ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སཱ་ར་ས་མུཙྪ་ཡ་ནཱ་མ་ཨ་བྷི་དྷརྨྨ་ཨ་བ་ཏཱ་ར་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 147 · folio 263b

ཞུམ་ཞིང་བླུན་པོའི་དངོས་པོའི་ཚུལ་གྱིས་ལས་སུ་མི་རུང་བར་འགྱུར་རོ། །གཉིད་ནི་ལུས་དང་སེམས་འཛིན་པར་མི་ནུས་པ་དང་སྡུད་པ་སྟེ་ཞེས་བྱ་བ་ལ། ལུས་འཛིན་མི་ནུས་པ་ནི་རང་བཞིན་དུ་མི་གནས་པའི་ཕྱིར་རོ། །སེམས་འཛིན་མི་ནུས་པ་ནི་བརྩོན་འགྲུས་ཉམས་པར་བྱེད་པའི་ཕྱིར་རོ། །སེམས་སྡུད་པ་ནི་རྣམ་

པར་ཤེས་པའི་ཚོགས་ལྔ་སྡུད་པའོ། །དེ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཀུན་ནས་དཀྲིས་ཏེ་འདུག་པའོ། །སེམས་མ་ཞི་བའོ་ཞེས་བྱ་བ་ནི་གཟུགས་དང་སྟོབས་དང་རིགས་དང་ལང་ཚོ་དང་ཕྱུག་པ་ལ་

སོགས་པའི་རྒྱགས་པས་བསྐྱེད་པ་ནི་སེམས་མ་ཞི་བའི་རྒྱུ་སྟེ། གང་དང་ལྡན་ན་སེམས་ཞི་བ་དང་མི་མཐུན་པར་གྱུར་པའི་ཆོས་དེ་ནི་རྒོད་པའོ། །ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ་ཞེས་བྱ་བ་ལ། སྨད་པ་བྱས་པ་ནི་ངན་པ་བྱས་པ་སྟེ་བྱ་བ་ངན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་དེ་ལ་དམིགས་

པ་སེམས་ལས་བྱུང་བའི་ཆོས་ལ་འགྱོད་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པ་བྱས་ལ། སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་མ་བྱས་པས་གང་ཡིད་ལ་གཅགས་པ་དེ་ནི་འགྱོད་པ་དགེ་བའོ། །གང་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་བྱས་ལ། དགྲ་གསད་

པ་ལ་སོགས་པ་ལེགས་པ་སྤྱོད་པ་མ་བྱས་པས་ཡིད་ལ་གཅགས་པ་གང་ཡིན་པ་དེ་ནི་འགྱོད་པ་ཉོན་མོངས་པ་ཅན་ཞེས་བྱའོ། །ཇི་ལྟར་ན་འགྱོད་པ་ཡིད་ལ་གཅགས་པའི་སྒྲར་བརྗོད་པ་ནི་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ཏེ་ཞེས་བྱ་བ་སྨྲས་ཏེ། འབྲས་བུ་ནི་ཡིད་ལ་གཅགས་པའོ། །རྒྱུ་ནི་འགྱོད་

པའོ། །འཇིག་རྟེན་ན་ཡང་གནས་ཀྱིས་གནས་པ་སྟོན་ཏེ་ཞེས་བྱ་བ་ཡིད་ལ་གཅགས་པའི་གནས་ལྟ་བུ་ནི་འགྱོད་པའོ། །ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའོ་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ཀུན་དུ་འབྱུང་བ་ལ་ཡིད་འཕྲིག་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཞེ་སྡང་དང་རྣམ་པར་འཚེ་བ་མ་གཏོགས་ཏེ་ཞེས་བྱ་བ་

དེ་ལ། ཞེ་སྡང་ནི་ཁོང་ཁྲོ་བའོ། །རྣམ་པར་འཚེ་བ་ནི་ཕ་རོལ་ལ་གནོད་པར་བྱེད་པའོ། །དེ་དག་ལ་གཞན་དུ་གྱུར་པ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཡུལ་ལ་ཀུན་ནས་མནར་སེམས་པ་སྟེ། འདིས་བདག་ལ་འདི་བྱས་སོ། །མི་ཕན་པ་བྱས་སོ་ཞེས་རྟོག་ཅིང་ཡོངས་སུ་གཏོང་བ་དང་ལྡན་པ་ཅན་མ་

Vol. 147 · folio 264a

ཡིན་པའི་སེམས་འཁྲུགས་པ་དེ་ནི་ཁྲོ་བའོ། །ཁ་ན་མ་ཐོ་བ་མཁྱུད་པའོ་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་བརྗོད་པར་བྱ་བ་དགེ་བ་སྟེ། བརྗོད་པར་བྱ་བའི་ཕྱིར་རོ། །བརྗོད་པར་བྱ་བ་མ་ཡིན་པ་ནི་ཁ་ན་མ་ཐོ་བ་སྟེ། ཚུལ་ཁྲིམས་དང་ཆོ་ག་དང་འཚོ་བ་དང་ལྟ་བ་ལོག་པར་ཞུགས་པའོ། །དེ་

སྦེད་ཅིང་མཁྱུད་པའི་རྒྱུ་ནི་འཆབ་པ་སྟེ། སྡིག་པ་ནང་དུ་སྦེད་ཅིང་ཕྱི་རོལ་ལ་གཙང་བ་ལྟར་སྟོན་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་བ་ཕྲ་སྟེ་ཞེས་བྱ་བ་ལ་ཕྲ་བ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཕྱེད་པར་དཀའ་སྟེ་རང་གི་ངོ་བོ་ངེས་པར་བྱེད་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་བ་ནི་རྒྱུན་དུ་འབབ་

པ་སྟེ་རབ་ཏུ་འགྲོ་བའོ། །དེ་ཞེས་བྱ་བ་ནི་རྒྱུ་བའོ། །རྒྱུན་དུ་འབབ་པ་རྒྱུན་ཀྱང་བྱེ་བྲག་ཕྱེད་པར་མི་ནུས་ཏེ་རྟོགས་པར་མི་ནུས་ན་སྐད་ཅིག་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་དེ་ལ། སྐད་ཅིག་གི་ཚད་བརྗོད་པར་བྱ་སྟེ། པདྨའི་རྩ་བའི་རྩ་བྲན་དྲུག་ཅུ་རྩ་ལྔ་གཤིབས་པ་རྣམས་ཀྱི་དང་པོ་ཆད་པ་ལ་

སྐད་ཅིག་ཅེས་བྱའོ། །དེ་བས་ན་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་ལ་སྐད་ཅིག་དྲུག་ཅུ་རྩ་ལྔ་འདའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མི་མཁས་པའི་བློ་ཅན་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་དོན་

དྲུག་ལ་སྙེགས་ཏེ། དབང་དང་རབ་ཏུ་ལྡན་པ་དང་། །གཟུགས་བཟང་བ་དང་གྲགས་པ་དང་། །དཔལ་དང་ཡེ་ཤེས་ནན་ཏན་དང་། །དྲུག་པོ་རྣམས་ལ་ལེགས་ཞེས་བྱ་བ་དེ་ལ་མངའ་བས་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཅི་ཞིག་ཅེ་ན། ཆོས་

ཀྱི་མཚན་ཉིད་དོ། །ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་གང་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་དག་གོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་ཏོ། །ཆོས་ཀྱི་མཚན་ཉིད་ལ་མཁས་པའི་བློ་ཅན་ཉིད་དོ། །སེམས་དང་

སེམས་ལས་བྱུང་བ་དེ་དག་གི་འབྲས་བུ་ནི་དེའི་འབྲས་བུའོ། །དེའི་འབྲས་བུའི་ཁྱད་པར་ནི་བྱེ་བྲག་གོ། །དེའི་འབྲས་བུའི་ཁྱད་པར་མཐོང་བ་ནི་དེའི་འབྲས་བུའི་ཁྱད་པར་མཐོང་བ་སྟེ། དེའི་བྱེ་བྲག་མཐོང་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་གཡེངས་པ་ནི་གླུ་ལེན། ཁྲོས་པ་ནི་ཚིག་རྩུབ་མོ་སྨྲ། སྒྱུ་དང་

Vol. 147 · folio 264b

ལྡན་པ་ནི་གཞན་ལ་འདྲིད་པ་ལྟ་བུའོ། །རྣམ་པ་འདིས་ནི་རིགས་གཞན་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དེ་རྫས་གཞན་ཡོད་པ་ཉིད་དོ། །སྐྱོན་མེད་པ་ཞེས་བྱ་བ་ནི་ཉེས་པ་མེད་པ་སྟེ། ཐེ་ཚོམ་མེད་ཅེས་བྱ་བའི་ཐ་ཚིག་གོ། །རྟོགས་ཞེས་བྱ་བ་ནི་ཁོང་དུ་ཆུད་དོ་ཞེས་སོ། །བདེ་བར་གཤེགས་པའི་

གསུང་རབ་ཅེས་བྱ་བ་ལ་སོགས་པ་ལ། ལེགས་པར་གཤེགས་པས་ནི་བདེ་བར་གཤེགས་པ་སྟེ། བདེ་བར་གཤེགས་པའི་གསུང་རབ་འཆད་པའི་སློབ་དཔོན་དེ་དག་ལ་གང་དག་གིས་བསྙེན་བཀུར་མ་བྱས་པ་དེ་དག་འཁྲུལ་པའི་བློ་གྲོས་ཅན་དག་སྟེ། རིགས་གཞན་ཁོང་དུ་མི་ཆུད་མི་རྟོགས་ཞེས་བྱ་བའི་ཐ་ཚིག་

གོ། །ཟག་པ་ནི་གསུམ་སྟེ་ཞེས་བྱ་བ་ནི་འདུལ་བའི་བསམ་པ་ཐ་དད་པའི་ཕྱིར་ཉོན་མོངས་པ་འདི་དག་ཟག་པ་ལ་སོགས་པས་མིང་ཐ་དད་པར་མདོ་ལས་གསུངས་པ་དེ་ཡོངས་སུ་བསྟན་པའི་ཕྱིར། ཟག་པ་ནི་གསུམ་སྟེ་ཞེས་བྱ་བ་འདི་བརྗོད་དོ། །རྫས་ལྔ་བཅུ་རྩ་བཞི་ནི་སྲིད་པའི་ཟག་པ་ཞེས་བྱ་བ་འདི་ལ་

གཟུགས་མེད་པ་ན་སྤྱོད་པའི་རྨུགས་པ་དང་རྒོད་པ་ཅིའི་ཕྱིར་མ་སྨོས་ཤེ་ན། འདིར་སྨྲས་པ། རང་དབང་མེད་པའི་ཕྱིར་རོ། །རང་དབང་ནི་རང་གཙོ་བོའོ། །དེ་གཉིས་ནི་དེར་ཉོན་མོངས་པ་གཞན་དག་གིས་ཟིལ་གྱིས་ནོན་པའི་ཕྱིར་རང་དབང་མེད་པ་ཞེས་བྱའོ། །ཟག་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་

ཡིན་པས། མ་རིག་པའི་ཟག་པ་ལོགས་ཤིག་ཏུ་སྨོས་སོ། །འཇོག་ཅེས་བྱ་བ་ནི་གཞོག་པའོ། །ཟག་པ་ནི་དེའི་སྒོ་ནས་འབྱུང་བར་བྱེད་པའོ། །དེ་དག་མ་ཡིན་པ་ཉོན་མོངས་པ་གཞན་དང་ལྡན་པ་རྣམས་ཞེས་བྱ་བ་ལ། དེ་ཞེས་བྱ་བ་འདིས་ནི་ལྟ་བ་དང་ལྡན་པའི་མ་རིག་པ་གཟུང་ངོ་། །ཉོན་མོངས་པ་

གཞན་ཞེས་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་རྣམས་སོ། །རྫས་བརྒྱ་རྩ་བརྒྱད་པོ་དེ་ནི་མ་འདྲེས་པའི་མ་རིག་པ་བཅོ་ལྔ་དང་བྲལ་བ་བག་ལ་ཉལ་བ་བརྒྱད་ཅུ་རྩ་གསུམ་དང་། ཀུན་ནས་དཀྲིས་ཏེ་འདུག་པ་བཅུ་པོ་དེ་དག་དང་ལྡན་པའི་མ་རིག་པ་དང་མ་འདྲེས་པ་གང་ཡིན་པ་དེ་གཉི་

ག་ནི་རྫས་བརྒྱ་རྩ་བརྒྱད་ཡིན་ནོ། །སྦྱོར་བ་རྣམས་ཀྱང་ཚུལ་འདི་དང་འདྲ་སྟེ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བ་རྣམས་སོ། །ཡང་ན་འཁྲི་བའི་དོན་ཏེ་ཞེས་བྱ་བ་ནི་དཔེར་ན་དར་གྱི་སྲིན་བུས་བདག་གིས་བདག་དཀྲིས་ནས་འཆི་བར་གཏོད་པ་དེ་

Vol. 147 · folio 265a

བཞིན་དུ་སེམས་ཅན་འདི་དག་ཀྱང་རང་གི་ལས་དང་ཉོན་མོངས་པ་རྣམས་ཀྱིས་བདག་དཀྲིས་ནས་ངན་སོང་རྣམས་སུ་གཏོད་པར་བྱེད་དོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྫས་དྲུག་ནི་ཞེས་བྱ་བ་ནི་ཁམས་ཀྱི་བྱེ་བྲག་གིས་སོ། །ལྟ་བ་མཆོག་ཏུ་འཛིན་པ་རྫས་བཅུ་གཉིས་ཀྱང་དེ་

བཞིན་ནོ། །སྒྲིབ་པ་ནི་ལྔ་སྟེ་ཞེས་བྱ་བ་ལ་འདོད་པ་ལ་འདུན་པའི་སྒྲིབ་པ་དང་། གནོད་སེམས་ཀྱི་སྒྲིབ་པ་དང་། རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་དང་། རྒོད་པ་དང་འགྱོད་པའི་སྒྲིབ་པ་དང་། ཐེ་ཚོམ་གྱི་སྒྲིབ་པའོ། །དེ་ལ་ཁ་ཅིག་ཁམས་གསུམ་པའི་རྨུགས་པ་དང་རྒོད་པ་དང་། ཐེ་ཚོམ་རྣམས་གཟུང་ངམ། འོན་ཏེ་

འདོད་པ་དང་ལྡན་པ་ཉིད་ཅེ་ན། སྨྲས་པ་དགེ་སློང་དག་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་འདི་འབའ་ཞིག་གིས་མི་དགེ་བའི་ཕུང་པོ་ཡོངས་སུ་རྫོགས་སོ་ཞེས་མདོ་ལས་འབྱུང་ངོ་། །མི་དགེ་བའི་སྒྲ་བསྟན་པས་ནི་འདོད་པ་ན་སྤྱོད་པ་ཉིད་གཟུང་ངོ་། །ཅིའི་ཕྱིར་རྨུགས་པ་དང་གཉིད་ཅེས་གཅིག་ཏུ་བསྡུས། རྒོད་པ་དང་

འགྱོད་པ་གཉིས་ལ་སྒྲིབ་པ་གཅིག་ཏུ་བཤད། སྨྲས་པ། བྱ་བ་གཅིག་པའི་ཕྱིར་ཏེ། རྨུགས་པ་དང་གཉིད་དེ་གཉིས་ཀྱིས་ནི་སེམས་ཞུམ་པར་བྱེད་དོ། །རྒོད་པ་དང་འགྱོད་པས་ནི་སེམས་མ་ཞི་བར་བྱེད་དོ། །འདོད་པ་ན་སྤྱོད་པའི་ཐེ་ཚོམ་རྣམ་པ་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་

པ་དང་། ལམ་མཐོང་བས་སྤང་བར་བྱ་བ་དག་གོ། །འཕགས་པའི་ལམ་དང་གནས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་དེའི་གནས་བསམ་གཏན་ལ་སོགས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་སྤོང་བ་སྟེ། མི་རྟོགས་པ་ལ་སོགས་པའི་རྣམ་པ་རྣམས་

ཀྱི་བདེན་པ་བཞི་རྟོགས་པའོ། །དེ་དག་གང་ཞེ་ན། བཟོད་པ་རྣམས་སོ། །དེ་ལ་སྦྱོར་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་སྦྱོར་བ་རྣམས་ཀྱིའོ། །དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཏེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་རྣམས་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །དེ་

ལ་དྲོ་བར་གྱུར་པའི་དགེ་བའི་རྩ་བ་ནི་བདེན་པ་བཞི་ལ་དམིགས་པ་སྟེ། རྣམ་པ་དྲུག་གོ། །དྲོ་བར་གྱུར་པ་དང་འདྲ་བས་དྲོ་བར་འགྱུར་བ་སྟེ། འཕགས་པའི་ལམ་གྱི་མེའི་སྔ་ལྟས་སོ། །དེ་དག་ཆེ་བའི་དུས་ན་ནི་རྩེ་མོའོ། །ཡང་ན་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་སྐྱེས་ནས་ཐོབ་པའི་དགེ་བའི་རྩ་

Vol. 147 · folio 265b

བ་རྣམས་ཀྱིའོ། །དེ་དང་དེ་ནས་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། སའི་བྱེ་བྲག་བཤད་པའི་ཁམས་དེ་གང་ཞེ་ན། འདོད་པ་ལ་སོགས་པ་ཁམས་གསུམ་མོ། །གནས་གཞན་དག་བསྟན་པ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་རྒྱས་པར་འགྱུར་བས་དེ་དག་

གོ་རིམས་བཞིན་དུ་ཁམས་གསུམ་མོ། །དེ་ལ་འདོད་པ་གཙོ་བོར་བྱེད་པ་རྣམས་ནི་འདོད་པའི་ཁམས་སོ། །འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །དེ་བཞིན་དུ་གཟུགས་གཙོ་བོར་བྱེད་པའོ། །གཟུགས་མེད་པ་དག་ནི་

གཟུགས་ཡོད་པ་མ་ཡིན་པས་གཟུགས་མེད་པའོ། །དེ་ལ་འདོད་པའི་ཁམས་ན་གནས་རྣམ་པ་ཉི་ཤུ་ལ་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཅེས་བྱ་བ་ལ། དེ་དག་ན་ཆགས་སུ་རུང་བ་ཅུང་ཟད་ཀྱང་མེད་པས་སེམས་ཅན་དམྱལ་བ་དག་གོ། །དེ་དག་ཀྱང་གང་ཞེ་ན། ཡང་འཚོ་ལ་སོགས་པའོ། །

སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ཕན་ཚུན་དུ་གནོད་པ་བྱས་ནས་བརྒྱལ་ཏེ་འཁོད་པ་དང་དེ་དག་ལ་བསིལ་བའི་རླུང་ལངས་ཤིང་ཀྭའི་སེམས་ཅན་དག་ཡང་སོས་ཤིག་ཅེས་སྒྲ་འབྱུང་སྟེ། དེ་དག་དེར་བསད་ཅིང་དེར་ཡང་འཚོ་བས་ཡང་འཚོའོ། །ཐིག་ནག་ཅེས་བྱ་བ་ནི་ཐིག་སྐུད་ནག་པོས་

བཏབ་ཏེ། ཤིང་བཞིན་དུ་གཤེགས་པས་ཐིག་ནག་གོ། །བསྡུས་འཇོམས་ཞེས་བྱ་བ་ནི་སེམས་ཅན་མང་དུ་བསྡུས་ནས་ཁང་པ་ལ་སོགས་པར་འཇོམས་པས་བསྡུས་འཇོམས་སོ། །ངུ་འབོད་ནི་སེམས་ཅན་དག་ལས་ཀྱི་འབྲས་བུ་མ་རུངས་པས་གཙེས་པའི་སྡུག་བསྔལ་གྱིས་ཉམ་ཐག་ནས་ཀུ་ཅོ་འདོན་

པས་ངུ་འབོད་དོ། །ངུ་འབོད་ཆེན་པོ་ནི་གང་ན་དེ་འདྲ་བའི་ཤས་ཆེ་བའི་ཕྱིར་ངུ་འབོད་ཆེན་པོའོ། །ཚ་བ་ནི་མེ་ལྕེ་མང་པོས་བསྐོར་ཏེ་ལུས་ཀུན་དུ་གདུངས་པའི་ཕྱིར་ཚ་བའོ། །རབ་ཏུ་ཚ་བ་ནི་ལུས་ཆེན་པོར་མངོན་པར་གྲུབ་ལ་སྡུག་བསྔལ་ཆེན་པོས་ལུས་དང་སེམས་ཀུན་དུ་གདུང་བ་ཆེན་པོ་མྱོང་བས་

རབ་ཏུ་ཚ་བའོ། །རབ་ཅེས་བྱ་བའི་སྒྲ་ནི་ཡུན་རིང་བ་དང་མི་བཟད་པའི་ཕྱིར་རོ། །བདུན་པོ་དེ་དག་ན་རྣམ་པར་སྨིན་པའི་བདེ་བ་ནི་མེད་མོད་ཀྱི་བསིལ་བའི་རླུང་ལ་སོགས་པས་རེག་པའི་ཕྱིར་རྒྱུ་མཐུན་པའི་བདེ་བ་ནི་ཡོད་དོ། །གང་ན་དེའི་སྐབས་ཀྱང་མེད་པ་དེ་བདེ་བའི་སྐབས་མེད་པའི་ཕྱིར་མནར་མེད་པའོ། །

Vol. 147 · folio 266a

ཡང་ན་དེ་ན་སྡུག་བསྔལ་ལ་བར་སྐབས་མེད་པས་མནར་མེད་པ་སྟེ། བར་ཆད་མེད་ཅིང་སྐབས་མེད་པར་དེ་ན་སྡུག་བསྔལ་མྱོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དེ་ན་ཕྱོགས་བཅུ་ནས་མེ་ལྕེ་བྱུང་སྟེ། སེམས་ཅན་གྱི་ལུས་ལ་རྒྱུན་མི་འཆད་པར་རབ་ཏུ་འབར་ཞིང་ཤི་བར་

མི་འགྱུར་རོ། །བཀྲེས་པ་དང་སྐོམ་པའི་མེ་ཡང་རྟག་པར་ཡོད་དོ། །དེའི་ངོས་རེ་རེ་ལ་ནི་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་དོ། །འདིའི་འོག་ན་ཡོད་དེ་འཛམ་བུའི་གླིང་ནས་འོག་ཏུ་དཔག་ཚད་ཉི་ཁྲི་ན་དེའི་སྟེང་གི་ངོས་ལ་ཐུག་གོ། །འཛམ་བུའི་གླིང་ནི་འོག་ཡངས་ཏེ་འབྲུའི་ཕུང་པོ་ལྟར་གནས་

སོ། །དེ་བས་ན་རྒྱ་མཚོ་ཆེན་པོ་ནི་བགས་ཀྱིས་གཞོལ་ལོ། །དུད་འགྲོ་ནི་དུད་དེ་འགྲོ་བ་སྟེ། འདོང་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་དག་གི་ནང་ནས་ཀླུ་རྣམས་ནི་བསྐལ་པར་གནས་ཤིང་ཁ་ཅིག་ས་ལ་བརྟེན་ཏོ། །ཡི་དགས་ནི་སྐོམ་པ་དང་ལྡན་པས་ཡི་དགས་ཏེ་ཁ་ཅིག་ནི་མཐུ་

ཆེའོ། །ཁ་ཅིག་ནི་མཐུ་ཆུང་ངོ་། །འཛམ་བུའི་གླིང་ནི་སོག་ཁ་སྟེ་བྱང་ཕྱོགས་ཁ་ཚོན་ཆེའོ། །དེའི་ངོས་རིང་པོ་གསུམ་གྱི་ངོས་རེ་རེ་ལ་ནི་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་དོ། །ངོས་ཐུང་ངུ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་དོ། །དེ་བས་ན་བྱེ་བྲག་ཏུ་བཤད་པ་ལས། རྫུ་འཕྲུལ་དང་མི་ལྡན་

པས་ཉི་མ་གཅིག་གཅིག་གིས་ངོས་གཅིག་ཏུ་འགྲོ་བ་ཡོད་དམ་ཞེས་དྲིས་པ་དེ་ལ་དེའི་ཚད་ཀྱིས་ལན་བཏབ་པོ། །ཤར་གྱི་ལུས་འཕགས་ནི་ཟླ་བ་ཁམ་པ་འདྲའོ། །ནུབ་ཀྱི་བ་ལང་སྤྱོད་ནི་ཟླ་བ་ཉ་བ་དང་འདྲའོ། །བྱང་གི་སྒྲ་མི་སྙན་ནི་རྫིང་བུ་འདྲའོ། །དེ་ལ་གླིང་གི་དབྱིབས་ཅི་འདྲ་བར་མི་རྣམས་

ཀྱི་བཞིན་གྱི་དབྱིབས་ཀྱང་དེ་དང་འདྲའོ། །དེ་ལ་འཛམ་བུའི་གླིང་ན་ནི་ཚེ་ལ་ངེས་པ་མེད་དེ་དཔག་ཏུ་མེད་པ་ནས་ལོ་བཅུ་ལ་ཐུག་པའི་བར་དུ་འགྱུར་རོ། །ཤར་གྱི་ལུས་འཕགས་ན་ནི་ལོ་ཉིས་བརྒྱ་ལྔ་བཅུའོ། །ནུབ་ཀྱི་བ་ལང་སྤྱོད་ན་ནི་ལྔ་བརྒྱའོ། །བྱང་གི་སྒྲ་མི་སྙན་ན་ནི་ལོ་སྟོང་སྟེ། བར་མ་

དོར་འཆི་བ་མེད་དོ། །གཞན་ན་ནི་བར་མ་དོར་འཆི་བ་ཡོད་དོ་ཞེས་བཤད་པ་ཡིན་ཏེ། དེ་དག་ཀྱང་ངའི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་དོ། །འདོད་པ་ན་སྤྱོད་པའི་ལྷ་དྲུག་སྟེ། རྒྱལ་ཆེན་བཞིའི་རིས་ཞེས་བྱ་བ་ནི་དེ་དག་རྒྱལ་ཆེན་བཞིའི་གནས་སུ་སྐྱེས་པའི་ཕྱིར་རྒྱལ་ཆེན་བཞིའི་རིས་

Vol. 147 · folio 266b

སོ། །ཡང་ན་རྒྱལ་ཆེན་བཞི་པ་སྟེ་རྒྱལ་པོ་ཆེན་པོ་བཞི་པོ་དག་དེ་དག་གི་དབང་པོ་ཡིན་པའི་ཕྱིར་རོ། །སུམ་ཅུ་རྩ་གསུམ་ཞེས་བྱ་བ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་པ་བརྒྱ་བྱིན་ཡོད་པས་སུམ་ཅུ་རྩ་གསུམ་མོ། །འཐབ་བྲལ་ཞེས་བྱ་བ་ནི་ལྷ་མ་ཡིན་དང་།

འཐབ་པའི་སྡུག་བསྔལ་ལས་འདས་ཏེ་མེད་པའི་ཕྱིར་འཐབ་བྲལ་ལོ། །དགའ་ལྡན་ཞེས་བྱ་བ་ནི་དགའ་བ་ཐོབ་པ་དང་ལྡན་པར་གནས་པས་དགའ་ལྡན་ནོ། །འཕྲུལ་དགའ་ཞེས་བྱ་བ་ནི་འདོད་པ་དག་རང་གིས་སྤྲུལ་ཏེ། སྤྱོད་པས་འཕྲུལ་དགའོ། །གཞན་འཕྲུལ་དབང་བྱེད་ཅེས་བྱ་

