ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ

Sanskrit title (Tibetan script, as in the text) ཨུ་དཱ་ན་བརྒ་བི་བ་ར་ཎ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 149 · folio 57b

བདག་མ་དུལ་ན་ནི་གཞན་གདུལ་བར་མི་ནུས་སོ། །བདག་ཉིད་དུལ་བ་སྔོན་དུ་འགྲོ་བས་ནི་གཞན་དུལ་བ་ལས་ཀུན་དུ་ཉོན་མོངས་པའི་རྒྱུ་མ་ཡིན་པར་བསྟན་པའི་ཕྱིར། བདག་ཉིད་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་བདག་ཉིད་དུལ་བའི་རིམ་པའི་ཚུལ་དུ་གནས་ན་ཀུན་དུ་

ཉོན་མོངས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། བདག་ཉིད་མཁས་པ་ལམ་བཟང་པོ་ལ་གནས་པར་བྱས་ནས་དུས་གཞན་ན་སེམས་ཅན་གཞན་ལ་འདོམས་ཤིང་འདུལ་བར་བྱེད་པ་ཡིན་ཏེ། །ལམ་བཟང་པོ་དེ་ལ་འཛུད་པར་བྱེད་དོ། །ཉོན་མི་མོངས་ཞེས་བྱ་བ་ནི་གདུང་བར་མི་འགྱུར་བས་ཏེ།

བདག་དང་གཞན་མི་ཉམས་པའོ། །གཞན་དག་ཏུ་ནི་ཀུན་ནས་ཉོན་མི་མོངས། །ཞེས་བརྗོད་དེ། གདུང་བ་སྲེལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་ཉོན་མོངས་པར་མི་འགྱུར་ཞེ་ན། །བདག་ལ་ཞེས་བྱ་བ་ནི་རང་ཉིད་དོ། །དེ་བས་ན་འདི་ལྟར་གང་དང་གང་གཞན་གདུལ་བར་འདོད་ན་

ནི་དེ་དང་དེར་དང་པོར་བདག་ཉིད་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་བྱ་ཞེས་བྱ་བ་ནི་དེ་ལྟ་བུའི་ལས་ལ་འབད་པ་དང་ཡོན་ཏན་དེ་ལྟ་བུ་བསགས་པར་བྱ་པའོ། །ཇི་ལྟར་བྱས་བཞིན་གཞན་དག་ལ། །ཞེས་བྱ་བ་ནི་རྣམ་པ་གང་གིས་ལས་གང་གཞན་ལ་སློབ་པ་དེ་ཡང་བདག་ཉིད་

དང་པོར་བྱེད་པ་ཉིད་ཀྱིས་སོ། །འདིར་རྒྱུ་བསྟན་པའི་ཕྱིར། ཇི་ལྟར་ཉེ་བར་ཞི་བ་ཞེས་བྱ་བ་ནི་དབང་པོ་རྣམས་དུལ་བའི་ཕྱིར་ཏེ། བདག་ཉིད་མ་དུལ་བའི་སེམས་འདུལ་བའི་ཕྱིར་རོ། །སྔ་མས་ནི་ཉོན་མོངས་པ་དགག་པའི་ཐབས་བསྟན་པའོ། །འདིས་ནི་རྩ་བ་ནས་སྤོང་བའི་ཐབས་བསྟན་ཏོ། །

གདུལ་བར་བྱ་ཞེས་བྱ་བ་ནི་སེམས་ཅན་དག་བསྟན་པ་ལ་གཟུད་པ་གཞན་དག་བདེ་བར་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་སྟེ། ཚིག་གཟུང་བར་འོས་པ་ཡིན་ནོ་ཞེས་དགོངས་སོ། །གང་ལ་དབང་པོ་དུལ་བ་དང་སེམས་དུལ་བ་དང་ཡོད་པ་དེ་ནི་ལྷ་རྣམས་ཀྱིས་ཀྱང་གཟུང་བས་འོས་པའི་ཚིག་

ཏུ་འགྱུར་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཇི་ལྟར་བདེ་བར་དུལ་བ་ཡིན་ཞེ་ན། བདག་ལ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བདག་གིས་མྱོང་བ་བསྟེན་ཅིང་བྱས་པའི་སྒྲས་སོ། །གང་གིས་གཞན་བདེ་བར་འགྱུར་ཞེ་ན། །ཀྱེ་མ་བདག་རང་ལེགས་དུལ་བ། །ཞེས་བྱ་བ་ཇི་ལྟར་

Vol. 149 · folio 58a

བདག་གིས་གཉེན་པོའི་ཁྱད་པར་ལ་བསྒོམས་པས་བདག་ཉིད་དུལ་བར་གྱུར་ནས། ཀྱེ་མའོ་ཁྱེད་ཅག་གིས་ཀྱང་དེ་བཞིན་དུ་གཉེན་པོ་བསྒོམས་ན་ནི་རིང་པོ་མི་ཐོགས་པར་ལེགས་པར་དུལ་བར་འགྱུར་བའི་ཕྱིར་རོ། །ངེས་པར་བདག་དུལ་བར་བྱ་བ། ཅིའི་ཕྱིར་ཞེ་ན།

བདག་ཉིད་དུལ་བས་མཁས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མཁས་པ་ནི་བདག་ཉིད་དུལ་བ་ཡིན་ཏེ། དེ་མ་ཡིན་ན་ནི་མཁས་པ་དོན་མེད་པར་འགྱུར་རོ། །གལ་ཏེ་གཞན་མང་པོ་ལ་ཡང་ཕན་གདགས་པར་བྱ་བ་ཡང་ཡིན་ལ་བདག་ལ་ཡང་ཕན་གདགས་པར་བྱ་དགོས་པ་ཡིན་

ན། དེའི་ཚེ་མཁས་པས་དང་པོར་གང་ཞིག་ལ་འབད་པར་བྱ་བ་ཡིན་ཞེ་ན་སྨྲས་པ། བདག་གི་དོན་ཕྱིར་གཞན་དོན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་དགེ་སློང་ཞིག་འགའ་ཞིག་ལས་ཆོས་ཀྱི་ཚིག་ཉུང་ཟད་ཐོས་ཏེ། གྲོང་དུ་འཇུག་ཅིང་ཉུང་ངུ་ཉུང་ངུས་བྲམ་

ཟེ་དང་ཁྱིམ་བདག་རྣམས་ལ་སྟོན་པར་བྱེད་དེ། བྱ་བ་གཞན་མི་བྱེད་པ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །གཞན་གྱི་དོན་སྤངས་ནས་བདག་ཉིད་ཀྱི་དོན་བྱ་སྟེ། དེའི་དོན་དུ་དབང་པོ་དུལ་བ་ལ་སོགས་པའི་མཚན་ཉིད་ཕན་པར་བྱེད་པ་ནི་གཏང་བར་མི་བྱ་ཞིང་དོར་བར་མི་

བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཞེ་ན། གཞན་དོན་ནི། མང་པོ་དག་ཀྱང་ཞེས་བྱ་བ་གཞན་གྱི་དགོས་པ་ནི་དཔག་ཏུ་མེད་པ་ཡོད་ཀྱང་ངོ་། །འོ་ན་བཅོམ་ལྡན་འདས་ནི་གཞན་གྱི་དོན་མཆོག་ཏུ་མཛད་དེ། ཉིད་ཀྱི་དོན་ཡལ་བར་འདོར་བ་ཡིན་ན་འདི་ཇི་ལྟར་བསྟན་པ་ཡིན་ཞེ་ན།

བདག་དོན་ཆེད་ཆེར་ཤེས་གྱུར་ན། །ཞེས་བྱ་བས་བསྟན་ཏེ། བདག་གི་དོན་ནི་ཐམས་ཅད་བས་གཙོ་བོ་ཡིན་པར་ཤེས་པར་བྱ་སྟེ། དེ་སྔོན་དུ་འགྲོ་བས་གཞན་གྱི་དོན་ཐམས་ཅད་བྱ་བ་ཡིན་ནོ། །བདག་ཉིད་ཡོངས་སུ་མ་སྦྱངས་པར་ནི་གཞན་གྱི་དོན་བྱིད་པར་མི་ནུས་པ་ཡིན་ཏེ།

བདག་ཉིད་ཀྱིས་ལམ་མ་མཐོང་བར་གཞན་ལ་ལམ་སྟོན་པ་བཞིན་ནོ། །ད་ལྟར་སེམས་ཅན་གྱི་དོན་དུས་ཕྱི་ནས་བྱ་བར་བསྟན་ནས། རང་གི་དོན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་བ་བདག་གི་དོན་ནི་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཏེ་བདག་གི་དོན་གྲུབ་ན་དེའི་རྗེས་སུ་གཞན་

Vol. 149 · folio 58b

གྱི་དོན་གྲུབ་པར་རིགས་པའི་ཕྱིར་རོ། །དམ་པ་དག་དུལ་བ་ཉིད་ཀྱིས་ནི་བདག་ཉིད་ཀྱི་རྟེན་ཡིན་ཏེ། ཆུ་བོས་ཁྱེར་བ་དག་ལ་གླིང་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ཉིད་བདག་གི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་བཞིའོ། །བཅོམ་ལྡན་འདས་གཙུག་ལག་

ཁང་གཤེགས་པ་ན་དགེ་སློང་ནད་པ་ནད་གཡོག་སུས་ཀྱང་མ་བྱས་ཤིང་ཞག་བདུན་གྱི་བར་དུ་ཟས་ཆད་ལ་བཤང་གཅིའི་ནང་དུ་ནུབ་པ་ཞིག་གཟིགས་སོ། །དེ་ཡང་ཤིན་ཏུ་ཁྲོ་བའི་རང་བཞིན་ཅན་ཞིག་ཡོད་པས་མངོན་སུམ་དུ་ཚིག་རྩུབ་པོ་སྨྲ་ཞིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་

ལ་མི་གུས་པ་ཞིག་སྟེ། དེས་ན་དགེ་སློང་རྣམས་ཀྱིས་སྤངས་པ་དེའི་གན་དུ་གཤེགས་ཏེ་བཀའ་སྩལ་པ། དགེ་སློང་ཁྱོད་ལ་མཁན་པོ་ནད་གཡོག་མི་བྱེད་དམ། སློབ་དཔོན་དང་ལྷན་ཅིག་སློབ་པ་དག་ནད་གཡོག་མི་བྱེད་དམ། གཞན་ཡང་མཁན་པོ་གཅིག་པ་ཞེས་བྱ་བ་

ནས། ཇི་སྲིད་དུ་ཁྱོད་ལ་མེད་དམ་ཞེས་བཀའ་སྩལ་པ་དང་། བདག་ལ་ནི་མགོན་མ་མཆིས་སོ་ཞེས་གསོལ་ཏེ། དེས་ན་འདི་དག་གསུངས་སོ། བདག་ཉིད་དེ་རང་གི་སེམས་ཉིད་དུལ་བ་ནི་དགོས་པ་ཡིན་གྱི། །མ་དུལ་བ་ནི་དགོས་པ་ཉིད་དུ་མི་འཐད་པ་ཡིན་ནོ་ཞེས་

སྒྲུབ་པའི་ཕྱིར་ཉིད་ཀྱི་སྒྲའོ། །བདག་གི་མགོན་ཡིན་གྱི་ཞེས་བྱ་བ་ནི་བདག་ཉིད་ནི་རང་གི་དངོས་པོ་སྟེ། ཕུང་པོ་ལྔའི་བདག་ཉིད་རྟེན་དང་དགོས་པ་དང་སྲུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སེམས་གཅིག་བཏུལ་བས་ནི་དབང་པོའི་ཚོགས་མཐའ་དག་

བསྲུངས་བར་འགྱུར་རོ། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་བྱ་བ་ནི་སེམས་དུལ་བ་ལས་གཞན་པ་གང་ཞིག་སྟེ། གཟུགས་ལ་སོགས་པ་དང་། མུ་སྟེགས་བྱེད་ལ་སོགས་པས་ཡོངས་སུ་བརྟགས་པའི་ནང་གི་སྐྱེས་བུ་བྱེད་པ་པོ་ལ་མགོན་ཞེས་བྱ་བར་ནི་

ཇི་ལྟར་ཡང་འཐད་པ་མ་ཡིན་ཏེ། རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ། གཞན་ཁྱོད་ཀྱི་མཁན་པོ་ལ་སོགས་པ་སུ་ཞིག་ཇི་ལྟར་མགོན་དུ་འགྱུར་ཏེ། འཇིག་རྟེན་ནི་རང་གི་ལས་ལ་སྤྱོད་པའོ་ཞེས་བསྟན་པའི་ཕྱིར་རོ། །བདག་ཉིད་དུལ་བ་ནི་མགོན་དུ་འགྱུར་རོ་

Vol. 149 · folio 59a

ཞེས་བྱ་བ་ཅིའི་ཕྱིར་དེ་ལྟར་ངེས་པར་བྱ་ཞེ་ན། །དེའི་འབྲས་བུ་མཐོང་བ་ལས་ཏེ། དུ་བས་མེ་ངེས་པར་ཤེས་པ་བཞིན་དུ་སྟེ། སྨྲས་པ། ཐོབ་པར་འགྱུར་བ་ནི་རྙེད་པར་འགྱུར་བའོ། །མཁས་པ་ནི་ཤེས་རབ་ཀྱིས་བདག་ཉིད་དུལ་བ་ལ་མངོན་པར་བརྩོན་

པའི་ཕྱིར་རོ། །དོན་རྣམས་ཞེས་བྱ་བ་ནི་དབྱིག་ལ་སོགས་པའི་ནོར་ཏེ། བདག་ཉིད་གསོ་བའི་འཚོག་ཆས་ཞེས་བྱ་བའི་དོན་ཏོ། །ཐབས་གཅིག་གིས་ཐོབ་པ་ཉིད་དེ། དེ་ཉིད་སྨྲས་པ། བདག་གི་མགོན་ཡིན་གྱི་ཞེས་བྱ་བ་སྟེ། སེམས་དུལ་བར་གྱུར་པ་ནི་འདྲེན་པ་སྟེ།

བདག་ཉིད་ཀྱི་ཡོ་བྱད་ཙམ་ཡང་བསགས་པར་མི་ནུས་ན། གཞན་ལྟ་ག་ལ་འགྱུར་བདག་ཉིད་ནི་རང་ཉིད་དེ་སེམས་ཅན་གྱི་རྒྱུད་དོ། །དེའི་ཕྱིར་ནད་པ་དེ་ལ་ནི་འདི་ལྟ་བུའི་རྣམ་པར་རྟོག་པ་བྱུང་བར་གྱུར་ཏེ། གང་བདག་ད་ལྟར་ཉམས་ཤིང་འདི་ལྟར་འབྱོར་པ་ཟད་པ་ནི་སྔོན་བསོད་ནམས་མ་བསྩགས་

པའི་ཕྱིར་རོ། །གྲགས་པ་ལ་སོགས་པ་ཡང་མེད་དེ། གང་གི་ཕྱིར་དེ་ནི་ནོར་གྱི་ཆོས་དང་གྲགས་པ་དང་བདེ་བ་དང་མཐོ་རིས་ཏེ། དེ་དག་བདག་ལ་མེད་དོ། །ཡུན་རིང་དུ་གནས་པ་དང་། །འཁོར་གྱི་ནང་ན་མཛེས་པ་དང་། །ཉེ་བར་མི་གདུང་བར་གྱུར་པ་དང་། འཆིང་བ་ཐམས་ཅད་

བཅད་པ་དང་། ངན་འགྲོ་ཐམས་ཅད་སྤོང་བར་གྱུར་པ་དང་། སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་བ་དང་། སྒྲིབ་པ་མེད་པའི་ལམ་ཐོབ་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བར་གྱུར་པ་དག་ཀྱང་བདག་ལ་མེད་དོ་ཞེས་བསམས་སོ། །

དེ་ཡང་སེམས་མ་དུལ་བ་ཡིན་ནོ་ཞེས་ཐུབ་པ་མཆོག་གིས་དེ་མཁྱེན་ཏེ། དེ་དང་མཐུན་པར་དེ་ལ་ཆོས་བསྟན་ཏོ། །གལ་ཏེ་ནོར་ལ་སོགས་པ་འདོད་པ་ཡིན་ན། དེས་ན་བདག་ཉིད་དུལ་བར་གྱིས་ཤིག་དང་མངོན་པར་འདོད་པའི་དོན་དེས་འཐོབ་པར་འགྱུར་རོ་སྙམ་མོ་ཞེས་སོ། །

