ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 147 · folio 84a

གཉིས་བྱེད་ཅིང་། །ཟས་ཀྱི་དཔེ་ཡིས་གཉིས་ཡིན་ནོ། །ཞེས་བྱ་བ་ནས་གོ་རིམས་ལས་བཟློག་སྟེ་བགྲང་བའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མདོ་དགུ་པ་ལས་འབྱུང་བ་མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ། བདག་དང་བདག་གི་ཆད་རྟག་དང་། །མེད་

དང་དམན་ལ་མཆོག་ལྟ་དང་། །ཞེས་འཇིག་ཚོགས་ལ་ལྟ་བའི་སྒྲིབ་པར་བྲིས་ཟིན་ཏོ། །གང་ཅུང་ཟད་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པ་ཞེས་བྱ་བ་ལ། འདི་ཉིད་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ་ལས་འབྱུང་བ་མཛོད་ཀྱི་གནས་དང་པོར་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཐུག་

པའི་གཟུགས་འདི་དག་ཅི་གཟུགས་ཞེས་བརྗོད་ཅེ་ན། གཟུགས་སུ་རུང་ཞིང་གཟུགས་སུ་རུང་བས་སོ་ཞེས་བྱ་བར་བྲིས་ཟིན་ཏོ། །འདས་པ་ལ་སོགས་པ་དང་མ་གསུངས་པའི་ཕྱིར་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ།

དགེ་སློང་དག་དུས་གཅིག་གི་ཚེ་ང་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་ན་ཆུ་བོ་ནཻ་རཉྫནའི་འགྲམ་བྱང་ཆུབ་ཀྱི་ཤིང་དྲུང་ན་གཅིག་པུ་དབེན་པ་ནང་དུ་ཡང་དག་འཇོག་ལ་བཞུགས་པ་ན། འདི་ལྟ་བུའི་སེམས་ལ་སེམས་ཀྱི་ཡོངས་སུ་རྟོགས་པ་སྐྱེས་ཏེ། གུས་པ་མེད་པ་ནི་སྡུག་

བསྔལ་བ་སྟེ། བདག་པོ་མེད་ཅིང་འཇིགས་པར་དབང་སྒྱུར་བ་མེད་པ་ནི་དོན་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །གུས་པ་དང་བཅས་པ་ནི་བདེ་བ་སྟེ། བདག་པོ་དང་བཅས་ཤིང་འཇིགས་པ་དབང་སྒྱུར་བ་དང་བཅས་པ་ནི་དོན་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་ཏེ། གང་དག་

ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། ཤེས་རབ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། རྣམ་པར་གྲོལ་བའི་

ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ལྷ་དང་བཅས་པ་དང་བདུད་དང་བཅས་པ་དང་ཚངས་པ་དང་བཅས་པ་དང་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་མིའི་འཇིག་རྟེན་ན་འགའ་ཞིག་ཡོད་ན་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་

Vol. 147 · folio 84b

བྱ་བ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ཏེ་ཡོངས་སུ་བསྟེན་ཅིང་གནས་པར་བྱའོ་ཞེས་དགོངས་སོ། །ཡང་འདི་སྙམ་དུ། གང་ཡང་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག་བདག་གིས་

བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ཏེ་ཡོངས་སུ་བསྟེན་ཅིང་གནས་པར་བྱ་བ་གང་བདག་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། ཤེས་རབ་ཕུན་སུམ་

ཚོགས་པ་ཁྱད་པར་དུ་འཕགས་པའམ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་

སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་མིའི་འཇིག་རྟེན་ན་འགའ་ཡང་མེད་དེ། གཞན་དུ་ན་ངས་རང་ཉིད་ཀྱིས་ཆོས་མངོན་པར་མཁྱེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་གང་ཡང་བདག་གིས་ཆོས་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག །

བདག་གིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ནས་བསྟེན་ཅིང་ལན་མང་དུ་གནས་པར་བྱའོ་ཞེས་དགོངས་སོ། །དེ་ནས་ཚངས་པ་སྟོང་གི་བདག་པོའི་སེམས་ཀྱིས་ངའི་ཐུགས་རྣམ་པར་ཤེས་ནས་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བརྐྱང་བ་ལས་བསྐུམ་

པའམ་བསྐུམས་པ་ལས་བརྐྱང་བ་ཙམ་གྱིས་ཚངས་པའི་འཇིག་རྟེན་ན་མི་སྣང་བར་གྱུར་ཏེ་ངའི་མདུན་དུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། གུས་པ་མེད་པ་ནི་སྡུག་བསྔལ་བ་སྟེ། བདག་པོ་མེད་ཅིང་འཇིགས་

པར་དབང་སྒྱུར་བ་མེད་པ་ནི་དོན་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །གུས་པ་དང་བཅས་པ་ནི་བདེ་བ་སྟེ་བདག་པོ་དང་བཅས་ཤིང་འཇིགས་པར་དབང་སྒྱུར་བ་དང་བཅས་པའི་དོན་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་ཏེ། གང་ཡང་བཅོམ་ལྡན་འདས་ཀྱིས་བཀུར་སྟིར་བྱ་བ་དང་། བླ་

Vol. 147 · folio 85a

མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག་བཅོམ་ལྡན་འདས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ཏེ་ཡོངས་སུ་བསྟེན་ཅིང་ལན་མང་དུ་གནས་པར་བྱ་བ་བཅོམ་ལྡན་འདས་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་

པ་ཁྱད་པར་དུ་འཕགས་པའམ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། ཤེས་རབ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པའམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་

ཚོགས་པ་ཁྱད་པར་དུ་འཕགས་པ་ལྷ་དང་བཅས་པ་དང་བདུད་དང་བཅས་པ་དང་ཚངས་པ་དང་བཅས་པ་དང་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་མིའི་འཇིག་རྟེན་ན་འགའ་ཡང་མེད་དོ། །གཞན་དུ་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་ཆོས་མངོན་པར་མཁྱེན་ནས་མངོན་པར་རྫོགས་པར་

སངས་རྒྱས་ཏེ། གང་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག་གིས་བཅོམ་ལྡན་འདས་ཀྱིས་ཆོས་ལ་བཀུར་སྟིར་མཛད་ཅིང་བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་མཛད་ནས་བརྟེན་ཅིང་

ལན་མང་དུ་གནས་པར་མཛོད་ཅིག །བཙུན་པ་དེ་ཅིའི་ཕྱིར་ཞེ་ན། གང་ཡང་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཆོས་ཉིད་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་

དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག་གིས་ཆོས་ཉིད་ལ་བཀུར་སྟིར་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ནས་ཉེ་བར་བསྟེན་ཅིང་བཞུགས་སོ། །གང་ཡང་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཆོས་ཉིད་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག་གིས་བཀུར་སྟིར་མཛད་པ་དང་། བླ་མར་མཛད་པ་དང་། རྗེད་པར་མཛད་པ་དང་། མཆོད་པར་མཛད་ཅིང་བསྟེན་ཅིང་གནས་པར་

Vol. 147 · folio 85b

འགྱུར་རོ། །ད་ལྟར་བྱུང་བའི་དུས་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཆོས་ཉིད་ལ་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་དག་གིས་བཀུར་སྟིར་མཛད་ཅིང་བླ་མར་མཛད་པ་དང་། རྗེད་

པར་མཛད་པ་དང་། མཆོད་པར་མཛད་ནས་བསྟེན་ཅིང་ལན་མང་དུ་བཞུགས་པར་མཛོད་ཅིག །དེ་ནས་ཚངས་པ་སྟོང་གི་བདག་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨས་སོ། །གང་ཡང་འདས་པའི་རྫོགས་སངས་རྒྱས། །གང་ཡང་མ་བྱོན་སངས་རྒྱས་དང་། །མྱ་ངན་མང་པོ་འཇིག་

བྱེད་པའི། །གང་ཡང་ད་ལྟར་རྫོགས་སངས་རྒྱས། །དེ་དག་ཐམས་ཅད་དམ་ཆོས་ལ། །བཀུར་སྟིར་མཛད་ཅིང་ཉེ་བར་བཞུགས། །གཞན་ཡང་གནས་པར་འགྱུར་བ་སྟེ། །འདི་ནི་རྫོགས་སངས་ཆོས་ཉིད་ཡིན། །དེ་ཕྱིར་འདོད་ཁམས་འདི་ན་ནི། །ཆེ་བའི་བདག་ཉིད་འདོད་པ་རྣམས། །

སངས་རྒྱས་བསྟན་པ་རྗེས་དྲན་ནས། །དམ་པའི་ཆོས་ལ་བཀུར་སྟི་བྱ། །དེ་ནས་ཚངས་པ་སྟོང་གི་བདག་པོ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་དེ་ངའི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་མི་སྣང་བར་གྱུར་ཏོ་ཞེས་གསུངས་སོ། །དགེ་སློང་དག་ཁུར་དང་ཁུར་ལེན་པ་དག་ཅེས་བྱ་བ་ལ། གླེང་

གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཁུར་དང་། ཁུར་ལེན་པ་དང་། ཁུར་སྤོང་བ་དང་། ཁུར་ཁྱེར་བ་དག་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཁུར་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །ལྔ་གང་ཞེ་ན། གཟུགས་

ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །ཁུར་ལེན་པ་གང་ཞེ་ན། དགའ་བའི་འདོད་ཆགས་དང་ལྷན་ཅིག་པར་གྱུར་པའི་སྲེད་པ་ཡང་སྲིད་པར་ཀུན་འབྱུང་བ་དེ་དང་དེ་ལས་མངོན་པར་དགའ་བའོ། །ཁུར་སྤོང་

བ་གང་ཞེ་ན། གང་གི་ཚེ་དགའ་བའི་འདོད་ཆགས་དང་ལྷན་ཅིག་པར་གྱུར་པའི་སྲེད་པ་ཡང་སྲིད་པར་ཀུན་འབྱུང་བ་དེ་དང་དེ་ལས་མངོན་པར་དགའ་བ་འདི་ཉིད་མ་ལུས་པར་སྤངས་ཤིང་སོ་སོར་འགགས་པ་དང་། ནུབ་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགགས་པ་དང་།

Vol. 147 · folio 86a

ཉེ་བར་ཞི་བ་དང་། མི་སྣང་བའོ། །ཁུར་ཁྱེར་བ་གང་ཞེ་ན། གང་ཟག་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་མིང་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ། རིགས་ནི་འདི་ལྟ་བུ། ཁ་ཟས་ནི་འདི་ལྟ་བུ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་དག་མྱོང་ཞིང་ཚེ་རིང་པོའམ་ཐུང་ངུ་འདི་

ཙམ་ཞིག་ཏུ་གནས་ཏེ། ཚེའི་མཐའ་འདི་ཙམ་དུ་གྱུར་ཞེས་བྱ་བའོ། །དགེ་སློང་དག་ཁུར་དང་ཁུར་ལེན་པ་དང་ཁུར་སྤོང་བ་དང་ཁུར་ཁྱེར་བ་དག་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅིང་། བདེ་བར་གཤེགས་

པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་ལྕི་བའི་ཁུར་སྤངས་ནས། །སླར་ཡང་ཁུར་དག་ལེན་མི་འགྱུར། །ཁུར་ལེན་པ་ནི་སྡུག་བསྔལ་ཏེ། །ཁུར་སྤངས་པ་ནི་བདེ་བ་ཡིན། །སྲེད་པ་ཐམས་ཅད་རབ་སྤངས་ཤིང་། །ཀུན་སྦྱོར་

ཐམས་ཅད་ཟད་པ་ཡི། །བླང་བྱ་ཡོངས་སུ་ཤེས་པ་ནི། །ཡང་སྲིད་དག་ཏུ་འགྲོ་མི་འགྱུར། །ཞེས་གསུངས་སོ། །སེམས་ཅན་རྫུས་ཏེ་བྱུང་བ་རྣམས་མེད་དོ་ཞེས་བྱ་བ་ལ། རེ་ཞིག་ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་དེ་དང་དེ་ལས་བཞི་བཅུ་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་མཛོད་ཀྱི་གནས་

དྲུག་པ་འདི་ཉིད་དུ་སློབ་པའི་ལམ་ནི་ཡན་ལག་རྣམ་པ་བརྒྱད་དང་ལྡན་ཞེས་བྱ་བར་བྲིས་ཏེ། དེ་ལས་འདི་ལྟར་འདོན་ཏོ། །ལོག་པའི་ལྟ་བ་གང་ཞེ་ན། ལྟ་བ་གང་ཞིག་མེད་པར་ལྟ་བ་སྟེ། སྦྱིན་པ་མེད་དོ། །ལེན་པ་མེད་དོ། །མཆོད་སྦྱིན་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་

པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་འབྱུང་བ་རྣམས་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་རྟོགས་

ཤིང་ཡང་དག་པར་ཞུགས་པ་སྐྱེ་བ་ཟད་པ་ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་རབ་ཏུ་རྟོགས་པ་རྣམས་མེད་དོ་ཞེས་བྱ་བ་སྟེ། འདི་

Vol. 147 · folio 86b

ནི་ལོག་པར་ལྟ་བ་ཞེས་བྱའོ་ཞེས་གསུངས་སོ། །འཇིག་རྟེན་དུ་གང་ཟག་གཅིག་སྐྱེ་བ་ན་སྐྱེའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་

བདེ་བའི་ཕྱིར་འཇིག་རྟེན་དུ་གང་ཟག་གཅིག་སྐྱེ་བ་ན་སྐྱེ་སྟེ། དགེ་སློང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་འཇིག་རྟེན་དུ་གང་ཟག་གཅིག་སྐྱེ་བ་ན་སྐྱེ་བ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དགེ་སློང་དག་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་ཆོས་དང་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་

དགེ་སློང་ཤཱ་རིའི་བུས་དེའི་རྗེས་སུ་བསྐོར་ཏེ། དགེ་སློང་དག་ངས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་ལྷ་དང་མིའི་འཇིག་རྟེན་ན་ཆོས་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་བསྐོར་བ་གཞན་སུ་ཡང་ཡང་དག་པར་

རྗེས་སུ་མ་མཐོང་སྟེ། གཞན་དུ་ན་དགེ་སློང་ཤཱ་རིའི་བུ་ནི་མ་གཏོགས་སོ། །དགེ་སློང་དག་ངས་ཆོས་ཀྱི་འཁོར་ལོ་བསྐོར་བས་དགེ་སློང་ཤཱ་རིའི་བུ་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་གྱུར་ཏོ་ཞེས་གསུངས་སོ། །དོན་དམ་པ་སྟོང་པ་ཉིད་ལས་ཞེས་བྱ་བ་ལས། སྐྱེ་མཆེད་

དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གཉིས་པ་ལས། འདས་པ་ཡིས་ནི་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པའི་མཐའ་ལས་འབྱུང་བ་མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ་འདས་པ་དང་མ་འོངས་པ་བསམ་པར་བཤད་པ་བསྟན་ཅིང་། གསུམ་པ་ལས་ཀྱང་། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་བྱ་

བར་བྲིས་ཟིན་ཏོ། །ཇི་སྐད་དུ་དབོ་ལས་སྐྱེས་ཀྱི་མདོ་ལས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པ་སྟེ། བཞི་གང་ཞེ་ན། རགས་པ་དང་ཕྲ་བའི་ཁམ་གྱི་ཟས་དང་།

Vol. 147 · folio 87a

གཉིས་པ་རེག་པའི་ཟས་དང་། གསུམ་པ་ཡིད་ལ་སེམས་པའི་ཟས་དང་། བཞི་པ་རྣམ་པར་ཤེས་པའི་ཟས་སོ། །དེའི་ཚེ་ཚེ་དང་ལྡན་པ་དབོ་ལས་སྐྱེས་བཅོམ་ལྡན་འདས་ཀྱི་རྒྱབ་ནས་བཅོམ་ལྡན་འདས་ལ་བསིལ་ཡབ་གཡོབ་ཅིང་འདུག་སྟེ། དེ་ནས་ཚེ་དང་ལྡན་

པ་དབོ་ལས་སྐྱེས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅི་རྣམ་པར་ཤེས་པ་ཟས་སུ་ཟའམ། དབོ་ལས་སྐྱེས་རྣམ་པར་ཤེས་པ་ཟས་སུ་ཟའོ་ཞེས་ང་སྨྲ་ན། དྲི་བ་དེ་ལེགས་པར་འགྱུར་བ་ཞིག་ན། དབོ་ལས་སྐྱེས་རྣམ་པར་ཤེས་པ་ཟས་སུ་ཟའོ་ཞེས་ང་མི་སྨྲའོ། །བཙུན་པ་

ཅི་རྣམ་པར་ཤེས་པ་ཟས་སུ་ཟའོ་ཞེས་མི་གསུང་ངམ། དབོ་ལས་སྐྱེས་དེ་བཞིན་ཏེ། ང་དེ་སྐད་དུ་མི་སྨྲའོ། །གལ་ཏེ་ངའི་དྲུང་དུ་འགའ་ཞིག་ཉེ་བར་འོངས་ཏེ། གང་གི་རྐྱེན་གྱིས་རྣམ་པར་ཤེས་པ་བྱུང་ཞེས་འདི་ལྟར་འདྲི་བ་དེ་ལ་ངས་འདི་སྐད་དུ་ལུང་བསྟན་པར་བྱ་སྟེ། རྣམ་པར་ཤེས་པ་ནི་མ་འོངས་

པའི་ཡང་སྲིད་པ་མངོན་པར་འགྲུབ་ཅིང་རབ་ཏུ་འབྱུང་བའི་བར་དུ་སྟེ། བྱུང་བར་གྱུར་ཅིང་ཡོད་པ་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ནི་རེག་པའོ། །བཙུན་པ་རེག་གོ་རེག་གོ་ཞེས་བྱ་བ་ཅི་ཞིག །དབོ་ལས་སྐྱེས་རེག་གོ་རེག་གོ་ཞེས་ངས་འདི་སྐད་དུ་སྨྲ་ན་དྲི་བ་དེ་ལེགས་པར་འགྱུར་

