ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 146 · folio 141b
གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་བར་འགྱུར་གྱི། གཞན་དུ་ན་སྐྱེ་བའི་རྐྱེན་མེད་པར་རྒ་ཤི་འབྱུང་བར་མི་འགྱུར་རོ། །སྐྱེ་བ་དང་། སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་།
སྐྱེ་མཆེད་དྲུག་དང་། མིང་དང་གཟུགས་དང་། རྣམ་པར་ཤེས་པ་དང་། མ་རིག་པ་ཡོད་ན་འདུ་བྱེད་འབྱུང་བར་འགྱུར་གྱི། གཞན་དུ་ན་མ་རིག་པ་མེད་པར་འདུ་བྱེད་རྣམས་འབྱུང་བར་མི་འགྱུར་རོ། །བཙུན་པ་སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་མི་འགྱུར་གྱི། གཞན་དུ་ན་སྐྱེ་བ་འགགས་པས་རྒ་ཤི་
འགག་པར་མི་འགྱུར་རོ། །སྐྱེ་བ་དང་སྲིད་པ་དང་། ལེན་པ་དང་། སྲེད་པ་དང་། ཚོར་བ་དང་། རེག་པ་དང་། སྐྱེ་མཆེད་དྲུག་དང་། མིང་དང་གཟུགས་དང་། རྣམ་པར་ཤེས་པ་དང་། མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་གྱི། གཞན་དུ་ན་མ་རིག་པ་འགགས་པས་འདུ་བྱེད་འགག་
པར་མི་འགྱུར་རོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །སྐྱེ་བ་ཡོད་ན་རྒ་ཤི་འབྱུང་བར་འགྱུར་གྱི། གཞན་དུ་ན་སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་ཞེས་བྱ་བའི་བར་དུའོ། །ལྟ་བ་དྲུག་ཅུ་རྩ་གཉིས་ནི་
ཚངས་པའི་དྲ་བ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཏེ་ཞེས་བྱ་བ་ལ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། དགེ་བསྙེན་སྟོང་དང་། སློང་མོ་ཟ་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་མ་ག་དྷཱ་ན་ལྗོངས་རྒྱུ་ཞིང་གཤེགས་ཏེ། རྒྱལ་པོའི་
ཁབ་དང་པ་ཊ་ལིའི་གྲོང་ཁྱེར་གྱི་བར་ན་རྒྱལ་པོ་བཞུགས་ས་སྨྱུག་མའི་ལྡུམ་བུ་ཅན་དུ་མཚན་མོ་བཞུགས་པའི་ཕྱིར་གཤེགས་སོ། །དེའི་ཚེ་དེའི་དུས་ན་ཀུན་དུ་རྒྱུ་རབ་དགའ་ཞེས་བྱ་བ་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་རྗོད་
པར་བྱེད་དོ། །ཀུན་དུ་རྒྱུ་རབ་དགའི་ལྷན་ཅིག་གནས་པ་ཚངས་པས་བྱིན་ཞེས་བྱ་བ་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་དེ། སློབ་དཔོན་དང་ཉེ་བར་གནས་པ་འདི་གཉིས་ཀ་ཡང་ལྟ་བ་གཞན་དང་གཞན་དུ་གྱུར་ཅིང་། འདོད་པ་དང་བློ་
Vol. 146 · folio 142a
ཐ་དད་པར་སྨྲ་བ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་རྒྱལ་པོ་བཞུགས་ས་ན་འདུས་པར་གྱུར་ཅིང་འདུག་པ་དེ་དག་བར་སྐབས་སུ་འདི་ལྟ་
བུའི་གཏམ་གླེང་ལངས་ཏེ། ཚེ་དང་ལྡན་པ་དག་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པ་ནི་ངོ་མཚར་ཏེ། གང་གི་ཕྱིར་ད་ལྟར་ཀུན་དུ་རྒྱུ་རབ་དགའ་སངས་རྒྱས་ཀྱི་བསྔགས་པ་མ་ཡིན་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད་ལ་ཞེས་བྱ་བ་ནས་དགེ་འདུན་གྱི་བསྔགས་
པ་བརྗོད་ཅེས་བྱ་བའི་བར་དུའོ། །དགེ་སློང་རབ་ཏུ་མང་པོ་རྒྱལ་པོ་བཞུགས་ས་ན་འདུས་པར་གྱུར་ཅེས་འདུག་པ་དེ་དག་འདི་ལྟ་བུའི་གཏམ་བརྗོད་པ། བཅོམ་ལྡན་འདས་ཉིན་པར་གྱི་གནས་པས་བཞུགས་པས་ལྷའི་རྣ་བ་ཤིན་ཏུ་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ། །གསན་ནས་
རྒྱལ་པོ་བཞུགས་ས་གང་ན་བ་དེར་ཉེ་བར་གཤེགས་ཏེ་དགེ་སློང་གི་དགེ་འདུན་གྱི་དབུས་སུ་གདན་བཤམས་པ་ལ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་དགེ་སློང་དག་དགེ་སློང་རབ་ཏུ་མང་པོ་རྒྱལ་པོ་བཞུགས་ས་ན་འདུས་པར་གྱུར་ཅིང་འདུག་པ་དག་བར་སྐབས་སུ་
གཏམ་བརྗོད་པ་ཅི་ལྟ་བུ་གླེང་ལངས། དོན་ཅིའི་ཕྱིར་འདུས་པར་གྱུར་ཅིང་འདུག་པར་གྱུར། བཙུན་པ་བདག་ཅག་འདི་ན་དགེ་སློང་རབ་ཏུ་མང་པོ་དག་རྒྱལ་པོ་བཞུགས་ས་ན་འདུས་པར་གྱུར་ཅིང་འདུག་པ་དག་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་གླེང་ལངས་ཏེ། སེམས་ཅན་རྣམས་
ཀྱི་མོས་པ་སྣ་ཚོགས་པ་ནི་ངོ་མཚར་ཏེ། གང་གི་ཕྱིར་ད་ལྟར་ཀུན་དུ་རྒྱུ་རབ་དགའ་སངས་རྒྱས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་ལ། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད་ཅེས་བྱ་བ་ནས་དགེ་འདུན་གྱི་བསྔགས་པ་བརྗོད་ཅེས་བྱ་བའི་བར་དུ་དང་། འདི་ལྟ་བུ་བདག་ཅག་
ཅེས་སྔ་མ་བཞིན་ནོ། །དགེ་སློང་དག་ངའི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་པ་དེ་ལ་ཁྱེད་ཅག་མི་བཟོད་པར་མི་བྱ་བ་དང་། མ་དད་པ་དང་སེམས་མི་དགའ་བར་མི་བྱ་བ་སྟེ། དགེ་སློང་དག་ངའི་བསྔགས་པ་མ་ཡིན་པ་བརྗོད།
Vol. 146 · folio 142b
ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད་པ་དེ་ལ་ཁྱེད་ཅག་མི་བཟོད་པ་དང་། མ་དད་པ་དང་། སེམས་མངོན་པར་མི་དགའ་བར་གྱུར་ན་དེ་ཉིད་ཁྱེད་ཅག་གི་བར་དུ་གཅོད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་སྲིད་དུ་ཁྲོ་བ་དང་གཏུམ་པར་འགྱུར་ཞིང་ཡིད་དུ་མི་འོང་བར་
འགྱུར་ཏེ། གཞན་གྱིས་སྨྲས་པའི་དོན་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་ཤེས་པ་དང་མཐོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་ངའི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་
པ་བརྗོད་པ་ཡར་དག་པ་ནི་ཡང་དག་པ་ཉིད་དུ་ཤེས་པར་བྱ་ཞིང་། འདི་ནི་ཡང་དག་པ་མ་ཡིན་པ་འདི་ལྟ་བུ་ནི་ཡང་དག་པ་མ་ཡིན་པ་སྟེ། བདག་ཅག་ལ་ཆོས་འདི་མེད་དོ་ཞེས་ཡང་དག་པ་མ་ཡིན་པ་ནི་ཡང་དག་པ་མ་ཡིན་པའོ་ཞེས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་ངའི་བསྔགས་པ་
བརྗོད་པ་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་རྗོད་པར་བྱེད་པ་ན་དེ་ལ་ཁྱེད་དགའ་བ་དང་། ཡིད་བདེ་བ་དང་། སེམས་ཡེང་ཡེང་པོར་མི་བྱ་སྟེ། དགེ་སློང་དག་ངའི་བསྔགས་པ་བརྗོད་པ་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་རྗོད་པར་བྱེད་པ་དེ་ལ་ཁྱེད་ཅག་དགའ་བ་དང་། ཡིད་བདེ་
བ་དང་། སེམས་ཡེང་ཡེང་པོར་བྱེད་ན། དེ་ཉིད་ཁྱེད་ཅག་གི་བར་དུ་གཅོད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དེ་དེ་སྲིད་དུ་དགའ་བ་སྐྱེ་བ་དང་། ཡིད་བདེ་བ་སྐྱེ་བ་དང་། སེམས་ཡེང་ཡེང་པོར་གྱུར་ན་གཞན་གྱིས་སྨྲས་པ་ནི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་དང་
མཐོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་ངའི་བསྔགས་པ་བརྗོད་པ་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་པ་ན་འདི་ནི་ཡང་དག་པ་འདི་ལྟ་བུ་ནི་ཡང་དག་པ་སྟེ་ཆོས་འདི་དག་བདག་ཅག་ལྡན་ནོ་ཞེས་ཡང་དག་པ་ནི་ཡང་
དག་པར་ཤེས་པར་བྱ་ཞིང་ཡང་དག་པ་མ་ཡིན་པ་ནི་ཡང་དག་པ་མ་ཡིན་པའོ་ཞེས་ཡོངས་སུ་སྤང་བར་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་ཅིང་སྨྲ་བ་འདི་ནི་ཤིན་ཏུ་ཆུང་སྟེ། འདི་ལྟ་སྟེ། ཚུལ་ཁྲིམས་ཙམ་ལའམ། འདོད་པ་ལས་
Vol. 146 · folio 143a
དབེན་པ་ཙམ་ལའོ། །ཇི་ལྟར་ན་ཚུལ་ཁྲིམས་ཙམ་ལ་ཞེ་ན། བཅོམ་ལྡན་འདས་ནི་ཚུལ་ཁྲིམས་དང་ལྡན་པ། ཚུལ་ཁྲིམས་རྫོགས་པ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། ཇི་ལྟར་བྱེད་པ་དེ་བཞིན་དུ་སྨྲ་བ་ཞེས་བྱ་བ་དང་། བཅོམ་ལྡན་འདས་དེ་ནི་སྲོག་གཅོད་པ་སྤངས་
ཤིང་སྲོག་གཅོད་པ་ལས་ལོག་པ་དབྱུག་པ་དང་མཚོན་ཆ་སྤངས་པ་ཞེས་བྱ་བ་ནས་རྒྱས་པར་དཔེའི་བར་དུ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་བ་ནས་ཕྱི་ནས་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། འདི་ལྟར་ཚུལ་ཁྲིམས་ཙམ་ལའོ། །ཇི་ལྟར་དབེན་པ་ལ་ཞེ་ན། བཅོམ་ལྡན་
འདས་དེ་ནི་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་པས་དེ་དབང་པོའི་སྒོ་བསྲུངས་ཤིང་གནས་ཞེས་བྱ་བ་ནས་དབང་པོའི་སྡོམ་པ་དང་ལྡན་པ་དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་པས་གཤེགས་པ་དང་བྱོན་པ་ཤེས་བཞིན་དུ་བཞུགས་ཤིང་། གཟིགས་པ་དང་།
རྣམ་པར་གཟིགས་པ་དང་། གཟིམས་གྱིས་ངལ་བ་བསང་བ་དག་ལ་མི་མཁྱེན་བཞིན་དུ་བཞུགས་ཞེས་བྱ་བ་ནས་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདི་ལྟ་བུ་ནི་འདོད་པ་ལས་དབེན་པའོ། །དགེ་སློང་དག་གཞན་ཡང་ཆོས་ཟབ་མོ་ཟབ་པར་སྣང་བ། ཡོངས་
སུ་དག་པ་ཡོངས་སུ་བྱང་བ་དེ་དག་ནི་རང་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་སངས་རྒྱས་ནས་བསྟན་ཅིང་བཤད་པས་གཞན་གྱིས་དེ་བཞིན་གཤེགས་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་བསྔགས་པ་བརྗོད་ཅིང་སྨྲ་བར་འགྱུར་རོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་
གྱི་མཐར་རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ་དངོས་པོ་བཞི་རྣམས་ལའོ། །དགེ་སློང་དག་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས། སྔོན་གྱི་མཐར་རྟོག་ཅིང་རྟག་པར་སྨྲ་
བ་དག་འདི་ལྟར་དངོས་པོ་བཞི་རྣམས་ལ་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་འབྱུང་ཞེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དགོན་པའམ་ཤིང་དྲུང་ངམ། ཁང་པ་སྟོང་པ་ཡོངས་སུ་གདུང་བའི་རྒྱུ་དང་། སྤངས་པའི་རྒྱུ་དང་། བསྒོམས་
Vol. 146 · folio 143b
པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ཡང་དག་པར་ཡིད་ལ་བྱས་པའི་རྒྱུ་དང་། འདི་ལྟ་བུའི་སེམས་ཞི་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། ཇི་ལྟར་སེམས་མཉམ་པར་གཞག་པ་ལ་འཇིག་པ་དང་ཆགས་པའི་བར་གྱི་བསྐལ་པ་ཉི་ཤུ་རྗེས་སུ་དྲན་ཏེ། དེ་འདི་སྙམ་དུ་བདག་
དང་འཇིག་རྟེན་ནི་རྟག་པའོ། །བདག་དང་འཇིག་རྟེན་རྟག་པ་ནི་དེ་ཁོ་ན་ལྟར་འགྱུར་ཏེ། བདག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་འཇིག་པ་དང་ཆགས་པའི་བར་གྱི་བསྐལ་པ་ཉི་ཤུ་རྗེས་སུ་དྲན་ཏེ་བདག་དང་འཇིག་རྟེན་ནི་རྟག་པ་མ་སོང་བ་མི་འགྲོ་བ་གནོད་པ་བྱར་
མེད་པ། རྟག་ཏུ་གནས་པ་རྡོ་རྗེ་ལྟར་གནས་པའོ། །སེམས་ཅན་བྱུང་བར་གྱུར་པ་འདི་དག་ཉིད་ཉིང་མཚམས་སྦྱོར་ཞིང་འཁོར་ཏེ་རྟག་པ་དང་མཉམ་པ་འདི་མེད་དོ་ཞེས་བྱ་བར་འགྱུར་ཏེ། དགེ་སློང་འདི་ནི་དངོས་པོ་དང་པོ་སྟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་པས་སྔོན་གྱི་མཐར་
རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ། །དགེ་སློང་ངམ་བྲམ་ཟེ་གཞན་པ་ཡང་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་
སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སྦྱོང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྟོན་པའམ། ཤིང་དྲུང་ངམ་ཁང་པ་སྟོང་པར་ཡོངས་སུ་གདུང་བའི་རྒྱུ་དང་། སྤངས་པའི་རྒྱུ་དང་། བསྒོམས་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ཡང་དག་པར་ཡིད་ལ་བྱས་པའི་རྒྱུ་དང་ལས་དེ་ལྟ་
བུའི་སེམས་ཞི་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། ཇི་ལྟར་སེམས་མཉམ་པར་གཞག་པ་ན་འཇིག་པ་དང་། ཆགས་པའི་བར་གྱི་བསྐལ་པ་བཞི་བཅུ་ཡོངས་སུ་དྲན་ནས། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྟག་པའོ། །བདག་དང་འཇིག་རྟེན་རྟག་པ་ནི་དེ་ཁོ་ན་ལྟར་འགྱུར་ཏེ་ཞེས་བྱ་བ་ནས་
སྔ་མ་བཞིན་དུ་འཇིག་པ་དང་ཆགས་པའི་བར་གྱི་བསྐལ་པ་བཞི་བཅུ་རྗེས་སུ་དྲན་ཏེ། བདག་དང་འཇིག་རྟེན་ནི་མ་སོང་བ་མི་འགྲོ་བ་གནོད་པ་བྱར་མེད་པ་རྟག་ཏུ་གནས་ཤིང་རྡོ་རྗེ་ལྟར་གནས་པའི་སེམས་ཅན་བྱུང་བར་གྱུར་པ་འདི་དག་ཉིད་ཉིང་མཚམས་སྦྱོར་ཞིང་འཁོད་དེ་རྟག་པ་དང་མཉམ་པ་
Vol. 146 · folio 144a
ནི་མེད་དོ་ཞེས་བྱ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་མངོན་པར་སྨྲ་བས་མངོན་པར་སྨྲའོ་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་གཞན་གསུམ་པ་ཡང་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་
སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཇི་ལྟར་སེམས་མཉམ་པར་གཞག་ན་འཇིག་པ་དང་ཆགས་པའི་བར་གྱི་བསྐལ་པ་བརྒྱད་ཅུ་རྗེས་སུ་དྲན་ནས། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་རྟག་པ་སྟེ་དེ་ནི་དེ་ཁོ་ན་ལྟར་འགྱུར་ཏེ་ཞེས་བྱ་བ་ནས་རྟག་པ་དང་། མཉམ་པ་
གཞན་མེད་དོ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་དག་འདི་ནི་དངོས་པོ་གསུམ་པ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ཏེ། གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ། །དགེ་སྦྱོང་ངམ་བྲམ་ཟེ་གཞན་
ཞིག་བཞི་པ་ཡང་གང་རྟོགས་ཤིང་གང་ལ་བརྟེན་ཏེ། གང་དམིགས་ནས་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་སྨྲ་བ་དག་ཅེས་བྱ་བ་ནས་སྔ་མ་བཞིན་སེམས་མཉམ་པར་གཞག་པ་ནི་མི་ལས་འདས་པའི་ལྷའི་མིག་རྣམ་པར་དག་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་
པོ་དང་། ཁ་དོག་ངན་པ་དང་། དམན་པ་དང་། གྱ་ནོམ་པ་དང་། བདེ་འགྲོར་འགྲོ་བ་དང་། བཟང་འགྲོར་འགྲོ་བ་དག་མཐོང་ནས་དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྟག་པའོ། །བདག་དང་འཇིག་རྟེན་རྟག་པ་ནི་དེ་ཁོ་ན་ལྟར་འགྱུར་ཏེ། བདག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་
ནས་སེམས་མཉམ་པར་གཞག་པ་ན་མི་ལས་འདས་པའི་ལྷའི་མིག་རྣམ་པར་དག་པ་ཞེས་བྱ་བ་ནས་ངན་འགྲོར་འགྲོ་བ་ཡང་མཐོང་ཞེས་བྱ་བའི་བར་དུ་བདག་དང་འཇིག་རྟེན་ནི་སོང་ཞིང་མི་འགྲོ་བ། གནོད་པ་བྱར་མེད་ཅིང་རྟག་ཏུ་གནས་ཤིང་རྡོ་རྗེ་ལྟར་གནས་པའི་སེམས་ཅན་འདི་དག་ཉིད་ཉིང་
མཚམས་སྦྱོར་ཞིང་འཁོར་ཏེ། རྟག་པ་དང་མཉམ་པ་མེད་དོ་ཞེས་བྱ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་བཞི་པ་སྟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ། གང་དམིགས་ནས་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་སྨྲ་བ་དག་བདག་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ། །
Vol. 146 · folio 144b
དགེ་སློང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་དངོས་པོ་བཞི་པོ་འདི་དག་ལས་གོང་མར་གྱུར་པ་མེད་ཅིང་མི་འབྱུང་ངོ་། །དེ་དག་ནི་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་
བཞིན་རབ་ཏུ་མཁྱེན་ཏེ། འདི་དག་ནི་ལྟ་བར་གྱུར་པ་འདི་ལྟ་བུ་འཛིན་པ་བསམ་པ་འདི་ལྟ་བུ་འགྲོ་བ། འདི་ལྟ་བུ་སྐྱེ་བ་འདི་ལྟ་བུ་འཇིག་རྟེན་ཕ་རོལ་པོ་འདི་ལྟ་བུ་ཞེས་དེ་བཞིན་གཤེགས་པས་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་དང་འདི་ལས་གོང་མར་གྱུར་པ་ཡང་དེ་བཞིན་
གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ནས་རྣམ་པར་མི་དཔྱོད་མི་རྟོག་ཅིང་བདག་ཉིད་སོ་སོར་མ་གྲུབ་པ་ཞེས་རྟོགས་ཤིང་ཚོར་བའི་ཀུན་འབྱུང་བ་དང་། སྐྱེ་བ་མཁྱེན་ཅིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་མཁྱེན་པར་གྱུར་ཏོ། །དགེ་སྦྱོང་དག་འདི་ནི་ཆོས་ཟབ་མོ་ཟབ་པར་སྣང་
བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སྦྱོང་དག་ཅེས་བྱ་བའི་བར་དུའོ། །དགེ་སྦྱོང་དག་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ་དངོས་པོ་བཞི་རྣམས་ལའོ། །དགེ་སྦྱོང་ངམ་བྲམ་ཟེ་དག་གང་རྟོགས་
ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་ཕྱོགས་གཅིག་རྟག་པར་སྨྲ་བ་དག་འདི་ལྟར་དངོས་པོ་བཞི་པ་རྣམས་ལ་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་འབྱུང་བར་འགྱུར་ཞེ་ན། དགེ་སློང་དག་འཇིག་རྟེན་འདི་འཇིག་
ཅིང་འཇིག་པར་འགྱུར་བ་དེ་ལྟ་བུའི་དུས་ཀྱང་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེར་ཡིད་ལས་བྱུང་བའི་གཟུགས་ཅན་དང་དབང་པོ་ཚང་ཞིང་ཉམས་པ་མེད་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་
ལྡན་པ་ཁ་དོག་དང་དབྱིབས་མཛེས་པ་རང་གི་འོད་ཅན་ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་དུས་རིང་དུ་གནས་པ་དག་འབྱུང་བར་འགྱུར་རོ། །དགེ་སློང་དག་གང་གི་ཚེ་འཇིག་རྟེན་འདི་ཆགས་པར་འགྱུར་བའི་དུས་ཀྱང་ཡོད་དེ། འཇིག་རྟེན་
Vol. 146 · folio 145a
ཆགས་པ་ན་ནམ་མཁའ་སྟོང་པ་ལ་ཚངས་པའི་གཞལ་མེད་ཁང་སྟོང་པ་མངོན་པར་གྲུབ་པར་འགྱུར་ཏེ། དེ་ནས་སེམས་ཅན་གཞན་ཞིག་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་རིས་དེ་ནས་འཆི་འཕོས་ཏེ་ཚངས་པའི་གཞལ་མེད་ཁང་སྟོང་
པ་དེར་སྐྱེ་བར་འགྱུར་ཏེ། དེ་དེ་ན་གཅིག་བུ་ཟླ་མེད་ཅིང་གྲོགས་མེད་པར་ཡུན་རིང་དུ་ཚེ་རིང་ཞིང་དུས་རིང་པོར་གནས་པར་འགྱུར་ཏེ། དེ་ནས་སེམས་ཅན་དེ་ཚེ་རིང་ཞིང་དུས་རིང་པོར་གནས་པ་ན་ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་
སྐྱེས་ཤིང་མངོན་པར་དགའ་བ་སྐྱེས་སོ། །སེམས་ཅན་དེ་འདི་ལྟ་བུའི་སེམས་ལ་སྨོན་པར་བྱེད་པ་ན་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་བསོད་ནམས་ཟད་པ་ཞིག་འོད་གསལ་གྱི་ལྷའི་རིས་དེ་ནས་འཆི་འཕོས་ནས་ཚངས་པའི་གཞལ་མེད་ཁང་དུ་སྐྱེ་བར་འགྱུར་རོ། །དེ་ནས་སེམས་ཅན་དེ་འདི་སྙམ་
དུ་བདག་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་ལ་ངས་ཡུན་རིང་པོར་ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་སྐྱེས་ཤིང་མངོན་པར་དགའ་བ་སྐྱེད་ཅིང་འདི་ལྟར་བདག་གི་སྨོན་པས་བདག་དང་སྐལ་བ་
མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ཏེ་སེམས་ཅན་འདི་ནི་ངས་སྤྲུལ་པ། བདག་ནི་སེམས་ཅན་འདི་དག་གི་དབང་ཕྱུག་བྱེད་པ་པོའོ། སྤྲུལ་པ་པོ། །འབྱིན་པ། འབྱིན་པར་བྱེད་པའོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུའོ། །སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་སེམས་ཅན་འདི་
གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་ཞིང་དུས་རིང་པོར་གནས་ཏེ། སེམས་ཅན་དེ་དུས་རིང་པོ་ཞིག་འདས་ཀྱི་བར་དུ་ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་སྐྱེས་ཤིང་མངོན་པར་དགའ་བ་སྐྱེད་ཅིང་། སེམས་ཅན་དེ་འདི་ལྟར་སེམས་
ལ་སྨོན་པས་བདག་ཅག་ཀྱང་འདིར་སྐྱེས་ཏེ། བདག་ཅག་ནི་སེམས་ཅན་འདིས་སྤྲུལ་པ། སེམས་ཅན་འདི་ནི་བདག་ཅག་གི་དབང་ཕྱུག་བྱེད་པ་པོ། སྤྲུལ་པ་པོ། འབྱིན་པ། རབ་ཏུ་འབྱིན་པར་བྱེད་པ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ་སྙམ་དུ་སེམས་སོ། །དེ་ནས་སེམས་ཅན་གཞན་
Vol. 146 · folio 145b
ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་ཞིག་དེ་ནས་འཆི་འཕོས་ཏེ་འདི་ལྟ་བུ་མི་རྣམས་དང་སྐལ་བ་མཉམ་པར་འོངས་ཏེ། ཆེར་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་ཏེ། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་དག་བགོས་ཏེ། དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་
པར་རབ་ཏུ་བྱུང་སྟེ། དེ་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཡོངས་སུ་གདུང་བ་དང་། སྤངས་པ་དང་། བསྒོམས་པ་དང་། ལན་མང་དུ་བྱས་པ་དང་། ཡིད་ལ་བྱས་པས་དེ་ལྟ་བུར་སེམས་ཞི་བའི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་གཞག་པ་ན། སྔོན་གྱི་བདག་ཉིད་
ཀྱིས་ཉམས་སུ་མྱོང་བ་དྲན་ནས་དེ་འདི་སྙམ་དུ་གྱུར་ཏེ། གང་འདི་དག་ནི་ཚངས་པས་སྤྲུལ་པ་སྟེ། དེ་ནི་རྟག་པ་བརྟན་པ་ཡོངས་སུ་མི་འགྱུར་བའི་ཆོས་ཅན་ཏེ། བདག་ཅག་ཚངས་པས་སྤྲུལ་པ། མི་རྟག་པ་མི་བརྟན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་ཞེས་ཕྱོགས་རྟག་པ་དང་། ཕྱོགས་
གཅིག་རྟག་པ་མ་ཡིན་པར་སྨྲ་བ་སྟེ། དགེ་སློང་དག་འདི་ནི་དངོས་པོ་དང་པོ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་ཕྱོགས་གཅིག་རྟག་ཅིང་། ཕྱོགས་གཅིག་མི་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ཕྱོགས་གཅིག་གོ་ཞེས་མངོན་པར་སྨྲ་བས་མངོན་པར་
སྨྲའོ། །དགེ་སློང་དག་གཞན་ཡང་གཉིས་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ། གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་བ་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་
སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སློང་དག་ཚངས་པ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་ཞིང་འདི་སྐད་དུ་སྨྲ་སྟེ། འདི་ལྟར་ས་དང་། ཆུ་དང་། མེ་དང་། རླུང་བཞི་པོ་འདི་དག་ནི་མི་རྟག་པ་མི་བརྟན་པ་ཡིད་བརྟན་དུ་མེད་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱའོ། །གང་ཡང་སེམས་ཞེས་
བྱ་བའམ་ཡིད་ཅེས་བྱ་བའམ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་རྟག་པ་བརྟན་པ་ཡིད་བརྟན་པར་བྱ་བ། ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནོ་ཞེས་བྱའོ། །དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་པ་བསོད་ནམས་ཟད་པ་ཞིག་གནས་དེ་ནས་འཆི་འཕོས་ཏེ། འདི་ལྟ་བུ་མི་རྣམས་དང་སྐལ་
Vol. 146 · folio 146a
བ་མཉམ་པ་ཉིད་དུ་འོངས་ཏེ་ཆེར་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པ་དང་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་དག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། དེ་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་གདུང་བ་
དང་། སྤོང་བ་དང་། སྒོམ་པ་དང་། ལན་མང་དུ་བྱས་པ་དང་། ཡིད་ལ་བྱས་པའི་རྒྱུ་ལས་ཞེས་བྱ་བ་ནས། སེམས་མཉམ་པར་གཞག་པ་ན་གང་གི་ཚེ་ཚངས་པའི་ལྟ་བར་གྱུར་པ་སོ་སོར་ཉམས་སུ་མྱོང་ནས་དེ་འདི་སྙམ། འདི་ལྟར་ས་དང་། ཆུ་དང་། མེ་དང་། རླུང་བཞི་པོ་འདི་དག་ནི་མི་རྟག་
པ། ཡིད་བརྟན་དུ་མེད་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཞེས་བྱའོ། །གང་ཡང་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་རྟག་པ། བརྟན་པ། ཡིད་བརྟན་པར་བྱ་བ། ཡོངས་སུ་མི་འགྱུར་བའི་ཆོས་ཅན་ཞེས་བྱའོ། །ཕྱོགས་གཅིག་རྟག་པར་འགྱུར་
ཏེ། དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་ཞེས་བྱ་བ་ནས་སྔ་མ་བཞིན་ནོ། །དགེ་སློང་དག་གཞན་ཡང་གསུམ་པ་འབྱུང་བར་འགྱུར་ཏེ། དགེ་སློང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་ལ་དམིགས་ནས་
སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་ཅིང་བརྟན་པར་མངོན་པར་སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སློང་འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་པ་ཞེས་བྱ་བ་ཡོད་དེ། དེ་དག་གང་གི་ཚེ་ཤིན་ཏུ་རྩེ་ཞིང་དགའ་བ་དང་ལྡན་པར་གནས་ཏེ། དེ་དག་དགེ་ཞིང་དགའ་བ་དང་
ལྡན་པར་གནས་པས་ལུས་ངལ་ཞིང་དྲན་པ་ཉམས་ཏེ་དྲན་པ་ཡང་དག་པར་ཉམས་པས་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་ཏེ། དེ་ནས་སེམས་ཅན་གཞན་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཇི་ལྟར་སེམས་མཉམ་པར་གཞག་པ་ན་བདག་ཉིད་ཀྱི་སྔོན་གྱི་དངོས་པོ་སོ་སོར་ཉམས་སུ་མྱོང་
ཞིང་དྲན་ནས་དེ་འདི་སྙམ་དུ་གང་དེ་དག་འདོད་པའི་ཁམས་ཀྱི་ལྷ་རྩེད་མོས་མྱོས་པ་ཞེས་བྱ་བ་ཤིན་ཏུ་རྩེ་ཞིང་དགའ་བ་དང་ལྡན་པ་མ་ཡིན་པ་དེ་དག་ནི་རྟག་པ། བརྟན་པ་གཡུང་དྲུང་ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནོ། །གང་དག་བདག་ཅག་ཤིན་ཏུ་རྩེ་ཞིང་དགའ་བ་དང་ལྡན་པ་དེ་དག་ནི་མི་རྟག་
Vol. 146 · folio 146b
པ་མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་ཞེས་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་བ་སྟེ། དགེ་སློང་དག་འདི་ནི་དངོས་པོ་གསུམ་པ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་གཞན་ཡང་
བཞི་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ནས་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་དག་ཕྱོགས་གཅིག་རྟག་པར་སྨྲ་བ་དག་ཅེས་བྱ་བའི་བར་སྔ་མ་བཞིན་དུའོ། །དགེ་སློང་དག་འདོད་པའི་ཁམས་ན་ལྷ་ཡིད་རབ་ཏུ་འཁྲུགས་པ་ཞེས་བྱ་བ་ཡོད་དེ།
གང་གི་ཚེ་དེ་དག་མིག་གིས་མིག་ལ་གཏད་དེ་ལྟ་བར་འགྱུར་གྱི་དེ་དག་མིག་གིས་མིག་ལ་བཙུགས་ཏེ་ལྟ་བ་ན་ཡིད་རབ་ཏུ་སྡང་བར་འགྱུར་ཏེ། ཡིད་རབ་ཏུ་སྡང་བས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་ཏེ། དེ་ནས་སེམས་ཅན་གཞན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཇི་ལྟར་
སེམས་མཉམ་པར་གཞག་པ་ན་བདག་ཉིད་ཀྱི་སྔོན་གྱི་དངོས་པོ་སོ་སོར་མྱོང་ཞིང་དྲན་པ་དེས་འདི་སྙམ་དུ་འདོད་པའི་ཁམས་ན་གང་ཡིད་རབ་ཏུ་འཁྲུགས་པ་ཞེས་བྱ་བའི་ལྷ་ཤིན་ཏུ་མིག་གིས་མིག་ལ་གཏད་དེ་དེ་ལྟ་མ་ཡིན་པ་དེ་དག་ནི་རྟག་པའོ། །བརྟན་པའོ། །གཡུང་དྲུང་ངོ་། །ཡོངས་སུ་མི་
འགྱུར་བའི་ཆོས་ཅན་ནོ། །གང་དག་བདག་ཅག་ཤིན་ཏུ་མིག་གིས་མིག་ལ་གཏད་དེ་ལྟ་བ་དེ་དག་ནི་མི་རྟག་པའོ། །མི་བརྟན་པའོ། །གཡུང་དྲུང་མ་ཡིན་པའོ། ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་སྙམ་དུ་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་སྟེ། དགེ་སློང་དག་འདི་ནི་དངོས་པོ་བཞི་
པ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ནས་གང་དམིགས་ཤིང་། སྔོན་གྱི་མཐར་རྟོག་པ་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་བ་དག །བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་
ཁ་ཅིག་སྔོན་གྱི་མཐར་རྟོག་པ་དག་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་བཞི་པོ་འདི་དག་ལས་གཞན་མེད་ཅིང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དེ་དག་གང་ཞེ་ན་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་
Vol. 146 · folio 147a
སློང་དག་དགེ་སྦྱོང་ངམ་བྲམ་ཟེ་སྔོན་གྱི་མཐར་རྟོག་པ་དག་བདག་དང་འཇིག་རྟེན་རྒྱུ་བ་མེད་པ་ལས་ཀུན་དུ་འབྱུང་ཞིང་རྒྱུ་མེད་པ་ལས་སྐྱེས་པར་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་གཉིས་པོ་འདི་དག་ལའོ། །དགེ་སློང་ངམ་བྲམ་ཟེ་གང་རྟོགས་
ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་རྒྱུ་མེད་པར་སྨྲ་བ་དག །བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་སྐྱེས་སོ་ཞེས་མངོན་པར་སྨྲ་ཞེ་ན། དགེ་སློང་དག་གཟུགས་ཀྱི་ཁམས་ན་ལྷ་འདུ་ཤེས་མེད་པ་ཞེས་བྱ་བ་ཡོད་དེ། འདུ་ཤེས་སྐྱེས་ནས་གནས་
དེ་ནས་འཆི་འཕོ་བར་འགྱུར་ཏེ། དེ་ནས་སེམས་གཞན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཇི་ལྟར་སེམས་མཉམ་པར་གཞག་ན་སྔོན་དུ་འདུ་ཤེས་པའི་བར་ཡང་དག་པར་རྗེས་སུ་དྲན་ཏེ། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་དུ་འབྱུང་སྟེ། རྣམ་པ་འདིས་ན་བདག་དང་འཇིག་རྟེན་
རྒྱུ་མེད་པ་ལས་ཀུན་དུ་བྱུང་ཞིང་། བདག་སྔོན་མ་བྱུང་བ་ལས་ད་ལྟར་བྱུང་བར་གྱུར་ཏོ་སྙམ་མོ། །དགེ་སློང་དག་འདི་ནི་དངོས་པོ་དང་པོ་གང་རྟོགས་ཤིང་གང་ལ་བརྟན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་རྒྱུ་མེད་པར་སྨྲ་བ་དག་ཅེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་
དག་གཞན་ཡང་གཉིས་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་ཞེས་བྱ་བ་ནས་མངོན་པར་སྨྲ་བས་མངོན་པར་སྨྲའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ན་ཁ་ཅིག་གཅིག་ཏུ་རྟོག་གེ་དང་དཔྱོད་པ་པར་གྱུར་ལ། རྟོག་གེ་ཡོངས་སུ་རྫོགས་
པའི་ས་ལ་གནས་པར་གྱུར་ཅིང་། སོ་སོ་སྐྱེ་བོ་རང་ལ་སྣང་བ་མ་བརྗོད་ཅིང་དཔྱོད་པ་ཀུན་དུ་དཔྱོད་པ་དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་དུ་བྱུང་ངོ་། །རྣམ་པ་འདིས་ན་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་དུ་འབྱུང་སྟེ་བདག་འདི་ན་གཅིག་པུ་བྱུང་སྟེ་བདག་འདི་ན་གཅིག་པུ་རྟོག་གེ་
དང་དཔྱོད་པ་པར་འགྱུར་ལ། རྟོག་གེ་ཡོངས་སུ་རྫོགས་པའི་ས་ལ་གནས་པར་གྱུར་ཅིང་། སོ་སོ་སྐྱེ་བོ་རང་ལ་སྣང་བ་ཀུན་དུ་དཔྱོད་ཅིང་རྟོག་གོ་དཔྱོད་པ་ཀུན་དུ་དཔྱོད་པ་ན་བདག་དང་འཇིག་རྟེན་ནི་རྒྱུ་མེད་པས་ཀུན་དུ་འབྱུང་ངོ་སྙམ་སྟེ། དགེ་སློང་དག་འདི་ན་དངོས་པོ་གཉིས་པོ་གང་རྟོགས་ནས་ཞེས་བྱ་བ་སྔ་མ་
Vol. 146 · folio 147b
བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་དུ་བྱུང་ཞིང་རྒྱུ་མེད་པ་ལས་ཀུན་དུ་སྐྱེ་བར་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་དག་ནི་དངོས་པོ་གཉིས་པ་འདི་ཁོ་ན་སྟེ། འདི་ལས་ལྷག་པ་མེད་ཅིང་འབྱུང་བར་མི་འགྱུར་རོ། །
དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་ཆོས་གཞན་ཟབ་མོ་ཟབ་པར་སྣང་བ་དེ་དག་བཤད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་ཟབ་མོ་ཟབ་པར་སྣང་བ་དེ་དག་གང་ཞེ་ན་ཞེས་བྱ་བ་ནས་སྔ་མ་
བཞིན་དུ་དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་མཐའ་དང་བཅས་པ་དང་། མཐའ་དང་བཅས་པ་ཡང་ཡིན། མཐའ་མེད་པ་ཡང་ཡིན་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་འདི་ལྟར་དངོས་པོ་བཞི་པོ་འདི་དག་
ལའོ། །དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་མཐའ་དང་བཅས་པ་དང་མཐའ་མེད་པ་དང་། མཐའ་མེད་པ་དང་བཅས་པ་ཡང་མ་ཡིན། མཐའ་མེད་པ་ཡང་ཡིན་པ་དང་། མཐའ་མེད་པ་ཡང་མ་ཡིན། མཐའ་
དང་བཅས་པ་ཡང་མ་ཡིན་པར་སྨྲ་བ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་འབྱུང་བར་འགྱུར་ཞེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སེམས་མཉམ་པར་གཞག་པ་ན་འཇིག་རྟེན་འདི་ནི་མཐའ་དང་