གཞན་དག་ནི་བཅུ་བཞི་སྡེ་ཞེས་བྱ་བའི་ཀུན་དུ་རྒྱུ་དག་ནོར་ལ་སོགས་པ་འདོད་ནས་དེ་སྒྲུབ་པའི་ཐབས་འཁྲུལ་པ་མེད་པ་མ་ཤེས་ཏེ་ཡ་མཚན་ཅན་མཐའ་དག་ལ་དྲི་བ་གཏན་ལ་དབབ་པའི་ཕྱིར་སོང་བ་དང་། ཇི་ཙམ་ན་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། རེ་རེའི་དབང་དུ་མཛད་ནས་

Vol. 149 · folio 59b

ཚིགས་སུ་བཅད་པ་རེ་རེ་གསུངས་སོ་ཞེས་ཟེར་རོ། །ཆོས་རྣམས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལས་སླར་ལྡོག་པའི་མཚན་ཉིད་ལེགས་པར་སྤྱོད་པའོ། །དགེ་སློང་དག་ཁྱེད་ལ་ཆོས་བསྟན་པར་བྱ་སྟེ། ཆོས་དེ་དག་གང་ཞེ་ན། སྲོག་གཅོད་པ་སྤང་བའོ་ཞེས་བྱ་བ་

ལ་སོགས་པ་མདོ་ལས་གསུངས་སོ། །ཡང་ན་གང་ལས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་འགྲུབ་པ་ནི་དམ་པའི་ཆོས་ཏེ། ཆོས་དེ་ཐོས་པའོ། །ཆོས་ཀྱི་ཚེ་འདིའི་ཕན་ཡོན་བསྟན་པའི་ཕྱིར། གྲགས་པ་ཞེས་བྱ་བ་སྨོས་ཏེ། སྙན་པ་དང་ཡོན་ཏན་གྱི་གཏམ་མོ། །

བདེ་བ་ནི་མྱོང་བའི་བདེ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་འདི་དང་ཕ་རོལ་གྱིའོ། །དེ་ལ་འཇིག་རྟེན་འདིའི་བདེ་བ་ནི་བཤད་པ་ལ་སོགས་པ་དང་བྲལ་བའི་མཚན་ཉིད་ལ་འདིར་དགོངས་སོ། །གཞན་ནི་འོག་ནས་བརྗོད་དོ། །ཡང་ན་མི་རྣམས་ཀྱི་བདེ་བའོ། །ཕ་རོལ་གྱི་ཕན་ཡོན་

བསྟན་པའི་དབང་དུ་བྱས་ནས་མཐོ་རིས་སུ་སྐྱེ་བའི་བདེ་བ་དེ་བསྟན་པའི་ཕྱིར་བདེ་འགྲོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ཀྱི་འདོད་པའི་ཁྱད་པར་གྱི་བདེ་བ་ཉམས་སུ་མྱོང་བའི་གནས་ནི་བདེ་བ་ཞེས་འདིར་བཤད་དོ། །ཡུན་རིང་མཐོ་རིས་དགའ་བར་འགྱུར། །ཞེས་བྱ་བ་ནི་

གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་སུ་བདག་ཉིད་དགའ་བ་དང་བདེ་བ་གཉིས་ཀྱིས་ཅི་རིགས་པར་དུལ་བའི་བདག་ཉིད་ཡུན་རིང་པོར་བདག་ཉིད་སིམ་པར་འགྱུར་བའོ། །ཡུན་རིང་མཐོ་རིས་གནས་པར་འགྱུར། །ཞེས་བྱ་བ་ནི་གཟུགས་མེད་པའི་བདག་ཉིད་ཀྱི་མཐོ་རིས་

དག་ཏུ་ཡང་བདག་ཉིད་ཆེན་པོ་ཤིན་ཏུ་ཡུན་རིང་པོར་གནས་པར་འགྱུར་ཏེ། དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བཞི་བཅུའོ། །ཅི་ཡང་མེད་པའི་

སྐྱེ་མཆེད་ཀྱི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་དྲུག་ཅུའོ། །སྲིད་པའི་རྩེ་མོའི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུའོ། །དེས་ན་དེ་ལྟར་གཟུགས་མེད་པ་ནང་གི་ཡིད་དག་པའི་ཕུང་པོའི་འཇིག་རྟེན་མཐོ་བ་རྣམ་པ་བཞི་པོ་དེ་ཡང་ཐར་པ་མ་ཡིན་ཏེ། འཇིག་རྟེན་པ་

Vol. 149 · folio 60a

ཞེས་བཤད་དོ། །གཉེན་གྱི་ནང་ན་ལམ་མེར་འབར། །ཞེས་བྱ་བ་ནི་ཉེ་དུ་རྣམས་ཀྱི་ནང་ན་དངོས་པོ་ཐམས་ཅད་ཕུན་སུམ་ཚོགས་པས་ཤིན་ཏུ་མཛེས་པའོ། །མཉམ་པར་གཞག་པའི་ཁམས་ལས་ཤི་འཕོས་ནས་འདིར་སྐྱེས་པ་ནི་ཁྱད་པར་དུ་བདག་ཉིད་དུལ་བ་

ཡིན་ནོ་ཞེས་འདིས་བསྟན་ཏེ། འཕགས་པ་འོད་སྲུངས་ཆེན་པོའི་སྤྱོད་པ་དག་ཀྱང་འདིར་བརྗོད་དོ། །མྱ་ངན་ནང་དུ་གདུང་མི་འགྱུར། །ཞེས་བྱ་བ་ནི། གདུང་བའི་བདག་ཉིད་འདོད་པའི་ཁམས་ཀྱི་ནང་ནའམ་དབུས་ན་གནས་པ་ནགས་སྟུག་པོའི་ནང་ན་གནས་པ་དང་འདྲ་བ་སྟེ།

གདུང་བར་བྱེད་པའི་བདག་ཉིད་དོ། །མ་དུལ་བ་ཉིད་ནི་གདུང་བ་ལ་སོགས་པའི་གནོད་པ་དང་ལྡན་ཏེ། མ་དུལ་བའི་བདག་ཉིད་ཅན་ནི་ཡོངས་སུ་བརྟགས་པས་རྐྱེན་ཇི་ལྟ་བ་བཞིན་དུ་བདེ་བ་དང་སྡུག་བསྔལ་འབྱུང་བར་མི་ཤེས་ཏེ། མཚན་མོ་དང་ཉིན་པར་བཞིན་ནོ། །འཆིང་བ་

ཐམས་ཅད་གཅོད་པར་འགྱུར། །ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བའི་རྗེས་སུ་ཆགས་པའི་ཞགས་པ་ཐམས་ཅད་བཅད་པ་དང་སྤངས་པ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དུ་དེའི་འབྲས་བུ་འབྱུང་བས་འདིར་སྲིད་ལ་དེ་མཐར་ཐུག་པ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་

རོ། །ངན་འགྲོ་ཐམས་ཅད་སྤོང་བར་འགྱུར། །ཞེས་བྱ་བས་ནི་མཐོང་བའི་ལམ་གྱི་ཕན་ཡོན་བསྟན་ཏེ། དེ་ཐོབ་པས་ནི་ངན་སོང་ཐམས་ཅད་སེལ་བར་བྱེད་དེ་དེས་སོ་སོར་བརྟགས་པའི་འགོག་པ་ཐོབ་པའི་ཕྱིར་རོ། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་བྱ་བ་ནི་ཁམས་

གསུམ་གྱི་བསྒོམས་པས་སྤང་བར་བྱ་བའི་སྡུག་བསྔལ་ལ་དམིགས་པ་སྟེ། ཀུན་དུ་སྦྱོར་བ་ཐམས་ཅད་སྤངས་པའི་ཕྱིར་རོ། །མཁས་པ་མགོན་དུ་འགྱུར་བ་འཐོབ། །ཅེས་བྱ་བ་ནི་མི་སློབ་པའི་ལམ་བསྟན་པ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྒྱུས་ཕན་འདོགས་པར་

བྱེད་པའི་ཕྱིར་ཏེ། ཕན་འདོགས་པར་བྱེད་པ་ནི་མགོན་ཡིན་ནོ། །ཡང་ན་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ལས་གཞན་མཐོང་བའི་ལམ་ལ་སོགས་པ་སྟོན་པ་མེད་པའི་ཕྱིར་ཏེ། དེ་ནི་དུལ་བའི་བདག་ཉིད་ཀྱིས་མཁས་པ་སྒྲུབ་པར་བྱེད་

Vol. 149 · folio 60b

པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དཀྵི་ན་ཞེས་བྱ་བའི་དགེ་སློང་གཉིས་ཀྱང་འདིར་དཔེར་བརྗོད་པར་བྱའོ། །མྱ་ངན་འདས་ཉིད་ཉེ་བར་འགྱུར། །ཞེས་བྱ་བ་ནི་དེ་ཉིད་དང་ཉེ་བ་ཡིན་གྱི། འཁོར་བ་དང་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་

དབྱིངས་ཀྱི་ནང་དུ་གནས་ཤིང་དེའི་བདག་ཉིད་དུ་ཞུགས་པར་བལྟ་བར་བྱ་སྟེ། དེ་ལ་གཞོལ་བའི་ཕྱིར་རོ། །བདག་གི་ཚོམས་ཏེ་ཉི་ཤུ་རྩ་གསུམ་པའི་རྣམ་པར་འགྲེལ་པ་རྫོགས་སྟོ།། །།དུལ་བའི་བདག་ཉིད་ཁོ་ན་ལེགས་པར་གསུངས་པ་བཤད་པ་ལ་ནན་ཏན་དུ་

བྱེད་ཅིང་ཡོན་ཏན་ཅན་ལ་མཆོད་པར་བྱེད་ལ་དཀོན་མཆོག་ལ་རྗེས་སུ་འབྲང་བ་ལ་སོགས་པ་དམ་པའི་ཚུལ་གྱིས་ངོམས་པ་མེད་དེ་སྐོམ་པས་གདུངས་བ་ཉིད་ཆུ་བཟང་པོ་འཐུང་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེའི་འོག་ཏུ་བསྒྲེ་བའི་ཚོམས་བསྟན་ཏོ། །ཡང་

ན་དུལ་བའི་བདག་ཉིད་ཅན་ཁོ་ནས་བསྒོ་བར་གསུངས་པ་རྟོགས་པར་ནུས་ཀྱི། འཁྲུལ་པའི་བློ་ཅན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་འདི་ཉིད་བསྟན་པ་ཡིན་ཏེ། གང་དག་དོན་དང་མི་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྲམ་ཟེ་ཞིག་བཅོམ་ལྡན་འདས་སྐྱེ་

བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་བཞུགས་པ་ན་མདུན་དུ་འདུག་སྟེ། བཅོམ་ལྡན་འདས་མཉེས་པར་བྱའོ་ཞེས་སྐྱེ་བོའི་ཚོགས་ཆེན་པོའི་མངོན་དུ་ངེས་བརྗོད་ཀྱི་རིག་བྱེད་མང་དུ་སྨྲས་པར་གྱུར་པ་ལས་དེའི་དབང་དུ་མཛད་ནས་ཚིགས་བཅད་འདི་ལ་སོགས་པ་གསུངས་

སོ། །བྲམ་ཟེ་དེ་ཡང་འཇིག་རྟེན་པའི་ཆོས་ཀྱི་ཚིག་གི་དོན་འདོད་ཅིང་ངང་ཚུལ་ངན་པ་ཡིན་ནོ། །གང་དག །ཚིགས་བཅད་བརྒྱ་དག་སྨྲ་བ་པས། །ཞེས་བྱ་བ་ནི་གང་ཚིགས་སུ་བཅད་པ་བརྒྱའི་ཚིག་གི་དོན་གང་ཞིག་སྨྲ་ཞིང་ཚིག་སྣ་ཚོགས་དང་ལྡན་པ་བརྗོད་པའོ། །ཇི་ལྟ་

བུ་ཞེ་ན། དོན་དང་མི་ལྡན་ཚིག་ཅེས་བྱ་བ་སྨོས་ཏེ། དམ་པས་གསུངས་པའི་དངོས་པོའི་ཚིག་གམ་ངག་དང་མངོན་པར་འགྲེལ་པ་སྟེ། འཁོར་བ་དང་རྗེས་སུ་མཐུན་པའི་སྒྲའམ། འཁོར་བ་དང་རྗེས་སུ་འབྲེལ་ཅིང་མཐུན་པའི་དོན་དང་སྒྲའོ། ཡང་ན་བདག་དང་གཞན་

Vol. 149 · folio 61a

གྱི་དོན་གྱིས་སྟོང་པའོ། །ཡང་ན་དགོས་པ་དང་མི་ལྡན་པའོ། །གང་ཚིགས་བཅད་བརྒྱ་སྨྲས་པ་དང་། གང་ཚིགས་བཅད་གཅིག་ཅེས་བྱ་བ་བསྡུ་བའི་དོན་དུ་དང་གི་སྒྲའོ། །དོན་ལྡན་ཚིག་གཅིག་ཐོས་པ་རུང་། །ཞེས་བྱ་བ་ནི་གཅིག་ཉིད་དོན་དང་

འབྲེལ་པ་ནི་ཉེ་བར་ཞི་བ་དང་འབྲེལ་པའི་ཚིག་འདིར་མཆོག་ཡིན་ཏེ། གང་ལ་ལ་ཞིག་དོན་མེད་པའི་ཚིག་བརྒྱ་བཏོན་པ་བས་གང་ཞིག་དོན་དང་ལྡན་པའི་ཚིག་གཅིག་སྟོན་པ་ཉིད་རུང་གི་ཚིགས་བཅད་བརྒྱ་སྟོང་འདོན་པ་ནི་མ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། དོན་དང་ལྡན་

པའི་མཚན་ཉིད་བསྟན་པའི་ཕྱིར། ཐོས་ནས་ཉེ་བར་ཞི་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། ཚིག་གང་སྨོས་པས་ཉོན་མོངས་པ་སྤངས་ཤིང་ཉེ་བར་ཞི་བ་ཐོབ་པར་བྱེད་པ་སྟེ། དཔེར་ན་ལམ་ཕྲན་བསྟན་གྱིས་རྡུལ་བསྩལ་ལོ། །དྲི་མ་བསྩལ་ལོ་ཞེས་བྱ་བ་ཐོས་པས་

དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱས་པ་ལྟ་བུའོ། །གང་དག་དོན་དང་མི་ལྡན་ཚིག །ཅེས་བྱ་བ་ནི་སྡིག་པའི་དོན་ཡོངས་སུ་སྟོན་པ་དང་འབྲེལ་བའམ། རིགས་པས་སྟོང་པའོ། །ཡང་ན་ཆོས་མ་ཡིན་པ་རྟོགས་པར་བྱེད་པ་དང་ལྡན་པའོ། །ཡང་ན་ཐར་པ་དང་རྗེས་སུ་

མི་མཐུན་པའོ། །བྲམ་ཟེ་དག་འདི་སྐད་སྨྲ་སྟེ། མཆོད་སྦྱིན་གྱི་དོན་དུ་ཕྱུགས་རྣམས་བསྐྱེད་པ་ཡིན་ཏེ། དེ་དེར་བསད་པ་ནི་བསོད་ནམས་ཆེན་པོ་འཐོབ་པར་བྱེད་པ་ཡིན་ནོ། །ནོར་འདི་དག་ཐམས་ཅད་ནི་བྲམ་ཟེའི་ཡིན་ཏེ། དེ་སྟོབས་ཆུང་བས་སྡིག་པ་ཅན་དག་

ཡོངས་སུ་སྤྱོད་དོ་ཞེས་བྱ་བ་དང་། བུད་མེད་ནི་མེ་ཏོག་དང་འབྲས་བུ་དང་འདྲ་བར་ཐམས་ཅད་ཀྱིས་ལོངས་སྤྱད་པར་བྱ་བ་ཡིན་ནོ་ཞེས་པ་དང་། བཞད་གད་ཀྱི་དུས་ན་ནི་བརྫུན་ལ་ཉེས་པ་མེད་དོ་ཞེས་བྱ་བ་དང་། མཆོད་སྦྱིན་གྱི་དུས་སུ་ཆང་འཐུང་བ་ལ་ཉེས་པ་མེད་དོ་

ཞེས་བྱ་བ་སྟེ། དོན་མེད་པ་དང་ཆོས་མ་ཡིན་པའོ། །ཆོས་དང་ལྡན་པའི་ཚིག་གིས་ཏེ། ཡོན་ཏན་གྱིས་ཁྱེད་ཀྱི་དེ་ནི་སྡིག་པ་ཅན་དུ་སྨད་པ་ཡིན་ཏེ། །འཇིག་རྟེན་འདི་དང་ཕ་རོལ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། བདག་དང་གཞན་གྱི་དོན་དང་།

