ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 146 · folio 59b

ཕྱོགས་གཅིག་ཏུ་འདུག་ནས། དགེ་སློང་མང་པོ་དེ་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་དག་དང་ལྷན་ཅིག་གཏམ་ཡང་དག་པར་བརྗོད་ཅིང་ཇི་ལྟར་གྱུར་པ་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་

པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་དག་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ལྔ་པོ་མ་བཤད་ཀྱི། འོན་ཀྱང་སྒྲིབ་པ་ལྔ་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུར་འགྱུར་བ་བཤད་དོ། །བཅོམ་

ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་མ་བཤད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུ་བཞིར་འགྱུར་བར་བཤད་དོ། །ཁྱེད་ཅག་གི་སྒྲིབ་པ་ལྔ་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུར་འགྱུར་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུ་

བཞིར་འགྱུར་ཞེས་འདི་ལྟར་དྲིས་པ་ན། གཞན་མུ་སྟེགས་ཅན་དེ་དག་གཞན་དང་གཞན་གྱི་ཕྱི་རོལ་དག་སྟོན་པ་འམ། ཁྲོ་བའམ། ཞེ་སྡང་བ་དང་། ང་རྒྱལ་བ་དང་། རྩ་བ་དང་། གནོད་སེམས་དང་། མི་བཟོད་པ་དང་། གཤེ་བར་བྱེད་པར་འགྱུར་རོ། །ཅང་མི་སྨྲ་བར་འགྱུར་རོ། །མི་

སྨྲ་བར་ཞུམ་ཞིང་འདུག་པ་དང་། དཔུང་པོ་ལྷོད་པ་དང་། ཁ་ཕྱིར་ཕྱོགས་པ་དང་། སྤྲོ་བ་མེད་པ་དང་། མཆོག་ཏུ་མཉམ་པར་མ་བཞག་པའི་སེམས་ཀྱིས་གནས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲི་བ་འདིའི་ལུང་སྟོན་ཅིང་སེམས་མགུ་བར་བྱེད་པར་འགྱུར་བ་ངས་ལྷ་དང་བཅས་

པའི་འཇིག་རྟེན་དང་། བདུད་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བཅས་ཤིང་བྲམ་ཟེ་དང་བཅས་པ་དང་། ཚངས་པའི་སྐྱེ་དགུ་དང་། ལྷ་དང་མིའི་ནང་དུ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། གཞན་དུ་ན་དེ་བཞིན་གཤེགས་པ་འམ་འདིར་ཐོས་པའི་དེ་བཞིན་

གཤེགས་པའི་ཉན་ཐོས་ནི་མ་གཏོགས་སོ། །དགེ་སློང་དག་སྒྲིབ་པ་ལྔ་པོ་ཉེ་བར་བསྟན་པར་འགྱུར་ཏེ། སྒྲིབ་པ་ལྔ་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུར་འགྱུར་ཞེ་ན། དགེ་སློང་དག་འདོད་པ་ལ་འདུན་པའི་སྒྲིབ་པ་ཉེ་བར་བསྟན་པར་བྱ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་

Vol. 146 · folio 60a

རྣམ་གྲངས་གང་གིས་གཉིས་སུ་འགྱུར་ཞེ་ན། ནང་གི་བདག་ཉིད་ཀྱི་འདོད་པ་ལ་འདུན་པ་རྣམས་དང་། ཕྱི་རོལ་གྱི་བདག་ཉིད་ཀྱི་འདོད་པ་ལ་འདུན་པའོ། །དེ་ལ་ནང་གི་བདག་ཉིད་ཀྱི་འདོད་པ་ལ་འདུན་པ་རྣམས་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་

རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་ཕྱི་རོལ་གྱི་བདག་ཉིད་འདོད་པ་ལ་འདུན་པ་དེ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པར་སྒྲིབ་པར་བྱེད་པའོ། །དགེ་སློང་དག་འདོད་པ་ལ་འདུན་པའི་སྒྲིབ་

པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་ན་གཉིས་སུ་འགྱུར་རོ། །དགེ་སློང་དག་གནོད་སེམས་ཀྱི་སྒྲིབ་པ་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་གནོད་སེམས་ཀྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར་ཞེ་ན། གནོད་སེམས་དང་གནོད་སེམས་ཀྱི་རྒྱུ་མཚན་ནོ། །དེ་ལ་གང་གནོད་

སེམས་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་གནོད་སེམས་ཀྱི་རྒྱུ་མཚན་དེ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ། ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་

པ་སྒྲུབ་པར་བྱེད་པའོ། །གནོད་སེམས་ཀྱི་སྒྲིབ་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་གཉིས་སུ་འགྱུར་རོ། །དགེ་སློང་དག་རྨུགས་པ་དང་གཉིས་ཀྱི་སྒྲིབ་པ་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་རྨུགས་པ་དང་གཉིད་རྣམ་པ་གཉིས་སུ་འགྱུར་ཞེ་ན། རྨུགས་པ་དང་གཉིད་དོ། །

དེ་ལ་རྨུགས་པ་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་གཉིད་དེ་ཡང་མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་

རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་རྒོད་པ་དང་འགྱོད་པ་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་རྒོད་པ་དང་འགྱོད་པ་གཉིས་སུ་འགྱུར་ཞེ་ན། རྒོད་པ་དང་འགྱོད་པ་ཡང་

Vol. 146 · folio 60b

ཡོད་དོ། །དེ་ལ་རྒོད་པ་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ། ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་པ། སྒྲུབ་པར་བྱེད་པའོ། །གང་ཡང་འགྱོད་པ་དེ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་

པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་རྒོད་པ་དང་འགྱོད་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་རྒོད་པ་དང་འགྱོད་པ་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་ཐེ་ཚོམ་གྱི་སྒྲིབ་པ་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ཐེ་ཚོམ་གྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར་ཞེ་ན། དགེ་

བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་ཡང་ཡོད། མི་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་ཡང་ཡོད་དེ། དེ་ལ་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་མི་

དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་དེ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པ་སྟེ། ཐེ་ཚོམ་གྱི་སྒྲིབ་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་ཐེ་ཚོམ་གྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་སྒྲིབ་པ་

ལ་ཉེ་བར་བསྟན་པ་རྣམ་གྲངས་འདིས་སྒྲིབ་པ་ལྔ་པོ་དེ་ཉིད་བཅུར་འགྱུར་རོ། །དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་བཅུ་བཞིར་འགྱུར་ཞེ་ན། དགེ་སློང་དག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་

པར་བྱ་སྟེ། རྣམ་གྲངས་གང་གིས་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་དང་། མི་དགེ་བའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་ཡང་ཡོད་དེ། དེ་ལ་དགེ་བའི་ཆོས་རྣམས་ལ་དྲན་པ་

རབ་ཏུ་གནས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་ཡང་དག་པར་སྒྲུབ་པར་བྱེད་པའོ། །གང་ཡང་མི་དགེ་བའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་དེ་ཡང་མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་ཡང་

Vol. 146 · folio 61a

དག་པར་སྒྲུབ་པར་བྱེད་པའོ། །དགེ་སློང་དག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་རོ། །དགེ་སློང་དག་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་

བྱ་སྟེ། རྣམ་གྲངས་གང་གིས་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ཡང་ཡོད་ལ། མི་དགེ་བའི་ཆོས་རྣམས་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་ཡོད་དོ། །དེ་ལ་དགེ་བའི་ཆོས་རྣམས་

ལ་རབ་ཏུ་རྣམ་པར་འབྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པར་སྒྲུབ་པར་བྱེད་པའོ། །མི་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་

པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་ཞེ་ན། མི་དགེ་བའི་ཆོས་རྣམས་ཡོངས་སུ་སྤོང་བར་སྒྲུབ་པའི་བརྩོན་འགྲུས་ཀྱང་ཡོད། དགེ་བའི་ཆོས་རྣམས་ཕུན་སུམ་ཚོགས་པ་སྒྲུབ་པའི་བརྩོན་འགྲུས་ཀྱང་ཡོད་

དོ། །དེ་ལ་དགེ་བའི་ཆོས་རྣམས་ཡོངས་སུ་སྤོང་བར་སྒྲུབ་པའི་བརྩོན་འགྲུས་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་ཡང་དག་པར་སྒྲུབ་པར་བྱེད་པའོ། །དགེ་བའི་ཆོས་རྣམས་ཕུན་སུམ་ཚོགས་པར་སྒྲུབ་པའི་བརྩོན་

འགྲུས་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ། རྣམ་གྲངས་འདིས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

Vol. 146 · folio 61b

གཉིས་སུ་འགྱུར་རོ། །དགེ་སློང་དག་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་ཞེ་ན། དགའ་བ་ཡང་ཡོད། དགའ་བའི་གནས་ལྟ་བུའི་ཆོས་ཀྱང་ཡོད་དེ། དེ་ལ་དགའ་བ་

ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགའ་བའི་གནས་ལྟ་བུའི་ཆོས་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པར་སྒྲུབ་པར་བྱེད་པའོ། །དགེ་

སློང་དག་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ན་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་ཤིན་ཏུ་སྦྱངས་པ་

ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་ཡང་ཡོད། སེམས་ཤིན་ཏུ་སྦྱངས་པ་ཡང་ཡོད་དེ། དེ་ལ་ལུས་ཤིན་ཏུ་སྦྱངས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་

བྱེད་པའོ། །སེམས་ཤིན་ཏུ་སྦྱངས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ན་ཤིན་ཏུ་སྦྱངས་པ་ཡང་དག་

བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་ཞེ་ན། ཏིང་ངེ་འཛིན་ཀྱང་ཡོད་ལ་ཏིང་ངེ་འཛིན་གྱི་རྒྱུ་མཚན་ཀྱང་ཡོད་དེ།

དེ་ལ་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །ཏིང་ངེ་འཛིན་གྱི་རྒྱུ་མཚན་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་ཏིང་ངེ་

Vol. 146 · folio 62a

འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་བཏང་སྙོམས་ཡང་དག་

བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་ལ་བཏང་སྙོམས་པ་ཡང་ཡོད། མི་དགེ་བའི་ཆོས་རྣམས་ལ་བཏང་སྙོམས་པ་ཡང་ཡོད་དོ། །དགེ་བའི་ཆོས་རྣམས་ལ་བཏང་སྙོམས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་

མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །མི་དགེ་བའི་ཆོས་ལ་བཏང་སྙོམས་པ་དེ་ཡང་མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པ་སྟེ། དགེ་སློང་དག་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ། རྣམ་གྲངས་འདིས་ན་

བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་ཉེ་བར་བསྟན་པ་རྣམ་གྲངས་འདིས་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པ་བཅུ་བཞིར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་དགའ་བ་དང་། དགའ་

བའི་གནས་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པ་དང་། ཁོང་ཁྲོ་བ་དང་ཁོང་ཁྲོ་བའི་རྒྱུ་མཚན་གནོད་སེམས་ཀྱི་སྒྲིབ་པར་གསུངས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་བྲིས་མ་ཐག་པ་འདི་ཉིད་བལྟས་ཏེ་བརྗོད་པར་བྱའོ། །ཡང་དག་པའི་ལྟ་བ་དང་།

རྟོག་པ་དང་། རྩོལ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྔར་དགེ་སློང་མ་ཆོས་སྦྱིན་གྱི་མདོར་བསྟན་པ་བཞིན་བལྟ་བར་བྱའོ། །རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་མཛོད་ཀྱི་གནས་དང་པོར་རྣམ་པར་སྨིན་པ་ལས་

སྐྱེས་པ་དང་། རྒྱས་ལས་བྱུང་བ་ནང་གི་ལྔ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་རེ་ཞིག་གླེང་གཞི་ཡང་དག་པར་ལྡན་པའི་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ། དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་སྡེ་དང་དེ་ལས་ཤེས་པར་བྱེད་པར་རིག་པ་བཞིའོ། །འཁོར་

Vol. 146 · folio 62b

དང་འབྲེལ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་གླེང་གཞི་ན་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བརྒྱད་པོ་འདི་དག་ནི་འཁོར་ཏེ། བརྒྱད་གང་ཞེ་ན། རྒྱལ་པོའི་འཁོར་དང་། བྲམ་ཟེའི་འཁོར་དང་། ཁྱིམ་བདག་གི་འཁོར་དང་། དགེ་སྦྱོང་གི་འཁོར་དང་། རྒྱལ་ཆེན་བཞིའི་འཁོར་

དང་། སུམ་ཅུ་རྩ་གསུམ་པའི་འཁོར་དང་། བདུད་ཀྱི་འཁོར་དང་། ཚངས་པའི་འཁོར་རོ་ཞེས་བཀའ་སྩལ་ཏོ། །དགེ་སློང་རྟ་ཐུལ་གྱིས་འབྱུང་བ་ཆེན་པོ་འདི་དག་ཡོངས་སུ་མ་ལུས་པར་འགག་པར་འགྱུར་ཞེས་དྲིས་པ་དང་ཞེས་བྱ་བ་ལ་ཚུལ་ཁྲིམས་ཀྱི་ཕུང་པོའི་དང་པོའི་སྡོམ་གྱི་

ཚིགས་སུ་བཅད་པ་གཉིས་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཁྱིམ་བདག་ཉ་པའི་བུ་ལས་བརྩམས་སོ། །ཁྱིམ་བདག་གི་བུ་གང་གི་ཚེ་དགེ་སློང་འཁོར་འདིར་འདུས་ཤིང་ཚོགས་པ་གང་གིས་གཅིག་པུ་དབེན་པར་ཏིང་འཛིན་ལ་མཉམ་པར་བཞག་པ་ན་སེམས་ལ་སེམས་ཀྱིས་རྣམ་

པར་དཔྱོད་པ་འདི་ལྟ་བུ་སྐྱེ་བའི་གནས་ཡོད་དོ། །འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་མ་ལུས་པར་གང་དུ་ཡོངས་སུ་འགག་པར་འགྱུར། མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་རོ་སྙམ་མོ། །དེ་ནས་དགེ་སློང་དེ་འཛམ་བུའི་

གླིང་ནས་མི་སྣང་བར་གྱུར་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སོང་སྟེ། དེ་ནས་དགེ་སློང་དེས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར།

མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར། དེ་དག་གིས་སྨྲས་པ་དགེ་སློང་ངེད་ཅག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེད་དང་རླུང་བཞི་པོ་འདི་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང་། ཡོངས་སུ་ནུབ་པ་དང་། ཟད་པ་དང་།

གཏུགས་པར་འགྱུར་བ་མི་ཤེས་ཤིང་མི་མཐོང་ངོ་། འོན་ཀྱང་བདག་ཅག་ལས་ཆེས་ཁྱད་པར་དུ་འཕགས་པ། ཆེས་མཆོག་ཏུ་གྱུར་པ་རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ཡོད་ཀྱི། དེས་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང་།

Vol. 146 · folio 63a

མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པ་ཤེས་སོ། །དེ་ནས་དགེ་སློང་དེ་རྒྱལ་པོ་ཆེན་པོ་བཞི་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་

གང་དུ་མ་ལུས་པར་འགག་པ་དང་། མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་། གཏུགས་པར་འགྱུར། དགེ་སློང་བདག་ཅག་གིས་ཀྱང་འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་བ་མི་ཤེས་ཤིང་

མི་མཐོང་ངོ་། །འོན་ཀྱང་བདག་ཅག་ལས་ཆེས་ཁྱད་པར་དུ་འཕགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ཞེས་པ་ཡོད་དེ་དེ་དག་གིས་འབྱུང་བ་ཆེན་པོ་འདི་ལྟ་སྟེ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་བ་ཤེས་སོ། །དེ་ནས་དགེ་སློང་

དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་དུ་སོང་སྟེ། དེ་ནས་དགེ་སློང་དེས་སུ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་

པར་འགྱུར། མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར། དགེ་སློང་ངེད་ཅག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་ནུབ་པ་དང་། ཟད་པ་དང་། གཏུགས་པར་འགྱུར་བ་མི་ཤེས་ཤིང་མི་

མཐོང་ངོ་། །འོན་ཀྱང་བདག་ཅག་ལ་ཆེས་ཁྱད་པར་དུ་འཕགས་པ་ཆེས་མཆོག་ཏུ་གྱུར་པ་བརྒྱ་བྱིན་ལྷའི་དབང་པོ་ཡོད་ཀྱི་དེས་འབྱུང་བ་ཆེན་པོ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང་། མ་ལུས་པར་ཡོངས་སུ་ནུབ་པ་དང་། ཟད་པ་དང་

གཏུགས་པར་འགྱུར་བ་ཤེས་སོ། །དེ་ནས་དགེ་སློང་དེ་བརྒྱ་བྱིན་ལྷའི་དབང་པོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་

Vol. 146 · folio 63b

སུ་འགག་པ་དང་། མ་ལུས་པར་ཡོངས་སུ་ནུབ་པ་དང་། ཟད་པ་དང་གཏུགས་པར་འགྱུར། དགེ་སློང་བདག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་ཡོངས་སུ་མ་ལུས་པར་འགག་པ་དང་། མ་ལུས་པར་ཡོངས་སུ་ནུབ་པ་དང་། ཟད་པ་དང་

གཏུགས་པར་འགྱུར་བ་མི་ཤེས་ཤིང་མ་མཐོང་མོད་ཀྱི། འོན་ཀྱང་བདག་པས་ཆེས་ཁྱད་པར་དུ་འཕགས་པ་ཆེས་མཆོག་ཏུ་གྱུར་པ་འཐབ་བྲལ་བ་ཡོད་ཀྱི། དེས་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང་། མ་

ལུས་པར་ནུབ་པ་དང་། ཡོངས་སུ་ཟད་པ་དང་གཏུགས་པ་ཤེས་སོ། །དེ་ནས་དགེ་སློང་དེ་རྒྱས་པར་ཇི་ལྟར་སུམ་ཅུ་རྩ་གསུམ་གྱི་ལྷ་དང་བརྒྱ་བྱིན་ལྷའི་དབང་པོ་དང་། དེ་བཞིན་དུ་འཐབ་བྲལ་དང་ལྷའི་བུ་རབ་འཐབ་བྲལ་དང་། དགའ་ལྡན་དང་ལྷའི་བུ་ཡོངས་སུ་དགའ་ལྡན་དང་།

འཕྲུལ་དགའ་དང་། ལྷའི་བུ་རབ་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། དབང་སྒྱུར་གྱི་ལྷའི་བུ་དང་། ཚངས་རིས་ཀྱི་ལྷའི་བུ་རྣམས་ཀྱི་ནང་དུ་ཕྱིན་ཏེ། དེ་ནས་དགེ་སློང་དེས་ཚངས་རིས་པའི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་

ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་བ་དང་། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་བདག་ཅག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་

དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་བ་དང་། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་བ་མི་ཤེས་ཤིང་མ་མཐོང་མོད་ཀྱི་འོན་ཀྱང་བདག་ཅག་པས་ཆེས་ཁྱད་པར་དུ་འཕགས་པ། ཆེས་མཆོག་ཏུ་གྱུར་པ། ཚངས་པ་ཚངས་པ་ཆེན་པོ། དབང་ཕྱུག་བྱེད་པ་པོ། སྤྲུལ་

པ་པོ། འབྱིན་པར་བྱེད་པ། འབྱིན་པ་པོ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པ་ཚངས་པ་ཆེན་པོ་ཡོད་ཀྱིས་དེས་མི་ཤེས་པ་དང་། མི་མཐོང་བ་དང་། མི་རིག་པ་དང་། རྣམ་པར་མི་ཤེས་པ་ཅུང་ཟད་ཙམ་ཡང་མེད་ཀྱི། དེས་འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་

Vol. 146 · folio 64a

པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་བ་དང་མ་ལུས་པར་ནུབ་པ་དང་གཏུགས་པ་ཤེས་སོ། །ཚངས་པ་དེ་གང་ན་འདུག་ཅིང་གང་དུ་གནས། དགེ་སློང་བདག་ཅག་གིས་ཀྱང་ཚངས་པ་གང་ན་འདུག་ཅིང་གང་དུ་གནས་པ་མི་ཤེས་ཤིང་མི་མཐོང་མོད་ཀྱི།

འོན་ཀྱང་སྣང་བ་ཡོད་ན་ཚངས་པ་མཐོང་བར་འགྱུར་རོ། །དེ་ནས་འཁོར་དེ་དག་ལ་སྣང་བ་བྱུང་སྟེ། ཚངས་པ་གཞོན་ནུ་གདོང་པ་ལྔ་པོ་བྱིས་པ་གཞོན་ནུ་ལྟ་བུའི་མདོག་ཅན་དུ་མངོན་པར་གྱུར་ཏོ། །དེ་ནས་དགེ་སློང་དེས་ཚངས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་འདི་ལྟ་སྟེ།

འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞིང་། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ། །བྱེད་པ་

པོའོ། །སྤྲུལ་པ་པའོ། །འབྱིན་པར་བྱེད་པའོ། །འབྱིན་པ་པོའོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ། །ཚངས་པ་ཁྱོད་ཚངས་པ་ཡིན་ནམ་མ་ཡིན་ཡང་རུང་། དབང་ཕྱུག་དང་བྱེད་པ་པོ་ཡིན་ནམ་མ་ཡིན་ཡང་རུང་། སྤྲུལ་པ་པོ་ཡིན་ནམ་སྤྲུལ་པ་པོ་མ་ཡིན་ཡང་རུང་། འབྱིན་

པར་བྱེད་པ་དང་འབྱིན་པར་བྱེད་པ་པོ་དང་དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པ་ཡིན་ནམ་འབྱིན་པར་བྱེད་པ་དང་འབྱིན་པ་པོ་དང་དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པ་མ་ཡིན་ཡང་རུང་ཁྱེད་ལ་དེ་དྲིས་པ་མ་ཡིན་གྱི། བདག་ཁྱོད་ལ་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་

དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར། མ་ལུས་པ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་ཞེས་དྲིའོ། །ལན་གཉིས་ལན་གསུམ་དུ་ཚངས་པས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་བདག་ནི་ཚངས་པ། ཚངས་པ་ཆེན་པོ་ཞེས་བྱ་བ་ནས། རྒྱས་པར་ས་དང་ཆུ་དང་

མེ་དང་རླུང་བཞི་པོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཚངས་པས་དགེ་སློང་དེའི་ལག་པ་ནས་བཟུང་སྟེ་དབེན་པའི་ཕྱོགས་གཅིག་ཏུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཚངས་པའི་འཁོར་འདི་དག་ཐམས་ཅད་བདག་ལ་ཚངས་པས་མི་ཤེས་པ་དང་། མི་མཐོང་བ་དང་། མི་རིག་

Vol. 146 · folio 64b

པ་དང་རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མེད་དོ་ཞེས་རྣམ་པར་ཤེས་ལ། འོན་ཀྱང་བདག་གིས་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་མ་ལུས་པར་གང་དུ་ཡོངས་སུ་འགག་པར་འགྱུར་བ་དང་། མ་ལུས་པར་ནུབ་པ་དང་། ཟད་པ་དང་གཏུགས་པར་འགྱུར་