བཅས་པ་ཡིན་ནོ་ཞེས་བྱ་བའི་འདུ་ཤེས་ཅན་དུ་གྱུར་ཏེ། དེ་འདི་སྙམ་དུ་འཇིག་རྟེན་ནི་མཐའ་དང་བཅས་པ་སྟེ། རྣམ་པ་འདིས་འཇིག་རྟེན་མཐའ་དང་བཅས་ཤིང་ཡོངས་སུ་ཆད་པ་སྟེ། བདག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་བརྩོན་པ་དང་སྤངས་པ་དང་བསྒོམས་པའི་རྒྱུས་ཞེས་བྱ་
བ་ནས་སྔ་མ་བཞིན་དུ་མཉམ་པར་གཞག་པ་ན་འཇིག་རྟེན་མཐའ་དང་བཅས་པའི་འདུ་ཤེས་ཅན་དུ་གནས་ཏེ་འཇིག་རྟེན་ནི་མཐའ་དང་བཅས་མཐའ་ཆད་པའོ་ཞེས་བྱ་བ་སྟེ། དགེ་སློང་དག་འདི་ནི་དངོས་པོ་དང་པོ་སྟེ་གང་རྟོགས་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །གཉིས་པ་ཡང་འབྱུང་བར་འགྱུར་
Vol. 146 · folio 148a
ཏེ། དགེ་སྦྱོང་དང་བྲམ་ཟེ་དག་གང་རྟོགས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་འདི་ནི་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་སེམས་མཉམ་པར་གཞག་པ་ན་འཇིག་རྟེན་ནི་མཐའ་མེད་པ་ཡིན་ནོ་ཞེས་འདུ་
ཤེས་ཉེ་བར་གནས་པར་འགྱུར་ཏེ། འཇིག་རྟེན་འདི་ནི་མཐའ་མེད་པ་དང་མཐའ་ཐུག་པ་མེད་པ་ཡིན་ནོ་ཞེས་དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་གང་རྟོགས་ནས་ཞེས་བྱ་བ་སྔ་མ་བཞིན་དུའོ། །གསུམ་པ་ཡང་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་
ནས་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ན་དགེ་སློང་ངམ་བྲམ་ཟེ་གང་ཁ་ཅིག་དགོན་པའམ། ཤིང་དྲུང་ངམ་ཁང་པ་སྟོང་པ་ཇི་ལྟར་སེམས་མཉམ་པར་གཞག་པ་ན་སྟེང་དང་འོག་གི་འཇིག་རྟེན་མཐའ་དང་བཅས་པའི་འདུ་ཤེས་དང་ཐད་ཀར་མཐའ་མེད་པ་ཡིན་ནོ་ཞེས་བྱ་བའི་འདུ་
ཤེས་གནས་པར་གྱུར་ནས་དེ་འདི་སྙམ་དུ་སྟེང་དང་འོག་གི་འཇིག་རྟེན་མཐའ་དང་བཅས་ཤིང་ཐད་ཀར་ནི་མཐའ་མེད་པ་ཡིན་ཏེ། རྣམ་པ་འདིས་སྟེང་དང་འོག་གི་འཇིག་རྟེན་མཐའ་དང་བཅས་ཤིང་ཐད་ཀར་ནི་མཐའ་མེད་པ་ཡིན་ཏེ། བདག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་
ནས་སེམས་མཉམ་པར་གཞག་པ་ན་སྟེང་དང་འོག་གི་འཇིག་རྟེན་མཐའ་མེད་ཅིང་ཐད་ཀར་མཐའ་དང་བཅས་པའི་འདུ་ཤེས་ཉེ་བར་གནས་སོ་ཞེས་སྟེང་དང་འོག་གི་འཇིག་རྟེན་མཐའ་དང་བཅས་ཤིང་ཐད་ཀར་མཐའ་མེད་པ་ཡིན་ནོ་སྙམ་སྟེ། དགེ་སློང་དག་འདི་ན་དངོས་པོ་གསུམ་པ་གང་རྟོགས་ཤིང་
ཞེས་བྱ་བ་སྔ་མ་བཞིན་དུའོ། །བཞི་པ་ཡང་འབྱུང་བར་འགྱུར་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་མཐའ་དང་བཅས་པ་དང་མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་
པའོ་ཞེས་མངོན་པར་སྨྲ་བས་སྨྲ་ཞེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དགོན་པའམ་ཞེས་བྱ་བ་ནས། སེམས་མཉམ་པར་གཞག་པ་ན་འཇིག་རྟེན་མཐའ་དང་བཅས་པ་ཡང་མ་ཡིན་ལ་མཐའ་མེད་པ་ཡང་མ་ཡིན་ནོ་སྙམ་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དེ་འདི་སྙམ་
Vol. 146 · folio 148b
དུ་འཇིག་རྟེན་ནི་མཐའ་དང་བཅས་པ་ཡང་མ་ཡིན་ཞིང་མཐའ་མེད་པ་ཡང་མ་ཡིན་ནོ། །རྣམ་པ་འདིས་འཇིག་རྟེན་མཐའ་དང་བཅས་པ་ཡང་མ་ཡིན་ཞིང་མཐའ་མེད་པ་ཡང་མ་ཡིན་ཏེ། བདག་དགོན་པའམ་ཤིང་དྲུང་ངམ་ཁང་པ་སྟོང་པ་ཞེས་བྱ་བ་ནས་སེམས་མཉམ་པར་གཞག་པ་ན་འཇིག་རྟེན་
མཐའ་དང་བཅས་པ་ཡང་མ་ཡིན་ཞིང་མཐའ་མེད་པ་ཡང་མ་ཡིན་ནོ་ཞེས་འདུ་ཤེས་ཉེ་བར་གནས་པར་འགྱུར་རོ་ཞེས་བདག་དང་འཇིག་རྟེན་མཐའ་དང་བཅས་པ་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ནོ་སྙམ་སྟེ། དགེ་སློང་འདི་ནི་དངོས་པོ་བཞི་པོ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་དམིགས་ནས་ཞེས་
བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དེ་དག་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་མཐའ་དང་བཅས་པ་དང་། མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་ཡིན། མཐའ་མེད་པ་ཡང་ཡིན། མཐའ་དང་བཅས་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པར་
མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་དངོས་པོ་བཞི་པོ་འདི་ལས་གོང་ན་མེད་ཅིང་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཟབ་མོ་ཟབ་པར་སྣང་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །ཆོས་འདི་ལྟར་ཟབ་མོ་ཟབ་པར་སྣང་བ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་ནས་སྔ་
མ་བཞིན་དུ་དགེ་སློང་དང་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོག་པ་འཆི་བ་མེད་ཅིང་གཡེང་བ་མེད་པ་དག་འཆི་བ་མེད་པ་དང་གཡེང་བ་མེད་པ་དྲི་བ་དྲིས་པའི་ཚིག་ལས་གཡེང་བ་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ་དངོས་པོ་བཞི་རྣམས་ལའོ། །དགེ་སྦྱོང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་མི་དགེ་
བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་དགེ་བའི་ཆོས་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་ལམ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་དེ་འདི་སྙམ་དུ་བདག་གིས་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་ཞེས་བྱ་བ་
ནས་བདག་གིས་ལམ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་མི་དགེ་བའི་ཆོས་རྣམས་ཀྱི་དྲི་བ་འདྲི་ཞིང་། དགེ་བའི་ཆོས་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ཀྱི་དྲི་བ་འདྲི་བར་འགྱུར་ན། མི་དགེ་བའི་
Vol. 146 · folio 149a
ཆོས་འདྲི་བ་འདི་དག་ལ་དྲིས་པ་ལུང་སྟོན་ཅིང་། དགེ་བའི་ཆོས་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ཀྱི་དྲི་བ་དེ་དག་ལ་དྲིས་པ་ལུང་སྟོན་ན། དེ་ནི་བདག་གི་བརྫུན་དུ་འགྱུར་རོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་དེ་བརྫུན་དུ་སྨྲ་བས་འཇིགས་
ཤིང་། བརྫུན་དུ་སྨྲ་བས་འཇིགས་པར་གྱུར་ལ། བརྫུན་དུ་སྨྲ་བས་ཡོངས་སུ་སྨོད་པར་བྱེད་ཅིང་དེར་གཏོད་ཅིང་གནས་ལ། དེའི་རྟེན་དང་། གླིང་དང་དཔུང་གཉེན་བྱེད་པར་གྱུར་ཅིང་། འཆི་བ་དང་། རྣམ་པར་གཡེང་བའི་ཚིག་ལས་རྣམ་པར་གཡེང་བ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་
འདི་ནི་དངོས་པོ་དང་པོ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་རྟོགས་པ་ལས་སྔོན་གྱི་མཐའ་ལ་རྟོག་པ་འཆི་བ་དང་རྣམ་པར་གཡེང་བའི་དྲི་བ་དྲིས་པས་རྣམ་པར་གཡེང་བ་སྐྱེ་བའོ། །གཞན་ཡང་གཉིས་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་ཞེས་བྱ་བ་ནས་
སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དེ་བདག་གི་བརྫུན་དུ་འགྱུར་ཞིང་གང་བདག་གི་ལོག་པར་འགྱུར་རོ་ཞེས་དགེ་སློང་ངམ་བྲམ་ཟེ་ལོག་པར་ལྟ་བས་འཇིགས་ཤིང་
ལོག་པར་ལྟ་བས་འཇིགས་པར་འགྱུར་ཏེ་ལོག་པར་ལྟ་བ་ཡོངས་སུ་སྨོད་པར་བྱེད་པ་ན་དེར་གཏད་ཅིང་གནས་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ནི་དངོས་པོ་གཉིས་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཞེས་བྱ་བ་ནས་སྔ་མ་བཞིན་
དུ་ཚིག་གིས་སེམས་རྣམ་པར་གཡེང་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་གསུམ་པ་འབྱུང་བར་འགྱུར་ཏེ་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་འཆི་བ་མེད་པ་དང་གཡེང་བ་མེད་པ་ཞེས་བྱ་བ་ནས་སྔ་མ་བཞིན་
དུའོ། །དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དེ་ནི་བདག་གི་བརྫུན་དུ་འགྱུར་ཞིང་གང་བདག་གི་བརྫུན་གང་ཡིན་པ་དེ་དང་བདག་གི་ལོག་པ་གང་ཡིན་དེ་ནི་ཡང་
Vol. 146 · folio 149b
དག་པ་མ་ཡིན་པའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་དེ་ཡང་དག་པ་མ་ཡིན་པའི་མི་ཤེས་པས་འཇིགས་ཤིང་། ཡང་དག་པ་མ་ཡིན་པའི་མི་ཤེས་པས་འཇིགས་ནས་ཡང་དག་པ་མ་ཡིན་པའི་མི་ཤེས་པས་ཡོངས་སུ་སྨོད་ཅིང་། དེར་སེམས་གཏོད་ཅིང་གནས་པ་དང་། གླིང་ཞེས་བྱ་བ་ནས་ཚིག་གིས་
གཡེང་བ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་གསུམ་པ་སྟེ་ཞེས་བྱ་བ་ནས་རྣམ་པར་གཡེང་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་རོ། །གཞན་ཡང་བཞི་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །
དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་རང་བཞིན་གྱིས་རྨོངས་པར་གྱུར་ཅིང་བླུན་པར་གྱུར་པས་དེ་འདི་སྙམ་དུ་གལ་ཏེ་བདག་གི་དྲུང་དུ་ཁ་ཅིག་འོངས་ནས་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་དྲི་བ་འདྲི་ན་དེ་ལ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་ལུང་བསྟན་པར་བྱའོ། །བདག་གིས་འཇིག་རྟེན་ཕ་རོལ་ཡོད་པ་དང་
འཇིག་རྟེན་ཕ་རོལ་མེད་དོ་ཞེས་དྲིས་པ་དེ་བཞིན་དུ་ལུང་བསྟན་པར་བྱའོ། །ཡོད་པ་དང་། མེད་པ་དང་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། དེ་བཞིན་དང་མ་ཡིན་པ་དང་། གཞན་དུ་དང་གཞན་དུ་མ་ཡིན་པ་དང་། དེ་མ་ཡིན། དེ་མེད། དེ་མ་ཡིན་ལ་དེ་ལྟར་མ་ཡིན་ཞེས་འདྲི་ན་དེ་ལ་བདག་གིས་དེ་
མ་ཡིན། དེ་ལྟར་མ་ཡིན་ཞེས་བདག་གིས་འཇིག་རྟེན་ཕ་རོལ་དྲིས་པའི་ལུང་བསྟན་པར་བྱའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་རྨོངས་པས་འཇིགས་ཤིང་རྨོངས་པས་འཇིགས་པར་འགྱུར་ལ་རྨོངས་པ་སྨོད་པར་བྱེད་ན། དེར་གཏོད་ཅིང་གནས་ཏེ་གླིང་དང་། སྐྱབས་དང་། དཔུང་གཉེན་དུ་གྱུར་ཅིང་། འཆི་བ་
མེད་པ་དང་གཡེང་བ་མེད་པ་དྲིས་པའི་ཚིག་ལས་གཡེང་བ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་བཞི་པ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་ཞེས་བྱ་བ་ནས་གཡེང་བ་སྐྱེ་བར་འགྱུར་བའི་བར་དུའོ། །དགེ་སློང་ངམ་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་འཆི་བ་མེད་ཅིང་
གཡེང་བ་མེད་པ་དག་འཆི་བ་མེད་པ་དང་། གཡེང་བ་མེད་པའི་ཚིག་ལས་གཡེང་བ་སྐྱེ་བར་འགྱུར་བ་དེ་ཐམས་ཅད་དངོས་པོ་འདི་དག་སྟེ་འདི་ལས་གང་ན་མེད་པ་མི་འབྱུང་སྟེ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ་ལྟ་བར་གྱུར་པ་འདི་དག་འཛིན་པ་དང་དཔྱོད་པ་དང་
Vol. 146 · folio 150a
ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དང་དགེ་སྦྱོང་དང་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐའ་དང་བཅས་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་ལྟ་བར་གྱུར་པ་བཅོ་བརྒྱད་པོ་འདི་དག་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་
གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེས་བྱ་བ་ནས་ལྷག་པར་མཁྱེན་ཏེ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞིན་གང་དག་ཟབ་མོ་ཟབ་པར་སྣང་བ་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་ཆོས་གཞིན་གང་དག་ཟབ་མོ་ཟབ་པར་སྣང་བ་དེ་དག་གང་ཞེ་ན་ཞེས་བྱ་བ་ནས་
སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཕྱི་མའི་མཐར་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་དག་ཕ་རོལ་དུ་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ། དངོས་པོ་བཅུ་དྲུག་པོ་འདི་རྣམས་ལའོ། དགེ་སྦྱོང་ངམ་བྲམ་ཟེ་སྔོན་གྱི་མཐར་རྟོག་པ་དངོས་པོ་
བཅུ་དྲུག་པོ་འདི་དག་ལ་གང་རྟོགས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་འདི་ལྟར་ལྟ་ཞིང་འདི་སྐད་དུ་བདག་གཟུགས་དང་ལྡན་ལ་ཕ་རོལ་དུ་འདུ་ཤེས་ཅན་དུ་གྱུར་ཅིང་གཟུགས་མེད་པ་དང་། གཟུགས་དང་བཅས་པ་དང་། གཟུགས་མེད་པ་དང་། གཟུགས་
དང་བཅས་པ་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ལ། ཕ་རོལ་དུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་འདུ་ཤེས་གཅིག་པ་དང་། འདུ་ཤེས་ཐ་དད་པ་དང་། ཆུང་ངུའི་འདུ་ཤེས་དང་། ཚད་མེད་པའི་འདུ་ཤེས་ཅན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་དང་། གཅིག་ཏུ་བདེ་བ་དང་། གཅིག་ཏུ་སྡུག་
བསྔལ་བ་དང་། བདེ་བ་དང་། སྡུག་བསྔལ་བ་དག །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཞིང་བདག་ཕ་རོལ་དུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སློང་དག་བཞི་བཅུ་དྲུག་པོ་འདི་དག་རྟོགས་ཤིང་གང་ལ་རྟེན་ཅིང་གང་ལ་དམིགས་ནས་ཕྱི་མའི་མཐར་རྟོགས་པ་འདུ་ཤེས་ཅན་དུ་སྨྲ་
བ་དག་ཅེས་བྱ་བ་ནས་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་ཕྱི་མའི་མཐར་རྟོགས་པ་དེ་ཐམས་ཅད་ནི་བཞི་བཅུ་དྲུག་པོ་འདི་དག་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅིང་། དེ་
Vol. 146 · folio 150b
ལས་བླ་མར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་འདི་དག་ནི་ལྟ་བར་འགྱུར་བ་འཛིན་པ། འདི་ལྟར་སྤྱོད་པ་འདི་ལྟར་སེམས་པ། འདི་ལྟར་རྣམ་པར་དཔྱོད་པ། འདི་ལྟར་འགྲོ་བ། གོམས་པ་འཐད་པ་དང་བཅས་པ། འདི་ལྟར་ཕ་རོལ་དུ་འགྲོ་བ་ཅན་ཡིན་ནོ་ཞེས་དེ་བཞིན་གཤེགས་
པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་དག་ལས་བླ་མར་གྱུར་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅིང་དེ་ལས་གོང་མར་གྱུར་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་པས་མངོན་པར་མི་དཔྱོད་
ཅིང་། དཔྱོད་པའི་བདག་ཉིད་སོ་སོ་རང་གིས་རིག་པའི་བདག་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པར་མཁྱེན་ཅིང་། ཚོར་བའི་ཀུན་འབྱུང་བ་དང་འགོག་པ་མཁྱེན་ནས་འདི་ནི་སྡུག་བསྔལ། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཞེས་ལྷག་པར་མཁྱེན་ཏོ། །དགེ་སྦྱོང་དག་ཆོས་གཞན་གང་དག་ཟབ་མོ་
ཟབ་པར་སྣང་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཟབ་མོ་ཟབ་པར་སྣང་བ་དེ་གང་ཞེ་ན་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་མཐའ་དང་བཅས་ལ་ཕ་རོལ་དུ་འདུ་ཤེས་ཅན་དུ་འགྱུར་ཞིང་། མཐའ་མེད་པ་དང་། མཐའ་དང་བཅས་པ་དང་། མཐའ་
མེད་པ་དང་མཐའ་དང་བཅས་པ་ཡང་མ་ཡིན། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ལ་ཕ་རོལ་དུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐར་རྟོག་པ་དག་ཕ་རོལ་ཏུ་བདག་འདུ་ཤེས་མེད་པ་ཅན་དུ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་ཡོད་དེ།
འདི་ལྟ་སྟེ་དངོས་པོ་བརྒྱད་པོ་འདི་དག་ལའོ། །དེ་དགེ་སྦྱོང་དང་བྲམ་ཟེ་དེ་དག་དངོས་པོ་བརྒྱད་པོ་གང་རྟོགས་ཤིང་གང་ལ་བརྟེན་ཅིང་དམིགས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་འདི་ལྟར་བལྟ་འདི་ལྟར་སྨྲ་བ་དག་ཡོད་དེ་བདག་གཟུགས་དང་ལྡན་ལ་ཕ་རོལ་དུ་འདུ་ཤེས་མེད་
པ་ཅན་དུ་འགྱུར་རོ། །གཟུགས་མེད་པ་དང་། གཟུགས་དང་བཅས་པ་དང་། གཟུགས་མེད་པ་དང་། གཟུགས་དང་བཅས་པ་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ལ་ཕ་རོལ་དུ་འདུ་ཤེས་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། གང་བདག་མཐའ་དང་བཅས་ལ་ཕ་རོལ་དུ་འདུ་ཤེས་མེད་པ་