Vol. 149 · folio 61b

འཇིག་རྟེན་པའི་གཙུག་ལག་གི་སྦྱོར་བའི་འབྲས་བུ་ལ་གནོད་པ་ཡིན་ཏེ། བསྟན་པ་ཐ་དད་པའི་དོན་ཉིད་དོ། །དོན་མེད་པ་དང་ཆོས་མ་ཡིན་པའི་ཚིག་དང་འབྲེལ་པའི་ཚུལ་ཁྲིམས་འཆལ་པ་དང་། དོན་བཟང་པོ་དང་ཆོས་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་བྱ་བ་དག་

བསྟན་པའི་ཕྱིར། ཚུལ་འཆལ་མཉམ་པར་མ་བཞག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལོ་བརྒྱར་གསོན་པ་གང་ཡིན་པས། །ཞེས་བྱ་བ་ནི་གང་ལ་ལ་ཞིག་དུས་ཚིགས་བརྒྱར་རིས་མཐུན་པར་འཛིན་པར་བྱེད་པའོ། །ཚུལ་འཆལ་ཞེས་བྱ་བ་ནི་ངང་ཚུལ་ངན་པ་ཉིད་དོ། །

མཉམ་པར་མ་བཞག་པ་ནི་ཡུལ་དག་ལ་རྣམ་པར་གཡེངས་པའི་སེམས་སོ། །ཉིན་ཞག་འགའ་ཞིག་གསོན་པ་རུང་། །ཞེས་བྱ་བ་ནི་ཉིན་ཞག་གཅིག་འཚོ་བའི་དབང་པོ་འཛིན་པ་ནི་ཆེས་མཆོག་ཡིན་ནོ། །གང་གིས་ཤེ་ན། ཚུལ་ཁྲིམས་ལྡན་ཞིང་ཞེས་བྱ་བ་སྟེ་ངང་ཚུལ་བཟང་

པོ་དང་ལྡན་པའོ། །མཉམ་བཞག་པ་ཞེས་བྱ་བ་ནི་ཡུལ་དག་ལས་སེམས་ཀུན་དུ་བསྡུས་པའོ། །བརྩོན་མེད་ཅེས་བྱ་བ་ནི་ངན་པར་སྤྱོད་པ་ལ་མངོན་པར་བརྩོན་པ་སྟེ། ངན་པའི་དངོས་པོ་ལ་གནས་པའི་ཕྱིར་རོ། །ལེ་ལོ་ལྡན་པ་དག་ཅེས་བྱ་བ་ནི་དགེ་བ་དག་ལ་བརྩོན་པ་ལྷོད་

པའོ། །ཚུལ་ཁྲིམས་དང་ལྡན་པ་ནི་བརྩོན་འགྲུས་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བརྩོན་འགྲུས་བརྩམས་པ་དག་ཅེས་བྱ་བ་སྨོས་ཏེ། དགེ་བའི་རྩ་བ་དག་ལ་མངོན་པར་བརྩོན་པར་བྱས་པའོ། བརྟན་པ་ནི་གཡོ་བ་མེད་པ་སྟེ་འདིས་ནི་ངན་པར་སྤྱོད་པ་

ལས་གཅིག་ཏུ་ལྡོག་པར་བསྟན་ཏོ། །བརྩོན་འགྲུས་དང་ལྡན་པ་ཉིད་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཤེས་རབ་འཆལ་པ་ཞེས་བྱ་བ་ནི་བློ་ངན་པ་སྟེ། རྨོངས་པས་བློ་བསླད་པའི་ཕྱིར་རོ། །ཤེས་རབ་འཆལ་བས་ནི་སེམས་གཡེང་བར་

འགྱུར་རོ་ཞེས་བསྟན་པའི་ཕྱིར་གང་གི་ཕྱིར་གྱི་སྒྲའོ། །མཉམ་པར་མ་བཞག་པ་ཞེས་བྱ་བ་ནི་གང་དུ་བསམ་གཏན་མེད་པ་ནི་ཤེས་རབ་མེད་དོ་ཞེས་བྱ་བའི་ཚིག་གིས་སོ། །ཤེས་རབ་ཆེན་པོ་ཞེས་བྱ་བ་ལ་ཤེས་རབ་ནི་བློ་ཤིན་ཏུ་གསལ་བའོ། །འདིར་བསྔགས་པའི་དོན་ནི་

Vol. 149 · folio 62a

ཆེན་པོའི་སྒྲའོ། །མཉམ་བཞག་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དུ་བྱས་པའོ། །འདིས་ནི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་ལ་སོགས་པས་ཚོགས་ཀྱི་ལམ་བསྟན་ནས་མཐོང་བའི་ལམ་བསྟན་པའི་ཕྱིར། སྐྱེ་དང་འཇིག་པ་ཞེས་བྱ་བ་སྨོས་ཏེ། འོངས་པ་

དང་བྲལ་བ་སྟེ་འདུས་བྱས་ཀྱི་རྣམ་པ་ཉིད་ནི་སྐྱེ་བ་དང་འཇིག་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་གང་གི་ཕྱིར་གྱི་སྒྲའོ། །ཚོར་བ་ཟད་པ་ཞེས་བྱ་བ་ནི་གཟུགས་ཅན་གྱི་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བར་སྟོན་ཏེ། དེའི་ཕྱིར་འདོད་པ་ལས་འདོད་ཆགས་དང་བྲལ་ན་ནི་

སྡུག་བསྔལ་དང་ཡིད་མི་བདེ་བ་སྤངས་པར་འགྱུར་རོ། །གཟུགས་ལས་འདོད་ཆགས་དང་བྲལ་ན་ནི་བདེ་བ་དང་ཡིད་བདེ་བ་སྤངས་ཏེ། རྗེས་སུ་བསྟན་པ་མང་བ་ཉིད་ཡིན་པས་སྤྱིར་ཚོར་བ་ཟད་པ་ཞེས་འདིར་བསྟན་ཏོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་གཟུགས་མེད་པའི་

ཁམས་ལས་འདོད་ཆགས་དང་བྲལ་བ་བསྟན་པ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །འདིས་ནི་ཕུང་པོ་ལྷག་མ་དང་བཅས་པ་བསྟན་ནས། ཕུང་པོ་ལྷག་མ་མེད་པ་བསྟན་པའི་ཕྱིར་གོ་འཕང་མི་གཡོ་བ་ཞེས་བྱ་བ་སྨོས་ཏེ། རྟག་པའི་དངོས་པོ་ནི་

མྱ་ངན་ལས་འདས་པའོ། །བལྟ་དཀའ་ཞེས་བྱ་བ་ནི་དཀའ་བས་བལྟ་བར་ནུས་པ་སྟེ། དབང་པོ་ལས་འདས་ཤིང་རྣལ་འབྱོར་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །མཐོན་པོ་ནི་དམའ་བ་མ་ཡིན་ཞིང་མཐོ་བ་མ་ཡིན་ཏེ། དགེ་བའི་རྩ་བ་རྟག་པའི་ཕྱིར་རོ། །མ་བྱས་ཞེས་

བྱ་བ་ནི་རྒྱུ་དང་རྐྱེན་ལས་མ་གྲུབ་པའོ། །དམ་པ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་དོན་དུ་གཉེར་བར་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །འཆི་མེད་ཅེས་བྱ་བ་ནི་དེ་ལས་ཉམས་པ་མེད་པའི་ཕྱིར་རོ། །བདུད་རྩི་ནི་མི་འཆི་བ་སྟེ་འཇིག་པ་མེད་པའི་ཕྱིར་རོ། །

རྡུལ་མེད་ཅེས་བྱ་བ་མ་རིག་པ་དང་ང་རྒྱལ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བ་སྟེ། རྡུལ་ནི་འདོད་ཆགས་རྡུལ་གྱི་ས་རྡུལ་མིན། །ཞེས་མདོ་ལས་གསུངས་སོ། །རྡུལ་བྲལ་ཞེས་བྱ་བ་ནི་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་ཡུལ་གྱི་རྡུལ་དང་

Vol. 149 · folio 62b

བྲལ་བ་སྟེ། དེ་སྐྱེད་པར་བྱེད་པ་ལ་སོགས་པའི་རྡུལ་དང་བྲལ་བའོ། །ཚོར་བ་ཟད་པ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་ཉིད་ལ་བརྗོད་པ་ཡིན་ནོ། །དེ་ལྟ་ན་ནི་གཅིག་བརྗོད་པ་མཆོག་སྟེ། གཞན་དགོས་པ་མེད་དོ་ཞེ་ན་བཤད་པ། དེ་ནི་བདེན་མོད་ཀྱི་རྒོལ་བ་དག་ལ་

རིགས་པས་བཤད་པ་ཡིན་ཏེ། དེའི་ཕྱིར་ཁ་ཅིག་ནི་མྱ་ངན་ལས་འདས་པ་ལ་ཚོར་བ་བདེ་བ་ཡིན་ནོ་ཞེས་དེ་ལ་དམིགས་པ་དག་སྣང་སྟེ། བདེ་བ་ནི་ཆགས་པ་ལ་གནས་པ་ཡིན་ནོ། །དེ་བས་ན་ཟག་པ་ཉིད་དོ། །དེ་ལྟར་ཁ་ཅིག་ནི་རྒྱུན་རྟག་པ་ཡིན་ཏེ། སྐད་ཅིག་མ་ནི་མ་

ཡིན་ནོ་ཞེས་པ་སྟེ། དབང་པོ་ལས་སྐྱེས་པའི་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །དབང་པོ་ཞན་པས་དམིགས་པའི་ཚུལ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་ཚངས་པས་བྱས་ཤིང་བསྐྱེད་པའི་ཕྱིར་ཏེ། འབྱུང་དང་རབ་རྒྱས་འཇིག་དང་རབ་ཞུམ་པ། །ཡང་དང་ཡང་དུ་

ཉེར་འགྲོ་སྐྱོ་གྱུར་པས། །ཚངས་པས་ཐར་པའི་གྲོང་དུ་བསྟན་པ་སྟེ། །དེར་འགྲོ་ལམ་ནི་འཇིག་པས་རབ་གྲོལ་ཡིན། །ཞེས་སོ། །ཐར་པ་ལ་ནི་འཁོར་བ་མི་འདོད་པ་ཡིན་ཏེ། འདོད་པའི་བདེ་བས་རྒྱས་པ་ཡིན་པའི་ཕྱིར་དེ་ལས་ཀྱང་ཡོངས་སུ་ཉམས་པ་ཡིན་ཏེ།

ཐམས་ཅད་དེ་དང་ལྷན་ཅིག་ཡོངས་སུ་འཇིག་པ་སྲིད་པ་ཡིན་པའི་ཕྱིར་རོ། །འཆི་བ་དང་བཅས་པའི་མྱ་ངན་ལས་འདས་པའི་དགྲ་བཅོམ་པ་ཞེས་བྱ་བའི་ཚིག་གིས་ཏེ། འགྲོ་བ་མེད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འདིར་རྡུལ་ནི་ཡོད་དེ། ཉོན་མོངས་པས་དམིགས་པ་

ཡིན་པའི་ཕྱིར་ཟག་པ་དང་བཅས་པས་ན་གཟུགས་ལྟ་བུ་ཡིན་ཏེ། དེ་བས་ན་རྒོལ་བ་དེ་བསྩལ་བར་བྱ་བའི་ཕྱིར་འདི་དག་བརྗོད་པ་ཡིན་ནོ། །བདག་ཉིད་དུལ་བ་ལས་སྐྱེས་པ་ནི་ཡོན་ཏན་དང་ལྡན་པའི་སྐྱེ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་ནི་ལོ་བརྒྱར་ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །ལོ་བརྒྱར་ཞེས་བྱ་བ་ནི་དུས་ཚིགས་ཀྱི་ཚད་བརྒྱའོ། །མི་ནི་ཞེས་བྱ་བ་ནི་སྐྱེ་བའི་རྒྱུ་དང་འབྲེལ་པའི་རྒྱུན་ཏེ། འཁོར་བའི་སེམས་ཅན་ཞེས་བྱ་བའི་དོན་ཏོ། །ནགས་ཚལ་ཞེས་བྱ་བ་ནི་དགོན་པ་སྟེ་གཡེང་བ་མེད་པའི་ཕྱིར་རོ། །མེ་ལ་ཡོངས་བརྟེན་ཞེས་བྱ་

Vol. 149 · folio 63a

བ་ནི་སྲེག་བླུགས་ཀྱིས་ཚུལ་བཞིན་དུ་སྦྱིན་སྲེག་བྱེད་ཅིང་ཚིམ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གར་ཧ་པ་ཏི་དང་། ཨཱ་ཧ་བ་ནི་དང་། དཀྵ་ཎ་སྟེ་མེ་རྣམ་པ་གསུམ་ལ་གོ་རིམས་བཞིན་དུ་བྷུ་དང་། བྷུ་བྷོ་དང་། སྦས་གཉེན་ཤི་བ་དག་ཚིམ་པར་བྱེད་པ་

ཡིན་ནོ། །སྔ་མ་ལས་ནི་གཞན་གཉིས་པོ་འབྱུང་བ་ཡིན་ནོ་ཞེས་པ་མཆོད་སྦྱིན་པའི་གྲུབ་པའི་མཐའོ། །མེ་གསུམ་འདི་ན་ཚུལ་བཞིན་བསྲེག་བྱས་པས། ཚངས་པའི་འཇིག་རྟེན་དུ་ནི་འགྲོ་བར་འགྱུར། །ཞེས་སོ། །བདག་ཉིད་བསྒོམས་ལ་ཡུད་ཙམ་ཞིག །མཆོད་པ་བྱེད་

པ་གང་ཡིན་པ། །ཞེས་བྱ་བ་ནི་གང་ལ་ལ་ཞིག་ཡོན་ཏན་གྱིས་ཡིད་ལེགས་པར་སྟོབས་དང་ལྡན་ཞིང་རྒྱུད་ཡོངས་སུ་སྦྱངས་པའི་ཡོན་ཏན་ཅན་གྱི་ཞིང་ལ་བསོད་སྙོམས་དབུལ་བ་ལ་སོགས་པས་བསྙེན་བཀུར་བྱས་པ་ཡང་ངོ་། །ཆུ་ཚོད་གཉིས་ཉེ་བར་མཚོན་པའམ། དུས་དེ་ཙམ་ནི་

ཡུད་ཙམ་མོ། །མཆོད་བྱེད་དེ་ཉིད་ཆེས་རུང་གི། ཞེས་བྱ་བ་ནི་གང་བདག་ཉིད་བསྒོམས་པ་ལ་ལན་གཅིག་མཆོད་པ་དེ་ཉིད་ཆེས་མཆོག་ཏུ་བྱ་བ་ཡིན་ནོ། །གཞལ་དུ་མེད་པའི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར། སྟེང་ནས་རྫུ་འཕྲུལ་གྱིས་གཤེགས་པའི་རང་སངས་རྒྱས་དང་

མཆོད་རྟེན་མཆོད་པ་དང་འཕགས་པ་ཡིད་བཟང་ཞེས་བྱ་བ་འདིར་དཔེར་བརྗོད་པར་བྱའོ། །གང་ལོ་བརྒྱར་སྦྱིན་སྲེག་བྱེད་པ་ནི་མ་ཡིན་ཏེ། མེ་ལ་སྦྱིན་སྲེག་གིས་ཚིམ་པར་བྱས་ཤིང་སྲེག་བླུགས་ལ་སོགས་པས་དེ་ལ་བླུགས་པ་ནི་འབྲས་བུ་མེད་པའི་ཕྱིར་རམ། མེ་དང་ཆུ་

ལ་བརྟེན་ཅིང་སྤྱད་པས་ནི་ཡོན་ཏན་གང་ཞིག་ཡོད་དེ། སངས་རྒྱས་ཀུན་ནས་ཉོན་མོངས་པ་སྤངས་པ་ལ་ནི་འདི་ན་སེམས་ཡོངས་སུ་དུལ་བར་བྱེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དཀོན་མཆོག་གསུམ་ལ་དད་པས་བྱང་གྲོལ་གྱི་ལམ་ལ་སོགས་པའི་ཁྱད་པར་དང་འབྲེལ་

པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཟླ་བ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་རེ་རེ་ཞེས་བྱ་བ་ནི་ཟླ་བ་གཅིག་ཅིང་ཞེས་བྱ་བའི་དོན་ཏོ། །ཀུ་ཤའི་རྩེ་ཞེས་བྱ་བ་ལ། ཀུ་ཤ་ནི་དར་བྷ་སྟེ། དེ་ནི་བཀྲ་ཤིས་པར་སྨོས་པའི་རྩྭའི་རྣམ་པའོ། །དེའི་རྩེ་མོ་ནི་མཆོག་མ་སྟེ་ཤིན་ཏུ་ཕྲ་བ་