བ་མི་ཤེས་ཤིང་བདག་གིས་མ་མཐོང་ངོ་། །འོན་ཀྱང་དགེ་སློང་ཁྱོད་རང་གི་ཉེས་ཤིང་ཉེས་པ་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞག་ནས་དོན་འདི་ལྟ་བུ་བདག་ལ་ཡོངས་སུ་དྲི་སྙོམ་དུ་སེམས་སམ། དགེ་

སློང་འོན་ཀྱང་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་འདོད་ན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་དོན་འདི་ལྟ་བུ་ཡོངས་སུ་དྲིས་ཤིག །ཇི་ལྟ་བ་བཞིན་ཐེ་ཚོམ་

མེད་པར་བཅོམ་ལྡན་འདས་དེ་ལུང་སྟོན་པར་འགྱུར་རོ། །དེ་ནས་དགེ་སློང་དེ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། མཉན་ཡོད་དུ་འོངས་ནས་ང་གང་ན་བ་དེར་སོང་སྟེ། ཉེ་བར་སོང་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་

པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར། མ་ལུས་པར་ཡོངས་སུ་ནུབ་པ་དང་། ཟད་པ་དང་། གཏུགས་པར་འགྱུར། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་སྐྱེས་བུ་མཁས་པ་ཁ་ཅིག་ནི་དཔེས་བཤད་པའི་དོན་ཤེས་པར་འགྱུར་བས་དཔེ་ཉོན་ཅིག །དགེ་སློང་

སྔོན་བྱུང་བ་འཛམ་བུའི་གླིང་གི་ཚོང་པ་མང་པོ་རྒྱ་མཚོ་ལས་བརྒལ་བའི་གྲུར་ཞུགས་ཤིང་ཕ་རོལ་གྱི་འགྲམ་མཐོང་བའི་བྱ་ཁྱེར་ཏེ་ནོར་གྱི་ཕྱིར་རྒྱ་མཚོ་ཆེན་པོ་བརྒལ་བ་ན། ཇི་སྲིད་དུ་འགྲོ་བ་དེ་སྲིད་དུ་ཕ་རོལ་གྱི་འགྲམ་མཐོང་བའི་བྱ་གཏོང་བར་བྱེད་དོ། །གལ་ཏེ་ཕ་རོལ་གྱི་འགྲམ་མཐོང་ནས་བྱ་དེ་

གནས་སུ་ཕྱིར་མི་ལྡོག་པར་ཕ་རོལ་གྱི་འགྲམ་དུ་འགྲོ་བར་བྱེད་དོ། །གལ་ཏེ་ཕ་རོལ་གྱི་འགྲམ་མ་མཐོང་ན་བྱ་དེ་དེ་བཞིན་དུ་གནས་སུ་ལྡོག་ཅིང་ཕ་རོལ་གྱི་འགྲམ་དུ་འགྲོ་བར་མི་བྱེད་དོ། །དེ་བཞིན་དུ་དགེ་སློང་ཁྱོད་ཕ་རོལ་གྱི་འགྲམ་མ་མཐོང་བའི་བྱ་བཞིན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་

Vol. 146 · folio 65a

ཕྱིན་ནས་ལུང་བསྟན་པ་མ་ཐོབ་སྟེ། སླར་ངའི་དྲུང་དུ་འོངས་སོ། །འོན་ཀྱང་དགེ་སློང་དྲི་བ་འདི་འདི་ལྟ་བུར་དྲི་བར་མི་བྱ་ཞིང་། དྲི་བ་འདི་འདི་ལྟ་བུར་འདྲི་ན་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཇི་ལྟར་དྲི་བ་དྲི་བར་བྱ་བ་དང་། ཇི་ལྟར་དྲི་བ་ཡོངས་སུ་རྫོགས་པར་འགྱུར་བ་

དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །གང་དུ་ས་ཆུ་མེ་དང་ནི། །རླུང་དག་རྗེས་སུ་མི་འཇུག་དང་། །གང་དུ་རིང་དང་ཐུང་བ་དང་། །ཕྲ་སྦོམ་དགེ་དང་མི་དགེ་དང་། །གང་དུ་མིང་དང་གཟུགས་དག་ནི། །མ་ལུས་པ་དག་འགག་པར་འགྱུར། །དེ་ལ་ཇི་ལྟ་ཇི་ལྟར་

ཆོས་རྣམ་པར་ཤེས་ནས་ལུང་བསྟན་པར་འགྱུར་བ་འགོག་པ་སྟེ། རྣམ་པར་ཤེས་པ་བསྟན་དུ་མེད་པ་མཐའ་ཡས་པ་ཐམས་ཅད་དུ་ཁྱབ་ཅིང་ཁྱབ་པ་དེ་འབྱུང་བར་མི་འགྱུར་གྱི། འོན་ཀྱང་ས་དང་ཆུ་དང་མེ་དང་རླུང་ཡང་འཇུག་པར་མི་འགྱུར་ལ། རིང་བ་དང་ཐུང་ངུ་དང་། ཕྲ་བ་དང་། སྦོམ་པ་དང་།

དགེ་བ་དང་མི་དགེ་བ་དང་། མིང་དང་གཟུགས་མ་ལུས་པ་ཡང་འདིར་འགག་པར་འགྱུར་རོ། །བཙུན་པ་དགེ་སློང་དེའི་མིང་ཅི་ཡིན། ཁྱིམ་བདག་གི་བུ་རྟ་ཐུལ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །བདག་ལ་ལྟོས་ནས་ཉེས་པ་རྣམས་ཀྱིས་མི་འཛེམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་

མཉན་དུ་ཡོད་པ་ནའོ། །དབང་དུ་བྱ་བ་ནི་རྣམ་པ་གསུམ་སྟེ། དབང་དུ་བྱ་བ་གསུམ་གང་ཞེ་ན། འཇིག་རྟེན་གྱི་དབང་དུ་བྱ་བ་དང་། བདག་གི་དབང་དུ་བྱ་བ་དང་། ཆོས་ཀྱི་དབང་དུ་བྱ་བའོ། །འཇིག་རྟེན་གྱི་དབང་དུ་བྱ་བ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་དགོན་པའམ། ཤིང་

དྲུང་ངམ། ཁང་པ་སྟོང་པར་འདི་ལྟར་ཡང་དག་པར་བསླབ་སྟེ། འཇིག་རྟེན་འདི་ནི་རབ་ཏུ་མང་ངོ་། །འཇིག་རྟེན་འདིའི་དབྱིབས་ནི་རབ་ཏུ་མང་ངོ་། །འཇིག་རྟེན་རབ་ཏུ་མང་པོ་དང་། འཇིག་རྟེན་གྱི་དབྱིབས་རབ་ཏུ་མང་པོ་འདི་ནི་རྫུ་འཕྲུལ་དང་ལྡན་ཞིང་མཐུ་ཆེ་བ་ལྷའི་མིག་དང་།

གཞན་གྱི་སེམས་རིང་པོ་ན་འདུག་པ་མཐོང་ཞིང་དེ་དག་གིས་དེ་མི་མཐོང་བ་སེམས་ཀྱིས་སེམས་ལ་ཁྱབ་པར་བྱས་ཏེ། ཡིད་ཀྱིས་ཡིད་རབ་ཏུ་ཤེས་པ་ཡོད་དོ། །འདི་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་རྫུ་འཕྲུལ་དང་ལྡན་ཞིང་མཐུ་ཆེ་བ་ལྷའི་མིག་དང་། གཞན་གྱི་སེམས་ཤེས་

Vol. 146 · folio 65b

པས་རིང་པོ་ན་འདུག་པ་མཐོང་ཞིང་དེ་དག་གིས་དེ་མི་མཐོང་བ་སེམས་ཀྱིས་སེམས་ལ་ཁྱབ་པར་བྱས་ཏེ་ཡིད་ཀྱིས་ཡིད་རབ་ཏུ་ཤེས་པ་ཡང་ཡོད་དོ། །གལ་ཏེ་ང་ཆགས་སེམས་དང་འདྲེས་པ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པས་རྟོག་པར་བྱེད་ན་དེས་བདག་ཤེས་ཤིང་དེས་བདག་མཐོང་

བར་འགྱུར་ལ་ཤེས་ཤིང་མཐོང་ནས་བརྗོད་པར་འགྱུར་རོ། །རིགས་ཀྱི་བུ་ཁྱིམ་ནས་ཁྱིམ་མེད་པར་དད་པས་རབ་ཏུ་བྱུང་ནས་ཆགས་སེམས་དང་འདྲེས་པའི་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པས་རྟོག་པར་བྱེད་དོ་ཞེས་མཐོང་ཞིང་སྨྲ་བར་འགྱུར་རོ། །གང་ཡང་དེ་དག་གིས་བདག་ཤེས་ཤིང་

གང་ཡང་དེ་དག་གིས་བདག་མཐོང་ལ། གང་ཡང་བདག་གི་བདག་ཉིད་ཀྱིས་བདག་ཉིད་ཤེས་ཤིང་བདག་ཉིད་མཐོང་བས། གང་ཡང་བདག་གི་བདག་ཉིད་ཀྱིས་བདག་ཉིད་ཤེས་ཤིང་བདག་གི་བདག་ཉིད་ཀྱིས་བདག་ཉིད་མཐོང་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བར་འགྱུར་རོ། །དེ་ལྟར་

ཤེས་ཤིང་དེ་ལྟར་མཐོང་ནས་བརྩོན་འགྲུས་རྩོམ་པར་འགྱུར་རོ། །མི་ཞུམ་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་བརྟུན་ཞིང་དྲན་པ་ཉེ་བར་འཇོག་པར་འགྱུར་རོ། །ཤེས་བཞིན་དང་སེམས་མཉམ་པར་འཇོག་པ་དང་རྩེ་གཅིག་པར་འགྱུར་ཏེ། དེ་འཇིག་རྟེན་ཉིད་ཀྱི་དབང་དུ་བྱས་ཏེ། མི་དགེ་

བ་སྤོང་ཞིང་དགེ་བ་སྒོམ་པར་འགྱུར་ཏེ། འདི་ནི་འཇིག་རྟེན་གྱི་དབང་དུ་བྱས་པ་ཞེས་བྱའོ། །བདག་གི་དབང་དུ་བྱས་པ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་དགོན་པའམ། ཤིང་དྲུང་ངམ་ཁང་པ་སྟོང་པར་འདི་ལྟར་ཡང་དག་པར་རྗེས་སུ་སློབ་སྟེ། དགོན་པ་དབེན་པ་དེ་དང་དེར་སྐད་ཅིག་

སྐད་ཅིག་གིས་རྟོགས་པ་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། གལ་ཏེ་བདག་ཆགས་སེམས་དང་འདྲེས་པའི་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པས་རྟོག་པར་བྱེད་པ་ན། དེ་དག་གི་ཚུལ་དང་མི་མཐུན་ཞིང་ཆོས་འདི་ལྟ་བུ་རྣམ་པར་མི་ཤེས་སོ་ཞེས་དེ་དེ་ལྟར་མཐོང་ནས་བརྩོན་འགྲུས་རྩོམ་པར་འགྱུར་

རོ། །མི་ཞུམ་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་བརྟུན་ཞིང་དྲན་པ་ཉེ་བར་འཇོག་པར་འགྱུར་རོ། །ཤེས་བཞིན་དང་སེམས་མཉམ་པར་འཇོག་པ་དང་། རྩེ་གཅིག་པར་འགྱུར་ཏེ། དེ་བདག་གི་དབང་དུ་བྱས་ནས་མི་དགེ་བ་སྤོང་ཞིང་དགེ་བ་བསྒོམ་པར་འགྱུར་ཏེ། འདི་ནི་བདག་གི་དབང་དུ་

Vol. 146 · folio 66a

བྱ་བ་ཞེས་བྱའོ། །ཆོས་ཀྱི་དབང་དུ་བྱ་བ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་འདི་ལྟར་ཡང་དག་པར་སློབ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ།

དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་སྟེ། གལ་ཏེ་བདག་ཆགས་སེམས་དང་འདྲེས་པ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པས་རྟོག་པར་བྱེད་ན། དེ་བདག་གི་ཚུལ་དང་མི་མཐུན་ཞིང་ཆོས་

འདི་ལྟ་བུ་རྣམ་པར་མི་ཤེས་སོ་ཞེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་བརྩོན་འགྲུས་རྩོམ་པར་འགྱུར་རོ། །མི་ཞུམ་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་བརྟུན་ཞིང་དྲན་པ་ཉེ་བར་འཇོག་པར་འགྱུར་རོ། །ཤེས་བཞིན་དང་སེམས་མཉམ་པར་གཞོག་པ་དང་རྩེ་གཅིག་པར་འགྱུར་ཏེ། དེ་ཆོས་ཀྱི་

དབང་དུ་བྱས་ནས་མི་དགེ་བ་སྤོང་བ་དང་དགེ་བ་བསྒོམ་པར་འགྱུར་རོ། །འདི་ནི་ཆོས་ཀྱི་དབང་དུ་བྱས་པ་ཞེས་བྱའོ། །སྡིག་པའི་ལས་རྣམས་བྱེད་པ་ལ། །དབེན་པའི་གནས་ནི་ཡོད་མ་ཡིན། །བདེན་ནམ་ཡང་ན་བརྫུན་ཡང་རུང་། །བདག་ཉིད་ཀྱིས་ནི་རྣམ་པར་ཤེས། །བདག་ཉིད་

ཕ་རོལ་བརྙས་མི་བྱེད། །དབང་པོའི་མཆོག་ནི་འདི་ཡིན་ཏེ། །བདག་ལ་ཡོད་པའི་སྡིག་པ་དག །རབ་ཏུ་གསང་བར་མི་བྱའོ། །འཇིག་རྟེན་བྱིས་པ་རྣམས་ནི་དཀར་སྤྱོད་པ། །ལྷ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས། །བློ་དང་དྲན་ལྡན་འཇིག་རྟེན་འདི་ཉིད་ཀྱི། །དབང་དུ་བྱས་ཏེ་

བདག་གི་སྡིག་པ་སྤོང་། །ཆོས་སྤྱོད་བདེན་པ་ཕ་རོལ་གནོན་པ་ཡི། །ཐུབ་པ་ཆོས་ཀྱི་དབང་བྱས་ཉམས་མི་འགྱུར། །གང་ཞིག་བདུད་སྤངས་གཤིན་རྗེ་རབ་བཅོམ་ཞིང་། །སྤངས་པར་ལྡན་པ་སྐྱེ་བ་ཟད་ལ་རེག །དེ་ནི་ཞི་ཞིང་འདོད་པ་སྡིག་པ་སྤངས། །སྐྱེ་དང་རྒ་ལས་བརྒལ་བར་ང་

སྨྲའོ། །ཞེས་བཀའ་སྩལ་ཏོ། །མདོ་ལས་རྟོག་པ་དང་དཔྱོད་པ་དག་ནི་ངག་མངོན་པར་འདུ་བྱེད་པ་ཡིན་པར་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་བཤད་ཅེ་ན། དགེ་སློང་མ་ཆོས་སྦྱིན་གྱི་མདོ་སྔར་བཤད་པ་དང་། འདོད་པ་ཅན་གྱི་མདོ་ལས་ཉེ་བར་བསྟན་པ་མ་བྱས་པར་

Vol. 146 · folio 66b

བཤད་དོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ། མཛོད་ཀྱི་གནས་དང་པོར་ཕུང་པོ་ལས་སྡོམ་གྱི་ཚིགས་སུ་བཅད་པའི་མཐའི་མདོ་ལས་གཟུགས་སུ་རུང་བས་ན་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་བཞིན་ནོ། །མི་སློབ་པའི་ཆོས་བཅུ་པོ་འདི་དག་ཅེས་བྱ་བ་ལ་

སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཅུ་པོ་འདི་དག་ནི་མི་སློབ་པའི་ཆོས་ཏེ། བཅུ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་

དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ་བ་དང་། ཡང་དག་པའི་ཡེ་ཤེས་སོ། །མི་སློབ་པའི་ཆོས་བཅུ་པོ་འདི་བསྐྱེད་ཅིང་ཐོབ་ལ་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་

འགྱུར་རོ། །ཡན་ལག་དྲུག་དང་ལྡན་པ་དང་། བསྲུང་བ་གཅིག་པ་དང་། བརྟེན་པ་བཞི་དང་། རང་སངས་རྒྱས་ལས་རབ་ཏུ་འདས་པ་དང་། ཀུན་འབྱུང་བ་སྤངས་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པ་དང་། སེམས་རྣམ་པར་གྲོལ་བ་དང་།

ཤེས་རབ་རྣམ་པར་གྲོལ་བ་དང་། གཅིག་ཏུ་ཚངས་པར་སྤྱོད་པ་དང་། སྐྱེས་བུའི་མཆོག་ཅེས་བྱ་བའོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་འཁོར་ལོས་སྒྱུར་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་ལས་

རྒྱས་པ་བྱིས་པ་དང་མཁས་པའི་མདོ་ལས་འདོན་ཏེ། དེ་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་པའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་གང་ཡང་ཡང་

དག་པར་སྨྲ་བས་སྨྲ་སྟེ། དབེན་པ་ནི་འདོད་པ། དབེན་པ་ནི་སྡུག་པ། དབེན་པ་ནི་དགའ་བ། དབེན་པ་ནི་ཡིད་དུ་འོང་བ་སྟེ། མཐོ་རིས་སོ་ཞེས་ཟེར་བ་དེ་ནི་ཡང་དག་པར་སྨྲ་བས་སྨྲ་བ་སྟེ། དགེ་སློང་དག་མཐོ་རིས་ནི་འདོད་པ། མཐོ་རིས་ནི་སྡུག་པ། མཐོ་རིས་ནི་དགའ་བ། མཐོ་རིས་

Vol. 146 · folio 67a

ནི་ཡིད་དུ་འོང་བའོ། །དེ་ནས་དགེ་སློང་གཞན་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཐོ་རིས་ཅི་ཙམ་དུ་བདེ། དགེ་སློང་ངས་ཁྱོད་

ཀྱིས་སླ་བར་རྟོགས་པའི་ཕྱིར་བཤད་པར་བྱའོ། །བཙུན་པ་དཔེ་ཅུང་ཞིག་མཆིས་སམ། དགེ་སློང་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་འདི་ལྟ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། མི་བཞི་པོ་ཐམས་

ཅད་ཀྱི་དབང་ཕྱུག་ཐོབ་པ། གླིང་བཞིའི་རྒྱལ་པོ་དང་། དབང་ཕྱུག་དང་། བདག་པོ་བྱེད་པ་མཆོག་ཏུ་བདེ་བ་དང་ལྡན་ནམ། ཡིད་བདེ་བ་དང་ལྡན་ནམ། བཙུན་པ་རེ་ཞིག་རིན་པོ་ཆེ་གཅིག་དང་ལྡན་པ་དང་། མི་གཅིག་ལ་དབང་བ་དང་། གླིང་གཅིག་གི་རྒྱལ་པོ་དང་། དབང་ཕྱུག་དང་། བདག་

པོ་བྱེད་པ་ཡང་མཆོག་ཏུ་བདེ་བ་དང་ཡིད་བདེ་བ་དང་ལྡན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་སེན་མོའི་རྩེ་མོར་རྡུལ་གཅིག་བསྣམས་ཏེ། དགེ་སློང་དེ་ལ་བོས་ཏེ་དགེ་སློང་འདི་ཇི་སྙམ་དུ་སེམས། ངའི་སེན་མོའི་རྩེ་མོ་ལ་ཡོད་པའི་རྡུལ་འདི་མང་ངམ། ས་

ཆེན་པོ་ལ་གནས་པའི་རྡུལ་གང་མང་། བཙུན་པ་སེན་མོའི་རྩེ་མོ་ལ་ཡོད་པའི་རྡུལ་འདི་ཉུང་ཞིང་རབ་ཏུ་ཉུང་ལ་ཤིན་ཏུ་རབ་ཏུ་ཉུང་སྟེ། བཅོམ་ལྡན་འདས་ས་ཆེན་པོའི་རྡུལ་གྱི་དཔེར་ཡང་མི་འགྲོ་ལ། བརྒྱའི་ཆར་ཡང་། སྟོང་གི་ཆར་ཡང་། བརྒྱ་སྟོང་གི་ཆར་ཡང་། གྲངས་སུ་ཡང་། བགྲང་

བར་ཡང་། དཔེར་ཡང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དགེ་སློང་ཇི་ལྟར་སེན་མོའི་རྩེ་མོ་ལ་བརྟེན་པའི་རྡུལ་ས་ཆེན་པོ་ལ་བརྟེན་པའི་རྡུལ་གྱི་དཔེར་ཡང་ཉེ་བར་མི་འགྲོ་ལ། བརྒྱའི་ཆར་ཡང་། སྟོང་གི་ཆར་ཡང་། བརྒྱ་སྟོང་གི་ཆར་ཡང་། གྲངས་སུ་ཡང་། བགྲང་བར་ཡང་། དཔེར་ཡང་། རྒྱུར་

ཡང་ཉེ་བར་མི་འགྲོ་བ་དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། གླིང་བཞིའི་དབང་ཕྱུག་དང་། རྒྱལ་པོ་དང་། བདག་པོ་བྱེད་པའི་བདེ་བ་དེ་ལྷའི་བདེ་བའི་དཔེར་ཡང་མི་འགྲོ་ལ། བརྒྱའི་ཆར་ཡང་། སྟོང་གི་ཆར་ཡང་། བརྒྱ་སྟོང་གི་ཆར་ཡང་། གྲངས་སུ་ཡང་། བགྲང་

Vol. 146 · folio 67b

བར་ཡང་། དཔེར་ཡང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རེག་པའི་སྐྱེ་མཆེད་དྲུག་ཅེས་བྱ་བའི་མཐོ་རིས་ཡོད་དེ། དེར་སྐྱེས་པའི་སེམས་ཅན་དེ་དག་མིག་གིས་གཟུགས་གང་མཐོང་བ་ཡིད་དུ་འོང་བ་མཐོང་བར་འགྱུར་གྱི། ཡིད་དུ་མི་འོང་བ་མཐོང་བར་མི་འགྱུར་ལ། ཡིད་

དགའ་བར་འགྱུར་གྱི་མི་དགའ་བར་མི་འགྱུར། དགའ་བའི་གཟུགས་སུ་འགྱུར་གྱི། མི་དགའ་བའི་གཟུགས་སུ་མི་འགྱུར། རབ་ཏུ་དགའ་བའི་གཟུགས་སུ་འགྱུར་གྱི་མི་དགའ་བའི་གཟུགས་སུ་མི་འགྱུར་ཏེ། དེའི་རྒྱུས་གཅིག་ཏུ་བདེ་བ་དང་ཡིད་བདེ་བ་སོ་སོར་རིག་པར་འགྱུར་རོ། །

རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་རྣམ་པར་ཤེས་ན་ཡིད་དུ་འོང་བ་ཤེས་པར་འགྱུར་གྱི། ཡིད་དུ་མི་འོང་བ་མ་ཡིན་ལ། དགའ་བའི་གཟུགས་སུ་འགྱུར་གྱི། མི་དགའ་བའི་གཟུགས་མ་ཡིན་ནོ། །རབ་ཏུ་དགའ་བའི་གཟུགས་སུ་

འགྱུར་གྱི། རབ་ཏུ་མི་དགའ་བའི་གཟུགས་མ་ཡིན་ཏེ། དེའི་རྒྱུས་གཅིག་ཏུ་བདེ་བ་དང་ཡིད་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །དགེ་སློང་གལ་ཏེ་མཁས་པའི་རང་བཞིན་ཅན་དེ་གནས་དེ་ལས་གལ་ཏེ། འཆི་འཕོ་ཞིང་འདིར་མི་རྣམས་དང་སྐལ་བ་མཉམ་པར་འོང་ན་ཡང་རིགས་གང་

དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་། བདོག་པ་མང་བ་དང་། རང་དབང་དང་བཅས་པར་འགྱུར་བ་དང་། ནོར་དང་འབྲུ་དང་། རིན་པོ་ཆེ་དང་། གསེར་གྱི་མཛོད་གང་བ་དང་། བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་སྐྱེས་བུ་མང་བ་དང་། གྲོགས་པོ་དང་

མཛའ་བོ་དང་གཉེན་བཤེས་དང་། སྣག་གི་གཉེན་མཚམས་མང་བར་འགྱུར་བ་དེ་ལྟ་བུ་དང་སྐལ་བ་མཉམ་པའི་རིགས་སུ་སྐྱེ་བར་འགྱུར་རོ། །ཐོབ་པ་རྙེད་དང་ལྡན་པའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཆོས་གཅིག་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་

བཞི་སྒོམ་པའི་སྐལ་བ་མེད་དེ། འདི་ལྟ་སྟེ་མ་རྙེད་པའོ། །དགེ་སློང་དག་མ་རྙེད་པ་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་བསྟེན་པའི་སྐལ་བ་མེད་དོ། །དགེ་སློང་དག་ཆོས་གཅིག་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པའི་སྐལ་བ་ཡོད་དེ་རྙེད་པའོ། །རྙེད་པ་དང་ལྡན་ན་དྲན་པ་ཉེ་

Vol. 146 · folio 68a

བར་བཞག་པ་བཞི་བསྟེན་པའི་སྐལ་བ་ཡོད་དོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོང་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རེ་ཞིག་བྱིས་པ་དང་མཁས་པའི་མདོ་ལས་གོ་རིམས་ལས་བཟློག་སྟེ་གཉིས་

པར་བཤད་པ་ལྟ་བུ་དང་། དེའི་རྗེས་ཐོགས་ལ་ཚངས་པའི་དྲ་བའི་མདོ་དེ་དང་དེ་ལས་འདོན་པ་ལྟ་བུའོ། །མདོ་ལས་སེམས་ཅན་དེ་དག་ཡུན་རིང་པོར་འདུག་སྟེ་འདུ་ཤེས་སྐྱེས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོའི་ཞབས་སུ་ཚངས་པའི་དྲ་བ་ལས་བཤད་པ་དང་། མཛོད་ཀྱི་གནས་

གསུམ་པར་ལྟ་བ་དྲུག་ཅུ་རྩ་གཉིས་ཇི་ལྟར་ཚངས་པའི་དྲ་བ་ལས་བཤད་པ་དེར་འདོན་པ་ལྟ་བུ་སྟེ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའི་བསྐལ་པར་འདི་ལྟ་སྟེ་དངོས་པོ་གཉིས་པོ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ཞིང་རྒྱུ་མེད་པ་ལས་སྐྱེས་པར་སྨྲ་ཞིང་མངོན་པར་སྨྲ་བ་དག་ཡོད་དེ།

དགེ་སྦྱོང་དང་བྲམ་ཟེ་དེ་དག་གང་ཞིག་རྟོགས་ཤིང་གང་ལ་བརྟེན་ནས་འདི་ལྟ་སྟེ། དངོས་པོ་གཉིས་པོ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ཞིང་རྒྱུ་མེད་པ་ལས་སྐྱེ་བར་མངོན་པར་སྨྲ་ཞིང་སྨྲ་ཞེ་ན། དགེ་སློང་དག་གཟུགས་ཀྱི་ཁམས་ན་འདུ་ཤེས་མེད་པའི་སེམས་ཅན་ཞེས་བྱ་བའི་ལྷ་ཡོད་དེ། ཡང་

སེམས་ཅན་དེ་དག་འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །དེ་ནས་སེམས་ཅན་གཞན་ཞིག་ཚེ་ཟད་དེ་ལས་ཟད་དེ་གནས་དེ་ནས་འཆི་འཕོས་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོངས་ཏེ། ཆེར་སྐྱེས་ཤིང་། དབང་པོ་ཡོངས་སུ་སྨིན་ནས་སྐྲ་དང་ཁ་སྤུ་

བྲེགས་ཏེ་ཆོས་གོས་བགོས་ཤིང་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་དགོན་པའམ་ཤིང་དྲུང་ངམ། ཁང་པ་སྟོང་པར་ཡོངས་སུ་གདུང་བའི་རྒྱུ་དང་། སྤངས་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་ཡང་དག་པར་ཡིད་ལ་བྱས་པའི་རྒྱུས་ཇི་ལྟར་སེམས་མཉམ་པར་

གཞག་པ་སྔོན་གྱི་འདུ་ཤེས་སྐྱེས་པ་རྗེས་སུ་དྲན་པ་སེམས་དེ་ལྟ་བུར་ཞི་བའི་ཏིང་ངེ་འཛིན་གྱིས་མཐོང་སྟེ། དེ་འདི་སྙམ་དུ་འགྱུར་ཏེ། བདག་དང་འཇིག་རྟེན་འདི་ནི་རྒྱུ་མེད་པ་ལས་རབ་ཏུ་བྱུང་ལ། དེ་བཞིན་དུ་བདག་དང་འཇིག་རྟེན་འདི་ནི་རྒྱུ་མེད་པ་ལས་རབ་ཏུ་སྐྱེས་སོ། །བདག་སྔོན་མ་བྱུང་

Vol. 146 · folio 68b

ལ་ད་ལྟར་ཡང་དག་པར་བྱུང་ཞིས་དགེ་སློང་དང་པོའི་དངོས་པོ་གང་རྟོགས་ཤིང་གང་ལ་བརྟེན་ཞིང་གང་ཞིག་དམིགས་ནས་སྔོན་གྱི་མཐའི་བསྐལ་པར་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ཞིང་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་སྐྱེས་སོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་སྨྲའོ། །རེ་ཞིག་སྐྱིལ་མོ་

ཀྲུང་མི་བཤིག་གོ་སྙམ་པའི་བསམ་པ་འདི་མི་ལྡང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ། དགེ་འདུན་དབྱེན་གྱི་གཞིའི་མདོ་དྲུག་པའི་གཞི་ལས་འདི་ལྟར་འདོན་ཏེ། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་ནག་པོ་ཡང་དག་པར་བསྟོད་ནས་རྡོ་རྗེའི་གདན་དུ་མངོན་པར་ཕྱོགས་ཏེ་བཞུགས་ནས་དེ་འདི་

སྙམ་དུ་དགོངས་ཏེ། རྩྭ་བཏིང་བ་ལ་འདུག་པར་བྱའོ་ཞེས་རྟོག་ཅིང་རྩྭ་དགོས་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཐུགས་སེམས་ཀྱིས་ཤེས་ནས་སྤོས་ཀྱི་རི་ལས་རེག་ན་འཇམ་པའི་རྩྭ་ཁུར་དུ་བླངས་ཏེ་བདག་ཉིད་རྩྭ་འཚོང་བཀྲ་ཤིས་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་

བྱང་ཆུབ་སེམས་དཔའི་མདུན་དུ་འདུག་གོ། །བྱང་ཆུབ་སེམས་དཔས་སྨྲས་པ། རབ་ཏུ་བཟང་པོའི་གདོང་པ་བདག་ལ་རྩྭ་བྱིན་ཅིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཞབས་ལ་གཏུགས་ཏེ་གུས་པ་དང་བཅས་པས་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔས་

རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བླངས་ནས་ལྷས་བྱིན་གྱིས་བརླབས་པའི་ལམ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་གཤེགས་སོ། །ཉེ་བར་གཤེགས་ནས་མ་འདྲེས་ཤིང་མ་འདྲེས་པའི་རྩྭའི་སྟན་འདིང་བར་རྩོམ་པ་ན། དེ་ནས་རྩྭ་དེ་དག་མ་འདྲེས་པར་ལྷུང་བར་གྱུར་པ་ན། བྱང་ཆུབ་སེམས་

དཔའ་འདི་སྙམ་དུ། ཇི་ལྟར་རྩྭ་འདི་དག་ལྷུང་བ་ལས་ན་བདག་ངེས་པར་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ། །དེ་ནས་རྡོ་རྗེའི་གདན་ན་ཀླུའི་རྒྱལ་པོ་ལྟར་སྐུ་བསྐྱིལ་ཏེ་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲངས་ནས་དྲན་པ་ཉེ་བར་གཞག་པ་མངོན་དུ་ཕྱོགས་ཤིང་སེམས་བསྐྱེད་ཅིང་ཚིག་

ཏུ་ཡང་བརྗོད་པ། ཇི་སྲིད་དུ་ཟག་པ་མེད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་འདི་མི་བཤིག་པར་བྱའོ་ཞེས་བརྗོད་དོ། །ཅིའི་འདི་དག་ལ་སྐྱེས་ནས་ཡོངས་སུ་ཉམས་པ་ཡོད་དམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ལུང་བར་མ་འཆར་བྱེད་ཀྱི་མདོ་བདུན་པའི་མཐའི་སྡོམ་གྱི་ཚིགས་སུ་བཅད་པའི་དང་པོར་

Vol. 146 · folio 69a

འདི་ལྟར་འདོན་ཏེ། ཚེ་དང་ལྡན་པ་དག་འདི་ནི་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན་ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་ལ། དེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་

གནས་དེ་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་མཐོང་བའི་ཆོས་ཁོ་ན་ལ་དང་པོ་ཉིད་དུ་ཀུན་ཤེས་པ་ཡང་ཐོབ་པར་མི་བྱེད་ཅིང་། འཆི་བའི་དུས་ཀྱི་ཚེ་ཡང་མ་ཡིན་ལ་ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ། ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་

རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེའི་ཚེ་ཚེ་དང་ལྡན་པ་འཆར་བྱེད་འཁོར་འདུས་པ་དེའི་ནང་ན་འདུག་པར་གྱུར་ཏེ། དེ་ནས་

ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཡིད་ལས་བྱུང་བ་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བ་འདི་

ནི་གནས་མེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འདི་ནི་གནས་མེད་དོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་བདག་གིས་བཤད་པ་ལ་དགེ་སློང་འདི་ལན་གསུམ་གྱི་བར་དུ་ཕྱིར་ཟློག་པར་བྱེད་ཁྲོ་བར་བྱེད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་

རྣམས་ཀྱང་བདག་གིས་བཤད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པས་ན། བདག་བཅོམ་ལྡན་འདས་གང་ན་བ་དེར་འགྲོ་བར་བྱའོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་

བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་ཞེས་བོས་ནས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་

Vol. 146 · folio 69b

པ་ཡང་ཡིན་ལ། དེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། ཡང་དག་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་དེའི་ཚེ་

དེའི་དུས་ན་ཚེ་དང་ལྡན་པ་འཆར་བྱེད་འཁོར་དེའི་ནང་ན་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེས་ནས་ཡང་དང་ཡང་

དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བ་འདི་ནི་གནས་མེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འདི་ནི་གནས་མེད་དོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སྟོན་པའི་མདུན་དུ་ཡང་བདག་གིས་བཤད་པ་ལ་དགེ་སློང་

འདི་ཕྱིར་ཟློག་པར་བྱེད་ཁོང་ཁྲོ་བར་བྱེད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱང་བདག་གིས་བཤད་པ་ལ། རྗེས་སུ་ཡི་རང་བར་མི་བྱེད་པས་བདག་ཅང་མི་སྨྲ་བར་བྱའོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་

བྱེད་ལ་བོས་ཏེ། འཆར་བྱེད་ཁྱོད་ཀྱིས་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་གང་ཡིན་པར་ཤེས། བཙུན་པ་ཇི་སྲིད་དུ་གཟུགས་ཅན་མ་ཡིན་པ་ལྷ་འདུ་ཤེས་ཅན་དེ་དག་མ་ལགས་སམ། སྐྱེས་བུ་རྨོངས་པ་ལོང་བ་ཁྱོད་མིག་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཆོས་མངོན་པ་དང་

འདུལ་བའི་གཏམ་བྱ་བར་སེམས་སམ་ཞེས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་ལ་མངོན་སུམ་དུ་སྤྱོས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བོས་ཏེ། ཀུན་དགའ་བོ་ཁྱོད་ཀྱང་དགེ་སློང་གནས་བརྟན་རྣམས་ལ་རྣམ་པར་གཙེས་པ་བཏང་སྙོམས་སུ་བྱེད་དམ། སྐྱེས་བུ་ཆེན་པོ་

དགེ་སློང་གནས་བརྟན་གཙེས་པ་ལ་སྙིང་རྗེ་ཡང་མ་སྐྱེས་སམ་ཞེས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་མངོན་སུམ་དུ་སྤྱོས་ནས། དགེ་སློང་རྣམས་ལ་བོས་ཏེ། འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་

Vol. 146 · folio 70a

ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་ལ་དེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་མཐོང་བའི་ཆོས་ཁོ་ན་ལ་

དང་པོ་ཉིད་དུ་ཀུན་ཤེས་པ་ཐོབ་པར་ཡང་མི་བྱེད་ཅིང་འཆི་བའི་དུས་ཀྱི་ཚེ་ཡང་ཡིན་ལ། ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་

པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ནང་དུ་ཡང་དག་འཇིག་གི་ཕྱིར་གདན་ལས་བཞེངས་ཏེ་གཙུག་ལག་ཁང་དུ་ཞུགས་སོ། །མདོ་ལས་མཐར་གྱིས་གནས་

པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ནི་དགུ་པོ་འདི་རྣམས་ཏེ། འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་

པ་དང་བཅས་པ་དང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་པོའོ། །དེ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་རྩེ་གཅིག་ཏུ་གྱུར་ནས་རྟོག་པ་

དང་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གཉིས་པའོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་སུ་གནས་ཏེ། དྲན་པ་དང་ཤེས་བཞིན་ཅན་བདེ་

བ་ལུས་ཀྱིས་སོ་སོར་མྱོང་ལ་གང་འཕགས་པ་རྣམས་ཀྱིས་བཏང་སྙོམས་པའོ་ཞེས་བརྗོད་པ་དྲན་པ་ཅན་བདེ་བ་དང་ལྡན་པ་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གསུམ་པའོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་

Vol. 146 · folio 70b

ཡིད་བདེ་བ་དང་ཡིད་མི་བདེ་བ་སྔར་ཉིད་དུ་ནུབ་ཅིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བཏང་སྙོམས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་

འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་ནུབ་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་ལྔ་པའོ། །དེ་ནས་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་

མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་

ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་བརྒྱད་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་

མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་དགུ་པ་སྟེ། །འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པའོ་ཞེས་བཀའ་སྩལ་ཏོ། །གསུམ་འདུས་པའི་རེག་པ་དང་།

རེག་པ་ལས་བྱུང་བའི་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་དང་པོར་ལག་པ་བརྡབས་པའི་དཔེའི་མདོ་དེ་དང་དེ་ལས་འདོན་པ་བཞིན་ནོ། །མ་རིག་པའི་འདུས་ཏེ་རེག་པ་ལ་བརྟེན་ཏེ། སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་

པ་ནའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཉན་ཡོད་དུ་བསོད་སྙོམས་སྲུང་ནས་ཟས་ཀྱི་བྱ་བ་མཛད་ནས། གསོལ་ཟིན་པའི་འོག་ཏུ་ལྷུང་བཟེད་གྱུ་སྟེ། དགེ་སློང་གི་དགེ་འདུན་གྱིས་མ་མཐོང་ཞིང་ཉེ་

Vol. 146 · folio 71a

བར་གནས་པའི་དགེ་སློང་ལ་མ་སྦྲན་པར་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཨནྡའི་ཚལ་གང་ན་བ་དེར་གཤེགས་སོ། །དགེ་སློང་གཞན་ཞིག་ཨནྡའི་ཚལ་ན་གནས་ཤིང་འགྲོ་བ་ན་དེས་བཅོམ་ལྡན་འདས་གཅིག་པུ་གཉིས་སུ་མེད་

པ་ཉེ་བར་གནས་པ་མེད་པར་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཨནྡའི་ཚལ་དུ་བྱོན་ཏེ་ཨ་མྲའི་ཚལ་དུ་བཞུགས་པ་མཐོང་ངོ་། མཐོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་

སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ཀྱིས་ཤེས་སམ་འདི་ནི་བདག་ཨནྡའི་ཚལ་ན་གནས་ཤིང་འགྲོ་བ་ན་བཅོམ་ལྡན་འདས་གཅིག་པུ་གཉིས་སུ་མེད་པ་ཉེ་བར་གནས་པ་མེད་པར་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཨནྡའི་ཚལ་དུ་བྱོན་ཏེ་ཨ་མྲའི་ཚལ་དུ་བཞུགས་

པ་མཐོང་ངོ་། །དགེ་སློང་གང་གི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་མ་མཐོང་ཞིང་ཉེ་བར་གནས་པའི་དགེ་སློང་ལ་མ་སྦྲན་པར་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ་གཤེགས་པ་དེའི་ཚེ་ན་དགེ་སློང་སུ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ནས་མི་འབྲང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་དུས་ན་

བཅོམ་ལྡན་འདས་ཐུགས་ལས་ཆུང་ངུར་བཞུགས་ཤིང་ཐུགས་ལས་བསྐྱུངས་ཏེ་བཞུགས་པས་སོ། །དེ་ནས་བཅོམ་ལྡན་འདས་བྱང་ཕྱོགས་ཀྱི་ལྔ་ལེན་དུ་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཤིང་སཱ་ལ་བཟང་པོ་གཞན་ཞིག་གི་དྲུང་དུ་བརྟེན་ཏེ་བཞུགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་

ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བཞུགས་པ་ཐོས་སམ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཞེས་བྱ་བ་

ནས། སྔ་མ་བཞིན་དུ་ཤིང་སཱ་ལ་བཟང་པོའི་དྲུང་ན་བཞུགས་སོ་ཞེས་ཐོས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་མི་ཤེས་སམ། བདག་ཅག་ཡུན་རིང་པོར་བཅོམ་ལྡན་འདས་མཐོང་བར་འདོད་པས་སྐོམ་པས་གདུངས་ཏེ་བདག་ཅག་བཅོམ་ལྡན་འདས་མཐོང་ཞིང་བལྟ་བར་འདོད་པས་ཚེ་

Vol. 146 · folio 71b

དང་ལྡན་པ་ཀུན་དགའ་བོ་གལ་ཏེ་ཁྱོད་ལ་མི་གནོན་ན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འགྲོ་བས་ཐུགས་བརྩེ་བར་མཛད་དུ་གསོལ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་དག་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་

རབ་ཏུ་མང་པོ་དེ་དག་དེ་ཉིད་ཀྱི་མཚན་མོ་འདས་པ་དང་། སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ཀྱི་ཕྱིར་མཉན་ཡོད་དུ་ཞུགས་ཏེ། བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཟོས་པའི་འོག་ཏུ་ལྷུང་བཟེད་གྱུ་སྟེ། ཇི་ལྟར་ཡོངས་སུ་སྤྱོད་པའི་མལ་ཆ་དག་བསྡུས་ཏེ་

ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། ལྗོངས་རྒྱུ་ཞིང་ཨནྡའི་ཚལ་གང་ན་བ་དེར་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་རབ་ཏུ་མང་པོ་དེ་དག་བྱང་ཕྱོགས་ཀྱི་ལྔ་ལེན་དུ་ལྗོངས་རྒྱུ་ཞིང་པ་ཏ་ལའི་ཚལ་གང་ན་བ་དེར་ཕྱིན་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་

དང་། དགེ་སློང་རབ་ཏུ་མང་པོ་དེ་དག་ཆོས་གོས་དང་ལྷུང་བཟེད་ཕྱོགས་གཅིག་ཏུ་བཞག་ནས་རྐང་པ་བཀྲུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། ཉེ་བར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་

ནས་དགེ་སློང་རབ་ཏུ་མང་པོ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བཀོད། ཡང་དག་པར་བཙུད། ཡང་དག་པར་དགའ་བར་བྱས་སོ། །དེ་ནས་དགེ་སློང་གཞན་ཞིག་འཁོར་དེའི་ནང་ན་ཚོགས་ཤིང་འདུས་པ་དེ་འདི་ལྟ་བུའི་སེམས་ལ་

སེམས་ཀྱི་རྗེས་སུ་རྟོག་པ་སྐྱེས་ཏེ། ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་བའི་རྗེས་ལ་ཟག་པ་ཐམས་ཅད་ཟད་པར་འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་དགེ་སློང་དེ་དག་ལ་བོས་ཏེ། དགེ་སློང་དག་གལ་ཏེ་འཁོར་འདིར་འདུས་ཤིང་འཚོགས་

ཏེ་འདུག་པའི་རིགས་ཀྱི་བུ་འབའ་ཞིག་ལ་འདི་ལྟ་བུའི་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་སྐྱེ་བའི་གནས་ཡོད་ཅིང་གོ་སྐབས་ཡོད་དེ། ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་བའི་རྗེས་ལ་ཟག་པ་ཟད་པར་འགྱུར་ཞེས་བྱ་བའོ། །ངས་ཁྱེད་ལ་ཕུང་པོ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་བཤད་

Vol. 146 · folio 72a

པར་བྱ་སྟེ། འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དེ། དགེ་སློང་དག་དེ་ལྟར་

ངས་ཕུང་པོ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་བསྟན་ཏོ། །ཅི་སྟེ་ཡང་རིགས་ཀྱི་བུ་འདུན་པ་དྲག་པོ་མ་ཡིན་པ་དང་། གདུང་བ་དྲག་པོ་མ་ཡིན་པ་དང་། དགའ་བ་དྲག་པོ་མ་ཡིན་པ་དང་། དད་པ་དྲག་པོ་མ་ཡིན་ན་མྱུར་བ་མ་ཡིན་པར་འདི་ལྟ་སྟེ། ཟག་པ་ཐམས་ཅད་ཟད་པ་བླ་ན་