Vol. 146 · folio 151a
ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། མཐའ་མེད་པ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་དང་མཐའ་དང་བཅས་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ལ། ཕ་རོལ་དུ་འདུ་ཤེས་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སློང་དག་དངོས་པོ་བརྒྱད་པོ་འདི་དག་
གང་རྟོགས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་ཅུང་ཟད་ཅེས་བྱ་བ་ནས་སྔ་མ་བཞིན་དུ་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཅེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཕྱི་མའི་མཐར་རྟོག་པ་འདུ་
ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དག་བདག་ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ། དངོས་པོ་བརྒྱད་པོ་འདི་རྣམས་ལའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་
ལ་བརྟེན་ཅིང་གང་དམིགས་ནས་ཕྱི་མའི་མཐར་རྟོགས་པ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་སྨྲ་བ་དག་དངོས་པོ་བརྒྱད་པོ་དག་ལ་བདག་ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཕྱི་མའི་
མཐར་རྟོགས་པ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། བདག་གཟུགས་དང་ལྡན་ལ་ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། གཟུགས་མེད་པ་དང་། གཟུགས་དང་བཅས་པ་དང་། གཟུགས་མེད་པ་དང་གཟུགས་དང་བཅས་པ་ཡིན་པ་ཡང་མ་ཡིན། གཟུགས་མེད་
པ་ཡང་མ་ཡིན་ལ། ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་དང་། བདག་མཐའ་དང་བཅས་པར་གྱུར་ལ། ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། མཐའ་མེད་པ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་
དང་མཐའ་དང་བཅས་པ་ཡང་མ་ཡིན་མཐའ་ཡང་མ་ཡིན་ལ། ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སློང་དག་དངོས་པོ་བརྒྱད་པོ་འདི་དག་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་འདུ་ཤེས་ཡོད་པ་ཡང་མ་
Vol. 146 · folio 151b
ཡིན་མེད་པ་ཡང་མ་ཡིན་པར་སྨྲ་བ་དག །བདག་ཕ་རོལ་དུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སློང་དག་ཅེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཅེས་བྱ་བ་སྔ་མ་བཞིན་དུའོ། །གང་
ཞེ་ན་ཞེས་བྱ་བའི་བར་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐར་རྟོག་པ་ཆད་པར་སྨྲ་བ་དག་བདག་ཕ་རོལ་དུ་ཆད་པར་འགྱུར་རོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ། དངོས་པོ་བདུན་པོ་འདི་རྣམས་ལའོ། །དགེ་སྦྱོང་དང་བྲམ་ཟེ་
དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཞེས་བྱ་བ་ནས་མངོན་པར་སྨྲ་ཞེ་ན་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། ཇི་སྲིད་དུ་བདག་གཟུགས་ཅན་ཏེ་རགས་པ་འབྱུང་བ་ཆེན་པོ་
བཞིའི་རྒྱུ་ལས་བྱུང་བ་གསོན་པ་དག་གནས་པ་དང་ཉེ་བར་གནས་པ་དང་བརྟས་པ་དེ་སྲིད་དུ་ནད་དང་བཅས། འབྲས་དང་བཅས། ཟུག་རྔུ་དང་བཅས། རིམས་ནད་དང་བཅས་པའོ། །གང་གི་ཚེ་བདག་རྒྱུན་ཆད་ཅིང་རྣམ་པར་ཞིག་ལ། གཅིག་ནས་གཅིག་ཏུ་མི་འབྱུང་བ་འདི་ཙམ་གྱིས་ན་བདག་ཡང་
དག་པར་རྒྱུན་ཆད་པར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་དང་། གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། གཟུགས་མེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། གཟུགས་མེད་
པ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། གཟུགས་མེད་པ་ཡོད་མིན་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སུ་གསོན་པ་དང་གནས་པ་དང་བརྟས་པ་དང་། ཉེ་བར་གནས་པ་དེ་སྲིད་དུ་ནད་དང་བཅས། འབྲས་དང་བཅས་ཞེས་བྱ་བ་ནས་ཡང་དག་པར་རྒྱུན་ཆད་པར་འགྱུར་རོ་ཞེས་
བྱ་བའི་བར་དུའོ། །དགེ་སློང་དག་འདི་ནི་དངོས་པོ་བདུན་པོ་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཕྱི་མའི་མཐར་རྟོག་པ་ཆད་པར་སྨྲ་བ་དག་ཅེས་བྱ་བ་ནས་མངོན་པར་སྨྲའོ་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་དང་བྲམ་ཟེ་གང་ཅུང་ཟད་ཅེས་བྱ་བ་ནས་དེ་ཐམས་ཅད་ནི་དངོས་པོ་བདུན་པོ་འདི་
Vol. 146 · folio 152a
ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་ཞེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་གང་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་
ཕྱི་མའི་མཐའ་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་ལྔ་པོ་འདི་རྣམས་ལའོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་གང་རྟོགས་ཤིང་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་
དགེ་སྦྱོང་དང་། བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་ལྟར་སྨྲ་བ་དག་ཡོད་དེ། ཇི་སྲིད་དུ་བདག་འདོད་པའི་ཡོན་ཏན་ལྔ་པོ་ལེན་པ་དང་། ཁས་ལེན་པ་དང་ལྡན་པ་དང་། རྩེ་དགའ་ཞིང་ཡོངས་སུ་སྦྱོང་པ་དེ་སྲིད་དུ་བདག་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གང་
གི་ཚེ་བདག་འདོད་པ་ལས་དབེན་ཞིང་སྡིག་པ་མི་དགེ་བའི་ཆོས་ལས་དབེན་ཞེས་བྱ་བ་ནས་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདི་ཙམ་གྱིས་ན་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་ལྔ་པོ་གང་
རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་ཅུང་ཟད་ཅེས་བྱ་བ་ནས་དེ་ཐམས་ཅད་ནི་དངོས་པོ་
ལྔ་པོ་འདི་དག་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་དག་དེ་བཞིན་གཤེགས་པས་ཞེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་ཕྱི་མའི་མཐར་རྟོག་པ་ཕྱི་མའི་མཐའ་དང་བཅས་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་
བས་མངོན་པར་སྨྲ་བ་དེ་དག་ཐམས་ཅད་ནི་ལྟ་བར་གྱུར་པ་བཞི་བཅུ་རྩ་བཞི་པོ་འདི་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་སྔོན་གྱི་མཐར་རྟོག་ཅིང་སྔོན་
Vol. 146 · folio 152b
གྱི་མཐའ་དང་བཅས་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དང་། ཕྱི་མའི་མཐར་རྟོག་པ་དང་ཕྱི་མའི་མཐའ་དང་ལྷན་ཅིག་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་ལས་གོང་ན་མེད་ཅིང་མང་བ་མ་
ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་སྔོན་གྱི་མཐའ་དང་བཅས་པའི་ལྟ་བར་གྱུར་པས་གཡེངས་པ་དང་། གནས་པ་དང་རབ་ཏུ་གནས་པ་དང་།
མངོན་པར་ཞིན་པ་དང་། མངོན་པར་རབ་ཏུ་ཞེན་པ་དང་། ཕྱི་མའི་མཐར་རྟོག་པ་དང་། ཕྱི་མའི་མཐར་རྟོག་པ་དང་བཅས་པའི་ལྟ་བར་གྱུར་པས་གཡེངས་པ་དང་། རབ་ཏུ་གཡེངས་པ་དང་། གནས་པ་དང་རབ་ཏུ་གནས་པ་དང་། མངོན་པར་ཞེན་པ་དང་། མངོན་པར་རབ་ཏུ་ཞེན་པ་དེ་ཐམས་ཅད་
ནི་བདུད་སྡིག་ཏོ་ཅན་གྱི་དྲ་བར་ཆུད་ཅིང་དབང་དུ་གྱུར་ཅིང་། དབང་དུ་སོང་བ། ཇི་ལྟར་འདོད་པ་ལྟར་བྱེད་པ། བདུད་སྡིག་ཏོ་ཅན་གྱི་འཆིང་བས་བཅིངས་ཤིང་། བདུད་ཀྱི་དབང་ལས་མ་གྲོལ་བ་ཞེས་བྱའོ། །དགེ་སློང་དག་དཔེར་ན་ཉ་བའམ་ཉ་བའི་སློབ་མ་མཁས་པས་དྲ་བ་མིག་ཆུང་ངུ་ཆུར་བཅུག་
སྟེ། འཆུ་བ་ན་དགེ་སློང་དག་དེར་སྲོག་ཆགས་རགས་པ་གཡེངས་ཤིང་གཡེང་བ་དེ་དག་དྲ་བའི་ནང་དུ་འགྲོ་ཞིང་ཉ་བའི་དབང་དུ་སོང་ཞིང་དབང་དུ་གྱུར་པ་ལག་པར་སོང་བ་ཇི་ལྟར་འདོད་པ་བཞིན་བྱེད་པ་ཞེས་བྱ་བར་རིག་པར་བྱའོ། །དགེ་སློང་དག་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་སྔོན་
གྱི་མཐར་རྟོག་པ་དག་ཅེས་བྱ་བ་ནས་སྔ་མི་བཞིན་དུ་བདུད་ཀྱི་ཞགས་པ་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་དེ་ལ་དགེ་སློང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ།
འདི་ལྟ་སྟེ་དངོས་པོ་བཞི་པོ་འདི་རྣམས་ལའོ། །དེས་དགེ་སྦྱོང་དང་བྲམ་ཟེ་དེ་དག་ཡིད་འཁྲུག་པར་འགྱུར། མ་རིག་པར་འགྱུར། བག་མེད་པར་འགྱུར། རྣམ་པར་རྨོངས་ཤིང་སྲེད་པའི་གཡོ་བ་དང་བཅས་ཤིང་གནས་པར་རིག་པར་བྱའོ་ཞེས་བྱ་བ་ནས་ཕྱི་མའི་མཐར་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་
Vol. 146 · folio 153a
ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་སྟེ། འདི་ལྟ་སྟེ་དངོས་པོ་བཞི་པོ་འདི་རྣམས་ལའོ། །དེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཡིད་འཁྲུག་པར་འགྱུར། མ་རིག་པར་འགྱུར། བག་མེད་པར་འགྱུར།
རྣམ་པར་རྨོངས་ཤིང་སྲིད་པའི་གཡོ་བ་དང་བཅས་ཤིང་གནས་པར་རིག་པར་བྱའོ་ཞེས་བྱ་བ་ནས་ཕྱི་མའི་མཐར་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ་འདི་ལྟ་སྟེ་དངོས་པོ་ལྔ་རྣམས་ལའོ། །དེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཡིད་འཁྲུག་པར་འགྱུར་
མ་རིག་པར་འགྱུར། བག་མེད་པར་འགྱུར། རྣམ་པར་རྨོངས་ཤིང་སྲིད་པའི་གཡོ་བ་དང་བཅས་ཤིང་གནས་པར་རིག་པར་བྱའོ། །དགེ་སློང་དག་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་རྟག་གོ་ཞེས་མངོན་(སྨ་‚སྨྲ་)བས་མངོན་པར་སྨྲ་སྟེ་འདི་
ལྟ་སྟེ་དངོས་པོ་བཞི་རྣམས་ལའོ། །དེ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་འདི་ནི་གནས་པ་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་བྱ་བ་ནས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ་ཞེས་མངོན་པར་སྨྲ་
བས་མངོན་པར་སྨྲ་སྟེ་འདི་ལྟ་སྟེ་དངོས་པོ་ལྔ་པོ་འདི་རྣམས་ལའོ། །འདི་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་དག་རྟེན་ཅིང་འབྲེལ་པར་མི་འགྱུར་རོ་ཞེས་བྱ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །དགེ་སློང་དག་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་
དག་ཅེས་བྱ་བ་ནས་མངོན་པར་སྨྲ་བས་མངོན་པར་སྨྲའོ་ཞེས་བྱ་བའི་བར་དུའོ། །འདི་ལྟར་དངོས་པོ་བཞི་པོ་འདི་རྣམས་ལའོ། །དེ་དག་ཀྱང་རེག་པའི་རྐྱེན་ཅན་ཏེ་རེག་པའི་རྐྱེན་མ་ཡིན་པར་གཞན་དུ་ཚོར་བ་འབྱུང་བར་འགྱུར་བ་འདི་ནི་གནས་མེད་དོ་ཞེས་བྱ་བ་ནས་ཕྱི་མའི་མཐར་རྟོག་པ་མཐོང་བའི་ཆོས་
ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ་ཞེས་མངོན་པར་སྨྲ་བ་སྟེ་འདི་ལྟ་སྟེ་དངོས་པོ་ལྔ་པོ་གང་རྣམས་ལའོ། །དེ་དག་ཀྱང་རེག་པའི་རྐྱེན་གྱིས་བྱུང་བ་སྟེ་རེག་པའི་རྐྱེན་མ་ཡིན་པར་གཞན་དུ་ཚོར་བ་འབྱུང་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །དགེ་སློང་དག་
Vol. 146 · folio 153b
གང་གི་ཕྱིར་རེག་པའི་སྐྱེ་མཆེད་དྲུག་པོ་དག་གི་ཀུན་འབྱུང་བ་དང་། མི་སྣང་བ་དང་། ཉེས་དམིགས་དང་། རོ་མྱང་བ་དང་། ངེས་པར་འབྱུང་བ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། དེ་ལས་བླ་མར་གྱུར་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་གང་ཡང་ཟག་པ་དང་
བཅས་ཤིང་ཉོན་མོངས་པ་དང་བཅས་པ་ཡང་སྲིད་པར་རྣམ་པར་སྨིན་པ་ནད་དང་སྡུག་བསྔལ་བ་དང་། མ་འོངས་པའི་སྐྱེ་བ་དང་རྒས་པ་དང་ན་བ་དང་འཆི་བ་དེ་དག་དེ་བཞིན་གཤེགས་པས་སྤངས་ཤིང་ཡོངས་སུ་ཤེས་ལ་ཤིང་ཏ་ལ་མགོ་བཅད་པ་ལྟར་རྩ་བ་ནས་བཏོན་ཅིང་ཡང་མི་སྐྱེ་བའི་ཆོས་ཅན་
དུ་འགྱུར་རོ། །ཆོས་ཀྱི་རྣམས་གྲངས་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག་ཀུན་དུ་རབ་ཏུ་ལྡེག་གོ། །དེའི་ཚེ་ན་ཚེ་
དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ཟུར་ན་རྔ་ཡབ་ཐོགས་ཏེ་གཡོབ་ཅིང་འདུག་སྟེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཡིན། ཇི་ལྟར་གཟུང་བར་བྱ། ཀུན་དགའ་བོ་དེའི་
ཕྱིར་ཆོས་ཀྱི་རྣམ་གྲངས་འདི་རྒྱུའི་དྲ་བ་ཞེས་བྱ་བར་ཟུང་ཤིག །དོན་གྱི་དྲ་བ་དང་། ཆོས་ཀྱི་དྲ་བ་དང་། ཚངས་པའི་དྲ་བ་ཞེས་བྱ་བར་ཡང་ཟུང་ཤིག །དེའི་ཕྱིར་ཚངས་པའི་དྲ་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དྭགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་དགེ་སློང་དེ་དག་བཅོམ་
ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ་། །བར་སྡོམ་ལ། རྟག་དང་ཕྱོགས་གཅིག་རྒྱུ་མེད་དང་། །མཐའ་ཡོད་དེ་བཞིན་འཆི་མེད་དང་། །འདུ་ཤེས་བཅས་དང་འདུ་ཤེས་མེད། །འདུ་ཤེས་ཡོད་མིན་མེད་མིན་ཆད། །མྱ་ངན་འདས་དང་གཡེངས་པ་དང་། །ཡང་དག་
རྨོངས་པ་ཞེས་བྱ་དང་། །བརྟེན་ནས་བྱུང་དང་རེག་པས་སོ། །ཇི་སྐད་དུ་གཅེར་བུ་པ་རྣམས་སྒྲེན་མོ་གོས་མེད་པ་ཡིན་ནོ་ཞེས་བྱ་བ་ལ་ལུང་རིང་པོ་དང་སྐྱེ་བ་མེད་པའི་མདོ་དང་། མུ་བཞི་པའི་ཚོམས་ཀྱི་དཀའ་འགྲེལ་གྱི་སྒོ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས། བདག་ལ་ཕན་པ་ཞེས་བྱ་འདིར། །
Vol. 146 · folio 154a
ཞེས་བྱ་བ་ལས་འདི་སྐད་འདོན་ཏེ། བདག་ཉིད་གདུང་ཞིང་བདག་ཉིད་ཡོངས་སུ་གདུང་བ་དང་རྗེས་སུ་མཐུན་ཞིང་ལྡན་ལ་གཞན་མི་གདུང་ཞིང་གཞན་ཡོངས་སུ་མི་གདུང་བ་དང་རྗེས་སུ་མཐུན་ཞིང་ལྡན་པའི་གང་ཟག་གང་ཞེ་ན། འདི་ལྟར་དཀའ་ཐུབ་ཅན་ཁ་ཅིག་ངན་པས་
འཚོ་ཞིང་སྐྱེས་པའི་དུས་བཞིན་དུ་སྒྲེན་མོར་འདུག་ཅིང་། གོས་དང་བྲལ་བར་ཀུན་དུ་རྒྱུ་ལ་ལག་པ་གཅིག་གིས་ལེན་པ་དང་། དེ་ལག་པ་ན་དབྱུག་པ་ཐོགས་པའི་བསོད་སྙོམས་མི་ལེན་པ་དང་། ལག་ན་མཚོན་ཐོགས་པ་དང་། ལག་ན་ཆོལ་ཟངས་ཐོགས་པ་དང་། ཟར་མ་ཐོགས་པ་དང་། གང་
གྲོང་དང་གྲོང་མ་ཡིན་པའི་བར་ན་སྦྲང་བུ་བཞིན་དུ་གནས་པར་གྱུར་པའི་བསོད་སྙོམས་མི་ལེན་པ་དང་། གང་གི་སྒོ་ན་ཁྱིམ་གནས་པར་གྱུར་པ་དང་། གང་ན་འབྲས་བྱུང་བ་ལས་བསོད་སྙོམས་མི་ལེན་པ་དང་། གང་ན་འཐག་པ་དང་། གང་ན་སྦྲུམ་མ་ཡོད་པ་དང་། གང་ན་བུ་བཙའ་བ་ཡོད་པ་དང་།
གང་ན་འཚོ་བ་པ་དང་། གང་ན་མེད་ཅེས་སྨྲ་བ་དེར་མི་འགྲོ་བ་དང་། གང་ན་འདུག་ཅེས་སྨྲ་བ་དང་། སྟོན་པར་བྱེད་པ་དང་། ཉེ་བར་སྟོན་པར་བྱེད་པར་མི་འགྲོ་ཞིང་ངན་པ་དང་ཤ་མི་ཟ་བ་དང་། ཉ་དང་ཤིང་འབྲས་མི་ཟ་བ་དང་། ཆང་མི་འཐུང་བ་དང་། སྨན་གྱི་བཏུང་བ་མི་འཐུང་བ་དང་། ཁྱིམ་གཅིག་
ཏུ་རྙེད་པ་ལེན་པ་དང་། གཉིས་དང་གསུམ་དང་ཁྱིམ་བདུན་དུ་རྙེད་པ་ལེན་པ་དང་། བཟའ་བ་དང་བཏུང་བ་མི་ཟ་བ་དང་རྗེས་སུ་མཐུན་ཞིང་ལྡན་པ་དང་། ཁམ་བུ་གཅིག་ཟ་ཞིང་ཡོངས་སུ་ཟ་བ་དང་། ཁམ་བུ་གཉིས་དང་། གསུམ་དང་། ཡུན་དུ་ཟ་བ་དང་། བཏུང་བ་ཟ་ཞིང་འཐུང་བ་དང་། དུས་
གཅིག་ཏུ་ལོངས་སྤྱོད་པ་དང་། གཉིས་དང་། གསུམ་དང་། བདུན་གྱི་མཐར་སྤྱོད་ཅིང་ཟ་བ་དང་། ཟླ་བ་ཕྱེད་ནས་ཡོངས་སུ་སྤྱད་པ་དང་། ཟླ་བ་ཕྱེད་ཀྱི་མཐར་ཟ་བ་དང་། ཟླ་བ་གཅིག་ལོན་ནས་ཟ་བ་དང་། ཟླ་བ་གཅིག་ནས་ཟ་བ་དང་། ཚོད་མ་ཟ་བ་དང་། སྔོ་ཟ་བ་དང་། རྒྱ་འབྲས་ཟ་བ་དང་།
གཟེགས་མ་ཟ་བ་དང་། བ་ལང་གི་ལྕི་བ་ཟ་བ་དང་། གར་རྡུ་ཟ་བ་དང་། དགོན་པའི་ཕྱོགས་སུ་འཛིན་ནས་འབྲས་བུ་དང་ས་བོན་ལས་བྲལ་བ་དང་། རྩ་བ་དང་འབྲས་བུ་དང་འཚོ་བ་དང་གཟེགས་མ་དང་བཅས་ཤིང་གནས་པ་དང་། དུར་ཁྲོད་དུ་གནས་པ་དང་། ཉེ་བར་ཞི་བ་ན་གནས་པ་དང་། རི་ལ་