Vol. 149 · folio 63b

ཁབ་ཀྱི་རྩེ་མོ་ལྟ་བུ་དེས་སོ། །དེ་ལྟར་ལོ་ཚིགས་གཅིག་གི་དུས་སུ་ཟླ་བ་རེ་རེ་ཞིང་ཉི་མ་ཉི་ཤུར་སྦྱིན་སྲེག་བྱས་ལ་སྦྱིན་སྲེག་བྱས་ནས་ཀུ་ཤའི་རྩེ་མོས་འབྲས་ཆན་ཚོས་པའི་འབྲུ་ཉི་ཤུ་རྩ་གཅིག་ཕྱུང་ནས་ཟ་བ་དང་། དེ་བཞིན་དུ་ཆུའི་ཐིགས་པ་འཐུང་བའི་དཀའ་ཐུབ་ཅན་དེའི་རྒྱུས་ནི་

རྣོ་ཞིང་འབར་བ་སྐྱེ་བར་འགྱུར་རོ་ཞེས་གྲག་གོ། །དེས་མི་ཕོད་དོ་ཞེས་བྱ་བ་ནི་ཀུ་ཤའི་རྩེས་ཁ་ཟས་ཟ་བའོ། །སངས་རྒྱས་ལ་ནི་དད་པ་ཡི། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུལ་ལ་ཡིད་ཆེས་པའི་དད་པའོ། །ཆར་ཡང་ཞེས་བྱ་བ་ནི་ཆ་ཤས་སུ་མི་འགྲོ་བའོ། །གང་ཞེ་ན། བཅུ་

དྲུག་ཅེས་བྱ་བ་སྨོས་ཏེ། ཐམས་ཅད་ཀྱི་ཆ་ཕྲ་བའི་དངོས་པོར་འཇིག་རྟེན་ན་གྲགས་པའོ། །སངས་རྒྱས་ལ་དད་པ་མི་གཡོ་བ་ནི་འབྲས་བུ་མཐའ་ཡས་པའམ་ཡིད་དུ་འོང་བའི་འབྲས་བུ་ཡིན་ནོ། །ཇི་ལྟར་ཀུ་ཤའི་རྩེ་མོས་ཟས་ཟ་བ་དང་མཉམ་པར་འགྱུར། དམ་པའི་

ཆོས་ལ་དད་པ་ཡི། །ཞེས་བྱ་བ་ནི་ཐར་པ་དང་དེའི་ལམ་ལེགས་པར་གསུངས་པའོ། །དགེ་འདུན་ལ་ནི་དད་པ་ཡི། ཞེས་བྱ་བ་ནི་དམ་པའི་ཚོགས་ཏེ་དམ་པའི་རྒྱུའམ། ཉན་ཐོས་ཀྱི་རྒྱུད་ལ་གནས་པའི་སློབ་པ་དང་མི་སློབ་པའི་ལམ་མོ། །དཀོན་མཆོག་ལ་དད་པ་དང་

ལྡན་པས་བརྟེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་རྣམས་ལ་སྙིང་རྗེ་བ། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་ལ་རྗེས་སུ་བརྩེ་བ་ནི་དེའི་སྡུག་བསྔལ་ལས་འདོན་པའི་བསམ་པའི་ཚུལ་ཡིན་ཏེ། དེ་ནི་འཁོར་བའི་རྒྱུད་ལ་བརྗོད་དོ། །དེ་ཉིད་ཀྱི་སྒྲ་

སྤྱིའི་ཚུལ་གནས་པར་བྱས་ནས་དེའི་ཁྱད་པར་བསྟན་པའི་ཕྱིར། སྲོག་ཆགས་རྣམས་ལ་སྙིང་བརྩེ་བ། །ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་ནི་སྲོག་དང་ལྡན་པའོ། །འདོད་པའི་སེམས་ཅན་དང་བསམ་གཏན་གསུམ་དུ་སྐྱེས་པ་དེ་རྣམས་ཉིད་ལ་ནི་དབུགས་འབྱུང་བ་

དང་རྔུབ་པ་ཡོད་པའི་ཕྱིར་རོ། །འབྱུང་པོ་རྣམས་ལ་སྙིང་བརྩེ་བ། །ཞེས་བྱ་བ་ནི། དབུགས་འབྱུང་བ་དང་རྔུབ་པ་ཡོད་པའི་ཕྱིར། ཁམས་ལྷག་མ་དག་གིས་བསྟན་པའི་ཕྱིར། སེམས་ཅན་སྲོག་ཆགས་སུ་གྱུར་པ་འདོད་པ་ལ་སོགས་པའི་ཁམས་གསུམ་ན་

Vol. 149 · folio 64a

གནས་པ་ལ་སེམས་ཅན་ཞེས་བསྟན་ཏོ། །འདིར་བསྟན་པ་ནི་སྙིང་རྗེའི་དབྱེ་བ་ཡིན་ཏེ། བྱམས་པ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། བཤད་པ། གཙོ་བོ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ནི་སྡུག་བསྔལ་ལས་འདོན་པར་བྱེད་པ་ཡིན་ལ། བྱམས་པ་ནི་མ་ཡིན་ནོ། །བྱམས་

པ་ཞེས་བྱ་བ་ནི་གཞན་ལ་ཕན་པའི་སེམས་ཏེ། དེས་ཡོངས་སུ་བཟུང་བའི་སེམས་ནི་བྱམས་པའོ། །འདི་ལྟ་སྟེ། སྐྱེས་བུ་ཞིག་ཉིན་རེ་བཞིན་དོང་ཙེ་སུམ་བརྒྱ་སྦྱིན་པ་སྦྱིན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་མདོ་འདི་ལས་བལྟ་བར་བྱའོ། །ཚད་མེད་པ་རྣམས་ཀྱི་ནང་ནས་གཉི་ག་

ཁོ་ན་བཟུང་སྟེ། གཞན་གྱི་དོན་བྱ་བའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་བྱམས་པ་ནི་གཞན་གྱི་དོན་སེམས་པའོ། །སྙིང་རྗེ་ནི་དེ་བྱེད་པའོ། །དེ་གཉིས་ཀྱི་རྩ་བ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གྲངས་ཀྱི་དམ་ཆོས་ཞེས་སྨོས་ཏེ།

གྲངས་ནི་བསྡུས་པ་ཡོངས་སུ་བཅད་པའོ། །ཟག་པ་མེད་པའི་ཤེས་པས་ཆོས་བསྒོམ་པའི་སེམས་གང་ཡིན་པའི་སེམས་དེས་ཞེས་བྱ་བ་ནི་ཚིགས་བཅད་སྔ་མ་འདིར་རྗེས་སུ་འབྲངས་ཏེ། ཇི་སྐད་དུ་མི་རྟག་པར་རྗེས་སུ་མཐོང་བར་གྱུར་པ་ནི་འདོད་ཆགས་དང་བྲལ་བར་

མཐོང་སྟེ། དེ་བས་ན་དེ་ནི་བསོད་ནམས་ཆེས་མང་པོ་ཞེས་གསུངས་སོ། །ཀུ་ཤའི་རྩེ་མོས་ཟ་བ་སངས་རྒྱས་ལ་དད་པ་ལ་སོགས་པ་ལས་དོན་མེད་པ་འབའ་ཞིག་ཏུ་མ་ཟད་དེ། མཆོད་སྦྱིན་དང་རྗེས་སུ་མཐུན་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཟླ་བ་རེ་རེར་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་འདི་ལྟ་བུའི་ཚུལ་གྱིས་མཆོད་སྦྱིན་ཆེན་པོ་བརྩམས་ཏེ་མཆོད་སྦྱིན་སྟོང་ཕྲག་བཅུའི་མཆོད་སྡོང་མཆོད་སྦྱིན་གྱི་ཆེད་དུ་བཙུགས་ཏེ། བཟའ་བ་མང་པོ་དང་བཅའ་བ་མང་པོ་དང་སྦྱིན་པའི་རྫས་མང་པོ་ཡང་སྤུངས་

ཤིང་གཞག་གོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་སྔ་དྲོའི་དུས་སུ་འོངས་པ་དང་། ཇི་ཙམ་ན་ཚིགས་སུ་བཅད་པ་དགུ་གསུངས་སོ། །སྟོང་ཞེས་བྱ་བ་ནི་རི་ཤ་བ་ཞེས་བྱ་བའི་མདོ་ལས་བསྟན་པ་ཡིན་ནོ། །གཞན་དག་ནི་ཀཱར་ཥཱ་པ་ཎ་ཞེས་ཟེར་རོ། །ཁ་ཅིག་ནི་ལན་སྟོང་

Vol. 149 · folio 64b

ཞེས་ཟེར་རོ། །ལོ་བརྒྱ་ནི་དུས་ཚིགས་བརྒྱའོ། །མཆོད་སྦྱིན་ནི་མཆོད་སྦྱིན་དང་མཆོད་པ་བྱེད་པ་སྟེ། འདིའི་ཚུལ་བཞིན་དུ་བྱས་ན་ལྷའི་ཚོགས་ཀྱི་ནང་དུ་སྐྱེ་ཞིང་གནས་པར་འགྱུར་རོ་ཞེས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གང་ཅུང་ཟད་ཅེས་བྱ་བ་ནི་དུས་ཐམས་

ཅད་དང་ཐམས་ཅད་དུ་དང་ཐམས་ཅད་ཀྱིས་གང་ཅི་ཡོད་པ་དེ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །མཆོད་སྦྱིན་ཞེས་བྱ་བ་ནི་འདོད་པའི་ཡུལ་ལས་བྱས་པ་སྟེ། དེ་ཉིད་ནི་མཆོད་པ་སྔོན་དུ་འགྲོ་བའམ་མངོན་པར་འདོད་པའི་བསྙེན་བཀུར་སྔོན་དུ་འགྲོ་བས་བྲམ་ཟེ་དང་དགེ་

སྦྱོང་ལ་སོགས་པ་གང་སྦྱིན་པའི་ཞིང་ལ་སྦྱིན་པ་སྟེ། འདིས་ནི་མཆོད་སྦྱིན་དང་སྦྱིན་སྲེག་གཉིས་བསྟན་ཏོ། །མེ་ལ་སྦྱིན་པ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གོ། །འཇིག་རྟེན་དུ་ཞེས་བྱ་བ་ནི་འགྲོ་བ་སྟེ་འཁོར་བ་པའི་བདེ་བ་སྒྲུབ་པ་ཞེས་བྱ་བའི་དོན་ཏེ། རྒྱུ་མཚན་ཉིད་བདུན་པའོ། །

ལོ་བརྒྱར་ཞེས་བྱ་བ་ནི་དུས་ཚིགས་བརྒྱའོ། །གང་ཞེ་ན། བསོད་ནམས་འདོད་པ་ཡིན་པའི་མི། །ཞེས་བྱ་བ་སྟེ། བསོད་ནམས་འདོད་པ་ཡིན་པས་བསོད་ནམས་ཏེ། གང་དག་བསོད་ནམས་སོགས་པར་བྱེད་པའི་སེམས་ཅན་ནོ། །སྔ་མས་ནི་ཞིང་དང་བསམ་

པ་བསྟན་ནས་འདིས་ནི་བྱེད་པ་པོ་བརྗོད་དོ། །དེས་ནི་མི་ཕོད་དོ་ཞེས་བྱ་བ་ནི་སྦྱིན་སྲེག་དང་མཆོད་སྦྱིན་ལ་སོགས་པས་སོ། །བཞི་ཆར་ཡང་ཞེས་བྱ་བ་ནི་ཆ་ཤས་བཞི་པའི་ཆ་དང་མཉམ་པ་ཐོབ་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཞེ་ན། ཕྱག་འཚལ་དེའི་ཞེས་བྱ་བ་

སྟེ་ཡོན་ཏན་ལ་མངོན་དུ་ཕྱོགས་པར་བྱེད་པས་དད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པ་ནི་ཕྱག་འཚལ་བའོ། །ཡང་ན་དཀོན་མཆོག་གསུམ་ལ་གུས་པ་བྱེད་པའོ། །གང་ཞིག་གིས་ཕྱག་འཚལ་བ་ཡིན་ཞེ་ན། དྲང་པོའི་སེམས་དང་ལྡན་པར་

འགྱུར། །ཞེས་བྱ་བ་སྨོས་ཏེ། གཡོ་ལ་སོགས་པ་ནི་སེམས་ཀྱི་སྐྱོན་མི་དྲང་བ་སྟེ། དེ་མེད་པ་ནི་དྲང་པོ་ཐོབ་པའོ། །དེ་དང་ལྡན་པ་ནི་གནས་པའོ། །ཇི་སྲིད་སེམས་ཀྱི་སྐྱོན་དང་གཡོ་ཐམས་ཅད་དང་བྲལ་བ་ནི་དྲང་པོའི་རང་བཞིན་ཅན་ཏེ་སྐྱེ་བོ་དགེ་བའམ། དཀོན་མཆོག་

Vol. 149 · folio 65a

གསུམ་ལ་སྟེ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །མདོ་གཞན་དག་ལས་ཀྱང་བཤད་པ། དགེ་སློང་གང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་རྩ་བའི་ཆོས་ཅན་བསོད་སྙོམས་ཡོངས་སུ་

སྤྱོད་པ་ཚད་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་རྫོགས་པར་བྱས་ཏེ་གནས་པ་དེ་ལ་སྦྱིན་པ་བྱིན་པ་ནི་སྦྱིན་བདག་གི་བསོད་ནམས་ཚད་མེད་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་སོ། །བསྒྲེ་བའི་ཚོམས་ཏེ་ཉི་ཤུ་རྩ་བཞི་པའི་རྣམ་པར་འགྲེལ་

པ་རྫོགས་སོ།། །།དམ་པའི་ཆོས་མཉན་ཅིང་བསྟན་པ་ལ་ནན་ཏན་དུ་བྱ་བ་ལ་སོགས་པ་ལ་ནི་སྐྱེ་བོ་དམ་པ་མ་ཡིན་པ་སྤང་བ་དང་། སྐྱེས་བུ་དམ་པ་ལ་བརྟེན་པས་མངོན་པར་འདོད་པའི་དོན་མཐའ་དག་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་

མཛའ་བཤེས་ཀྱི་ཚོམས་བསྟན་ཏོ། །དེ་ལ་སྡིག་པ་ཅན་གྱི་སྐྱེ་བོ་སྤངས་ཤིང་སྐྱེ་བོ་དམ་པ་བསྟེན་པས་ནི་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དད་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བཅོམ་ལྡན་འདས་ཀྱི་ཕྱོགས་གཅིག་

ཏུ་ལྷ་སྦྱིན་ཀ་ཌ་མོ་ར་ཀ་ཏི་ཥྱ་ལ་སོགས་པས་ཡོངས་སུ་བསྐོར་ཅིང་འདུག་གོ། །ཕྱོགས་གཅིག་ན་ནི་འཕགས་པ་ཤཱ་རིའི་བུ་འདོད་ཆགས་དང་བྲལ་བའི་སྐྱེ་བོས་ཡོངས་སུ་བསྐོར་ཅིང་འདུག་པ་དེ་གཉིས་དེ་ལྟར་མཐོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ལྷ་སྦྱིན་

ལ་ནི་བརྙས་པར་བྱེད་པ། འཕགས་པ་ཤཱ་རིའི་བུ་ལ་ནི་བསྙེན་བཀུར་བྱེད་པ་ལས་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །གང་ལ་དད་པ་ཡོད་པ་མ་ཡིན་པ་དེ་ནི་དད་པ་མེད་པ་སྟེ་དེ་དང་བཤེས་པར་མི་བྱའོ། །ཇི་ལྟར་འདི་དད་པ་ཡོད་པ་མ་ཡིན་པར་རིག་པར་

བྱ་ཞེ་ན། རྟགས་ཀྱིས་ཇི་ལྟར་མི་དད་པ་སྟེ། དད་པ་མེད་པའི་རྟགས་བསྟན་པའི་ཕྱིར། འཇུངས་པ་ཞེས་བྱ་བ་བཀྲེན་པ་དང་། སེར་སྣ་ཅན་ཏེ་མི་གཏོང་བའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །ཕྲ་མ་ཅན་ཞེས་བྱ་བ་ནི་གཞན་འབྱེད་པར་བྱེད་པའི་ཚིག་གི་ཕྲ་མ་དེ་

Vol. 149 · folio 65b

ལ་སྦྱོར་བའོ། །འདིས་ནི་དམ་པའི་ཆོས་མཉན་པར་འདོད་པ་དང་བྲལ་བར་བསྟན་ཏེ། ཕྲ་མ་ཅན་ནི་སྨད་པ་ཡིན་པའི་ཕྱིར་དེ་ལ་འདི་ཉན་པར་མི་འདོད་པའོ། །དབྱེན་བྱེད་པ་ཞེས་བྱ་བ་ནི་སྐྱེ་བོ་ཁྱད་པར་ཅན་འབྱེད་པ་སྟེ། དམ་པ་རྣམས་ཀྱི་གྲོགས་པོ་དང་འབྱེད་པར་བྱེད་པའི་ཚིག་