བ་ཞིག་ན་ང་དེ་སྐད་དུ་མི་སྨྲའོ། །བཙུན་པ་རེག་པ་ཞེས་མི་གསུང་ངམ། དབོ་ལས་སྐྱེས་པ་དེ་སྐད་དུ་མི་སྨྲའོ། །གལ་ཏེ་ངའི་དྲུང་དུ་འགའ་ཞིག་ཉེ་བར་འོངས་ཏེ། གང་གི་རྐྱེན་གྱིས་རེག་པ་བྱུང་ཞེས་འདི་སྐད་དུ་འདྲི་ན་དྲི་བ་དེ་ལ་ངས་འདི་སྐད་དུ་ལུང་བསྟན་པར་བྱ་སྟེ། སྐྱེ་མཆེད་

དྲུག་གི་རྐྱེན་གྱིས་ནི་རེག་པ་མིན་ལ་རེག་པའི་རྐྱེན་གྱིས་ཚོར་བའོ། །བཙུན་པ་ཚོར་བ་པོ་ཚོར་བ་པོ་ཞེས་བྱ་བ་ཅི་ཞིག །དབོ་ལས་སྐྱེས་ཚོར་བ་པོ་ཚོར་བ་པོ་ཞེས་སྨྲ་ན་དེ་སྐད་དུ་དྲི་བ་ལེགས་པར་འགྱུར་བ་ཞིག་ན་ང་དེ་སྐད་དུ་མི་སྨྲའོ། །བཙུན་པ་ཅི་ཚོར་བ་པོ་ཞེས་མི་གསུང་ངམ། དབོ་ལས་སྐྱེས་དེ་བཞིན་

ཏེ། ང་དེ་སྐད་དུ་མི་སྨྲའོ། །གལ་ཏེ་ངའི་དྲུང་དུ་འགའ་ཞིག་ཉེ་བར་འོངས་ཏེ། གང་གི་རྐྱེན་གྱིས་ཚོར་བ་བྱུང་ཞེས་འདི་ལྟར་འདྲི་ན་དེ་ལ་ངས་འདི་སྐད་དུ་ལུང་བསྟན་པར་བྱ་སྟེ། རེག་པའི་རྐྱེན་གྱིས་ཚོར་བ་བྱུང་ཞིང་ཚོར་བའི་རྐྱེན་གྱིས་སྲེད་པའོ། །བཙུན་པ་སྲེད་པ་པོ་སྲེད་པ་པོ་ཞེས་བྱ་བ་ཅི་ཞིག །དབོ་ལས་

Vol. 147 · folio 87b

སྐྱེས་སྲེད་པ་པོ་སྲེད་པ་པོ་ཞེས་སྨྲ་ན་དྲི་བ་དེ་ལེགས་པར་འགྱུར་བ་ཞིག་ན་ང་དེ་སྐད་དུ་མི་སྨྲའོ། །བཙུན་པ་སྲེད་པ་པོ་ཞེས་མི་གསུང་ངམ། དབོ་ལས་སྐྱེས་དེ་བཞིན་ཏེ། ང་དེ་སྐད་དུ་མི་སྨྲའོ། །གལ་ཏེ་ངའི་དྲུང་དུ་འགའ་ཞིག་ཉེ་བར་འོངས་ཏེ་གང་གི་རྐྱེན་གྱིས་སྲེད་པ་བྱུང་ཞེས་འདི་ལྟར་འདྲི་ན་དྲི་བ་དེ་ལ་ངས་

འདི་སྐད་དུ་ལུང་བསྟན་པར་བྱ་སྟེ། ཚོར་བའི་རྐྱེན་གྱིས་སྲེད་པ་བྱུང་ཞིང་སྲེད་པའི་རྐྱེན་གྱིས་ལེན་པའོ། །བཙུན་པ་ལེན་པ་པོ་ལེན་པ་པོ་ཞེས་བྱ་བ་ཅི་ཞིག །ལེན་པ་པོ་ལེན་པ་པོ་ཞེས་ང་སྨྲ་ན་འདྲི་བ་དེ་ལེགས་པར་འགྱུར་བ་ཞིག་ན་ང་དེ་སྐད་དུ་མི་སྨྲའོ། །བཙུན་པ་ལེན་པ་པོ་ཞེས་མི་གསུང་ངམ།

དབོ་ལས་སྐྱེས་དེ་དེ་བཞིན་ཏེ་ང་དེ་སྐད་དུ་མི་སྨྲའོ། །གལ་ཏེ་ངའི་དྲུང་དུ་འགའ་ཞིག་ཉེ་བར་འོངས་ཏེ་གང་གི་རྐྱེན་གྱིས་ལེན་པ་བྱུང་ཞེས་འདི་ལྟར་འདྲི་ན་དེ་ལ་ངས་འདི་སྐད་དུ་ལུང་བསྟན་པར་བྱ་སྟེ། སྲེད་པའི་རྐྱེན་གྱིས་ལེན་པ་བྱུང་ཞིང་ལེན་པའི་རྐྱེན་གྱིས་སྲིད་པའོ། །བཙུན་པ་སྲིད་པ་སྲིད་པ་ཞེས་བྱ་བ་

ཅི་ཞིག །དབོ་ལས་སྐྱེས་སྲིད་པ་སྲིད་པ་ཞེས་ང་སྨྲ་ན་དྲི་བ་དེ་ལེགས་པར་འགྱུར་བ་ཞིག་ན་ང་དེ་སྐད་དུ་མི་སྨྲའོ། །བཙུན་པ་སྲིད་པ་སྲིད་པ་ཞེས་མི་གསུང་ངམ། དབོ་ལས་སྐྱེས་དེ་བཞིན་ཏེ། ང་དེ་སྐད་དུ་མི་སྨྲའོ། །གལ་ཏེ་ངའི་དྲུང་དུ་འགའ་ཞིག་ཉེ་བར་འོངས་ཏེ། གང་གི་རྐྱེན་གྱིས་སྲིད་པ་བྱུང་

ཞེས་འདི་ལྟར་འདྲི་ན་དེ་ལ་ངས་འདི་ལྟར་ལུང་བསྟན་པར་བྱ་སྟེ། ཚེ་དང་ལྡན་པ་སྲིད་པ་འདི་ནི་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་ཅིང་རབ་ཏུ་བྱུང་བའི་བར་དུ་སྟེ། བྱུང་བར་གྱུར་ཅིང་ཡོད་པ་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་

གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཡང་དག་པར་འབྱུང་ཞིང་

སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ལུས་ལས་སྲོག་དེ་ཉིད་དང་གཞན་དུ་ལུང་མ་བསྟན་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །

Vol. 147 · folio 88a

དེའི་ཚེ་ཀུན་དུ་རྒྱུ་བེའུའི་རིགས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཅེས་བྱ་བ་ནས་ཀུན་དུ་རྒྱུ་བེའུའི་རིགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཅི་ལུས་དེ་ཉིད་སྲོག་ཡིན་ནམ། བེའུ་ལུས་དེ་

ཉིད་སྲོག་ཡིན་ནོ་ཞེས་ང་ལུང་མི་སྟོན་ཏོ། །གཽ་ཏ་མ་ཅི་ལུས་ལས་གཞན་ཞིག་སྲོག་ཡིན། བེའུ་ལུས་ལས་སྲོག་གཞན་ཡིན་ནོ་ཞེས་ཀྱང་ལུང་མི་སྟོན་ཏོ། །གཽ་ཏ་མ་ལུས་དེ་ཉིད་སྲོག་ཡིན་ནམ་ཞེས་དྲིས་པ་ན་ལུང་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་སྨྲ་ཞིང་། ཅི་ལུས་ལས་གཞན་ཞིག་སྲོག་ཡིན་ཞེས་དྲིས་

པ་ན་ཡང་ལུང་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་སྨྲ་སྟེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་འདས་པའི་དུས་ན་དུས་ལས་འདས་པ་དག་གནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གཞན་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་སྐྱེ་བ་ལུང་སྟོན་པ་ནི་ངོ་མཚར་བ་མ་ཡིན་ནོ། །བེའུ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་

ཉན་ཐོས་དུས་ལས་འདས་པ་དག་གནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་གནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་སྐྱེ་བ་ལུང་བསྟན་པ་ནི་ངོ་མཚར་བ་མ་ཡིན་ནོ། །གཽ་ཏ་མ་གང་གི་ཚེ་ལུས་འདི་ཡོངས་སུ་བཏང་བར་གྱུར་ཅིང་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སེམས་ཅན་གཞན་དུ་སྐྱེས་པར་གྱུར་པ་དེའི་ཚེ་ལུས་དང་སྲོག་གཞན་དུ་གྱུར་

ཏོ། །བེའུ་སྐྱེ་བ་ཡང་ཉེ་བར་ལེན་པ་དང་བཅས་པར་ང་སྨྲའི། ཉེ་བར་ལེན་པ་མེད་པར་ནི་མ་ཡིན་ནོ། །གཽ་ཏ་མ་ཇི་ལྟ་ཇི་ལྟར་ན་སྐྱེ་པ་ཉེ་བར་ལེན་པ་དང་བཅས་པར་སྨྲའི། ཉེ་བར་ལེན་པ་མེད་པར་མ་ཡིན་པ་སྨྲ་ཞེ་ན། བེའུ་དཔེར་ན་མེ་ནི་ཉེ་བར་ལེན་པ་དང་བཅས་ན་འབར་གྱིས་ཉེ་བར་ལེན་པ་མེད་པ་ནི་མ་ཡིན་ནོ། །