བ་ནི་གཞན་གྱིས་སྤྲུལ་པའི་འདོད་པ་རྣམས་ལ་དབང་བྱེད་ཅིང་དབང་སྒྱུར་བས་གཞན་འཕྲུལ་དབང་བྱེད་དོ། །དེ་ལ་གྲང་བའི་སེམས་ཅན་དམྱལ་བ་མ་སྨོས་པ་ནི་ཚ་བའི་སེམས་ཅན་དམྱལ་བ་དག་གི་ཕྱོགས་གཅིག་ཏུ་གྱུར་པའི་ཕྱིར་རོ། །ཚ་བའི་སེམས་ཅན་དམྱལ་བ་ལ་ཤས་ཆེ་བ་བཅུ་དྲུག་

སྟེ། མེ་མ་མུར་དང་། རྟུགས་དང་། སྤུ་གྲིའི་སོས་གང་བའི་ལམ་པོ་ཆེ་དང་། རལ་གྲིའི་སོའི་ལོ་མ་ཅན་གྱི་ནགས་ཚལ་དང་ལྕགས་ཀྱི་ཤལ་མ་རིའི་ནགས་ཚལ་རྣམས་ནི་སྤྱིར་ན་མཚོན་ཆར་འདྲ་བས་གཅིག་ཏུ་བསྡུས་པ་དང་། ཆུ་ཀླུང་རྒལ་དཀའ་བ་སྟེ་རྫས་སུ་ནི་བཞི་སྒོའི་བྱེ་བྲག་གིས་ནི་བཅུ་

དྲུག་གོ། །གནོད་པ་ལྷག་པར་ཆེ་བའི་གནས་སུ་གྱུར་པའི་ཕྱིར་ཤས་ཆེ་བ་ཞེས་བྱའོ། །གླིང་དེ་དག་གི་གླིང་ཕྲན་ལ་གཡག་རྔ་དང་གཡག་རྔ་གཞན་ནི་འཛམ་བུའི་གླིང་གི་འཁོར་ཏོ། །ལུས་དང་ལུས་འཕགས་ནི་ཤར་གྱི་ལུས་འཕགས་ཀྱི་འཁོར་ཏོ། །གཡོ་ལྡན་དང་ལམ་མཆོག་འགྲོ་ནི་ནུབ་གྱི་བ་

ལང་སྤྱོད་ཀྱི་འཁོར་ཏོ། །སྒྲ་ངན་དང་སྒྲ་ངན་ཅན་ནི་བྱང་གི་སྒྲ་མི་སྙན་གྱི་འཁོར་ཏོ། །གཡག་རྔ་དང་གཡག་རྔ་གཞན་དེ་གཅིག་ན་སྲིན་པོ་དག་གནས་སོ། །དེ་ལ་རི་རབ་ནི་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཏེ། གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་གྱི་རང་བཞིན་ཏེ། ངོས་གང་རིན་པོ་ཆེ་

གང་གི་རང་བཞིན་ཡིན་པ་དེའི་ནམ་མཁའ་ཡང་དེའི་རྣམ་པར་སྣང་ངོ་། །དེ་ནི་རིམ་པས་མཐོ་སྟེ། གྲུ་བཞི་ལྷམ་པ་ནི་མ་ཡིན་ནོ། །དེ་སྐད་བཤད་པའི་འཐད་པ་ནི་འདུལ་བའི་གཞུང་ལས་འབྱུང་སྟེ། ཉེ་སྦྱོར་གྱིས་ཞུས་པ་ལས་བཙུན་པ་མཆོད་རྟེན་ཇི་ལྟར་བགྱི་ཞེས་གསོལ་ན། རི་རབ་ཀྱི་ཚུལ་

Vol. 147 · folio 267a

དུ་བྱའོ་ཞེས་བཀའ་སྩལ་ཏོ། །དེའི་འཁོར་རི་བོ་བདུན་ཏེ། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། ལྟ་ན་སྡུག་དང་། རྟ་རྣ་དང་། རྣམ་པར་འདུད་དང་། མུ་ཁྱུད་འཛིན་ཏོ། །དེ་དག་ནི་གསེར་གྱི་རི་སྟེ་ཕྱེད་ཕྱེད་ཀྱིས་དམའ་བར་རིག་པར་བྱའོ། །དེ་ལ་

འཛམ་བུའི་གླིང་གི་མི་གང་ལུས་ཆེ་བ་དེའི་ལུས་ཀྱི་ཚད་ནི་ཁྲུ་བཞི་སྟེ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །ཤར་གྱི་ལུས་འཕགས་པོ་དག་ནི་དེ་ལས་ཉིས་འགྱུར་ཉིས་འགྱུར་གྱིས་ཆེའོ། །ནུབ་ཀྱི་བ་ལང་སྤྱོད་པ་དག་ཀྱང་དེ་ལས་ཉིས་འགྱུར་རོ། །བྱང་གི་སྒྲ་མི་སྙན་པ་དག་ཀྱང་དེ་ལས་ཉིས་

འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་ཁྲུ་ལྔ་བརྒྱའོ། །ཁྲུའི་ཚུལ་གྱིས་ལོ་གྲངས་ཀྱང་རིག་པར་བྱ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི་མིའི་ལོ་ལྔ་བཅུ་ལ་ཞག་ཏུ་བརྩིས་པའི་ལོ་ལྔ་བརྒྱ་ཐུབ་པོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཁྲུ་སྟོང་ངོ་། །ཚེའི་ཚད་ནི་

མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཐུབ་པོ། །དེ་བཞིན་དུ་ཉིས་འགྱུར་ཉིས་འགྱུར་གྱིས་ཞག་གཅིག་ཏུ་བརྩིས་ཏེ་ཚེའི་ཚད་ནི་ལོ་དྲུག་སྟོང་གི་བར་དུ་སྦྱར་རོ། །ལུས་ཀྱི་ཚད་བརྗོད་པར་བྱ་སྟེ། ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དང་གཉིས་སོ། །འདི་དག་ནི་འདོད་པའི་

ཁམས་ཀྱི་གནས་ཉི་ཤུ་སྟེ། གཞན་འཕྲུལ་དབང་བྱེད་ནས་མནར་མེད་པ་ལ་ཐུག་གི་བར་དུ་སྣོད་དང་བཅས་པ་སྨོས་པས་རླུང་གི་དཀྱིལ་འཁོར་ལ་ཐུག་གི་བར་དུའོ། །འདོད་པའི་ཁམས་བཤད་ཟིན་ཏོ། །འདི་ཡན་ཆད་གནས་བཅུ་བདུན་ནི་གཟུགས་ཀྱི་ཁམས་ཏེ། ཇི་ལྟ་བུ་ཞེ་ན།

སྨྲས་པ། དེ་ལ་བསམ་གཏན་དང་པོ་དང་། གཉིས་པ་དང་གསུམ་པ་ནི་སོ་སོར་ས་གསུམ་གསུམ་པ་དག་གོ། །བཞི་པ་ནི་ས་བརྒྱད་པའོ། །དེ་ལ་ཚངས་རིས་ཞེས་བྱ་བ་ནི་ཚངས་པའི་རིས་ན་ཡོད་པས་ཚངས་རིས་སོ། །གཞན་ནི་ཚངས་འཁོར་ཏེ། ཚངས་པའི་ཡོངས་སུ་སྤྱོད་པ་བྱེད་ཅེས་བྱ་བའི་

ཐ་ཚིག་གོ། །དགེ་བའི་རྩ་བ་ཆེན་པོ་ལས་ངེས་པར་འབྱུང་བའི་ཕྱིར་ཚངས་ཆེན་ནོ། །འདི་ནི་ཆེན་པོ་ཡང་ཡིན་ལ་ཚངས་པ་ཡང་ཡིན་པས་ཚངས་ཆེན་ནོ། །དེའི་ཆེ་བ་ཉིད་ནི་བསམ་གཏན་ཁྱད་པར་ཅན་ཐོབ་པ་དང་། སྔར་སྐྱེས་ལ་ཕྱིས་འཆི་འཕོ་བ་དང་། མཐུའི་ཁྱད་པར་ལ་སོགས་

Vol. 147 · folio 267b

པས་ཀྱང་ངོ་། །དེ་ཉིད་ཀྱི་རིས་བཤད་པ་དེ་དག་གི་གནས་ཀྱང་ཡིན་པས་ཚངས་རིས་རྣམས་སོ། །རིས་ཞེས་བྱ་བ་ནི་འདིར་གནས་ཉིད་དུ་འདོད་དོ། །ཚངས་པའི་མདུན་ན་འདུག་ཅེས་བྱ་བ་ནི་ཚངས་པའི་མདུན་ན་གནས་པས་ཚངས་པའི་མདུན་ན་འདུག་པ་སྟེ། བསམ་གཏན་ཁྱད་པར་ཅན་

ལས་ལངས་པ་ན་དེ་ཉིད་ཀྱི་མདུན་ན་འདུག་པའོ། །ཡང་ན་ཚངས་པ་ཆེན་པོ་ལྔ་ལ་དེའི་འོག་ཏུ་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །འོད་ཆུང་ཞེས་བྱ་བ་ནི་ས་གོང་མ་དག་ལ་ལྟོས་ན་དེ་དག་གི་འོད་ཆུང་བས་འོད་ཆུང་ངོ་། །ཚད་མེད་འོད་ཅེས་བྱ་བ་ནི་དེ་དག་གི་འོད་ཚད་གཟུང་བར་མི་ནུས་པས་ཚད་མེད་

འོད་དོ། །འོད་གསལ་ཞེས་བྱ་བ་ནི་གནས་མ་ལུས་པར་སྣང་བའི་ཕྱིར་འོད་གསལ་ལོ། །དགེ་ཆུང་ཞེས་བྱ་བ་ནི་ཡིད་ཀྱི་ས་པའི་དགེ་བ་ལ་བདེ་བ་ཞེས་བྱ་བ་སྟེ། དེ་དག་གི་དེས་གོང་མ་ལ་ལྟོས་ན་ཆུང་བས་དགེ་ཆུང་ངོ་། །ཚད་མེད་དགེ་ཞེས་བྱ་བ་ནི་དེ་དག་གི་དགེ་བ་ཚད་མེད་པས་ཚད་མེད་

དགེའོ། །དགེ་རྒྱས་ཞེས་བྱ་བ་ནི་དེ་དག་གི་དགེ་བ་རྒྱས་པས་དགེ་རྒྱས་ཏེ། དེ་བས་གཞན་བདེ་བ་མཆོག་ཏུ་གྱུར་པ་མེད་དོ་ཞེས་བྱ་བར་དགོངས་སོ། །སྤྲིན་མེད་ཅེས་བྱ་བ་ནི་དེ་དག་གི་གོང་ནས་གཞན་གྱིས་ཆོད་པ་མེད་པས་སྤྲིན་མེད་དོ། །ས་གོང་མ་གོང་མ་དང་འབྲེལ་པའི་ནི་སྤྲིན་ལྟ་བུ་ཞེས་ཟེར་ཏེ། དེ་

ནས་དེ་དང་འབྲེལ་པའི་བར་མེད་པའི་ཕྱིར་རོ། །བསོད་ནམས་འཕེལ་བ་ཞེས་བྱ་བ་ནི་དེ་དག་ལས་སོ་སོའི་བསོད་ནམས་བྱེ་བྲག་ཅན་གྱིས་འགྲོ་བའི་གནས་ཡོད་པས་བསོད་ནམས་འཕེལ་ཏེ། དེ་དག་ལ་བསོད་ནམས་འཕེལ་བས་ཀུན་འབྱུང་བ་བཞིན་ནོ། །འབྲས་བུ་ཆེ་ཞེས་བྱ་བ་ནི་དེ་དག་གི་འབྲས་བུ་

གནས་གཞན་དང་འབྲེལ་པའི་སོ་སོའི་སྐྱེ་བོ་ཐམས་ཅད་པས་མཆོག་ཏུ་གྱུར་པ་འབྱུང་བས་འབྲས་བུ་ཆེའོ། །གནས་གཙང་མ་ཞེས་བྱ་བ་ནི་ལམ་གྱི་ཆུས་ཉོན་མོངས་པའི་དྲི་མ་བཀྲུས་པའི་ཕྱིར་རྒྱུད་དག་པ་རྣམས་གནས་པས་གནས་གཙང་མའོ། །ཡང་ན་དེ་དག་གི་འཁོར་བ་ན་གནས་པ་དག་པས་བུ་

ལོན་འཁོར་བ་བཞིན་ནོ། །ཡང་ན་དག་པ་ཤེ་དག་གནས་པས་གནས་གཙང་མ་སྟེ། དེ་ན་སོ་སོའི་སྐྱེ་བོ་མེད་པའི་ཕྱིར་རོ། །མི་ཆེ་བ་ཞེས་བྱ་བ་ནི་གནས་གཙང་མ་བས་མཆོག་ཏུ་མ་གྱུར་པའི་ཕྱིར་མི་ཆེ་བས་མི་ཆེ་བའོ། །ཡང་ན་གཟུགས་མེད་པར་འཇུག་པ་ལ་འདོད་པ་མེད་པའི་ཕྱིར་མི་འདོད་

Vol. 147 · folio 268a

པའོ། །མི་གདུང་བ་ཞེས་བྱ་བ་ནི་བསམ་པ་དགེ་བའི་ཕྱིར་འོག་མར་སྐྱེས་པ་རྣམས་ཀྱི་མཐུའི་ཁྱད་པར་དག་གིས་ཟིལ་གྱིས་མི་ནོན་པས་མི་གདུང་བའོ། །ཡང་ན་བསམ་གཏན་མཆོག་གི་འབྲས་བུའི་ཚེ་མ་ཐོབ་ཀྱང་གདུང་བ་མེད་པས་མི་གདུང་བའོ། །གྱ་ནོམ་སྣང་ཞེས་བྱ་བ་ནི་

རབ་ཏུ་ཞི་བའི་ཁྱད་པར་དང་ལྡན་ཏེ་བདེ་བར་སྣང་བས་གྱ་ནོམ་སྣང་ངོ་། །ཤིན་ཏུ་མཐོང་ཞེས་བྱ་བ་ནི་སྤེལ་མར་བསྒོམ་པ་ལ་སྒྲིབ་པའི་ལྷག་མ་ཅུང་ཟད་ཅིག་ལས་སུ་ཟད་དེ། དེ་དག་ཤིན་ཏུ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་ངོ་། །འོག་མིན་ཞེས་བྱ་བ་ནི་དེ་དག་གི་གོང་ན་རང་གི་

ཁམས་ལས་མཆོག་ཏུ་གྱུར་པའི་གནས་གཞན་མེད་པས་འོག་མིན་ནོ། །གཞན་དག་ན་རེ་བསགས་པར་གནས་པ་ནི་གཟུགས་ཏེ་ཕུང་པོའོ་ཞེས་བྱའོ། །དེའི་མཐར་ཕྱིན་པས་ཕུང་པོའི་མཐའ་ཞེས་བྱའོ་ཞེའོ། །ཡང་ན་ཨ་གྷ་ཞེས་བྱ་བ་ནི་སྡིག་པ་སྟེ་དེའི་མཐར་ཕྱིན་པས་སྡིག་མེད་མཐའོ། །གནས་

བཅུ་བདུན་པོ་དེ་ན་གནས་པའི་སེམས་ཅན་དང་བཅས་པ་དེ་དག་ནི་གཟུགས་ཀྱི་ཁམས་སོ། །གཞན་དག་ནི་བསམ་གཏན་དང་པོ་ལ་ནི་གཉིས། བསམ་གཏན་བཞི་པ་ལ་ནི་འདུ་ཤེས་མེད་པའི་སེམས་ཅན་ལྷག་པར་བྱས་ཏེ་གནས་བཅུ་བདུན་པོ་གཞན་དུ་སྨྲའོ། །དེ་གཉི་ག་ཡང་མི་རིགས་ཏེ། ཚངས་

པ་ཆེན་པོ་ནི་གཅིག་ཡིན་པའི་ཕྱིར་རོ། །དེ་ལ་ཚེ་ལ་སོགས་པའི་བྱེ་བྲག་ཡོད་དུ་ཟིན་ཀྱང་དེ་ལྷའི་རིས་སུ་མི་འཐད་དེ། གཅིག་པུ་ནི་རིས་སུ་མི་རུང་ངོ་། །ཚངས་པའི་མདུན་ན་འདོན་གྱི་སེམས་ཅན་རྣམས་དང་དེ་སྐལ་བ་མཉམ་པའི་ཕྱིར་གནས་ཐ་དད་པ་མ་ཡིན་ནོ། །འདུ་ཤེས་མེད་པའི་སེམས་ཅན་

རྣམས་ཀྱང་འབྲས་བུ་ཆེ་བ་དག་དང་ཚེ་ལ་སོགས་པ་ཁྱད་པར་མེད་པས་དེའི་རྒྱུའི་ཁྱད་པར་མེད་པའི་ཕྱིར་དེ་དག་བཞི་པའི་གསུམ་པ་ལས་གནས་གཞན་དུ་མི་འཐད་པས་གཟུགས་ཀྱི་ཁམས་ནི་རྣམ་པ་བཅུ་དྲུག་གོ་ཞེས་ཁ་ཆེ་བའི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །དེ་བས་ན་ཚངས་པ་ཆེན་པོ་ཡང་འདུ་

ཤེས་མེད་པའི་སེམས་ཅན་བཞིན་དུས་གཞན་མེད་དོ་ཞེས་བརྗོད་དོ། །སྐྱེ་གནས་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་སེམས་ཅན་རྣམས་འདྲེན་པར་གྱུར་ཏེ་འབྱུང་བ་ཐུན་མོང་དུ་གྱུར་པའི་ཕྱིར་རོ། །དེ་ལ་སྐྱེ་གནས་མངལ་ནས་སྐྱེ་བ་ནི་མི་དང་། བ་ལང་དང་། རྟ་དང་། རྔ་མོ་རྣམས་ཕལ་ཆེར་རོ། །མི་

Vol. 147 · folio 268b

རྣམས་ཀྱི་ནང་ན་སྒོ་ང་ལས་སྐྱེས་པ་ཡང་ཡོད་དེ། དཔེར་ན་དུད་འགྲོ་དག་གི་ནང་ནས་ཁྲུང་ཁྲུང་མོ་ལས་བྱུང་བ། རི་དང་། ཉ་རི་ལྟ་བུ་དང་། ལྔ་ལེན་གྱི་རྒྱལ་པོའི་བུ་ལྔ་བརྒྱ་ལྟ་བུའོ། །དྲོད་གཤེར་ལས་སྐྱེ་བ་ནི་ང་ལས་ནུ་ལ་སོགས་པའོ། །རྫུས་ཏེ་བྱུང་བ་ནི་བསྐལ་པ་དང་པོ་པ་རྣམས་སོ། །ཀླུ་

རྣམས་ལ་ཡང་སྐྱེ་བ་རྣམ་པ་བཞི་ཡོད་དེ། འཇིག་རྟེན་གདགས་པ་ལས་ཇི་སྐད་དུ། སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་ཏོ། །དེ་བཞིན་དུ་རྫུས་ཏེ་འབྱུང་བའི་ནམ་མཁའ་ལྡིང་གིས་རྫུས་ཏེ་བྱུང་བའི་ཀླུ་འབྱིན་ཅེས་བྱ་བའི་བར་དུ་གསུངས་པ་

ལྟ་བུའོ། །རྫུས་ཏེ་བྱུང་བ་རྣམས་ལུས་ཤིན་ཏུ་མི་སྣང་བར་འགྱུར་ཏེ། ཏིལ་མར་གྱི་མར་མེ་ཟད་པ་ལྟ་བུ་མ་ཡིན་ནམ། མི་ཤེས་པའི་ཕྱིར་འབྱིན་གྱི་བཟར་ནི་མེད་དོ། །ཡི་དགས་རྣམས་ནི་མངལ་ནས་སྐྱེས་པ་དང་རྫུས་ཏེ་བྱུང་བ་དག་སྟེ། ཇི་སྐད་དུ་ཡི་དགས་ཉིད་ཀྱིས་བདག་ཅག་ནི་ལས་ཀྱིས་སྐྱེས་པ་ཡིན་

གྱི། སྐྱེ་གནས་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དབང་བཅུ་བརྙེས་པ་མངལ་ནས་སྐྱེས་པའི་སྐྱེ་གནས་ལ་བརྟེན་ཅེ་ན། ཤཱཀྱའི་རིགས་ཆེན་པོ་གཉེན་གྱི་འབྲེལ་པས་ཆོས་ལ་རབ་ཏུ་དགོད་པའི་ཕྱིར་རོ། །མིར་གྱུར་ཀྱང་ཕུན་སུམ་ཚོགས་པ་ཐོབ་པོ་

ཞེས་གདུལ་བ་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །ས་ནི་བཅུ་གཅིག་སྟེ་ཞེས་བྱ་བ་ནི་དེ་དག་ཀྱང་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོན་ཏོ། །འདོད་པའི་ཁམས་ནི་ས་བོན་ཐམས་ཅད་ཡིན་པའི་ཕྱིར་ས་ཞེས་བྱ་བར་བཤད་དེ། དབང་པོ་སྦྱངས་པ་ལ་སོགས་པ་ཡོན་ཏན་རྣམས་དེ་དང་འབྲེལ་བའི་ཕྱིར་རོ། །མི་ལྕོགས་

པ་མེད་པ་ཞེས་བྱ་བ་ལ་འོང་བར་བྱ་བ་ནི་འོང་བར་བྱ་བའོ། །འོང་བར་བྱ་བ་མེད་པ་ནི་འོང་བར་བྱ་བ་མེད་པ་སྟེ། སྐྱེ་བས་ཐོབ་པར་བྱ་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་གཏན་དང་པོ་ལ་འཇུག་པའི་སེམས་སོ། །དེ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཅན་དང་། ཟག་པ་དང་བཅས་པ་དང་། ཟག་

པ་མེད་པའོ། །བསམ་གཏན་དང་པོ་ལ་ཡན་ལག་ལྔར་རིག་པར་བྱ་སྟེ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་སྟེ། དཔེར་ན་ཡན་ལག་ལྔ་པའི་ཕྱི་མ་ལྟར་ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་བཞིན་ནོ། །བསམ་གཏན་གཉིས་པ་

Vol. 147 · folio 269a

ལ་ནི་རབ་ཏུ་དང་བའོ། །དེ་ཡང་དད་པའི་ངོ་བོ་ཉིད་ཀྱི་ཆོས་ཏེ། ཆོས་དེ་མཉམ་པར་གཞག་པ་དག་ལས་ཀྱང་འབྱུང་བ་ཡོད་དོ་ཞེས་ལྷག་པར་ཤས་ཆེ་བའི་ཕྱིར་ཡན་ལག་ཏུ་རྣམ་པར་གཞག་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ། །དེ་ནི་ཤིན་

ཏུ་སྦྱངས་པའི་བདེ་བར་རིག་པར་བྱའོ། །བསམ་གཏན་གསུམ་པ་ལས་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། ཏིང་ངེ་འཛིན་ཏོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་

བ་དང་། བཏང་སྙོམས་ཡོངས་སུ་དག་པ་སྟེ། དེ་ནི་འདུ་བྱེད་ཀྱི་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཏོ། །བསམ་གཏན་བཞི་པ་ནི་ཉེས་པ་བརྒྱད་ལས་རྣམ་པར་གྲོལ་བ་སྟེ། ཉེས་པ་དེ་དག་གང་ཞེ་ན། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དབུགས་རྔུབ་

པ་དང་། འབྱིན་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བའོ། །བསམ་གཏན་དེ་དག་ཀྱང་ཉོན་མོངས་པ་ཅན་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཕུང་པོ་ལྔ་དང་ལྡན་པར་རིག་པར་བྱའོ། །དེ་ལ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་

ཉེས་པས་ནི་མེས་འཇིག་པའོ། །དགའ་བའི་ཉེས་པས་ནི་ཆུས་འཇིག་པའོ། །དབུགས་རྔུབ་པ་དང་འབྱིན་པའི་ཉེས་པས་ནི་རླུང་གིས་འཇིག་པའོ། །དེ་ལ་མེས་འཇིག་པ་ལན་བདུན་འདས་པ་དང་ཆུས་འཇིག་གོ། །དེ་ལྟར་བྱས་ན་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེ་བསྐལ་པ་བརྒྱད་ཐུབ་བོ་ཞེས་

བྱ་བ་དེ་འཐད་པར་འགྱུར་རོ། །དེ་ལྟར་མེས་འཇིག་པ་ནི་ལན་བཞི་བཅུ་རྩ་དགུའོ། །ཆུས་འཇིག་པ་ནི་ལན་བདུན་ཏེ་འཇིག་པ་དེ་དག་ནི་ལན་ལྔ་བཅུ་རྩ་དྲུག་ཡིན་ནོ། །དེའི་འོག་ཏུ་མེས་ལན་བདུན་འཇིག་གོ། །དེའི་འོག་ཏུ་རླུང་གིས་འཇིག་པར་འགྱུར་རོ། །དེ་ལྟར་བྱས་ན་གདགས་པ་

བཤད་པ་ལས་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་བསྐལ་པ་དྲུག་ཅུ་རྩ་བཞི་ཐུབ་པོ་ཞེས་བྱ་བ་ལེགས་པར་བཤད་པ་ཡིན་ནོ། །གཟུགས་མེད་པ་གསུམ་ནི་ཉོན་མོངས་པ་ཅན་དང་། དགེ་བ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཕུང་པོ་བཞིའི་ངོ་བོ་ཉིད་དང་ས་འོག་མའི་གཉེན་པོ་ཡིན་ནོ། །དེ་

Vol. 147 · folio 269b

ལ་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་ནི་གཅིག་ཏུ་ཟག་པ་དང་བཅས་པའོ་ཞེས་བྱ་བ་ལ། འདོད་པའི་ཁམས་ནི་མི་དགེ་བའི་རྩ་བས་དྲི་མ་ཅན་དུ་བྱས་པ་དང་། མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པར་རུང་ན། སྲིད་པའི་རྩེ་མོ་ཇི་ལྟར་ཟག་པ་དང་བཅས་

པ་ཁོ་ནར་འགྱུར་ཞེ་ན། འདུ་ཤེས་ཞན་པའི་ཕྱིར་རོ། །ལྷག་མ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཞེས་བྱ་བར་གྲུབ་པོ། །གལ་ཏེ་སྲིད་པའི་རྩེ་མོ་གཅིག་ཏུ་ཟག་པ་དང་བཅས་པའི་ཡིན་ན་ཇི་ལྟར་འཕགས་པའི་གང་ཟག་དེར་སྐྱེས་པ་ཉོན་མོངས་པ་སྤོང་ཞེ་ན། ཅི་ཡང་མེད་པའི་སྐྱེ་

མཆེད་ཀྱི་སའི་ལམ་མངོན་དུ་བྱས་ཏེ་ཉོན་མོངས་པ་སྤོང་ངོ་། །སྡེ་པ་གཞན་གང་དག་ན་རེ། མགོ་མཉམ་ཞེས་བྱ་བའི་དགྲ་བཅོམ་པ་ནི། རས་ཀྱི་མཐའ་ལ་མེ་ཞེན་ནས་ཚིག་པ་བཞིན་ནོ་ཞེས་ཟེར་བ་དེ་དག་ནི། དགེ་སློང་དག་ཇི་ཙམ་དུ་འདུ་ཤེས་ལ་སྙོམས་པར་ཞུགས་པ་དེ་ཙམ་དུ་ཀུན་ཤེས་