གང་ལ་ཡོད་པ་དེ་ནི་དབྱེན་བྱེད་པ་ཅན་ཏེ། དམ་པ་རྣམས་འགྲོགས་པར་མི་འདོད་པ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་འཇུངས་པ་ནི་སེམས་ཀྱི་དྲི་མའོ། །ཕྲ་མ་ནི་ངག་གི་དྲི་མའོ། །འདི་ནི་ལུས་ཀྱི་དྲི་མའོ་ཞེས་ཟེར་ཏེ། གཞན་གྱི་སྲོག་དང་ནོར་དང་ཆུང་མ་འབྱེད་

པས་སོ། །བཤེས་པར་མི་བྱ་ཞིང་ཞེས་བྱ་བ་ནི་གྲོགས་པོའི་དངོས་པོ་ཡིན་པས་བཤེས་པ་སྟེ། དེ་དེ་དང་ལྷན་ཅིག་འབྲེལ་པར་མི་བྱའོ། །མཁས་པ་ནི་དེའི་ཉེས་དམིགས་ཤེས་པ་སྟེ། འདི་ལྟར། སྡིག་ཅན་མི་དང་འགྲོགས་མི་བྱ། །ཞེས་བྱ་བ་སྨོས་ཏེ། སྐྱེ་

བོ་ངན་པ་བསྟེན་པ་ནི་སྨད་པ་ཡིན་ཏེ། སྡིག་པ་ལས་ནི་ངན་སོང་གི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་མི་གཙང་བས་སྦགས་པའི་སྦྲུལ་ལ་རྐང་པ་གཉིས་ཀྱིས་བརྫིས་པར་གྱུར་ན་ཅི་ཡང་མི་གཙང་བས་སྦགས་ཤིང་དེས་ཟིན་པར་མི་འགྱུར་རམ་ཞེས་བྱ་བ་ལ་སོགས་པ་མདོ་

ལས་གསུངས་སོ། །དད་ལྡན་ཞེས་བྱ་བ་ནི་དད་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །དེས་པ་ཞེས་བྱ་བ་ནི་རྒྱུད་མཉེན་པ་སྟེ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པའམ། རྣམ་པར་མི་འཚེ་བའི་ཕྱིར་ཏེ་འགྲོགས་ན་བདེ་བ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ལྡན་པ་ཞེས་

བ་ནི་ཚུལ་རྣམ་པར་དག་པ་ལ་གནས་པའོ། །ཐོས་པ་མང་བ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་མངོན་པར་ཤེས་པའི་ཕྱིར་ཏེ། དེ་མེད་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་མེད་པའི་ཕྱིར་རོ། །དང་གི་སྒྲ་ནི་འདིར་ཐམས་ཅད་དུ་ཕན་ཚུན་ལྟོས་པའི་དོན་ཏོ། །ཡོན་ཏན་རྣམ་པ་བཞི་

ཁོ་ནས་ནི་དགེ་བའི་བཤེས་གཉེན་གྱི་ཡན་ལག་ཚང་བ་ཡིན་ནོ། །གཞན་དག་ནི་སྔ་མའི་ཚིགས་བཅད་ཀྱི་གཉེན་པོ་འདིར་གོ་རིམས་བཞིན་དུ་ཚིག་རྐང་བཞིས་འགྲེལ་པ་ཡིན་ནོ་ཞེས་ཟེར་རོ། །འདི་ཉིད་དང་འགྲོགས་པར་བྱ་བའོ་ཞེས་པ་ཅིའི་ཕྱིར་ཞེ་ན། འདི་ལྟར། མི་

Vol. 149 · folio 66a

མཆོག་དག་དང་འགྲོགས་པར་བྱ། །ཞེས་བྱ་བ་ཡིན་ཏེ། མངོན་པར་འདོད་པའི་དངོས་པོ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་སྤོས་ཀྱི་གླང་པོ་ཆེ་གནས་པ་ཁྲུས་དང་འབྲེལ་པ་ལ་འཚེ་བ་མི་བྱེད་ཅིང་གདུག་པ་མེད་པ་ལ་

གནས་པར་གྱུར་ཏོ་ཞེས་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། སྐྱེ་བོ་དམ་པ་ཡོན་ཏན་ཤིན་ཏུ་དག་པ་ཡི། །ཞབས་ལ་སྤྱི་བོས་གཏུགས་ཏེ་རྡུལ་གྱིས་གོས་ཀྱང་བླ། །ཞེས་བྱ་བ་ཡིན་ནོ། །སྐྱེ་བོ་ངན་པ་དང་རྟག་ཏུ་འགྲོགས་པ་དང་མཐུན་པར་སྤྱོད་པ་ཡང་མ་ཟད་

དེ། དུས་ཅུང་ཟད་ཅིག་ཀྱང་བསྟེན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། སྡིག་པའི་གྲོགས་པོ་མི་བསྟེན་ཅིང་། །ཞེས་བྱ་བ་སྨོས་ཏེ། སྡིག་པ་བྱེད་པའི་གྲོགས་པོ་ནི་ཡུན་ཐུང་ངུར་ཡང་མི་བསྟེན་ཏེ། དད་པ་མེད་པ་ལ་སོགས་པའི་སྐྱོན་ཡོད་པའི་ཕྱིར་བསྟན་པ་ལ་ཞུགས་པ་

རྣམས་ཀྱང་མི་བསྟེན་ན་གཞན་ལྟ་ཅི་སྨོས། སྐྱེས་བུ་ངན་པ་ཞེས་བྱ་བ་ནི་སེམས་ཅན་ཐ་མ་སྟེ། ལོག་པའི་ལམ་སྟོན་པའི་ཕྱིར་རྫོགས་བྱེད་ལ་སོགས་པ་བཞིན་ནོ། །ཡང་ན་གོ་རིམས་བཞིན་དུ་གང་སྡིག་པའི་ཆོས་དང་ལྡན་པ་དང་། གང་སྡིག་པའི་སྒྲ་དང་ལྡན་པ་དེ་ཡང་

བསྟེན་པར་མི་བྱའོ་ཞེས་ཚིག་རྐང་གཉིས་ཀྱིས་སྟོན་ཏོ། །དགེ་བའི་གཤེས་གཉེན་བསྟེན་བྱ་ཞིང་། ཞེས་བྱ་བ་ནི་ཡོན་ཏན་དཔག་ཏུ་མེད་པའི་ཆུའི་རྒྱུན་གྱིས་དྲི་མའི་སྐྱོན་རྣམས་འཁྲུ་བར་བྱེད་པའི་ཕྱིར་དགེ་བའི་གཤེས་གཉེན་ནི་གསེར་བཟང་པོ་བཞིན་དུ་བསྟེན་པར་བྱ་སྟེ།

འདིར་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་ཉེ་བར་གནས་པའི་སུ་ཙི་ཀ་ཞེས་བྱ་བ་དཔེར་བརྗོད་པར་བྱའོ། །རང་ཉིད་ཀྱི་ཡོན་ཏན་དེ་བསྟན་ནས། གཞན་ལ་བསྟན་པ་སྦྱིན་པའི་ཕྱིར་སྨྲས་པ། སྐྱེས་བུ་དམ་པ་བསྟེན་པར་བྱ། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་

འམ་གཞན་འདོད་ཆགས་དང་བྲལ་བའོ། །ཡང་ན་གོ་རིམས་བཞིན་དུ་མངོན་པར་འདོད་པའི་ཡོན་ཏན་དང་གྲགས་པ་དང་ལྡན་པས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་དག་བསྟེན་བྱས་ན། །ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུའི་དགེ་བའི་གཤེས་གཉེན་སྐྱེས་བུ་དམ་པ་གང་གིས་

Vol. 149 · folio 66b

བསྟེན་པའི་སྐྱེས་བུ་དེ་ལ་ལེགས་པར་འགྱུར་ཞེས་བྱ་བ་ཕུན་སུམ་ཚོགས་པར་འགྱུར་བའོ། །སྡིག་པ་ཆེན་པོས་ཟིལ་གྱིས་གནོན་པར་གྱུར་ཀྱང་འདི་ལྟར་མ་སྐྱེས་དགྲ་ཡོན་ཏན་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་བརྗོད་པར་བྱའོ། །སྡིག་པར་མི་འགྱུར་ཞེས་བྱ་བ་ནི་དགེ་པའི་བཤེས་

གཉེན་བསྟེན་པར་བྱས་ན་ལེགས་པར་འགྱུར་ཞེས་བྱ་བར་འདིར་རྗེས་སུ་འབྲང་ངོ་། །ཡང་ན་དམ་པ་བསྟེན་པས་ནི་ངན་པར་མི་སྤྱོད་པའམ། དེའི་འབྲས་བུ་རྒུད་པར་མི་འགྱུར་རོ། །དམ་པ་རྣམས་ལ་བསྟེན་པ་ཉིད་ལ་གཟུད་པའི་ཕྱིར་སྨྲས་པ། གང་དག་ཐོས་མང་

ཞེས་བྱ་བ་ལ་སོགས་པའོ། །སྣ་ཚོགས་བསྟེན་པ་ཞེས་བྱ་བའི་བྲམ་ཟེ་གང་དང་གང་དུ་བསྟེན་པ་དེ་དང་དེར་གདུང་བ་ཐོབ་པར་གྱུར་པས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བསྟེན་པར་བྱ་བ་ཞུས་སོ། །བཀའ་སྩལ་པ། བྲམ་ཟེའམ་དགེ་སྦྱོང་གང་སུ་དག་དད་པ་ཕུན་སུམ་

ཚོགས་པར་གྱུར་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་དང་། ཤེས་རབ་ཕུན་སུམ་ཚོགས་པར་གྱུར་པ་དང་། ཐོས་པ་ཕུན་སུམ་ཚོགས་པར་གྱུར་པ་དེ་ལ་སྟེན་ཅིག །འདི་ལྟ་སྟེ་རིའི་རྒྱལ་པོ་ཁ་བ་ཅན་ལ་བརྟེན་ནས་ས་ལ་ལྔ་འཕེལ་བས་རྒྱས་པར་གྱུར་ཏོ་

ཞེས་བྱ་བ་གསུངས་ནས་ཚིགས་སུ་བཅད་པ་གསུམ་བཀའ་སྩལ་ཏོ། །དད་དང་ཞེས་བྱ་བ་འདིས་ནི་མངོན་པར་མཐོ་བའི་རྒྱུ་དང་ལྡན་པར་བསྟན་ཏེ། དད་པའི་ལམ་བརྒྱགས་བསྐུར་ནས་ནི། །ཞེས་བྱ་བའི་ཚིག་གིས་སོ། །ཤེས་རབ་དང་ལྡན་དེས་ཞེས་བྱ་བ་ནི་ཤེས་རབ་ཁྱད་

པར་ཅན་ཡོད་ཅིང་རྟོགས་པ་དང་ལྡན་པ་སྟེ། ངེས་པར་ལེགས་པའི་རྒྱུ་དང་ལྡན་པར་བསྟན་ཏོ། །ཡང་ན་ཉེས་པ་རྣམས་དགག་པ་དང་གཏན་དུ་སྤངས་པ་སྟེ། བསྟན་པ་ཉིད་ཀྱིས་བསལ་བས་སོ། །མི་ཡིས་བསྟན་བྱ་ཞེས་བྱ་བས་ནི་དེ་བསྟེན་པས་དཔག་ཏུ་མེད་པའི་ཁྱད་

པར་འབྱུང་བའི་ཕྱིར་རོ། །འདི་གཉིས་དང་རྗེས་སུ་མཐུན་པའི་རྒྱུ་བསྟན་པའི་ཕྱིར་ཐོས་མང་ཞེས་བྱ་བ་གསུང་རབ་ཀྱི་དོན་རྟོགས་པ་སྟེ། ཇི་སྐད་དུ་ཆོས་ཉན་པ་ཡོངས་སུ་རྫོགས་ན་ནི་དད་པ་ཡོངས་སུ་རྫོགས་པ་ཡིན་ལ། ཚིག་གི་དོན་ཟབ་མོ་ནི་ཤེས་རབ་ཀྱིས་

Vol. 149 · folio 67a

ཡོངས་སུ་རྟོགས་པར་འགྱུར་རོ་ཞེས་བཤད་དོ། །འདི་གཉིས་ཁོ་ནའི་བསྒོམ་པའི་ཐབས་བསྟན་པའི་ཕྱིར། གནས་མང་སེམས་པ་དང་ཞེས་བྱ་བ་ཡིན་ཏེ། དངོས་པོ་མང་པོ་ལ་ཡོངས་སུ་རྟོགས་པར་བྱེད་པ་དང་། དྲན་པ་ཉེ་བར་གཞག་པ་

ལ་སོགས་པ་ལ་མངོན་པར་བརྩོན་པའི་ཕྱིར་རོ། །ཡང་ན་རྣམ་པ་མང་པོ་སྟེ། ཇི་སྐད་དུ། ཇི་ལྟར་ཡང་གནས་བདུན་ལ་མཁས་པར་འགྱུར་ཏེ། གཟུགས་ཤེས་པར་གྱུར་པ་དང་། གཟུགས་ཀུན་འབྱུང་བ་ཞེས་བྱ་བ་ལ་སོགས་པའོ། །གང་འདི་ལྟར་ཡོངས་སུ་རྟོགས་པར་བྱེད་པ་

དེ་ཉིད་ཀྱིས་ནི་ཟག་པ་མེད་པའི་ལམ་ཐོབ་པས་དད་པ་དང་ཤེས་རབ་བསྒོམ་པར་འགྱུར་རོ། །གང་དག་ཅེས་བྱ་བ་ནི་ཡོན་ཏན་བསྟན་པ་སྟེ། ལེགས་པར་སྨྲས་པ་མཉན་བྱས་ཞེས་པ་དང་སྦྱར་རོ། །འདིར་ནི་ཞེས་བྱ་བ་ནི་འཇིག་རྟེན་འདིར་སངས་རྒྱས་འབྱུང་བས་བརྒྱན་

པའོ། མཉན་བྱས་ཞེས་བྱ་བ་ནི་བརྟགས་པའོ། །རིང་པོ་ནས་ཀྱང་དེ་ཡིས་ཞེས་བྱ་བ་ནི་དད་པ་དང་ལྡན་ན་ཡུལ་བསྐལ་པར་གྱུར་ཀྱང་ཁྱད་པར་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་དང་ཕན་ཡོན་འགྲུབ་པར་འགྱུར་བ་སྟེ། སངས་རྒྱས་ཐག་རིང་པོ་ན་བཞུགས་ཀྱང་

ཤེས་རབ་ཀྱི་མིག་གིས་རྣམ་པར་སྦྱངས་པ་ཡིན་ཏེ། ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་འདིར་བཤད་པར་བྱའོ། །ཅི་ནས་ཀྱང་དམ་པ་བསྟེན་པ་ལ་འཇུག་པར་བྱ་བ་དེ་ལྟར་སྦྱར་བའི་ཕྱིར། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཞེས་བྱ་བ་ཉིན་རེ་ཞིང་ཡོན་ཏན་

ཉམས་པ་འཐོབ་པར་འགྱུར་ཏེ། དམ་པ་གང་ཡིན་པས་བསྟེན་ཀྱང་ཡོན་ཏན་ཉམས་པར་འགྱུར་རོ། །དེ་བས་ན་འདི་ལ་བསྟེན་པར་མི་བྱའོ་ཞེས་སྟོན་ཏོ། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །ཞེས་པ་ལ། འདི་ལ་མཉམ་པར་འཚོ་བའི་ཚུལ་ཡོད་པ་དེ་ནི་དེའོ། །

གང་ཡང་སྐྱེ་བོ་མཉམ་པ་དང་ལྷན་ཅིག་འགྲོགས་པ་དེས་ནི་ཐོབ་པའི་འབྲས་བུའི་ཁྱད་པར་ལས་ཉམས་པ་ཡང་མེད་ལ། ཁྱད་པར་ཐོབ་པ་ཡང་མེད་དོ། །གཙོ་བོ་བསྟེན་པས་ཞེས་བྱ་བ་ནི་ཡོན་ཏན་ཁྱད་པར་ཅན་འདྲེན་པར་བྱེད་པ་སྟེ། ཆེས་ཁྱད་པར་དུ་འཕགས་པའི་གན་