གཽ་ཏ་མ་མེ་ནི་ཉེ་བར་ལེན་པ་མེད་པར་ཡང་འབར་བ་མཐོང་ངོ་། །བེའུ་ཇི་ལྟར་ན་ཉེ་བར་ལེན་པ་མེད་པར་ཡང་མེ་འབར། གཽ་ཏ་མ་དཔེར་ན་མེའི་ཕུང་པོ་ཆེན་པོ་འབའ་ཞིག་ཀུན་དུ་འབར་ལ་ཀུན་དུ་རབ་ཏུ་འབར་བ་འབར་བ་གཅིག་ཏུ་གྱུར་ཅིང་། འབར་བ་གཅིག་ཏུ་གྱུར་པ་དེ་ལས་རླུང་གི་མེ་ལྕེ་ཐག་རིང་པོར་

འཕངས་པ་དེའི་ཚེ་ཉེ་བར་ལེན་པ་མེད་པར་འབར་ཞིང་མེ་ལྕེ་འབར་བ་ཉེ་བར་ལེན་པ་མེད་པར་ཁྱབ་ཅིང་འབར་རོ། །བེའུ་དེ་ཡང་ཉེ་བར་ལེན་པ་དང་བཅས་པར་ང་སྨྲའི། ཉེ་བར་ལེན་པ་མེད་པར་ནི་མ་ཡིན་ནོ། །གཽ་ཏ་མ་དེའི་ཉེ་བར་ལེན་པ་གང་ཞིག་ཡིན་པར་གདགས། བེའུ་དེའི་ཚེ་ཉེ་བར་ལེན་པ་

Vol. 147 · folio 88b

རླུང་ཡིན་པར་གདགས་ཏེ། རླུང་ནི་ཉེ་བར་ལེན་པས་མེ་འབར་ཞིང་རླུང་གི་ཉེ་བར་ལེན་པས་མེ་ལྕེ་ཁྱབ་པར་གྱུར་ཏོ། །གཽ་ཏ་མ་གང་གི་ཚེ་ལུས་འདི་ཡོངས་སུ་བཏང་བར་གྱུར་ཅིང་ཡིད་ཀྱི་རང་བཞིན་གྱི་ལུས་སེམས་ཅན་གཞན་དུ་སྐྱེ་བར་གྱུར་པ་དེའི་ཚེ་ཉེ་བར་ལེན་པའི་ཉེ་བར་ལེན་པ་ཅི་ཞིག་ཡིན་པར་

ཉེ་བར་གདགས། བེའུ་དེའི་ཚེ་སྲེད་པ་ཉེ་བར་ལེན་པ་ཡིན་ནོ་ཞེས་ང་སྨྲ་སྟེ། སྲིད་པའི་ཉེ་བར་ལེན་པས་སེམས་ཅན་གནས་ཞིང་སྲེད་པའི་ཉེ་བར་ལེན་པས་སེམས་ཅན་ཞེས་བརྗོད་དོ། །གཽ་ཏ་མ་ལེན་པ་ལ་དགའ་བ་དང་། ལེན་པས་འབགས་པ་དང་། ལེན་པ་ལས་ཀུན་དུ་འབྱུང་བ་

དང་ཉེ་བར་ལེན་པ་དོན་དུ་གཉེར་བའི་སྐྱེ་དགུ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་རྣམས་མངོན་པར་རྫོགས་པར་སངས་རྒྱས་སོ། །གཽ་ཏ་མ་བདག་ཅག་ལ་བྱ་བ་དང་བགྱི་བ་མང་དུ་མཆིས་ཀྱིས་མཆིའོ། །བེའུ་དེའི་དུས་ལ་བབ་པར་ཤེས་ན་སོང་

ཤིག །དེ་ནས་ཀུན་དུ་རྒྱུ་བེའུའི་རིགས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་ཞེས་གསུངས་སོ། །ཀུན་དགའ་བོ་ཀུན་དུ་རྒྱུ་བེའུའི་རིགས་ལ་བདག་ཡོད་ཅེས་ལུང་བསྟན་ན་ཞེས་བྱ་བ་ལ། གླེང་གཞི་ནི་

རྒྱལ་པོའི་ཁབ་ནའོ། །དེ་ནས་ཀུན་དུ་རྒྱུ་བེའུའི་རིགས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བ་དང་ཡང་དག་པར་བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་

འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཅི་བདག་ཡོད་དམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །གཽ་ཏ་མ་ཅི་བདག་མེད་དམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །ཀུན་དུ་རྒྱུ་བེའུའི་

རིགས་ཀྱིས་བཅོམ་ལྡན་འདས་ལ་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཅི་བདག་ཡོད་དམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །གཽ་ཏ་མ་ཅི་བདག་མེད་དམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་

Vol. 147 · folio 89a

ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཀུན་དུ་རྒྱུ་བེའུའི་རིགས་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་ལ་ལན་གཉིས་ལན་གསུམ་དུ་དྲིས་ཀྱང་ལུང་མ་བསྟན་ཏོ་ཞེས་རིག་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་

བོ་རླུང་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ཀྱི་རྒྱབ་ན་བཅོམ་ལྡན་འདས་ལ་རླུང་ཡབ་གཡོབ་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཀུན་དུ་རྒྱུ་བེའུའི་རིགས་སོང་ནས་རིང་ཞིག་ལོན་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀུན་དུ་རྒྱུ་བེའུའི་རིགས་

ཀྱིས་ལན་གཉིས་ལན་གསུམ་དུ་དྲིས་ཀྱང་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ལུང་མ་བསྟན། ཀུན་དུ་རྒྱུ་བེའུའི་རིགས་ལ་སྡིག་པ་ཅན་གྱི་ལྟ་བ་མང་དུ་རྙེད་པར་འགྱུར་བས་ང་ལ་ལན་གསུམ་གྱི་བར་དུ་དྲིས་ཀྱང་ལུང་མ་བསྟན་ཏོ། །ཀུན་དགའ་བོ་ཀུན་དུ་རྒྱུ་བེའུའི་རིགས་ཀྱིས་དྲིས་པ་ལ་བདག་

ཡོད་དོ་ཞེས་ལུང་བསྟན་ན་ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱ་བའི་ཚིག་མི་རིགས་པར་འགྱུར་རོ། །ཀུན་དུ་རྒྱུ་བེའུའི་རིགས་ཀྱིས་དྲིས་པ་ལ་བདག་མེད་དོ་ཞེས་ལུང་བསྟན་ན་ཀུན་དུ་རྒྱུ་བེའུའི་རིགས་སྔར་བདག་མེད་པ་ལས་ད་ལྟར་བདག་དང་བཅས་པར་འགྱུར་རོ་ཞེས་སྔར་ཡང་ཀུན་དུ་རྨོངས་པ་

ལ་ཀུན་དུ་རྨོངས་པ་ཆེས་མང་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་བདག་ཡོད་ཅེས་བྱ་བ་འདི་ནི་རྟག་པར་འགྱུར་རོ། །བདག་མེད་ཅེས་བྱ་བ་འདི་ནི་ཆད་པར་འགྱུར་ཏེ། དེ་བཞིན་གཤེགས་པས་མཐའ་གཉིས་པོ་དེ་དག་སྤངས་ནས་དབུ་མའི་ལམ་གྱི་ཆོས་སྟོན་ཏེ། འདི་ལྟ་སྟེ། འདི་

ཡོད་པའི་ཕྱིར་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། རྒྱས་པར་ཀུན་དུ་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ་ཞེས་གསུངས་སོ། །འཇིག་རྟེན་རྟག་པ་ཞེས་བྱ་བ་ལ་འཇིག་རྟེན་ན་རྟག་པ་དང་། མི་རྟག་པ་དང་། རྟག་པ་

ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ལུང་རིང་པོའི་མདོ་དགུ་པ་ལས་འབྱུང་བ་མཛོད་ཀྱི་གནས་ལྔ་པ་འདི་ཉིད་དུ། མགོ་གཅིག་དང་ནི་རྣམ་ཕྱེ་དང་། །ཞེས་བྱ་བའི་ཚིག་ལེའུར་བྱས་པར་བྲིས་ཟིན་ཏོ། །དེ་བཞིན་དུ་ཀུན་དུ་རྒྱུ་སྨྲ་བ་

Vol. 147 · folio 89b

ཞེས་བྱ་བ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེ་ནས་ཀུན་དུ་རྒྱུ་སྨྲ་བ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །གཽ་ཏ་མ་ཅི་འཇིག་རྟེན་མཐའ་དང་བཅས་སམ། སྨྲས་པ་འཇིག་རྟེན་མཐའ་དང་བཅས་སོ་ཞེས་བྱ་བ་འདི་ནི་ངས་ལུང་མི་སྟོན་ཏོ། །གཽ་ཏ་མ་འཇིག་རྟེན་མཐའ་མེད་དམ། མཐའ་དང་བཅས་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནམ། མཐའ་དང་བཅས་པ་ཡང་

མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཞིག །སྨྲ་བ་འཇིག་རྟེན་མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་ཡིན། མཐའ་མེད་པ་ཡང་ཡིན་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ནི་ངས་ལུང་མི་སྟོན་ཏོ། །གཽ་ཏ་མ་འཇིག་རྟེན་མཐའ་དང་

བཅས་པས་ཞེས་དྲིས་པ་ན་ལུང་མི་སྟོན་ཏོ་ཞེས་སྨྲ་ཞིང་འཇིག་རྟེན་མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་ཡིན། མཐའ་མེད་པ་ཡང་ཡིན་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཞིག་ཅེས་དྲིས་པ་ན་ལུང་མི་སྟོན་ཏོ་ཞེས་སྨྲ་ན། གཞན་ཅི་ཞིག་

ལུང་སྟོན། སྨྲ་བ་ངས་མངོན་པར་མཁྱེན་ཅིང་མངོན་པར་མཁྱེན་ན་སྡུག་བསྔལ་ཡང་དག་པར་ཟད་ཅིང་སྡུག་བསྔལ་མཐར་བྱ་བའི་ཕྱིར་ཉན་ཐོས་རྣམས་ལ་ལམ་འཆད་པར་མཛད་དོ། །གཽ་ཏ་མ་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་མཁྱེན་ནས་སྡུག་བསྔལ་ཡང་དག་པར་ཟད་ཅིང་སྡུག་བསྔལ་

མཐར་བྱ་བའི་ཕྱིར་ཉན་ཐོས་རྣམས་ལ་ལམ་འཆད་པར་མཛད་ན། ཅི་ལམ་འདིས་འཇིག་རྟེན་ཐམས་ཅད་ངེས་པར་འབྱིན་ཏམ། འོན་ཏེ་འཇིག་རྟེན་ཕྱོགས་གཅིག །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །ཀུན་དུ་རྒྱུ་སྨྲ་བས་བཅོམ་ལྡན་འདས་ལ་

ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་མཁྱེན་ནས་སྡུག་བསྔལ་ཡང་དག་པར་ཟད་ཅིང་སྡུག་བསྔལ་མཐར་བྱ་བའི་ཕྱིར་ཉན་ཐོས་རྣམས་ལ་ལམ་འཆད་པར་མཛད་ན། ཅི་ལམ་འདིས་འཇིག་རྟེན་ཐམས་ཅད་ངེས་པར་འབྱིན་ཏམ།

Vol. 147 · folio 90a

འོན་ཏེ་འཇིག་རྟེན་ཕྱོགས་གཅིག །དེ་སྐད་ཅེས་གསོལ་པ་དང་། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རྒྱབ་ན་རླུང་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་

ཅིང་འདུག་པས་སྨྲས་པ། སྨྲ་བ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་དང་པོར་དྲི་བ་དྲིས་པ་དེ་ཉིད་ད་ལྟར་རྣམ་གྲངས་གཞན་གྱིས་དྲིས་ཏེ། དེས་ན་བཅོམ་ལྡན་འདས་ཀྱིས་དྲིས་པ་ལུང་བསྟན་ཏོ། །སྨྲ་བ་དེའི་ཕྱིར་སྐྱེས་བུ་མཁས་པ་རྣམས་ལ་དཔེས་རྣམ་པར་བཤད་ན་དོན་ཤེས་པར་འགྱུར་བས་དཔེ་ཉོན་

ཅིག །སྨྲ་བ་འདི་ལྟ་སྟེ་འདི་ནི་རྒྱལ་པོའི་མཐའི་གྲོང་ཁྱེར་རྩིག་པ་དང་ར་བ་བརྟན་པོས་ཡོངས་སུ་བསྐོར་བ་སྒོ་གཅིག་པ་སྒོ་སྲུང་བའི་སྐྱེས་བུ་མཁས་པ་གསལ་བ་བློ་དང་ལྡན་པ་དེར་འོང་བ་དག་དཔྱོད་པའི་ཤེས་རབ་དང་ཡང་དག་པར་ལྡན་པ་དག་བཞག་པར་གྱུར་ཏེ། དེས་གྲོང་ཁྱེར་དེའི་མཐའ་ཀུན་དུ་བསྐོར་ཞིང་

བཙལ་ཀྱང་དེས་གྲོང་ཁྱེར་དེ་ལ་སྒོ་གཉིས་པ་ཅུང་ཟད་ཀྱང་མི་རྙེད་དོ། །དེ་ནས་གྲོང་ཁྱེར་དེ་ཀུན་དུ་བསྐོར་ཞིང་བཙལ་ཀྱང་བྱི་ལ་འཇུག་པ་ཙམ་གྱི་སྒོ་གཉིས་པ་ཅུང་ཟད་ཀྱང་མི་རྙེད་དེ། སྨྲ་བ་གཞན་ཡང་སྒོ་སྲུང་བའི་སྐྱེས་བུ་དེ་ལ་ཤེས་རབ་འདི་ལྟ་བུ་སྲོག་ཆགས་འདི་ཙམ་ཞིག་ནི་ངའི་གྲོང་ཁྱེར་དུ་

ཞུགས་སོ། །འདི་ཙམ་ཞིག་ནི་བྱུང་ངོ་ཞེས་མཐོང་བ་ནི་མ་སྐྱེས་མོད་ཀྱི་འོན་ཀྱང་སྒོ་སྲུང་བའི་སྐྱེས་བུ་དེ་ལ་ཡང་དག་པའི་ཤེས་རབ་འདི་ལྟ་བུ་གང་ཅུང་ཟད་སྲོག་ཆགས་རགས་པ་རགས་པ་གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་དེ་ཐམས་ཅད་ནི་སྒོ་འདི་ཁོ་ན་སྟེ། གཞན་ནི་མེད་དོ་ཞེས་ཤེས་པ་སྐྱེའོ། །

སྨྲ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཅི་ལམ་འདིས་འཇིག་རྟེན་ཐམས་ཅད་ངེས་པར་འབྱིན་པར་བྱེད་དམ་འོན་ཏེ་འཇིག་རྟེན་ཕྱོགས་གཅིག་ཅེས་འདི་ལྟར་ཐུགས་ལ་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་ལ་ཡང་དག་པའི་ཡེ་ཤེས་འདི་ལྟ་བུ་གང་ཅུང་ཟད་སྡུག་བསྔལ་མཐར་

བྱས་པ་དང་། བྱེད་པ་དང་བྱེད་པར་འགྱུར་བ་དེ་ཐམས་ཅད་ལམ་འདིས་བྱེད་དེ། གཞན་ནི་མེད་དོ་ཞེས་ཡང་དག་པའི་ཡེ་ཤེས་སྐྱེའོ། །དེ་ནས་ཀུན་དུ་རྒྱུ་སྨྲ་བ་ཚེ་དང་ལྡན་པ་ཀུན་དགའ་བོས་བཤད་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ཏེ་སྟན་ལས་ལངས་ཏེ་སོང་བའི་བར་དུའོ་ཞེས་

Vol. 147 · folio 90b

གསུངས་སོ། །མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་ཚོམས་ཀྱི་བཅུ་པ་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་མདོ་ལས་འབྱུང་བ་གནས་

བརྟེན་མ་འགགས་པས་སྔོན་གྱི་མཐའ་ལས་བརྩམས་ཏེ། བཤད་པ་མཛོད་ཀྱི་གནས་བཞི་པ་འདི་ཉིད་དུ་འཕེན་པར་བྱེད་པ་གཅིག་ཡིན་ཏེ་ཞེས་བྱ་བར་བྲིས་ཟིན་པ། ཕྱི་མའི་མཐའ་ལས་བརྩམས་པ་ནི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། དགེ་སློང་དག་མི་རྣམས་ཀྱི་ཚེ་ལོ་སྟོང་

ཕྲག་བརྒྱད་ཅུ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱམས་

པ་ཞེས་བྱ་བའི་སྟོན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་

པ། སངས་རྒྱས་བཅོམ་ལྡན་འདས་ང་འཇིག་རྟེན་དུ་བྱུང་བ་བཞིན་ནོ། །དེ་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་མིའི་འཇིག་རྟེན་འདི་ལས་མཐོང་བའི་ཆོས་ཉིད་ལས་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་

ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རབ་ཏུ་མཁྱེན་པར་འགྱུར་ཏེ། འདི་ལྟ་སྟེ། དེ་ལྟར་ང་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་

མིའི་འཇིག་རྟེན་འདི་ལས་མཐོང་བའི་ཆོས་ཉིད་ལས་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་མངོན་སུམ་དུ་བྱས་ཤིང་མཁྱེན་པར་གྱུར་པ་བཞིན་ནོ། །དེ་ཐོག་མར་

Vol. 147 · folio 91a

དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡང་དག་པར་གསལ་བ་འབྱེད་པའི་ཆོས་སྟོན་ཏོ། །འདི་ལྟ་སྟེ། ད་ལྟར་ང་ཐོག་མར་

དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡང་དག་པར་གསལ་བར་བྱེད་པའི་ཆོས་སྟོན་པ་བཞིན་ནོ། །དེའི་ཉན་ཐོས་རྣམས་ལ་བྱམས་པའི་རིགས་ཞེས་