Vol. 146 · folio 154b
གནས་པ་དང་། རྒྱན་འཆང་བ་དང་། རི་དང་དུར་ཁྲོད་འཆང་བ་དང་། རའི་ལ་བ་འཆང་བ་དང་། སྐྲའི་ལ་བ་འཆང་བ་དང་། ར་དང་སྐྲའི་ལ་བ་འཆང་བ་དང་། པགས་པ་འཆང་བ་དང་། གཡང་གཞི་འཆང་བ་དང་། པགས་པ་དང་གཡང་གཞི་འཆང་བ་དང་། དཱུར་བ་འཆང་བ་དང་། ཙིར་ར་ཉ་
འཆང་བ་དང་། དཱུར་བ་དང་ཙིར་ར་ཉ་འཆང་བ་དང་། དྲི་མ་འཆང་བ་དང་། འདམ་འཆང་བ་དང་། དྲི་མ་དང་འདམ་འཆང་བ་དང་། སྐྲ་འཆང་བ་དང་། ཁ་སྤུ་འཆང་བ་དང་། སྐྲ་དང་ཁ་སྤུ་འཆང་བ་དང་། སྐྲ་འབྱིད་པ་དང་། ཁ་སྤུ་འབྱིད་པ་དང་། སྐྲ་དང་ཁ་སྤུ་འབྱིད་པ་དང་། རྗེས་སུ་མཐུན་ཞིང་
ལྟར་གནས་ཏེ། ལག་པ་གཅིག་གནམ་དུ་བསྒྲེང་བ་དང་། གཡེང་བར་མི་བྱེད་པ་དང་། ཙོག་ཙོག་པོར་འདུག་པ་སྤོང་བ་དང་། རྗེས་སུ་མཐུན་པས་གནས་པ་དང་། འབྲས་བུ་ལ་བརྟེན་ཅིང་གནས་པ་དང་། འབྲས་བུ་ལ་མལ་སྟན་བྱེད་པ་དང་། མཚོན་ཆ་ལ་བརྟེན་པ་དང་། མཚོན་ཆ་མལ་སྟན་དུ་བྱེད་
པ་དང་། བ་ལང་གི་ལྕི་བས་བྱུགས་མ་ཐག་པའི་ས་གཞི་ལ་ཉལ་བ་དང་། ཚུའི་ནང་དུ་གནས་པ་དང་། ཇི་སྲིད་དུས་གསུམ་གྱི་བར་དུ་ཆུར་གནས་པ་དང་། མེ་ལ་ཀུན་དུ་སྤྱོད་པ་ནས་ལན་གསུམ་དུ་མེ་ལ་ཀུན་དུ་སྤྱོད་པའི་བར་དུའོ། །རྐང་པ་གཅིག་གིས་གནས་པ་དང་། ཉི་མ་ལ་རྗེས་སུ་ཕྱོགས་ཏེ་ཉི་
མའི་རྗེས་སུ་འཇུག་པ་དང་། ཉེ་བར་གདུང་བ་དུ་མས་ལུས་ལ་གདུང་ཞིང་ཡོངས་སུ་གདུང་བར་བྱེད་ཅིང་ཉེ་བར་གདུང་བ་དང་རྗེས་སུ་མཐུན་ཞིང་གནས་པ་སྟེ། འདི་ནི་བདག་ཉིད་གདུང་ཞིང་བདག་ཉིད་ཡོངས་སུ་གདུང་བ་དང་རྗེས་སུ་མཐུན་ཞིང་ལྡན་ལ། གཞན་མི་གདུང་ཞིང་གཞན་ཡོངས་སུ་མི་གདུང་
བ་དང་མཐུན་ཞིང་ལྡན་པའི་གང་ཟག་ཅེས་བྱའོ། །ཇི་སྐད་དུ་དགེ་སློང་དག་བདག་གམ་བདག་གི་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་ལྡན་པའི་ཚོགས་ལས་དྲུག་པ་རལ་པ་ཅན་གྱི་མདོ་ལས་ཇི་སྐད་དུ་འདོན་ཏེ། དེ་ནས་བཅོམ་འདས་ཀྱིས་མ་ག་དྷཱའི་དབང་ཕྱུག་གི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བོས་
ནས་རྒྱལ་པོ་ཆེན་པོ་གཟུགས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཏེ་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཏེ་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་
Vol. 146 · folio 155a
བུ་དག་གཟུགས་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རིག་ནས་གཟུགས་ཡོངས་སུ་ཤེས་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་ཡོངས་སུ་རིག་ནས་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་རོ། །རྒྱལ་པོ་ཆེན་
པོ་རིགས་ཀྱི་བུ་གཟུགས་ཡོངས་སུ་ཤེས་ན་བདག་གི་ཞེས་ཉེ་བར་མི་འགྲོ། ཉེ་བར་མི་ལེན། མི་གནས་ཤིང་མངོན་པར་མི་ཞེན་ཏོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡོངས་སུ་ཤེས་ན་བདག་གོ་ཞེས་ཉེ་བར་མི་འགྲོ་ཉེ་བར་མི་ལེན་མི་གནས་ཤིང་མངོན་
པར་མི་ཞེན་ཏོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་གཟུགས་ལ་ཉེ་བར་མི་འགྲོ། ཉེ་བར་མི་ལེན། མི་གནས་ཤིང་མངོན་པར་མི་ཞེན། བདག་གིར་མི་བྱེད་ན་ཚད་མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ང་སྨྲའོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་
པར་ཤེས་པ་ལ་ཉེ་བར་མི་འགྲོ། ཉེ་བར་མི་ལེན། མི་གནས་ཤིང་མངོན་པར་མི་ཞེན། བདག་གིར་མི་བྱེད་ན་ཚད་མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ང་སྨྲའོ། །དེ་ནས་མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདི་སྙམ་དུ་གཟུགས་བདག་མ་ཡིན། ཚོར་བ་དང་འདུ་ཤེས་དང་འདུ་
བྱེད་དང་རྣམ་པར་ཤེས་པ་བདག་མ་ཡིན་ན་བདག་ཅི་ཞིག་ཡིན་ཏེ་སེམས་ཅན་ནམ། སྲོག་གམ། སྐྱེས་བུའམ། གང་ཟག་གམ། ཤེད་ལས་སྐྱེས་པའམ། ཤེད་བུའམ། བྱེད་པ་པོའམ། བྱེད་དུ་འཇུག་པའམ། སྐྱེད་པ་པོའམ། ཡང་དག་པར་སྐྱེད་པ་པོའམ། སློང་བ་པོའམ། ཀུན་ནས་སློང་
བ་པོའམ། ཚོར་བ་པོའམ། ཚོར་བར་བྱེད་པ་པོའམ། རབ་ཏུ་ཚོར་བ་པོ་གང་དེ་དང་དེར་དགེ་བའི་ལས་རྣམས་བྱས་ཤིང་བྱས་ནས་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་མི་ཤེས་ཤིང་མ་བྱུང་འབྱུང་བར་མི་འགྱུར་ཞིང་ད་ལྟར་མེད་དོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་
ཟེ་དང་ཁྱིམ་བདག་དེ་དག་གི་སེམས་ཐུགས་ཀྱིས་མཁྱེན་ནས། དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་བདག་དང་བདག་གི་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་བཏགས་པའི་རྗེས་སུ་ལྷུང་བ་རྣམས་ཀྱི་སྟེ་འདི་ལ་བདག་དང་བདག་གི་མེད་དོ། །སྡུག་བསྔལ་སྐྱེ་བཞིན་པ་ན་སྐྱེ་ཞིག
Vol. 146 · folio 155b
སྡུག་བསྔལ་འགག་བཞིན་པ་ན་འགག་གོ། །འདུ་བྱེད་སྐྱེ་བཞིན་པ་ན་སྐྱེ་ཞིང་། འདུ་བྱེད་འགག་བཞིན་པ་ན་འགག་གོ། །རྒྱུ་དེ་དང་རྐྱེན་དེ་དག་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུན་འཇུག་ཅིང་འདུ་བྱེད་ཀྱི་རྒྱུན་ཉིང་མཚམས་སྦྱོར་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་གཤེགས་
པས་མཁྱེན་ནས་སེམས་ཅན་རྣམས་སྐྱེ་བ་དང་འཇིག་པར་འདོགས་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལ་འདི་སྐད་དུ་ཞེས་བྱ་བ་ལ། རེ་ཞིག་ཕུང་པོའི་མཐའི་སྡོམ་ལས་བཙུན་པ་ཅི་ཕུང་པོ་ཉེ་བར་ལེན་པ་ལགས་སམ། འོན་ཏེ་ཕུང་པོ་ལས་གཞན་ཞིག་ཉེ་བར་ལེན་པ་ཡིན། དགེ་
སློང་དག་ཕུང་པོ་ཉེ་བར་ལེན་པ་མ་ཡིན་ཞིང་། ཕུང་པོ་ལས་གཞན་ཡང་ཉེ་བར་ལེན་པ་མ་ཡིན་གྱི། འོན་ཀྱང་དགའ་བ་ལ་འདོད་ཆགས་པ་འདི་ནི་ཉེ་བར་ལེན་པ་ཞེས་བྱའོ། །དེ་བཞིན་དུ་སྐྱེ་མཆེད་དྲུག་གི་ཚོགས་ཀྱི་དྲག་པོའི་སྡོམ་ལས། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དུའོ་སྟེ་འདི་
ནི་ཉེ་བར་བླང་བར་བྱ་བ་ཞེས་བྱའོ། །གང་དགའ་བ་ལ་འདོད་ཆགས་པ་ནི་ཉེ་བར་ལེན་པའི་ཆོས་ཞེས་བྱའོ་ཞེས་མདོ་འདི་གཉིས་མཛོད་ཀྱི་གནས་ལྔ་པ་དང་བདུན་པར་འཆད་པར་འགྱུར་རོ། །མདོ་ལས་ཀུན་དགའ་བོ་ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་
མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ་ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟ་སྟེ་སྲིད་པ་ཞེས་བརྗོད་པ། སྲིད་པ་སྲིད་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ལགས། ཀུན་དགའ་བོ་སྲིད་པ་ནི་རྣམ་པ་གསུམ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །ཀུན་དགའ་བོ་གལ་ཏེ་འདོད་པ་དང་
ཡང་དག་པར་ལྡན་པའི་ལས་མེད་ན་འགའ་ཡང་གང་དུ་འདོད་པའི་སྲིད་པ་ཞེས་འདོགས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་ལས་ཀྱི་ཞིང་དང་། སྲེད་པའི་རླན་དང་། རྣམ་པར་ཤེས་པའི་ས་བོན་དང་། མ་རིག་པའི་མུན་པ་སྟེ། ཀུན་དགའ་བོ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་
Vol. 146 · folio 156a
སེམས་དམན་པ་ལ་རྣམ་པར་ཤེས་པ་གནས་པར་འགྱུར་ཏེ། འདི་ལྟ་སྟེ། འདོད་པའི་སྲེད་པར་རོ། །ཀུན་དགའ་བོ་གཟུགས་དང་ཡང་དག་པར་ལྡན་པའི་ལས་མེད་ན་འགའ་ཡང་གཟུགས་ཀྱི་སྲིད་པ་ཞེས་འདོགས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་ལས་ཀྱི་
ཞིང་དང་། སྲེད་པའི་རླན་དང་། རྣམ་པར་ཤེས་པ་ནི་ས་བོན་དང་། མ་རིག་པ་ནི་མུན་པ་སྟེ། ཀུན་དུ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་སེམས་བར་མ་ལ་རྣམ་པར་ཤེས་པ་གནས་པར་འགྱུར་ཏེ། འདི་ལྟ་སྟེ་གཟུགས་ཀྱི་སྲིད་པར་རོ། །ཀུན་དགའ་བོ་གཟུགས་མེད་པ་དང་ཡང་དག་པར་ལྡན་
པའི་ལས་མེད་ན། འགའ་ཡང་གང་དུ་གཟུགས་མེད་པའི་སྲིད་པ་ཞེས་འདོགས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་ལས་ཀྱི་ཞིང་དང་། སྲེད་པའི་རླན་དང་། རྣམ་པར་ཤེས་པའི་ས་བོན་དང་མ་རིག་པའི་མུན་པ་སྟེ། ཀུན་དུ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་སེམས་མཆོག་ལ་
རྣམ་པར་ཤེས་པ་གནས་པར་འགྱུར་ཏེ། འདི་ལྟ་སྟེ། གཟུགས་མེད་པའི་སྲེད་པར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཡང་མ་འོངས་པའི་ལས་མངོན་པར་འབྱུང་ཞིང་མངོན་པར་འགྲུབ་པར་འགྱུར་བ་འདི་ལ་སྲིད་པ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །མདོ་ལས་མ་རིག་པའི་ཀུན་དུ་སྦྱོར་
བ་དང་ཞེས་བྱ་བ་དེའི་དོན་དུ་དྲིས་ཏེ། ཀུན་དུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ་དང་། གནོད་སེམས་ཀྱི་ཀུན་དུ་སྦྱོར་བ་དང་། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་། མ་རིག་པའི་ཀུན་དུ་སྦྱོར་བ་དང་། ལྟ་བའི་ཀུན་དུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དང་། ཕྲག་
དོག་གི་ཀུན་དུ་སྦྱོར་བ་དང་། སེར་སྣའི་ཀུན་དུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བའོ། །འཆིང་བ་ནི་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་འཆིང་བ་དང་། ཞེ་སྡང་གི་འཆིང་བ་དང་། གཏི་མུག་གི་འཆིང་བའོ། །ཕྲ་རྒྱས་ནི་རྣམ་པ་བདུན་ཏེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། གནོད་
སེམས་ཀྱི་ཕྲ་རྒྱས་དང་། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ང་རྒྱལ་གྱི་ཕྲ་རྒྱས་དང་། མ་རིག་པའི་ཕྲ་རྒྱས་དང་། ལྟ་བའི་ཕྲ་རྒྱས་དང་། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །སྦྱོར་བ་ནི་བཞི་སྟེ། འདོད་
Vol. 146 · folio 156b
པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ། །ཉན་ཐོས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་ལས་གནས་བརྟན་ཤཱ་རིའི་བུ་ལ་ཀུན་དུ་རྒྱུ་འཛམ་བུའི་གྲིབ་མས་ཀུན་དུ་སྦྱོར་བ་ལ་སོགས་པའི་དྲི་བ་དྲིས་པའི་མདོར་བསྟན་པ་བྱས་
པ་དེར་ཤེས་པར་བྱའོ། །མདོ་ལས་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཚུལ་ཁྲིམས་ལ་བསྟེན་ཅིང་ཚུལ་ཁྲིམས་ལ་གནས་པ་དག་ཆོས་གཉིས་ཤིག་གོམས་པར་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ་། །ཞི་གནས་
ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་དོན་ཅི་ཞིག་རྗེས་སུ་ཐོབ་པར་འགྱུར་ཞིང་། ལྷག་མཐོང་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་དོན་ཅི་ཞིག་རྗེས་སུ་ཐོབ་པར་འགྱུར་ཞེ་ན། ཞི་གནས་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་སེམས་བསྒོམས་པར་འགྱུར་ཞིང་།
སེམས་བསྒོམས་ན་གང་འདོད་ཆགས་སྤོང་བར་འགྱུར་རོ། །ལྷག་མཐོང་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་རབ་བསྒོམས་པར་འགྱུར་ཞིང་། ཤེས་རབ་བསྒོམས་ན་མ་རིག་པ་སྤོང་བར་འགྱུར་ཏེ། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་
མི་གྲོལ་ལོ། །མ་རིག་པས་ཉེ་བར་ཉོན་མོངས་པར་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག །དགེ་སློང་དག་འདོད་ཆགས་དང་བྲལ་བའི་སེམས་ནི་རྣམ་པར་གྲོལ་ལ། གཏི་མུག་དང་བྲལ་བའི་སེམས་ནི་རྣམ་པར་གྲོལ་ལོ། །དགེ་སློང་གང་འདོད་ཆགས་སྤངས་ཤིང་སེམས་རྣམ་པར་གྲོལ་བ་
དང་། མ་རིག་པ་ལས་འདོད་ཆགས་དང་བྲལ་ཞིང་ཤེས་རབ་རྣམ་པར་གྲོལ་བ་གང་གིས་ལུས་ཀྱི་མངོན་སུམ་དུ་བྱས་པར་གྱུར་པ་དེ་ནི་སྲེད་པ་ཆད་ཅིང་ཀུན་དུ་སྦྱོར་བ་སྤངས་པ་ཡང་དག་པའི་ཡིད་ཀྱིས་མངོན་པར་རྟོགས་ནས་སྡུག་བསྔལ་མཐར་བྱས་པའི་དགེ་སློང་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །
མདོ་ལས་བདག་གིས་དེ་ལྟར་ཤེས་དེ་ལྟར་མཐོང་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེ་ནས་ཀུན་དུ་རྒྱུ་བེའུའི་རིགས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་དང་
Vol. 146 · folio 157a
ལྷན་ཅིག་ཡང་དག་པར་བདེ་བ་དང་། དགའ་བ་དང་། ཡང་དག་པར་རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀུན་དུ་རྒྱུ་བེའུའི་རིགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་
གཽ་ཏ་མ་དྲིས་པ་ལ་ལུང་བསྟན་པའི་སླད་དུ་སྐབས་འབྱེད་ན་བདག་ཕྱོགས་འགའ་ཞིག་ཡོངས་སུ་འདྲིའོ། །བེའུ་ཐེ་ཚོམ་ཟ་བ་གང་ཡིན་པ་དྲིས་ཤིག །ཀྱེ་གཽ་ཏ་མ་འཇིག་རྟེན་རྟག་ཅེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་སྨྲའམ། བེའུ་འཇིག་རྟེན་རྟག་ཅེས་
བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་ང་འདི་ལྟར་མི་ལྟ་ཞིང་འདི་སྐད་དུ་མི་སྨྲའོ། །ཀྱེ་གཽ་ཏ་མ་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན་
མཐའ་མེད་པ་ཡང་མ་ཡིན་པ་དང་། སྲོག་དེ་ཉིད་ལུས་དང་། སྲོག་ལས་ལུས་གཞན་དུ་གྱུར་པ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་སྨྲ་བ་འདི་ཉིད་བདེན་གྱི་
གཞན་ནི་གཏི་མུག་པའོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བའམ། བེའུ་འདི་ལྟ་སྟེ་འཇིག་རྟེན་མི་རྟག་ཅེས་བྱ་བ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་དང་། མཐའ་དང་ཡང་བཅས་ལ་
མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་དང་། སྲོག་དེ་ཉིད་ལུས་དང་། སྲོག་ལས་ལུས་གཞན་དུ་གྱུར་པ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བ་དང་། ཡོད་ཀྱང་ཡོད་ལ་མེད་ཅེས་བྱ་བ་དང་། ཡོད་པ་ཡང་མ་ཡིན་མེད་པ་
ཡང་མ་ཡིན་ཞེས་བྱ་བ་ང་འདི་ལྟར་མི་ལྟ་ཞིང་འདི་སྐད་དུ་མི་སྨྲའོ། །ཀྱེ་གཽ་ཏ་མ་ལྟ་བ་འདི་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཁས་མི་ལེན་པ་ལྟ་བ་འདི་དག་ཉེས་དམིགས་དང་བཅས་པར་ཡང་དག་པར་རྗེས་སུ་མཐོང་ངམ། བེའུ་དེ་ལ་ལྟ་བ་གང་འཇིག་རྟེན་རྟག་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་
Vol. 146 · folio 157b
ནི་གཏི་མུག་པའོ་ཞེས་སྨྲ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པ་ཞེས་བྱ་བའི་ལྟ་བ་འདི་ནི་ལྟ་བར་གྱུར་པ། ལྟ་བའི་ཚང་ཚིང་། ལྟ་བའི་དགོན་པ། ལྟ་བས་གཡེངས་པ། ལྟ་བས་བསྐྱེད་པ། ལྟ་བའི་ཀུན་དུ་སྦྱོར་བ་སྟེ། དེ་ནི་སྡུག་བསྔལ་བ། དེ་ནི་གནོད་པ། དེ་ནི་ཉེ་བར་འཚེ་བ། དེ་ནི་ཡོངས་
སུ་སྲེག་པར་བྱེད་པ་སྟེ། མངོན་པར་མི་ཤེས་ཤིང་མངོན་པར་མི་རྟོགས་ཤིང་མྱ་ངན་ལས་འདས་པ་མི་ཐོབ་པར་བྱེད་པ་སྟེ། ལྟ་བ་གང་འཇིག་རྟེན་རྟག་ཅེས་བྱ་བ་འདི་ཉིད་བདེན་གྱི་གཞིན་ནི་གཏི་མུག་པའོ་ཞེས་བྱ་བའོ། །དེ་ལ་བེའུ་ལྟ་བ་གང་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་བྱ་
བ་དང་། རྟག་པ་ཡང་མ་ཡིན་མ་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་དང་། མཐའ་དང་ཡང་བཅས་ཤིང་མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་དང་། སྲོག་དེ་ཉིད་ལུས་དང་། སྲོག་ལས་ལུས་གཞན་དུ་འགྱུར་ཞེས་
བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང་མེད་ཅེས་བྱ་བ་དང་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་སྨྲ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བ་འདི་ཡང་ལྟ་བར་གྱུར་པ།
ལྟ་བའི་ཚང་ཚིང་། ལྟ་བས་གཡེངས་པ། ལྟ་བས་བསྐྱེད་པ། ལྟ་བ་ལ་སྤྱོད་པ། ལྟ་བའི་ཀུན་དུ་སྦྱོར་བ་སྟེ། དེ་ནི་སྡུག་བསྔལ་བ། དེ་ནི་གནོད་པ། དེ་ནི་ཉེ་བར་འཚེ་བ། དེ་ནི་ཡོངས་སུ་སྲེག་པར་བྱེད་པ་མངོན་པར་མི་ཤེས་ཤིང་མངོན་པར་མི་རྟོགས་པ་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་པའོ། །གཽ་
ཏ་མ་ཁྱོད་ཀྱི་ལྟ་བ་ཅི་ཞིག། བེའུ་དེ་བཞིན་གཤེགས་པ་ནི་ལྟ་བར་གྱུར་པ་སྤངས་པ་སྟེ། འོན་ཀྱང་དེ་བཞིན་གཤེགས་པའི་ལྟ་བར་གྱུར་པ་སྤང་བ་ཅི་ཞིག་ལྟ་བ་ཅི་ཞེ་ན། དེ་བཞིན་གཤེགས་པས་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་ཞིང་། འདི་ནི་
སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་རྟོགས་ཤིང་འཕགས་པའི་བདེན་པ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་སྟེ། བདག་གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་སྟེ། སྲེད་པ་ཐམས་ཅད་དང་། ལྟ་བ་
Vol. 146 · folio 158a
ཐམས་ཅད་དང་། འཇུག་པ་ཐམས་ཅད་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པའི་ཕྲ་རྒྱས་ཐམས་ཅད་སྤངས་ཤིང་ཡོངས་སུ་ཤེས་ནས་གྲིབ་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་སོ། །གཽ་ཏ་མ་འདི་ལྟར་སེམས་རྣམ་
པར་གྲོལ་བའི་དགེ་སྦྱོང་གང་དུ་འགྲོ་བར་འགྱུར་བར་སྨྲ། བེའུ་དེའི་ཕྱིར་ཁྱེད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལུང་སྟོན་ཅིག་དང་བཤད་པར་བྱའོ། །བེའུ་འདི་ལྟ་སྟེ་འདིར་ཁྱེད་ཀྱིས་མདུན་དུ་མེ་འབར་ནས་སྦར་རོ་ཞེས་བྱ་བར་ཤེས་སམ། གཽ་ཏ་མ་མེ་སྦར་རོ་ཞེས་བྱ་བར་འཚལ་ལགས་སོ། །དེ་ཉིད་མེ་ཤི་ན་
ཤིའོ་ཞེས་བྱ་བར་ཤེས་སམ། གཽ་ཏ་མ་ཤིའོ་ཞེས་བྱ་བར་འཚལ་ལགས་སོ། །བེའུ་གལ་ཏེ་ཁ་ཅིག་འོངས་ཏེ་ཁྱོད་ཀྱི་མདུན་དུ་མེ་སྦར་བ་དེ་ཤར་ཕྱོགས་སམ་ལྷོ་ཕྱོགས་སམ། ནུབ་ཕྱོགས་དང་བྱང་ཕྱོགས་གང་དུ་སོང་ཞེས་འདྲི་ན། བེའུ་འདི་སྐད་དུ་དྲི་བ་ལ་ཇི་སྐད་དུ་ལུང་སྟོན། གཽ་ཏ་མ་གལ་ཏེ་ཁ་ཅིག་
འོངས་ཏེ་བདག་ལ་འདི་ལྟར་འདྲི་ན། དེ་ལ་བདག་གིས་འདི་སྐད་དུ། གང་བདག་གི་མདུན་དུ་མེ་སྦར་བ་དེ་གང་རྩྭ་དང་། ཤིང་དང་། ཡལ་ག་དང་འདབ་མ་ལ་བརྟེན་ཏེ་དེ་ཙམ་དུ་འབར་ལ། དེ་དག་ཡོངས་སུ་ཟད་ཅིང་གཏུགས་ཤིང་གཞན་ཉེ་བར་ལེན་པ་མ་ཚོགས་པས་ཉེ་བར་ལེན་པ་མེད་པར་ཤི་བར་འགྱུར་
ཏེ། དེ་ཤར་ཕྱོགས་སུ་མ་སོང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་མ་སོང་ཞེས་ལུང་བསྟན་པར་བྱའོ། །བེའུ་དེ་བཞིན་དུ་དེ་བཞིན་གཤེགས་པས་ངོ་བོ་གང་གིས་གཟུགས་སུ་འདོགས་ཤིང་ཉེ་བར་འདོགས་པའི་ངོ་བོ་དེ་སྤངས་ཤིང་ཡོངས་སུ་ཤེས་ལ་རྩ་བ་བཅད་ཅིང་། ཤིང་ཏ་ལ་མགོ་བཅད་
པ་ལྟར་སྐལ་བ་མཉམ་པ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་ཏོ། །གང་དང་གང་གིས་ཚོར་བ་དང་། གང་དང་གང་གིས་འདུ་ཤེས་དང་། གང་དང་གང་གིས་འདུ་བྱེད་དང་། གང་དང་གང་གིས་རྣམ་པར་ཤེས་པ་ཤེས་པར་འདོགས་པ་ངོ་བོ་ཉིད་དེ་ཉིད་ཀྱི་དེ་བཞིན་གཤེགས་པས་སྤངས་ཤིང་ཡོངས་སུ་ཤེས་ཏེ། རྩ་
བ་བཅད་ཅིང་ཤིང་ཏ་ལ་མགོ་བཅད་པ་ལྟར་སྐལ་བ་མཉམ་པར་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཏེ། ཤར་ཕྱོགས་སུ་མ་སོང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་མ་སོང་བ་སྟེ་ཟབ་ཅིང་རྒྱ་ཆེ་ལ་ཚད་མེད་ཅིང་བགྲང་དུ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །གཽ་ཏ་མ་བདག་དཔེ་བཤད་པར་
Vol. 146 · folio 158b
སྤོབས་སོ། །བེའུ་དེའི་དུས་ལ་བབ་ན་སྤབས་པར་གྱིས་ཤིག །གཽ་ཏ་མ་འདི་ལྟ་སྟེ། གྲོང་དང་གྲོང་ཁྱེར་ཐག་མི་རིང་བ་ཞིག་ན་སའི་གཞི་མཛེས་པར་བྱེད་པ་སཱ་ལའི་ཚལ་ཞིག་ཡོད་པར་གྱུར་ལ། སཱ་ལའི་ཚལ་དེ་ལས་གཅིག་ལ་ལོ་དུ་མ་ཞིག་ཅི་ལ་གྲངས་མང་དུ་འཕེལ་བ། དེ་ཡང་ཉིན་མཚན་དུ་
ཡལ་ག་རྙིང་ཞིང་པགས་པ་ཤུས་པ་དང་། ཡལ་ག་དང་འདབ་མ་རིམ་གྱིས་ཉམས་ཏེ། དེ་དུས་གཞན་ན་ཤུན་པ་དང་བྲལ། པགས་པ་དང་བྲལ། ཡལ་ག་དང་ལོ་འདབ་དང་བྲལ་ཏེ་དག་ཅིང་སྙིང་པོ་གནས་པར་འགྱུར་ཏེ། དེ་བཞིན་དུ་གཽ་ཏ་མ་ཆོས་འདུལ་བ། པགས་པ་དང་ཤུན་པ་དང་བྲལ་ཞིང་ཡལ་
ག་དང་ལོ་འདབ་དང་བྲལ་བའི་སྙིང་པོ་གནས་པར་འགྱུར་རོ། །གཽ་ཏ་མ་སྐྱེ་དགུ་ཀུན་གཞི་ལ་དགའ་ཞིང་། ཀུན་གཞི་ལ་རབ་ཏུ་དགའ་ཞིང་། ཀུན་གཞི་ལ་མངོན་པར་དགའ་བ་རྣམས་ལ། གཽ་ཏ་མ་ཀུན་གཞི་མེད་པར་ཆོས་རྣམས་ལས་མངོན་པར་བྱང་ཆུབ་སྟེ། །དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་གཽ་ཏ་མ་མཆིའོ་ཞེས་བྱ་བ་ནས་ཞབས་དྲུང་ནས་སོང་ངོ་ཞེས་བྱ་བའི་བར་དུའོ། །འདི་ལྟར་མདོའི་ཁུངས་ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་ལ་ཞེས་བྱ་བ་ལ་སོགས་པ་ལ་གླིང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྣམ་པ་གཉིས་ལ་བརྟེན་ནས་
རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། གཉིས་གང་ཞེ་ན། མིག་དང་། གཟུགས་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་ཆོས་དེ་འདི་ནི་གཉིས་ཞེས་བྱའོ། །དགེ་སློང་དག་ཁ་ཅིག་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མས་གཉིས་སུ་བཏགས་པ་དེ་
བདག་གིས་བསལ་ཏེ་གཞན་གཉིས་བསྟན་པར་བྱའོ་ཞེས་སྨྲ་བ་དེ་ནི་ཚིག་ཙམ་སྟེ་དྲིས་པའི་ལན་ཡང་དག་པར་མི་ཤེས་པ་ལན་ལ་རྨོངས་པ་སྐྱེད་དེ། དེ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་
དེ་ལ་མིག་ནི་མི་རྟག་པ། འདུས་བྱས་པ། ཚོགས་ཤིང་བརྟེན་ནས་བྱུང་བའོ། །གཟུགས་དང་མིག་གི་རྣམ་པར་ཤེས་པ་ཡང་མི་རྟག་པ་འདུས་བྱས་པ་ཚོགས་ཤིང་བརྟེན་ནས་བྱུང་བ་སྟེ། ཆོས་འདི་རྣམས་ཉིད་འབྲེལ་ཞིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ཉིད་ལ་རེག་པ་ཞེས་བྱའོ། །དགེ་སློང་དག་
Vol. 146 · folio 159a
རེག་པས་ཚོར་བར་བྱེད། རེག་པས་སེམས་པར་བྱེད། རེག་པས་འདུ་ཤེས་པར་བྱེད་དེ། ཆོས་འདི་དག་ཀྱང་མི་རྟག་པ། འདུས་བྱས་པ། ཚོགས་པ་བརྟེན་ནས་བྱུང་བ་སྟེ། འདི་ལྟ་སྟེ། རེག་པ་དང་ཚོར་བ་དང་། འདུ་ཤེས་དང་། སེམས་པའོ། །དགེ་སློང་དག་རྣ་བ་དང་སྣ་
དང་ལྕེ་དང་ལུས་དང་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། དགེ་སློང་དག་དེ་ལ་ཡིད་གང་ཡིན་པ་དེ་ཡང་མི་རྟག་པ་འདུས་བྱས་པ་འདུས་ཤིང་བརྟེན་ནས་བྱུང་བ་སྟེ། ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་རྟག་པ་འདུས་བྱས་པ་ཚོགས་པ་བརྟེན་ནས་བྱུང་བ་སྟེ། དེ་ལྟར་ན་
ཆོས་གསུམ་པོ་འདི་དག་ཉིད་འབྲེལ་ཞིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཞེས་བྱའོ། །དགེ་སློང་དག་རེག་པས་ཚོར་བར་བྱེད། རེག་པས་སེམས་པར་བྱེད། རེག་པས་འདུ་ཤེས་པར་བྱེད་དེ། ཆོས་འདི་དག་ཀྱང་མི་རྟག་པ། འདུས་བྱས་པ། ཚོགས་པ་བརྟེན་ནས་བྱུང་བ་སྟེ། འདི་ལྟ་
སྟེ། རེག་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པའོ་ཞེས་བཀའ་སྩལ་ཏོ། །འདིར་མདོའི་ཁུངས་ཚན་དྲུག་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན་ཞེས་བྱ་བ་ལ། བཅོམ་ལྡན་འདས་སྐྱ་བ་སེང་ན་ཀོལ་མ་ཤ་དམ་མྱ་ཞེས་བྱ་བའི་གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་
ལ་བོས་ཏེ། དགེ་སློང་དག་ངས་ཁྱེད་ལ་དྲུག་ཚན་དྲུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡོངས་སུ་གསལ་
བར་བྱེད་པ་བཤད་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དྲུག་ཚན་དྲུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། རྣམ་པར་ཤེས་པའི་སྐྱེ་མཆེད་དྲུག་དང་། རེག་པའི་ཚོགས་དྲུག་དང་། ཚོར་བའི་
ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་གོ། །ནང་གི་སྐྱེ་མཆེད་དྲུག་གང་ཞེ་ན། མིག་ནང་གི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་གི་སྐྱེ་མཆེད་དེ། འདི་དག་ནི་ནང་གི་སྐྱེ་མཆེད་དྲུག་སྟེ་དྲུག་ཚན་དང་པོའོ། །ཕྱིའི་སྐྱེ་མཆེད་དྲུག་གང་ཞེ་ན། གཟུགས་ནི་ཕྱིའི་སྐྱེ་
Vol. 146 · folio 159b
མཆེད་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ནི་ཕྱིའི་སྐྱེ་མཆེད་དེ་འདི་དག་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ་དྲུག་ཚན་གཉིས་པའོ། །རྣམ་པར་ཤེས་པའི་ཚོགས་དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་
འདི་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ་དྲུག་ཚན་གསུམ་པའོ། །རེག་པའི་ཚོགས་དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྟེ། འདི་དག་ནི་རེག་པའི་ཚོགས་དྲུག་སྟེ་དྲུག་ཚན་བཞི་པའོ། །ཚོར་བའི་ཚོགས་དྲུག་
གང་ཞེ་ན། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྟེ། འདི་དག་ནི་ཚོར་བའི་ཚོགས་དྲུག་སྟེ་དྲུག་ཚན་ལྔ་པའོ། །སྲེད་པའི་ཚོགས་དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་
པའི་སྲེད་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པ་སྟེ། འདི་དག་ནི་སྲེད་པའི་ཚོགས་དྲུག་སྟེ་དྲུག་ཚན་དྲུག་པའོ། །དགེ་སློང་དག་མིག་བདག་ཡིན་ནོ་ཞེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མིག་ནི་སྐྱེ་བ་དང་
འཇིག་པར་ཤེས་ལ། གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ་དེའི་ཕྱིར་འཐད་པ་མ་ཡིན་ནོ། །དགེ་སློང་མིག་ནི་བདག་ཅེས་སྨྲ་ཡང་བདག་མ་ཡིན་ནོ། །གཟུགས་དང་མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་
འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང་། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པ་བདག་ཅེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྐྱེ་བ་དང་འཇིག་པར་ཤེས་ལ། གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་
འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ་དེའི་ཕྱིར་འཐད་པ་མ་ཡིན་ནོ། །དགེ་སློང་དག་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་བདག་ཅེས་སྨྲ་བ་གང་ཡིན་པ་དེ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་སྲེད་པ་བདག་མ་ཡིན་ནོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། དགེ་སློང་
Vol. 146 · folio 160a
ཡིད་བདག་ཅེས་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཡིད་ནི་སྐྱེ་བ་དང་འཇིག་པར་ཤེས་ལ་གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ། དེའི་ཕྱིར་འཐད་པ་མ་ཡིན་ནོ། །དགེ་སློང་དག་ཡིད་ནི་
བདག་ཡིན་ནོ་ཞེས་སྨྲ་བ་འདི་ནི་ཡིད་ནི་བདག་མ་ཡིན་ནོ། །ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་བདག་ཡིན་ནོ་ཞེས་སྨྲ་བ་དེ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཡིད་ཀྱི་
འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་ནི་སྐྱེ་བ་དང་འཇིག་པར་ཤེས་ལ་གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ་དེའི་ཕྱིར་འཐད་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་བདག་ཅེས་སྨྲ་བ་ནི་ཡིད་ཀྱི་འདུས་ཏེ་རེག་
པ་ལས་བྱུང་བའི་སྲེད་པ་ནི་བདག་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པའི་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་
སྟེ། དགེ་སློང་དག་དེ་ལ་གང་བདེ་བའི་ཚོར་བས་རེག་ན་མངོན་པར་དགའ་ཞིང་རབ་ཏུ་དགའ་ལ་མངོན་པར་ཞེན་ཅིང་གནས་པར་འགྱུར་ཏེ། བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །དགེ་སློང་དག་དེ་ལ་སྡུག་བསྔལ་གྱི་ཚོར་བས་རེག་ན་མི་བཟོད་ཅིང་། ཁྲོ་བ་དང་(གནད་‚གནོད་)སེམས་དང་།
ཞུམ་ཞིང་གནས་ཏེ་ཁྲོ་བ་བསགས་པར་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ་ཞེས་ཚོར་བ་ནི་བདག་གི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དེ་བདེ་བ་དང་སྡུག་བསྔལ་གྱི་
ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །དགེ་སློང་དག་དགེ་སློང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པ་མ་སྤངས་ཤིང་། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པ་མ་སྤངས་ལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པ་མ་སྤངས་ཤིང་འདི་ལྟ་བ་དང་
Vol. 146 · folio 160b
ང་རྒྱལ་གྱི་ཕྲ་རྒྱས་འབྱུང་ཞིང་མ་རིག་པ་ལས་འདོད་ཆགས་དང་མ་བྲལ་ནས་ཡང་དག་པའི་རིག་པ་མ་སྐྱེས་པར་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དགེ་སྦྱོང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་བ་སྤངས་ཤིང་། སྡུག་བསྔལ་གྱི་ཚོར་བ་ལ་
ཞེ་སྡང་རྒྱས་པར་འགྱུར་བ་སྤངས་ལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ་རྒྱས་པར་འགྱུར་བ་སྤངས་ཏེ། འདི་ལྟ་བ་དང་ང་རྒྱལ་གྱི་ཕྲ་རྒྱས་མི་འབྱུང་ཞིང་། མ་རིག་པ་ལས་འདོད་ཆགས་དང་བྲལ་ནས་ཡང་དག་པའི་རིག་པ་སྐྱེ་སྟེ་སྡུག་བསྔལ་མཐར་བྱེད་
པར་འགྱུར་བ་འདི་ནི་གནས་ཡོད་དོ། །དགེ་སློང་དག་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། གསུམ་འདུས་པའི་རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་
བསྔལ་བ་ཡང་མ་ཡིན་པ་སྐྱེ་སྟེ། དགེ་སློང་དག་དེ་ལ་གང་བདེ་བའི་ཚོར་བ་ལ་མངོན་པར་དགའ་ཞིང་རབ་ཏུ་དགའ་ལ། མངོན་པར་ཞེན་ཅིང་གནས་པར་འགྱུར་ཏེ། བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །དགེ་སློང་དག་དེ་ལ་སྡུག་བསྔལ་གྱི་ཚོར་བས་རེག་ན་མི་བཟོད་པ་སྐྱེ་ཞིང་ཁྲོ་བ་
དང་གནོད་སེམས་དང་ཞུམ་ཞིང་གནས་ཏེ་ཁྲོ་བ་བསྐྱེད་ནས་སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ་ཞེས་ཚོར་བ་འདི་དག་ནི་ཀུན་འབྱུང་བ་དང་། མི་སྣང་བ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དེ་བདེ་བ་དང་སྡུག་བསྔལ་གྱི་
ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །དགེ་སློང་དག་དགེ་སློང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པ་མ་སྤངས་ཤིང་། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པ་མ་སྤང་ལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་བ་མ་སྤངས་ལ། འདི་
ལྟ་བ་དང་ང་རྒྱལ་གྱི་ཕྲ་རྒྱས་འབྱུང་ཞིང་མ་རིག་པ་ལས་འདོད་ཆགས་དང་མ་བྲལ་ནས་ཡང་དག་པའི་རིག་པ་མ་སྐྱེས་པར་སྡུག་བསལ་མཐར་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དགེ་སློང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པ་སྤངས་ཤིང་། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་
Vol. 146 · folio 161a