Vol. 149 · folio 67b

དུ་ལྷགས་ནས་དེ་ལ་བརྟེན་ཅིང་མཆོག་ཏུ་དེ་དང་ཉེ་བར་གནས་པར་བྱས་ན་དམ་པ་ཐོབ་པར་འགྱུར་བ་ནི་རྙེད་པའོ། །དམ་པ་ཐོབ་ཅེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་དུ་གྱུར་ཅིང་ཡོན་ཏན་བསྔགས་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་འདི་ལྟར་སེམས་མེད་པའི་ཏིལ་ལ་མེ་ཏོག་གི་དྲི་ཆེན་

པོས་བསྒོས་པར་གྱུར་ན་ལྷན་ཅིག་བསྟེན་པའི་དྲི་ཐོབ་པར་འགྱུར་ཞིང་དེའི་དྲི་ཉེ་བར་འགོ་བར་འགྱུར་ན་ཇི་ལྟར་ཡང་སྐྱེ་བོ་དམ་པ་དང་བསྟེན་ན་དམ་པར་མི་འགྱུར། དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཞེས་བྱ་བ་སྟེ། དེ་བས་ན་འདི་ལྟར་བདག་ཉིད་པས་ཆེས་ཁྱད་པར་དུ་གྱུར་པ་

དག་བསྟེན་པར་བྱའོ་ཞེས་བསྟན་ཏོ། །དེ་ཉིད་གཙོ་བོ་གང་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །ཞེས་བྱ་བ་ནི་མཆོག་པས་ཀྱང་མཆོག་ཏུ་སྟེ། གང་བདག་ཉིད་པས་ཆེས་ཁྱད་པར་དུ་གྱུར་པ་བསྟེན་པས་སོ། །གང་གིས་ཆེས་གཙོ་བོར་འགྱུར་ཞེ་ན། ཤེས་རབ་

ཆེས་མཆོག་ལྡན་པ་ཡིས། །ཞེས་བྱ་བ་སྨོས་ཏོ། །ཆོས་རྣམ་པར་གཏན་ལ་དབབ་པས་དེ་ཁྱད་པར་གྱི་སྦྱོར་བ་ཐོབ་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པས་སོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་སོ། །དེས་ན་ཡང་ཕུང་པོ་གསུམ་

གྱི་བདག་ཉིད་འཕགས་པའི་ལམ་བསྟན་པ་ཡིན་ནོ། །མི་དགེ་བའི་བཤེས་གཉེན་བསྟེན་པའི་སྐྱེ་བོ་ནི་ཉམས་པར་འགྱུར་རོ་ཞེས་བཤད་པ་ལ་ཇི་ལྟར་དེ་གྲགས་པ་ལ་སོགས་པ་ཉམས་པར་འགྱུར་ཞེ་ན། དེ་ཉིད་ཀྱི་སྨད་པ་བསྟན་པའི་ཕྱིར། མི་ཡིས་འདི་ན་ཉ་རུལ་ལ། །

ཞེས་པ་སྨོས་སོ། །མཉན་ཡོད་ན་རྒྱལ་པོ་གསལ་རྒྱལ་གྱི་མདུན་ན་འདོན་གྱི་བྲམ་ཟེ་མཆོད་སྦྱིན་གྱི་སྦྱིན་སྲེག་བྱེད་པར་བརྩམས་ཏེ། དེའི་དོན་དུ་མི་ཞིག་གིས་དགོན་པ་ནས་རྩྭ་ཁུར་གཅིག་བླངས་ཏེ་གྲོང་ཁྱེར་དུ་འཇུག་འདོད་པའི་ལམ་གྱི་བར་ན་ཉ་མང་པོ་མཐོང་ངོ་། །དེས་

ཁུར་གྱི་ནང་དུ་བཅུག་སྟེ་རང་གི་ཁྱིམ་དུ་ཁྱེར་ནས་ཁུར་དེ་ཡང་རང་གི་རྗེ་བོ་དང་མདུན་ན་འདོན་ལ་ཕུལ་ལོ། །དེས་ཀྱང་ཉ་ཤིན་ཏུ་རུལ་བའི་དྲི་བྲོ་བས་ཕྱི་རོལ་དུ་བོར་རོ། །གཞན་ཞིག་གིས་ཀྱང་དེ་ལ་བསྒོས་པའི་ཤིང་པ་ལ་ཤའི་ལོ་མ་བླངས་ཏེ། གཞིག་ནས་རྒྱ་སྤོས་སར་

Vol. 149 · folio 68a

པ་ཞིག་ཀྱང་རྙེད་དེ་ལོ་མ་དེའི་ནང་དུ་ཁ་སྦྱར་ཏེ་གཞག་གོ། །དེ་དང་འབྱར་པས་ལོ་མ་ཡང་དྲི་ཞིམ་ཞིང་བསྟེན་པའི་འོས་སུ་གྱུར་ཏོ། །ཇི་ཙམ་ན་མདུན་ན་འདོན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བདག་གི་མཆོད་སྦྱིན་ནི་གང་གིས་ཀྱང་ཡན་ལག་ཚོགས་

པར་མ་གྱུར་ཏོ་ཞེས་གསོལ་པ་དང་། མཆོད་སྦྱིན་ནི་དེ་ལྟ་བུར་དོན་ཆེན་པོ་ཡིན་ནོ་ཞེས་བསྟན་ནས་དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཉ་རུལ་པ་ཞེས་བྱ་བ་ནི་རྣམ་པར་གཤེར་ཞིང་རུལ་པའོ། །བཅིངས་པ་ནི་ཉེ་བར་བསྡམས་པའོ། །གང་ཀུ་ཤ་དང་

དར་བྷ་དག་བྱེད་དུ་གྱུར་པ། ཀུ་ཤ་ཉིད་ཀྱང་རུལ་འགྱུར་བ། །ཞེས་བྱ་བ་ཡིན་ཏེ། དག་བྱེད་ཀྱི་གཟུགས་སུ་གྱུར་པའི་ཀུ་ཤ་ཡང་རུལ་ཅིང་དྲི་ང་བར་གྱུར་ཏེ་སྤང་བར་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྡིག་པ་བསྟེན་པའང་དེ་བཞིན་འགྱུར། །ཞེས་པ་ནི་དེ་བཞིན་དུ་སྐྱེ་བོ་

ངན་པ་ལ་བརྟེན་པར་འདོད་པའི་དམ་པ་རྣམས་ཀྱང་ཚིག་ངན་པ་ལ་སོགས་པའི་དྲི་ང་བ་ལ་སྦྱོར་བར་བྱེད་དོ། །རྒྱ་སྤོས་ཞེས་བྱ་བ་ནི་ཤིན་ཏུ་བསྔགས་ཤིང་དྲི་ཞིམ་པའི་སྨན་ནོ། །མི་གང་གིས་པ་ལ་ཤའི་ཤིང་གི་ལོ་མ་རྣམས་སུ་ཕུར་མར་བྱས་པ་ནི་ཁ་སྦྱར་བའོ། །དང་གི་སྒྲ་ནི་

ཡང་གི་དོན་ཏེ་དེ་དང་འབྲེལ་པའི་ཕྱིར་རོ། །ལོ་མ་ཉིད་ཀྱང་དྲི་ཞིམ་པ་ཞེས་བྱ་བ་ནི་དྲི་བཟང་པོ་ཐོབ་པར་འགྱུར་ཞིང་དྲི་ཡིད་དུ་འོང་བ་རྙེད་པ་སྟེ། ཡོངས་སུ་གཟུང་བར་འོས་པ་དེ་རྙེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། དམ་པ་བསྟེན་པའང་དེ་བཞིན་འགྱུར། །ཞེས་བྱ་བ་ནི་

དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་བསྟེན་ན་ནི་ཡོན་ཏན་མེད་ཀྱང་གྲགས་པ་ལ་སོགས་པའི་ཡོན་ཏན་ལ་སྦྱོར་བར་བྱེད་པ་ཡིན་ནོ། །མ་རུལ་པ་ཡང་སྡིག་པ་བསྟེན་པ་དེ་བཞིན་དུ་འགྱུར་རོ་ཞེས་བསྟན་པ་ལ། སྡིག་པ་བསྟན་པས་ཇི་ལྟར་རུལ་བར་འགྱུར་བ་དང་། སྡིག་

པ་བྱེད་པར་དོགས་པ་དང་། ཚིག་ངན་པ་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡིག་པ་མི་བྱེད་པས་ཞེས་བྱ་བ་ནི་རྒྱལ་པོ་མ་སྐྱེས་དགྲ་མི་དགེ་བའི་གཤེས་གཉེན་ལ་བརྟེན་པར་བཤད་ཅིང་བསྟན་པས་འགྱོད་པ་ཆེན་པོ་

Vol. 149 · folio 68b

སྐྱེས་ཏེ། རྒྱལ་པོ་ཆེན་པོ་ལུས་ཀྱིས་ཉེས་པར་སྤྱོད་པ་བྱས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་དགེ་བའི་བཤེས་གཉེན་ལ་བརྟེན་པར་གྱིས་ཤིག །དེས་ན་ཁྱོད་ལ་ཡུན་རིང་པོའི་དོན་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་སྡིག་པ་མི་བྱེད་ཀྱང་སྡིག་པའི་སྐྱེ་བོ་ལ་བརྟེན་པ་ནི་འཇིག་

རྟེན་པ་རྣམས་ཀྱིས་དོགས་པའི་གནས་སུ་འགྱུར་རོ་ཞེས་བསྟན་ཅིང་ཇི་སྲིད་དུ་ཚིགས་སུ་བཅད་པ་བཞི་གསུངས་སོ། །ཇི་ལྟར་གང་ཞིག་བདག་ཉིད་ངན་པར་སྤྱོད་པ་མི་བྱེད་པ་ཡང་ཡིན་ན། བདག་ཉིད་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་གང་གི་སྒྲའོ། །བྱེད་པ་

དག་ལ་བརྟེན་ན་ཞེས་བྱ་བ་ནི་སྡིག་པ་ལ་བརྟེན་པའོ། །དོགས་སྐྱེ་ཞིང་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་དོགས་པ་སྐྱེ་བར་འགྱུར་ཏེ། དོགས་པ་སྐྱེད་པ་དང་དོགས་པའི་གཞི་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན། སྡིག་པ་བྱེད་པར་ཞེས་བྱ་བ་སྟེ། ནང་དུ་ངན་པར་སྤྱོད་

པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་ནི་དབེན་པར་ངན་པར་བྱེད་པ་སྤྱོད་དེ། གཞན་དུ་ན་ཇི་ལྟར་འདི་རྒྱུན་མི་འཆད་པར་སྡིག་པ་བྱེད་པའི་ནང་དུ་གནས་པར་འགྱུར་ཞེས་སྐྱེ་བོ་དམ་པ་རྣམས་དོགས་པར་འགྱུར་གྱི། མི་སྙན་པ་ནི་མི་བརྗོད་དོ། །སྐྱེ་བོ་ངན་པ་ནི་ཚིག་ངན་

པ་ཡང་སྨྲའོ་ཞེས་བསྟན་པའི་ཕྱིར། མི་སྙན་པ་ཡང་འཕེལ་བར་འགྱུར། །ཞེས་བྱ་བ་ཚིག་ངན་པ་ཡང་རྒྱས་པར་འགྱུར་ཞིང་འཕེལ་ལོ། །གཞན་དག་ཏུ་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་བརྗོད་དེ། རབ་ཏུ་འབྱུང་བ་ལ་བྱ་བར་བསྟན་ཏེ། སྔ་མ་བྱུང་བ་རབ་ཏུ་

འབྱུང་བ་ནི་སྐྱེ་བའོ། །སྐྱེ་བོ་ངན་པ་བསྟེན་པས་སྐྱོན་འགོ་བ་ཉི་ཚེ་བསྟན་པར་ཡང་མ་ཟད་དེ། སྐྱེ་བོ་དམ་པ་ཡང་སྐྱེ་བོ་ངན་པར་འགྱུར་བ་ཡིན་ཏེ། གསེར་བཟང་པོ་ལ་ཡང་ར་གན་གྱིས་བསྲེས་ན་ཉམས་པར་འགྱུར་བ་ལྟ་བུའོ་ཞེས་བསྟན་པར་བྱ་བའི་ཕྱིར་སྨྲས་པ།

བསྟེན་བྱ་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །བསྟེན་པ་ནི་རྒྱུན་དུ་འབྲེལ་ཅིང་ལྷན་ཅིག་གནས་པར་བྱེད་པས་སོ། །བསྟེན་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བསྟེན་པར་མི་འོས་པའི་ཕྱིར་ཏེ། ངན་པར་སྤྱོད་པ་འཕེལ་བའི་རྒྱུར་འགྱུར་བས་སོ། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་

Vol. 149 · folio 69a

འགྱུར། །ཞེས་བྱ་བ་ནི་བསྟེན་པར་བྱ་བ་མ་ཡིན་པ་ལ་བསྟེན་པ་ནི་ཀུན་ནས་ཉོན་མོངས་ཤིང་གདུང་བར་འགྱུར་ལ་དྲི་མ་ཅན་དུ་བྱེད་པའོ། །ཡང་ན་ངན་པར་སྤྱོད་པ་ལ་སོགས་པའི་ཚིག་ངན་པས་ཀུན་ནས་ཉོན་མོངས་པ་སྟེ། །གང་སྐྱེ་བོ་ངན་པ་དེའི་སྐྱོན་གྱིས་དེ་ལ་

གོས་པ་ཞེས་བྱ་བའི་དོན་ཏོ། །གཞན་དག་ཏུ་ནི་ཀུན་ནས་ཉོན་མོངས་པ་ཞེས་བརྗོད་དེ། ཉོན་མོངས་པས་བསླད་པའི་ངན་པར་སྤྱོད་པའམ། དེའི་དྲི་མའི་དོན་ཏོ། །འདིར་དཔེ་བསྟན་པའི་ཕྱིར། དོང་པར་དུག་བསྐུས་མདའ་བཅུག་བཞིན། །ཞེས་བྱ་བ་སྨོས་ཏེ། བཞིན་ཞེས་

བྱ་བ་ནི་ཇི་ལྟ་བའོ། །མདའ་ནི་མདའ་ཉིད་དོ། །བསྐུས་པ་ནི་སྦགས་པ་སྟེ་དུག་ལ་སོགས་པས་སོ། །དོང་པ་ནི་མདའ་འཛིན་པའི་སྣོད་དོ། །ཡང་ན་ཀ་པ་ལ་ཞེས་བྱ་བ་མདའི་ཚོགས་ཏེ་མདའི་ཕུང་པོའི་ནང་དུ་གནས་པ་ནི་ཞེས་བྱ་བའི་དོན་ཏོ། །དུག་མ་བསྐུས་པའང་གོས་

པ་ཞེས་བྱ་བ་ནི་མདའ་དུག་ལ་སོགས་པས་མ་གོས་པའང་ཉེ་བར་སྦགས་ཤིང་བསླད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱོན་གོས་འཇིགས་པ་དག་ཅེས་བྱ་བ་ནི་ཚིག་ངན་པས་བསླད་པས་སྐྲག་པའོ། །བརྟན་པ་ནི་ཤེས་རབ་ཅན་ནོ། །སྡིག་པ་ཅན་དང་བཤེས་མི་བྱ།

ཞེས་བྱ་བ་ནི་སྡིག་པ་ཅན་གྱི་གྲོགས་པོ་ཡིན་པས་སྡིག་པ་ཅན་གྱི་བཤེས་ཏེ། ནམ་ཡང་སྐྱེ་བོ་ངན་པ་དང་འགྲོགས་པར་མི་བྱའོ། །སྐྱེ་བོ་དམ་པ་ནི་སྐྱེ་བོ་དམ་པ་མ་ཡིན་པ་ལ་བརྟེན་པས་སྐྱེས་བུ་དམ་པ་མ་ཡིན་པར་འགྱུར་རོ་ཞེས་བསྟན་གྱི། སྐྱེ་བོ་དམ་པ་མ་ཡིན་པས་དམ་

པ་ལ་བརྟེན་པ་ནི་སྐྱེས་བུ་དམ་པར་འགྱུར་རོ། །ཞེས་བྱ་བ་ནི་མི་རིགས་ཏེ། དཔེར་ན་སཱ་ལ་ནི་མེ་ཏོག་གི་དྲིས་བསྒོས་པ་འཛིན་གྱི་སའི་དྲི་ནི་མེ་ཏོག་གིས་འཛིན་པ་མ་ཡིན་ནོ་ཞེ་ན། བཤད་པ། ཇི་ལྟར་གྲོགས་པོ་བསྟེན་པ་དང་། །ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུ་དགེ་བའི་བཤེས་གཉེན་དང་