པར་རབ་ཏུ་རྟོགས་སོ། །གང་ཡང་འདི་འདུ་བྱེད་ཀྱི་ལྷག་མ་སྲིད་པའི་རྩེ་མོ་དེ་ལ་ནི་དགེ་སློང་བསམ་གཏན་པ་རྣམས་ཀྱིས་སྙོམས་པར་ཞུགས་ཤིང་ལངས་ནས་རབ་ཏུ་རྟོག་པར་འགྱུར་བ་སྨྲའོ་ཞེས་བྱ་བ་འདི་དང་འགལ་ལོ། སྐབས་སུ་བཤད་པ་རྫོགས་ཞེས་བྱ་བ་ནི་སྐབས་ནས་བྱུང་བ་ལ་སྐབས་

སུ་བཤད་པ་ཞེས་བྱའོ། །རྫོགས་ཞེས་བྱ་བ་ནི་མཐར་ཕྱིན་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་དུ་ཉེ་བར་བསྡོགས་གཏོགས་པ་ཐམས་ཅད་ལ་ནི་བཏང་སྙོམས་སོ། །དངོས་གཞི་བསམ་གཏན་དང་པོ་དང་། གཉིས་པ་ལ་ནི་ཡིད་བདེ་བའི་དབང་པོའོ། །གསུམ་པ་ལ་ནི་བདེ་བའོ། །བཞི་པ་ལ་ནི་

བཏང་སྙོམས་སོ། །ཅིའི་ཕྱིར་བཟོད་པ་རྣམས་པས་ཤེས་པ་རྣམས་སྔར་བསྟན་ཅེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །བཟོད་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་ཉིད་དོ། །དེ་ལ་རྫས་སུ་ན་ཤེས་པ་གཉིས་ཏེ། ཟག་པ་དང་བཅས་

པ་དང་། ཟག་པ་མེད་པའོ། །རྣམ་པ་བདུན་གྱི་ན་བཅུར་རྣམ་པར་གཞག་སྟེ། རང་བཞིན་གྱིས་ནི་ཀུན་རྫོབ་ཤེས་པའོ། །གཉེན་པོས་ནི་ཆོས་དང་རྗེས་སུ་རྟོགས་པའི་ཤེས་པའོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་མཐའ་དག་གི་གཉེན་པོའོ། །རྗེས་སུ་རྟོགས་པའི་ཤེས་པ་ནི་

Vol. 147 · folio 270a

གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོའོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་ནི་རྣམ་པའི་བྱེ་བྲག་གིས་སོ། །འགོག་པ་དང་ལམ་ཤེས་པ་ནི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་སོ། །གཞན་གྱི་སེམས་ལ་སྦྱོར་བས་ཕ་རོལ་གྱི་སེམས་ཤེས་པའོ། །

ཉོན་མོངས་པ་སྤངས་པའི་རྒྱུད་ལ་སྐྱེ་བས་བྱ་བ་བྱས་པའི་ཕྱིར་ཟད་པ་ཤེས་པའོ། །སྐལ་བ་མཉམ་པའི་རྒྱུས་ཤེས་པ་ཐམས་ཅད་ཀྱིས་བསགས་པའི་ཕྱིར་མི་སྐྱེ་བ་ཤེས་པའོ། །ཅིའི་ཕྱིར་ཆོས་ཤེས་པ་སྔར་བཤད་ཅེ་ན། འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འདོད་

པའི་ཁམས་ཀྱི་སྔར་སྤོང་ཞེ་ན། དེ་ནི་མངོན་སུམ་གཉིས་ཀྱིས་མངོན་སུམ་དུ་གྱུར་པའི་ཕྱིར་ཏེ། ཟིན་པ་མངོན་སུམ་དང་རྫས་མངོན་སུམ་གྱིས་སོ། །ཁམས་གཞན་གྱི་ནི་རྫས་མངོན་སུམ་ཉིད་ཀྱིས་སོ། །ཡང་འགོག་པ་དང་། ལམ་ལ་ཆོས་ཤེས་པ་ནི་ཁམས་གསུམ་ཅར་གྱི་གཉེན་པོ་ཡིན་ནོ། །

ཅིའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བ་ལ་ཆོས་ཤེས་པ་ཁམས་གསུམ་ཅར་གྱི་གཉེན་པོ་མ་ཡིན་ཞེ་ན། གཞན་དུ་ཡིད་འབྱུང་ལ་གཞན་དུ་འདོད་ཆགས་དང་བྲལ་བར་འགྱུར་དུ་འོང་བའི་ཕྱིར་རོ། །འདོད་པར་གཏོགས་པའི་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདི་སྐད་དུ་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་

ཕུང་པོ་ལྔ་རྣམས་ཞེས་བསྟན་པར་འགྱུར་ཏེ། དེ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པར་ཤེས་པ་གང་ཡིན་པའོ། །དེ་ལ་རྒྱུ་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པའོ། །དེ་འགོག་པ་ཞེས་བྱ་བ་ནི་འགོག་པའི་བདེན་པའོ། །དེ་སྤོང་བ་ཞེས་བྱ་བ་ནི་ལམ་གྱི་

བདེན་པའོ། །དེ་ལྟར་རྣམ་པ་བཅུ་དྲུག་ཏུ་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པའོ། །དེ་ལྟར་ཆོས་ཤེས་པ་ནི་ཕུང་པོ་ལྔ་ཞེས་བསྟན་པར་འགྱུར་རོ། །ཆོས་ཤེས་པ་ཞེས་བྱ་བ་འདིས་ནི་བརྗོད་པ་རྣམས་ཡོངས་སུ་སྡུད་དེ། གཙོ་བོར་བསྟན་པའི་ཕྱིར་རྒྱལ་པོ་གཤེགས་སོ་ཞེས་བྱ་བ་བཞིན་ནོ། །ས་ཞེས་བྱ་

བ་ནི་བདེན་པ་རྣམས་སོ། །སྔར་ནི་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པའོ། །ད་ནི་བྱེ་བྲག་ཏུ་མ་ཕྱེ་བའོ། །ཡང་ན་ཆོས་ཞེས་བྱ་བ་ནི་དོན་གཞན་དུ་བཤད་དེ། སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་རྣམས་ཡོངས་སུ་སྡུད་པའོ། །དེ་ལ་སྦྱོར་བའི་ལམ་ནི་གང་གི་འོག་ཏུ་སྤོང་བའི་ལམ་མངོན་དུ་བྱེད་

Vol. 147 · folio 270b

པའོ། །རྣམ་པར་གྲོལ་བའི་ལམ་ནི་གང་གིས་བྲལ་བའི་རྙེད་པ་སྐྱེད་པའོ། །ཁྱད་པར་གྱི་ལམ་ནི་ཁྱད་པར་ཐོབ་པར་བྱ་བའི་ལམ་ཡིན་པས་ཁྱད་པར་གྱི་ལམ་མོ། །དེ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། གང་གིས་དབང་པོ་སྦྱོར་བ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་པའོ། །ཆོས་

ཤེས་པའི་ས་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་ས་དྲུག་ཏུ་སྟོན་ཏེ་དེ་ནི་ཆོས་ཤེས་པའོ། །གང་དག་འདུ་བྱེད་སྨོས་པ་ནི་འདུས་མ་བྱས་བརྩལ་བར་འདོད་པ་དེ་དག་གི་ལྟར་ན་དོན་འདི་གཉེན་པོར་འགྱུར་ཏེ། ཟག་པ་མེད་པ་ནི་ཉེས་པ་མེད་པའི་ཕྱིར་སྤང་བར་འོས་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་ཆོས་ཤེས་པ་

ཞེས་བྱ་ཞེ་ན། དེའི་ཕྱིར་དོན་དང་མཐུན་པའི་མིང་དུ་སྟོན་ཏོ། །ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ཞེས་བྱ་བ་ཇི་ལྟར་ཐོག་མ་མེད་པ་དང་ལྡན་ཞེ་ན། དགེ་སློང་དག་འཁོར་བ་ནི་ཐོག་མ་མེད་དོ་ཞེས་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །བདག་གི་ཆུ་སྲིན་གྱི་

ཆུ་སྲིན་འཛིན་ཁྲི་ཞེས་བྱ་བ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སྟེ། བདག་དང་བདག་གིར་མངོན་པར་ཞེན་པའི་ཆུ་སྲིན་འཛིན་ཁྲི་དེས་ཟིན་པ་ནི་བཟུང་བའོ། །དེ་ཐོག་མ་ཁོ་ནར་ཞེས་བྱ་བ་ནི་དང་པོ་ཉིད་དུའོ། །ཆོས་ཙམ་དུ་མཐོང་བའི་ཕྱིར་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་བདག་དང་བདག་གི་

དགག་པར་སྟོན་ཏོ། །ཆོས་ཤེས་པ་བཤད་ཟིན་ཏོ། །རྗེས་སུ་རྟོག་པའི་ཤེས་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པར་རྟོགས་པའི་འདུ་བྱེད་རྣམས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྗེས་སུ་ཞེས་བྱ་བ་ནི་ཕྱི་ནས་ཞེས་བྱ་བའི་དོན་ཏོ། །རྗེས་ལས་རྟོགས་པ་ནི་རྗེས་སུ་རྟོགས་པ་སྟེ་ཕྱི་ནས་ཤེས་

ཞེས་བྱ་བའི་དོན་གང་ཡིན་པའོ། །ཅིའི་ཕྱིར་རྗེས་སུ་རྟོགས་པའི་ཤེས་པ་ས་འོག་མའི་གཉེན་པོ་མ་ཡིན་ཞེ་ན། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གོང་དུ་ཡར་ལྟ་བ་ཐུར་དུ་མི་ལྟ་བ་བཞིན་ནོ། །ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། ཤེས་པ་གང་བསྒོམས་པ་ལས་བྱུང་བ་ནི་བསྒོམས་པའི་རང་བཞིན་ཏེ།

དཔེར་ན་སའི་སྣོད་ལྟ་བུའོ། །བསྒོམས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའོ། །བསྒོམ་པ་ལ་བརྟེན་ནས་ཐོབ་པ་ནི་སྔོན་ཐོབ་ཀྱང་དེ་བསྒོམ་པ་མངོན་དུ་བྱེད་པ་ལས་བྱུང་ངོ་། །ཡང་ན་བསྒོམ་པ་ལ་བརྟེན་ནས་ཞེས་བྱ་བ་ནི་སྐྱེ་བས་འཐོབ་པ་དང་། རྟོག་གེའི་རིགས་པས་

Vol. 147 · folio 271a

བསྐྱེད་པ་དགག་པ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་སྨོས་སོ། །ཏིང་ངེ་འཛིན་ལས་བྱུང་བས་ཏིང་ངེ་འཛིན་ལས་སྐྱེས་པ་སྟེ། བསམ་གཏན་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གཉིས་ཀྱི་བར་དུ་སྨོས་པ་ནི་

གཉི་གའི་རང་བཞིན་དུ་བསྟན་པའི་ཕྱིར་རོ། །གཞན་དག་གིས་ཀུན་རྫོབ་ཤེས་པའི་འོག་ཏུ་སྨོས་པ་དེ་དག་གིས་ནི་གསུམ་པོ་དག་གི་སྐབས་ཀྱིས་སྦྱར་རོ། །དེ་ལྟར་རང་བཞིན་བསྙད་ནས་ལས་སྟོན་ཏོ། །གང་གིས་གཞན་ཞེས་བྱ་བ་ལ། གཞན་སྨོས་པས་ནི་རང་གི་སེམས་མ་གཏོགས་པར་སྟོན་ཏེ།

བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །འདོད་པ་དང་གཟུགས་སུ་གཏོགས་པ་ཞེས་བྱ་བས་ནི་ཁམས་གཉིས་ཀྱི་ལས་སྟོན་ཏོ། །ཟག་པ་མེད་པ་ཁ་ཅིག་ཅེས་བྱ་བ་སྨོས་པས་ནི་གཟུགས་མེད་པ་ན་སྤྱོད་པའི་ཟག་པ་མེད་པ་རྣམས་མི་ཤེས་པའོ། །མི་ལྡན་པ་ཉིད་ཡིན་བཞིན་དུ་ཡང་ཅིའི་ཕྱིར་མིག་

ཤེས་གཟུགས་ཀྱི་འབབ་སྟེགས་ཀྱི་སྒོ་ནས་སྐྱེ་བའི་ཕྱིར་རོ། །ཟག་པ་དང་བཅས་པ་ནི་ཤིན་ཏུ་ཡང་མི་ཤེས་སོ་ཞེས་བསྟན་པར་འགྱུར་ཏེ། ས་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ད་ལྟར་བྱུང་བ་སྨོས་པས་ནི་འདས་པ་དང་མ་འོངས་པ་སེལ་ཏོ། །ཡང་ན་བསྒོམས་པ་ལས་བྱུང་བ་བསྒོམས་པའི་རྒྱུ་

ལས་བྱུང་བ་སྟེ། དཔེར་ན་ཟས་ལས་བྱུང་བའི་སྲོག་དང་རྩ་ལས་གྱུར་པའི་བ་ལང་ཞེས་བྱ་བ་ལྟ་བུའོ། །ཉེར་བསྡོགས་ཀྱིས་དངོས་གཞི་བསམ་གཏན་གྱི་འབྲས་བུ་ཐོབ་པ་སྟེ། ཇི་སྐད་དུ། བསམ་གཏན་ལས་སམ་ཉེར་བསྡོགས་ལས་རྣམ་པར་གྲོལ་བ་དགུ་པའི་ལམ་སྐྱེའོ་ཞེས་གསུངས་པ་ལྟ་

བུ་ཡིན་དུ་ཟིན་ཀྱང་དབང་པོ་འཕོ་བ་ཤིན་ཏུ་དཀའ་བའི་ཕྱིར་ཏེ། ཕ་རོལ་གྱི་སེམས་ཤེས་པ་ནི་དངོས་གཞི་བསམ་གཏན་གྱི་འབྲས་བུ་ཉིད་དོ། །ཤེས་པ་དང་འདྲ་བ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་འདྲ་བ་སྟེ། ཟག་པ་དང་བཅས་པས་ཟག་པ་དང་བཅས་པ་ཤེས་ལ། ཟག་པ་མེད་པས་ཟག་པ་མེད་

པའི་སེམས་དང་སེམས་ལས་བྱུང་བ་ཤེས་པའོ། །དེ་ལྟ་མོད་ཀྱི་སེམས་ལ་སྦྱོར་བའི་ཕྱིར་སེམས་ཀྱི་བསྒོ་ནས་དེ་སྐད་སྟོན་ཏོ། །གང་གི་ཚེ་སེམས་ཤེས་པ་དེའི་ཚེ་སེམས་ལས་བྱུང་བའི་ཆོས་རྣམས་མ་ཡིན་ཏེ། རྫས་རེ་རེ་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་འདོད་ཆགས་དང་བཅས་

Vol. 147 · folio 271b

པའི་སེམས་སུ་ཤེས་ཤེ་ན། འདོད་ཆགས་དང་བཅས་པ་རྣམ་པ་གཉིས་ཏེ། ལྡན་པའི་འདོད་ཆགས་དང་བཅས་པ་དང་། འདྲེས་པའི་འདོད་ཆགས་དང་བཅས་པའོ། །དེ་ལ་འདྲེས་པའི་འདོད་ཆགས་དང་བཅས་པ་ནི་མངོན་དུ་གྱུར་པའོ། །ལྡན་པའི་འདོད་ཆགས་དང་བཅས་པ་ནི་རྙེད་

པའི་འབྲེལ་པའོ། །འདི་ནི་འདྲེས་པའི་འདོད་ཆགས་དང་བཅས་པ་བཟུང་བར་རིག་པར་བྱ་སྟེ། གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ནོ། །འདི་ནི་དམིགས་པ་ལ་ལྟ་བ་མ་ཡིན་ཏེ། བསྟན་བཅོས་ལས་ཀྱང་ཆགས་པར་ཤེས་ཀྱི་ཆེ་གེ་མོ་ཞེས་བྱ་བའི་དམིགས་པ་ལ་ཆགས་པར་ནི་མ་ཡིན་ནོ་

ཞེས་འབྱུང་ངོ་། །ཟག་པ་མེད་པ་ལ་ནི་ལམ་གྱི་བདེན་པའི་རྣམ་པར་རོ། །བར་ཆད་མེད་པའི་ལམ་ཐམས་ཅད་ནི་མ་གཏོགས་ཏེ། མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །དེ་བས་ན་མཐོང་བའི་ལམ་ལ་བསྒོམ་པ་མ་ཡིན་ཏེ། མཐོང་བའི་ལམ་ནི་ཡིད་འབྱུང་བ་དང་ལྡན་པའི་ཕྱིར་

རོ། །དེ་ལ་བསམ་གཏན་དང་པོའི་ས་པས་ནི་ས་གཉིས་ཀྱི་ཤེས་སོ། །དེ་བཞིན་དུ་བསམ་གཏན་བཞི་པའི་ས་པས་ནི་ས་ལྔའི་ཤེས་པའི་བར་དུའོ། །ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཆོས་ཤེས་པའི་ཕྱོགས་དང་། རྗེས་སུ་རྟོགས་པའི་ཤེས་པའི་

ཕྱོགས་སོ། །དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱིས་ནི་ཆོས་ཤེས་པའི་ཕྱོགས་ཀྱི་ཤེས་ཀྱི་རྗེས་སུ་རྟོགས་པའི་ཕྱོགས་ཀྱི་ནི་མ་ཡིན་ཏེ། ཆོས་ཤེས་པ་ས་འོག་མ་ལ་གནས་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་ཤེས་པ་ནི་ས་གོང་མ་ལ་དམིགས་པའི་ཕྱིར་རོ། །ཆོས་ཤེས་པའི་ཕྱོགས་ཀྱི་མ་

ཡིན་ནོ། །ཟག་པ་མེད་པ་ནི་མཆོག་ཏུ་གྱུར་པས་ཟག་པ་དང་བཅས་པས་མི་ཤེས་པ་ནི་རིགས་ན། ཟག་པ་མེད་པ་ཅིའི་ཕྱིར་ཟག་པ་དང་བཅས་པ་མ་ཤེས་ཤེ་ན། ཟག་པ་མེད་པ་མཆོག་ཏུ་དགའ་བ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ནི་ཡིད་འབྱུང་བའི་དངོས་པོའོ། །

གཟུགས་དང་མི་ལྡན་པ་རྣམས་དཔའ་དུས་མ་བྱས་མི་ཤེས་ཏེ། གཞན་གྱི་སེམས་ཤེས་པའི་ཕྱིར་རོ། །ས་མཆོག་ཏུ་གྱུར་པ་མི་ཤེས་ཏེ། བསམ་གཏན་དང་པོའི་ས་པས་བསམ་གཏན་གཉིས་པའི་ས་མི་ཤེས་སོ། །དབང་པོ་མཆོག་ཏུ་གྱུར་པ་ནི་ས་མཚུངས་ཀྱང་དབང་པོ་རྟུལ་པོས་དབང་པོ་རྣོན་

Vol. 147 · folio 272a

པོའི་རྒྱུད་ལས་བྱུང་བ་མི་ཤེས་སོ། །གང་ཟག་མཆོག་གི་མི་ཤེས་ཏེ། ཇི་ལྟར་ཉན་ཐོས་ཀྱིས་རང་སངས་རྒྱས་ཀྱི་རྒྱུད་མི་ཤེས་པ་དང་། རང་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པའི་རྒྱུད་མི་ཤེས་པ་ལྟ་བུའོ། །དེའི་དོན་ནི་དབང་པོ་མཆོག་ཉིད་ཀྱིས་གོ་བར་འགྱུར་རོ་ཞེ་ན།

འདི་ལ་ཉེས་པ་མེད་དེ་དབང་པོ་ནི་རང་གི་སར་གཏོགས་པ་རྣམས་དང་སློབ་པ་རྣམས་ཀྱིའོ། །གང་ཟག་སྨོས་པ་ནི་སར་མ་གཏོགས་པ་དང་། འདས་པ་དང་མ་འོངས་པ་ཡང་སྟོན་ཏོ། །ཉན་ཐོས་ཀྱིས་ནི་མཐོང་བའི་ལམ་ལས་སྐད་ཅིག་གཉིས་ཤེས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་

དང་། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའོ། །ཅིའི་ཕྱིར་དེ་ལྟར་ཞེ་ན། མཐོང་བའི་ལམ་ཤིན་དུ་མགྱོགས་པར་འགྲོ་བའི་ཕྱིར་ཏེ། ཇི་ཙམ་དུ་དུས་གཞན་དུ་སྦྱོར་བ་རྩོམ་པ་དེ་ཙམ་དུ་དེའི་སྐད་ཅིག་དེ་རྙེད་འདའོ། །རང་སངས་རྒྱས་ཀྱིས་ནི་སྐད་ཅིག་གསུམ་ཤེས་ཏེ། གསུམ་

པ་ནི་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་གོ། །བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མ་མཛད་པར་ཡང་སྐད་ཅིག་ཐམས་ཅད་མཁྱེན་ཏོ། །མཐོང་བའི་ལམ་ལ་གནས་པ་འདི་ནི་བསྟན་བཅོས་ལས་མཚན་མ་མེད་པར་གནས་པ་ཞེས་བསྟན་ཏོ། །ཡང་ན་གང་ཟག་སྨོས་པ་ཉིད་ཀྱིས་

དབང་པོ་ཐ་དད་པ་སྤྲོས་ཏེ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་ལྷ་རྣམས་ཀྱིས་དགེ་སློང་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་སོ་ཞེས་སྨྲས་པའི་མདོའི་ཚིག་འདི་ཇི་ལྟར་སྦྱར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དགའ་བར་བྱ་བའི་ཕྱིར་བྱས་སོ་ཞེའོ། །འོ་ན་གང་

རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལ་ཟས་སྦྱིན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཁ་ཟས་བྱིན་པ་ལ་ཟས་ཀྱི་སྒྲར་བསྟན་ཏོ། །ཀུན་རྫོབ་ཤེས་པ་གང་ཞེ་ན། ལན་བཏབ་པ། ཤེས་རབ་ཟག་པ་དང་བཅས་པ་སྟེ་ཞེས་བྱ་བ་སྟེ། རང་བཞིན་བསྟན་པའོ། །ཀུན་

རྫོབ་ནི་སྒྲིབ་པ་སྟེ་ཤེས་པ་སྒྲིབ་པའོ། །མ་རིག་པ་མ་སྤངས་པའི་ཕྱིར་ཏེ་རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་གཉིས་ཀྱིས་རྣམ་པར་མ་གྲོལ་བའི་ཕྱིར་རོ། །ཡང་ན་ཀུན་རྫོབ་ནི་ཐ་སྙད་དེ་དེར་ལྟུང་བའི་ཤེས་པ་ནི་ཀུན་རྫོབ་ཤེས་པའོ། །གཞན་ན་རེ་རྒྱུན་གྱི་ཤེས་པའོ་ཞེའོ། །ཀུན་རྫོབ་ནི་ཕལ་ཆེར་བུམ་

Vol. 147 · folio 272b

པ་དང་། སྣམ་བུ་ལ་སོགས་པ་ཞེས་བྱ་བ་ལ། ཕལ་ཆེར་ཞེས་བྱ་བ་སྨོས་པས་ལྷག་པར་བསྟན་པའི་ཕྱིར་རོ། །ཤེས་པ་འདི་རེས་འགའ་ནི་དོན་དམ་པ་ལའང་འཇུག་སྟེ། ཇི་ལྟར་ཆོས་ཐམས་ཅད་བདག་མེད་པ་ལྟ་བུའོ། །ཤེས་པ་ནི་ཟག་པ་དང་བཅས་པ་སྟེ། འཇིག་རྟེན་ལས་འདས་པ་ནི་གཉེན་

པོར་གྱུར་པའི་ཕྱིར་དམིགས་པ་ཡོངས་སུ་གཅོད་པ་ཉིད་དོ། །རང་བཞིན་དང་ལྷན་ཅིག་འབྱུང་བ་མ་གཏོགས་པར་ཆོས་ཐམས་ཅད་ནི་རང་བཞིན་གྱི་དམིགས་པ་ཡིན་ནོ། །སེམས་ཀྱི་སྐད་ཅིག་དེ་ནི་གཞན་གྱིའོ། །དེ་ལ་རང་བཞིན་ནི་མི་ཤེས་ཏེ་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གང་དག་མར་

མེའི་དཔེས་རང་མྱོང་བ་བརྗོད་པ་དེ་དག་གི་ལྟར་ན་མར་མེ་ནི་སྣང་བར་བྱ་བ་ཡིན་གྱི། སྣང་བར་བྱེད་པ་མ་ཡིན་པར་འགྱུར་རོ། །རས་དང་མར་མེ་མ་གཏོགས་པར་སྣང་བར་བྱ་བ་རྫས་གཞན་ནི་མེད་དོ། །ཚོར་བ་ལ་སོགས་པ་ལ་ཡང་ཤེས་ཏེ་ཧ་ཅང་ཉེ་བའི་ཕྱིར་རོ། །ཡང་དམིགས་པ་མཚུངས་པ་ཉིད་ཉམས་

པར་འགྱུར་རོ། །བདག་མེད་པའི་རྣམ་པར་ཞུགས་པ་ཡིན་ན་ཅིའི་ཕྱིར་དོན་དམ་པ་ཤེས་པར་མི་འགྱུར། གར་མཁན་གྱིས་ཤིན་ཏུ་བསླབས་ཀྱང་རྒྱལ་པོའི་རོལ་པ་དང་འདྲ་བར་མི་ནུས་པ་ལྟར་དེ་ལྟར་གྱུར་པ་ལ་ཡང་ཤིན་ཏུ་གནས་པ་མ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པ་དེ་ཡང་ཉོན་མོངས་པ་ཅན་དང་

ཉོན་མོངས་པ་ཅན་མ་ཡིན་པའོ། །ཉོན་མོངས་པ་ཅན་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལྟ་བའི་བདག་ཉིད་ནི་ལྟ་བའི་རང་བཞིན་ནོ། །ལྟ་བ་ལྔ་པོ་རྣམས་ནི་ཇི་སྐད་དུ་བསྟན་པ་རྣམས་སོ། །ལྟ་བའི་བདག་ཉིད་མ་ཡིན་པ་ནི་ལྟ་བའི་རང་བཞིན་མ་ཡིན་པ་སྟེ། ཐེ་ཚོམ་ལ་སོགས་

པའི་ཚོགས་དང་ལྡན་པའོ། །དེ་ནི་ཤེས་རབ་ཉིད་ཡིན་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས་སོ། །ཉོན་མོངས་པ་ཅན་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་སྟེ། དེ་ནི་ཡོངས་སུ་ཚོལ་བའི་

བསམ་པ་མ་ཡིན་པ་དང་། ཕྱི་རོལ་དུ་བལྟས་པའི་རྣམ་པའི་ཕྱིར་ལྟ་བ་མ་ཡིན་ནོ། །དགེ་བ་ནི་གང་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་རྒྱུ་བ་སྟེ། དེ་ནི་ཤེས་རབ་ཉིད་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །མ་ཆགས་པ་དང་ཞེ་སྡང་མེད་པ་དང་ལྡན་པའི་ཕྱིར་རོ། །ཡིད་ཀྱིས་གང་ཡིན་པ་དེ་ནི་

Vol. 147 · folio 273a

འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ། །དེ་ཡང་མཉམ་པར་གཞག་པ་དང་། མཉམ་པར་མ་གཞག་པའོ། །མཉམ་པར་མ་གཞག་པ་ནི་རྣམ་པ་གསུམ་སྟེ། སྐྱེ་བས་འཐོབ་པ་དང་། ཐོས་པ་དང་། བསམ་པ་ལས་བྱུང་བའོ། །དེ་ལ་ཐོས་པ་ལས་བྱུང་བའི་ཤེས་པ་