མེད་པ་རྗེས་སུ་འཐོབ་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་ངས་ཕུང་པོ་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོས་བསྟན་པ་དེ་ལ་ཅི་སྟེ་རིགས་ཀྱི་བུ་འདུན་པ་དྲག་པོ་དང་། གདུང་བ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོ་ཡོད་ན་མྱུར་དུ་འདི་ལྟ་སྟེ། ཟག་པ་ཐམས་ཅད་ཟད་པ་བླ་ན་

མེད་པ་རྗེས་སུ་འཐོབ་པར་འགྱུར་རོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་སྟེ། དེའི་ཡང་དག་པར་མཐོང་བ་ན་དེ་ནི་འདུས་བྱས་ཏེ། དགེ་སློང་འདུ་བྱེད་གང་གི་རྒྱུ་ཅན་དང་གང་ལས་ཡང་དག་པར་བྱུང་བ་དང་།

གང་ལས་སྐྱེས་པ་དང་། གང་ལས་རབ་ཏུ་བྱུང་ཞེ་ན། དགེ་སློང་དག་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། ལས་ལ་བརྟེན་ཏེ་སྲེད་པ་དང་། དེ་ལས་བྱུང་བའི་འདུ་བྱེད་རྣམས་འབྱུང་ངོ་། །དགེ་སློང་དག་སྲེད་པ་གང་གི་རྒྱུ་ཅན་དང་། གང་ལས་ཡང་དག་པར་

བྱུང་བ་དང་། གང་ལས་སྐྱེ་བ་དང་། གང་ལས་རབ་ཏུ་བྱུང་ཞེ་ན། དགེ་སློང་དག་སྲེད་པ་ནི་ཚོར་བའི་རྒྱུ་ཅན། ཚོར་བ་ལས་ཡང་དག་པར་བྱུང་བ་དང་། ཚོར་བ་ལས་སྐྱེས་པ་དང་། ཚོར་བ་ལས་རབ་ཏུ་བྱུང་བའོ། །དགེ་སློང་དག་ཚོར་བ་གང་གི་རྒྱུ་ཅན་དང་། གང་ལས་ཡང་

དག་པར་བྱུང་བ། གང་ལས་སྐྱེས་པ། གང་ལས་ཡང་དག་པར་བྱུང་ཞེ་ན། དགེ་སློང་དག་ཚོར་བ་ནི་རེག་པའི་རྒྱུ་ཅན། རེག་པ་ལས་ཡང་དག་པར་བྱུང་བ། རེག་པ་ལས་སྐྱེས་པ་རེག་པ་ལས་བྱུང་བའོ། །དགེ་སློང་དག་རེག་པ་གང་གི་རྒྱུ་ཅན་དང་། གང་ལས་ཡང་དག་པར་བྱུང་

Vol. 146 · folio 72b

བ་དང་། གང་ལས་སྐྱེས་པ་དང་། གང་ལས་ཡང་དག་པར་བྱུང་ཞེ་ན། དགེ་སློང་དག་རེག་པ་ནི་སྐྱེ་མཆེད་དྲུག་གི་རྒྱུ་ཅན་དང་། སྐྱེ་མཆེད་དྲུག་ལས་ཡང་དག་པར་བྱུང་བ། སྐྱེ་མཆེད་དྲུག་ལས་སྐྱེས་པ། སྐྱེ་མཆེད་དྲུག་ལས་རབ་ཏུ་བྱུང་བའོ། །དགེ་སློང་དག་དེ་ལས་སྐྱེ་མཆེད་དྲུག་དང་།

མིང་དང་གཟུགས་ནི་མི་རྟག་པ། འདུས་བྱས་པ་སེམས་ལས་བྱུང་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའོ། །རེག་པ་དང་། ཚོར་བ་དང་། སྲེད་པ་དང་། འདུས་བྱས་ཀྱང་མི་རྟག་པ་དང་། འདུས་བྱས་པ་དང་། སེམས་ལས་བྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་ཡང་དག་

པར་རྗེས་སུ་མཐོང་ངོ་། །དེ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། བདག་གཟུགས་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་གཟུགས་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། བདག་ལ་གཟུགས་ཡོད་དོ་

ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་ལ་གཟུགས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་གཟུགས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་གཟུགས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། ཚོར་བ་

བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ཚོར་བ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་ཚོར་བ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ལ་

ཚོར་བ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། དེ་བདག་ལ་ཚོར་བ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་ཚོར་བ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ཚོར་བ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་འདུ་ཤེས་

བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་འདུ་ཤེས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་འདུ་ཤེས་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་འདུ་ཤེས་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་

Vol. 146 · folio 73a

བདག་ལ་འདུ་ཤེས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་ལ་འདུ་ཤེས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་འདུ་ཤེས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །འདུ་ཤེས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་

མི་མཐོང་མོད་ཀྱི། འོན་ཀྱང་འདུ་བྱེད་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་འདུ་བྱེད་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་འདུ་བྱེད་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་འདུ་བྱེད་དང་ལྡན་ནོ་ཞེས་ཡང་དག་པར་

རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ལ་འདུ་བྱེད་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བདག་ལ་འདུ་བྱེད་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་འདུ་བྱེད་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་འདུ་བྱེད་ལ་བདག་ཡོད་དོ་

ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་རྣམ་པར་ཤེས་པ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་རྣམ་པར་ཤེས་པ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་རྣམ་པར་ཤེས་པ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་

ངོ་། །དེ་བདག་རྣམ་པར་ཤེས་པ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ལ་རྣམ་པར་ཤེས་པ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་བདག་ལ་རྣམ་པར་ཤེས་པ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་རྣམ་

པར་ཤེས་པ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་རྣམ་པར་ཤེས་པ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་ཆད་པར་ལྟ་བ་དང་མེད་པར་ལྟ་བར་འགྱུར་རོ། །དེ་ཆད་པར་ལྟ་བ་དང་མེད་པར་ལྟ་བར་མི་འགྱུར་གྱི། འོན་ཀྱང་

དོགས་པ་དང་སོམ་ཉི་དང་བཅས་པར་འགྱུར་རོ། །དེ་དོགས་པ་དང་སོམ་ཉི་དང་བཅས་པར་མི་འགྱུར་གྱི། འོན་ཀྱང་འདི་ནི་ངའི་བདག་ཡིན་ནོ་ཞེས་འདི་ནི་ངའི་བདག་ཏུ་ཡང་དག་པར་རྗེས་སུ་མཐོང་བ་དང་། དེའི་བདག་ཏུ་རྟོགས་པར་གྱུར་ཏེ། འདི་ནི་ངའི་བདག་གི་ཞེས་ཡང་དག་པར་

Vol. 146 · folio 73b

རྗེས་སུ་མཐོང་བ་དེ་ཡང་འདུས་བྱས་ཏེ། དགེ་སློང་དག་འདུས་བྱས་དེ་དག་རྒྱུ་གང་ལས་བྱུང་། གང་ལས་ཡང་དག་པར་བྱུང་ཞེས་སྔ་མ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དུའོ། །དགེ་སློང་དག་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བའི་རྗེས་ཐོགས་སུ་ཟག་པ་ཐམས་ཅད་

ཟད་པར་འགྱུར་རོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། གཟུགས་རྟག་པའམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་སྡུག་བསྔལ་བ་འམ། སྡུག་བསྔལ་བ་མ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་ཡང་མི་རྟག་པ་སྡུག་

བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་དེ་དག་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་བདག་ཏུ་ཉེ་བར་རྟོག་པ་དང་། འདི་ནི་ངའི་བདག་ཡིན་ནོ་ཞེས་རྟོག་གམ། བཙུན་པ་མ་ལགས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་

པར་ཤེས་པ་རྟག་པའམ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྟོག་གམ་ཞེས་བྱ་བའི་བར་དུའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་རབ་ཏུ་མང་པོ་དེ་དག་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་

ཚེ་དང་དྲོད་དང་རྣམ་ཤེས་འདིས་ཞེས་བྱ་བ་ལ་སོགས་པ་ལས་རྣམ་པར་བཤད་པ་རྒྱས་པར་དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས་བལྟ་བར་བྱའོ། །མདོ་ལས་ལུས་ཐོབ་པ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ལུས་ཐོབ་པ་ནི་རྣམ་པ་

བཞི་སྟེ་བཞི་གང་ཞེ་ན། ལུས་ཐོབ་པ་གང་ཞིག་བདག་ཉིད་འཆི་བར་འགྱུར་གྱིས་གཞན་གྱིས་གསོད་པ་མ་ཡིན་པ་ཡང་ཡོད། ལུས་ཐོབ་པ་གང་ཞིག་གཞན་གྱིས་གསོད་ཀྱི་བདག་ཉིད་འཆི་བ་མ་ཡིན་པ་ཡང་ཡོད། ལུས་ཐོབ་པ་གང་ཞིག་རང་ཉིད་འཆི་ཞིང་གཞན་གྱིས་ཀྱང་གསོད་

པ་ཡང་ཡོད། ལུས་ཐོབ་པ་གང་ཞིག་བདག་ཉིད་ཀྱང་མི་འཆི་ལ་གཞན་གྱིས་ཀྱང་མི་གསོད་པ་ཡང་ཡོད། དེའི་དུས་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་འདུས་པ་དེའི་ནང་ན་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་

Vol. 146 · folio 74a

ཏུ་གཟར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་ལ་ལུས་ཐོབ་པ་གང་ཞིག་བདག་ཉིད་འཆི་བར་འགྱུར་གྱི། གཞན་གྱིས་གསོད་པ་མ་ཡིན་པ་ནི་བདག་ཉིད་

ཀྱི་རྐྱེན་གྱིས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་བ་རྣམས་སོ། །ལུས་ཐོབ་པ་གང་ཞིག་གཞན་གྱིས་གསོད་ཀྱི། བདག་ཉིད་འཆི་བ་མ་ཡིན་པ་ནི་གཞན་གྱི་རྐྱེན་གྱིས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་བ་རྣམས་སོ། །ལུས་ཐོབ་པ་གང་ཞིག་བདག་ཉིད་

ཀྱང་འཆི་ཞིང་གཞན་གྱིས་ཀྱང་གསོད་པ་ནི་བདག་ཉིད་དང་གཞན་གྱི་རྐྱེན་གྱིས་གནས་དེ་ནས་འཆི་འཕོ་བར་འགྱུར་བ་རྣམས་སོ། །བཙུན་པ་དེ་ལ་ལུས་ཐོབ་པ་གང་ཞིག་བདག་ཉིད་ཀྱང་མི་འཆི་ལ་གཞན་གྱིས་ཀྱང་མི་གསོད་པའི་སེམས་ཅན་དེ་དག་གང་དུ་བལྟ་བར་བགྱི། ཤཱ་རིའི་བུ་འདུ་ཤེས་

མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སོ། །བཙུན་པ་ཅི་སེམས་ཅན་དེ་དག་ཐམས་ཅད་བདག་ཉིད་གནས་དེ་ནས་འཆི་འཕོ་བར་འགྱུར་རམ་འོན་ཏེ་ཁ་ཅིག །ཤཱ་རིའི་བུ་སེམས་ཅན་དེ་དག་ལས་ཁ་ཅིག་ནི་གནས་དེ་ནས་འཆི་འཕོ་བར་འགྱུར་ལ། དེ་དག་ལས་ཁ་ཅིག་ནི་འདི་ལྟར་

ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་སེམས་ཅན་དེ་དག་ལས་ཁ་ཅིག་ནི་བདག་ཉིད་གནས་དེ་ནས་འཆི་འཕོ་བར་འགྱུར་ལ། དེ་དག་ལས་ཁ་ཅིག་ནི་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། ཤཱ་རིའི་བུ་འདི་ན་ཁ་ཅིག་རྣམ་པ་ཐམས་ཅད་དུ་ཅི་ཡང་

མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་ཤིང་། དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་རོ་མྱང་ཞིང་ངེས་པ་དང་བཅས་པ་དང་ཞེན་པ་དང་ལྷག་པར་ཞེན་ཅིང་གནས་ཏེ། དེ་བླ་མ་

དང་ངེས་པར་འབྱུང་བ་དང་། འདི་ཉིད་བླ་ན་མེད་པ་དང་ངེས་པར་འབྱུང་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ལུས་ཞིག་པའི་འོག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེར་ཇི་སྲིད་དུ་ཚེའི་ཚད་ཡོད་

Vol. 146 · folio 74b

པར་གནས་ཏ། ཇི་སྲིད་དུ་ཚེ་གནས་པའི་འདུ་བྱེད་དེ་དག་ཡོངས་སུ་ཟད་པ་དད་གནས་དེ་ནས་ཡོངས་སུ་འཆི་འཕོ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ནི་ཁ་ཅིག་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་

ཉེ་བར་བསྒྲུབས་ཏེ་གནས་ཤིང་དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་རོ་མི་མྱང་ཞིང་ངེས་པར་མི་བྱེད་ལ་མ་ཞེན་ཅིང་ལྷག་པར་མ་ཞེན་པར་གནས་ལ་བླ་མ་དང་བཅས་པ་དང་། ངེས་པར་འབྱུང་བ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་

ཏེ། ལུས་ཞིག་པའི་འོག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་དེར་ཚེའི་ཚད་ཇི་སྲིད་པར་གནས་ཏེ། ཇི་སྲིད་དུ་ཚེ་གནས་པའི་འདུ་ཤེས་དེ་དག་ཟད་པ་དང་དེ་བཞིན་དུ་དེ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །

ཤཱ་རིའི་བུ་འདིའི་རྒྱུ་དང་འདིའི་རྐྱེན་གྱིས་སེམས་ཅན་དེ་དག་ལས་ཁ་ཅིག་ནི་བདག་ཉིད་གནས་དེ་ནས་འཆི་བར་འགྱུར་ལ། སེམས་ཅན་དེ་དག་ལས་ཁ་ཅིག་ནི་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། རྩེད་མོས་མྱོས་པ་པ་རྣམས་དང་ཡིད་རབ་ཏུ་འཁྲུག་

པ་ལ་རྣམས་ཞེས་བྱ་བ་ལ། དགེ་སློང་དག་འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་པ་པ་ཞེས་བྱ་བ་ཡོད་དེ། དེ་གང་གི་དུས་ན་རྩེད་མོའི་དགའ་བ་དང་ལྡན་ཞིང་གནས་པ་དེ་དག་རྩེད་མོའི་དགའ་བ་མང་པོ་དང་ལྡན་ཞིང་གནས་པས་ལུས་ངལ་བ་དང་དྲན་པ་ཉམས་པར་འགྱུར་ཏེ། དྲན་པ་

ཡང་དག་པར་ཉམས་པས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །དགེ་སློང་དག་འདོད་པའི་ཁམས་ན་ཡིད་རབ་ཏུ་འཁྲུག་པ་པ་ཞེས་བྱ་བའི་ལྷ་ཡོད་དེ། དེ་དག་གང་གི་ཚེ་མིག་གིས་མིག་ཚུགས་སུ་མང་དུ་བལྟ་བར་འགྱུར་ཏེ། དེ་དག་མིག་གིས་མིག་ཚུགས་སུ་

མང་དུ་ལྟ་བ་ན་ཡིད་རབ་ཏུ་འཁྲུག་པར་འགྱུར་རོ། །དེ་དག་ཡིད་རབ་ཏུ་འཁྲུགས་པས་གནས་དེ་ནས་འཆི་འཕོ་བར་འགྱུར་ཞེས་མཛོད་ཀྱི་གནས་གསུམ་པར་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོར་ཚངས་པའི་དྲ་བ་ལས་བཤད་པར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཡང་ཡིན་པར་བརྗོད་

Vol. 146 · folio 75a

པར་བྱ་ཞེས་བྱ་ལ། ཇི་སྐད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་སྲོག་གི་འདུ་བྱེད་བཏང་ངོ་ཞེས་དབང་པོའི་སྐབས་སུ་སྲོག་གི་རྣམ་སྨིན་ཞེས་པ་དེར་བྲིས་པ་བཞིན་ནོ། །སྐུ་ཚེའི་སུམ་ཆ་བཏང་

ནས་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཉིད་ཡིན་ནོ། །སྟོན་པ་ནི་དུག་དང་མཚོན་དང་མཚོན་ཆ་དང་སྔགས་དང་འཁྲུལ་འཁོར་དང་གནོད་པའི་ཐབས་རྣམ་པ་སྣ་ཚོགས་དང་། ལྷ་དང་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་ཀྱང་བགྲང་བར་མི་

ནུས་པ་འདི་ནི་ཆོས་ཉིད་ཡིན་ནོ། །མཐོང་བའི་ལམ་དང་ཞེས་བྱ་བ་ལ་རྣམ་པར་འབྱེད་པ་མདོའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་ཕུང་པོ་ལས་དང་པོ་བསླབ་པའི་སྡོམ་རབ་ཏུ་དགའ་བའི་ཆེད་དུ་བརྗོད་པ་རྣམ་པར་འབྱེད་པ་ལས་ཇི་སྐད་དུ་དགེ་སློང་དག་ཆོས་འདི་ལ་ཤེས་རབ་ཆུང་ངུས་བསྒོམ་པར་

བཟོད་པ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་སོ་སོའི་སྐྱེ་བོའི་ས་ལས་རྣམ་པར་འདས་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བར་མ་དོར་མི་འཆིའོ། །དགེ་སློང་དག་ཆོས་འདི་ལ་ཤེས་རབ་ཆུང་ངུས་བསྒོམ་པར་བཟོད་པ་ནི་ཆོས་ཀྱི་རྗེས་སུ་འབྲང་

བ་ཞེས་བྱ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བར་མ་དོར་མི་འཆིའོ་ཞེས་བྱ་བའི་བར་དུའོ། །མདོ་འདི་ཡང་མཛོད་ཀྱི་གནས་དང་པོར། འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་བྱ་བར་བཅོམ་ལྡན་

འདས་ཀྱིས་མདོ་དྲུག་པ་ལས་ཇི་སྐད་དུ་བཤད་པ་དེར་བྲིས་པ་བཞིན་ནོ་བྱམས་པ་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བཙུན་མོ་དཔེ་མེད་མ་དང་སྔོ་བསངས་མ་མི་མཐུན་པར་སྔོ་བསངས་མ་ལ་རབ་ཏུ་ཁྲོས་སོ། །འཇིག་རྟེན་

ན་མཛའ་བ་དང་མི་མཛའ་བ་དང་བར་མ་དག་ཡོད་པས་ཁ་ཅིག་ཁྱོད་ལ་ལྷ་ཁྲོས་སོ་ཞེས་སྔོ་བསངས་མ་ལ་སྨྲས་སོ། །སྔོ་བསངས་མས་རང་གི་འཁོར་རྣམས་ལ་བོས་ཏེ། སྲིང་མོ་དག་བདག་ཅག་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་དེ་ཐམས་ཅད་བྱམས་པ་ལ་

Vol. 146 · folio 75b

སྙོམས་པར་ཞུགས་པ་དང་། བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་གཞུ་བཀང་ནས་མདའ་འཕངས་སོ། །མདའ་དེ་ལམ་ཕྱེད་དུ་ཕྱིན་པ་དང་། ས་ལ་ལྷུང་བར་གྱུར་ཏོ། །ཡང་གཉིས་པ་བཀང་བ་དང་སྔོ་བསངས་མས་སྨྲས་པ། ལྷ་མ་འཕེན་མཛོད་རྣམ་པ་ཐམས་ཅད་ཀྱི་རྣམ་པ་ཐམས་

ཅད་དུ་ཕོག་པར་མི་འགྱུར་རོ། །རྒྱལ་པོས་སྨྲས་པ། ཅི་ཁྱོད་ལྷ་མོའམ། ཀླུ་མོའམ། གནོད་སྦྱིན་མོའམ། དྲི་ཟ་མོའམ། མིའམ་ཅི་མོའམ། ལྟོ་འཕྱེ་ཆེན་པོ་ཞིག་ཡིན་ནམ། ལྷ་བདག་ལྷ་མོ་ཡང་མ་ཡིན། ཀླུ་མོ་དང་། གནོད་སྦྱིན་མོ་དང་། དྲི་ཟ་མོ་དང་། མི་འམ་ཅི་མོ་

དང་། ལྟོ་འཕྱེ་ཆེན་མོ་མ་ཡིན་གྱི། འོན་ཀྱང་བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཕྱིར་མི་འོང་བ་ཡིན་ནོ་ཞེས་རྒྱས་པར་འདུལ་བ་ལས་འདོན་པ་ལྟ་བུའོ་འགོག་པ་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་ལ། དབྱངས་དང་བཅས་པས་བསྡུས་པའི་སྡོམ་གྱི་ཚིགས་སུ་

བཅད་པ་གཉིས་པ་བདུད་བསྡིགས་པའི་མདོ་ལས། གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་བདུད་ལས་བརྩམས་ཏེ་ཇི་སྐད་དུ། སྡིག་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དགེ་སློང་འཚོ་བྱེད་དང་མཁས་པ་ཞེས་བྱ་བ་མཆོག་ཟུང་གཅིག་ཟུང་མཆོག་དང་ཟུང་

བཟང་པོ་བྱུང་བར་གྱུར་ཏོ། །གཅིག་ནི་རྫུ་འཕྲུལ་ཅན་གྱི་མཆོག །གཉིས་པ་ནི་ཤེས་རབ་ཅན་གྱི་མཆོག་གོ། །སྡིག་ཅན་རྒྱུ་གང་དང་རྐྱེན་གང་གིས་ཚེ་དང་ལྡན་པ་འཚོ་བྱེད་ལ་འཚོ་བྱེད་འཚོ་བྱེད་ཅེས་མིང་གང་གི་ཕྱིར་བྱས་ཤེ་ན། སྡིག་ཅན་ཚེ་དང་ལྡན་པ་འཚོ་བྱེད་གྲོང་ངམ་གྲོང་ཁྱེར་

གང་དུ་བརྟེན་ཅིང་ཉེ་བར་གནས་ཏེ། སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་གྲོང་དང་གྲོང་ཁྱེར་གང་དུ་བསོད་སྙོམས་ཀྱི་ཕྱིར་ལུས་ཤིན་ཏུ་བསྡམས་པ་དང་། དབང་པོ་ཤིན་ཏུ་བསྡམས་པ་དང་། དྲན་པ་ཉེ་བར་ཡང་དག་པར་གཞག་བཞིན་དུ་ཞུགས་ཏེ། དེ་གྲོང་ངམ་གྲོང་

ཁྱེར་གང་དུ་བསོད་སྙོམས་སྤྱད་ནས། ཟས་ཀྱི་བྱ་བ་བྱས་ཏེ། ཟས་ཟོས་པའི་འོག་ཏུ་ལྷུང་བཟེད་གྱུ་ནས། དགོན་པའི་གནས་སུ་མྱུར་བ་མྱུར་བར་འགོག་པ་ལ་སྙོམས་པར་འཇུག་གོ། །དེ་བ་ལང་རྫི་དང་། ཕྱུགས་རྫི་དང་། རྩྭ་ཐུ་བ་དང་། ཤིང་ཐུ་བ་དང་། ལམ་གྱིས་འཚོ་བ་དང་། ལམ་