སྡང་རྒྱས་པ་སྤངས་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ་རྒྱས་པར་འགྱུར་བ་སྤངས་ཤིང་། འདིའི་ལྟ་བ་དང་ང་རྒྱལ་གྱི་ཕྲ་རྒྱས་མི་འབྱུང་ཞིང་མ་རིག་པ་ལས་འདོད་ཆགས་དང་བྲལ་ནས་ཡང་དག་པའི་རིག་པ་སྐྱེས་ཏེ་སྡུག་བསྔལ་
མཐར་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །དགེ་སློང་དག་ཇི་ལྟ་བ་བཞིན་ཞེས་བྱ་བའི་ཡང་དག་པར་རྗེས་སུ་མཐོང་བ་མིག་ཏུ་གྱུར་པ། ཡེ་ཤེས་སུ་གྱུར་པ། ཉེ་བར་ཞི་བར་འཇུག་པ་མངོན་པར་ཤེས་པ། རྫོགས་པར་བྱང་ཆུབ་པ། མྱ་ངན་ལས་འདས་པར་འཇུག་པར་བྱེད་པ་ཡོད་དེ། དགེ་སློང་
དག་ཇི་ལྟ་བ་བཞིན་ཞེས་བྱ་བའི་ཡང་དག་པར་རྗེས་སུ་མཐོང་བ། མིག་ཏུ་གྱུར་པ། ཡེ་ཤེས་སུ་གྱུར་པ། ཉེ་བར་ཞི་བར་འཇུག་པ། མངོན་པར་ཤེས་པ། རྫོགས་པར་བྱང་ཆུབ་པ། མྱ་ངན་ལས་འདས་པར་འཇུག་པར་བྱེད་པ། དེ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་མིག་བདག་མེད་དོ་ཞེས་བྱ་བར་
ཡང་དག་པར་རྗེས་སུ་མཐོང་ཞིང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ནང་གི་བདག་ཉིད་ཀྱི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ཡང་བདག་མེད་དོ་ཞེས་
ཡང་དག་པར་རྗེས་སུ་མཐོང་སྟེ། དགེ་སློང་དག་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཞེས་བྱ་བ་མིག་ཏུ་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་མྱ་ངན་ལས་འདས་པར་འཇུག་པའི་བར་དུའོ། །འདི་ནི་དྲུག་ཚན་དྲུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། །དགེ་སློང་དག་ངས་ཁྱེད་ལ་དྲུག་ཚན་དྲུག་
པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཤད་པར་བྱའོ་ཞེས་གང་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་འབྱུང་ངོ་། །རེག་པ་དང་ཚོར་བ་ཕན་ཚུན་འབྲས་བུ་ཉིད་དུ་འདོད་པ་འདི་
ནི་མདོ་ལས་མི་བཞེད་དེ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྲེད་པ་སྣ་ཚོགས་ལ་བརྟེན་ནས་ཚོར་བ་སྣ་ཚོགས་འབྱུང་བ་ནི་མ་ཡིན་ཞིང་། ཚོར་བ་སྣ་ཚོགས་ལ་བརྟེན་ཏེ་རེག་པ་སྣ་ཚོགས་འབྱུང་བ་མ་ཡིན་ལ། རེག་པ་སྣ་ཚོགས་ལ་བརྟེན་ནས་ཁམས་སྣ་ཚོགས་འབྱུང་
Vol. 146 · folio 161b
བ་ནི་མ་ཡིན་གྱི། འོན་ཀྱང་ཁམས་སྣ་ཚོགས་ལ་བརྟེན་ནས་རེག་པ་སྣ་ཚོགས་པར་འབྱུང་བར་འགྱུར་ཞིང་རེག་པ་སྣ་ཚོགས་ལ་བརྟེན་ནས་ཚོར་བ་སྣ་ཚོགས། ཚོར་བ་སྣ་ཚོགས་ལ་བརྟེན་ནས་སྲེད་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དགེ་སློང་དག་ཁམས་གང་ཅུང་ཟད་ཁམས་སུ་གྱུར་པ་དེ་
ཐམས་ཅད་ནི་ཁམས་བཅོ་བརྒྱད་དེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་
ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །འདི་ནི་ཁམས་རྣམས་ཀྱི་ཁམས་སྣ་
ཚོགས་པ་ཞེས་བྱའོ། །དགེ་སློང་དག་ཇི་ལྟར་ཁམས་སྣ་ཚོགས་ལ་བརྟེན་ནས་རེག་པ་ཀུན་འབྱུང་བར་འགྱུར་ཞིང་རེག་པ་ལ་བརྟེན་ནས་ཚོར་བ་སྣ་ཚོགས། ཚོར་བ་སྣ་ཚོགས་ལ་བརྟེན་ནས་སྲེད་པ་སྣ་ཚོགས་ཀུན་འབྱུང་བར་འགྱུར་ཞེ་ན། མིག་གི་ཁམས་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་
འབྱུང་བར་འགྱུར་གྱི། མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་ཁམས་སྐྱེ་བ་ནི་མ་ཡིན་གྱི། འོན་ཀྱང་མིག་གི་ཁམས་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་སྐྱེའོ། །མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེའི། མིག་གི་འདུས་ཏེ་རེག་པའི་རྐྱེན་
གྱིས་ཚོར་བ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་སྐྱེ་བ་ནི་མ་ཡིན་ཞིང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་
གྱིས་ཚོར་བ་སྐྱེ་བ་ནི་མ་ཡིན་ནོ། །འོན་ཀྱང་རིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ཁམས་ལ་བརྟེན་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་སྐྱེའི། ཡིད་ཀྱི་འདུས་ཏེ་རེག་པ་ལ་བརྟེན་
Vol. 146 · folio 162a
ནས་ཡིད་ཀྱི་ཁམས་སྐྱེ་བ་ནི་མ་ཡིན་གྱི་འོན་ཀྱང་ཡིད་ཀྱི་ཁམས་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པ་སྐྱེའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་བརྟེན་ཏེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་
པ་སྐྱེ་བ་ནི་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེ་བ་ནི་མ་ཡིན་ནོ། །འོན་ཀྱང་ཡིད་ཀྱི་འདུས་
ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའོ། །དགེ་སློང་དག་དེ་ལྟར་ན་ཁམས་སྣ་ཚོགས་ལ་བརྟེན་ནས་རེག་པ་སྣ་ཚོགས་སྐྱེ་བར་འགྱུར་ཞིང་རེག་པ་སྣ་ཚོགས་ལ་བརྟེན་ནས་ཚོར་བ་སྣ་ཚོགས། ཚོར་བ་སྣ་ཚོགས་ལ་བརྟེན་ནས་སྲེད་པ་སྣ་
ཚོགས་སྐྱེ་བར་འགྱུར་ཏེ་ཞེས་བཀའ་སྩལ་ཏོ། །འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་བརྟེན་པར་བྱའོ་ཞེས་གསུངས་སོ་ཞེས་བྱ་བ་ལ། མདོ་དྲུག་པའི་མཐའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་འདི་ལྟར་འདོན་ཏེ། བཅོམ་ལྡན་འདས་ཡོངས་སུ་སྤྱོད་པའི་གྲོང་ཁྱེར་གྱི་
བྱང་ཕྱོགས་ཀྱི་གྲོང་ཤིང་ཤ་པའི་ཚལ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བོས་ཏེ། ཀུན་དགའ་བོ་དེ་ཉིད་ཀྱི་ཕྱིར་དང་པོ་དང་ཐ་མར་མདོ་སྡེ་ལ་བརྟེན་པར་བྱའི་གང་ཟག་ལ་བརྟེན་པར་མི་བྱའོ། །ཀུན་དགའ་བོ་ཇི་ལྟར་ན་དེ་དགེ་སློང་མདོ་སྡེ་ལ་བརྟེན་པར་བྱའི་
གང་ཟག་ལ་བརྟེན་པར་མི་བྱ་ཞེ་ན། ཀུན་དགའ་བོ་འདི་ན་དགེ་སློང་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་དག་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པ་སྟེ་བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་བཟུང་བའི་སླད་དུའོ་ཞེས་སྨྲ་ན། དེ་དགེ་སློང་དེས་བཤད་པ་ལ་སྤྲོ་
བར་ཡང་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་བར། སྤྲོ་བ་དང་སྐྱོན་བརྗོད་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་
Vol. 146 · folio 162b
མི་སྣང་། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཆོས་འདི་ནི་བཅོམ་ལྡན་འདས་ཀྱིས་མ་བཤད་དེ། ཚེ་དང་ལྡན་པ་ཆོས་འདི་ནི་ཁྱེད་ཀྱིས་ཉེས་པར་བཟུང་བ་སྟེ། འདི་ལྟར་ཆོས་འདི་ནི་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་
ན། ཆོས་འདི་མདོ་སྡེ་ལ་མི་འཇུག འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཞིག་འོངས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་
ཞིག་ན་དགེ་སློང་གི་དགེ་འདུན་མང་པོ་གནས་ཤིང་གནས་བརྟན་དང་བཅས་པས་སོ་སོར་ཐར་པ་དང་བཅས་པ་ཡོད་དེ། །ཚེ་དང་ལྡན་པ་དག་དགེ་སློང་གི་དགེ་འདུན་མང་པོ་ལས་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་པ་དག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་
གཟུང་བའི་ཕྱིར་རོ་ཞེས་སྨྲ་ན་དགེ་སློང་དེས་བཤད་པ་ལ་སྤྲོ་བར་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་བར་སྤྲོ་བ་དང་། སྐྱོན་བརྗོད་པ་མེད་པར་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་
པ་ན་མདོ་སྡེ་ལ་མི་འཇུག། འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་མང་པོ་དེ་དག་གིས་ཆོས་ཀྱི་ཐ་སྙད་དང་འདུལ་བའི་ཐ་སྙད་ཀྱིས་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་བཤད་ཅིང་
ཚེ་དང་ལྡན་པ་ཆོས་འདི་ནི་ཁྱེད་ཀྱིས་ཉེས་པར་བཟུང་བ་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་མི་འཇུག་ཅིང་། འདུལ་བ་ལ་མི་སྣང་ལ་ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་
བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ། འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རབ་ཏུ་མང་པོ་དག་གནས་ཏེ། ཚེ་དང་ལྡན་པ་དག་དགེ་སློང་རབ་ཏུ་མང་པོ་དེ་དག་འདི་ནི་ཆོས། འདི་ནི་འདུལ་
Vol. 146 · folio 163a
བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་ཡང་སྤྲོ་བར་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་བར་སྤྲོ་བ་དང་། སྐྱོན་གདགས་པ་མེད་པར་རྣ་གཏད་དོ་
ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་ན་མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་
བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དེ་དག་གིས་ཆོས་ཀྱི་ཐ་སྙད་དང་འདུལ་བ་ཐ་སྙད་ཀྱིས་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་བཤད་ཅིང་། ཚེ་དང་ལྡན་པ་ཆོས་འདི་ནི་ཁྱོད་ཀྱིས་ཉེས་པར་བཟུང་བ་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་སྡེ་
ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་གནས་བརྟན་
དང་བཅས་པ་སྟེ་གནས་བརྟན་དུ་གྲགས་པ་གཞན་དང་གཞན་དག་གནས་ཏེ། དགེ་སློང་གནས་བརྟན་དུ་གྲགས་པ་གཞན་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་གཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ། སྐྱོན་བརྗོད་པར་ཡང་མི་བྱ་
སྟེ་སྤྲོ་བ་དང་སྐྱོན་གདགས་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་མི་འཇུག་འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ན། དགེ་སློང་
དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་གནས་བརྟན་དེ་དག་གིས་ཆོས་ཀྱི་ཐ་སྙད་དང་འདུལ་བའི་ཐ་སྙད་ཀྱིས་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བཤད་ཅིང་། ཚེ་དང་ལྡན་པ་ཆོས་འདི་ནི་ཁྱོད་ཀྱིས་ཉེས་པར་བཟུང་བ་སྟེ། འདི་ལྟར་མདོ་
Vol. 146 · folio 163b
སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་མི་འཇུག་འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན་པ། འདི་ནི་འདུལ་བ་མ་ཡིན་པ། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཀུན་དགའ་བོ་འདི་ནི་དགེ་སློང་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་
ལྟན་པ་དག་འདི་ནི་ཆོས། འདི་ནི་འདུལ་བ་འདི་ནི་སྟོན་པའི་བསྟན་པའོ་ཞེས་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་གཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ་སྐྱོན་གདགས་པར་ཡང་མི་བྱ་བར་སྤྲོ་བ་དང་སྐྱོན་གདགས་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་
ཡི་གེ་དང་ཚིག་ཡང་དག་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཚེ་དང་ལྡན་
པ་ཆོས་འདི་ནི་བཅོམ་ལྡན་འདས་ཀྱིས་བཤད་ཅིང་། ཚེ་དང་ལྡན་པས་ལེགས་པར་བཟུང་བ་སྟེ། འདི་ལྟར་མདོ་སྟེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་
ཡོངས་སུ་གཟུང་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་བཞུགས་ཤིང་གནས་བརྟན་དང་བཅས་པ་སོ་སོར་ཐར་པ་དང་བཅས་པ་སྟེ། ཚེ་དང་ལྡན་པ་དག་དགེ་སློང་གི་དགེ་འདུན་
རབ་ཏུ་མང་པོ་དེ་དག་ལས་འདི་ལྟ་སྟེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་སྟེ། སྤྲོ་བ་དང་། སྐྱོན་གདགས་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་
གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན། དགེ་སློང་དེ་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་
Vol. 146 · folio 164a
པ་དགེ་སློང་མང་པོ་དག་གིས་ཆོས་དང་འདུལ་བ་ཡང་དག་པར་བཤད་དེ། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་
འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་གཟུང་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་མ་མོ་འཛིན་པ་རབ་ཏུ་མང་པོ་དག་གནས་ཏེ། ཚེ་དང་ལྡན་པ་
དགེ་སློང་རབ་ཏུ་མང་པོ་དེ་དག་གིས་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བདག་གིས་མངོན་སུམ་དུ་གཟུང་བའི་ཕྱིར་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་སྟེ། སྤྲོ་བ་དང་། སྐྱོན་གདགས་པ་མེད་པར་རྣ་གཏད་དེ་
ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་
ལྡན་པ་དགེ་སློང་རབ་ཏུ་མང་པོ་དག་གིས་ཆོས་དང་འདུལ་བ་ཡང་དག་པར་བཤད་ཅིང་། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་
འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་གཟུང་བར་བྱའོ། །ཀུན་དགའ་བོ་ཡང་། དགེ་སློང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན། གནས་བརྟན་དང་བཅས་ཤིང་གནས་བརྟན་དུ་གྲགས་པ་གཞན་དང་གཞན་གནས་ཏེ། ཚེ་དང་ལྡན་པ་དག་བདག་
གིས་དགེ་སློང་གནས་བརྟན་དུ་གྲགས་པ་གཞན་དང་གཞན་དེ་དག་ལས། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་མངོན་སུམ་དུ་ཐོས་ཤིང་གཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་དེ་ལ་སྤྲོ་བར་ཡང་མི་བྱ་སྐྱོན་གདགས་པར་ཡང་མི་བྱ་སྟེ། སྤྲོ་བ་དང་། སྐྱོན་
Vol. 146 · folio 164b
གདགས་པ་མེད་པར་རྣ་གཏད་དོ། །ཆོས་ཀྱི་ཡི་གེ་དང་། ཚིག་དང་། ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན། དགེ་སློང་དེ་ལ་དགེ་
སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་གནས་བརྟན་དག་གིས་ཆོས་དང་འདུལ་བ་ལེགས་པར་བཤད་ཅིང་། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ། འདི་ལྟར་མདོ་སྡེ་ལ་བསྟུན་ཅིང་། འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་
ཉིད་དང་མི་འགལ་ན། དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་གནས་བརྟན་དག་གིས་ཆོས་དང་འདུལ་བ་ལེགས་པར་བཤད་ཅིང་། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ། འདི་ལྟར་མདོ་སྡེ་ལ་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་
སྡེ་ལ་འཇུག་འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་གཟུང་བར་བྱའོ། །ཀུན་དགའ་བོ་དེ་ལ་སྔ་མ་བཞིན་ནག་པོ་བསྟན་པ་སྟེ། དགེ་སློང་གིས་དེ་དག་ལེགས་པར་དཔྱད་དེ་རྟོགས་ནས། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་
མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཕྱི་མ་བཞི་ནི་ཆེན་པོ་བསྟན་པ་སྟེ། དགེ་སློང་དག་གིས་དེ་དག་ལེགས་པར་དཔྱད་དེ་རྟོགས་ནས་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་གཟུང་བར་བྱ་སྟེ། ཀུན་དགའ་བོ་དགེ་སློང་འདི་ལྟར་མདོ་སྡེ་ལ་
བརྟེན་པར་བྱའི་གང་ཟག་ལ་བརྟེན་ནས་གནས་པར་མི་བྱའོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་གསུམ་འདུས་པའི་རེག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་རེ་ཞིག་སྐྱེ་མཆེད་དྲུག་ལས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མཐའ་མའི་མདོ་སྡེ་དེ་