ནི་མིང་ལ་དམིགས་པའོ། །བསམ་པ་ལས་བྱུང་བ་ནི་མིང་དང་དོན་ལ་དམིགས་པ་སྟེ། དཔེར་ན་རྐྱལ་མ་བསླབས་པ་དང་། ཅུང་ཟད་བསླབས་པ་ལྟ་བུ་སྟེ་གོ་རིམས་བཞིན་ནོ། །དེ་ལ་སྐྱེས་པས་ཐོབ་པ་ནི་ཁམས་གསུམ་ཆར་ནའོ། །ཐོས་པ་ལས་བྱུང་བ་ནི་བསམ་གཏན་དང་པོ་དང་། འདོད་

པའི་ཁམས་ནའོ། །གོང་མ་ན་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་པའི་ཕྱིར་མི་དགེ་བ་མེད་དོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་མི་དག་གོ། །བསམ་པ་ལས་བྱུང་བ་ནི་འདོད་པའི་ཁམས་ཉིད་ནའོ། །དེ་དག་ནི་གང་གི་ཚེ་བསམ་པར་རྩོམ་པ་དེའི་ཚེ་དེ་དག་གི་བསྒོམ་པ་འགྲུབ་

བོ། །མཉམ་པར་གཞག་པའི་ཤེས་པ་ནི་དོན་ལ་དམིགས་པ་ཉིད་དོ། །དེ་ནི་རྣམ་པ་བཞི་སྟེ། ཉམས་པར་འགྱུར་བའི་ཆ་དང་མཐུན་པ་ནི་ཉོན་མོངས་པ་འབྱུང་བ་དང་མཐུན་པའོ། །གནས་པའི་ཆ་དང་མཐུན་པ་ནི་དགེ་བ་དང་མཐུན་པའོ། །ཁྱད་པར་དུ་འགྱུར་བའི་ཆ་དང་མཐུན་པ་ནི་ངེས་

པར་འབྱེད་པའི་ཆ་དང་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཟག་པ་མེད་པ་དང་མཐུན་པའོ། །གཟུགས་ན་སྤྱོད་པ་ནི་ཕུང་པོ་ལྔའི་རང་བཞིན་ཏེ། རྗེས་སུ་འབྲང་བའི་གཟུགས་ཡོད་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་ནི་ཕུང་པོ་བཞིའི་རང་བཞིན་ཏེ་གཟུགས་ཀྱི་འདུ་ཤེས་

དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ཀུན་རྫོབ་ཤེས་པ་གནས་འདིར་བརྗོད་ཅེ་ན། འཕགས་པའི་ལམ་གྱི་སྒོ་རྣམ་པར་དཔྱད་པ་དང་། འཕགས་པའི་ལམ་གྱི་འཁོར་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་ནི་བདེན་པ་གསུམ་གྱི་མཐའ་

ལས་རྙེད་པ་སྟེ་མི་སྐྱེ་བའི་ཆོས་ཅན་ནོ་ཞེས་འབྱུང་བ་ལྟ་བུའོ། །ལམ་གྱི་བདེན་པ་ལ་ནི་མེད་དེ་མཐའ་དག་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་ཤེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འབྲས་བུར་གྱུར་པ་ད་ལྟར་བྱུང་བ་རྣམས་ལའོ། །ཉེ་བར་ལེན་པའི་ཁ་ན་ལས་པའི་ཕུང་པོ་རྣམས་

Vol. 147 · folio 273b

ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་ལ་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་དགྲ་བཅོམ་པ་མཉམ་པར་མ་གཞག་པའི་ཕུང་པོ་རྣམས་ཉེ་བར་ལེན་པའི་ཁ་ན་ལས་པ་མ་ཡིན་པར་འགྱུར་རོ། །འདི་ལ་ཉེས་པ་མེད་དོ། །དེ་དག་ཀྱང་ཉེ་བར་ལེན་

པའི་ཁ་ན་ལས་པ་ཡིན་ཏེ། ཉོན་མོངས་པའི་དབང་གིས་འཕངས་པའི་ལས་དེའི་ཁ་ན་ལས་པའི་ཕྱིར་རོ། །དཔེར་ན་དགྲ་བཅོམ་པ་ལ་སྔོན་གྱི་ལས་ཀྱིས་འཕངས་པ་ཡོད་པས་བསད་པ་ལྟ་བུའོ། །རྣམ་པ་དེས་ན་དེ་ལས་བྱུང་བར་བརྗོད་པར་ནུས་ཏེ། ཇི་སྐད་དུ། ཇི་ལྟར་སྲེད་པ་དང་མ་རིག་པ་གཉིས་ཀྱིས་

བྱིས་པའི་ལུས་ཡང་དག་པར་ཐོབ་པ་ལྟར་མཁས་པའི་ཡང་དེ་བཞིན་ནོ་ཞེས་བསྟན་པ་ལྟ་བུའོ། །ཡང་ན་དེ་དག་ཡོད་པས་ཉེ་བར་ལེན་པ་འབྱུང་བར་འགྱུར་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལྟ་བུའོ། །གཞན་གྱི་རྒྱུད་ཀྱི་ཉེ་བར་ལེན་པ་བསྐྱེད་པའི་ཕྱིར་རོ། །མི་རྟག་པ་ནི་འབྱུང་བ་དང་འཇིག་པའི་

ཆོས་ཅན་གྱི་ཕྱིར་མི་རྟག་པར་མཐོང་ངོ་། །གནོད་པའི་བདག་ཉིད་ཀྱི་ཕྱིར་སྡུག་བསྔལ་དུ་མཐོང་ངོ་། །སྡུག་བསྔལ་གྱི་བདག་ཉིད་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་གསུམ་ཡོད་པའི་ཕྱིར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་འདོད་པའི་ཁམས་ནའོ། །འགྱུར་བའི་སྡུག་བསྔལ་ནི་གཟུགས་ཀྱི་ཁམས་

ནའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་གཟུགས་མེད་པའི་ཁམས་ནའོ། །དེ་བཞིན་དུ་ཡིད་དུ་འོང་བ་ལ་སོགས་པ་ཡང་ཅི་རིགས་སུ་རང་གི་ཁམས་སུ་བརྗོད་པར་བྱའོ། །ནང་ན་བྱེད་པའི་སྐྱེས་བུ་མེད་པའི་ཕྱིར་བདག་མེད་པར་མཐོང་ངོ་། །བདག་གི་བ་མེད་པའི་ཕྱིར་སྟོང་པར་མཐོང་ངོ་། །ཁ་ཅིག་ན་རེ་བདག་

མེད་པ་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ་ཞེས་འཛེར་ཏེ། ཆོས་ལ་བདག་མེད་པ་དེ་ནི་མདོ་སྡེ་དང་འགལ་ལོ། །ཀུན་དགའ་བོ་རི་དགས་འཛིན་གྱི་མའི་ཁང་བཟངས་འདི་ནི་གླང་པོ་དང་རྟ་དང་བ་ལང་དང་ལུག་དང་ཕག་གིས་སྟོང་ངོ་། །འདི་ནི་མི་སྟོང་བ་

ཡང་ཡོད་དེ། འདི་ལྟར་དགེ་སློང་གི་དགེ་འདུན་གྱིས་སོ། །ཀུན་དགའ་བོ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ནི་བདག་དང་བདག་གིས་སྟོང་ངོ་། །གང་འདི་ནི་ལྷག་མ་ཡོད་པ་དེ་ནི་འདིར་ཡོད་པའོ་ཞེས་གསུངས་པའི་ཕྱིར་རོ། །ཇི་སྟེ་སྟོང་པ་ཉིད་རྣམ་པ་བཅུ་དྲུག་ཅེ་ན། དེ་ནི་སྟོང་པ་ཉིད་ཅེས་བྱ་བ་དང་

Vol. 147 · folio 274a

རྣམ་པ་ཞེས་བྱ་བ་དེ་སྔ་ཕྱི་འགལ་ལོ། །མི་རྟག་པ་ལ་སོགས་པར་བཤད་བཞིན་དུ་ཅིའི་ཕྱིར་སྡུག་བསྔལ་ཉིད་དུ་བརྗོད་ཅེ་ན། སྐྱོ་བ་བསྐྱེད་པའི་ཕྱིར་རོ། །དཔལ་འཛིན་གྱིས་བདེ་བར་ཚོར་བ་མེད་དེ། གང་ཅི་ཚོར་ཡང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བཤད་པའི་

ཕྱིར་རོ། །དེའི་དོན་ནི་གཏན་ལ་དབབ་པའི་ཕྱིར། རང་བཞིན་སྡུག་བསྔལ་བར་ཁས་བླང་བར་མི་བྱ་སྟེ། ཀུན་དགའ་བོ་དེ་ནི་ངས་འདུ་བྱེད་མི་རྟག་པ་དང་། འགྱུར་བ་མི་རྟག་པ་ལ་དགོངས་ཏེ་བསྟན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །འདུ་བྱེད་རྣམས་དང་འགྱུར་བ་དག །མི་རྟག་པར་ནི་མཁྱེན་

ནས་སུ། །རབ་མཁྱེན་རྫོགས་པའི་སངས་རྒྱས་ཀྱིས། །ཚོར་བ་སྡུག་བསྔལ་རབ་ཏུ་གསུངས། །ཞེས་འབྱུང་ངོ་། །ཀུན་འབྱུང་བ་ཤེས་པ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་དང་ལྷན་ཅིག་རྒྱུ་བ་དེ་དག་ཉིད་འདྲེས་པ་རྣམས་ལ་སྟེ། འདི་ལྟར་ལས་དང་

ཉོན་མོངས་པ་གཉིས་ལས་སྲིད་པ་འབྱུང་བའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པ་ནི་ཤུན་པ་ལྟ་བུའོ། །ལས་ནི་འབྲས་བུ་ལྟ་བུ་སྟེ། དཔེར་ན་འབྲས་ཤུན་པ་དང་ལྡན་ན་མྱུ་གུ་འབྱིན་པ་དེ་བཞིན་དུ་ཉོན་མོངས་པ་དང་ལྡན་པ་ལས་སྲིད་པའི་མྱུ་གུ་འབྱིན་ནོ། །རྒྱུ་མེད་པར་སྨྲ་བ་རྣམ་པ་གཉིས་ཏེ།

ཁ་ཅིག་ནི་ཐམས་ཅད་རྒྱུ་མེད་པར་ཁོང་དུ་ཆུད་དེ། འདི་ལྟ་སྟེ་མེད་པ་པ་རྣམས་སོ། །ཁ་ཅིག་ནི་ལ་ལ་རྒྱུ་ཡོད་ལ། ལ་ལ་མེད་པར་ཏེ། འདི་ལྟ་སྟེ་ཚངས་པ་ཆེན་པོ་ནི་རྒྱུ་མེད་པའོ། །གང་དེས་སྤྲུལ་པ་དེ་དག་ནི་རྒྱུ་དང་བཅས་པའོ། །དེ་བཞིན་དུ་བྱེད་པ་མེད་པར་སྨྲ་བའང་རྣམ་པ་གཉིས་ཏེ།

ཁ་ཅིག་ན་རེ་ལ་ལ་ནི་བྱེད་པ་དང་བཅས་པ། ལ་ལ་ནི་བྱེད་པ་མེད་པ་སྟེ། འདི་ལྟ་སྟེ་དབང་ཕྱུག་ནི་སྡིག་པ་གང་གིས་ཀྱང་མི་གོས་སོ། །གཞན་དག་ནི་སྡིག་པ་དང་ལྡན་ནོ་ཞེའོ། །དེའི་ཕྱིར་དེ་དག་གི་གཉེན་པོར་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པའོ། །

ཡང་ན་གང་འཕེན་པར་བྱེད་པ་ལས་དང་ཉོན་མོངས་པ་ལྷན་ཅིག་རྒྱུ་བ་དེ་ནི་རྒྱུ་དང་ཀུན་འབྱུང་བ་ཞེས་བྱའོ། །གང་སྐྱེད་པ་དེ་ནི་རབ་ཏུ་སྐྱེ་བ་དང་རྐྱེན་ཞེས་བྱའོ། །དེ་བཞིན་དུ་སངས་རྒྱས་པ་རྣམས་ལ་འགོག་པ་མེད་དོ་ཞེས་སྙམ་པ་དེའི་གཉེན་པོར་འགོག་པ་ལ་འགོག་པའོ། །དབང་པོ་གཅིག་འགག་ན་ཡང་

Vol. 147 · folio 274b

སྡུག་བསྔལ་ན་དབང་པོ་ཐམས་ཅད་འགག་པ་ལྟ་ཅི་སྨོས་སྙམ་པ་དེའི་གཉེན་པོར་ཞི་བ་སྟེ། མེ་གསུམ་ཤི་བའི་ཕྱིར་རོ། །རྟག་ཏུ་དགེ་བའི་ཕྱིར་གྱ་ནོམ་པའོ། །སྡུག་བསྔལ་ཐམས་ཅད་མེད་པའི་ཕྱིར་ངེས་པར་འབྱུང་བ་སྟེ། དེ་དང་ལྡན་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་རོ། །

ཡོངས་སུ་མྱ་ངན་ལས་འདས་པའི་དུས་ནི་ལམ་ཡང་གཟིངས་དང་འདྲ་བར་འདོར་རོ། །ཤེས་པ་རྣམ་པ་དེ་ལྟ་བུ་ནི་འགོག་པ་ཞེས་བྱའོ། །སངས་རྒྱས་པ་རྣམས་ལ་ལམ་མེད་དོ་སྙམ་པ་དེའི་གཉེན་པོར་ལམ་ལ་ལམ་མོ། །ལམ་ན་རིགས་པ་མ་ཡིན་ཏེ། འདི་ལྟར་མི་གཙང་བ་ཉོན་མོངས་པ་དེ་དག་

ལམ་གྱིས་གཞིག་པའི་ཕྱིར་ཏེ། དཔེར་ན་སྤྱད་གང་གིས་རྨ་དྲལ་བ་དེ་ཡང་མི་གཙང་བས་སྦགས་པ་བཞིན་ནོ་སྙམ་པའི་གཉེན་པོར་རིགས་པའོ། །འདི་ལྟར་ལམ་སྐྱེ་བར་མངོན་དུ་གྱུར་པ་ན་ཉོན་མོངས་པའི་རྙེད་པ་འགག་པར་མངོན་དུ་འགྱུར་ཏེ། དཔེར་ན་མར་མེ་བྱུང་བ་མངོན་དུ་གྱུར་པ་ན་མུན་པ་

འགག་པར་མངོན་དུ་འགྱུར་བ་ལྟ་བུའོ། །གལ་ཏེ་མུན་པ་དང་མར་མེ་གཉིས་སྐད་ཅིག་གཅིག་གི་བར་དུ་ལྷན་ཅིག་གནས་པར་གྱུར་ན་ནི་སྐད་ཅིག་བརྒྱར་ཡང་གནས་པར་འགྱུར་རོ། །སྒྲུབ་པ་ནི་ཡང་དག་པར་བསྒྲུབ་པའི་ཕྱིར་རོ། །ཇི་ལྟར་ན་ཡང་དག་པར་སྒྲུབ་པ་འཕགས་པའི་ལམ་ཡིན་

ཞེ་ན། གནས་མ་ཡིན་ཏེ་གོ་སྐབས་མེད་དོ། །གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་ཆེད་དུ་བསམས་ཏེ། བསླབ་པ་ལས་འདའ་བ་དང་། ངན་སོང་དུ་འགྲོ་བ་དང་། མ་ནིང་དུ་འགྱུར་བ་ནས་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པའི་བར་དུ་གནས་མེད་དོ་ཞེས་འབྱུང་བ་ལྟ་བུའོ། །

འདིས་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ངེས་པར་འབྱུང་བར་འགྱུར་བས་ངེས་པར་འབྱིན་པ་སྟེ། ཤེས་པ་རྣམ་པ་དེ་ལྟ་བུ་ཟག་པ་མེད་པ་དེ་ནི་ལམ་ཤེས་པའོ། །དེ་ལ་ཤེས་རབ་ནི་རྟོག་པ་དང་། བརྟག་པར་བྱ་བ་དང་། རྣམ་པ་དང་བཅས་པའོ། །དེ་ལྟར་ཤེས་རབ་

རྣམ་པ་དང་བཅས་པར་འགྱུར་ཏེ། ཤེས་རབ་གཞན་དང་ལྡན་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཡུལ་ལ་འཛིན་པར་ཞུགས་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ནི་རྣམ་པ་དང་བཅས་པ་དང་། རྟག་པར་བྱ་བ་ཡིན་གྱི་རྟོག་པ་ནི་མ་ཡིན་ཏེ། ཚོར་བ་ལ་སོགས་པ་མུན་པ་དང་མཚུངས་

Vol. 147 · folio 275a

པའི་ཕྱིར་རོ། །གཟུགས་དང་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་བརྟག་པར་བྱ་བ་ཉིད་དོ། །དེ་བས་ན་ཤེས་རབ་ནི་མངོན་པར་རྟོགས་པ་དང་རྣམ་པ་གསུམ་སྟེ། མཐོང་བ་མངོན་པར་རྟོགས་པ་དང་། དམིགས་པ་མངོན་པར་རྟོགས་པ་དང་། བྱེད་པ་མངོན་པར་

རྟོགས་པའོ། །དེ་དང་ལྡན་པ་རྣམས་ནི་དམིགས་པ་མངོན་པར་རྟོགས་པ་དང་། བྱེད་པ་མངོན་པར་རྟོགས་པ་སྟེ། དེ་དང་མི་ལྡན་པ་རྣམས་ནི་བྱེད་པ་མངོན་པར་རྟོགས་པ་ཉིད་དོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནི། མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པར་རོ། །

བདག་གིས་ཞེས་བྱ་བ་ནི་རྗེས་སུ་ཐ་སྙད་བཏགས་པའི་ཕྱིར་རོ། །སྟོང་པ་དང་བདག་མེད་པའི་རྣམ་པ་མ་ཡིན་ནོ། །ཀུན་འབྱུང་བ་སྤངས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྣམ་པ་བཞི་པོ་དག་གིས་སོ། །འགོག་པ་དང་ལམ་ལ་ཡང་དེ་བཞིན་ནོ། །དེ་ལྟར་རྣམ་པ་བཅུ་བཞི་ནི་ཟད་པ་ཤེས་པ་ཡིན་ཏེ། ཟད་པ་

ལ་ཟད་པར་ཤེས་པས་ཟད་པ་ཤེས་པའོ། །མི་སྐྱེ་བ་ཤེས་པ་ཡང་དེ་བཞིན་ནོ། །བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཡོངས་སུ་ཤེས་པར་བྱ་བ་མེད་དོ། །དེ་བཞིན་དུ་ཡང་བསྒོམ་པར་བྱ་བ་མེད་དོ་ཞེས་བྱ་བའི་བར་དུའོ། །ཤེས་པ་འདི་དག་ཉིད་ནི་ལྟ་བའི་རང་བཞིན་མ་ཡིན་ཏེ།

ཡོངས་སུ་ཚོལ་བའི་བསམ་པ་མ་ཡིན་པའི་ཕྱིར་རོ། །ཤེས་པ་ལྷག་མ་བརྒྱད་ནི་ལྟ་བའི་རང་བཞིན་ཡིན་ནོ། །ཤེས་པ་ཡིན་ལ་ལྟ་བ་མ་ཡིན་པ་ཡང་ཡོད་དེ། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཐེ་ཚོམ་ལ་སོགས་པའི་ཚོགས་དང་ལྡན་པའི་ཤེས་རབ་པོ། །ལྟ་བ་ཡིན་ལ་

ཤེས་པ་མ་ཡིན་པ་ཡང་ཡོད་དེ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་བཟོད་པ་རྣམས་སོ། །ལྟ་བ་ཡང་ཡིན་ལ་ཤེས་པ་ཡིན་པ་ཡང་ཡོད་དེ། དེ་ཤེས་རབ་བདུན་དང་ཀུན་རྫོབ་ཤེས་པའི་ཕྱོགས་ཏེ། ལྟ་བ་ལྔའི་རང་བཞིན་ནོ། །ལྟ་བ་ཡང་མ་ཡིན་ཤེས་པ་ཡང་མ་ཡིན་པ་

ཡང་ཡོད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་མི་ལྡན་པའི་འདུ་བྱེད་རྣམས་སོ། །ཟད་པ་མེད་པའི་ཤེས་པ་འདི་དག་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། གཟུགས་མེད་པ་གསུམ་པོ་དག་ན་དབང་པོ་རྟུལ་པོ་ནི་དཀའ་ལ་མངོན་པར་ཤེས་པ་

Vol. 147 · folio 275b

བུལ་བའི་ལམ་མོ། །དབང་པོ་རྣོན་པོ་ནི་དཀའ་ལ་མངོན་པར་ཤེས་པ་མྱུར་བའི་ལམ་མོ། །ཅིའི་ཕྱིར་ཞེ་ན། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ནི་ཤེས་རབ་ཀྱི་ཤས་ཆེ་ལ་ཞི་གནས་ཆུང་ངོ་། །གཟུགས་མེད་པ་གསུམ་ནི་ཞི་གནས་ཀྱི་ཤས་ཆེ་ལ་ཤེས་རབ་ཆུང་ངོ་། །དངོས་གཞི་

བསམ་གཏན་བཞི་པོ་དག་ལ་དབང་པོ་རྟུལ་པོ་ནི་སླ་ལ་མངོན་པར་ཤེས་པ་བུལ་བའི་ལམ་མོ། །དབང་པོ་རྣོན་པོ་སླ་ལ་མངོན་པར་ཤེས་པ་མྱུར་བའི་ལམ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ཕྱིར་རོ། །དངོས་གཞི་བསམ་གཏན་གྱིས་བསྡུས་པའི་ལམ་ནི་སླ་བའི་སྒྲར་བསྟན་ཏོ། །

དབང་པོ་བྱེ་བྲག་གིས་ནི་བུལ་བ་དང་མགྱོགས་པའི་སྒྲ་སྨོས་སོ། །ཀུན་རྫོབ་ཤེས་པ་འཁོར་བའི་མཐར་ལྷུང་བའི་ཕྱིར་གཅིག་ཏུ་ཟག་པ་དང་བཅས་པའོ། །ཕ་རོལ་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྟེ། ཀུན་རྫོབ་ཤེས་པའི་རང་བཞིན་གང་ཡིན་པ་དེ་ནི་ཟག་པ་དང་བཅས་

པའོ། །ཆོས་དང་རྗེས་སུ་རྟོགས་པའི་ཤེས་པའི་རང་བཞིན་གང་ཡིན་པ་དེ་ནི་ཟག་པ་མེད་པའོ། །ལྷག་མ་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་

དང་། མི་སྐྱེ་བ་ཤེས་པ་རྣམས་ནི་ཟག་པ་མེད་པ་ཉིད་དོ། །ཕ་རོལ་གྱི་སེམས་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ལམ་ཤེས་པ་རྣམས་ནི་འདུས་བྱས་ལ་དམིགས་པའོ། །འགོག་པ་ཤེས་པ་ནི་འདུས་མ་བྱས་ལ་དམིགས་པ་སྟེ། འགོག་པ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །

ལྷག་མ་ནི་གཉིས་ལ་དམིགས་པའོ། །སྡུག་བསྔལ་དང་། ཀུན་འབྱུང་བའི་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་དང་བཅས་པའོ། །སྤྱོད་ཡུལ་ནི་དམིགས་པ་ལ་བྱའོ། །འགོག་པ་དང་ལམ་ཤེས་པའི་སྤྱོད་ཡུལ་ནི་ཟག་པ་མེད་པའོ། །ལྷག་མ་རྣམས་ཀྱི་སྤྱོད་ཡུལ་ནི་གཉི་གའོ། །སོ་སོ་བྱེ་བྲག་

ཏུ་འགྱུར་བ་ནི་གཞུང་ལས་འབྱུང་བ་བཞིན་ནོ།། །།ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་བཞི་པ། བཟོད་པ་ནི་བརྒྱད་དེ། བཟོད་པ་ཞེས་བྱ་བའི་སྒྲའི་དོན་ཅི་ཞེ་ན། བདེན་པ་བཞི་ལ་ཆེར་བཟོད་པའི་ཕྱིར་བཟོད་

Vol. 147 · folio 276a

པའོ། །ཤེས་པའི་བྱེ་བྲག་ཉིད་དུ་དེ་ཟག་པ་མེད་པ་བསྟན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་བཟོད་པ་དང་སྦྱར་རོ། །ངེས་པའི་ཤེས་པ་རྣམས་ནི་ཤེས་པ་བརྒྱད་དེ། ཆོས་ཤེས་པ་བཞི་དང་། རྗེས་སུ་རྟོགས་པའི་ཤེས་པ་བཞི་པོ་དེ་དག་གོ། །སྐལ་བ་འདྲ་བའི་རྒྱུར་

གནས་པ་དང་། གནས་ཡིན་པ་དང་། དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར། དེའི་སྐྱེད་པ་སྟེ་འབྱུང་བར་བྱེད་པའོ། །རྣམ་པ་བརྒྱད་པོ་དེ་དག་ནི་ལྟ་བ་ཉིད་དོ་ཤེས་པ་ནི་མ་ཡིན་ནོ། །ངེས་པའི་དོན་ནི་ཤེས་པའི་དོན་ཏོ། །ཡོངས་སུ་ཞེས་བྱ་བ་ནི་ཀུན་ནས་ཏེ། ཀུན་ནས་ཚོལ་ཞེས་བྱ་བའི་ཐ་

ཚིག་གོ། །ཤེས་པ་ནི་ངེས་པར་གནས་པ་ཉིད་དོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ལས་ནི་གསུམ་དུ་བརྗོད་དེ། ཁམས་གསུམ་པའི་རྙེད་པ་རྒྱུན་འཆད་པའི་ཕྱིར་མ་འོངས་པའི་སོ་སོའི་སྐྱེ་བོ་ཉིད་སྤོང་ངོ་། །ལོག་པ་ཉིད་སྤོང་སྟེ་ལོག་པ་ཉིད་ཀྱང་རྣམ་པ་གསུམ་སྟེ། འགྲོ་

བ་ལོག་པ་ཉིད་དང་། ལས་ལོག་པ་ཉིད་དང་། ལྟ་བ་ལོག་པ་ཉིད་དོ། །མི་འགྲོ་བ་དང་། མི་བྱེད་པ་དང་། ཀུན་འབྱུང་བ་མེད་པའི་ཕྱིར་དེ་གསུམ་འཇིག་རྟེན་པའི་བཟོད་པ་ཉིད་ཀྱིས་རྒྱང་བསྲིང་མི་ཟིན་ཏམ། དེ་ལྟ་ཡིན་ཡང་གནས་གསལ་བས་ཤིན་ཏུ་རྒྱང་རིང་དུ་བྱེད་པའི་ཕྱིར་དེའི་ཚེ་སྤོང་ཞེས་

བསྟན་ཏོ། །དེ་ལྟར་འབྱུང་བ་ནི་མི་སྐྱེ་བ་ཤེས་པའི་བར་དག་དང་། སྐལ་བ་འདྲ་བའི་རྒྱུ་ཉིད་དུ་གནས་སོ། །འགག་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུའི་རྙེད་པ་ནས་བཟུང་སྟེ་འགག་གོ། །མི་རྟག་པའི་རྣམ་པར་མཐོང་བས་སྐྱེའོ། །རྣལ་འབྱོར་པ་དེ་དག་ནི་རྣམ་