སྡིག་པའི་གྲོགས་པོ་རྣམས་ནི་དུས་དང་དུས་སུ་ཉེ་བར་འགོ་བར་འགྱུར་རོ། །བསྟེན་བྱ་དེ་ནི་ཅི་འདྲ་བར། ཞེས་བྱ་བ་ནི་དེས་དེ་ལ་ཉེ་བར་འགོ་ཞིང་གནས་པ་ཡིན་ནོ། །རིང་པོ་མི་ཐོགས་དེ་འདྲ་འགྱུར། །ཞེས་བྱ་བ་ནི་མྱུར་བ་ཉིད་དུ་དེ་ལྟ་བུར་འགྱུར་ཏེ། དེའི་རྣམ་པར་འགྲུབ་བའོ། །ཅིའི་ཕྱིར་ཞེ་ན།

Vol. 149 · folio 69b

བསྟེན་བྱ་དེ་ནི་ཅི་འདྲ་བར་ཞེས་བྱ་བ་སྨོས་ཏེ། བསྟེན་པར་བྱ་བ་དང་གནས་པར་བྱ་བ་སྟེ། འདི་ལྟར་སྐྱེས་བུ་དེ་ལྟ་བུ་དཔེར་དྲི་ང་བ་དང་དྲི་མི་ཞིམ་པའི་སྨན་དང་བསྟེན་པའི་རླུང་དག་བཞིན་ནོ། །དམ་པ་དང་བསྟེན་པ་དང་སྡིག་པ་ཅན་དང་འབྲལ་བ་ལ་གཟུད་པའི་ཕྱིར་དེ་

བས་ཞེས་བྱ་བ་སྨོས་ཏེ། དམ་པ་དང་དམ་པ་མ་ཡིན་པ་བསྟེན་པ་ཉིད་ཀྱི་ཡོན་ཏན་དང་སྐྱོན་ཤེས་པར་བྱ་སྟེ། དམ་པ་མ་ཡིན་མི་བསྟེན་ཅིང་། །ཞེས་བྱ་བ་སྟེ། འདི་དང་སྦྱོར་རོ། །དེ་གང་ཡིན་ཞེ་ན། ཤེས་པ་ཡིན་ཞེས་བྱ་བ་སྟེ། རྣམ་པར་ཤེས་ཤིང་དེ་ཉིད་རྟོགས་པའོ། །

གང་ཡིན་ཞེ་ན་བསྟེན་པ་ཞེས་བྱ་བ་སྨོས་ཏེ། དམ་པ་དང་དམ་པ་མ་ཡིན་པའི་ཡོན་ཏན་དང་སྐྱོན་ཞེས་བྱ་བའི་དོན་ཏོ། །དམ་པ་དང་དམ་པ་མ་ཡིན་པ་བསྟེན་པ་ནི་གནས་སྐབས་ཀྱིས་སྒྲུབ་པའོ། །གང་གིས་ཤེ་ན། བདག་གིས་ཞེས་བྱ་བ་རང་ཉིད་ཀྱིའོ། །འདིར་དཔེ་བསྟན་

པའི་ཕྱིར་འབྲས་བུའི་སྣོད་བཞིན་དུ་ཞེས་བྱ་བ་སྨོས་ཏེ། འབྲས་བུས་གང་བའི་སྣོད་དེ་ལ་ཇི་ལྟར་གང་ཞིག་གིས་ཡོན་ཏན་དང་སྐྱོན་གཞན་གྱི་རྫས་དང་འབྲེལ་པ་ལས་བྱུང་བ་རྟོགས་པར་བྱེད་དེ། དེའི་ཕྱིར་གལ་ཏེ་ཤིང་པ་ལ་ཤ་དང་འཁྲི་ཤིང་ལ་སོགས་པའི་ལོ་མའི་རང་བཞིན་གྱི་

སྣོད་ལ་དྲི་ཞིམ་པའི་ཨ་མྲའི་འབྲས་བུ་འམ། སྲི་ཤིང་གི་མེ་ཏོག་བཅུག་སྟེ་བཞག་ན་དེའི་དྲི་བཟང་པོ་འགོ་བར་འགྱུར་རོ། །སྨན་དྲི་ང་བ་ཤིང་ཀོ་ཤ་ཏ་ཀའི་མེ་ཏོག་ལ་སོགས་པ་གཞག་པར་གྱུར་ན་ནི་དྲི་མི་ཞིམ་པ་ཡིན་ཏེ། དེ་བས་ན་གཞན་གྱིས་བྱས་པ་དེའི་ཡོན་ཏན་དང་

སྐྱོན་དེ་བཞིན་དུ་བདག་གིས་སོ། །དེས་ན་དེའི་ཕྱིར། དམ་པ་མ་ཡིན་མི་བསྟེན་ཅིང་། །ཞེས་བྱ་བ་སྐྱེ་བོ་ངན་པ་དང་ཇི་ལྟར་ཡང་བསྟེན་པར་མི་བྱའོ། །དམ་པ་བསྟེན་བྱས་ལ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་དང་འགྲོགས་པའོ། །དེ་གཉི་ག་སྒྲུབ་ནུས་པ་བསྟན་པའི་ཕྱིར་

སྨྲས། མཁས་པ་ཞེས་བྱ་བ་ཤེས་ཉེན་ཡོད་པ་སྟེ། ཅིའི་ཕྱིར་བསྟེན་པ་ཤེས་པ་ཡིན་ཞེ་ན། དེའི་རྒྱུ་ནི་མཁས་པ་ཡིན་པའི་ཕྱིར་རོ། །དམ་པ་བསྟེན་པ་ནི་གཙོ་བོ་ཡིན་ནོ་ཞེས་ཕན་ཡོན་བསྟན་པའི་ཕྱིར། དེའི་ལམ་རྗེས་སུ་འབྲངས་ན་ཞེས་བྱ་བ་ཡིན་ཏེ། གང་

Vol. 149 · folio 70a

ཞིག་གང་བསྟེན་པ་ནི་ངེས་པར་དེའི་ལམ་གྱིས་འགྲོ་བ་སྟེ། དམ་པ་རྣམས་ཀྱིས་ཚུལ་བཟང་པོ་ལ་སོགས་པའི་ལམ་ལ་རྗེས་སུ་འགྲོ་བ་སྟེ། གང་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེའི་ལམ་གྱི་འགྲོ་བའི་འབྲས་བུ་བསྟན་པའི་ཕྱིར་དགེ་སློང་ཞེས་བྱ་བ་སྨོས་ཏེ།

ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པའི་ཁྱད་པར་བསྟན་པའི་ཕྱིར། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། སྡུག་བསྔལ་གང་དུ་ཟད་པ་ཐོབ་པ་དེ་ནི་ཐར་པ་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་དམ་པ་མ་ཡིན་པའི་ལམ་གྱི་རྗེས་

སུ་འགྲོ་བའི་དགེ་སློང་ནི་རབ་ཏུ་བྱུང་བ་ཡིན་ཡང་སྡུག་བསྔལ་གྱི་གནས་འཁོར་བ་ཐོབ་པ་ཡིན་ནོ། །ཟད་པ་དང་གནས་དང་ཀུན་གཞི་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། སྡུག་བསྔལ་ཟད་པ་ཞེས་བྱ་བ་ནི་ངན་སོང་གསུམ་མོ། །མཁས་པ་ཉིད་ནི་ལམ་བཟང་པོ་ལ་གཞོལ་བ་ཡིན་

ཏེ། ཡོངས་སུ་རྟོགས་པར་བྱེད་པའི་ཕྱིར་རོ། །གཞན་ནི་མ་ཡིན་ནོ་ཞེས་བསྟན་ཏེ། བྱིས་པ་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྒྱད་དོ། །ཀུན་དུ་རྒྱལ་བའི་སློབ་མ་རབ་ཏུ་བྱུང་བ་དག་ལ་བདུད་མི་དགའ་བར་གྱུར་ཏེ། སློབ་མ་གཅིག་དང་མགོན་པོ་གཅིག་

གིས་ཀྱང་འདི་སྙེད་བཏུལ་ན་མང་པོས་ང་འདུལ་བར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཏེ། དེ་བས་ན་ལོ་དྲུག་གི་བར་དུ་བཅོམ་ལྡན་འདས་ལ་གླགས་བཙལ་ཞིང་རྗེས་སུ་འགྲོ་བ་ལས་གླགས་མ་རྙེད་དེ། མཉན་ཡོད་ལ་སོགས་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གཤེགས་

པའི་དུས་སུ་བསམ་པ་མ་རུངས་པས་ནམ་མཁའ་ལ་སོང་སྟེ། ཀྱེ་དགེ་སྦྱོང་གཽ་ཏ་མ་སྡིག་པ་བྱེད་པ་ཡོན་ཏན་གྱི་རོ་མི་ཤེས་པའོ་ཞེས་ཚིག་ངན་པ་བརྗོད་པ་བྱས་སོ། །འཕགས་པ་རྟ་ཐུལ་ལ་བརྟེན་པས་ཉེ་རྒྱལ་ཁྱད་པར་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པའི་གཏམ་

དགེ་སློང་དག་བརྗོད་པ་ལས་དེའི་དབང་དུ་མཛད་པའོ། །ཇི་སྲིད་གསོན་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་སྟེ། ལོ་བརྒྱའམ་ལོ་སྟོང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ནི་དེ་ལྟ་ན་ཡང་ངོ་། །བྱིས་པ་ནི་བླུན་པ་སྟེ། རྨོངས་པས་བློ་ཉམས་པར་བྱས་པ་ཞེས་བྱ་བའི་དོན་

Vol. 149 · folio 70b

ཏོ། །མཁས་པ་བསྟེན་བྱས་ཞེས་བྱ་བ་ནི་ཤེས་རབ་དང་དུལ་བ་དང་ཉེ་བར་ཞི་བ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དང་འགྲོགས་པའོ། །འོན་ཀྱང་བྱིས་པ་དེས་ནི་ཆོས་ཤེས་པར་མི་འགྱུར་ཏེ། ཡོན་ཏན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དོན་རྟོགས་པར་མི་འགྱུར་རོ། །གཟར་བུས་

ཚོད་མའི་རོ་བཞིན་ནོ། །ཞེས་བྱ་བ་ནི་བྱན་པོས་གཟར་བུ་དང་སྐྱ་བ་ལ་སོགས་པ་གང་གིས་ཚོད་མ་ཡང་དང་ཡང་དུ་དཀྲུག་ཅིང་སྲུབ་པར་བྱད་དེ། གཟུར་བུ་དེ་ནི་ཕལ་ཆེར་ཚོད་མའི་ནང་དུ་གནས་ཀྱང་མངར་བ་དང་སྐྱུར་བ་ལ་སོགས་པའི་ཚུལ་གྱིས་རོ་ཇི་ལྟར་མི་ཚོར་བ་དེ་བཞིན་དུ་བྱིས་

པས་དམ་པ་སྟོང་གི་ནང་དུ་ཡུན་རིང་པོར་བསྟེན་ཀྱང་ཆོས་མི་རྟོགས་པ་ཡིན་ནོ། །ཤེས་རབ་ལྡན་པས་ཡུད་ཙམ་ཞིག །ཅེས་བྱ་བ་ནི་གང་ལ་ཤེས་རབ་ཁྱད་པར་ཅན་ཡོད་པ་དེ་ནི་ཡུན་ཤིན་ཏུ་ཐུང་བའམ། ཆུ་ཚོད་གཉིས་མཚོན་པའོ། །མཁས་པ་ཉེ་བར་བསྟེན་པས་ཀྱང་། །

ཞེས་བྱ་བ་ནི་དེས་ཆོས་ཇི་སྐད་བསྟན་པ་དེ་བཞིན་དུ་ཤེས་སོ། །ལྕེ་ཡིས་ཚོད་མའི་རོ་བཞིན་ནོ། །ཞེས་བྱ་བ་ནི་དཔེར་ན་ལྕེའི་དབང་པོ་མ་ཉམས་པས་ནི་ཉེ་བར་རེག་པ་ཙམ་གྱིས་ཚོད་མའི་རོ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་རོ། །བྱིས་པ་ཇི་སྲིད་གསོན་གྱི་བར་དུ་དམ་པ་སྟན་

པར་བྱེད་ཀྱང་ཆོས་ཤེས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལ་ཤེས་རབ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཤེས་རབ་བྱ་བ་རྟོགས་པའི་བློ་ནི་བྱིས་པ་ལ་མེད་དེ། འདི་ལྟར་དམུས་ལོང་གིས་གཟུགས་ལ་སོགས་པ་མི་མཐོང་བའི་ཕྱིར་རོ། །འདིས་ནི་འཇིག་རྟེན་

པའི་ཤེས་རབ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡོངས་སུ་འཛིན་པ་བསྟན་ཏོ། །ཤེས་རབ་ལྡན་པ་ཞེས་བྱ་བ་ནི་མྱུར་དུ་རྟོགས་པའོ། །དེ་ལ་ཤེས་རབ་ཅེས་བྱ་བ་ནི་མཁས་པ་དེ་ལ་ཡོད་པ་སྟེ། མགོན་མེད་ཟས་སྦྱིན་ལ་སོགས་པ་བརྗོད་པར་བྱའོ། །དེ་ལ་མིག་ནི་མེད་པའི་

ཕྱིར། །ཞེས་བྱ་བ་ནི་མིག་ལྟ་བུ་ཡིན་པས་མིག་སྟེ། མངོན་སུམ་གྱིས་ཡུལ་དག་མཐོང་བར་བྱེད་པའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ཅེས་བྱ་བའི་དོན་ཏོ། །བསྒྲུབ་པའི་ཆོས་བྱིས་པས་མ་ཤེས་པས་གཅིག་པུར་མ་ཟད་དེ། བསྟན་པའི་ཆོས་ཀྱི་ཚུལ་གྱིས་འཇིག་རྟེན་

Vol. 149 · folio 71a

དང་འཇིག་རྟེན་ལས་འདས་པ་ཡང་མི་ཤེས་པའི་རྒྱུ་བསྟན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱིས་བསྟན་པའི་ཆོས་སོ། །ཤེས་རབ་དང་ལྡན་པས་ནི་གཞན་གྱིས་བསྟན་པ་གཅིག་པུར་ཡང་མ་ཟད་དེ།

ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡང་མ་ལུས་པར་རྟོགས་པ་ཡིན་ནོ། །མཁས་པ་ནི་ཚིག་གཅིག་གིས་ཀྱང་བྱ་བ་དང་མི་བྱ་བ་ཐམས་ཅད་བསྒྲུབ་པ་ཡིན་གྱི། བྱིས་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྣོད་ལ་བརྟེན་ཏེ་བསྟན་པ་གཅིག་གིས་ཀྱང་དོན་བྱེད་པ་དང་

དོན་ཉམས་པ་ཡིན་ནོ་ཞེས་བསྟན་པ་སྟེ། འདི་ལྟར་དོན་ལྡན་ཚིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་འདི་ལྟ་སྟེ་ནམ་མཁའ་ལས་ཆར་འབབ་པ་ནི་ཚྭ་སྒོ་ཅན་དང་། དགོན་དུང་དང་། ས་འཇམ་ཞིང་འཇམ་པ་དེ་དང་དེ་དག་དང་ཕྲད་པ་ནི་དེ་དང་དེའི་ཡོན་ཏན་

དུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་བསྟན་པའི་ཆོས་ཐོས་པ་ཡང་དམན་པ་ལ་མོས་པ་རྣམས་ཀྱིས་ནི་དོན་ཆུང་དུ་རྟོགས་པར་འགྱུར་ལ། རྒྱ་ཆེ་བ་ལ་མོས་པ་རྣམས་ཀྱིས་ནི་ཟབ་པར་ཞེས་བྱ་བ་ལ་སོགས་པ་མདོའི་

ཚིག་འདི་གསུངས་སོ། །ཚིག་གཅིག་གིས་ཀྱང་ཞེས་བྱ་བ་ལ་ཀྱང་གི་སྒྲ་ནི་གཉིས་པ་དང་ཡང་བྲལ་བ་ཡིན་ན། ཚིག་མང་པོ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡིན་ནོ། །ཡང་ན་ཚིག་ཅེས་བྱ་བ་ནི་ཚིགས་བཅད་ཀྱི་བཞི་ཆ་ལ་བརྗོད་དེ། འདི་ལྟར་ཡང་གསུངས་པ། སྡིག་

པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ཚིག་རྐང་གཅིག་གིས་དོན་སྟོན་ཞིང་འདིའི་དོན་གཞན་ལ་ལྟོས་པ་མེད་པ་སྟེ། འདིས་ནི་ཚིག་གི་དོན་རྫོགས་པར་རྟོགས་པ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་གང་དག་ཅེས་བྱ་བ་ལ་སོགས་པ་ཚིགས་བཅད་མཐའ་དག་གམ། ཚིག་