དང་དེ་ལས་མངོན་པ་མཛོད་ཀྱི་གནས་གཉིས་པར་འགོག་པ་རྫས་མ་ཡིན་པར་སྒྲུབ་པའི་སྐབས་སུ་འདུས་མ་བྱས་ལ་དེ་དག་མེད་ཅེས་བྱ་བར་བྲིས་པ་བཞིན་དུ་བལྟ་བར་བྱའོ། །དཔེར་ན་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ་གླེང་གཞི་
Vol. 146 · folio 165a
ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བྱམས་པ་བསྒོམ་པར་བྱ་སྟེ། བྱམས་པ་ཀུན་དུ་བརྟེན་གོམས་པར་བྱས་ལན་མང་དུ་བྱས་ན་འབྲས་བུ་ཆེ་ཞིང་ཕན་ཡོན་ཆེན་པོར་འགྱུར་རོ། །འབྲས་བུ་ཆེན་པོ་ཅན་དང་། ཕན་ཡོན་ཆེན་པོ་ཅན་གྱི་བྱམས་པ་བསྒོམས་པ་གང་ཞེ་ན། འདི་
ནི་དགེ་སློང་བྱམས་པ་དང་ལྷག་ཅིག་པར་གྱུར་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དོ། །བྱམས་པ་དང་ལྷག་ཅིག་པར་གྱུར་པའི་ཆོས་རབ་
ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པར་
བྱེད་དེ། འདི་ལྟར་ན་འབྲས་བུ་ཆེན་པོ་ཅན་དང་ཕན་ཡོན་ཆེན་པོ་ཅན་གྱི་བྱམས་པ་བསྒོམ་པར་འགྱུར་ཏེ། བྱམས་པ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་བརྗོད་པར་བྱའོ་ཞེས་བཀའ་སྩལ་ཏོ། །འོ་ན་གང་མདོ་ལས་ཚོར་བ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ཡང་
དག་པར་ལྡན་པའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་ལས། གསུས་པོ་ཆེའི་མདོ་ལས། ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་འདི་དག་ནི་འདྲེས་པ་ཞིག་གམ་མ་འདྲེས་
པ་ཞིག །རྣམ་པར་དབྱེ་བའམ། རབ་ཏུ་རྣམ་པར་དབྱེ་བའམ། བྱེ་བྲག་གམ། མངོན་པར་འདོད་པའམ། རྒྱུ་ཐ་དད་པ་ཡོད་དམ། ཚེ་དང་ལྡན་པ་གསུས་པོ་ཆེ་ཚོར་བ་གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་དེ་དག་ནི་
འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་དག་ནི་རྣམ་པར་དབྱེ་བའམ། རབ་ཏུ་དབྱེ་བའམ། བྱེ་བྲག་གམ། མངོན་པར་འདོད་པའམ། རྒྱུ་ཐ་དད་པར་གདགས་པ་རྙེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་མྱོང་བར་བྱེད་པ་དེ་སེམས་པར་བྱེད་དོ། །གང་སེམས་པར་བྱེད་པ་དེ་འདུས་ཏེ་
Vol. 146 · folio 165b
ཤེས་པར་བྱའོ། །གང་འདུས་ཏེ་ཤེས་པར་བྱེད་པ་དེ་རྣམ་པར་ཤེས་པར་བྱེད་དོ། །དེའི་ཕྱིར་ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་དེ་དག་ནི་རྣམ་པར་དབྱེ་བའམ་རབ་ཏུ་དབྱེ་བའམ་ཁྱད་པར་རམ་མངོན་པར་འདོད་པའམ་རྒྱུ་ཐ་དད་པར་གདགས་པར་རྙེད་པ་མ་ཡིན་ནོ། །འདི་
ནི་གསུས་པོ་ཆེའི་མདོའི་ཁུངས་སོ། །ཚེ་དང་དྲོད་དག་ལྷན་ཅིག་པ་ལ་འདྲེས་པར་གསུངས་པའི་ཕྱིར་ཞེས་བྱ་བ་ལ་འདི་ཡང་གསུས་པོ་ཆེའི་མདོ་ལས་ཤཱ་རིའི་བུ་གང་ཡང་ཚེ་དང་དྲོད་ཅེས་བྱ་བའི་ཆོས་འདི་གཉིས་ནི་འདྲེས་པ་ཞིག་གམ་མ་འདྲེས་པ་ཞིག །ཆོས་འདི་གཉིས་ནི་རྣམ་པར་དབྱེ་བའམ་རབ་
ཏུ་དབྱེ་བའམ་བྱེ་བྲག་གམ་མངོན་པར་འདོད་པའམ་རྒྱུ་ཐ་དད་པར་གདགས་པ་རྙེད་དམ། ཚེ་དང་ལྡན་པ་གསུས་པོ་ཆེ་གང་ཡང་ཚེ་དང་དྲོད་ཅེས་བྱ་བའི་ཆོས་འདི་གཉིས་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་གཉིས་ནི་རྣམ་པར་དབྱེ་བའམ། རབ་ཏུ་དབྱེ་བའམ་བྱེ་བྲག་གམ་མངོན་པར་
འདོད་པའམ་རྒྱུ་ཐ་དད་པར་གདགས་པ་རྙེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ན་ཚེ་ཡོད་པ་དེ་ན་དྲོད་ཡོད་ཅིང་། གང་ན་དྲོད་ཡོད་པ་དེ་ན་ཚེ་ཡོད་ཅིང་། གང་ལ་ཚེ་ཡོད་པ་དེ་ལ་དྲོད་དུ་གདགས་པ་ཡོད་ཅིང་དྲོད་ཀྱང་ཚོར་རོ། །འདི་ལྟ་སྟེ། དཔེར་ན་ཚེ་དང་ལྡན་པ་གསུས་པོ་ཆེ་ཏིལ་དང་། སྡོང་བུ་ལ་བརྟེན་
ནས་སྒྲོན་མེ་འབྱུང་ཞིང་གང་ན་མེ་ལྕེ་ཡོད་པ་དེར་འོད་འབྱུང་ཞིང་། གང་ན་འོད་ཡོད་པ་དེ་ན་མེ་ལྕེ་འབྱུང་ཞིང་། མེ་ལྕེ་ཡོད་ན་འོད་གདགས་སུ་ཡོད་ཅིང་འོད་ཡོད་ན་ཡང་མེ་ལྕེ་སྟེ་དེ་བཞིན་དུ་ཚེ་དང་ལྡན་པ་གསུས་པོ་ཆེ་གང་ན་ཚེ་ཡོད་པ་དེ་ན་དྲོད་ཡོད་ཅིང་གང་ན་དྲོད་ཡོད་པ་དེ་ན་ཚེ་ཡོད་ལ། གང་ལ་ཚེ་ཡོད་པ་
དེ་ལ་དྲོད་གདགས་སུ་ཡོད་ཅིང་དྲོད་ཀྱང་ཚོར་རོ། །དེ་ཅིའི་ཕྱིར་ཆོས་འདི་གཉིས་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་གཉིས་ནི་རྣམ་པར་དབྱེ་བའམ་རབ་ཏུ་དབྱེ་བའམ་བྱེ་བྲག་གམ་མངོན་པར་འདོད་པའམ་རྒྱུ་ཐ་དད་པར་གདགས་པ་རྙེད་པ་མ་ཡིན་ནོ། །དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་
དག་ནི་ཡང་བཅོ་བརྒྱད། །ཅེས་བྱ་བ་ལ་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་པོ་འདི་དག་ནི་སྐྱེ་མཆེད་དྲུག་གི་མཐའ་སྡོམ་གྱི་ཚིགས་སུ་བཅད་པ་རྣམ་པར་དབྱེ་བ་བསྡུས་པའི་དང་པོའི་ཆུའི་ཁམས་དང་། སྐྱེ་མཆེད་དྲུག་གི་མདོ་གཉིས་ལས་སྐྱེ་མཆེད་དྲུག་རྣམ་པར་དབྱེ་བའི་མདོ་མཛོད་ཀྱི་གནས་དང་
Vol. 146 · folio 166a
པོར། རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་འགྲེལ་པར་དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བར་བཤད་པ་ཡིན་ནོ། །གང་དག་གིས་གཉེན་པོར་རྟག་ཏུ་ཡོད་པ་དྲུག་གནས་པ་ཡིན་པ་སྟེ་ཞེས་བྱ་བ་ལ། སྐྱེ་
མཆེད་དྲུག་གི་སྡོམ་གྱི་མཐའི་ཚིགས་སུ་བཅད་པ་ལས། ཡིད་མི་བདེ་དང་ཡིད་བདེ་དང་། །བཏང་སྙོམས་རྟག་ཏུ་ཡོད་པ་དྲུག །ཅེས་མངོན་པ་མཛོད་ཀྱི་གནས་དང་པོར་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་བྱ་བར་བྲིས་པ་བཞིན་ནོ། །སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་ཏུ་
འགྱུར་ཏེ་ཞེས་བྱ་བ་ལ། རྣམ་པར་དབྱེ་བ་བསྡུས་པའི་མདོ་གཉིས་པ་ལས་འདི་སྐད་དུ་འདོན་ཏེ། སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་པོ་འདི་འདི་དག་ནི་ནང་གི་བདག་ཉིད་དུ་རེག་པར་བྱའོ་ཞེས་ངས་ཇི་སྐད་དུ་བཤད་པ་དེ་ཅུང་ཟད་རྒྱས་པར་བཤད་པ་སྟེ། སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་གང་ཞེ་ན།
ཡིད་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང་། ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང་། ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང་། ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང་། བཏང་སྙོམས་ཞེན་པ་ལ་བརྟེན་པ་དྲུག་དང་། བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་
གོ། །ཡིད་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་གང་ཞེ་ན། དགེ་སློང་དག་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་བརྟེན་ནས་ཡིད་བདེ་བ་སྐྱེ་བར་འགྱུར་ལ། ཡིད་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང་། ངེས་པར་འབྱུང་བ་ལ་བརྟེན་པའོ། །ཡིད་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་ན།
མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་བརྟེན་ནས་དགའ་བ་སྡུག་པ་ཡིད་དུ་འོང་བ། འདོད་པར་འདུས་པ། དགའ་བ་སྐྱེས་པ་མ་ཐོབ་པ་ཐོབ་པ་དང་། སྔོན་ཐོབ་པ་རྗེས་སུ་དྲན་ཞིང་ཡིད་བདེ་བ་སྐྱེ་བ་འདི་ལྟ་བུ་ནི་ཡིད་བདེ་བ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །ཡིད་བདེ་བ་ངེས་པར་འབྱུང་བ་ལ་
བརྟེན་པ་གང་ཞེ་ན། གཟུགས་ནི་མི་རྟག་པ་དང་། འདོད་ཆགས་དང་བྲལ་བ་དང་། ཡོངས་སུ་འགྱུར་བ་དང་། འགོག་པ་དང་། ནུབ་པ་དང་། ཉེ་བར་ཞི་བ་ཡིན་ནོ་ཞེས་རིག་ནས་སྔོན་དང་ད་ལྟར་བྱུང་བའི་གཟུགས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་རིག་
Vol. 146 · folio 166b
ནས་ཡིད་བདེ་བ་སྐྱེ་བ་འདི་ལྟ་བུ་ནི་ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ལ་བརྟེན་ནས་ཡིད་བདེ་བ་སྐྱེ་བར་འགྱུར་ལ་ཡིད་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང་། ངེས་པར་འབྱུང་བ་
ལ་བརྟེན་པའོ། །ཡིད་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་ན། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདོད་པ་སྡུག་པ་དགའ་བ་ཡིད་དུ་འོང་བ་འདོད་པས་བསྡུས་པ་དགའ་བ་སྐྱེད་པ་མ་ཐོབ་པ་ཐོབ་པ་དང་སྔོན་ཐོབ་པ་ལ་རྗེས་སུ་དྲན་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་བ་འདི་ལྟ་བུ་ནི་ཡིད་བདེ་བ་ཞེན་
པ་ལ་བརྟེན་པ་ཞེས་བྱའོ། །ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། ཆོས་ནི་མི་རྟག་པ་དང་ཡོངས་སུ་འགྱུར་བ་དང་། འདོད་ཆགས་དང་བྲལ་བ་དང་། །འགོག་པ་དང་ཉེ་བར་ཞི་བ་དང་ནུབ་པ་ཡིན་ནོ་ཞེས་རིག་ཅིང་། སྔོན་དང་ད་ལྟར་བྱུང་བའི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་
ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་ཡིད་བདེ་བ་སྐྱེ་བ་འདི་ལྟ་བུ་ནི་ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་བརྟེན་ནས་ཡིད་མི་བདེ་བ་སྐྱེ་བར་འགྱུར་ལ། ཡིད་མི་བདེ་
བ་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང་། ངེས་པར་འབྱུང་བ་ལ་བརྟེན་པའོ། །ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་གཟུགས་མི་འདོད་པ། མི་སྡུག་པ། མི་དགའ་བ་ཡིད་དུ་མི་འོང་བ། མི་འདོད་པས་བསྡུས་པ་རབ་ཏུ་དགའ་བ་མི་སྐྱེ་བ་མ་ཐོབ་པ་
ཐོབ་ཅིང་སྔོན་ཐོབ་པ་དང་། སྔོན་འདོད་པ་དང་བྲལ་བ་དང་འགག་པ་དང་མི་ལྡན་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་དུ་རྗེས་སུ་དྲན་ཞིང་། ཡིད་མི་བདེ་བ་སྐྱེ་བར་འགྱུར་བ་འདི་ལྟ་བུ་ནི་ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། གཟུགས་
རྣམས་ནི་མི་རྟག་པ། ཡོངས་སུ་འགྱུར་བ། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་ཉེ་བར་ཞི་བ་དང་། ནུབ་པ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་གཟུགས་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་དུ་རིག་ནས། ཐར་པ་བླ་མ་ལ་འདོད་པ་སྐྱེད་ཅིང་བདག་ནམ་ཞིག་ན་
Vol. 146 · folio 167a
མཆོག་གི་སྐྱེ་མཆོད་བསྒྲུབས་ཤིང་ཉེ་བར་གནས་འཕགས་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་ཉེ་བར་གནས་ཞེས་བླ་ན་མེད་པའི་ཐར་པ་ལ་འདོད་པ་དང་དོན་དུ་གཉེར་བ་ཡོངས་སུ་གདུང་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་བ་འདི་ནི་ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་
བརྟེན་པ་ཞེས་བྱའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་བརྟེན་ནས་ཡིད་མི་བདེ་བ་སྐྱེ་བར་འགྱུར་ལ་ཡིད་མི་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ་ཞེན་པ་ལ་བརྟེན་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པའོ། །ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་
ན། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་མི་འདོད་པ་མི་སྡུག་པ་མི་དགའ་བ་ཡིད་དུ་མི་འོང་བ་མི་འདོད་པས་བསྡུས་པ་རབ་ཏུ་དགའ་བ་མི་སྐྱེད་པ་མ་ཐོབ་པ་ཐོབ་ཅིང་སྔོན་འདོད་པ་དང་བྲལ་བ་དང་འགོག་པ་དང་མི་ལྡན་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་རྗེས་སུ་དྲན་ཞིང་ཡིད་མི་བདེ་བ་སྐྱེ་བར་
འགྱུར་བ་འདི་ལྟ་བུ་ནི་ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། ཆོས་རྣམས་ནི་མི་རྟག་པ། ཡོངས་སུ་འགྱུར་བ། འདོད་ཆགས་དང་བྲལ་བ། འགོག་པ་ཉེ་བར་ཞི་བ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་ཆོས་ཐམས་ཅད་མི་རྟག་པ་སྡུག་
བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་དུ་རིག་ནས་ཐར་པ་བླ་མ་ལ་འདོད་པ་སྐྱེད་ཅིང་བདག་ནམ་ཞིག་ན་མཆོག་གི་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་གནས་འཕགས་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་ཞེས་བླ་ན་མེད་པའི་ཐར་པ་ལ་འདོད་པ་དང་ཡིད་མི་བདེ་བ་སྐྱེ་བར་འགྱུར་བ་
འདི་ནི་ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །བཏང་སྙོམས་ཞེན་པ་ལ་བརྟེན་པ་དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་བཏང་སྙོམས་པ་སྟེ། བཏང་སྙོམས་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པའོ། །
བཏང་སྙོམས་ཞེན་པ་ལ་བརྟེན་པ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་གཟུགས་ལ་བཏང་སྙོམས་ཤིང་། གཟུགས་ལ་ཞེན་པ་དང་། གཟུགས་ལ་བརྟེན་ཅིང་གཟུགས་མི་འདོར་ཞིང་གཟུགས་མངོན་པར་བསྒྲུབ་པ་འདི་ལྟ་བུ་ནི་གཟུགས་ལ་བཏང་སྙོམས་
Vol. 146 · folio 167b
པ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། གཟུགས་ནི་མི་རྟག་པ། ཡོངས་སུ་འགྱུར་བ། འདོད་ཆགས་དང་བྲལ་བ། འགོག་པ་ཉེ་བར་ཞི་བ་ནུབ་པ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་གཟུགས་ཐམས་ཅད་མི་རྟག་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་
ནོ་ཞེས་རིག་ནས་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས། བཏང་སྙོམས་སུ་བྱེད་དེ་འདི་ནི་བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་བརྟེན་ནས་བཏང་སྙོམས་སྐྱེ་བར་འགྱུར་ལ། བཏང་
སྙོམས་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང་། མངོན་པར་འབྱུང་བ་ལ་བརྟེན་པའོ། །བཏང་སྙོམས་ཞེན་པ་ལ་བརྟེན་པ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་མི་མཁས་ཤིང་ཐོས་པ་དང་མི་ལྡན་པ་དག་ཆོས་ལ་བཏང་སྙོམས་ཤིང་ཆོས་ལ་ཞེན་པ་དང་། ཆོས་ལ་བརྟེན་ཅིང་ཆོས་
མི་འདོར་ལ་ཆོས་མངོན་པར་སྒྲུབ་པ་འདི་ལྟ་བུ་ནི་ཆོས་ལ་བཏང་སྙོམས་པ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། ཆོས་ནི་མི་རྟག་པ་ཡོངས་སུ་འགྱུར་བ། འདོད་ཆགས་དང་བྲལ་བ། འགོག་པ་ཉེ་བར་ཞི་བ་ནུབ་པ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་
ཆོས་ཐམས་ཅད་མི་རྟག་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་བཏང་སྙོམས་སུ་བྱེད་དེ་འདི་ནི་བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །དགེ་སློང་དག་དེ་ལ་ཡིད་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང་། ཡིད་མི་
བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང་། ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང་། ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང་། བཏང་སྙོམས་ཞེན་པ་ལ་བརྟེན་པ་དྲུག་དང་། བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་སྟེ་གཅིག་ཏུ་བསྡུས་ན་སྟོན་པའི་བཀའ་སུམ་ཅུ་རྩ་
དྲུག་ཏུ་འགྱུར་རོ། །སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་པ་འདི་དག་ནི་ནང་གི་བདག་ཉིད་དུ་རིག་པར་བྱའོ་ཞེས་ངས་ཇི་སྐད་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་སོ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ་ཞེས་བྱ་བ་ལ། མདོ་དྲུག་པ་འགྲོ་བའི་རྣམ་གྲངས་ཀྱི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words