པ་གཉིས་ཏེ། འདོད་ཆགས་སྤྱོད་པ་དང་ལྟ་བ་སྤྱོད་པའོ། །འདོད་ཆགས་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱིས་ནོན་པ་དང་། ལེ་ལོ་ལ་མངོན་པར་ཞེན་པའོ། །ལྟ་བ་ལ་སྤྱོད་པ་ཡང་རྣམ་པ་གཉིས་ཏེ། བདག་དང་། བདག་གིར་འཛིན་པ་ལ་མངོན་པར་ཞེན་པའོ། །

དེ་ལ་ངའོ་སྙམ་པའི་ང་རྒྱལ་གྱིས་ནོན་པ་ནི་མི་རྟག་པ་ཉིད་ཀྱིས་སྡུག་བསྔལ་གྱི་བདེན་པ་མཐོང་ངོ་། །ལེ་ལོ་ལ་མངོན་པར་ཞེན་པ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་གྱི་བདེན་པ་མཐོང་ངོ་། །བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་ནི་བདག་མེད་པས་སོ། །བདག་གིར་འཛིན་པ་ལ་མངོན་པར་

Vol. 147 · folio 276b

ཞེན་པ་ནི་སྟོང་པས་སོ། །བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྤྱོད་དོ། །དེ་ལྟ་མོད་ཀྱི་སྟོང་པ་ཉིད་དུ་སྟེ། དབང་པོ་རྣོ་བའི་ཕྱིར་རོ། །དེ་ལ་ད་ལྟར་བྱུང་བའི་རྣམ་པ་ནི་བསྒོམ་པ་རྣམ་པ་གཉིས་ཀྱིས་ཏེ། ཐོབ་པ་དང་ངེས་པར་རྟེན་པའི་བསྒོམ་པས་སོ། །མ་འོངས་པའི་བཞི་ནི་ཐོབ་པ་བསྒོམ་པ་དག་ཉིད་ཀྱིས་

སོ། །རྣམ་པ་ཐམས་ཅད་ནི་སྐལ་བ་འདྲ་སྟེ། རིགས་རྣམས་མ་ཐོབ་པའི་ཕྱིར་རོ། །ཆོས་ཤེས་པ་ཡང་དེ་དག་གི་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱི་མྱ་ངན་ལས་འདས་པའི་རྙེད་པ་སྟེ། མྱ་ངན་ལས་འདས་པ་ནི་བྲལ་བའི་མཚན་ཉིད་དོ། །བཟོད་པ་ནི་འདིར་བར་ཆད་

མེད་པའི་ལམ་མོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་མཐོང་བའི་ལམ་དང་སྦྱར་ཏེ། འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་བཟོད་པ་དག་གིས་སྤོང་ངོ་། །བསྟན་བཅོས་ལས་ཀུན་དུ་སྦྱོར་བའི་རིས་དགུ་སྟེ། ཀུན་དུ་སྦྱོར་བའི་རིས་ནི་སྡུག་བསྔལ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་།

སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པས་སྤང་བར་བྱའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་གཉིས་གཉིས་དང་། བསྒོམ་པས་སྤང་བར་བྱའོ་ཞེས་འབྱུང་ན་བསྟན་བཅོས་དང་མི་འགལ་ལམ། འདི་ལ་ཉེས་པ་མེད་དེ། བཟོད་པ་རྣམས་ནི་ཤེས་པའི་

འཁོར་ཡིན་པའི་ཕྱིར་ཏེ། དཔེར་ན་དམག་མིས་རྒྱལ་ན་རྒྱལ་པོ་རྒྱལ་ལོ་ཞེས་རྒྱལ་པོ་ལ་འདོགས་པ་དང་འདྲའོ། །དོན་དེ་དཔེས་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་མི་གཅིག་གིས་རྐུན་པོ་བཟུང་ནས་ཕྱུང་བ་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡང་ཉོན་མོངས་པའི་རྐུན་པོ་རྙེད་པ་ནས་བཟུང་

སྟེ་འགོག་གོ། །དཔེར་ན་མི་ཅིག་ཤོས་ཀྱིས་སྒོ་བཅད་པ་དེ་བཞིན་དུ། ཆོས་ཤེས་པ་ལ་ཡང་བྲལ་བའི་རྙེད་པ་ཐོབ་པས་སྤངས་པ་རྣམས་དེའི་རྒྱུད་ལ་ཡང་ཤིན་ཏུ་མི་འབྱུང་བའི་ཕྱིར་གཏན་པ་བཞིན་དུ་གནས་སོ། །དེ་བཞིན་དུ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་སྐྱེས་ནས་གཟུགས་དང་གཟུགས་

མེད་པ་དང་ལྡན་པའི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅོ་བརྒྱད་ཀྱི་རྙེད་པ་ནས་བཟུང་སྟེ་འགག་གོ། །མཉམ་པར་གཞག་པའི་ས་ཡིན་པ་དང་། དེའི་ས་པ་ཡིན་པའི་ཕྱིར་རོ། །ས་གོང་མའི་ཉོན་མོངས་པ་དག་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གཅིག་པུས་སེལ་བ་ལྟར་

Vol. 147 · folio 277a

རྗེས་སུ་རྟོགས་པའི་ཤེས་པས་ཀྱང་དེ་བཞིན་ཏེ། ཇི་ལྟར་ཆོས་ཤེས་པ་བཞིན་ནོ། །བཞི་པོ་རེ་རེ་དག་གིས་ཞེས་བྱ་བ་ནི་སྐད་གཅིག་གཉིས་ཀྱིས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་། གཉིས་ཀྱིས་ཁམས་གོང་མ་མངོན་པར་རྟོགས་པའོ། །

མངོན་པར་མངོན་དུའོ། །རྟོགས་པའི་དོན་ཐམས་ཅད་ནི་ཤེས་པའི་དོན་དུ་གྲགས་སོ། །དེས་ནི་འདིའི་སྤྱིའི་དོན་ནི་སྡུག་བསྔལ་གྱི་བདེན་པ་མངོན་དུ་ཁོང་དུ་ཆུད་པའོ། །དེ་བཞིན་དུ་ཀུན་འབྱུང་བ་ལ་ཡང་ཆོས་ཤེས་པའི་བཟོད་པ་ཡང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་གྱི་རྙེད་

པ་ནས་བཟུང་སྟེ་འགག་གོ། །ཀུན་འབྱུང་བ་ལ་ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལ་ཡང་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་

འབྱུང་བ་མཐོང་བས་སྤང་བར་བྱ་བ་བཅུ་གཉིས་ཀྱི་རྙེད་པ་ནས་བཟུང་སྟེ་འགག་གོ། །ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་གི་བྲལ་བའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་བཞིན་དུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བདུན་

གྱི་རྙེད་པ་ནས་བཟུང་སྟེ་འགག་གོ། །འགོག་པ་ལ་ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བ་ན་རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་བཞིན་དུ་འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་འགོག་པ་མཐོང་བས་སྤང་བར་བྱ་བ་བཅུ་གཉིས་ཀྱི་རྙེད་པ་ནས་

བཟུང་སྟེ་འགག་གོ། །འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་བཞིན་དུ་ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱད་ཀྱི་རྙེད་པ་ནས་བཟུང་སྟེ་འགག་གོ། །ཆོས་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་

རྙེད་པ་ནས་བཟུང་སྟེ་སྐྱེའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ཡང་ལམ་མཐོང་བས་སྤང་བར་བྱ་བ་བཅུ་བཞི་ནི་ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པའི་རྙེད་པ་ནས་བཟུང་སྟེ་འགག་གོ། །ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་ནི་དེ་དག་ཉིད་ཀྱི་བྲལ་བའི་རྙེད་པ་ནས་

Vol. 147 · folio 277b

བཟུང་སྟེ་སྐྱེའོ། །དེ་ལ་སྐད་ཅིག་བཅོ་ལྔ་ནི་མཐོང་བའི་ལམ་མོ། །ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་ནི་བསྒོམ་པའི་ལམ་གྱིས་བསྡུས་པའོ། །དེ་ལ་རིམ་གྱིས་བསྒྲེས་པའི་སྐད་ཅིག་མ་བཅུ་དྲུག་པ་ནི་རྒྱུན་དུ་ཞུགས་པ་སྟེ། དེ་ལྟར་ཐོགས་ན་སྲིད་པ་བདུན་ཏེ། ལྷའི་ནང་དུ་ལན་བདུན། མིའི་

ནང་དུ་ལན་བདུན་ནོ། །སངས་རྒྱས་འབྱུང་བ་མེད་ན་རང་བྱང་ཆུབ་འཐོབ་པར་འགྱུར་རོ། །དེ་ཉིད་འཇིག་རྟེན་པའི་ལམ་གྱིས་རྣམ་པ་བདུན་ནམ་བརྒྱད་སྤངས་ན་བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་ལམ། གཟུགས་

ཀྱི་འདོད་ཆགས་དང་བྲལ་ལམ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་ན་བདེན་པར་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའོ། །གང་དག་མངོན་པར་རྟོགས་པ་གཅིག་པུར་སྨྲ་བ་དེ་དག་གི་བསམ་པ་བཙལ་བར་བྱ་སྟེ། གལ་ཏེ་འབྲས་བུ་མངོན་པར་རྟོགས་པ་ལས་བསམས་

ནས་སྨྲས་ན་ནི་རིགས་པར་བསམ་པར་བྱ་སྟེ། གང་སྡུག་བསྔལ་མཐོང་ནས་རྙེད་པ་རྒྱུན་འཆད་པ་ནི་ཀུན་འབྱུང་སྤངས་པའོ། །བྲལ་བའི་རྙེད་པ་ཐོབ་པ་ནི་འགོག་པ་མངོན་དུ་བྱེད་པའོ། །ལམ་མངོན་དུ་གྱུར་པ་ནི་ལམ་བསྒོམ་པའོ། །མི་རྟག་པ་ལ་སོགས་པར་མཐོང་བས་སྡུག་བསྔལ་གྱི་བདེན་པ་ཡོངས་

སུ་ཤེས་སོ། །ཇི་སྟེ་མཐོང་བའི་མངོན་པར་རྟོགས་པ་ལ་བྱ་ན་ནི་མི་རིགས་པར་བསམ་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་ཕྱེ་བ་ཁྱིམ་བདག་བདེན་པ་རྣམས་ནི་རིམ་གྱིས་མངོན་པར་རྟོགས་པར་འགྱུར་རོ་ཞེས་གསུངས་ཏེ། ཐེམ་སྐས་ཀྱི་ཐེམ་པའི་དཔེ་བསྟན་པའི་ཕྱིར་རོ། །མཐོང་བའི་ལམ་

འདི་ནི་ཆོས་ཀྱི་འཁོར་ལོ་སྟེ། དེ་ལ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་ནི་ལྟེ་བ་ལྟ་བུ་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུའོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་

དག་པའི་དྲན་པ་ནི་རྩིབས་ལྟ་བུའོ། །ཅིའི་ཕྱིར་འཁོར་ལོ་རིན་པོ་ཆེ་འདིའི་ཆོས་མཐུན་པ་ཡིན་ཞེ་ན། དཔེར་ན་དེ་ནི་ཡུལ་གཞན་འདོར་ཞིང་གཞན་གནོན་ཏོ། །དེ་བཞིན་དུ་འདི་ཡང་བར་ཆད་མེད་པའི་ལམ་གཞན་འདོར་ཞིང་རྣམ་པར་གྲོལ་བའི་ལམ་མངོན་སུམ་དུ་བྱེད་པས་གནོན་ཏོ། །བདེན་

Vol. 147 · folio 278a

པ་ལ་དམིགས་པ་གཞན་འདོར་ཞིང་གནོན་པའི་ཕྱིར་རོ། །མ་རྒྱལ་བ་ལས་རྒྱལ་བར་བྱེད་ཅིང་རྒྱལ་བ་ལས་གནས་པའི་ཕྱིར་འཁོར་ལོ་རིན་པོ་ཆེ་དང་འདྲའོ། །དཔེར་ན་དེ་ནི་གྲོང་དང་གྲོང་རྡལ་མ་རྒྱལ་བ་ལས་རྒྱལ་བར་བྱེད་ཅིང་རྒྱལ་ལ་གནས་སོ། །དེ་བཞིན་དུ་འདི་ཡང་འཇིག་ཚོགས་

ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་དག་ལས་མ་རྒྱལ་བ་ལས་ནི་བར་ཆད་མེད་པའི་ལམ་གྱིས་རྒྱལ་བར་བྱེད་དེ། དེའི་རྙེད་པ་རྒྱུན་འཆད་པའི་ཕྱིར་རོ། །རྒྱལ་བ་ལ་ནི་གནས་ཏེ། རྣམ་པར་གྲོལ་བའི་ལམ་ཉོན་མོངས་པ་དང་བྲལ་བའི་རྙེད་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །འཕར་བ་དང་འབབ་པའི་ཕྱིར་ཡང་

ཡིན་ཏེ། དཔེར་ན་འཁོར་ལོ་རིན་པོ་ཆེ་ཁ་ཅིག་ཏུ་ནི་འཕར། ཁ་ཅིག་ཏུ་ནི་འབབ་བོ། །དེ་བཞིན་དུ་འདི་ཡང་རྣམ་པར་གྲོལ་བའི་ལམ་གྱི་འོག་ཏུ་བར་ཆད་མེད་པའི་ལམ་མངོན་སུམ་དུ་གྱུར་པ་དང་། བར་ཆད་མེད་པའི་ལམ་གྱི་འོག་ཏུ་ཡང་རྣམ་པར་གྲོལ་བའི་ལམ་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །ཅི་རིགས་

སུ་སྦྱར་གྱི་གོ་རིམས་བཞིན་དུ་མ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་མངོན་སུམ་དུ་འགྱུར་བས་འཕར་བའོ། །བར་ཆད་མེད་པའི་ལམ་མངོན་སུམ་དུ་འགྱུར་བས་འབབ་པའོ། །ཡང་ན་འདོད་པ་ལ་སོགས་པར་བདེན་པ་ལ་དམིགས་པའི་ཕྱིར་ཏེ། དེ་འདི་ལྟར་རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་

ཀྱིས་ནི་འཕར་བ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པའི་ཕྱིར་རོ། །དེའི་འོག་ཏུ་ཆོས་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་འབབ་པ་སྟེ། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་རོ། །མཐོང་བའི་ལམ་འདི་ལ་ཡིད་འབྱུང་བ་ཡིད་ལ་བྱེད་པ་དང་། ཤེས་རབ་

ཀྱི་ཤས་ཆེ་བ་དང་ལྡན་པའི་ཕྱིར་རྡོ་གཤགས་པའི་ཚུལ་གྱིས་ཉོན་མོངས་པ་སྤོང་ངོ་། །རབ་ཏུ་བྱེད་པ་འདིར་ནི་ཉེ་བར་མཚོན་པའི་ཕྱིར་གཅིག་གིས་རིམ་བཞིན་དུ་བསྟན་ཏེ། དཔེར་ན་གཟུགས་ཅན་དག་དོང་ངོ་། །རྒྱལ་མཚན་ཅན་དག་དོང་ངོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ན་

བསྒོམ་པས་སྤང་བར་བྱ་བ་བཅུ་སྟེ། གཞུང་ལས་བཤད་པ་བཞིན་ནོ། །དེ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་བཞི་འདམ་དུ་སྦགས་པའི་ཚུལ་དུ་བསྡུས་ནས་ཆུང་ངུའི་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་དུ་འགྱུར་རོ། །

Vol. 147 · folio 278b

དེ་དག་གི་གཉེན་པོ་ནི་ཤེས་པ་བཞི་པོ་སྡུག་བསྔལ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པ་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པ་དང་། ཀུན་རྫོབ་ཤེས་པ་གང་ཡང་རུང་ལས་ཉོན་མོངས་པ་རྣམས་སྤོང་ངོ་། །གང་གིས་སྤོང་བ་དེ་ཉིད་བར་ཆད་མེད་པའི་ལམ་དང་། རྣམ་པར་

གྲོལ་བའི་ལམ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་གསུམ་མམ་བཞི་སྤངས་པ་ནི་རིགས་ནས་རིགས་སུ་སྐྱེ་བ་སྟེ། ཚེའི་ལྷག་མ་གཉིས་སམ་གསུམ་ལུས་པའི་ཕྱིར་རོ། །ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པ་ནི་ཞེས་བྱ་བ་ནི་འབྲིང་པོའི་ཆུང་ངུའོ་ཞེས་བྱ་བ་ནི་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོང་བའི་

ཕྱིར་རོ། །ཉོན་མོངས་པ་རྣམ་པ་བདུན་ནམ་བརྒྱད་སྤངས་པ་ནི་བར་ཆད་གཅིག་པའོ། །རྣམ་པ་དགུ་པ་སྟེ་ཆུང་ངུའི་ཆུང་ངུ་སྤངས་པ་ནི་ཕྱིར་མི་འོང་བ་སྟེ། ཡང་འཇིག་རྟེན་འདིར་མི་འོང་བར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་ལྟར་ས་དང་སར་བར་ཆད་མེད་པ་དང་། རྣམ་པར་གྲོལ་

བའི་ལམ་དགུ་རིམ་གྱིས་སྲིད་པའི་རྩེ་མོའི་སའི་བར་གྱི་ཉོན་མོངས་པའི་རྣམ་པ་ལ་བར་ཆད་མེད་པའི་ལམ་དགུ་པ་སྐྱེས་པར་གྱུར་པ་ཉིད་རྡོ་རྗེ་ལྟ་བུ་ཞེས་བྱ་སྟེ། འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང་འདྲའོ། །དེ་ལ་རྣམ་པར་རྟོག་པ་མང་སྟེ། དེ་ལ་སྡུག་བསྔལ་

ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བཞི་དང་། དེ་བཞིན་དུ་ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་རྣམ་པ་བཞི་དང་། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བསམ་གཏན་དང་། གཟུགས་མེད་པ་དག་ནས་བྱེ་བྲག་གིས་སུམ་ཅུ་རྩ་གཉིས་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པའི་

རྣམ་པ་བརྒྱད་དང་། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་རྣམ་པ་བཞི་པོ་དེ་དག་ནི་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་ནོ། །གང་དག་སའི་བྱེ་བྲག་གིས་ལམ་ཐ་དད་པ་དེ་དག་གི་ལྟར་ནས་བདུན་གྱི་ལམ་ལ་ཉི་ཤུ་རྩ་བརྒྱད་ཀྱིས་ལྷག་པར་བསྣན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྒྱད་ཅུར་འགྱུར་རོ། །དེ་དག་ཐམས་

ཅད་འདིར་རིག་པར་བྱ་སྟེ། འཕགས་པའི་ལམ་ཆུང་ངུའི་ཆུང་ངུས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་ངོ་། །དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འཕགས་པའི་ལམ་དེ་ནི་ཆེ་བའི་ཕྱིར་སྲིད་པའི་རྩེ་མོ་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་སྟེ། དེ་སྤངས་ན་དགྲ་བཅོམ་པར་འགྱུར་རོ། །

Vol. 147 · folio 279a

འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་འོས་པའོ། །ཡང་ན་དགྲ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དག་སྟེ། དེ་དག་འདིས་བཅོམ་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །འབྲས་བུ་བཞི་པོ་རྣམས་ཞེས་བྱ་བ་ལ་ཅིའི་ཕྱིར་

འབྲས་བུ་བཞི་པོ་དགེ་སྦྱོང་གི་འབྲས་བུར་འགྱུར། འདི་ལྟ་སྟེ་དགེ་སྦྱོང་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །དེའི་འབྲས་བུ་དག་ནི་དགེ་སྦྱོང་གི་འབྲས་བུ་དག་སྟེ། དེ་དག་ནི་བརྒྱད་ཅུ་རྩ་དགུའོ། །དེ་ལྟ་ཡིན་དུ་ཟིན་ཀྱང་རྣམ་པ་ལྔས་

ན་རྣམ་པ་བཞིར་བཞག་སྟེ། ཞུགས་པའི་ལམ་བོར་བ་དང་། འབྲས་བུའི་ལམ་ཐོབ་པ་དང་། ཉོན་མོངས་པ་སྤངས་ཟིན་པ་རྣམས་ཀྱི་བྲལ་བའི་ཐོབ་པར་རོ་གཅིག་ཏུ་ཡང་ཐོབ་པ་དང་། ཆོས་ཤེས་པ་བཞི་དང་རྗེས་སུ་རྟོགས་པའི་ཤེས་པ་བཞི་སྟེ། ཤེས་པ་བརྒྱད་ཐོབ་པ་དང་། མི་རྟག་

པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཡང་བསྒོམ་པ་ལ་ལ་ནི་མངོན་དུ་བྱེད་ལ། ཁ་ཅིག་ནི་འཐོབ་པ་ཡོད་པས་རྣམ་པ་འདིས་ན་རྣམ་པ་བཞིར་རྣམ་པར་གཞག་གོ། །འབྲས་བུ་དེ་དག་གི་བར་གྱི་ལམ་ལ་གནས་པ་རྣམས་ཞེས་བྱ་བ་དེ་ལ། མཐོང་བའི་ལམ་ལ་གནས་པ་ཉོན་མོངས་པ་མ་བཅོམ་པ་ནི་རྒྱུན་

དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །བསྒོམ་པའི་ལམ་ལ་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་དག་ལས་རྣམ་པ་ལྔའི་བར་དག་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །རྣམ་པ་བདུན་ནམ་བརྒྱད་སྤངས་པ་ནི་ཕྱིར་

མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །བསམ་གཏན་དང་པོ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དག་ནི་དགྲ་བཅོམ་པ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ། །དེ་ལྟར་དེ་དག་ནི་འཕགས་པའི་གང་ཟག་བརྒྱད་ཡིན་ཏེ། བཞི་ནི་ཞུགས་པའོ། །བཞི་ནི་

འབྲས་བུ་ལ་གནས་པའོ། །རིགས་ཀྱི་བྱེ་བྲག་གིས་དྲུག་ཏུ་འགྱུར་ཏེ། དབང་པོ་རྟུལ་པོ་དང་རྣོན་པོའི་རིགས་ཅན་སོ་སོའི་སྐྱེ་བོ་གང་ཡིན་པ་དེ་གཉིས་མཐོང་བའི་ལམ་ལ་སེམས་ཀྱི་སྐད་ཅིག་བཅོ་ལྔ་རྣམས་ལ་དད་པས་རྗེས་སུ་འབྲང་བ་ཅན་ནི་དེ་དད་པས་རྗེས་སུ་འབྲང་བའི་ངང་ཚུལ་ཅན་

Vol. 147 · folio 279b

ཡིན་པའི་ཕྱིར་རོ། །ཡང་ན་རྗེས་སུ་འབྲང་བ་ནི་རྗེས་སུ་འབྲང་བ་སྟེ། དད་པས་རྗེས་སུ་འབྲང་བ་ནི་རྗེས་སུ་འགྲོ་བའོ། །དེ་དེ་ལ་ཡོད་པས་དད་པས་རྗེས་སུ་འབྲང་བ་ཅན་ནོ། །གཞན་གྱི་མན་ངག་གིས་བདེན་པ་རྣམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཅན་ནི་དེ་ཆོས་ཀྱི་རྗེས་སུ་འབྲང་བའི་

ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བ་ཅན་ཏེ། རང་གི་རྐྱེན་གྱི་སྟོབས་ཀྱིས་ཆོས་རྣམས་ལ་རྣམ་པར་འབྱེད་པའི་ཕྱིར་རོ། །དེ་ཉིད་བསྒོམ་པའི་ལམ་ལ་ནི་གཞུང་ལས་འབྱུང་བ་བཞིན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ནི་དད་པས་མོས་པའོ། །ཉོན་མོངས་པ་སྤོང་བར་ཤེས་རབ་ཀྱིས་མོས་པ་

ནི་ལྟ་བས་ཐོབ་པའོ། །དེ་ལ་བསྒོམ་པའི་ལམ་གྱིས་བསྡུས་པའི་གང་ཟག་དེ་དག་ནི་ཕལ་ཆེ་སྟེ་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །འདོད་ཆགས་དང་མ་བྲལ་བ་ནི་ལྔའོ། །འདོད་ཆགས་དང་བྲལ་བ་ནི་དགུ་སྟེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གསུམ་ལ་ཉོན་མོངས་པ་ཆུང་ཞིང་

ལམ་ཆེ་བ་ལ་ལ་ནི་སྐྱེས་མ་ཐག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རབ་ཏུ་བསྒྲིམས་ཏེ་ཉོན་མོངས་པ་རྣམས་སྤོང་ངོ་། །མངོན་པར་འདུ་བྱེད་པ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་བསྒྲིམས་མི་དགོས་པར་ཉོན་

མོངས་པ་སྤོང་ངོ་། །གྱེན་དུ་འཕོ་བ་ནི་འཕར་བ་དང་། ཕྱེད་དུ་འཕར་བ་དང་། ཐམས་ཅད་དང་བྲལ་བའོ། །དེ་ལ་འཕར་བ་ནི་གང་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོར་སྐྱེས་པ་ལས་སྔོན་གོམས་པའི་དབང་གིས་བསམ་གཏན་རྣམས་འདྲེན་པར་བྱེད་ཏེ་འོག་

མིན་ཏུ་སྐྱེའོ། །ཕྱེད་དུ་འཕར་བ་ནི་གང་གནས་གཙང་མ་རྣམས་སུ་སྐྱེས་ནས་གནས་གཞན་བར་དུ་བོར་ཏེ་འོག་མིན་དུ་སྐྱེ་བའོ། །ཐམས་ཅད་དང་བྲལ་བ་ནི་རྣམ་པ་གཉིས་ཏེ། སྲིད་པའི་རྩེ་མོར་འགྲོ་བ་དང་། འོག་མིན་དུ་འགྲོ་བའོ། །དེ་ལ་ལྷག་མཐོང་ལ་སྤྱོད་པ་ནི་འོག་མིན་དུ་སོང་ནས་ཡོངས་སུ་

མྱ་ངན་ལས་འདའོ། །ཞི་གནས་ལ་སྤྱོད་པ་ནི་སྲིད་པའི་རྩེ་མོར་སོང་ནས་ཡོངས་སུ་མྱ་ངན་ལས་འདའོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལ་ལ་ནི་འགྲུབ་པ་དང་། མངོན་པར་འགྲུབ་པ་དང་། སྐྱེ་བའི་ཡུལ་ཐོབ་པ་ན་སྟེ། མདོ་ལས་མེ་སྟག་ལ་སོགས་པ་དཔེ་གསུམ་བརྗོད་པ་

Vol. 147 · folio 280a

བཞིན་ནོ། །གཟུགས་མེད་པ་རྣམས་སུ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པར་གང་ཟག་བདུན་དུ་འགྱུར་རོ། །མི་སློབ་པའི་ལམ་ལ་ཟད་པ་ཤེས་པ་ནས་སྐད་ཅིག་ཐ་མ་མྱ་ངན་ལས་འདའ་བའི་བར་དུ་སྟེ། དབང་པོ་རྟུལ་པོ་ནི་དུས་ཀྱིས་རྣམ་པར་གྲོལ་བ་

སྟེ། ཡུལ་དང་དུས་དང་རྐྱེན་ལ་ལྟོས་ནས་གང་དགྲ་བཅོམ་པ་ཉིད་དུ་འགྱུར་བའོ། །དེ་ལས་བཟློག་པ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །དེ་ཉིད་རྣམ་པ་དྲུག་ཏུ་འགྱུར་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་