Vol. 146 · folio 76a

ན་གནས་པའི་མི་དག་གིས་མཐོང་ནས་དེ་དག་འདི་སྙམ་དུ་འཕགས་པ་འདི་ནི་འདུག་བཞིན་དུ་དུས་ལས་འདས་སོ། །གང་བདག་ཅག་གིས་རྩྭ་སྐམ་པོ་དང་། ཤིང་སྐམ་པོ་དང་། བ་ལང་གི་ལྕི་བ་སྐམ་པོ་བསྡུས་ཏེ་སྦར་བར་བྱ་བ་སྦར་ནས་བསྲེག་པར་བྱའོ་སྙམ་ནས། དེ་དག་རྩ་

སྐམ་པོ་དང་ཤིང་སྐམ་པོ་དང་བ་ལང་གི་ལྕི་བ་སྐམ་པོ་བསྡུས་ཏེ་སྦར་བར་བྱ་བ་སྦར་ནས་མེ་འབར་བ་དང་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་འཚོ་བྱེད་ཉིན་ཞག་དེ་ལ་སྙོམས་པར་འཇུག་པ་ལས་ལངས་ཏེ། ཆོས་གོས་སྤྲུགས་ཏེ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། གྲོང་ངམ་གྲོང་ཁྱེར་དུ་བསོད་

སྙོམས་ཀྱི་ཕྱིར་ལུས་ཤིན་ཏུ་བསྡམས་པ་དང་། དབང་པོ་ཤིན་ཏུ་བསྡམས་པ་དང་། དྲན་པ་ཡང་དག་པར་ཉེ་བར་བཞག་ནས་ཞུགས་པ་དང་། བ་ལང་རྫི་དང་། ཕྱུགས་རྫི་དང་། རྩྭ་ཐུ་བ་དང་། ཤིང་ཐུ་བ་དང་། ལམ་གྱིས་འཚོ་བ་དང་། ལམ་ན་གནས་པའི་མི་དེ་དག་གིས་

མཐོང་ནས་འདི་སྙམ་དུ་བདག་ཅག་གིས་འཕགས་པ་འདི་འདུག་བཞིན་དུ་དུས་ལས་འདས་པར་མཐོང་ནས་རྩྭ་སྐམ་པོ་དང་། ཤིང་སྐམ་པོ་དང་། བ་ལང་གི་ལྕི་བ་སྐམ་པོ་བསྡུས་ཏེ། སྦར་བར་བྱ་བ་སྦར་ནས་མེ་སྦར་ཏེ་འོངས་ནས། ཚེ་དང་ལྡན་པ་འཕགས་པ་འདི་ད་རུང་ཡང་འཚོའམ་སྙམ་མོ། །སྡིག་

ཅན་རྒྱུ་འདི་དང་རྐྱེན་འདིས་ཚེ་དང་ལྡན་པ་འཚོ་བྱེད་ལ་འཚོ་བྱེད་ཅེས་མིང་དུ་བྱས་སོ་ཞེས་འབྱུང་ངོ་། །ཚེ་དང་ལྡན་པ་ཉེ་བ་འཁོར་མུ་ལ་ཕལ་སུ་ནའི་མཆོད་རྟེན་གྱི་རྡོའི་གོས་ཀྱི་རྙེད་པ་ལས་དགེ་སློང་མ་ཁབ་དང་མཚོན་ཐོགས་ཏེ་གནོད་པའི་སེམས་སྐྱེས་པ་དང་། ཆོས་གོས་བྱིན་གྱིས་མ་བརླབས་

པ་ཉིད་དུ་འགོག་པ་ལ་སྙོམས་པར་ཞུགས་སོ། །དེས་ཆོས་གོས་ལ་ཁབ་དང་མཚོན་ཆ་བརྒྱབ་ནས་ཤིའོ་སྙམ་དུ་བྱས་ཏེ་སོང་ངོ་། །དེ་ཡང་ཏིང་ངེ་འཛིན་ལས་ལངས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་གཏམ་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་གོ་བར་བྱས་སོ་ཞེས་ཕྲན་ཚེགས་ཀྱི་སྒོ་བརྒྱད་

པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་ལས་དེ་ལྟར་འདོན་ཏོ། །མཁས་པ་རྣམས་ཀྱིས་མཐོང་བའི་ལམ་ལ་སྙོམས་པར་ཞུགས་པ་ལ་སོགས་པ་སེམས་རྩེ་གཅིག་པ་དང་སེམས་མེད་པ་ལ། རྩེ་གཅིག་སེམས་མེད་པ་ལ་དེ་མེད་ཅེས་མཛོད་ཀྱི་གནས་གསུམ་པར་འཆི་འཕོ་ཞིང་སྐྱེ་

Vol. 146 · folio 76b

བ་བཀག་སྟེ། དེ་ལྟ་བུའི་སྤྲོས་པ་འཆད་པར་འགྱུར་བར་རིག་པར་བྱའོ། །རྒྱལ་པོའི་དྲང་སྲོང་ཞེས་བྱ་བ་ལ། གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་སྟེ་རབ་ཏུ་བྱུང་བའོ། །འདི་ལྟ་སྟེ་རྒྱལ་པོ་དང་ཡང་དག་པར་ལྡན་པ་ལས་འདོན་ཏེ།

ལྷ་ཆེན་པོ་བཅུ་གཉིས་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། མི་རྣམས་ཀྱི་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ཐུབ་པ་ན་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་མཐའ་བཞི་ལས་རྣམ་པར་རྒྱལ་བ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བྱུང་སྟེ།

དེའི་རིན་པོ་ཆེ་འདི་ལྟ་བུའི་གཟུགས་ཅན་གྱི་རིན་པོ་ཆེ་སྣ་བདུན་བྱུང་སྟེ། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་བདུན་ནོ། །དེ་ལ་བུ་དཔའ་བ་

རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་དུ་ཚང་བ་ཡང་བྱུང་བར་གྱུར་ཞིང་། ས་ཆེན་པོ་འདི་རྒྱ་མཚོ་ལ་ཐུག་པ་མ་ལུས་པར་གནོད་པ་མེད་ཅིང་འཚེ་བ་མེད་པ་དང་དབྱུག་པ་མེད་ཅིང་མཚོན་ཆ་མེད་པས་ཆོས་ཀྱིས་རྣམ་པར་རྒྱལ་ཏེ་གནས་སོ། །

དེ་ནས་རྒྱལ་པོ་ལྷ་ཆེན་པོ་དུས་གཞན་ཞིག་ན་འདྲེག་མཁན་གྱི་སྐྱེས་བུ་སྐྲ་དང་ཁ་སྤུ་བྲེགས་པ་ན། འདྲེག་མཁན་གྱི་སྐྱེས་བུ་ལ་བོས་ཏེ། སྐྱེས་བུ་ཁྱོད་ཀྱིས་གང་གི་ཚེ་ངའི་མགོ་བོ་ལས་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བ་མཐོང་བ་དེའི་ཚེ་ཁྱོད་ང་ལ་སྨྲོས་ཤིག །འདྲེག་མཁན་གྱི་སྐྱེས་

བུས་རྒྱལ་པོ་ལྷ་ཆེན་པོས་སྨྲས་པ་ཐོས་ནས་ལྷ་དེ་བཞིན་ནོ་ཞེས་གསོལ་ཏོ། །དུས་གཞན་ཞིག་གི་ཚེ་འདྲེག་མཁན་གྱི་སྐྱེས་བུས་རྒྱལ་པོ་ལྷ་ཆེན་པོ་སྐྲ་དང་ཁ་སྤུ་འདྲེག་པ་ན། རྒྱལ་པོ་ལྷ་ཆེན་པོ་ལ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བར་གྱུར་པ་མཐོང་ངོ་། །མཐོང་ནས་རྒྱལ་པོ་ལྷ་

ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷའི་དབུ་ལས་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བར་གྱུར་པ་མཁྱེན་པར་མཛོད་ཅིག །དེས་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་ཀྱིས་སྐྲ་དཀར་དེ་གསེར་གྱི་ཚེར་ཟུངས་ཀྱིས་དལ་བུས་དལ་བུས་ཕྱུང་ལ་ངའི་ལག་པར་བྱིན་ཅིག །ལྷ་དེ་བཞིན་ནོ་ཞེས་འདྲེག་

Vol. 146 · folio 77a

མཁན་གྱི་སྐྱེས་བུས་རྒྱལ་པོ་ལྷ་ཆེན་པོའི་མགོ་ལས་སྐྱེས་པའི་སྐྲ་དཀར་གསེར་གྱི་ཚེར་ཟུངས་ཀྱིས་དལ་བུས་དལ་བུས་བཏོན་ཏེ་རྒྱལ་པོ་ལྷ་ཆེན་པོའི་ཕྱག་ཏུ་ཕུལ་ལོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་ཕྱག་གཉིས་ཀྱིས་སྐྲ་དཀར་དེ་བསྣམས་ནས། བརྐྱང་ཞིང་

རབ་ཏུ་བརྐྱང་ནས། ཆེད་དུ་བརྗོད་པ། བདག་གི་ཡན་ལག་མཆོག་སྤྱི་བོར། །ན་ཚོད་འཕྲོག་པ་དང་པོར་སྐྱེས། །ལྷ་ཡི་ཕོ་ཉ་བྱུང་གྱུར་པས། །རབ་ཏུ་བྱུང་བའི་དུས་ལ་བབ། །བདག་གིས་མི་རྣམས་ཀྱི་བདེ་བ་ནི་ལོངས་སྤྱོད་ཀྱིས་ལྷའི་བདེ་བ་བཙལ་བའི་དུས་ལ་བབ་པོ། །

གང་བདག་གིས་རྒྱལ་བུ་གཞོན་ནུ་བུ་ཐུ་བོ་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ནས་རྒྱལ་པོ་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་རྒྱལ་བུ་གཞོན་ནུ་ཐུ་བོ་ལ་ཕོ་ཉ་བཏང་སྟེ་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ངའི་མགོ་བོ་ལས་

ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བ་ཤེས་པར་གྱིས་ཤིག །རབ་ཏུ་བྱུང་བའི་དུས་ལ་བབ་པོ། །བདག་གིས་མི་རྣམས་ཀྱི་འདོད་པ་ནི་ཡོངས་སུ་སྤྱད་ཀྱི་ད་ནི་ལྷའི་བདེ་བ་བཙལ་བའི་དུས་ལ་བབ་པས། བུ་གཞོན་ནུ་ཁྱོད་ལ་ས་ཆེན་པོ་རྒྱལ་མཚོ་ལ་ཐུག་པ་འདི་ཁྱོད་ལ་བྱིན་གྱི།

དེ་དག་ལ་ཁྱོད་ཀྱིས་ཆོས་དང་ལྡན་པས་ཡང་དག་པར་རྗེས་སུ་བསྟན་པར་བྱ་སྟེ། ཆོས་མ་ཡིན་པས་ནི་མ་ཡིན་ནོ། །གང་ཁ་ཅིག་ཆོས་མ་ཡིན་པས་སྤྱོད་ཅིང་མི་མཐུན་པར་སྤྱོད་ན་ཡུལ་ལས་སྐྲོད་ཅིག །བུ་གཞོན་ནུ་ཁྱོད་ལ་ཡང་གང་གི་ཚེ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བར་གྱུར་པ་དེའི་

ཚེ་ཁྱོད་ཀྱང་རྒྱལ་བུ་གཞོན་ནུ་ཐུབ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་ཆུག་ལ། རྒྱལ་པོ་དྲང་སྲོང་གི་ཚངས་པར་སྤྱད་པ་སྤྱོད་ཅིག །ཇི་ལྟར་ཡང་བུ་གཞོན་ནུ་ཁྱོད་འདི་ལྟ་བུར་ངེས་པར་དགེ་བའི་ལམ་ལ་འཇུག་པ་དང་། རྗེས་སུ་འཇུག་པར་བྱའོ། །སྐྱེས་བུ་ཐ་ཆད་དང་། སྐྱེས་བུ་ཐ་མར་

མ་གྱུར་ཅིག །བུ་གཞོན་ནུ་གང་ཁ་ཅིག་འདི་ལྟ་བུའི་ངོ་བོའི་སྐྱེས་བུ་བཟང་པོའི་ཟུང་ལ་འཇུག་པ་དང་། འདི་ལྟ་བུའི་ངོ་བོའི་ངེས་པ་དང་དགེ་བའི་ལམ་ལ་མི་འཇུག་ཅིང་རྗེས་སུ་མི་འཇུག་པར་འགྱུར་བ་དེ་སྐྱེས་བུ་ཐ་ཆད་དུ་འགྱུར་ཞིང་སྐྱེས་བུ་ཐ་མར་འགྱུར་རོ། །ས་ན་བུ་གཞོན་ནུ་ཁྱོད་ལ་ང་འདི་

Vol. 146 · folio 77b

སྐད་དུ་ཇི་ལྟར་ཁྱོད་འདི་ལྟ་བུའི་ངོ་བོ་སྐྱེས་བུ་བཟང་པོའི་ཟུང་ལ་འཇུག་ཅིང་། འདི་ལྟ་བུའི་ངོ་བོའི་ངེས་པ་དང་། དགེ་བའི་ལམ་ལ་འཇུག་པ་དང་རྗེས་སུ་འཇུག་པར་བྱའོ། །ཁྱོད་སྐྱེས་བུ་ཐ་ཆད་དང་སྐྱེས་བུ་ཐ་མར་མ་གྱུར་ཅིག་ཅེས་ང་སྨྲའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་སྲས་གཞོན་ནུ་

ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ནས་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །ཀུན་དགའ་བོ་རྒྱལ་པོ་ལྷ་ཆེན་པོ་རྒྱལ་བུ་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་སྟེ། དེ་ཡང་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་མཐའ་

བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་གྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་གནས་སོ་ཞེས་བྱ་བའི་བར་དུའོ། །ཀུན་དགའ་བོ་དེའི་ཡང་བུ་དང་བུའི་བུ་དང་། ཚ་བོའི་ཚ་བོར་རྒྱལ་པོ་ལྷ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་མེ་ཏེ་ལེའི་

གཞི་འདི་ཉིད་དུ་རྒྱལ་པོ་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱོད་དོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་ཀས་འཆི་བ་མ་ཡིན་པ་དེ་བཞིན་དུ་འཁོར་ལོས་སྒྱུར་བ་བཏང་ནས་རབ་ཏུ་བྱུང་བ་ཡང་རིག་པར་བྱའོ། །རྒྱལ་བའི་ཕོ་ཉ་ཞེས་བྱ་བ་ལ་རྒྱལ་བ་ནི་བཅོམ་ལྡན་འདས་ཏེ་

དེའི་དྲུང་དུ་འཕྲིན་སྐྱེལ་བའོ། །དེ་ནི་འཕྲིན་སྐྱེལ་བའི་དོན་མ་བྱས་པར་ཚེ་ཐུང་ངུར་འགྱུར་བའམ། གཉིས་ཀའི་རྐྱེན་གྱིས་མི་འཆི་སྟེ། ཨ་མྲ་སྐྱོང་མའི་ནེ་ཙོ་བཞིན་ནོ། །བཅོམ་ལྡན་འདས་སྐྱེ་བ་འཕེལ་བའི་ལྗོངས་ན་རྒྱུ་ཞིང་ཆུ་བོ་ཅན་དུ་ཕྱིན་ཏེ། ཆུ་བོ་ཅན་ན་བཞུགས་སོ་

ཞེས་ཨ་མྲ་སྐྱོང་མས་ཐོས་ནས། དེ་ལ་ནེ་ཙོ་བཞིན་རྒྱས་ཞེས་བྱ་བ་མིའི་སྐད་སྨྲ་བ་དང་གོ་བ་ཞིག་ཡོད་ནས། ནེ་ཙོ་བཞིན་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་རྒྱས་ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ངའི་ཚིག་གིས་བཅོམ་ལྡན་འདས་

ཀྱི་ཞབས་ལ་སྤྱི་བོས་ཕྱག་གྱིས་ལ། གནོད་པ་ཉུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོ་བ་དང་སྟོབས་དང་ལྡན་ནམ། ཟོ་མདོག་བདེ་འམ། བདེ་བ་ལ་ལེགས་པར་གནས་སམ་ཞེས་སྨྲའོ། །བཙུན་པ་ཨ་མྲ་སྐྱོང་མ་བཙུན་པ་ལ་འདི་སྐད་དུ་གང་གི་

Vol. 146 · folio 78a

ཚེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐོག་མར་ཨ་མྲའི་ཚལ་དུ་ཐུགས་བརྩེ་བར་དགོངས་ནས་གཤེགས་སུ་གསོལ་ཞེས་སྨྲོས་ཤིག །དེ་ནས་ནེ་ཙོ་བཞིན་རྒྱས་ཨ་མྲ་སྐྱོང་མས་སྨྲས་པ་ཐོས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཆས་སོ། །

དེ་ལི་ཙྪ་བཱི་གཞོན་ནུ་རྣམས་ཀྱིས་མཐོང་ནས། ཇི་ལྟར་བདག་ཅག་གི་སྨད་འཚོང་མའི་ནེ་ཙོ་འགྲོ་ཡིན་འདུག་གི་ཞེས་མདའ་འཕངས་པར་བརྩམས་པ་དང་། དེ་དག་གི་སྤྱི་བོར་མདའ་དེ་དག་ལྷུང་བར་བརྩམས་པ་དང་། དེ་ནས་ནེ་ཙོས་ཚིགས་སུ་བཅད་པ་སྨྲས་པ། གཞན་གྱི་ཡུལ་མིས་

གནོད་པ་ལ། །ཕོ་ཉ་བཅིངས་པ་མིན་ཞེས་ཐོས། །བདག་ནི་རྒྱལ་བའི་ཕོ་ཉ་སྟེ། །ལུས་ཅན་ཀུན་གྱི་གནོད་མ་ཡིན། །དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་ཚིག་ལ་བདག་ཅག་གི། །མདའ་ཡང་ཆད་ཅིང་ལྟུང་བར་འགྱུར། །དྲང་སྲོང་ཆེན་པོས་རབ་བསྲུངས་པས། །ཁྱོད་

ནི་འཇིགས་པ་མེད་པར་སོང་། །དེ་ནས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨ་མྲ་སྐྱོང་མ་བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་

སྤྱི་བོས་ཕྱག་བྱེད་ཅིང་གནོད་པ་ཉུང་ངམ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བདེ་བ་ལ་རེག་པར་གནས་སམ་ཞེས་བྱ་བའི་བར་དུ་འདྲིའོ། །བཞིན་རྒྱས་ཁྱོད་དང་ཨ་མྲ་སྐྱོང་མ་བདེ་བར་གྱུར་ཅིག །ཨ་མྲ་སྐྱོང་མ་བཙུན་པ་ལ་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་

པའི་ཚེ་ཐོག་མར་ཨ་མྲའི་ཚལ་དུ་ཐུགས་བརྩེ་བར་དགོངས་ནས་གཤེགས་སུ་གསོལ། བཅོམ་ལྡན་འདས་ནེ་ཙོ་བཞིན་རྒྱས་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་

འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་དོང་ཞིང་རིང་པོ་མ་ལོན་པར་ཁྲ་ཅིག་གིས་སྲོག་དང་བྲལ་བར་གྱུར་ཏོ། །དེ་འཆི་བའི་དུས་བྱས་པའི་འོག་ཏུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་

Vol. 146 · folio 78b

སྐྱེས་སོ། །འདི་ནི་ཆོས་ཉིད་དེ་ལྷའི་བུ་སྐྱེས་ནས་རིང་པོ་མ་ལོན་པར་ལྷ་དེ་ལ་སེམས་རྣམ་པ་གསུམ་མངོན་དུ་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་ཞེས་སྐྱེ་བར་འགྱུར་རོ། །དེས་བལྟས་ན་དུད་འགྲོ་ལས་འཆི་འཕོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་

ལྷའི་ནང་དུ་སྐྱེས་ཤིང་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པའི་རྒྱུ་ལས་སོ་སྙམ་མོ། །དེ་ནས་ནེ་ཙོའི་སྔོན་གྱི་སྐྱེ་བའི་ལྷའི་བུ་འདི་སྙམ་དུ་བདག་ཞག་ལོན་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཞལ་བལྟ་བའི་ཕྱིར་འགྲོ་བ་ནི་ཚུལ་དང་མཐུན་པ་མ་ཡིན་ནོ། །བདག་ཞག་མ་ལོན་པ་ཉིད་དུ་

བཅོམ་ལྡན་འདས་ཀྱི་ཞལ་བལྟ་བར་བྱ་བའི་ཕྱིར་ཉེ་བར་འགྲོ་བར་བྱའོ་སྙམ་ནས། སྔོན་ནེ་ཙོར་སྐྱེས་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དྲི་མ་མེད་པ་གཡོ་ཞིང་མུ་ཏིག་གི་དྲ་བ་ཕྱེད་པས་བརྒྱན་ཅིང་ཉིན་ཞག་དེ་ཉིད་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། པུཎྜ་རཱི་ཀ་དང་། མནྡ་ར་བ་དག་

ཐོགས་ཏེ་འོང་ཞིང་ཉེ་བར་འོངས་ནས་མཚན་མོ་བཅོམ་ལྡན་འདས་གང་ན་བ་དེར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཆོས་ཉན་པའི་ཕྱིར་འདུག་གོ། །ད་དུང་དུ་ཡང་སྔོན་ནེ་ཙོར་སྐྱེས་པའི་འོད་ཀྱིས་གནས་རྒྱས་

པར་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ནེ་ཙོར་སྐྱེས་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་པར་མཛད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པར་མཛད་པ་སྔོན་ནེ་ཙོར་སྐྱེས་

པའི་ལྷའི་བུས་ཐོས་ནས་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་རིའི་རྩེ་མོ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། བཙུན་པ་བདག་ཅག་ལ་འདི་ལྟ་བུ་ཕས་མ་བྱས་མས་མ་བྱས།

མཛའ་བཤེས་དང་། གཉེན་འདུན་དང་། རྒྱལ་པོ་དང་། ལྷ་རྣམས་ཀྱིས་ཀྱང་མ་བྱས། སྔོན་གྱི་མཛའ་བོ་དང་། དགེ་སློང་དང་བྲམ་ཟེས་ཀྱང་མ་བྱས་པ་བཅོམ་ལྡན་འདས་ཀྱིས་མཛད་དེ། དམྱལ་བ་དང་། ཡི་དགས་དང་དུད་འགྲོ་ལས་བཏོན་ཏེ། ལྷ་དང་མིའི་གོ་འཕང་ལ་གཞག་