བྱ་བའི་མིང་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། ད་ལྟར་ངའི་ཉན་ཐོས་རྣམས་ལ་ཤཱཀྱའི་བུ་ཞེས་བརྗོད་པ་བཞིན་ནོ། །དེས་ཚོགས་སྟོང་ཕྲག་དུ་མ་སྡུད་པར་འགྱུར་ཏེ། དེ་ལྟར་ངའི་ཚོགས་བརྒྱ་ཕྲག་དུ་མ་བཞིན་ནོ། །དེའི་ཚེ་ཚེ་དང་ལྡན་པ་བྱམས་པ་འཁོར་འདུས་པ་དེའི་ནང་ན་འདུས་

ཤིང་འདུག་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་མི་རྣམས་ཀྱི་ཚེ་ལོ་སྟོང་ཕྲག་བརྒྱད་

ཅུ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བྱམས་པ་ཞེས་བྱ་བའི་སྟོན་པ་འཇིག་རྟེན་དུ་འབྱུང་བར་

འགྱུར་ཏེ། འདི་ལྟ་སྟེ། །ད་ལྟར་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་བཞིན་ནོ། །བདག་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་མིའི་འཇིག་རྟེན་འདི་ལས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་

ཤེས་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་ནི་མི་ཤེས་སོ་ཞེས་མངོན་སུམ་དུ་བྱས་ཤིང་མཁྱེན་པར་གྱུར་ཏེ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་།

Vol. 147 · folio 91b

ཚངས་པ་དང་བཅས་པའི་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་ལྷ་དང་མིའི་འཇིག་རྟེན་འདི་ལས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་མངོན་སུམ་

དུ་བྱས་ཤིང་མཁྱེན་པར་འགྱུར་བ་བཞིན་ནོ། །བདག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡང་དག་པར་གསལ་བར་བྱེད་

པའི་ཆོས་སྟོན་ཏེ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡང་དག་པར་གསལ་བར་བྱེད་

པའི་ཆོས་སྟོན་པ་བཞིན་ནོ། །བདག་གི་ཉན་ཐོས་རྣམས་ལ་བྱམས་པའི་རིགས་ཞེས་བྱ་བའི་མིང་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཤཱཀྱའི་སྲས་ཞེས་བརྗོད་པ་བཞིན་ནོ། །བདག་ཚོགས་སྟོང་ཕྲག་དུ་མ་སྡུད་པར་འགྱུར་ཏེ། འདི་

ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་ཀྱིས་ཚོགས་བརྒྱ་ཕྲག་དུ་མ་བཞིན་དུ་འགྱུར་བ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་མ་འོངས་པའི་དུས་ན་ཚོགས་

ཡོངས་སུ་བསྡུ་བར་བྱའོ་ཞེས་སེམས་ཀྱི་སྨོན་ལམ་རྒྱ་ཆེན་པོ་དང་བཅས་པ་རབ་ཏུ་ལེགས་ཏེ། བྱམས་པ་འདི་ཁོ་ན་ལྟར་འབྱུང་བར་འགྱུར་ཏེ། མ་འོངས་པའི་དུས་ན་མི་རྣམས་ཀྱི་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱམས་པ་ཞེས་བྱ་བའི་སྟོན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ད་ལྟར་བཅོམ་ལྡན་འདས་དེ་བཞིན་

Vol. 147 · folio 92a

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་ང་འཇིག་རྟེན་དུ་བྱུང་བ་བཞིན་ནོ། །དེ་ལྷ་དང་བཅས་པ་དང་།

བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་ལྷ་དང་མིའི་འཇིག་རྟེན་འདི་ལས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་

ལས་གཞན་མི་ཤེས་སོ་ཞེས་མངོན་སུམ་དུ་རབ་ཏུ་མཁྱེན་པར་གྱུར་ཏེ། འདི་ལྟ་སྟེ། ད་ལྟར་ང་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུའི་འཇིག་རྟེན་འདི་ལས་མཐོང་བའི་ཆོས་དེ་ཉིད་ལ་རང་ཉིད་ཀྱིས་མངོན་

པར་ཤེས་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་མངོན་སུམ་དུ་བྱས་ཤིང་མཁྱེན་པ་བཞིན་ནོ། །དེ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །

ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ། ཡོངས་སུ་རྫོགས་པ། ཡང་དག་པར་གསལ་བར་བྱེད་པའི་ཆོས་སྟོན་པར་འགྱུར་ཏེ། འདི་ལྟ་སྟེ། ད་ལྟར་ང་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་

བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ། ཡང་དག་པར་གསལ་བར་བྱེད་པའི་ཆོས་སྟོན་པ་བཞིན་ནོ། །དེའི་ཉན་ཐོས་རྣམས་ལ་བྱམས་པའི་རིགས་ཞེས་བྱ་བའི་མིང་འབྱུང་བར་འགྱུར་ཏེ།

འདི་ལྟ་སྟེ། ད་ལྟར་ངའི་ཉན་ཐོས་རྣམས་ལ་ཤཱཀྱའི་བུ་ཞེས་བརྗོད་པ་བཞིན་ནོ། །དེས་ཚོགས་སྟོང་ཕྲག་དུ་མ་སྡུད་པར་འགྱུར་ཏེ། འདི་ལྟར་ད་ལྟར་ངའི་ཚོགས་བརྒྱ་ཕྲག་དུ་མ་བཞིན་ནོ་ཞེས་གསུངས་སོ། །ཉན་ཐོས་འདས་པའི་དུས་ན་དུས་ལས་འདས་པ་རྣམས་ཀྱིས་སྐྱེ་བ་ལུང་བསྟན་ཞེས་བྱ་

Vol. 147 · folio 92b

བ་ལ། བཅོམ་ལྡན་འདས་ཆུ་བོ་ཅན་ན་མུ་ཛེ་ཀའི་སྤྱིལ་བུ་ན་བཞུགས་ཏེ། དེའི་ཚེ་ཆུ་བོ་ཅན་དུ་སྐྱེ་བོ་མང་པོ་དུས་ལས་འདས་པར་གྱུར་ཏེ། དགེ་བསྙེན་ཀད་ཀ་ཊ་དུས་ལས་འདས་ཤིང་། ཀ་ཊ་མ་ཀ་ཊ་དང་། ཀད་ཀ་ཤ་དང་། སྤྱོད་པ་དང་། ཉེར་སྤྱོད་དང་། ལྟས་ཅན་དང་། ཉེ་

ལྟས་ཅན་དང་། བཟང་པོ་དང་། རབ་ཏུ་བཟང་པོ་དང་། གྲགས་པ་དང་། ཉེ་བར་གྲགས་པ་དང་། གྲགས་སྦྱིན་དང་། དགེ་བསྙེན་གྲགས་པའི་ལྷ་དག་དུས་ལས་འདས་པར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་ཆུ་བོ་ཅན་དུ་

བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། དགེ་སློང་རབ་ཏུ་མང་པོ་དེ་དག་ཆུ་བོ་ཅན་ན་བསོད་སྙོམས་སྤྱོད་པ་ན། ཆུ་བོ་ཅན་ན་སྐྱེ་བོ་མང་པོ་དུས་ལས་འདས་པར་གྱུར་ཏེ། དགེ་བསྙེན་ཀད་ཊ་ཀ་དུས་ལས་འདས་ཤིང་། ཀ་ཊ་མ་ཀ་ཊ་དང་། ཀད་ཀ་ཤ་དང་། སྤྱོད་པ་དང་། ཉེར་སྤྱོད་དང་།

ལྟས་ཅན་དང་། ཉེ་ལྟས་ཅན་དང་། བཟང་པོ་དང་། རབ་ཏུ་བཟང་པོ་དང་། གྲགས་པ་དང་། ཉེ་བར་གྲགས་པ་དང་། གྲགས་སྦྱིན་དང་། དགེ་བསྙེན་གྲགས་པའི་བླ་མ་དག་དུས་ལས་འདས་པར་གྱུར་ཏོ་ཞེས་ཐོས་ཏེ། ཐོས་ནས་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་

ཤིང་ཟོས་པའི་འོག་ཏུ་ལྟུང་བཟེད་བཀྲུས་ཏེ། ཆོས་གོས་དང་ལྷུང་བཟེད་མཐའ་གཅིག་ཏུ་བཞག་སྟེ། རྐང་པ་བཀྲུས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །

ཕྱོགས་གཅིག་ཏུ་འདུག་ནས་དགེ་བསྙེན་རབ་ཏུ་མང་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་ཆུ་བོ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བཙུན་པ་བདག་ཅག་

དགེ་སློང་རབ་ཏུ་མང་པོ་ཆུ་བོ་ཅན་ན་བསོད་སྙོམས་སྤྱོད་པ་ན་ཆུ་བོ་ཅན་དུ་སྐྱེ་བོ་མང་པོ་དུས་ལས་འདས་པར་གྱུར་ཏེ། དགེ་བསྙེན་ཀད་ཀ་ཊ་དུས་ལས་འདས་ཤིང་། ཀ་ཊ་མ་ཀ་ཊ་དང་། ཀད་ཀ་ཤ་དང་། སྤྱོད་པ་དང་། ཉེར་སྤྱོད་དང་། ལྟས་ཅན་དང་། ཉེ་ལྟས་ཅན་དང་། བཟང་པོ་