ཆོས་ཅན་དང་། གནས་པ་ལ་མི་གཡོ་བ་དང་། རབ་ཏུ་རྟོགས་པར་བྱེད་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི། གུས་པར་བྱེད་པ་དང་རྟག་ཏུ་བྱེད་པ་དང་མི་ལྡན་པ་དང་། དབང་པོ་རྟུལ་བའོ། །འཆི་བར་སེམས་པའི་ཆོས་ཅན་ནི་

གུས་པར་བྱེད་པ་དང་མི་ལྡན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་ནི་རྟག་ཏུ་བྱེད་པ་དང་མི་ལྡན་པའོ། །བཞི་པ་ནི་གཉིས་དང་ལྡན་ལ་དབང་པོ་རྟུལ་བའོ། །རྟོགས་པར་བྱེད་པའི་སྐལ་བ་ཅན་ནི་དབང་པོ་རྣོ་ལ་གཉིས་ཀ་དང་བྲལ་བའོ། །མི་གཡོ་བའི་ཆོས་ཅན་ནི་ཐམས་ཅད་དང་ལྡན་པའོ། །

དེ་ལ་གང་ཟག་ལྔའི་སེམས་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བ་དང་འདོད་པའོ། །དྲུག་པའི་སེམས་རྣམ་པར་གྲོལ་བ་ནི་མི་གཡོ་བའོ། །དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་ན་རྒྱུན་དུ་ཞུགས་པའོ། །དེ་དག་ལས་རྣམ་པ་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའོ། །དམ་པ་མ་ཡིན་པའི་ཆ་དང་

མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པ་ནི་ཕྱིར་མི་འོང་བའོ། །དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་གང་ཞེ་ན། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་མོ། །གལ་

ཏེ་རིམ་གྱིས་ལྟར་ན་སྔར་ནི་གསུམ་སྤངས་ལ་ཕྱིས་ནི་ཀུན་དུ་སྦྱོར་བ་གཉིས་སོ། །ཇི་སྟེ་འདོད་ཆགས་དང་བྲལ་ལ་སྔར་མཐོང་བའི་ལམ་དུ་ཞུགས་ན་ནི། སྔར་ཀུན་དུ་སྦྱོར་བ་གཉིས་སྤངས་ཏེ། ཕྱིས་གསུམ་མོ། །དེ་ལ་ཀུན་དུ་སྦྱོར་བ་གཉིས་ནི་ལྕགས་སྒྲོག་ལྟ་བུ་སྟེ་ཕྱིར་མི་འོང་བའི་ཕྱིར་རོ། །

Vol. 147 · folio 280b

དམ་པ་ཞེས་བྱ་བ་ནི་མཆོག་གོ། །དམ་པ་མ་ཡིན་པ་ནི་དམ་པ་མ་ཡིན་པ་སྟེ་ངན་པའོ། །དེ་གང་ཞེ་ན། འདོད་པའི་ཁམས་སོ། །དེ་ཉིད་ཆ་སྟེ་ཁམས་གསུམ་དུ་བགྲངས་ནས་ཆའི་སྒྲར་བསྟན་ཏེ། དེ་དང་མཐུན་པ་ནི་དམ་པ་མ་ཡིན་པའི་ཆ་དང་མཐུན་པའོ། །དེའི་དམ་པ་མ་ཡིན་པ་ཇི་ལྟ་བུ་ཞེ་

ན། མདོ་སྡེ་ཚད་མར་ཡོད་པའི་ཕྱིར་ཏེ། སེམས་པ་ངན་པ་ལ་རྣམ་པར་ཤེས་པ་གནས་ཏེ། འདི་ལྟར་འདོད་པའི་སྲིད་པ་ལའོ་ཞེའོ། །ཅིའི་ཕྱིར་གཅིག་ཏུ་བགྲང་ཞེ་ན། སྤོང་བའི་གྲངས་ཀྱི་ཕྱིར་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ན་དགྲ་བཅོམ་པ་ཉིད་དུ་འགྱུར་བ་བཞིན་ནོ། །

མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་བཤད་ཟིན་ཏོ། །གལ་ཏེ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་སྤངས་པ་རྒྱུན་དུ་ཞུགས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་ཀུན་དུ་སྦྱོར་བ་གསུམ་སྤངས་པར་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། འདི་ལ་ཉེས་པ་མེད་དེ། འདི་སྒོ་གཅིག་དང་། སྒོ་གཉིས་དང་། སྒོ་བཞི་

པའི་ཉོན་མོངས་པ་ཞེས་བྱ་བ་བསྟན་ཏེ། ཉེ་བར་མཚོན་པའི་ཕྱིར་རོ། །ཡང་ན་རྩ་བའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ནི་མཐར་འཛིན་པར་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་རྒྱུ་ལས་བྱུང་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །ཐེ་ཚོམ་གྱི་རྒྱུ་ལས་

བྱུང་བ་ནི་ལོག་པར་ལྟ་བའོ། །ཡང་ན་དེ་དག་ཉིད་ཐར་པ་ལ་རབ་ཏུ་བར་ཆད་བྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་འགྲོ་མི་འདོད་པར་འགྱུར་ཏེ། བར་ཆད་ཀྱིས་འཇིག་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། གྲངས་ཅན་

ལ་སོགས་པའི་ལམ་མཐོང་བའི་ཕྱིར་ཏེ། དེས་དག་པར་འགྱུར་དུ་རེ་བས་ལམ་ནོར་བར་འགྱུར་རོ། །ཐེ་ཚོམ་གྱིས་ནི་ཡིད་གཉིས་ཟ་བར་འགྱུར་རོ། །དཔེར་ན་མི་ཞིག་ལམ་དུ་ཞུགས་ཏེ་འགྲོ་བ་ལ་བར་ཆད་གསུམ་ཡོད་དེ། ལེ་ལོ་དང་། ནོར་བ་དང་། ཡིད་གཉིས་ཟ་བའོ། །དེ་བཞིན་

དུ་འདིར་ཡང་རིག་པར་བྱའོ་ཞེས་གསུངས་སོ། །གོང་མའི་ཆ་དང་མཐུན་པ་ལྔ་གང་ཡིན་པ་དེ་དག་ནི་ཕྱིར་མི་འོང་བའི་རྒྱུན་ལ་ཡོད་དེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པའོ། །མི་ལྡན་པ་རྣམས་ཀྱི་སྐབས་

Vol. 147 · folio 281a

སུ་བབ་པོ། །དེ་དག་ཀྱང་འཐོབ་པ་ལ་སོགས་པ་སྟེ། བསྟན་བཅོས་ལས་བྱུང་བ་རྣམས་སོ། །ཆོས་འདི་དང་ལྡན་པ་ཉིད་དོ་ཞེས་བྱ་བ་འདི་དག་ནི་དེ་དག་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་འདིའོ། །འདི་ཞེས་བྱ་བ་ཐམས་ཅད་ཀྱི་མིང་འདིས་ནི་དེའི་ཡོངས་སུ་གྲུབ་པ་

ཉིད་དང་བྱེད་པའི་རྒྱུ་ཉིད་དུ་སྟོན་ཏོ། །གང་ལ་ཞེ་ན། དེས་ངེས་པར་བསྙད་པ་ལའོ། །བསྙད་པར་ངེས་པ་ནི་ངེས་པར་བསྙད་པ་སྟེ། འདིས་བསྙད་པར་འགྱུར་བས་བསྙད་པ་སྟེ། བསྙད་པ་གང་ཡིན་པ་དེ་ནི་འཐོབ་པ་ཡོད་པའི་ཕྱིར་འབྱུང་སྟེ་དེ་ནི་འགྲེལ་པ་ལས་སྟོན་ཏོ། །འདི་ན་ནི་ཞེས་བྱ་བ་ནི་

འཁོར་བ་ནའོ། །གདོན་མི་ཟ་བ་ཞེས་བྱ་བའི་སྒྲ་ནི་གསུམ་ལས་འཁྲུལ་པ་མེད་པ་སྟེ། འདི་ལྟར་གདོན་མི་ཟ་བ་ཞེས་བྱ་བའི་སྒྲ་ནི་གོར་མ་ཆག་ཅེས་བྱ་བ་སྙེགས་སོ། །གསུམ་པོ་དག་གང་ལ་གོར་མ་ཆག་པ་སྲིད་ཅེ་ན། སེམས་ཅན་དུ་བགྲང་བའི་ཆོས་རྣམས་ལའོ། །སོ་སོར་བརྟགས་པས་

འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡང་སེམས་ཅན་དུ་བགྲང་བ་ཉིད་ལ་སྟེ། འདི་ལྟར་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྤོང་བ་ནི་སོ་སོར་བརྟགས་པས་འགོག་པའོ། །དེ་མ་ཐག་པའི་རྐྱེན་མེད་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །དེས་ན་རང་གི་རྒྱུད་དང་

འབྲེལ་པ་རྣམས་དང་སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་འཐོབ་པ་དང་འཐོབ་པ་མེད་པའོ། །ནམ་མཁའ་དང་སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་ལ་ནི་གཉི་ག་མེད་པར་དམ་བཅས་པ་ཡིན་ནོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པའོ་ཞེས་བྱ་བ་ལ་

སོགས་པ་སྨོས་པས་ནི་བརྩོན་འགྲུས་ལ་སོགས་པ་སྟོན་ཏོ། །མི་དགེ་བ་ནི་འདོད་ཆགས་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་སྟོན་ཏོ། །ལུང་དུ་མ་བསྟན་པ་ནི་སྤྲུལ་པའི་སེམས་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྨིན་པ་ལས་བྱུང་བ་ལ་

སོགས་པ་སྟོན་ཏོ། །དེ་རྣམས་ཞེས་བྱ་བའི་སྒྲ་འདིས་ནི་སྔར་བསྟན་པ་དང་སྦྱར་རོ། །གང་དག་ལ་ཞེས་བྱ་བ་འདི་ནི་གང་ཟག་རྣམས་དང་སྦྱར་ཏེ་དགེ་བ་སྨོས་པས་ཟག་པ་རྣམས་ལས་འཕངས་པའི་ཕྱིར་རོ། །དེ་དག་ནི་གང་ཟག་རྣམས་སོ། །ཆོས་འདི་དང་ལྡན་པ་ནི་དད་པ་ལ་སོགས་པའི་ཡོན་

Vol. 147 · folio 281b

ཏན་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་དངོས་པོ་ནི་ཆོས་ཉིད་དང་ལྡན་པ་ཉིད་དོ། །ཆོས་འདི་དང་ལྡན་པའི་ངེས་པར་བསྙད་པའི་རྒྱུའི་ཆོས་གང་ཡིན་པ་དེ་ནི་འཐོབ་པ་སྟེ། རྙེད་པ་དང་ལྡན་ཞེས་ཀྱང་བྱའོ་ཞེས་བྱ་བ་དེ་ལ་སྐད་ཅིག་དང་པོ་ལ་ནི་ཐོབ་པ་དང་འཐོབ་པ་དང་རྙེད་པའོ། །སྐད་ཅིག་

གཉིས་པ་ལ་སོགས་པའི་རྗེས་སུ་འབྲང་བ་ནི་ལྡན་པ་དང་རྙེད་པའོ། །དེ་བས་ན་བྱེ་བྲག་ཏུ་སྨྲ་བ་ལས་ཀྱང་ལྡན་པ་གང་ཡིན་པ་དེ་ཐོབ་པ་ཡང་ཡིན་ནོ། །ཐོབ་པ་ཉིད་ལ་ཡིན་ལ་ལྡན་པ་མ་ཡིན་པ་ཡང་ཡོད་དེ་ཐོག་མའི་ཐོབ་བྱེད་དོ་ཞེས་བཤད་དོ། །དེ་མེད་དུ་ཟིན་ན་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་

ཐོབ་པ་དང་སྦྱར་རོ། །ཐོབ་པ་མེད་ན་འདི་ལྟར་ས་བོན་མེད་པར་འགྱུར་རོ། །འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་ཏེ་འདུག་པའི་འཕགས་པ་རྣམས་ནི་གང་དག་འདོད་ཆགས་དང་མ་བྲལ་བའི་འཕགས་པའི་གང་ཟག་རྣམས་སོ། །ཀུན་ནས་དཀྲིས་ཏེ་འདུག་པ་ནི་འདོད་ཆགས་ལ་སོགས་པ་

མངོན་དུ་གྱུར་པའོ། །ཟག་པ་མེད་པའི་སེམས་མེད་པས་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་གྱུར་ན་ཟག་པ་མེད་པའི་སེམས་མངོན་དུ་འགྱུར་བ་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །དགེ་སློང་དག་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ནི་རེ་རེ་འབྱུང་ངོ་ཞེས་གསུངས་པའི་ཡང་ཕྱིར་རོ། །འཕགས་

པ་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་རིང་བའོ། །བྱིས་པ་ཞེས་བྱ་བ་ལ། བྱིས་པ་རྣམས་ནི་སོ་སོའི་སྐྱེ་བོ་རྣམས་ཏེ། དགེ་བའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་དེ་དག་ལ་འདོད་ཆགས་ལ་སོགས་པ་མངོན་དུ་འགྱུར་བ་མེད་པ་དང་། དེའི་རྗེས་སུ་འབྲེལ་པའི་ངོ་བོ་

ཡང་ཁས་མི་ལེན་པའི་ཕྱིར་འཕགས་པ་ཉིད་དུ་ཐལ་བར་འགྱུར་རོ། །འདྲ་ན་ནི་ཞེས་བྱ་བ་ནི་མཚུངས་པ་སྟེ། འདྲ་བ་སྨོས་པ་ནི་འཕགས་པ་དང་སོ་སོའི་སྐྱེ་བོ་དང་སྦྱར་རོ། །སོ་སོའི་སྐྱེ་བོ་རྣམས་ལ་ནི་མྱ་ངན་ལས་འདས་པའི་ཐོབ་པ་མེད་དོ། །ཉོན་མོངས་པ་མ་སྤངས་པའི་ཕྱིར་འཕགས་པ་རྣམས་

ལ་ཡང་མེད་དོ། །ཁྱོད་ཀྱིས་ཁས་མ་བླངས་པའི་ཕྱིར་རོ། །དེ་ལ་ནི་འདིར་འགྱུར་ཏེ། ཉོན་མོངས་པ་སྤངས་པ་དང་མ་སྤངས་པའི་ཁྱད་པར་གྱིས་དེར་འགྱུར་རོ་ཞེ་ན། ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དེའི་མངོན་རྟགས་སུ་གྱུར་པའི་ཆོས་གཞན་དགོས་སོ། །ས་བོན་ནི་སྔར་བཀག་པའི་ཕྱིར་རོ། །

Vol. 147 · folio 282a

མ་འདྲེས་པ་ཞེས་བྱ་བ་ནི་ཐར་པའོ། །ཐར་པར་འགྱུར་རོ་ཞེས་བྱ་བ་ནི་དེ་དག་ཀྱང་གྲོལ་བར་འགྱུར་རོ། །རིགས་པས་འཐོབ་པ་བསྟན་ནས་ད་ནི་ལུང་གཞན་གྱིས་སྟོན་ཏེ། ཆོས་ཀྱི་རྗེས་ཀྱང་ཞེས་བྱ་བ་ནི་ཐམས་ཅད་ལ་མངའ་བརྙེས་པའི་ཕྱིར་བཅོམ་ལྡན་འདས་ནི་ཆོས་ཀྱི་རྗེའོ། །མི་

སློབ་པའི་ཆོས་བཅུ་པོ་འདི་དག་ཅེས་བྱ་བ་ལ་མི་སློབ་པའི་ཆོས་བཅུ་པོ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དེ་ལ་ཞེ་སྡང་དང་། གཏི་མུག་ལས་བྱུང་བའི་ངག་དང་། ལས་ཀྱི་མཐའ་

སྤངས་པ་ནི་ཡང་དག་པའི་ངག་དང་། ལས་ཀྱི་མཐའི་སྒྲར་བསྟན་ཏོ། །ཆགས་པ་ལས་བྱུང་བ་རྣམ་པ་བདུན་སྤངས་པ་ནི་ཡང་དག་པའི་འཚོ་བའི་སྒྲར་བསྟན་ཏོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། ཆགས་པའི་ཆོས་སྦྱང་བར་དཀའ་བའི་ཕྱིར་རོ། །རྟག་ཏུ་སྣ་ཚོགས་ལྟ་ལྡན་གྱི། །ཁྱིམ་པས་ལྟ་

བ་སྦྱང་བར་དཀའ། །གཞན་ལ་རག་ལས་འཚོ་བ་ཡི། །དགེ་སློང་གིས་ནི་འཚོ་སྦྱང་དཀའ། །ཞེས་ཚིགས་སུ་བཅད་པ་ལས་བྱུང་བའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་

བ་ནི་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ། །འདུས་བྱས་ནི་མོས་པའི་རང་བཞིན་ནོ། །འདུས་མ་བྱས་ནི་མྱ་ངན་ལས་འདས་པའོ། །འདིར་ནི་འདུས་མ་བྱས་ཡན་ལག་ཉིད་དུ་བསྟན་ཏོ། །སློབ་པ་ལ་རྣམ་པར་གྲོལ་བ་ཡོད་དུ་ཟིན་ཀྱང་དེ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་

ཡིན་གྱི། རྒྱུད་རྣམ་པར་གྲོལ་བ་ནི་མ་ཡིན་ཏེ། རྒྱུད་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པས་བཅིངས་པའི་ཕྱིར་རོ། །མི་སློབ་པ་ནི་ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བའི་ཕྱིར་ཡན་ལག་ཉིད་དུ་བསྟན་ཏོ། །ཡང་དག་པའི་ཤེས་པ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །དེ་གཉིས་

ཀྱི་མཚན་ཉིད་ནི་བཤད་ཟིན་ཏོ། །བསྐྱེད་པ་དང་འཐོབ་བྱེད་དང་ལྡན་ཞེས་བྱ་བའི་སྒྲ་དེ་དག་གིས་བརྗོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཡན་ལག་ལྔ་སྤངས་པའོ་ཞེས་བྱ་བ་ནི་དམ་པ་མ་ཡིན་པའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་

Vol. 147 · folio 282b

ཕྱིར་རོ། །གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ནི་ཁམས་གོང་མའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡན་ལག་དྲུག་དང་ལྡན་ཏེ་མངོན་པར་ཤེས་པ་དྲུག་གོ་ཞེས་རྒྱ་ཆེར་བཤད་དོ། །ཡང་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་མི་དགེ་བ་རྣམས་དང་ཡང་ལྡན་ནོ་ཞེས་ཀྱང་གསུངས་ཏེ་

ཞེས་བྱ་བ་ནི་ཐོབ་པ་དེ་ཉིད་དོ། །སེམས་ཅན་གྱི་སེམས་ཀྱི་རྒྱུན་ལ་དགེ་བའི་ཐོབ་པ་བསགས་པ་དཔག་ཏུ་མེད་པ་དག་གཟིགས་ནས་ཞེས་བྱ་བ་ལ། དཔག་ཏུ་མེད་པ་ཇི་ལྟ་བུ་ཞེ་ན། སྐད་ཅིག་གཅིག་ལ་ཐོབ་པ་དང་། ཆོས་དང་ཐོབ་པའི་ཐོབ་པའོ། །དེ་ལ་ཐོབ་པ་སྐྱེས་ནས་ཆོས་དང་ཐོབ་པའི་ཐོབ་པ་དང་

ལྡན་པ་ཡིན་ནོ། །ཐོབ་པའི་ཐོབ་པ་སྐྱེས་ནས་ཐོབ་པ་ཉིད་དང་ལྡན་པ་ཡིན་ནོ། །སྐད་ཅིག་གཉིས་པ་ལ་ནི་ཐོབ་པ་གསུམ་དང་རྗེས་སུ་ཐོབ་པ་གསུམ་མོ། །དེ་བཞིན་དུ་སྐད་ཅིག་ཕྱི་མ་ཕྱི་མ་ལ་རྣམ་པར་འཕེལ་བས་རྫས་ཐ་དད་པ་མཐའ་ཡས་པ་དང་སྐྱེའོ། །དེ་ཡང་རྣམ་པ་གཉིས་ཞེས་བྱ་བ་ནི་རྣམ་

པ་གཉིས་སོ་ཐོབ་པ་མེད་པ་ནི་མ་རྙེད་པ་སྟེ། དཔེར་ན་ཐོབ་པ་ལས་བྱུང་བ་ལ་སོགས་པའི་ཡོན་ཏན་ལྟ་བུའོ། །རྣམ་པར་ཉམས་པ་ནི་སྔོན་བཏང་བ་སྟེ། དཔེར་ན་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ནས་ཡང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཐོབ་པ་དག་སྐྱེ་བ་

ལྟ་བུའོ། །དེ་ཉིད་རྙེད་ནས་སྐད་ཅིག་གཉིས་པ་ལ་སོགས་པའི་རྗེས་སུ་འབྲང་བ་ནི་ལྡན་པ་ཞེས་བྱའོ། །དེ་ལས་བཟློག་པ་ནི་ཐོབ་པ་མེད་པ་སྟེ་སྔ་ནས་མེད་པའི་རྙེད་པ་མེད་ཅིང་ཉམས་པའི་རྙེད་པ་ཡང་མེད་པར་ཁོང་དུ་ཆུད་པར་བྱའོ། །ཐོབ་པ་དང་ཐོབ་པ་མེད་པ་དེ་གཉིས་ཀྱང་རང་གི་རྒྱུད་ལ་གནས་

པའི་ཆོས་རྣམས་ཉིད་ཀྱིའོ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་གནས་པ་མ་ཡིན་པ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པ་རྣམས་ཀྱི་ཡང་མ་ཡིན་པའོ། །ཅི་ཐམས་ཅད་ཀྱི་ངེས་པ་འདི་ཡིན་ནམ། དེའི་ཕྱིར་སྤྱིར་བཏང་བ་བྱས་ནས་དམིགས་རྩོམ་སྟེ། སོ་སོར་དང་སོ་སོར་བརྟགས་པ་མ་ཡིན་

པས་འགོག་པ་ཞེས་བྱ་བ་ལ་བརྟགས་པ་དང་འགོག་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པར་ཤེས་པར་བྱའོ། །དེ་གཉིས་ཀྱང་རྒྱུ་ལ་མི་གནས་པའི་ཕྱིར་ལོགས་ཤིག་ཏུ་སྨོས་སོ། །སེམས་ཅན་དུ་བགྲང་བ་མ་

Vol. 147 · folio 283a

མ་ཡིན་པ་ནི་ས་ལ་སོགས་པ་སྟེ། དེ་དང་ལྡན་པ་ཞེས་བྱ་བའི་ཆོས་དེ་དག་དང་ལྡན་པ་སུ་ཡང་མེད་དོ། །ནམ་མཁའ་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལྡན་པའོ། །གང་གི་ཕྱིར་དེ་དག་དང་མི་ལྡན་པ་དེའི་ཕྱིར་དེ་རྣམས་ཀྱི་ཐོབ་པ་དང་ཐོབ་པ་མེད་པ་མེད་དོ། །དེའི་ཕྱིར་

ཆོས་མངོན་པ་ལས་ཟག་པ་མེད་པའི་ཆོས་རྣམས་དང་ལྡན་པ་སུ་ཞེ་ན། སེམས་ཅན་ཐམས་ཅད་དོ། །གང་དང་ཞེ་ན། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ངོ་། །སོ་སོར་བརྟགས་པས་འགོག་པ་དང་ལྡན་པ་སུ་ཞེ་ན། འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ཁ་

ཅིག་གོ་ཞེས་འབྱུང་ངོ་། །གང་ཡང་གླང་པོ་ཆེ་དང་རྟ་ལ་སོགས་པ་དང་ལྡན་པར་ཐ་སྙད་བཏགས་པ་དེ་དང་དེར་ལྡན་པའི་སྒྲ་ནི་དབང་ལ་བྱའོ། །དེ་ལ་ཐོབ་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །གྲིབ་མ་རྗེས་སུ་འབྲང་བ་ལྟ་བུ་དང་། ཁྱུ་མཆོག་གི་རྗེས་སུ་འབྲང་བ་ལྟ་བུ་དང་།

བེའུ་རྗེས་སུ་འབྲང་བ་ལྟ་བུའོ། །དེ་ནི་གྲིབ་མ་ལྟ་བུར་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ནོ། །གཞན་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དང་པོ་གྲིབ་མ་རྗེས་སུ་འབྲང་བ་ལྟ་བུ་ནི་འདི་ལྟ་སྟེ། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་ཉིད་དེ་དག་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །ལུང་དུ་མ་

བསྟན་པའི་ཆོས་རྣམས་ནི་ཉམ་ཆུང་བའི་ཕྱིར་སྔར་དང་ཕྱིས་སྐྱེ་བ་མེད་དོ། །གཉིས་པ་ནི་འདི་ལྟ་སྟེ། གོང་ནས་ཞེས་བྱ་བ་ལ་གོང་མའི་སྒྲ་ནི་གཟུགས་ཀྱི་ཁམས་དང་སྦྱར་རོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། གང་ཤི་འཕོས་པ་དེ་ཉིད་དུ་བར་མ་དོའི་སྲིད་པ་མངོན་པར་འགྲུབ་སྟེ། ཕྱི་རོལ་གྱི་ས་

བོན་དང་ཆོས་མཐུན་པའི་ཕྱིར་རོ། །གང་དུ་ས་བོན་བཏབ་པ་དེ་ཉིད་དུ་མྱུ་གུ་སྐྱེའོ། །མཚམས་སྦྱོར་བའི་དུས་ན་འདོད་པར་གཏོགས་པའི་དགེ་བ་ལ་སོགས་པ་དད་པ་ལ་སོགས་པ་དང་། མི་དགེ་བ་ལ་སོགས་པ་འདོད་ཆགས་ལ་སོགས་པ་སྐྱེས་ནས་ཐོབ་པ་རྣམས་ཀྱིའོ། །དཔེར་ན་

ཁྱུ་མཆོག་ནི་བའི་ཚོགས་ཀྱི་མདུན་དུ་འགྲོའོ། །དེ་བཞིན་དུ་ཐོབ་པ་རྣམས་སྔར་སྐྱེའོ། །གསུམ་པ་ནི་འདི་ལྟ་སྟེ་ཐོས་པ་དང་བསམས་པ་ལས་བྱུང་བ་ལ་ཚོགས་པ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་བསྒོམས་པ་ལས་བྱུང་བ་རྣམས་དང་སྦྱར་རོ། །དེ་ལ་སྐྱེས་ནས་ཐོབ་པའི་ཤེས་རབ་ལ་བརྟེན་ནས་ཐོས་

Vol. 147 · folio 283b

པ་ལས་བྱུང་བ་སྐྱེའོ། །ཐོས་པ་ལས་བྱུང་བ་ལ་བརྟེན་ནས་བསམས་པ་ལས་བྱུང་བ་སྐྱེའོ། །བསམས་པ་ལས་བྱུང་བ་ལ་བརྟེན་ནས་བསྒོམས་པ་ལས་བྱུང་བ་སྐྱེའོ། །མིང་ལ་བརྟེན་ནས་དོན་གོ་བ་ནི་ཐོས་པ་ལས་བྱུང་བའོ། །མིང་དང་དོན་ལ་དམིགས་པ་ནི་བསམས་པ་ལས་བྱུང་བ་སྟེ།