Vol. 146 · folio 79a

གོ། །འཁོར་བ་མཐར་བྱས་སོ། །ཁྲག་དང་མཆི་མའི་རྒྱ་མཚོ་སྐམས་སོ། །རུས་པའི་རི་བོ་ལས་བསྒྲལ་ལོ། །ངན་སོང་གི་སྒོ་བཀག་གོ། །མཐོ་རིས་ཀྱི་སྒོ་ཕྱེ་ཞིང་སྣང་བར་མཛད་དོ། །འཇིག་ཚོགས་ལ་ལྟ་བའི་བྲག་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་

པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཙུན་པ་བདག་ནི་མངོན་པར་འཕགས་སོ། །བཙུན་པ་བདག་ནི་མངོན་པར་འཕགས་སོ། །བདག་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་ཞིང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་དགེ་བསྙེན་གྱི་སྡོམ་པ་འཛིན་ཅིང་སྲོག་གི་

ཕྱིར་མངོན་པར་དད་པས་སྐྱབས་སུ་འགྲོའོ། །དེ་ནས་སྔོན་ནེ་ཙོར་སྐྱེས་པའི་ལྷའི་བུ་འཐོབ་པར་བྱ་བ་ཐོབ་ཅིང་བསྒྲུབ་པར་བྱ་བ་བསྒྲུབས་ཏེ། ཞིང་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ལས་ཐར་པ་ལྟ་བུས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་

ཞིང་རྗེས་སུ་ཡི་རང་ནས་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་རང་གི་གནས་སུ་སོང་ངོ་། རྒྱལ་བས་བསྟན་པ་དང་ཞེས་བྱ་བ་ལ། རྒྱལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། ངེས་པར་བྱིན་གྱིས་བརླབས་པ་ནི་རྒྱལ་བས་བསྟན་པའོ། །

བཀའ་ལུང་ནི་རྣམ་པ་གཉིས་ཏེ། རིགས་པས་ངེས་པ་དང་ལུང་བསྟན་པའོ། །དེ་ལ་རིགས་པས་ངེས་པར་བཀའ་ལུང་སྩལ་བའོ། །ལུང་བསྟན་པ་ནི་འདི་དང་འདི་ལྟ་བུར་འབྱུང་བར་འགྱུར་ཞེས་བྱ་བ་སྟེ། རེ་ཞིག་རིགས་པས་ངེས་པ་ནི་ཁྱིམ་བདག་གཟི་བརྗིད་ཀྱི་བུ་རབ་ཏུ་འབར་

བའི་ནང་ན་གནས་པ་བཅོམ་ལྡན་འདས་ཀྱིས་འཚོ་བྱེད་ལ་བཀའ་ལུང་སྩལ་ཏེ། དེ་བཞིན་དུ་བྱས་པ་དང་དེ་ལ་གནོད་པ་ཅུང་ཟད་ཀྱང་མ་གྱུར་པ་ཇི་སྐད་དུ་རོ་བསྲེགས་པའི་ནང་མེ་འབར་བའི་ནང་ན་གནས་པའི་གཞོན་ནུ་རྒྱལ་བས་བཀའ་སྩལ་ཏེ་བླངས་པ་དང་། རྒྱལ་བའི་མཐུས་ནུས་པ་བཅོམ་

ནས་སྐད་ཅིག་གིས་མེ་དེ་ཁ་བའི་འདམ་བུར་སོང་བར་གྱུར་ཏོ་ཞེས་འབྱུང་བ་བཞིན་ནོ། །ལུང་བསྟན་པ་ནི་རྒྱལ་བས་བསྟན་པ་སྟེ། ཁྱིམ་བདག་གཟི་བརྗིད་ཀྱི་བུ་འདི་ལྷ་དང་མིའི་དཔལ་ཉམས་སུ་མྱོང་ནས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་

Vol. 146 · folio 79b

དུའོ། །དེ་མའི་ལྟོ་བ་ན་གནས་པ་ནའང་འཆི་བའི་རྐྱེན་དུ་མ་ལས་འདས་ཤིང་མ་ཤི་ལ་རོ་བསྲེགས་པའི་ནང་དུ་བཅུག་ཀྱང་མ་ཚིག་ཅིང་དེ་བཞིན་གཤེགས་པ་ཇི་ལྟར་གསུང་བ་དབང་པོར་མཐོང་ནས་ཞེས་བྱ་བ་ལ་སོགས་པ་ཁྱིམ་བདག་གཟི་བརྗིད་ཀྱི་བུའི་རྟོགས་པ་བརྗོད་པ་འདུལ་བ་ཕྲན་

ཚེགས་ལས་རྒྱས་པར་བལྟ་བར་བྱའོ། །ཡང་ན་རྒྱལ་བས་བསྟན་པ་ཞེས་བྱ་བ་ལ། རྒྱལ་བས་བསྟན་པ་ཞེས་བྱ་བ་ནི་རབ་ཏུ་ཕྱུག་པོའི་མིང་ཡིན་པར་གཟུང་བར་བྱ་སྟེ། ཇི་ལྟར་བརྗོད་པར་བྱ་ཞེ་ན། མཉན་ཡོད་ན་དེད་དཔོན་གཞན་ཞིག་ཡོད་དོ། །དེ་རིགས་མཉམ་པ་ལས་

ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། སེམས་ཅན་སྲིད་པ་ཐ་མ་པ་གཞན་ཞིག་དེའི་ཆུང་མའི་མངལ་དུ་ཞུགས་སོ། །དེད་དཔོན་དེ་ཡང་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་ངོ་། །དེ་ཡུལ་གཞན་དུ་

སོང་བ་དང་དེའི་ཆུང་མ་ལ་ཁྱེའུ་ཞིག་བཙས་སོ། །དེ་འཇིག་རྟེན་གྱི་གནོད་པ་སྤང་བའི་ཕྱིར་ཇི་ལྟར་འགའ་ཞིག་གིས་ཀྱང་ཤེས་པར་མི་འགྱུར་བ་དེ་ལྟ་བུའི་ལས་དང་སྦྱོར་བས་ཁྱོད་ཀྱིས་འདི་གསད་པར་བྱའོ་ཞེས་ཁོལ་མོའི་ལག་ཏུ་གཏད་དོ། །དེ་བཞིན་དུ་དེས་ཁྱིའི་ཚང་གི་ནང་དུ་བསྐྱུར་རོ། །

དེ་ཁྱི་རྣམས་ཀྱིས་ཉིན་མཚན་རྟག་ཏུ་སྲུང་བར་བྱེད་དོ། །ཇི་ཙམ་ན་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བྱས་ཏེ་མཉན་ཡོད་དུ་གཤེགས་སོ། །རྒྱལ་པོ་སྡེ་རབ་ཏུ་འཕམ་བྱེད་ཀྱང་

མཉན་ཡོད་དུ་འོངས་ཏེ་བཅོམ་ལྡན་འདས་མཐོང་བ་དང་། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འབྲངས་སོ། །དེ་བཞིན་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་དགེ་བསྙེན་ལྔ་བརྒྱ་དང་ལྷན་ཅིག་འཁོར་སྐྱེ་བོ་སྟོང་ཕྲག་དུ་མ་དང་ས་ཕྱོགས་དེར་འོངས་སོ། །ཁྱི་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་བ་དང་

སོ་སོར་བྱེར་ནས་སོང་སྟེ་ཇི་ཙམ་ན་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་བརྐྱང་སྟེ། གཞོན་ནུ་དེ་ལ་གཟིགས་ཏེ་བཀའ་སྩལ་པ། གཞོན་ནུ་འདི་མཉན་ཡོད་ན་ཕྱུག་པོ་རྣམས་ཀྱི་མཆོག་བྱེད་པར་འགྱུར་རོ། །ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་

Vol. 146 · folio 80a

མངོན་སུམ་དུ་བྱེད་པར་འགྱུར་རོ། །ཇི་ཙམ་ན་ཁྱིམ་བདག་ཕྱུག་པོའི་མཆོག་ཅེས་བྱ་བ་ཞིག་གིས་རྒྱལ་པོ་ལ་ཞུས་པ། བདག་གིས་འདི་གཟུང་བར་བྱའོ་ཞེས་རྒྱལ་བས་བསྟན་པ་ཞེས་བྱ་བའི་མིང་བཏགས་པར་གྱུར་ཞེས་བྱ་བ་ནས། རྒྱས་པར་གླེངས་ཏེ་ཆུང་མ་

ལ་རེག་པར་བྱས་པའི་བར་དུ་སྟེ། དེ་ལ་བུ་གསུམ་དང་བུ་མོ་སྨད་མ་ཞེས་བྱ་བ་ཡོད་དེ། ཆུང་མས་སྨྲས་པ། རྗེའི་སྲས་བུ་འདི་ཅི་བདག་ཅག་གི་ཁྱིམ་གྱི་ལས་བྱེད་པར་འགྱུར་རམ། ཕྱུག་པོས་སྨྲས་པ། འདི་ད་ཇི་ལྟར་བྱ། ཆུང་མས་སྨྲས་པ། གསད་པར་བྱའོ་ཞེས་

རྒྱས་པར་དུག་གི་སྦྱོར་བ་བརྩམས་ཀྱང་གསད་པར་མ་ནུས་ཤིང་མེར་བཅུག་ཀྱང་མ་ཚིག་གོ། །མཚོན་གྱིས་གཏུབས་ཀྱང་ཆོད་པར་མ་གྱུར་ཏོ། །དེ་ནས་དེ་དང་ཐག་མི་རིང་བ་ཞིག་ན་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གླང་པོ་ཆེའི་བྲེས་ཡོད་དེ་དེའི་ནང་དུ་བསྐྱུར་རོ། །དེར་ཡང་གླང་པོ་

ཆེ་རྣམས་ཀྱིས་ཉིན་མཚན་རྟག་ཏུ་བསྲུང་ཞིང་འདུག་གོ། །དེ་བཞིན་དུ་ཕྱུག་པོས་སླར་བླངས་པའི་བར་དུའོ། །དེ་བཞིན་དུ་རྒྱས་པར་ཁྱིའི་ཚང་དུ་བསྐྱུར་བ་དང་། དེ་དག་ཀྱང་དེ་བཞིན་དུ་སྲུང་བ་དང་ཕྱུག་པོས་སླར་བླངས་པའི་བར་དུ་དང་། ཆུང་མས་སྨྲས་པ། ལམ་པོ་ཆེའི་བཞི་མདོར་

གཞག་པར་བྱའོ་ཞེས་ལམ་པོ་ཆེའི་བཞི་མདོར་བཞག་པའི་བར་དུའོ། །དེ་ནས་ལྗོངས་གཞན་ཞིག་ན་འབྲས་ཀྱིས་ཕྱུག་པོ་ཞེས་པ་ཟོང་གིས་འཚོ་བ་རྟོག་ཅིང་གནས་པ། དེའི་མིང་འབྲས་ཕྱུག་པོ་ཞེས་བྱ་བར་བཏགས་སོ། །དེས་འབྲས་ཤིང་རྟ་ལྔ་བརྒྱ་བཀང་ནས་མཉན་ཡོད་དུ་འོངས་སོ། །དེས་

ཁྱེའུ་དེ་མཐོང་ནས་ཤིང་རྟ་འགྲོར་མ་བཏུབ་པ་དང་། དེ་འབྲས་ཕྱུག་པོས་ཁྱེའུ་བླངས་པའི་བར་དུའོ། །ཁྱིམ་བདག་ཕྱུག་པོའི་མཆོག་དེ་ཡང་ཉོ་བའི་ཕྱིར་དེའི་གན་དུ་འོངས་པ་དང་། ཕྱུག་པོའི་མཆོག་གིས་ཁྱེའུ་མཐོང་བའི་བར་དུ་ནས་སྨྲས་པ། ཁྱེའུ་འདི་གང་ནས་འོངས། དེས་སྨྲས་པ།

ལམ་པོ་ཆེའི་བཞི་མདོ་ནས་རྙེད་དོ། །ཕྱུག་པོའི་མཆོག་གིས་སྨྲས་པ། ཁྱེའུ་འདི་རྒྱལ་པོ་དང་བློན་པོ་དང་ཡུལ་མིའི་མདུན་བདག་ཅག་གིས་རིགས་བཞིན་དུ་བླངས་ཤིང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཉན་ཡོད་ཀྱི་ཕྱུག་པོའི་མཆོག་ཏུ་འགྱུར་རོ་ཞེས་རྒྱལ་བས་བསྟན་པ་ཡིན་གྱི། ཁྱེའུ་

Vol. 146 · folio 80b

འདི་བདག་ལ་བྱིན་ཅིག་ཅེས་སྨྲས་སོ། །དེ་དག་གིས་ཀྱང་བྱིན་ཏོ། །གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་ཡི་གེ་བཟུང་སྟེ་འོང་བ་འདི་ཁྱོད་ཀྱིས་ཟུང་ལ་རྫ་མཁན་གྱིས་སྲེག་པའི་ནང་དུ་བསྲེག་པར་བྱའོ་ཞེས་རྫ་མཁན་གྱི་དྲུང་དུ་བཏང་ངོ་། །དེ་ཇི་སྲིད་དུ་ཡི་གེ་བཟུང་སྟེ། ར་བར་ཕྱིན་པ་དང་

ཕྱུག་པོའི་མཆོག་གི་བུ་གསུམ་པོ་དེ་ན་འདུས་ཏེ་འདུག་པས་འདི་སྐད་ཅེས་རྒྱལ་བས་བསྟན་པ་གང་དུ་འགྲོ། །དེས་སྨྲས་པ། རྫ་མཁན་གྱི་དྲུང་དུའོ། །ཇི་སྲིད་དུ་རྒྱས་པར་ཕྱུག་པོའི་མཆོག་གི་བུས་དེ་ལས་ཡི་གེ་བླངས་ཏེ་རྫ་མཁན་གྱི་ཁང་པར་སོང་སྟེ། རྫ་མཁན་གྱིས་བསད་པར་གྱུར་ཏོ། །

དགོངས་ཀའི་དུས་ན་རྒྱལ་བས་བསྟན་པ་ཁང་པར་ཞུགས་པ་དང་། ཕྱུག་པོའི་མཆོག་གིས་ཡི་གེ་གར་སོང་ཞེས་སྨྲས་སོ། །དེ་ཕུ་བོས་བླངས་ཏེ་སོང་ངོ་ཞེས་སྨྲས་པ་ནས། ཕྱུག་པོའི་མཆོག་གིས་རྟ་པ་གཉིས་བཏང་ངོ་ཞེས་བྱ་བའི་བར་དུ་རྒྱས་པར་དང་། དེ་ནས་ཡང་ཇི་ལྟར་འགའ་

ཞིག་གིས་ཀྱང་ཤེས་པར་མི་འགྱུར་བ་དེ་ལྟ་བུའི་ལས་དང་སྦྱོར་བས་ཡི་གེ་ཁྱེར་ནས་འོང་བའི་གཞོན་ནུ་འདི་ཁྱིའི་ཚང་དུ་གཞུག་པར་བྱའོ་ཞེས་བཏང་བ་དང་། དེ་ཡི་གེ་བཟུང་སྟེ་ར་བར་ཕྱིན་པ་དང་ཞེས་པ་ནས་རྒྱས་པར་ཕྱུག་པོའི་མཆོག་གི་བུ་གཉིས་པ་ར་བར་ཁྱིས་ཟོས་པའི་བར་དུ་རྒྱས་པར་

བྱ་སྟེ། བྱ་བའི་གན་དུ་བཏང་སྟེ་ཁྱོད་ཀྱིས་འདི་ཐབ་ཀྱི་ནང་དུ་བཅུག་སྟེ་ཚིག་པར་བྱའོ་ཞེས་བཏང་སྟེ་བུ་གཅིག་པུ་སྒོར་བཅིངས་ཏེ་བཞག་པ་དང་ཞེས་པ་ནས་རྒྱས་པར་ནན་གྱིས་རྒྱལ་བས་བསྟན་པ་ལས་ཡི་གེ་བླངས་ཏེ་བྱ་བའི་གན་དུ་སོང་བ་དང་། བྱ་བས་མེ་དོང་དུ་བཅུག་ནས་བསད་

པ་དང་། ཐམས་ཅད་དུ་རྟ་པ་གཉིས་བཏང་བ་དང་། དེ་དག་གིས་མ་སླེབས་པར་བསད་དོ། །དེ་ནས་རང་ཉིད་མཚོན་ཐོགས་ཏེ་རྒྱལ་བས་བསྟན་པ་གསོད་པར་རྩོམ་པ་ན་ཁང་པ་ནང་གི་མིས་གང་བར་མཐོང་ནས་ལས་ཀྱི་མཐའི་གནས་སུ་སོང་བ་དང་། དེ་ཡང་ཕྱི་རོལ་གྱི་སྐྱེ་བོས་

གང་བར་མཐོང་ནས། རྒྱལ་བས་བསྟན་པ་མི་ཡིད་ཆེས་པ་ཞིག་གི་དྲུང་དུ་གང་ཁྱེའུ་ཡི་གེ་གཟུང་བ་འདི་མཐོང་མ་ཐག་ཏུ་ས་བརྐོས་པའི་ནང་དུ་གསད་པར་གྱིས་ཞེས་ཡི་གེ་བསྐུར་ཏེ་བཏང་ངོ་། །ཇི་སྲིད་དུ་རྒྱལ་བས་བསྟན་པ་མཉན་ཡོད་དུ་ཕྱིན་ཏེ། ལྟས་མཁན་གྱིས་མཐོང་

Vol. 146 · folio 81a

ནས་འདི་སྐད་ཅེས་གཞོན་ནུ་འདི་ཕུན་སུམ་ཚོགས་པ་དང་རྒུད་པ་མྱོང་བར་འགྱུར་རོ་ཞེས་སྨྲས་སོ། །གཟུགས་འཚོང་མས་ལྟས་མཁན་ལ་དྲིས་པ་དང་དེས་སྨྲས་པ་གཞོན་ནུ་འདི་དེ་རིང་ཕྱུག་པོའི་མཆོག་ཏུ་འགྱུར་བའམ། འཆི་བའི་གནས་སྐབས་ཀྱི་ཁྱིམ་དུ་

འཇུག་པར་འགྱུར་རོ། །དེ་ནས་དེས་ཁྱིམ་དུ་ཞུགས་ཏེ་ཉལ་བར་གྱུར་ཏོ། །དེ་ནས་གཟུགས་འཚོང་མས་དེའི་སོར་མོའི་བར་ནས་ཤོག་བུ་བླངས་ཏེ། ཡོངས་སུ་བསྒྱུར་ཏེ་དེའི་སོར་མོའི་བར་དུ་བཞག་པར་གྱུར་ཏོ། །འདི་ལྟར་བྲིས་ཏེ། རྒྱལ་བས་བསྟན་པ་འདི་ལ་འདྲེག་མཁན་གྱིས་

སྐྲ་དང་ཁ་སྤུ་བྲེགས་ཏེ། བུ་མོ་གཟུགས་འཚོང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ལྗོངས་འདི་ཙམ་དང་རྒྱལ་པོ་དང་བློན་པོ་དང་ཡུལ་མིས་རིག་ཅིང་ཚོར་བར་ཆུང་མའི་དོན་དུ་སྦྱིན་པར་བྱའོ། །ཇི་སྲིད་དུ་རྒྱལ་བས་བསྟན་པ་གཉིད་སད་ནས་ཡིད་ཆེས་པ་ལ་ཤོག་བུ་བྱིན་པ་དང་།

དེས་ཀྱང་ཐམས་ཅད་མ་ལུས་པར་དེ་བཞིན་དུ་བྱས་སོ། །ཇི་ཙམ་ན་ཕྱུག་པོའི་མཆོག་འོངས་ཏེ་དྲིས་པ་ཁྱོད་ཀྱིས་ཇི་ལྟར་ངས་སྨྲས་པ་དེ་བཞིན་དུ་བྱས་སམ། དེའི་ཉིས་ལྟབ་ཏུ་བྱས་སོ་ཞེས་དེས་སྨྲས་སོ། །ཇི་ཙམ་ན། ཕྱུག་པོའི་མཆོག་ཁ་ནས་ཁྲག་དྲོན་མོ་སྐྱུག་ཅིང་དུས་ལས་འདས་

པར་གྱུར་པའི་བར་དུའོ། །དེ་ནས་རྒྱལ་པོ་སྡེ་རབ་ཏུ་འཕམ་བྱེད་ཀྱིས་རྒྱལ་བས་བསྟན་པ་ཕྱུག་པོའི་མཆོག་ཏུ་བཞག་པར་གྱུར་པའི་བར་རྒྱས་པར་བྱུང་སྟེ། དེས་སངས་རྒྱས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བལྟས་ཏེ་སྡེ་སྟོན་མོ་ལ་སྤྱན་དྲངས་ཤིང་ཕྱུག་པོའི་མཆོག་བྱས་ནས་བཅོམ་ལྡན་འདས་

ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །དེ་སྐད་ཅེས་ཐོས་པ་དང་། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚེ་དང་ལྡན་པ་རྒྱལ་བས་བསྟན་པས་ལས་ཅི་ཞིག་བྱས་ན་གཞན་གྱི་གནོད་པས་མ་གནོད་པར་གྱུར། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དེའི་ཕྱིར་དགེ་སློང་དག་ཉོན་ཅིག །སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེ་ལ་བུ་གདུག་པའི་བསམ་པ་ཅན་ཞིག་སྐྱེས་སོ། །དེའི་མདུན་ན་འདོན་ལ་བུ་སྙིང་རྗེའི་བསམ་པ་ཅན་ཞིག་སྐྱེས་སོ་ཞེས་བྱ་བ་ནས་

Vol. 146 · folio 81b

རྒྱས་པར་རྒྱལ་པོ་ཚངས་པས་བྱིན་དུས་ལས་འདས་པར་གྱུར་ནས་དེའི་བུ་རྒྱལ་སྲིད་ལ་བཞག་པར་གྱུར་ཏོ། །ཇི་ཙམ་ན་མདུན་ན་འདོན་ཡང་དུས་ལས་འདས་ཏེ། རྒྱལ་པོས་ཚོར་ནས་སོང་ལ་དེའི་བུ་ཁྲིད་དེ་ཤོག་དང་མདུན་ན་འདོན་དུ་གཞུག་པར་བྱའོ་ཞེས་བཀའ་སྩལ་ཏོ། །ཇི་

ཙམ་ན་དེ་འོངས་པ་མཐོང་ནས་སྨྲས་པ། ང་གང་གི་ཚེ་རྒྱལ་སྲིད་བྱེད་པ་དེའི་ཚེ་ཁྱོད་རེས་འགའ་ཞིག་ངའི་དྲུང་དུ་འོང་ངམ་ཞེས་རྒྱལ་པོས་མདུན་ན་འདོན་དུ་གཞུག་གོ། །དེས་སྨྲས་པ། ངེས་པ་ཞིག་བྱས་ཏེ་གང་འགའ་ཞིག་འགུམ་པར་འོས་པ་དེ་བདག་གིས་རིག་བཞིན་དུ་འགུམ་

