
རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། །ཅེས་བྱ་བའོ། །གལ་ཏེ་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ན། འོ་ན་ཇི་ལྟར་བསམ་གཏན་བཞི་པའི་ས་པར་གྲུབ། མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དག་ནི་
བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་མེད་དོ། །རྟེན་གྱི་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་བྱ་བ་དེར། རྟེན་གྱི་དབང་གིས་བརྟེན་པ་མིག་དང་རྣ་བའི་མངོན་པར་ཤེས་པ་དག་ཀྱང་བསམ་གཏན་བཞི་པའི་ས་པར་བཤད་དོ། །དེའི་རྟེན་ཞེས་བྱ་བ་ནི་མངོན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words