Vol. 147 · folio 93a

དང་། རབ་ཏུ་བཟང་པོ་དང་། གྲགས་པ་དང་། ཉེ་བར་གྲགས་པ་དང་། གྲགས་སྦྱིན་དང་། དགེ་བསྙེན་གྲགས་པའི་བླ་མ་དག་དུས་ལས་འདས་པར་གྱུར་ཏོ་ཞེས་ཐོས་ན། བཙུན་པ་དེ་དག་གི་འགྲོ་བ་ནི་གང་། སྐྱེ་བ་ནི་གང་། འཇིག་རྟེན་ཕ་རོལ་ནི་གང་ཞིག་

ཡིན། དགེ་སློང་དག་དགེ་བསྙེན་ཀད་ཀ་ཊ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཤིང་འཇིག་རྟེན་འདིར་ཕྱིར་མི་འོང་བའི་ཆོས་ཅན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་མི་འོང་བའོ། །དགེ་སློང་དག་དགེ་བསྙེན་ཀ་ཊ་མ་ཀ་ཊ་དང་། ཀད་ཀ་ཤ་དང་། སྤྱོད་པ་དང་།

ཉེར་སྤྱོད་དང་། བཟང་པོ་དང་། རབ་ཏུ་བཟང་པོ་དང་། གྲགས་པ་དང་། ཉེ་བར་གྲགས་པ་དང་། གྲགས་སྦྱིན་དང་། དགེ་བསྙེན་གྲགས་པའི་བླ་མ་དག་ཀྱང་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཤིང་འཇིག་རྟེན་འདིར་ཕྱིར་མི་ལྡོག་པའི་ཆོས་ཅན་སྐྱེས་ནས་ཡོངས་སུ་མྱ་ངན་

ལས་འདའ་བའི་ཕྱིར་མི་འོང་བའོ། །དགེ་སློང་དག་ཆུ་བོ་ཅན་དུ་དགེ་སློང་ཕྱེད་དང་སུམ་བརྒྱ་ལྷག་ཅིག་དུས་ལས་འདས་པ་དེ་དག་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཤིང་འཇིག་རྟེན་འདིར་ཕྱིར་མི་ལྡོག་པའི་ཆོས་ཅན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་མི་འོང་བར་གྱུར་ཏོ། །

དགེ་སློང་དག་ཆུ་བོ་ཅན་དུ་དགེ་སློང་སུམ་བརྒྱ་ལྷག་ཅིག་དུས་ལས་འདས་པར་གྱུར་པ་དེ་དག་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་ཤིང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་བསྲབས་པར་གྱུར་པ་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་

བའི་ལན་ཅིག་ཕྱིར་འོང་བར་གྱུར་ཏོ། །དགེ་སློང་དག་ཆུ་བོ་ཅན་དུ་དགེ་བསྙེན་ལྔ་བརྒྱ་ལྷག་ཅིག་དུས་ལས་འདས་པར་གྱུར་པ་དེ་དག་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་ཤིང་རྫོགས་པའི་བྱང་ཆུབ་ཏུ་ངེས་ཤིང་མི་ལྟུང་བའི་ཆོས་ཅན་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་པ། ལྷ་དང་མི་རྣམས་སུ་ལན་

བདུན་དུ་ཉིང་མཚམས་སྦྱར་ནས། སྡུག་བསྔལ་མཐར་བྱེད་པར་འགྱུར་བའི་རྒྱུན་དུ་ཞུགས་པར་གྱུར་ཏོ། །དགེ་སློང་དག་ཁྱེད་ཅག་དེ་བཞིན་གཤེགས་པ་ལ་དུས་ལས་འདས་ཤིང་། དུས་ལས་འདས་པ་དག་གི་དྲི་བ་འདྲིའམ། བཙུན་པ་དེ་བཞིན་ནོ། །འདིས་དེ་བཞིན་གཤེགས་

Vol. 147 · folio 93b

པ་རེག་པར་མི་གནས་ཤིང་། དེ་བཞིན་གཤེགས་པ་ལ་གནོད་པ་བྱས་པར་གྱུར་ཏེ། འོན་ཀྱང་སྐྱེས་པ་དག་འཆི་ཞིང་དུས་བྱེད་པར་འགྱུར་ཏེ། འདི་ལ་ངོ་མཚར་བ་ཅི་ཞིག་ཡོད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་

རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་སྟེ། ཆོས་ཉིད་གནས་པ་དེ་ཉིད་དེ་བཞིན་གཤེགས་པས་རང་ཉིད་ཀྱིས་མངོན་པར་མཁྱེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་རབ་ཏུ་འདོགས་པར་མཛད་ཅིང་རབ་ཏུ་འཇོག་པར་མཛད་པ་དང་། རབ་ཏུ་འབྱེད་པ་དང་། རབ་ཏུ་འགྲེལ་

བ་དང་། རབ་ཏུ་སྟོན་པ་དང་། རབ་ཏུ་གསལ་བར་མཛད་དེ། འདི་ལྟར་འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་

གཟུགས་དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་རྐྱེན་གྱིས་ལེན་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་

གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀུན་དུ་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །འདི་

མེད་པས་འདི་མི་འབྱུང་འདི་འགགས་པས་འདི་འགག་སྟེ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་ཞིང་། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་

འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་

Vol. 147 · folio 94a

འགག །སྐྱེ་བ་འགགས་པས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀུན་དུ་འགག་ཅིང་། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འགག་པར་འགྱུར་རོ། །དགེ་སློང་དག་གཞན་ཡང་

ཆོས་ཀྱི་མེ་ལོང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱ་སྟེ། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཆོས་ཀྱི་མེ་ལོང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། སངས་རྒྱས་ལ་ཤེས་ནས་དད་པ་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཆོས་

ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་སོ། །འདི་ནི་ཆོས་ཀྱི་མེ་ལོང་གི་ཆོས་ཀྱི་རྣམ་གྲངས་ཞེས་བྱའོ། །དགེ་སློང་དག་ཆོས་ཀྱི་མེ་ལོང་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་

གསུངས་སོ། །བདེན་པར་གནས་པའི་བདག་མེད་དོ་ཞེས་བྱ་བ་ནི་ལྟ་བའི་གནས་སུ་གསུངས་ཏེ་ཞེས་བྱ་བ་ལ། ལུང་བར་མ་བདུན་པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་ལས་ཟག་པ་བསྟན་ཅིང་བཤད་པའི་མདོ་ལས་འབྱུང་བ། མཛོད་ཀྱི་གནས་གཉིས་པ་འདི་ཉིད་དུ་རྒྱུ་དང་འབྲས་བུ་བསམ་པར།བྱེད་རྒྱུ་ཞེས་བྱ་བདག་པོར་

བཤད། །ཅེས་བྱ་བར་མི་ཤེས་ན་ཞེས་བྱ་བར་བྲིས་ཟིན་ཏེ། དེ་ལས་འདི་ལྟར་འདོན་ཏེ། དེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ན་ལྟ་བའི་གནས་དྲུག་པོ་རྣམས་ལས་གང་ཡང་རུང་བ་ཞིག་ཡང་དག་པར་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། བདེན་པར་གནས་པའི་བདག་མེད་དོ། །ཞེས་འདི་ལྟ་བུའི་ལྟ་བའི་གནས་དང་པོ་ཡང་དག་པར་སྐྱེ་ཞིང་སྐྱེ་བར་

འགྱུར་རོ། །བདེན་པར་གནས་པའི་བདག་མེད་དོ། །ཞེས་འདི་ལྟ་བུའི་ལྟ་བའི་གནས་གཉིས་པ་ཡང་དག་པར་སྐྱེ་ཞིང་སྐྱེ་བར་འགྱུར་བ་དང་། བདག་གིས་བདག་མཐོང་ངོ་ཞེས་འདི་ལྟ་བུའི་ལྟ་བའི་གནས་གསུམ་པ་ཡང་དག་པར་སྐྱེ་ཞིང་སྐྱེ་བར་འགྱུར་བ་དང་། བདག་གིས་བདག་མེད་པ་མཐོང་ངོ་ཞེས་འདི་ལྟ་བུའི་ལྟ་བའི་གནས་

བཞི་པ་ཡང་དག་པར་སྐྱེ་ཞིང་སྐྱེ་བར་འགྱུར་བ་དང་། བདག་མེད་པས་བདག་མཐོང་ངོ་ཞེས་འདི་ལྟ་བུའི་ལྟ་བའི་གནས་ཡང་དག་པར་སྐྱེ་ཞིང་སྐྱེ་བར་འགྱུར་བ་དང་། འདི་ནི་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་ལས་སྐྱེས་པའམ། ཤེད་བུའམ། བྱེད་པ་པོའམ། བྱེད་དུ་འཇུག་པ་པོའམ།