པར་མཛོད་ཅིག །རྒྱལ་པོས་སྨྲས་པ་དེ་བཞིན་ནོ། །ཇི་ཙམ་ན་སྲོག་ཆགས་བརྒྱ་སྟོང་དུ་མ་རྒྱལ་པོ་ལ་ཞུས་ཏེ་སྲོག་ལས་ཐར་བར་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོའི་གསད་པར་བྱ་བ་ཞིག་ཉེ་བར་གནས་པ་ན། དེས་སྨྲས་པ། མདུན་ན་འདོན་ཁྲིད་ལ་ཤོག་ཅིག་

དང་དེ་ལ་སྨྲས་ཤིང་བལྟར་གཞུག་གོ། །ཇི་ཙམ་ན་རྒྱལ་པོ་སྐྱེས་བུ་དེའི་ཁང་པར་ཞུགས་ཏེ། མདུན་ན་འདོན་གང་ན་འདུག་ཅེས་སྨྲས་པ་དང་། ཕྱི་རོལ་དུ་བྱུང་སྟེ་སོང་ངོ་ཞེས་སྨྲས་སོ། །ཇི་ཙམ་ན་རྒྱལ་པོས་གསད་པར་བྱ་བ་མདུན་ན་འདོན་གྱིས་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་

པོས་སྨྲས་པ་ཁྱོད་ལ་བྱིན་ནོ་ཞེས་བྱ་བ་ནས། རྒྱས་པར་དེ་སྐྱོ་བ་སྐྱེས་ནས་རབ་ཏུ་བྱུང་སྟེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱས་སོ། །མདུན་ན་འདོན་གྱིས་ཇི་སྲིད་འཚོའི་བར་དུ་ཉེ་བར་སྤྱད་པ་ཀུན་གྱིས་བསྙེན་བཀུར་བྱས་ནས་སྨོན་ལམ་བཏབ་པའི་མདུན་ན་འདོན་དེ་ནི་རྒྱལ་བས་

བསྟན་པ་འདི་ཡིན་ནོ། །ལས་དེའི་རྣམ་པར་སྨིན་པས་གནོད་པའི་རྒྱུ་རྣམ་པ་དུ་མ་ལས་གྲོལ་ཞིང་གཞན་གྱི་ཉེ་བར་གནོད་པས་མ་གནོད་དོ། །ཕྱུག་པོའི་མཆོག་གི་བུ་ལས་ཅི་ཞིག་བྱས་ནས་གཅིག་ནི་རྫ་མཁན་གྱི་ཁྱིམ་དུ་བསྲེགས། གཉིས་པ་ནི་ར་བའི་ནང་དུ་ཁྱིས་ཟོས། གསུམ་པ་ནི་བྱ་བས་

བསྲེགས། དགེ་སློང་དག་དེའི་ཕྱིར་ཉོན་ཅིག་སྔོན་བྱུང་བ་འདས་པའི་དུས་ན་ཁུར་བུས་ཚོང་བྱེད་པ་གཉིས་ཤིག་བཱ་རཱ་ཎ་སཱིར་འོངས་སོ། །དེའི་འོག་ཏུ་ཡང་གཉིས་འོངས་སོ་ཞེས་བྱ་བ་ནས། རྒྱས་པར་མིང་རུས་དྲིས་ཏེ་མཐུན་ཞིང་ནོར་གཅིག་པར་གྱུར་ཏོ། །གཅིག་ནི་བཱ་རཱ་ཎ་སཱིར་སོང་ནས་

Vol. 146 · folio 82a

ཟས་ཀྱིས་འཚོ་བར་བྱེད་ལ། གསུམ་ནི་ཚོང་བྱེད་དོ། །ཇི་ཙམ་ན་དེས་རང་སངས་རྒྱས་ལ་བསོད་སྙོམས་གཅིག་ཕུལ་བ་དེ་དག་གིས་ཐོས་ཏེ་ཁྲོས་ནས་སྨྲས་པ། གལ་ཏེ་རབ་ཏུ་བྱུང་བ་དེ་ངའི་དབང་དུ་གྱུར་ན་རྫ་མཁན་གྱི་རྫ་མའི་གནས་སུ་བསྲེག་པར་བྱའོ། །གཉིས་

པས་སྨྲས་པ། གལ་ཏེ་རབ་ཏུ་བྱུང་བ་དེ་ངའི་དབང་དུ་གྱུར་ན་གསོན་བཞིན་ར་བར་ཁྱི་ལ་སྦྱིན་པར་བྱའོ། །གསུམ་པས་སྨྲས་པ། ངས་བྱ་བའི་ཐབ་ཏུ་བསྲེག་པར་བྱའོ་ཞེས་གང་གིས་ཚིག་སྨྲས་པ་དེ་བཞིན་དུ་རྣམ་པར་སྨིན་པ་ཡོངས་སུ་སྨིན་ཏོ། །གང་གིས་རང་སངས་རྒྱས་ལ་

བསོད་སྙོམས་འབུལ་བ་དེ་ནི་རྒྱལ་བས་བསྟན་པ་ཡིན་ནོ། །ཆོས་ལེན་པ་དང་ཞེས་བྱ་བ་ལ། ཆོས་ལེན་པ་ཡང་རྒྱལ་བས་བསྟན་པ་ལྟར་མས་དུར་ཁྲོད་དུ་བསྐྱུར་ཡང་བདེན་པ་མཐོང་བར་འོས་པ་ཡིན་པས་མ་ཤི་བ་ལྟ་བུའོ། །མཆོག་ཅན་དང་ཞེས་བྱ་བ་ལ། རྒྱལ་པོའི་ཁབ་ན་ཚེ་དང་

ལྡན་པ་མཆོག་ཅན་ཞེས་བྱ་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལྷན་ཅིག་གནས་སོ། །དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་རྒྱལ་པོའི་ཁབ་ན་ཕྱུག་པོའི་མཆོག་ཅེས་བྱ་བ་ཞིག་ཡོད་དེ། དེ་ལ་འབངས་པོ་ཡིད་ཆེས་པ་རྐུན་མ་ཞེས་བྱ་བ་ཡོད་དེ་ཕྱུག་པོ་སྐྱེད་མོས་ཚལ་དུ་སོང་སྟེ་

འབངས་པོ་ཡིད་ཆེས་པ་རྐུན་མ་ལ་བསྐུལ་ཞིང་སྨྲས་པ། སོང་ལ་ཁྱིམ་ནས་ཅུང་ཟད་ཅིག་ཁྱེར་ལ་ཤོག་ཅིག་ཅེས་སྨྲས་སོ། །དེ་སྨད་འཚོང་མས་བསླུས་ཏེ་ཕྱུག་པོའི་ཆུང་མའི་དཔུང་པ་གཉིས་གདུ་བུའི་ཕྱིར་བཅད་དོ། །དེ་མི་རྣམས་ཀྱིས་བདས་པ་དང་དེའི་ལྷུང་བཟེད་དུ་དཔུང་པ་

གཉིས་པོ་དེ་བཅུག་གོ། །དེ་ཇི་སྲིད་དུ་རྒྱལ་པོ་མ་སྐྱེས་དགྲས་མཆོག་ཅན་གསལ་ཤིང་ལ་བསྐྱོན་པའི་བར་དུའོ། །ཇི་ཙམ་ན་འཕགས་པ་ཤཱ་རིའི་བུས་གསལ་ཤིང་ལ་གནས་བཞིན་དུ་གདམས་ངག་ཕོག་སྟེ་ཡང་དག་པར་སྐྱོ་ནས་དགྲ་བཅོམ་པ་ཉིད་ཐོབ་སྟེ། གསལ་ཤིང་ཁྱེར་

ནས་ནམ་མཁའ་ལ་མངོན་པར་འཕགས་སོ་ཞེས་རྒྱས་པར་བྱུང་བ་དང་། འདམ་བུ་ཅན་གྱི་གྲོང་ཁྱེར་ན་ཕྱུག་པོ་ཞིག་ལ་བུ་གཅིག་དང་བུ་མོ་ཞིག་དང་གཉིས་སྐྱེས་ཏེ། དེ་གཉིས་ཕན་ཚུན་དུ་ཤིན་ཏུ་མཐུན་ནོ། །ཇི་ཙམ་ན་དེ་གཉིས་རྩེ་བ་ལས་ལྟོགས་ཏེ་མའི་དྲུང་དུ་སོང་ནས་

Vol. 146 · folio 82b

སྨྲས་པ། མ་བདག་ཅག་བཀྲེས་ཀྱིས་ཟན་བྱིན་ཅིག །དེ་གཉེན་རྣམས་ལ་ཡོངས་སུ་འདྲིམ་པས་ངལ་བས་ཁྱོད་ཅག་རང་གཉིས་ལོང་ལ་ཟོ་ཞིག་ཅེས་སྨྲས་སོ། །བུས་སྨྲས་པ། ཁྱོད་གསལ་ཤིང་ལ་བསྐྱོན་ནམ་ཞེས་སྨྲས་སོ། །བུ་མོས་སྨྲས་པ། ཁྱོད་ཀྱི་དཔུང་པ་གཉིས་

བཅད་དམ། བདག་ཅག་གཉིས་ལ་ཟན་མི་སྦྱིན་པ་ཅི་སྟེ་ཞེས་སྨྲས་སོ་ཞེས་རྒྱས་པར་བཅོམ་ལྡན་འདས་འོད་སྲུངས་ཀྱི་བསྟན་པ་ལ་མཆོག་ཅན་རབ་ཏུ་བྱུང་བས་ཞེས་བྱ་བའི་བར་དུའོ། །གངྒཱ་ལེན་པ་ཞེས་བྱ་བ་ལ་བཱ་རཱ་ཎ་སཱིར་གངྒཱ་ལེན་པ་ཞེས་བྱ་བ་ཕྱུག་པོའི་བུ་ནོར་གྱིས་

ཕྱུག་ཅིང་ཡངས་པར་གྱུར་པ། སྐྱེ་བོ་མངོན་པར་དགའ་བ་དཔལ་དང་། གྲགས་པ་དང་། སྙན་པ་དང་། བློ་ཡོངས་སུ་དག་པ་དང་། མི་དང་། གློ་བུར་དུ་འོངས་པ་དང་། རང་གི་མི་དང་། ལྷ་དང་། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱིས་མིང་ཐོས་པ་ཞིག་བྱུང་བར་གྱུར་ཏོ། །དེ་དུས་རེས་

འགའ་ཞིག་ན་སྐྱེད་མོས་ཚལ་གྱི་དགའ་བ་ཡིད་ཀྱིས་མྱོང་བར་བྱ་བའི་ཕྱིར་བཱ་རཱ་ཎ་སཱིར་སོང་སྟེ། ཕྱི་རོལ་ན་ཀུན་དུ་འཁྱམས་པ་ལས་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་དགའ་ཞིང་རབ་ཏུ་ཉམས་དགའ་བ་དྲང་སྲོང་ཆེན་པོའི་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བར་

ཕྱིན་ནོ། །དེ་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་བྱུང་བས་དགའ་བ་རྒྱ་ཆེན་པོའི་སྤྱོད་པ་མགོ་དང་། ཤ་དང་། ཁྲག་དང་། མིག་དང་། ལག་པ་དང་། རྐང་པ་དང་། རྟ་དང་། གླང་པོ་ཆེ་དང་། བུ་དང་། བུ་མོ་དང་། རྒྱལ་སྲིད་ལ་སོགས་པ་རྣམ་པ་དུ་མས་སློང་བའི་སྐྱེ་བོ་རྣམས་ལ་རྣམ་པར་འགྱེད་ཅིང་

དགའ་བར་བྱེད་པ། བརྟུལ་ཞུགས་དང་ངེས་པ་དང་སྡོམ་པ་ཡང་དག་པར་ལེན་པས་མི་དགེ་བའི་རྩ་བ་ལས་ངེས་པར་བྱུང་ཞིང་རྣམ་པ་དུ་མ་སྣ་ཚོགས་ཀྱི་དཀའ་བ་མང་པོ་སྤྱོད་པ་ལས་སྐྱེས་པའི་ཆེ་བའི་བདག་ཉིད་སྲོག་ཆགས་གཞན་རྣམས་ཀྱིས་བསྒྲུབ་ཅིང་རྟོགས་པར་བྱ་བ་མ་ཡིན་པའི་ཕ་རོལ་ཏུ་

ཕྱིན་པ། ཤེས་བྱ་མང་པོ་མ་ལུས་པ་ཕྲ་བའི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པའི་གཞིར་གྱུར་པ། ཤེས་བྱའི་རྒྱ་མཚོ་ཆེན་པོ་ཡང་དག་པར་བསྲུབས་པ་ལས་ཡང་དག་པར་བྱུང་བ། བདག་མེད་པའི་ཡེ་ཤེས་རིན་པོ་ཆེ་རགས་པ་དང་། ཕྲ་བ་དང་། ནང་དང་། ཕྱི་རོལ་དང་། ཐག་རིང་བ་

Vol. 146 · folio 83a

དང་། ཉེ་བ་དང་། རང་དང་གཞན་གྱི་རྒྱུད་ལ་བརྟེན་པའི་སྒྲ་དང་དོན་གྱི་བདག་ཉིད་དུ་མའི་དེ་ཁོ་ན་ཉིད་དུ་རབ་ཏུ་རིག་པ། ཐམས་ཅད་རིག་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ཆོས་ཉེ་བར་བསྟན་པས་ཡིད་ཡང་དག་པར་བྱུང་སྟེ། འཁོར་བར་གནས་པའི་ཉེ་

བར་སྤྱོད་པ་ཕན་པ་ལ་མི་ལྟོས་ཤིང་། རབ་ཏུ་བྱུང་བའི་བདེ་བ་མཆོག་ལ་ལྟོས་ཤིང་ཡིད་ལ་བྱེད་པར་གྱུར་ཀྱང་ཕ་དང་མ་ལས་གནང་བ་མ་ཐོབ་པ་རབ་ཏུ་བྱུང་བའི་དངོས་པོ་མི་ཐོབ་པར་ཡིད་ལ་བྱས་ཏེ། ཕ་དང་མས་རྗེས་སུ་གནང་བར་བྱ་བའི་ཕྱིར་ཡིད་ལ་ཚིམ་པར་ཐེ་ཚོམ་ཟ་བ་ཙམ་གྱིས་གནས་

སྐབས་གཞན་ཐོབ་ཀྱང་རྗེས་སུ་གནང་བ་མ་ཐོབ་ནས་རིམ་གྱིས་སྲུང་མ་རྣམས་སྙོམ་ལས་བྱེད་པར་གྱུར་པའི་ཚེ་གཉེན་དང་ཁྱིམ་སྤངས་ཏེ། གང་དང་གང་ན་བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་ཚོགས་དང་ཐབས་ཅིག་ཏུ་བཞུགས་པ། གཞན་གང་ཡང་རུང་བ་དགེ་སློང་དག་བཞུགས་པའི་

ས་དེ་དང་དེར་སོང་ངོ་། །དེ་དང་དེར་བདག་ཉིད་ཀྱི་དགོས་པ་སྨྲས་པ་དང་། ཕ་དང་མས་མ་གནང་བར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འཇུག་ཅིང་ཡོན་ཏན་གྱི་ཚོགས་སུ་གྱུར་པའི་རབ་ཏུ་བྱུང་བ་མ་རྙེད་པར་སེམས་ལ་བསམས་ཏེ། སྐྱེ་བ་འདི་ལ་བདག་གི་དཀའ་བླ་ཡིས་རབ་ཏུ་བྱུང་

བ་མ་ཐོབ་ཀྱིས་སྐྱེ་བ་གཞན་དུ་ཡང་འདི་དག་ངའི་བར་ཆད་དུ་མ་གྱུར་ཅིག་ཅེས་གང་ཤི་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་རྒྱུས་སྨོན་ལམ་སྔོན་དུ་བཏང་སྟེ་བདག་ཉིད་གཏང་བར་བྱའོ་ཞེས་དེ་དུག་ཟོས་ཀྱང་མ་ཤིའོ། །མཚོན་གྱིས་གཏུབས་ཀྱང་མ་ཆོད་ཅིང་། གཡང་དུ་

མཆོངས་པ་དང་། རི་དང་གླང་པོ་སྨྱོན་པ་དང་། གང་འབྲོག་དགོན་པར་ལྕུག་མས་བདག་ཉིད་བཅིངས་པ་དང་། དེ་ལྟ་བུ་ལ་སོགས་པ་སྲོག་གི་བར་ཆད་དུ་མ་ལས་འདས་ཏེ་གཤིན་རྗེའི་མཆེ་བའི་བར་དུ་ཞུགས་པར་མ་གྱུར་ནས་དབུགས་དྲོན་མོ་རིང་པོ་འབྱིན་ཞིང་འདུག་གོ། །ཡང་

སྨྲས་པ། གང་ལས་ལྷ་དང་ལྷ་མིན་མི་ཡི་འཇིག་རྟེན་སྡུག་བསྔལ་ཐོབ། །འཇིག་རྟེན་གསུམ་ཀུན་རིང་ན་གནས་ཀྱང་དྲུང་དུ་དྲངས་ཏེ་འཇོམས། །དེ་ནི་བདག་གིས་མཛའ་གྲོགས་བཞིན་དུ་བཙལ་ཀྱང་མ་རྙེད་པ། །འཆི་ལ་འཆི་བ་གཞན་ཞིག་ཡོད་དམ་ཅིས་ན་མི་མངོན་འགྱུར། །ཡང་

Vol. 146 · folio 83b

འདི་སྙམ་དུ་རྣམ་པ་ཐམས་ཅད་དུ་འཆི་བའི་ཐབས་ཁྱད་པར་ཅན་གཞན་ཞིག་ཡོད་ཀྱིས་ད་ནི་དེ་བརྩམ་པར་བྱ་སྟེ། རྒྱལ་པོའི་ཁབ་ཏུ་སོང་ལ་གཞན་གྱི་རྫས་མ་བྱིན་པར་བླངས་ན་དེའི་འབྲས་བུ་གནས་པར་འགྱུར་ཏེ། མ་ག་དྷ་དེ་ན་རྒྱལ་པོ་མ་སྐྱེས་དགྲ་ཆད་པ་དྲག་པོ་བྱེད་པ་ཡོད་དེ། དེས་ཐོས་ནས་

རྐུན་མ་ཞེས་མཐར་བྱེད་ཅིང་གཤིན་རྗེའི་ཁྱིམ་དུ་འཇུག་པར་འགྱུར་རོ་ཞེས་དེ་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་སྐྱེ་བོ་མང་པོས་མཐོང་བ་ཉིད་དུ་རྐུ་བར་བརྩམས་པ་དང་། རྐུན་མ་རྐུན་མ་ཞེས་སྲུང་མ་རྣམས་ཀྱིས་བདག་ལེན་བཟུང་སྟེ། ལྷ་འདི་ནི་རྗེས་སུ་མི་མཐུན་ཞིང་གྲོང་ཁྱེར་གྱི་རྐུན་མ་སྟེ། རྒྱལ་

པོའི་ཁབ་ཀྱི་ཕྱུག་པོ་རྣམས་ལྟོགས་པར་བྱེད་པ། ཡིད་ཆེས་པ་རྣམས་ཡིད་མི་ཆེས་པར་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་རྒྱལ་པོ་ལ་ཕུལ་ལོ། །དེ་ཡང་རྒྱལ་པོས་ཁྱོད་རྐུན་མ་ཡིན་ནམ་ཞེས་བཀའ་སྩལ་པ་དང་། དེས་ཡིན་ནོ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ། རྒྱལ་པོའི་ཁབ་ཀྱི་ཆད་པ་དྲག་ཅིང་

ཆེ་བ་མ་ཐོས་སམ། ཞེས་སྨྲས་པ། མ་ཐོས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་། མི་རིགས་པ་ལ་ཆགས་པ་དང་། །དེ་ལ་འཇིགས་པར་མི་གཟུང་བས། །དེས་ན་བདག་གི་འཇིགས་མེད་པར། །རྐུན་མ་བྱ་བར་བརྩམས་པ་ཡིན། །ཞེས་པ་དང་། ལྷ་འོན་ཀྱང་། གང་ལ་གང་ཞིག་མངོན་

འདོད་པའི། །དངོས་པོ་དེ་ལ་དེ་སྦྱར་བྱ། །ཉིད་ནི་སྲུང་བར་འདོད་པ་སྟེ། །བདག་ནི་རྐུ་བར་འདོད་པ་ཡིན། །དེ་ནས་རྒྱལ་པོས་སྤོས་ཀྱི་གླང་པོ་ཆེ་སྨྱོས་པའི་རྡུལ་གྱི་དྲི་བསྣམ་ཞིང་ཡང་དག་པར་ཚོར་བ་ཤིན་ཏུ་ཁྲོ་བཞིན་དུ་ཁྲོ་བའི་སྙིགས་མས་བཞིན་བསྒྱུར་ཏེ། གང་གཱ་ལེན་པ་

ཁང་པ་དེར་སྡིགས་མཛུབ་གཏད་དེ་སྨིན་མ་ཁྲོ་གཉེར་བསྐྱེད་དེ། གཤེད་མ་ལ་ཚིག་འདི་སྐད་དུ་སྡིག་པ་བྱེད་པ་འདི་ཉེས་པར་སྤྱོད་པ་འདི་མྱུར་དུ་རྒྱལ་པོའི་ཁབ་པ་ཐམས་ཅད་ཀྱིས་ཐོས་པར་གསལ་ཤིང་ལ་བསྐྱོན་ཅིག་ཅེས་བཀའ་སྩལ་ཏོ། །གཤེད་མའི་སྐྱེས་བུ་དེ་དག་གིས་ཀ་ར་བཱི་

རའི་མེ་ཏོག་མགུལ་པར་བཏགས་ཏེ། གསལ་ཤིང་བསྟན་པ་དང་། རྒྱ་ཆེ་ཞིང་མཐོ་བ་ཕྲག་པ་ལ་བཀལ་ཏེ། རྒྱལ་པོའི་ཁབ་ཀྱི་ཚོང་དུས་དང་། འདུན་ས་དང་། བཞི་མདོ་དང་། སུམ་མདོ་དང་། ར་བ་ཐ་དད་པ་དུ་མ་རྣམས་སུ་ཐོས་པར། ཀྱེ་མི་དག་འདི་ནི་རྐུན་མ་སྟེ་མེ་ཏོག་

Vol. 146 · folio 84a

ནང་གི་སྦྲུལ་ནག་པོ་ལྟར་ཕྱུག་པོ་ཐམས་ཅད་དབུལ་པོར་བྱེད་པ་རྒྱལ་པོའི་ཆོས་ལུགས་ལས་འདས་ཏེ་རྒྱལ་པོའི་བཀའ་ལུང་གིས་སྡིག་པ་བྱེད་པ་འདི་གསལ་ཤིང་ལ་བསྐྱོན་པ་ཁྱོད་ཅག་ལྟོས་ཤིག་ཅེས་སྨྲས་སོ། །དེས་སྨྲས་པ། བཞིན་བཟངས་དག་མྱུར་