ཆེད་འགའ་ནི་ཡི་གེས་དོན་འདྲེན་ཏོ། །ཆེད་འགའ་ནི་དོན་གྱིས་ཡི་གེ་འདྲེན་ཏོ། །དེ་ལ་དམིགས་པ་ཁོ་ན་ནི་བསྒོམས་པ་ལས་བྱུང་བ་སྟེ། དེ་ནི་ཡི་གེ་ལ་མི་ལྟོས་པར་དོན་ལ་འཇུག་གོ། །ལྷན་ཅིག་སྐྱེས་པ་མ་གཏོགས་སོ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཆོས་རྣམས་དང་

ལྷན་ཅིག་སྐྱེས་པ་གང་ཡིན་པ་དང་། ད་ལྟར་བྱུང་བ་གང་ཡིན་པ་དེ་བཀོལ་ཏེ། དེ་མ་ཡིན་པ་གཞན་ནི་མ་འོངས་པ་སྟེ། དཔེར་ན་བེའུ་མའི་ཕྱི་བཞིན་འབྲང་བ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་ཐོབ་པ་རྣམས་ལའོ། །མདོར་བསྟན་ན་ཞེས་བྱ་བ་ནི་མདོར་བཤད་པའོ། །འདོད་

པ་སྨོས་པས་གཟུགས་ན་སྤྱོད་པ་བསལ་བར་འགྱུར་རོ། །དགེ་བ་དང་མི་དགེ་བ་སྨོས་པས་ནི་འབྱུང་བ་ཆེན་པོའི་གཟུགས་བསལ་བར་འགྱུར་རོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་གཉི་ག་ལས་བཟློག་པའི་རྣམ་པར་རིག་བྱེད་ཀྱི་ནི་ལྷན་ཅིག་སྐྱེས་པ་སྟེ་ད་ལྟར་བྱུང་བའོ། །ཕྱི་ནས་

སྐྱེས་པ་ནི་འདས་པའི་སྟེ། མ་འོངས་པ་ནི་མ་ཡིན་ནོ། །ཚེ་ཕྱི་མས་ཡང་ཚེ་ཕྱི་མ་པ་མ་ཡིན་པར་འགྱུར་ལ། ཚེ་ཕྱི་མ་པ་མ་ཡིན་པ་ཡང་ཚེ་ཕྱི་མ་པར་འགྱུར་རོ། །དེ་ལྟར་བྱེ་བྲག་ཏུ་བྱས་ན་རྣམ་པར་སྨིན་པ་ལས་བྱུང་བ་ལ་སོགས་པའི་གཟུགས་གཞན་གྱི་ལྷན་ཅིག་སྐྱེས་པའི་ཐོབ་པ་

གྲུབ་པར་འགྱུར་རོ། །ཅི་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ངེས་པ་འདི་ཡིན་ནམ། སྨྲས་པ་མ་ཡིན་ཏེ། མངོན་པར་ཤེས་པའི་སེམས་དང་སྤྲུལ་པའི་སེམས་མ་གཏོགས་སོ། །དེ་ལ་མངོན་པར་ཤེས་པ་གཉིས་ནི་ལུང་དུ་མ་བསྟན་པ་སྟེ། ལྷའི་མིག་དང་ལྷའི་རྣ་བའོ། །

སྤྲུལ་པའི་སེམས་ཀྱང་ཡིན་ནོ། །སྤྲུལ་པའི་སེམས་དེ་དག་ཀྱང་བཅུ་བཞི་སྟེ། བསམ་གཏན་དང་པོའི་ས་པ་ལ་སྤྲུལ་པའི་སེམས་གཉིས་ཏེ། བསམ་གཏན་དང་པོའི་ས་པ་དང་། འདོད་པ་ན་སྤྱོད་པའོ། །བསམ་གཏན་གཉིས་པའི་ས་པ་ལ་གསུམ་མོ། །བསམ་གཏན་

Vol. 147 · folio 284a

གསུམ་པའི་ས་པ་ལ་བཞིའོ། །བསམ་གཏན་བཞི་པའི་ས་པ་ལ་ལྔའོ། །ཅིའི་ཕྱིར་དེ་དག་གི་ཐོབ་པ་འདས་པ་དང་མ་འོངས་པ་ཡིན་ཞེ་ན། སྟོབས་དང་ལྡན་པའི་སྦྱོར་བའི་ཁྱད་པར་ལས་གྲུབ་པའི་ཕྱིར་རོ། །བཟོའི་གནས་ལས་ཀྱང་ཅུང་ཟད་ཡིན་ཏེ་ཤིན་ཏུ་

གོམས་པའོ། །འདི་ལྟ་སྟེ། ལྷའི་བུ་ལས་སྣ་ཚོགས་པ་དང་། ལྷ་མ་ཡིན་ཤེས་ལྡན་ནོ། །སྤྱོད་ལམ་པ་ཡང་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། འདི་ལྟ་སྟེ། ཚེ་དང་ལྡན་པ་རྟ་ཐུལ་ལོ། །དེའི་ཐོབ་པ་ནི་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་

པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོབ་པ་ནི་དུས་གསུམ་སྟེ། དབང་པོ་རྣོ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་དང་། བཟོའི་གནས་གཞན་ཐམས་ཅད་ཀྱི་ནི་ལྷན་ཅིག་སྐྱེས་པའོ། །བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱི་ནི་

བསྒྲིབ་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཏེ་ཚངས་པའི་འཇིག་རྟེན་ནའོ། །ཚེ་དང་ལྡན་པ་རྟ་ཐུལ་གྱིས་དྲིས་ན་མ་ཤེས་ལ། དེ་འཁོར་དང་འབྲེལ་པའི་ཕྱིར་གཡོ་བྱས་ཏེ་ལག་པ་གཉིས་ནས་བཟུང་ནས་བྱུང་བར་གྱུར་ཏེ། དེའི་གཡོ་ལས་བྱུང་བའི་རྣམ་པར་རིག་བྱེད་ཀྱི་གཟུགས་

སོ། །ཅིའི་ཕྱིར་དེ་ལྷན་ཅིག་སྐྱེས་པ་ཡིན་ཞེ་ན་མཐུ་ཆུང་བའི་ཕྱིར་རོ། །ཅིའི་ཕྱིར་མཐུ་ཆུང་བ་ཉིད་ཡིན་ཞེ་ན་སྦྱོར་བ་ཆུང་བའི་ཕྱིར་རོ། །ཅིའི་ཕྱིར་འདོད་པའི་ཁམས་ན་བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་མེད་ཅེ་ན། ཀུན་ནས་སློང་བ་པོ་མེད་པའི་ཕྱིར་རོ། །འདི་ན་འཇིག་

ཚོགས་དང་མཐར་འཛིན་པར་ལྟ་བ་ནི་བསྒྲིབས་པ་ཡིན་ནོ། །དེ་གཉིས་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བ་པོར་མི་འགྱུར་ཏེ། དེ་གཉིས་ནང་དུ་བལྟས་ཏེ་འཇུག་པའི་ཕྱིར་རོ། །ཕྱི་རོལ་དུ་བལྟས་པའི་སེམས་ཀྱིས་ནི་རྣམ་པར་རིག་བྱེད་བསྐྱེད་དོ། །གལ་ཏེ་དེ་ལྟ་ན་ལོག་པར་ལྟ་བ་

ལས་ལོག་པར་རྟོག་པ་འབྱུང་ངོ་། །ལོག་པར་རྟོག་པས་ལོག་པའི་ཚིག་སྨྲའོ། །ལོག་པའི་ཚིག་ལས་ལོག་པའི་ལས་ཀྱི་མཐའོ། །ལོག་པའི་ལས་ཀྱི་མཐའ་ལས་ལོག་པའི་འཚོ་བ་འབྱུང་ངོ་ཞེས་བྱ་བ་མདོའི་ཚིག་འདི་ཇི་ལྟར་སྦྱར། འདི་ལ་ཉེས་པ་མེད་དེ། རྒྱུ་འབྱུང་བ་

Vol. 147 · folio 284b

ནི་རྣམ་པ་གཉིས་ཏེ། རྒྱུ་འབྱུང་བ་དང་དེའི་སྐད་ཅིག་ལ་འབྱུང་བའོ། །དེ་ལ་མཐོང་བས་སྤང་བར་བྱ་བའི་སེམས་ནི་རྒྱུ་ཀུན་ནས་སློང་བ་སྟེ། བསྒོམ་པས་སྤང་བར་བྱ་བ་སློང་བའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་ནི་རྒྱུ་ཀུན་ནས་སློང་བ་དང་། དེའི་སྐད་ཅིག་ལ་ཀུན་ནས་སློང་བའོ། །

དེ་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་དེ་བརྗོད་པའི་ཕྱིར་དེ་ལ་ཉེས་པ་མེད་དོ། །ལྷག་མ་གང་ཞེ་ན་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ནི་སོ་སོར་དུས་གསུམ་པའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་

ཡང་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུའོ། །དེ་ལ་དགེ་བ་རྣམས་ཀྱི་རྙེད་པ་ནི་དགེ་བའོ། །མི་དགེ་བ་རྣམས་ཀྱི་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་ལུང་དུ་མ་བསྟན་པའོ། །འདོད་པ་ན་སྤྱོད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་འདོད་པ་ན་སྤྱོད་པའོ། །

གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་ན་སྤྱོད་པའོ། །གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་མེད་པ་ན་སྤྱོད་པའོ། །དྲི་མ་མེད་པ་ནི་ཁམས་གསུམ་པ་དང་ཟག་པ་མེད་པ་སྟེ་ལམ་གྱི་བདེན་པ་དང་། འདུས་མ་བྱས་ནི་དྲི་མ་མེད་པའི་ཆོས་རྣམས་སོ། །དེ་ལ་སོ་སོར་བརྟགས་

པ་མ་ཡིན་པས་འགོག་པའི་ཐོབ་པ་ནི་ཁམས་གསུམ་པའོ། །འདིའི་ནི་འདི་ལྟར་རྐྱེན་མེད་པའི་ཕྱིར་ཐོབ་བོ། །རྐྱེན་མེད་པས་དེ་ཡང་ཁམས་གསུམ་ཅར་ན་སྲིད་དོ། །སོ་སོར་བརྟགས་པས་འགོག་པ་གཟུགས་དང་གཟུགས་མེད་པའི་ལམ་གྱིས་འཐོབ་པའི་ནི་དེར་གཏོགས་པ་ཉིད་དོ་ཞེས་བྱ་

བ་ནི། གཟུགས་དང་གཟུགས་མེད་པར་གཏོགས་པ་ཉིད་དོ། །ཟག་པ་མེད་པའི་ལམ་གྱི་ཐོབ་པ་དང་ལམ་གྱི་བདེན་པའི་ཟག་པ་མེད་པའོ། །གོང་མ་རྣམ་པ་ལྔ་ནི་མདོར་བསྡུ་ན་ཁམས་གསུམ་པའོ། །རྣམ་པ་འདི་གཉིས་མདོར་བསྡུ་ན་ཟག་པ་མེད་པའོ། །དེ་ཡང་ཞེས་བྱ་བ་ནི་ཐོབ་

པའོ། །བསྡུ་ན་ཞེས་བྱ་བ་ནི་མདོར་བསྡུ་བའོ། །རྣམ་པ་བཞི་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཁམས་གསུམ་པ་དང་ཟག་པ་མེད་པའོ། །སློབ་པ་དང་མི་སློབ་པ་རྣམས་ཀྱི་ནི་ཞེས་བྱ་བ་དེ་ལ་སློབ་པ་རྣམས་ཀྱི་ནི་སློབ་པའོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པའོ། །སློབ་པ་ཡང་

Vol. 147 · folio 285a

མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་རྣམ་པ་གསུམ་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་དེ་དག་གང་ཞེ་ན། ཟག་པ་དང་བཅས་པ་རྣམས་ཏེ་བསླབ་པ་གསུམ་ལ་མི་སློབ་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་སློབ་པ་ཞེས་

བྱ་བའམ། མི་སློབ་པ་ཞེས་བྱ་བའམ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ཞེས་བྱ་བ་སྨྲས་པ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ་ཞེས་བསྟན་བཅོས་ལས་འབྱུང་ངོ་། །ཅིའི་ཕྱིར་དེ་ལྟ་ཞེ་ན། བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཟག་

པ་དང་བཅས་པ་རྣམས་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་རྣམས་དང་། སོ་སོར་བརྟགས་པས་འགོག་པ་དང་། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དེ་ཐམས་ཅད་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཐོབ་པའོ། །སློབ་པ་དང་མི་སློབ་པའི་ལམ་

གྱིས་ཐོབ་པའི་ནི་སློབ་པ་དང་མི་སློབ་པའོ། །སློབ་པའི་ལམ་གྱིས་སོ་སོར་བརྟགས་པས་འགོག་པ་འཐོབ་པ་ནི་རིགས་ན། མི་སློབ་པས་གོ་སོ་སོར་བརྟགས་པས་འགོག་པ་ཇི་ལྟར་འཐོབ། དེས་ཀྱང་སོ་སོར་བརྟགས་པས་འགོག་པ་འཐོབ་སྟེ། དུས་བཞི་པོ་དག་ན་བྲལ་བའི་

ཐོབ་པའི་རྙེད་པ་ཐོབ་པ་རྙེད་དེ། དེ་ལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་བྲལ་བའི་ཐོབ་པའི་རྙེད་པ་ནི་དུས་བཞི་པོ་དག་ནའོ། །འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་དུས་གསུམ་པོ་དག་ནའོ། །གཟུགས་ན་སྤྱོད་པ་དང་གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་

བར་བྱ་བ་རྣམས་ཀྱི་དགྲ་བཅོམ་པའི་དུས་ནའོ། །གང་བར་མ་དོའི་སྤོང་བ་དེ་ནི་འབྲས་བུའི་ལམ་གྱིས་བསྡུས་པར་རིག་པར་བྱའོ། །མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། དེ་དང་ལྡན་པ་ཚོར་བ་ལ་སོགས་པ་ནི་མཐོང་བས་སྤང་བར་བྱ་བའི་ཐོབ་པའོ། །བསྒོམ་

པས་སྤང་བར་བྱ་བ་ཉོན་མོངས་པ་བཅུ་པོ་དག་དང་དེ་དག་དང་ལྡན་པའི་ཚོར་བ་ལ་སོགས་པ་དང་། རྣམ་པར་སྨིན་པ་ལས་བྱུང་བ་དང་། སྤྱོད་ལམ་པ་དང་། བཟོའི་གནས་དང་། སྤྲུལ་པའི་སེམས་དང་། གང་དགེ་བ་ཟག་པ་དང་བཅས་པ་དེ་དག་ཐམས་ཅད་ཀྱི་ནི་བསྒོམ་པས་སྤང་

Vol. 147 · folio 285b

བར་བྱ་བའི་ཐོབ་པའོ། །སྤང་བར་བྱ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ནི་བསྡུས་ཏེ་བསྒོམ་པས་སྤང་བར་བྱ་བའོ། །དྲི་མ་མེད་པའི་ལམ་གྱིས་ཐོབ་པའི་

སོ་སོར་བརྟགས་པས་འགོག་པའི་ནི་སྤང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །དེ་ནི་འཐོབ་པ་མེད་པ་བརྗོད་པར་བྱ་སྟེ། དེའི་མཚན་ཉིད་བཤད་པར་བྱའོ། །ཐོབ་པ་མེད་པ་ནི་ཐམས་ཅད་ཀྱང་ཉོན་མོངས་པ་ཅན་མ་ཡིན་ལ་ལུང་དུ་མ་བསྟན་པའོ། །དགེ་བ་མ་ཡིན་ཏེ་དགེ་བའི་རྩ་བ་ཆད་

པའི་དགེ་བའི་རྩ་བ་ཡང་ཆད་པར་མི་འགྱུར་ཏེ། དགེ་བའི་ཐོབ་པ་མེད་པ་ཡོད་པའི་ཕྱིར་རོ། །མི་དགེ་བ་ཡང་མ་ཡིན་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་ལ་ཐོབ་པ་མེད་པ་ཡོད་པའི་ཕྱིར་རོ། །མི་དགེ་བའི་ཆོས་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་ཐོབ་པ་མེད་པ་དེ་ནི་ཐོབ་པ་བཞིན་

དུ་བྱེ་བྲག་མང་དུ་མེད་དེ་རྣམ་པའི་ཁྱད་པར་དུ་མ་མེད་དོ། །འོན་ཀྱང་ཞིག་པ་ཞེས་བྱ་བ་ནི་འདས་པའི་ཆོས་རྣམས་ཏེ། ད་ལྟར་གྱི་དུས་ལས་རབ་ཏུ་ཞིག་པའི་ཕྱིར་རོ། །མ་སྐྱེས་པ་ཞེས་བྱ་བ་ནི་མ་འོངས་པ་རྣམས་ཏེ། དེ་ལྟར་གྱི་དུས་སུ་མ་ཕྱིན་པའི་ཕྱིར་རོ། །འདི་ལྟར་ཚོགས་ན་

གནས་སྐབས་ཀྱི་འབྲས་བུ་འབྱིན་གྱི་རྫས་ཀྱི་འབྲས་བུ་ནི་མ་ཡིན་ནོ། །དེ་ལ་འདས་པ་སྤངས་པ་རྣམས་ཀྱི་ཐོབ་པ་མེད་པ་ནི་དུས་གསུམ་པའོ། །དེ་བཞིན་དུ་མ་འོངས་པ་མ་ཕྱིན་པ་རྣམས་ཀྱི་ཡང་དུས་གསུམ་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་ནི་དུས་གཉིས་པ་སྟེ་འདས་པ་དང་མ་

འོངས་པའོ། །དེ་ཡང་ལུང་དུ་མ་བསྟན་པར་ཤེས་པར་བྱའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པར་རྟོགས་པ་རྣམས་ཀྱི་ནི་སོ་སོར་ཁམས་གསུམ་པའོ། །འདོད་པར་གཏོགས་པ་རྣམས་ཀྱི་ཁམས་གསུམ་པ་ནི་དེ་ལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡོན་ཏན་མ་ཐོབ་པ་

རྣམས་ཀྱི་དང་། འདོད་ཆགས་དང་མ་བྲལ་བས་མ་ཐོབ་པ་གཟུགས་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱི་དང་། ཐོས་པ་ལས་བྱུང་བ་རྣམས་ཀྱི་དང་། བསྒོམས་པ་ལས་བྱུང་བ་རྣམས་ཀྱི་དང་། གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱི་དང་། བསྒོམས་པ་ལས་

Vol. 147 · folio 286a

བྱུང་བ་རྣམས་ཀྱིའོ། །འདོད་པ་ན་སྤྱོད་པའི་གང་ཟག་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་དང་ཡང་ལྡན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་སྐྱེས་པའི་གང་ཟག་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་དང་ལྡན་པ་མ་ཡིན་ནོ། །དབང་པོ་རྟུལ་

པོ་ཡང་དབང་པོ་རྣོན་པོས་བསྡུས་པའི་དགེ་བ་རྣམས་དང་ལྡན་པ་མ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བས་འཐོབ་པ་རྣམས་ཀྱང་བསྒོམས་པ་ལས་བྱུང་བ་རྣམས་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པར་ཡང་ཇི་ལྟར་མཐུན་མཐུན་དུ་བརྗོད་པར་བྱའོ། །

ཁམས་གསུམ་པའི་དེ་ནི་ངོ་བོ་ཉིད་དུ་ན་གང་དུ་སྐྱེས་པ་དེ་ཉིད་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་གནས་ཀྱི་དབང་གིས་ནི་ཁམས་གསུམ་པར་རྣམ་པར་གཞག་གོ། །ཐོབ་པ་མེད་པ་ལ་ནི་དྲི་མ་མེད་པ་གང་ཡང་མེད་དོ། །གལ་ཏེ་ཡོད་པ་ལྟ་ན་ཟག་པ་མེད་པའི་ཆོས་དང་ལྡན་པའི་ཕྱིར་

འཕགས་པ་ཉིད་དུ་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ལ། སོ་སོའི་སྐྱེ་བོ་ཉིད་གང་ཡིན་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་བྱ་བ་དེ་ལ། འཕགས་པའི་ཆོས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་ནས་མི་སྐྱེ་བ་ཤེས་པའི་བར་དག་སྟེ། དེ་དག་

མ་ཐོབ་པའོ། །དེ་དག་ཀྱང་རིགས་གསུམ་གྱི་ཕྱིར་འཕགས་པ་ཉན་ཐོས་ནི་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རྒྱུན་དང་མི་ལྡན་པས་དེ་སོ་སོའི་སྐྱེ་བོར་འགྱུར་བ། དེ་བཞིན་དུ་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་ཡང་སོ་སོའི་སྐྱེ་བོ་ཡིན་པར་འགྱུར་རམ། དེ་ནི་ཐོབ་

པ་མེད་པས་གང་མ་ཐོབ་པའོ། །ཉིད་ཅེས་བྱ་བའི་སྒྲ་བརྗོད་དགོས་སོ། །མི་དགོས་ཏེ་ཚིག་གཅིག་གིས་བསྣན་པ་ཡང་ཡོད་དེ། དཔེར་ན་ཆུ་ཟ་རླུང་ཟ་ཞེས་བྱ་བ་ལྟ་བུའོ། །གང་དག་རྒྱུན་ལ་འཕགས་པའི་ཆོས་མ་སྐྱེས་པ་ནི་སོ་སོའི་སྐྱེ་བོ་ཉིད་དུ་འདོད་པ་དེ་དག་གི་ལྟར་ན་རྒྱུན་ལ་འཕགས་

པའི་ཆོས་འབྱུང་བ་ལས་འཕགས་པའི་ཆོས་ཀྱི་རྒྱུན་གཞན་མེད་དེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དེ་དག་ཉིད་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་རོ། །ཇི་སྟེ་མ་སྐྱེས་པ་ཙམ་རྫས་མེད་པ་ཡིན་ན་ནི། དེ་ལྟ་ན་གོ་མདོ་ལས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་སྡིག་པའི་ལས་མི་བྱེད་པ་

Vol. 147 · folio 286b

ཅི་ཡང་མེད་དོ་ཞེས་ང་སྨྲའོ་ཞེས་འབྱུང་བ་དང་འགལ་ལོ། །སོ་སོའི་སྐྱེ་བོ་ཉིད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ་ཞེས་མ་ཡིན་ནམ་འདི་ལ་ཉེས་པ་མེད་དེ། དཔེར་ན་སེང་གེ་མ་བསྒྲིབས་ཤིང་ལུང་དུ་མ་བསྟན་པའི་ཕུག་ཏུ་གནས་ཏེ། སྲོག་ཆགས་རྣམས་ལ་གནོད་པར་བྱེད་པ་དེ་བཞིན་

དུ་སོ་སོའི་སྐྱེ་བོ་ཉིད་ལ་གནས་ཏེ་སྡིག་པ་དག་རྩོམ་མོ། །ཐོབ་པ་མེད་པ་དེ་ནི་ཆོས་གང་གིས་ཐོབ་པ་མེད་པ་དེའི་དེ་རྙེད་ནས་རྣམ་པར་ཉམས་སོ། །སོ་སོའི་སྐྱེ་བོ་ཉིད་ཁམས་གསུམ་པ་ནི་འཕགས་པའི་ཆོས་ཐོབ་ནས་རྣམ་པར་ཉམས་སོ། །ཕྱི་རོལ་གྱི་ལམ་གྱིས་ནི་གོང་དུ་སྐྱེས་

ནས་འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བས་སྤོང་ངོ་། །དེ་བས་ན་བྱེ་བྲག་ཏུ་སྨྲ་བ་ལས་ཀྱང་འཕགས་པ་ནི་སྔར་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་ལ་ཕྱིས་སྤོང་ངོ་། །སོ་སོའི་སྐྱེ་བོ་ནི་སྔར་སོ་སོའི་སྐྱེ་བོ་ཉིད་སྤངས་ལ་ཕྱིས་

རྣམ་པར་ཉམས་སོ་ཞེས་འབྱུང་ངོ་། །དེ་ལ་ཐོབ་པ་བཅད་པ་ནི་རྣམ་པར་ཉམས་པའོ། །ཆོས་བཅད་པ་ནི་སྤངས་པའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བརྗོད་པར་བྱ་སྟེ། སྙོམས་པར་འཇུག་པ་འདི་ལ་འདུ་ཤེས་མེད་པས་ན་འདི་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་

པའོ། །ཡང་ན་འདུ་ཤེས་མེད་པར་སྙོམས་པར་འཇུག་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བས་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ། །

བསམ་གཏན་བཞི་པ་ནི་འབྲས་བུ་ཆེ་བས་བསྡུས་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་རྣམས་སོ། །དེ་དག་ནི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བ་འཇུག་པ་དང་མི་མཐུན་པའི་ཆོས་ཏེ་དེ་དང་མི་ལྡན་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སེམས་

དང་མི་མཐུན་པའི་སེམས་འབྱུང་བ་ནི་མ་ཡིན་ཏེ། འདི་ལྟར་རྒྱུ་ཟད་པས་འཇིག་པའམ་མི་མཐུན་པའི་རྐྱེན་ཡོད་པའི་ཕྱིར་གྲང་ན། རྒྱུ་ཟད་པ་ནི་མི་རིགས་ཏེ། སྙོམས་པར་འཇུག་པ་ཟག་པ་དང་བཅས་པའི་ཕྱིར་རོ། །སེམས་དང་མི་མཐུན་པའི་རྐྱེན་ཡོད་པ་ཡང་མི་འཐད་དོ། །དེ་ཆུང་

Vol. 147 · folio 287a

བའམ་ཁྱད་པར་ཅན་ཞིག་ཏུ་འབྱུང་གྲང་ན་ཆུང་བ་ནི་ཉམ་ཆུང་བའི་ཕྱིར་མི་མཐུན་པ་མི་སྐྱེད་དོ། །ཁྱད་པར་ཅན་ནི་རིགས་འདྲ་བའི་ཕྱིར་དངོས་པོ་མི་སྐྱེད་དེ། དཔེར་ན་མེ་ལྕེ་བདག་ཉིད་འགག་པར་མི་བྱེད་དེ་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེ་བས་ན་འགལ་

བའི་ཆོས་གཞན་གང་གིས་དུས་གཞན་ན་མི་སྐྱེ་བ་ཐོབ་པ་སྟེ། དེ་སྙོམས་པར་འཇུག་པ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་འགག་གོ། །ཅིའི་ཕྱིར་འདུ་ཤེས་ཀྱི་སྒོ་ནས་བསྟན་ཅེ་ན། འདུ་ཤེས་གཞིག་པའི་ཕྱིར་དེ་སྐྱེད་པའི་ཕྱིར་རོ། །མདོ་སྡེ་ལས་ཀྱང་

འདུ་ཤེས་ནི་ནད་ལྟ་བུའོ། །འདུ་ཤེས་ནི་འབྲས་ལྟ་བུའོ། །འདུ་ཤེས་ནི་གསལ་ཤིང་ལྟ་བུའོ། །དེ་ལྟར་འདུ་ཤེས་མེད་པ་དེ་ནི་ཞི་བའོ། །དེ་ནི་གྱ་ནོམ་པའོ་ཞེས་གསུངས་སོ། །དཔེས་སྟོན་ཏེ། ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ། །དེ་ཡང་དགེ་བ་ཟག་པ་དང་བཅས་པ་སྟེ།

ཡིད་དུ་འོང་བའི་སྲིད་པ་མངོན་པར་འགྲུབ་པའི་ཕྱིར་རོ། །རྫས་མེད་པ་ནི་དགེ་བ་ཉིད་དུ་མི་རུང་ངོ་། །བསམ་གཏན་བཞི་པས་བསྡུས་པ་ནི་བསམ་གཏན་བཞི་པའི་ངོ་བོ་ཉིད་དེ། ས་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །འཕགས་པའི་རྒྱུད་མ་ཡིན་ནོ། །ཅིའི་ཕྱིར་