Vol. 147 · folio 94b

སྐྱེད་པ་པོའམ་ཡང་དག་པར་སྐྱེད་པ་པོའམ། སློང་བ་པོའམ་ཀུན་ནས་སློང་བ་པོའམ། ཚོར་བ་པོའམ་རབ་ཏུ་ཚོར་བ་པོའམ། སྐྱེད་པ་དགེ་བ་དང་མི་དགེ་བའི་ལས་དེ་དང་དེ་དག་བྱས་ཤིང་བྱས་ནས་འབྲས་བུ་རྣམ་པར་སྨིན་པ་སོ་སོར་ཉམས་སུ་མྱོང་བར་བྱེད་ཅིང་གང་ཡང་ཕུང་པོ་འདི་རབ་ཏུ་སྤོང་ཞིང་མ་འོངས་པའི་ཕུང་པོ་གཞན་ལེན་

པར་བྱེད་པ། ད་ལྟར་དེ་མེད་ཅིང་མ་བྱུང་འབྱུང་བར་མི་འགྱུར། དེ་ལྟར་མེད་དོ་ཞེས་འདི་ལྟ་བུའི་ལྟ་བའི་གནས་དྲུག་པ་སྐྱེ་ཞིང་ཡང་དག་པར་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་མ་རིག་པས་བསྒྲིབས་ཤིང་ཞེས་བྱ་བ་ལ་ཕུང་པོ་ལས་སངས་རྒྱས་རྣམ་པར་བཤད་པའི་ཐོག་མ་དང་ཐ་མ་མེད་

པའི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་སེམས་ཅན་མ་རིག་པས་ཀུན་དུ་བསྒྲིབས་ཤིང་སྲིད་པའི་ཀུན་དུ་སྦྱོར་བ་དང་། སྲིད་པའི་སྲད་བུས་བཅིངས་ཤིང་འཁོར་བར་ཉིང་མཚམས་སྦྱོར་བ་རྣམས་ཀྱི་སྡུག་བསྔལ་སྔོན་གྱི་མཐར་གདགས་པ་མེད་ཅིང་འཁོར་བ་ལ་ཐོག་མ་མེད་དོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ང་

དེའི་ཚེ་དེའི་དུས་ན་མིག་བཟངས་ཞེས་བྱ་བའི་སྟོན་པར་གྱུར་ཏེ་ཞེས་གསུངས་ཞེས་བྱ་བ་ལ། ལུང་བར་མ་བདུན་པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོའི་མདོ་བརྒྱད་པ་ཉི་མ་བདུན་པ་ཞེས་བྱ་བ་ལས་འབྱུང་བ་མཛོད་ཀྱི་གནས་གསུམ་པར། འཇིག་པའི་བསྐལ་པའི་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པར། །ཞེས་བྱ་བའི་སྐབས་སུ་བྲིས་ཟིན་ཏོ། །

མདོ་ལས་བདག་ཡོད་ན་བདག་གིར་ལྟ་བ་འབྱུང་བར་འགྱུར་རོ་ཞེས་གསུངས་ཞེས་བྱ་བ་ལ། བར་མ་ཡང་དག་པར་ལྡན་པའི་མདོ་ཉི་ཤུ་པ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་ཁྱེད་ཅག་གིས་མཐོང་ངམ། གང་གི་ཚེ་བདག་ཏུ་སྨྲ་བ་ཉེ་བར་ལེན་པས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དེའི་ཚེ་རྟག་པ་དང་བརྟན་པ་དང་གཡུང་དྲུང་དང་མི་

འགྱུར་བའི་ཆོས་ཅན་དག་ཡང་དག་པར་གནས་སམ། བཙུན་པ་མ་ལགས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། བདག་ཡོད་ན་བདག་གི་འབྱུང་བར་འགྱུར་ཞིང་། བདག་གི་ཡོད་ན་བདག་འབྱུང་བར་འགྱུར་རམ། བཙུན་པ་དེ་དེ་བཞིན་ནོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། བདག་ཡོད་ན་བདག་གི་ཞེས་བྱ་བ་ནི་ལྟ་

བའི་གནས་ཏེ། མཆོག་ཏུ་འཛིན་པའི་ཕྲ་རྒྱས་སོ། །བདག་དང་འཇིག་རྟེན་རྟག་པ། བརྟན་པ་དང་། གཡུང་དྲུང་དང་། མི་འགྱུར་བའི་ཆོས་ཅན་ཡང་དག་པར་གནས་པ་འདི་ནི་མི་སྲིད་དོ། །བཙུན་པ་དེ་བཞིན་ནོ། །དགེ་སློང་དག་དེའི་ཕྱིར་གཟུགས་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ།

Vol. 147 · folio 95a

རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། གང་ཐག་རིང་བའམ། གང་ཐག་ཉེ་བའམ། དེ་ཐམས་ཅད་བདག་མ་ཡིན་བདག་ཀྱང་དེ་དག་མ་ཡིན་ཞིང་དེ་དག་བདག་གི་མ་ཡིན་ནོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །ཚོར་བ་གང་ཅི་ཡང་རུང་བ་དང་། འདུ་ཤེས་གང་ཅི་ཡང་རུང་

བ་དང་གང་ཡང་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་དང་ཐོབ་པ་དང་ཡོངས་སུ་ཚོལ་བ་དང་ཡིད་ལ་ཡིད་ཀྱི་རྗེས་སུ་རྣམ་པར་རྟོག་པ་དང་རྗེས་སུ་དཔྱོད་པ་དེ་ཐམས་ཅད་བདག་མ་ཡིན་ལ་བདག་ཀྱང་དེ་དག་མ་ཡིན་ཞིང་འདི་དག་བདག་གིས་བདག་མ་ཡིན་ནོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་བལྟ་བར་བྱའོ་ཞེས་

གསུངས་སོ། །འོ་ན་མདོ་ལས་རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་དགུ་པ་འདི་ཉིད་དུ་ཤེས་རབ་དང་རྣམ་པར་ཤེས་པ་དག་ནི་ཡུལ་མཚུངས་པའི་ཕྱིར་རོ་ཞེས་དེ་དང་དེར་བྲིས་པ་ལས་རྟོགས་པར་བྱའོ། །ཆོས་མངོན་པ་མཛོད་ཀྱི་ཊཱི་ཀ་ཉེ་བར་མཁོ་བ་ཞེས་བྱ་བ་ལས་གནས་དགུ་པ་ཕལ་

ཆེར་མདོ་དང་སྦྱར་བའོ། །མདོ་སོགས་ལུང་དང་བྲལ་ཞིང་རྒྱན་མེད་གྱུར་པའི་མཛོད་ཀྱི་རྣམ་པར་བཤད་པ་ནི། །གང་ཕྱིར་དྲི་མེད་གྱུར་ཀྱང་ཟླ་བས་སྟོང་པའི་མཚན་བཞིན་ཡིད་འཕྲོག་བྱེད་པ་མིན། །དེ་ཕྱིར་རིན་ཆེན་རང་བཞིན་ལུང་གིས་རྣམ་པར་བཤད་པ་རབ་ཏུ་བརྒྱན་བྱས་ལས། །དགེ་བ་གང་ཡོད་དེ་ཡིས་འཇིག་རྟེན་དྲི་མེད་

བློ་ཡིས་རབ་ཏུ་བརྒྱན་གྱུར་ཅིག །བལ་པོའི་ཡུལ་དུ་སྐྱེ་བ་རབ་ཏུ་ཐོབ་པར་གྱུར་པའི་དགེ་སློང་ཞིགནས་ལྷ་ཡིས་ནི། །ཇི་ལྟར་དྲན་པ་བཞིན་དུ་མཛོད་ལ་མཁོ་བ་ཡོངས་སུ་རྫོགས་པར་ཡང་དག་བསྡུས། །མདོ་གཞན་གང་ཡང་བདག་གིས་ཡོངས་སུ་མ་དྲན་འདི་ནི་ཡང་དག་མ་བསྡུས་པ། །དེ་དག་གང་ཞིག་དྲན་པས་ཡང་དག་

བསྡུ་བར་མཛོད་ཅེས་གསོལ་བ་བདག་འདེབས་སོ། །ཆོས་མངོན་པ་མཛོད་ཀྱི་ཊཱི་ཀ་ཉེ་བར་མཁོ་བ་ཞེས་བྱ་བ་དགེ་སློང་ཞི་གནས་ལྷས་ཡང་དག་པར་སྦྱར་བ་རྫོགས་སོ།། །།གསུང་རབ་མདོ་སྡེ་སྟོང་གི་མདོ་ཁུངས་ཀྱི། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་བརྒྱན་པ་འདི། །ཁམས་པ་སྟོན་པས་དད་པས་རབ་བསྒྱུར་ལས། །

འགྲོ་ཀུན་མངོན་པའི་ཆོས་ཀྱི་དོན་རྟོགས་ཤོག །ཁ་ཆེའི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་ཛ་ར་མེའི་གཙུག་ལག་ཁང་གི་བྱང་ཕྱོགས་ཀྱི་བསིལ་ཁང་དུ། རྒྱ་གར་གྱི་མཁན་པོ་ཛཱ་ཡ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་ཁམས་པ་དགེ་སློང་ཤེས་རབ་འོད་ཟེར་གྱིས་ཡང་དག་པར་བསྒྱུར་བའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words