བར་གསལ་ཤིང་གི་རྩེ་མོ་ལ་རྒྱལ་པོའི་བཀའ་ལུང་སྒྲུབས་ཤིག །དེ་དག་གིས་སྨྲས་པ། རིམ་པ་འདི་ལྟ་བུས་བྱ་བ་བརྩོན་པ་མ་ཡིན་ནམ། དེས་ཡང་སྨྲས་པ། འཆི་བའི་གེགས་སུ་མི་འགྱུར་བར་མྱུར་དུ་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱོད་གསོན་པོའི་དོན་དུ་རྐུན་མ་

བྱེད་པ་མ་ཡིན་ནམ་ཇི་ལྟར་ན་འཚོ་བ་ཡོངས་སུ་བཏང་བར་ལན་མང་དུ་སེམས་སམ། དེས་སྨྲས་པ། འགྲོ་བ་འདི་ལས་གཞན་མེད་དོ། །ཡང་སྨྲས་པ། བུད་མེད་བྱིས་པ་གཞོན་ནུ་རྒན་པ་ལང་ཚོར་བབས་མདུན་དུ། །རྐུན་མ་ཉིད་དུ་རིག་པར་བྱས་ཤིང་དཔུང་པ་རབ་ཏུ་བཅིངས་

ནས་སུ། །རྒྱལ་པོས་གསད་པར་བཀའ་ལུང་སྩལ་བ་ཁྱོད་ཀྱི་ལག་གནས་པ། །འཆི་བདག་ཡུལ་ལས་འགྲོ་བ་གཞན་མེད་འདི་ནི་ངེས་པ་ཡིན། །ཕན་ཚུན་དུ་སྨྲས་པ། འདི་ནི་མ་ག་དྷའི་ཡུལ་པ་ཐམས་ཅད་ཀྱི་རྫས་འཕྲོག་པར་ནུས་སོ། །ཅི་སྟེ་ཞེ་ན། འཚོ་བ་ལ་ཡང་ལྟོས་མེད་

པར། །གཟུ་ལུམས་སུ་ནི་འཇུག་པའི་མི། །འདི་ལ་བསོད་ནམས་ཡང་ན་ནི། །རྟོགས་པར་བྱ་བ་ཅུང་ཟད་མེད། །ཀྭའེ་སྡིག་པ་སྤྱོད་པ་བདག་ཅག་གིས་གསད་པར་བྱ་བ་ནི་མང་དུ་མཐོང་སྟེ། ཁ་ཅིག་མྱོས་འགྱུར་འདོད་ཅིང་གཞན་དག་ཟས་ལ་གཞན་ནི་ཆུ། །གཞན་ནི་གཉེན་འདུན་

མཐོང་བའི་བདེ་བ་འདོད་ཅིང་གཞན་ནི་ཚང་། །གསད་བྱའི་སྐྱེ་བོ་ཕལ་ཆེར་གཞན་ནི་སྐད་ཅིག་གསོན་ངས་ཚོལ། །ཁྱོད་ནི་སྲོག་ཉམས་འདོད་པ་འདི་ཅི་རྣམ་པ་འདི་གང་ལས། །དེས་སྨྲས་པ། གང་གི་གང་ལ་ཡང་དཔལ་དུ་རྟོགས་པ་དེས་དེ་དོན་དུ་གཉེར་བར་བྱེད་པ་འདི་ནི་འཇིག་རྟེན་

གྱི་ལུགས་ཡིན་ལ། བདག་ཀྱང་འཆི་བ་ལ་དཔལ་དུ་རྟོགས་ནས་དོན་དུ་གཉེར་བ་ཡིན་གྱིས། མྱུར་དུ་བདག་གི་ཡིད་ལ་རེ་ཞིང་དོན་དུ་གཉེར་བ་ཡོངས་སུ་རྫོགས་པར་གྱིས་ཤིག །གཞན་དུ་ན་བདག་རྐུན་མ་ཞེས་བསྟན་པ་དོན་མེད་པར་འགྱུར་རོ། །ཡང་སྨྲས་པ། གསལ་ཤིང་ལ་

Vol. 146 · folio 84b

བསྐྱོན་སྐྲ་གྲོལ་ལུས་ལས་ཁྲག་འཛག་ཅིང་། མིག་གི་འབྲས་བུ་བྱ་རོག་གིས་བཏོན་འོག་ཏུ་འཛག་པ་དང་། སྤྱང་ཀི་ཀང་ཀ་སྟག་གིས་ཤ་དང་ཁྲག་དག་ཡོངས་སུ་བགྲོད་གྱུར་ནས། །སྲོག་གི་སྦྱིན་པ་བཏང་སྟེ་དུར་ཁྲོད་གནས་སུ་བདག་སྲོག་དོར་བ་ལྟོས། །དེ་དག་ཕན་ཚུན་དུ་བརྟགས་

ཏེ་སྨྲས་པ། རྣམ་པ་དུ་མའི་བརྗོད་པ་འདི་ནི་ངོ་མཚར་ཏེ། སླར་རྒྱལ་པོས་མ་ཐོས་ཀྱི་བར་དུ་བདག་ཅག་གིས་དེ་གསལ་ཤིང་ལ་བསྐྱོན་པར་མི་ནུས་སོ། །དེ་ནས་གཤེད་མའི་སྐྱེས་བུ་ཞིག་ལོག་སྟེ་རྒྱལ་པོ་ལ་ཞུས་སོ། །རྒྱལ་པོས་བཀུག་ནས་དྲིས་པ། ཁྱོད་ཀྱིས་འདི་སྐད་དུ་བརྗོད་པ་

བདེན་ནམ། དེས་ལྷ་མད་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ། ཤི་སྟེ་དོན་ཅི་ཞིག་འགྲུབ་པར་འགྱུར། དེས་སྨྲས་པ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའོ། །རྒྱལ་པོས་སྨྲས་པ། གསོན་བཞིན་སྟོན་པ་མ་ཐོབ་ན། །ཤི་ནས་ཇི་ལྟར་ཐོབ་པར་འགྱུར། །གང་

ལས་ངེས་པ་འདི་སྐྱེས་པ། །ཅི་ཡི་དོན་དུ་བདེན་པར་སྨྲོས། །དེས་རྒྱལ་པོ་ལ་སྨྲས་པ། ལྷ་གལ་ཏེ་བདག་སྨྲ་ན་རབ་ཏུ་བྱུང་བའི་ཕྱིར་བདག་ཤི་བར་འདོད་དོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་གོ་རིམས་བཞིན་དུ་མ་བསྟན་གྱིས། དེ་ཇི་ལྟར་གོ་རིམས་བཞིན་དུ་རྒྱས་པར་སྨྲོས་

ཤིག །དེས་ཇི་ལྟར་བརྗོད་པ་བཞིན་དུ་རང་གི་གཏམ་རྒྱས་པར་སྨྲས་ནས་གསོལ་པ། ལྷ་གཟིགས་མཛོད་ཅིག །གང་ལས་སྲོག་འབྱིན་ལ་སོགས་ཐུབ་པ་སྡུག་བསྔལ་མྱོང་གྱུར་པ། །དེ་ཡི་ཐམས་ཅད་གཞན་དོན་བཅས་ཤིང་རང་མིན་གཞན་དོན་འཇུག །དེ་ལྟར་རིག་ཀྱང་

གང་ཞིག་བཀའ་ལ་གནས་པར་མི་བྱེད་པ། །འདུ་ཤེས་མེད་ཅིང་རྩྭ་ཕུང་དང་འདྲ་ས་ཡི་ཁུར་བུར་ཟད། །སྟོན་པ་ཞིར་གཤེགས་དེའི་ཚོགས་རི་མོ་འདྲར་ཐར་གྱུར་པའི་ལམ། །དེ་ཡི་གོ་འཕང་སེམས་རྨོངས་འཕེལ་བས་གཏུམས་ཤིང་སྒྲིབ་པ་ན། །ཕན་པ་ཇི་ལྟར་བྱ་བར་ནུས་ཞེས་དེ་

ལྟར་ངེས་པ་ནི། །མྱ་ངན་འདས་པ་ཇི་སྲིད་ལྟ་བའི་སྒྲ་འདི་སྟོབས་མེད་བྱ། །གང་ཞིག་ངན་འགྲོ་སྣ་ཚོགས་བདག་ཉིད་གང་དུ་བཀོད་པ་དང་། །གནས་གཙང་སྤངས་པའི་བདེ་འགྲོར་ཡུན་རིང་མ་སྐྱེས་གང་ཞིག་ཡོད། །རྣམ་མང་གནས་སུ་བྱུང་བར་མ་གྱུར་སེམས་ཅན་གང་ཞིག་ཡོད། །

Vol. 146 · folio 85a

བློ་ལྡན་རང་གཞན་དེ་ལྟར་མཐོང་བ་འགྲོ་བའི་ཕྲ་རྒྱས་འགྲོལ། །རྒྱལ་པོས་དེའི་ཚིག་ཐོས་ནས་པདྨའི་སྦུབས་ལྟར་ངོ་མཚར་བའི་སྤྱན་གྱིས་སྨྲས་པ། ཀྱེ་བདག་གི་གཟུ་ལུམས་སུ་དཔྱད་པ་སྔོན་དུ་མ་བཏང་བར་གཤེད་མ་ལས་བཀའ་ལུང་སྩལ་ཏོ། །ཕྱིར་རྒོལ་

སྨྲ་བར་གྱུར་པ་སྣ་ཚོགས་ཀྱི། །ལས་དང་འབྲས་བུ་ལྐོག་གྱུར་མ་མཐོང་ངམ། །ཁྱོད་ཀྱིས་བདེན་པ་མཐོང་བར་གྱུར་ཏམ་ཅི། །ཐུབ་ཅེས་ཐེ་ཚོམ་བསམས་པ་འདི་ཅིས་འཕངས། །སེམས་ལ་སངས་རྒྱས་རྗེས་སུ་དྲན་བཅས་ཁྱོད་བསད་ཅིང་། །འཇིག་རྟེན་གནོད་བཅས་བདག་གི་

འགྲོ་བ་གང་ཞིག་འགྱུར། །བུ་གཅིག་དགའ་བར་མཛོད་ཅིག་སེམས་དང་བཀའ་ཡིས་གནོད་བསལ་ཏེ། །རིམ་གྱིས་ལུང་བསྟན་རབ་བྱུང་དངོས་པོ་ཐོབ་ལ་ཤེས་པར་འགྱུར། །གསད་བྱ་གསད་བྱ་མ་ཡིན་གནོད་དང་ཞི་འབྲས་བཀའ་ལུང་ཅན། །འདི་ལ་ཕ་དང་མ་བཞིན་རྒྱལ་འབངས་

ཀུན་ལ་མངའ་བདག་སྟེ། །ཁྱོད་ནི་ང་ཡི་སྲོག་སྦྱིན་པ་ཡི་བུ་ཡི་མཆོག་ཡིན་ཏེ། །རྗེས་སུ་གནང་ནས་རབ་བྱུང་ཞི་ཐོབ་ཐེ་ཚོམ་མ་བྱེད་ཅིག །བུ་མཐོང་ངམ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་མཆོག་གི་སྤྱོད་པ་སྣ་ཚོགས་མངའ་བ། །བསམ་པ་དང་། བག་ལ་ཉལ་དང་།

ཁམས་དང་། རང་བཞིན་དང་། དབང་པོ་ཡོངས་སུ་སྨིན་པ་དང་། དགེ་བའི་རྩ་བ་དང་། དུས་དང་དུས་མ་ཡིན་པའི་གནས་སྐབས་ལ་ལྟོས་ནས་གདུལ་བྱ་ལ་འཇུག་སྟེ། ང་འདི་སྙམ་དུ་ཁྱོད་ལ་རྣམ་པར་སྨིན་པ་ངེས་པའི་ལས་ཀྱིས་འཕངས་པ་ཡོད་པས་ཐུགས་རྗེས་བཏང་སྙོམས་སུ་མཛད་དོ། །

ཞེས་དགོངས་སོ། །དྲང་སྲོང་ཆེན་པོ་གང་ལ་དུས་མིན་དང་། །སྣོད་མིན་མི་འབབ་བཏང་སྙོམས་མི་མཛད་པ། །དེའི་ཕྱིར་རྣམ་པ་འདིས་ནི་བཏང་སྙོམས་མཛད། །དུས་དང་སྣོད་དང་ཕན་པར་གཟིགས་ནས་གསུང་། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བོས་ཏེ་སྨྲས་པ། རྒྱལ་པོའི་ཁབ་

པ་རྣམས་ལ་འདི་རྒྱལ་པོའི་བུ་ཡིན་ནོ་ཞེས་ཐོས་པར་གྱིས་ཤིག །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་བུ་ལ་འོས་པའི་གོས་དང་། རྒྱན་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བྲན་ལ་སོགས་པ་རྣམ་པ་སྣ་ཚོགས་དང་། རྒྱལ་པོ་ལ་འོས་པའི་

Vol. 146 · folio 85b

གླང་པོ་ཆེ་ལ་བསྐྱོན་ནས་གྲོང་ཁྱེར་དུ་བོས་པ། ཡ་མཚན་ཅན་དང་། ཐོས་པ་དང་བཅས་པ་ཁྱེད་རྣམས་ཉོན་ཅིག །འདི་ནི་ཡུལ་བཱ་རཱ་ཎ་སཱིའི་ཕྱུག་པོའི་བུ་གང་གཱ་ལེན་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་འདོད་པ་ན་ཕ་དང་མ་ལས་གནང་བ་མ་ཐོབ་ནས་

བདག་ཅི་ནས་འཇིག་རྟེན་ཕ་རོལ་དུ་ཐོབ་པར་འགྱུར་ཞེས་དེ་འཆི་བའི་ཐབས་གཞན་རྟོག་ནས་རྐུན་མར་བསྟན་ཏེ་བསད་པར་བཀའ་ལུང་སྩལ་པ་འདི་ལྟར་རིགས་གཞན་གྱིས་མི་འཕྲོགས་པའི་རྟོག་མཐུའི་ཆེ་བའི་བདག་ཉིད་ས་ཆེན་པོའི་ཐིག་ལེ་གཅིག་པ་རྒྱལ་བར་བྱ་བ་ལས་རྣམ་པར་

རྒྱལ་བའི་ལྷ་མ་སྐྱེས་དགྲའི་སྲས་སུ་སྐྱེས་སོ་ཞེས་ཐོས་པར་བྱས་ཏེ། དགའ་བ་དང་སྐྱོ་བ་ཡང་དག་པར་སྐྱེས་པ་མང་པོ་ཕྱི་ནས་འབྲང་ཞིང་མདུན་དུ་བྱས་ཏེ། རྒྱལ་པོས་གནང་ནས་སྨྱུག་མའི་ནགས་ཚལ་གང་ན་བ་དེར་སོང་ངོ་། །དེ་དེར་སྔོན་གྱི་དུས་སུ་བྱས་པའི་རྒྱུས་བར་ཆད་ཐམས་ཅད་

ཟད་ཅིང་ཉེ་བར་གྲོལ་ཏེ། ཐོབ་པར་རིགས་པ་རབ་ཏུ་བྱུང་བ་ཕུན་སུམ་ཚོགས་པ་ཐོབ་བོ། །དེ་རབ་ཏུ་བྱུང་བ་ཕུན་སུམ་ཚོགས་པ་ཐོབ་ནས་ཡིད་ལ་བྱེད་པ་ཕུང་པོ་དང་ཁམས་རབ་ཏུ་རྣམ་པར་དབྱེ་བ་རྟོག་པའི་རིམ་གྱིས་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། ཉེ་བའི་ཉོན་མོངས་

པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་ཀྱི་ལྕགས་སྒྲོག་གི་འཆིང་བ་ཤེས་རབ་ཀྱི་རལ་གྲིས་ཡང་དག་པར་བཅད་ནས་འཇིག་རྟེན་ཐམས་ཅད་ཀྱི་ཆེ་བའི་ཆེ་བར་མཆོད་པར་བྱ་བ་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །འདིར་མདོར་བསྡུས་ཏེ་བརྗོད་ཀྱི། རྒྱས་

པར་ནི་རྟོགས་པ་བརྗོད་པ་བརྒྱའི་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པའི་བརྒྱད་པ་ལས་བལྟ་བར་བྱའོ། །ཚང་དཔོན་གྱི་བུ་གྲགས་པ་གཞོན་ནུ་ཞེས་བྱ་བ་ལ། བཅོམ་ལྡན་འདས་བཱ་རཱ་ཎ་སཱིའི་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་ན་བཞུགས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་གྲགས་པ་མཆོག་གི་རིགས་

ཀྱི་བུ་ཞིག་ཡོད་དེ། ཉིན་པར་བུད་མེད་ཀྱི་རོལ་མོས་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད་པ་ལུས་ཆད་ཅིང་ལུས་ངལ་ཏེ་ལུས་ལྕི་བར་གྱུར་པས་གཉིད་ལོག་པར་གྱུར་ཏོ། །བུད་མེད་དེ་དག་ཀྱང་ལུས་ཆད་ཅིང་ལུས་ངལ་ཏེ་ལུས་ལྕི་བར་གྱུར་པས་གཉིད་ལོག་པར་གྱུར་ཏོ། །གྲགས་པ་མཆོག་གི་

Vol. 146 · folio 86a

རིགས་ཀྱི་བུས་བུད་མེད་དེ་དག་སྒྲེན་མོར་ཁ་ཆུ་འཛག་པ་སྐྲ་གྲོལ་བ་ལག་པ་དག་གཡེངས་པ་གཞན་དང་གཞན་གྱི་བརྡོལ་སྨྲས་བྱེད་པ་དག་མཐོང་ནས། བཙུན་མོའི་འཁོར་དེ་དག་ལ་དུར་ཁྲོད་ཀྱི་འདུ་ཤེས་བྱུང་བར་གྱུར་ཏེ། དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་

ནུ་མལ་སྟན་ཆེན་པོ་ལས་བབས་ཏེ། བརྒྱ་སྟོང་རི་བའི་མཆིལ་ལྷམ་གཉིས་གོན་ནས་བཙུན་མོའི་གྲོང་གི་སྒོ་ཁང་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས། ཀྱེ་གྲོགས་པོ་དག་བདག་ནི་རབ་ཏུ་གཙེས་སོ། །བདག་ནི་ཉེ་བར་གཙེས་སོ་ཞེས་འོ་དོད་བོས་པས་མི་མ་

ཡིན་པ་རྣམས་ཀྱིས་སྒོ་ཕྱེ་ནས་སྒྲ་མི་ཐོས་པར་བྱས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་ཚོང་དུས་ཀྱི་སྒོ་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་ཀྱེ་གྲོགས་པོ་དག་བདག་ནི་རབ་ཏུ་གཙེས་སོ་བདག་ནི་ཉེ་བར་གཙེས་སོ་ཞེས་འོ་དོད་བོས་པས་དེ་མི་མ་ཡིན་པ་རྣམས་ཀྱིས་སྒོ་

ཕྱེ་སྟེ་སྒྲ་མི་གྲགས་པར་བྱས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་གྲོང་ཁྱེར་གྱི་སྒོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས། ཀྱེ་གྲོགས་པོ་དག་བདག་ནི་རབ་ཏུ་གཙེས་སོ། །བདག་ནི་ཉེ་བར་གཙེས་སོ་ཞེས་འོ་དོད་བོས་པ་དེ་མི་མ་ཡིན་པ་རྣམས་ཀྱིས་སྒོ་ཕྱེ་སྟེ་སྒྲ་མི་

ཐོས་པར་བྱས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་གང་ན་བ་དེར་ཉེ་བར་སོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་ཆུ་བོ་སྒྲིབ་མེད་ཀྱི་འགྲམ། ཕྱི་རོལ་བླ་གབ་མེད་པ་ན་འཆག་ཅིང་འཆག་ནས་བཞུགས་པས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་རྒྱང་རིང་པོ་ནས་

འོང་བ་གཟིགས་ཤིང་རིགས་ཀྱི་བུ་གྲགས་པ་གཞོན་ནུས་ཀྱང་བཅོམ་ལྡན་འདས་ཆུ་བོ་སྒྲིབ་མེད་ཀྱི་ཕྱི་རོལ་བླ་གབ་མེད་པ་ན་འཆག་ཅིང་འཆག་པར་མཐོང་ནས་དགེ་སྦྱོང་བདག་ནི་གཙེས་སོ། །ཀྱེ་དགེ་སྦྱོང་བདག་ནི་རབ་ཏུ་གཙེས་སོ་ཞེས་འོ་དོད་བོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་

རིགས་ཀྱི་བུ་གྲགས་པ་གཞོན་ནུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གཞོན་ནུ་ཚུར་ཤོག །འདི་ན་ཉེ་བར་འཚེ་བ་མེད་པ་དང་ཉེ་བར་འཚེ་བ་མེད་པའི་གནས་ཡོད་དོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུས་བརྒྱ་སྟོང་རི་བའི་མཆིལ་ལྷམ་ཟུང་དག་ཆུ་བོ་སྒྲིབ་མེད་ཀྱི་ངོས་སུ་བོར་ནས་

Vol. 146 · folio 86b

ཆུ་བོ་རྒལ་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་དང་གཙུག་ལག་ཁང་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་

གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་བཅོམ་ལྡན་འདས་ཀྱི་ཆོས་དང་

ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔོན་གྱི་དུས་ཀྱི་རྒྱུ་ཆོས་ཀྱི་གཏམ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་

ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་རོ་ཆུང་ཞིང་ཉེས་དམིགས་མང་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཐར་པ་དང་། དབེན་པ་དང་། བསྔགས་པ་དང་། རྣམ་པར་བྱང་བའི་ཕྱོགས་རྒྱས་པར་ཡང་དག་པར་གསལ་

བར་མཛད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། རབ་ཏུ་དགའ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། འཁོར་བ་ལས་ཡང་དག་པར་འདའ་བའི་ཆོས་བསྟན་པ་ཤེས་པར་ནུས་ཤིང་རིག་པ་

དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོར་བ་ལས་ཡང་དག་པར་འདས་པའི་ཆོས་བསྟན་པ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་སྟེ། འཕགས་པའི་བདེན་པ་བཞི་པོ་རྒྱས་པར་རབ་ཏུ་གསལ་བར་མཛད་དོ། །འདི་ལྟ་སྟེ། གོས་དྲི་

མ་དང་བྲལ་ཞིང་ཡོངས་སུ་དག་པ་གཙོ་བླག་མཁན་གྱི་ལག་ཏུ་གཏད་ན་ཡང་དག་པར་ཚོན་འཛིན་པར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་གྲགས་པ་གཞོན་ནུ་སྟན་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་ཏེ། འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words