དེ་འཕགས་པའི་རྒྱུད་ལ་མེད་ཅེ་ན། དེའི་ཕྱིར་འཐད་པ་གཞན་བརྗོད་དེ། བྱིས་པ་ཐར་པའི་འདུ་ཤེས་ཅན་དག་དེ་སྐྱེད་དེ། འཕགས་པ་དག་ནི་སྲིད་པ་ལས་འབྱུང་བའི་འདུ་ཤེས་ཅན་དུ་མི་འགྱུར་ཏེ། སྲིད་པས་སྲིད་པ་ལས་མི་འབྱུང་བ་དང་ཐར་པ་དང་ཐར་པའི་ལམ་མངོན་སུམ་དུ་གྱུར་

པའི་ཕྱིར་རོ། །འཕགས་པའི་ལམ་གྱི་བར་དུ་གཅོད་པའི་ཕྱིར། །འཕགས་པ་རྣམས་ཀྱིས་ནི་དེ་ངན་སོང་གི་གནས་ལྟ་བུར་དགོངས་པའོ། །དེའི་ཕྱིར་དེ་ཐོབ་པ་ནི་ངེས་པར་གྱུར་པ་ལ་མི་འཇུག་གོ། །དེའི་རྣམ་པར་སྨིན་པ་ལ་མྱོང་བར་ངེས་པས་འདི་ནི་མྱོང་བར་འགྱུར་བས་ངེས་པ་སྟེ།

གདོན་མི་ཟ་བར་འབྲས་བུ་འབྱིན་པའི་ཕྱིར་རོ། །འདིས་ནི་འདིའི་མྱོང་བར་འགྱུར་བ་མ་ངེས་པ་ཉིད་སྤོང་ངོ་། །སྐྱེས་ནས་མྱོང་བར་འགྱུར་བ་ཉིད་དེ་དུས་གཞན་མ་ཡིན་ནོ། །འདིས་ཡོངས་སུ་རྫོགས་པར་བྱེད་པ་ཡིན་གྱི་འཕེན་པ་མ་ཡིན་ཏེ། སེམས་མེད་པའི་ཕྱིར་རོ། །སེམས་

Vol. 147 · folio 287b

དང་སེམས་ལས་བྱུང་བ་འགོག་པའི་བདག་ཉིད་དུ་འདུ་ཤེས་མེད་པའི་འབྲས་བུ་གང་ཡིན་པ་མྱོང་བ་དེ་སྐྱེས་ནས་མྱོང་བར་འགྱུར་བ་སྟེ། འདིས་ནི་འདིའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྤོང་ངོ་། །འདི་ནི་འབད་པས་འཐོབ་ཀྱི་ཞེས་བྱ་བ་ནི་སྦྱོར་བའི་སྟོབས་ཀྱིས་བསྒྲུབ་པའི་

ཕྱིར་རོ། །འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ་ཙམ་གྱིས་འཐོབ་པ་མ་ཡིན་ཏེ་མ་གོམས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི་འགོག་པས་ན་འགོག་པའོ། །སེམས་དང་སེམས་ལས་

བྱུང་བའི་ཆོས་རྣམས་ནི་དགག་པར་བྱ་བའོ། །འགོག་པའི་སྙོམས་པར་འཇུག་པ་ནི་རྫས་ཡིན་ཏེ་སྙོམས་པར་འཇུག་པའི་རྫས་དེས་མ་འོངས་པའི་དུས་གཞན་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཡང་དག་པར་འགག་སྟེ། འབྱུང་བ་མི་རྙེད་ཅེས་བྱ་བའི་ཐ་ཚིག་གོ། །ཅི་ཡང་

མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་གཟུགས་མེད་པ་གསུམ་པའི་འདོད་ཆགས་དང་བྲལ་བའོ། །སྲིད་པའི་རྩེ་མོའི་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ས་པའོ། །ཇི་ལྟར་ན་སེམས་མེད་པའི་སྙོམས་པར་འཇུག་པར་འགྱུར། སྨྲས་པ།

འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བྱེད་པས་སོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་ནི་གཅིག་ཏུ་མཁྲེགས་པར་གྱུར་པ་སྟེ། དེའི་ཕྱིར་རྡོ་རྗེས་ཀྱང་ཤིགས་པར་མི་ནུས་སོ། །ཇེ་ཕྲ་ཇེ་ཕྲ་ནས་སྲིད་པའི་རྩེ་མོའི་སེམས་ཀྱི་འོག་ཏུ་རྙེད་པ་ཡིན་ཏེ། དེའི་ཕྱིར་སྲིད་པའི་རྩེ་མོ་པ་སྟེ་དགེ་བ་དང་

སྐྱེ་གནས་པ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་། མྱོང་བར་འགྱུར་བར་མ་ངེས་པ་སྟེ་ཞེས་བྱ་བ་སྨོས་ཏེ། དགེ་བ་དང་དགེ་བ་ཟག་པ་དང་བཅས་པའོ། །སྐྱེས་ནས་མྱོང་བ་ནི་ཕྱིར་མི་འོང་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་

ནི་ཕྱིར་མི་འོང་བ་ཡོངས་སུ་ཉམས་པའི་ཆོས་ཅན་གྱིའོ། །ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་འབྱུང་བས་སྐྱོ་ནས་ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དེ་ལ་འཇུག་སྟེ། བདེ་བ་འཐོབ་པར་བྱ་བའི་ཕྱིར་རྣལ་འབྱོར་པ་སྙོམས་པར་

Vol. 147 · folio 288a

འཇུག་གོ། །དེ་མེད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་མེད་པའི་ཕྱིར་རོ། །ཆད་ཀྱིས་འཇིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་ལ་ཐར་པའི་འདུ་ཤེས་མེད་པས་སེམས་དང་སེམས་ལས་བྱུང་བའི་འགོག་པ་ལ་བྱིས་པ་དག་ཆད་པར་སེམས་ཏེ་སྐྲག་གོ། །ཆོས་གཞན་

ཞེས་བྱ་བ་འདིས་ནི་སེམས་དང་སེམས་ལས་བྱུང་བ་འགོག་པ་ཙམ་ལ་འདུ་ཤེས་མེད་པ་པར་མི་འདོད་དོ། །རྣམ་པར་སྨིན་པ་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུས་བཏགས་པའི་ཕྱིར་ཏེ། འདིར་རྣམ་པར་སྨིན་པའི་རྒྱུ་ལ་རྣམ་པར་སྨིན་པའི་སྒྲར་བརྗོད་དོ། །དེ་ལས་བྱུང་བ་ནི་རྣམ་པར་

སྨིན་པ་ལས་བྱུང་བའོ། །དེ་ཉིད་དཔྱད་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་སྨོས་སོ། །བསམ་གཏན་དང་པོའི་ཕྱོགས་གཅིག་ཅེས་བྱ་བ་ནི། བསམ་གཏན་ཐོག་མའི་ཕྱོགས་གཅིག་སྟེ། བསམ་གཏན་དང་པོའི་ཕྱོགས་

གཅིག་ཉིད་ལ་བསམ་གཏན་ཁྱད་པར་ཅན་ཞེས་བྱའོ། །འདུ་ཤེས་པ་ཡང་དེ་དང་འདྲའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བའི་དུས་ལས་གཞན་གྱི་དུས་ནའོ། །ཡུན་རིང་དུ་གཉིད་ཀྱིས་ལོག་པ་ལས་ལངས་པ་བཞིན་དུ་ཞེས་བྱ་བ་འདིས་ནི། སྙོམས་པར་འཇུག་པ་

འདི་ལས་ལངས་པ་རྣམས་ཀྱི་བྱ་བ་མི་གསལ་བར་སྟོན་ཏོ། །འདོད་པའི་ཁམས་རྣམས་སུ་སྐྱེ་བའི་རྒྱུ་བསྟན་པའི་ཕྱིར་དེར་སྐྱེས་པ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཆེ་བ་རྣམས་སུ་སྐྱེས་པ་རྣམས་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོད་པའི་ཕྱིར་ཏེ། ཏེ་ཞེས་

བྱ་བ་ནི་དེ་ལན་གྲངས་ཀྱང་ཡིན་ལ་གཞན་ཡང་ཡིན་པས་ལན་གྲངས་གཞན་ནོ། །དེ་འདོད་པ་ཡང་ཡིན་ལ་ལན་གྲངས་གཞན་ན་མྱོང་བར་འགྱུར་བ་ཡང་ཡིན་པས་འདོད་པར་གཏོགས་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། ཚེ་གཉིས་ལ་སོགས་པ་ན་སྤྱོད་པར་འགྱུར་ཞེས་བྱ་

བའི་ཐ་ཚིག་གོ། །དེ་ནི་འདི་སྐད་དུ་འདོད་པའི་ཁམས་སུ་རྣམ་པར་སྨིན་པ་འཕེན་པའི་ལས་ཡོད་པའི་ཕྱིར་རོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་བྱ་བ་ལ། ཁམས་རྣམ་པ་གསུམ་ནི་ཁམས་གསུམ་པའོ། །

Vol. 147 · folio 288b

འགྲོ་བའི་ཕྱིར་ཚེ་ཞེས་བྱ་སྟེ། ཤིན་ཏུ་མྱུར་དུ་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་ཚེའི་འདུ་བྱེད་ནི་ལྷའི་བུ་འགྲོ་བའི་སྙིང་པོ་ཅན་རྣམས་ཀྱི་ཤུགས་པས་ཀྱང་ཆེས་མྱུར་དུ་འགག་གོ་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །སྔོན་གྱི་ལས་ཞེས་བྱ་བ་ལ་སོགས་པ་ནི་ཚེ་རབས་སྔ་མ་དག་ན་

ལས་གང་བྱས་པ་དེས་འཕགས་པ་ནི་བསྐྱོད་དེ་བཏང་བའོ། །དེ་གང་ཞེ་ན། སྐྱེ་མཆེད་དྲུག་པོ་མིག་ལ་སོགས་པའོ། །སྐྱེ་མཆེད་དྲུག་གི་རྒྱུན་ཞེས་བྱ་བ་འདིས་སྟོན་ཏོ། །རྒྱུན་ནི་རབ་ཏུ་འབབ་པ་སྟེ་རྒྱུད་དོ། །རིས་མཐུན་པས་བསྡུས་པ་འདྲ་བའི་ཕུང་པོ་འབྱུང་ངོ་། །དེའི་འབྲེལ་

པས་ནི་རྒྱུན་མི་འཆད་པའོ། །དེའི་གནས་པ་ནི་འབྲེལ་པས་བསྡུས་པ་རབ་ཏུ་འབབ་པ་གནས་པའོ། །དེའི་རྒྱུར་གྱུར་པ་ནི་བྱེད་རྒྱུར་གྱུར་པའོ། །འགྲོ་བར་གདགས་པའི་རྒྱུ་ཞེས་བྱ་བ་ལ། འགྲོ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དེ་གདགས་པ་ནི་འགྲོ་བར་གདགས་

པའོ། །འདོགས་པའི་ཕྱིར་འདོགས་པ་དང་། གདགས་པར་བྱ་བའི་ཕྱིར་དེ་གདགས་པ་སྟེ་འགྲོ་བ་བསྟན་པའོ། །གང་དང་ལྡན་ན་འབྱུང་བ་དང་འཇིག་པ་སྐད་ཅིག་ལ་གནས་པའི་འདུ་བྱེད་རྣམས་ལ་ཡང་སེམས་ཅན་དམྱལ་བ་ལ་སོགས་པར་བསྟན་པ་འཐོབ་པ་དེ་ནི་སྲོག་གི་དབང་པོ་

ཞེས་བྱའོ། །འདིར་ཆོས་མངོན་པ་ལས་ཀྱང་ཞེས་བྱ་བས་ནི་ལུང་གིས་བསྟན་ཏོ། །སྐྱེ་མཆེད་དྲུག་གི་རྒྱུན་འབྲེལ་པ་གནས་པའི་རྒྱུ་དེ་ནི། ཚེ་དང་དྲོད་དང་རྣམ་པར་ཤེས། །ཞེས་བྱ་བ་འདིས་བསྟན་ཏོ། །འགྲོ་བར་གདགས་པའི་རྒྱུ་ཉིད་བསྟན་པའི་ཕྱིར། རྣམ་པར་སྨིན་པ་མངོན་པར་གྲུབ་ན་ཞེས་བྱ་བ་

སྨོས་ཏེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་སྲོག་གི་དབང་པོར་བསྟན་ཏོ། །རིགས་པས་སྲོག་གི་དབང་པོ་རྫས་སུ་ཡོད་པར་བསྟན་པར་འདོད་ནས་སྲོག་གི་དབང་པོ་མ་གཏོགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་པོ་གཞན་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། དེ་དག་ནི་གཟུགས་མེད་པའི་ཁམས་ན་

མེད་པའི་ཕྱིར་ཁམས་གསུམ་པ་ལ་ཁྱབ་པ་མ་ཡིན་ནོ། །དད་པ་ལ་སོགས་པའི་དབང་པོ་ཁམས་གསུམ་པ་ལ་ཁྱབ་པ་ཡིན་དུ་ཟིན་ཀྱང་ཉོན་མོངས་པ་ཅན་ལ་སོགས་པའི་སེམས་ཀུན་དུ་འབྱུང་བ་ན་དེ་དག་མེད་པའི་ཕྱིར་ཚེའི་རྒྱུན་མི་འཆད་པར་འཇུག་པ་མ་ཡིན་ནོ། །ཚེ་ནི་ཁམས་གསུམ་པ་ལའང་ཁྱབ་པ་ལ་སྐྱེ་བ་རྒྱུན་མི་

Vol. 147 · folio 289a

འཆད་པར་འཇུག་པ་སྟེ། དེའི་ཕྱིར་དེའི་དབང་པོ་གཞན་དག་ལས་དོན་གཞན་རྫས་སུ་ཡོད་པ་ཉིད་དོ། །གཟུགས་མེད་པར་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་ལ་དགེ་བའི་སེམས་མངོན་དུ་བྱེད་པ་ནི་དད་པ་ལ་སོགས་པའོ། །བསྒྲིབས་པའི་སེམས་མངོན་དུ་

བྱེད་པ་ནི་འདོད་ཆགས་ལ་སོགས་པའི་སེམས་མངོན་དུ་བྱེད་པའོ། །ས་འོག་མ་པའི་ཟག་པ་མེད་པའི་སེམས་མངོན་དུ་བྱེད་པ་ནི་སྲིད་པའི་རྩེ་མོར་སྐྱེས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་ཟག་པ་མེད་པའི་སེམས་མངོན་དུ་བྱེད་པའོ། །འགྲོ་བར་གདགས་པའི་རྒྱུའི་ཆོས་ཉིད་འགྲོ་

བར་གདགས་པའི་རྒྱུའི་ཆོས་ཏེ་སྲོག་གི་དབང་པོའོ། །མེད་དུ་ཟིན་ན་ཞེས་བྱ་བ་ནི་གལ་ཏེ་སྲོག་གི་དབང་པོ་མེད་པར་གྱུར་ན་དེའི་ཚེ་གཟུགས་མེད་པའི་ཁམས་ཀྱི་དགེ་བ་ལ་སོགས་པའི་གནས་སྐབས་ན་འཇིག་པ་དང་སྐྱེ་བར་ཐལ་བར་འགྱུར་རོ། །འདོད་པ་དང་གཟུགས་ཀྱི་ཁམས་སུ་ལུས་ཀྱི་དབང་པོ་ལ་

སོགས་པ་འཐོབ་པ་དང་། དེའི་རྒྱུན་འཆད་པ་གཉིས་ཀྱིས་སྐྱེ་བ་དང་འཆི་འཕོ་བ་བརྟག་པར་ནུས་ལ། གཟུགས་མེད་པ་ན་མ་ཡིན་པས་དེའི་ཕྱིར་གཟུགས་མེད་པ་བརྗོད་དོ།། །།ཆོས་མངོན་པ་ལ་འཇུག་པ་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། བམ་པོ་ལྔ་པ་སྟེ་ཐ་མ། སྐལ་བ་

མཉམ་པ་ཉིད་ནི་སེམས་ཅན་རྣམས་ཀྱི་དོན་གཅིག་ལ་འདོད་པའི་རྒྱུའོ་ཞེས་བྱ་བ་ལ། སེམས་ཅན་རྣམས་ཞེས་བྱ་བ་འདིས་ནི་སེམས་ཅན་ཞེས་བརྗོད་པ་མ་ཡིན་པ་རྩ་ལ་སོགས་པ་སེལ་ཏོ། །དེ་ནི་དོན་ཀྱང་ཡིན་ལ་གཅིག་ཀྱང་ཡིན་པས་དོན་གཅིག་སྟེ། དེ་ནི་བདག་ལ་ཆགས་པ་ལ་སོགས་པའོ། །དེ་ལ་འདོད་པ་

ནི་མངོན་པར་འདོད་པའོ། །འདོད་པའི་རྒྱུ་གང་ཡིན་པ་དེ་ཉིད་ནི་སྐལ་བ་མཉམ་པ་ཉིད་དོ། །དེ་ལ་བརྟེན་པ་མཐུན་པ་ནི་སྐལ་བ་མཉམ་པ་སྟེ་སྤྱོད་པ་མཐུན་པའི་རང་བཞིན་ནོ། །དེའི་དབང་པོ་ནི་སྐལ་བ་མཉམ་པ་ཉིད་དེ་འགྲོ་བ་གཅིག་ཏུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ལུས་དང་དབང་པོ་དང་དབྱིབས་དང་སྤྱོད་པ་དང་ཁ་ཟས་ལ་

སོགས་པ་འདྲ་བའི་རྒྱུ་སྟེ། ཕན་ཚུན་མངོན་པར་དགའ་བ་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ །བདག་ལ་ཆགས་པ་ཞེས་བྱ་བ་ནི་བདག་ལ་སྲེད་པའོ། །ཁ་ཟས་ནི་རྣམ་པ་བཞི་སྟེ། ཁམ་གྱིས་ཟ་བ་དེ་རགས་པ་དང་ཕྲ་བའོ། །རགས་པ་ནི་ཁམ་དུ་བྱས་ནས་ཟ་བའོ། །ཕྲ་བ་ནི་བཀྲུ་བ་དང་བསྐུ་བ་དང་གཏོར་བ་ལ་སོགས་

Vol. 147 · folio 289b

པ་སྟེ། དེ་ནི་དྲི་དང་རོ་དང་རེག་བྱའི་ངོ་བོ་ཉིད་དོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལས་སྐྱེས་པའི་རེག་པའོ། །ཡིད་ཀྱིས་ཀུན་དུ་སེམས་པ་ནི་ཡིད་ཀྱི་ལས་ཏེ། གདགས་པ་ལས་ཇི་སྐད་དུ་སྒོ་ང་གང་དག་མ་ལ་དྲན་པ་བརྗེད་པ་མེད་པ་དེ་དག་རུལ་བར་མི་འགྱུར་

རོ། །རྣམ་པར་ཤེས་པ་ནི་གང་སྲིད་པ་མངོན་པར་འགྲུབ་པར་བྱེད་པའོ། །དེ་ལ་ཁམ་གྱིས་ཟ་བ་ནི་དབང་པོ་རྣམས་རྒྱས་པར་བྱེད་པའོ། །རེག་པ་ནི་རྟེན་པའི་རྣམ་པར་ཤེས་པ་རྒྱས་པར་བྱེད་པའོ། །དེ་གཉིས་ཀྱིས་བཙས་པར་འགྱུར་བ་ལ་ཕན་པར་བྱེད་པའི་ཕྱིར་མ་མ་ལྟ་བུའོ། །

ཡིད་ཀྱིས་ཀུན་དུ་སེམས་པ་ནི་ཡང་སྲིད་པ་འཕེན་པའོ། །དེ་ལྟར་འཕངས་པར་ཟད་ལ་ཐོབ་པ་ནི་མ་ཡིན་ཏེ། རྒྱུན་ལ་ཡོངས་སུ་བསྒོས་པའི་ཕྱིར་ཡང་སྲིད་པར་སྐྱེ་བར་རྣམ་པར་ཤེས་པའི་ནུས་པ་སྟེ། དེ་གཉིས་ནི་སྐྱེས་པའི་མ་ལྟ་བུ་སྟེ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཁ་ཟས་

འདོད་པར་སེམས་ཅན་སོ་སོར་མཐུན་པ་ཞེས་བྱ་བ་འདིས་ནི་སེམས་ཅན་སྐལ་བ་མཉམ་པ་ཉིད་ཐ་དད་པ་མ་ཡིན་པར་སྡུད་དོ། །སོ་སོར་ཞེས་བྱ་བའི་སྒྲ་ནི་ཁྱབ་པར་འདོད་པའི་ཚིག་སྟེ། སེམས་ཅན་སེམས་ཅན་ཞེས་སོ་སོར་གནས་པའོ། །གལ་ཏེ་གཅིག་པར་གྱུར་དུ་ཟིན་ན་ནི་

སེམས་ཅན་རྣམས་ཀྱི་འགྲོ་བ་འདྲེས་པར་འགྱུར་རོ། །ཐ་དད་པ་ནི་ཞེས་བྱ་བ་ནི་སེམས་ཅན་ཁམས་ལ་སོགས་པ་ཐ་དད་པ་རྣམས་ཀྱི་སོ་སོ་བ་སྟེ་རྣམ་པར་སྨིན་པ་ལས་བྱུང་བའི་སྤྱོད་པ་སྟོན་པའོ། །དགེ་སློང་ལ་སོགས་པའི་བྱེ་བྲག་གི་ཐ་དད་པ་དེ་རྣམས་ཀྱི་ཞེས་བྱ་བ་ནི་རྒྱུ་མཐུན་པ་

སྟོན་ཏོ། །དོན་གཅིག་ལ་འདོད་པའི་ངེས་པའི་རྒྱུའོ་ཞེས་བྱ་བ་ནི་ཐམས་ཅད་ལ་ཐམས་ཅད་འདོད་པ་མ་ཡིན་ཏེ། དཔེར་ན་བྲམ་ཟེ་རྣམས་ནི་མཆོད་སྦྱིན་ལ་སོགས་པའི་ཆོ་ག་འདོད་ཀྱི། གཞན་དག་ནི་མ་ཡིན་པ་ལྟ་བུའོ། །རྣམ་པར་དབྱེ་བའི་རྒྱུ་ནི་སྐལ་བ་མཉམ་པ་ཉིད་དེ།

དེ་མེད་དུ་ཟིན་ན་ནི་འཕགས་པ་དང་འཕགས་པ་མ་ཡིན་པ་བྱེ་བྲག་མེད་པར་འགྱུར་རོ། །འཕགས་པའི་སྐལ་བ་མཉམ་པ་ཉིད་ནི་འཕགས་པ་མ་ཡིན་པ་རྣམས་ལ་མེད་དེ། དེའི་ཕྱིར་འཕགས་པ་མ་ཡིན་པ་འཕགས་པའི་གྲངས་སུ་མི་ཆུད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་སོ་སོའི་སྐྱེ་

Vol. 147 · folio 290a

བོ་རྣམས་ཀྱི་ཡིན་གྱི་འཕགས་པ་རྣམས་ཀྱི་ནི་མ་ཡིན་ནོ། །སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཀྱང་སོ་སོའི་སྐྱེ་བོ་རྣམས་ཉིད་ཀྱི་ཡིན་གྱི་འཕགས་པ་རྣམས་ཀྱི་མ་ཡིན་ཏེ། དེའི་ཕྱིར་སོ་སོའི་སྐྱེ་བོ་ཉིད་དོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་སྐལ་བ་མཉམ་པར་འགྱུར་རོ། །དེའི་ཕྱིར་སྐལ་བ་

མཉམ་པ་ཉིད་བསྟན་པའི་ཕྱིར། དོན་གཅིག་ལ་འདོད་པའི་ངེས་པའི་རྒྱུའི་ཞེས་བྱ་བ་སྨོས་ཏེ། མཐུན་པའི་བྱེད་པའོ། །དེ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་ཉིད་དོ། །མེད་དུ་ཟིན་ན་ཞེས་བྱ་བ་ནི་ཡོད་པར་མ་གྱུར་ནའོ། །འཕགས་པ་ཞེས་བྱ་བ་ལ་འཕགས་པ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་

ཀྱི་ཉན་ཐོས་རྣམས་ཏེ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བས་འཕགས་པ་ཞེས་བྱའོ། །འཕགས་པ་མ་ཡིན་པ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །འཇིག་རྟེན་གྱི་ཐ་སྙད་ལ་གནས་པ་ཟག་པ་དང་བཅས་པའི་སེམས་ཡོད་པ་རྣམས་འདྲེས་པའི་སྐྱོན་དུ་འགྱུར་རོ། །དེ་བས་ན་འཆི་འཕོ་ཞིང་སྐྱེ་ལ།

དེ་སྐལ་བ་མཉམ་པ་ཉིད་མི་འདོར་བ་ཡང་ཡོད་དེ། གང་དུ་ཤི་བ་དེ་ཉིད་དུ་སྐྱེ་བའོ། །འཆི་འཕོ་བ་ཡང་མེད་ཅིང་སྐྱེ་བ་ཡང་མེད་ལ། དེ་སྐལ་བ་མཉམ་པ་ཉིད་མི་འདོར་བ་ཡང་ཡོད་དེ་ངེས་པར་གྱུར་པ་ལ་ཞུགས་པའོ། །དེ་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་བོར་ཏེ། འཕགས་པའི་སྐལ་བ་མཉམ་པ་

ཉིད་ཐོབ་པའོ། །འཆི་འཕོ་ཞིང་སྐྱེ་ལ་སྐལ་བ་མཉམ་པ་ཉིད་འདོར་བ་ནི་མིའི་ནང་ནས་ཤི་འཕོས་ནས་ལྷའི་ནང་དུ་སྐྱེ་བའོ། །འཆི་འཕོ་ཡང་མེད་ཅིང་སྐྱེ་བ་ཡང་མེད་ལ་སྐལ་བ་མཉམ་པ་ཉིད་ཀྱང་མི་འདོར་ཞིང་། འཐོབ་པ་ཡང་མེད་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་གསུངས་སོ། །བསྟན་བཅོས་

ལས་ངེས་པར་གྱུར་པ་ལ་ཞུགས་པ་ནི་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་འདོར་ཞིང་འཕགས་པའི་སྐལ་བ་མཉམ་པ་ཉིད་འཐོབ་པོ་ཞེས་འབྱུང་བས་དེའི་ཕྱིར། སོ་སོའི་སྐྱེ་བོ་ཉིད་དང་། སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ལ་ཐ་དད་དུ་བྱེད་པ་ཅི་ཡོད་ཅེས་དྲིས་སོ། །འདོད་པ་མཐུན་པ་ནི་འདོད་པ་འདྲ་བ་སྟེ།

སྐལ་བ་མཉམ་པ་ཉིད་ཅེས་བཤད་དོ། །སོ་སོའི་སྐྱེ་བོ་ཉིད་ནི་གནོད་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ་ཞེས་བྱ་བ་ནི་རིགས་སུ་གྱུར་པའོ། །དོན་དེ་ཉིད་བསྟན་པའི་ཕྱིར། དགེ་སློང་དག་བྱིས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ནས་ཀྱང་གལ་ཏེ་འདིར་འོང་ན་ནི་ཞེས་འབྱུང་བ་ནི་འཇིག་རྟེན་འདིར་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words