རྐང་གཅིག་གིས་འཕགས་པའི་བདེན་པ་བཞི་རྟོགས་པའི་ཕྱིར་རོ། །དོན་ལྡན་ཞེས་བྱ་བ་ནི་ཁྱད་པར་གྱི་འདོད་པའི་འབྲས་བུ་སྐྱེད་པའི་དོན་དང་འབྲེལ་པ་སྟེ། དོན་ལ་རྟོན་པར་བྱའི། ཚིག་འབྲུ་ལ་ནི་མ་ཡིན་ནོ་ཞེས་མདོ་ལ་སོགས་པ་ཉིད་ལས་གཟུང་བར་བྱའོ། །མཁས་

Vol. 149 · folio 71b

པ་ཡི་ནི་བྱ་བ་བྱེད། །ཅེས་བྱ་བ་ནི་ཤེས་རབ་ཅན་ཉེ་རྒྱལ་ལ་སོགས་པའི་བྱ་བ་སྐྱེད་པ་ཡིན་ཏེ། མངོན་པར་འགྲུབ་པའི་ཕྱིར་རོ། །བྱིས་པའི་བྱ་བ་བྱེད་མི་འགྱུར། །ཞེས་བྱ་བ་ནི་གླེན་པ་སྟེ། ཙཎྜ་གི་རི་ཀ་ལ་སོགས་པ་ལ་ནི་གནོད་པར་བྱེད་དེ་སྡིག་པ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །

སངས་རྒྱས་ཀུན་གྱི་གསུང་གིས་ཀྱང་། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཐུབ་པས་གང་ཁྱད་པར་མེད་པའི་ཚུལ་དང་། ཁྱད་པར་མེད་པའི་ཡི་གེ་དང་། ཚིག་གི་དོན་གཅིག་གིས་ཚུལ་ཡིན་ཡང་ཉན་པ་པོའི་ཁྱད་པར་གྱིས་དོན་དང་དོན་

མེད་པ་བྱེད་པ་ཡིན་ནོ། །རྒྱལ་བ་གཅིག་གིས་གསུང་ངམ་གཞན་གྱི་ཚིག་གིས་ལྟ་སྨོས་ཀྱང་ཅི་དགོས། སངས་རྒྱས་ཐམས་ཅད་ནི་མཉམ་པར་ཡི་གེ་དང་ཚིག་གཅིག་ངེས་པར་མི་སྟོན་ཏེ། འོད་སྲུངས་ཀྱི་གསུང་རབ་ལ་ཕུང་པོ་ཉིད་ཡོད་པར་སྟོན་ཏོ། །བརྟག་པ་ནི་

མཁས་པ་དག་ལ་ཡོད་ཀྱི་བྱིས་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བློ་དང་ལྡན་པ་ཚིག་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བའི་ཚིག་གཅིག་ཐོས་པ་ཙམ་གྱིས་རྒྱལ་པོ་ནི་བདེན་པ་མཐོང་བར་གྱུར་ལ།

ལྷ་སྦྱིན་ནི་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་འདོན་ཡང་དམྱལ་བར་སྐྱེ་བར་གྱུར་ཏེ་འདི་གསུངས་སོ། །ཚིག་གཅིག་གིས་ཞེས་བྱ་བ་ནི་ཟླ་མེད་པའི་ཚིག་རྐང་ཅིག་ཐོས་པས་སོ། །བློ་དང་ལྡན་པ་ནི་ཤེས་རབ་ཅན་ནོ། །ཚིག་བརྒྱ་དག་ནི་ཤེས་པར་འགྱུར། །ཞེས་བྱ་བ་ནི།

རིག་པར་འགྱུར་བའོ། །ཚིག་བརྒྱ་ཞེས་བྱ་བའི་སྒྲ་ནི་དཔག་ཏུ་མེད་པའི་ཚིག་སྟེ། དཔེར་ན་དུག་ནི་ལུས་ཀྱི་རྨ་ཅུང་ཟད་ཅིག་ལ་བརྟེན་ནས་ལུས་ཐམས་ཅད་ལ་ཁྱབ་པར་འགྱུར་བ་དེ་བཞིན་དུ་བློ་དང་ལྡན་པ་ཡང་ཚིག་གཅིག་ཐོས་པ་ལ་བརྟེན་ནས། དངོས་པོ་

ཐམས་ཅད་རྟོགས་པར་འགྱུར་རོ། །བྱིས་པ་དག་ནི་ཚིག་སྟོང་གིས། །ཞེས་བྱ་བ་ནི་ཚིག་སྟོང་སྟེ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཐོས་པར་གྱུར་ཀྱང་དེ་ལས་ཚིག་གཅིག་ཀྱང་གོ་བར་མི་འགྱུར་ན་མང་པོ་ལྟ་ཅི་སྨོས། ཤེས་རབ་དང་ལྡན་པ་ནི་དགྲར་གྱུར་ཀྱང་ཕན་

Vol. 149 · folio 72a

འདོགས་པ་ཡིན་ལ་བྱིས་པ་དང་ནི་བཤེས་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉིས་ན་མཁས་དང་མི་མཛའ་བླའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚོང་དཔོན་ཆེན་པོ་ཞིག་གི་བུ་མི་དགེ་བའི་བཤེས་ལ་བརྟེན་པས་གཞན་གྱི་ཆུང་མ་ལ་

ཞུགས་ཏེ། རྒྱལ་པོ་མ་སྐྱེས་དགྲས་བསད་ནས་དམྱལ་བར་སྐྱེས་ཏེ། དེའི་དབང་དུ་མཛད་ནས། དགེ་སློང་དག་དགེ་བའི་གྲོགས་པོ་དང་གནས་པར་གྱིས་ལ་དགེ་བ་དང་བསྟེན་པར་གྱིས་ཤིག་ཅེས་བྱ་བ་ནས་ཇི་ཙམ་ན་འདི་གསུངས་སོ། །མི་མཛའ་བ་ནི་དགྲའོ། །ཉིས་ན་མཁས་དང་

མི་མཛའ་བླའི། །ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་དགྲ་ཉིད་དུ་གྱུར་ཀྱང་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འགའ་ཞིག་མི་མཛའ་བ་འདོད་པར་གྱུར་པས་མི་མཛའ་བའི་ཁྱིམ་དུ་སྐྱེས་པར་གྱུར་པའི་ཕྱིར་ཏེ། འོན་ཀྱང་བློ་དང་ལྡན་པར་གྱུར་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ལ་མཁས་པས་འཕྱ་

བས་འཇིགས་ཏེ་བབ་ཅོལ་དུ་མི་བྱེད་དོ། །དེ་བས་ན་གསལ་རྒྱལ་དང་ཀ་པི་ན་ཆེན་པོའི་གཏམ་དང་། རུང་ཏྲ་ཁན་ལ་སོགས་པ་ཡང་འདིར་བརྗོད་པར་བྱའོ། །བྱིས་པ་རྣམས་དང་མཛའ་མི་རུང་། །ཞེས་བྱ་བ་ནི་གྲོགས་པོ་ནི་ཕན་པར་འདོད་པའི་ཕྱིར་རོ། །འདིར་བཙོ་བླག་མཁན་གྱི་བུས་

ཐོ་བ་བརྒྱབ་སྟེ། ཕ་བསད་པ་དཔེར་བརྗོད་པར་བྱའོ། །ཅི་བྱིས་པ་ལ་མཛའ་བ་ཡང་སྨད་དམ་ཞེ་ན། བྱིས་པ་རྣམས་དང་མཛའ་བྱེད་པ། །ཞེས་བྱ་བ་གང་གི་ཕྱིར་བྱིས་པ་ནི་གྲོགས་པོའི་ཕྱོགས་བོར་ཞིང་གནས་པ་སྟེ། མཆོག་ཏུ་ཕན་འདོགས་པར་འདོད་པ་ཡིན་ན་ཡང་རྨོངས་

པས་དམྱལ་བར་ཁྲིད་ཅིང་འདྲེན་པར་བྱེད་དོ། །ཚིག་ངན་པ་མི་སྙན་པ་ལ་སོགས་པའི་སྐྱོན་ཉི་ཚེར་མ་ཟད་དེ། འདི་ལ་ཕན་པ་བྱེད་པ་ཡིན་ནོ་ཞེས་བྱ་བས་ཡིད་རྟོན་ཡང་འདི་ལ་ཤིན་ཏུ་ཉམ་ང་ཞིང་གནོད་པའི་གཡང་སར་ལྟུང་བར་བྱེད་པ་ཡིན་ཏེ། ལྷ་སྦྱིན་དང་མ་སྐྱེས་དགྲའི་

གཏམ་འདིར་བརྗོད་པར་བྱའོ། །བྱིས་པའི་མཚན་ཉིད་ཀྱིས་བྱ་བ་དེ་བསྟན་པའི་ཕྱིར། བྱིས་པ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་ཞིག་ལ་ལྟུང་བ་བྱུང་བ་ལས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་

Vol. 149 · folio 72b

གསོལ་བ། བཙུན་པ་བསམས་བཞིན་དུ་ལྟུང་བ་བྱུང་སྟེ། ཇི་ལྟར་བྱིས་པ་དང་། ཇི་ལྟར་གླེན་པ་ལ་སོགས་སོ་ཞེས་གསོལ་པ་དང་། ཇི་ཙམ་ན་འདི་གསུངས་སོ། །བྱིས་པ་གང་ཞིག་བྱིས་པའོ་ཞེས། ཤེས་པའོ་ཞེས་བྱ་བ་ལ་རྣམ་པ་གཉིས་ཀྱིས་ནི་བྱིས་པ་རྫོགས་པ་ཡིན་

ཏེ། ཆོས་མ་ཤེས་པ་དང་། བདག་ཉིད་མ་ཤེས་པའོ། །དེ་ལ་གལ་ཏེ། དེ་ཆོས་མི་ཤེས་ཏེ། བདག་ཤེས་ཀྱང་དེ་ནི་གཅིག་ཏུ་བྱིས་པ་ཞེས་མི་བརྗོད་དེ། མཁས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་མི་ཤེས་ཤིང་བླུན་ཡང་བདག་ཉིད་ཀྱི་བྱ་བ་ཤེས་པ་དེ་ནི་

འདིར་མཁས་པ་ཡིན་ཞེས་བྱ་བ་སྟེ། དེས་ན་བདག་ཉིད་ཤེས་པ་ལ་འཇུག་པ་དེས་འདིར་བདག་ཉིད་མཁས་པ་ཞེས་བརྗོད་དོ། །བདག་ཉིད་ཤེས་དང་ཇི་ལྟར་མཁས་པ་ཞེས་མི་བརྗོད་དེ། བདག་ཉིད་ཤེས་པ་དེ་དང་མཉམ་པའི་ཡོན་ཏན་ནི་གང་ཡང་མེད་དོ་ཞེས་བྱ་བའི་ཚིག་

གིས་ཏེ། དེ་ནི་ཤེས་རབ་དང་ལྡན་པའོ། །བྱིས་པ་གང་ཞིག་མཁས་སེམས་པ། །ཞེས་བྱ་བ་ནི་གང་ཡང་ཆོས་རྣམས་མངོན་པར་མི་ཤེས་ཀྱང་མཁས་པར་སེམས་པ་འདི་ལ་ཡོད་པ་སྟེ་བདག་ནི་མཁས་པའོ་ཞེས་སེམས་ཤིང་མཁས་པ་བསྟན་བཅོས་དུ་མ་རྟོགས་ཤིང་བསྟེན་པ་དག་དང་

མཉམ་པར་སེམས་པའོ། །དེ་ནི་བྱིས་པ་ཞེས་བརྗོད་དོ། །ཞེས་བྱ་བ་ནི་དེ་ཉིད་ནི་བྱིས་པ་སྟེ་ཤིན་ཏུ་རྨོངས་པ་ཞེས་བརྗོད་དོ། །དམ་པ་རྣམས་ཀྱིས་སྨད་པ་ནི་བླའི། དམ་པ་མ་ཡིན་པ་སེམས་མེད་པ་འདྲ་བའི་གླེན་པས་ནི་བསྟོད་ཀྱང་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱིས་

པས་བསྟོད་པ་གང་ཡིན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལ་སྐྱེས་བུ་གླེན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྡིགས་པ་དང་། གཅིག་པུ་དབེན་པར་སོང་སྟེ་འགྱོད་པ་སྐྱེས་ནས་འདི་སྙམ་དུ་བཅོམ་ལྡན་འདས་ནི་ལེགས་པར་

གསུངས་ཏེ། བདག་གིས་ནི་སྡིག་པ་བྱས་ཤིང་གང་བདག་གིས་དགེ་འདུན་གྱི་དབྱེན་ལ་སོགས་པ་ངན་པར་སྤྱོད་པ་དག་བྱས་ཏེ་དེ་ཇི་ལྟར་བྱ་ཞེས་བསམ་པ་ལས། ཇི་ཙམ་ན་རྫོགས་བྱེད་དེའི་ཐད་དུ་འོངས་ཏེ། རྫ་མའི་བུམ་པ་ཆག་པ་བཞིན་དུ་ཤི་ནས་ནི་ཡང་སྐྱེ་བ་མེད་དོ་ཞེས་

Vol. 149 · folio 73a

སྨྲས་པ་དང་། ཇི་ཙམ་ན་ལྷ་སྦྱིན་ལྟ་བ་ལོག་པར་སྐྱེས་པར་གྱུར་ཏེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ། །བྱིས་པས་བསྟོད་པ་གང་ཡིན་པ། །ཞེས་བྱ་བ་ནི་གང་རྫོགས་བྱེད་ལ་སོགས་པའི་གླེན་པས་བསྔགས་པ་བརྗོད་པའོ། །མཁས་པས་སྨད་གང་ཡིན་

ཞེས་བྱ་བ་ནི་བློ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པས་གསུངས་ཤིང་སྨད་པའོ། །དེ་གཉིས་ལས་གང་མཆོག་ཡིན་ཞེ་ན། མཁས་པས་སྨད་པ་ཆེས་རུང་གིས། །ཞེས་བྱ་བ་ཡིན་ཏེ། མཁས་པ་དག་གིས་སྨད་པ་ནི་ཆེས་རུང་སྟེ། ཁྱད་པར་རྣམ་པ་སྣ་ཚོགས་

པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱིས་པས་བསྟོད་པ་མི་རུང་ངོ་། །ཞེས་བྱ་བ་ནི་སྐྱེ་བོ་གླེན་པ་ལས་རྣམ་པ་སྣ་ཚོགས་པའི་བསྔགས་པའི་ཚིག་བརྗོད་པ་ཐོས་པ་ནི་མ་ཡིན་ཏེ། སྐྱོན་རྣམ་པ་སྣ་ཚོགས་དང་འབྲེལ་པའི་ཕྱིར་རོ། །དེས་ན་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་བྱིས་པ་དང་བསྟེན་པ་ལས་བཟློག་

པའི་ཕྱིར། བྱིས་པ་བསྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱིས་པ་མི་ཐོས་ཤིང་ཞེས་བྱ་བ་ནི་ཇི་ལྟར་རྣ་བས་ཐོས་པའི་ཡུལ་དུ་ཡང་མི་འགྱུར་བ་དེ་ལྟར་འབད་པར་བྱ་སྟེ། ཐོས་པར་གྱུར་ན་ཡང་འདོད་ཆགས་དང་ཞེ་སྡང་དང་ཉེས་པར་སྤྱོད་པ་ལ་སོགས་པའི་རྐྱེན་གྱིས་ངན་

སོང་གི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ནམ་ཡང་མཐོང་བའི་གནས་སུ་གནས་པར་མི་བྱ་སྟེ། རེ་ཞིག་ཡང་སྔ་མ་གཉིས་སྤང་བར་འདོད་པས་བརྟག་པར་བྱའོ། །གལ་ཏེ་རེ་ཞིག་ན་བྱིས་པ་དེ་ལས་གཞན་མེད་དེ་ཐོས་པར་གྱུར་ན་ཅི་ནས་མི་མཐོང་བ་དེ་ལྟར་འབད་པར་བྱའོ། །དེ་ལ་དེ་

མཐོང་བས་ཀྱང་ཤིན་དུ་སྡིག་པ་ལ་གོམས་ཤིང་སྤྱོད་པ་སྲིད་པའི་ཕྱིར་རོ། །འགྲོ་བ་ལ་སོགས་པའི་སྤྱོད་ཡུལ་གྱི་ལམ་དུ་ཡང་གདུང་བར་བྱེད་རབ་ཏུ་གདུང་བ་སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །མ་བསྟེན་གྱུར་པ་ཉིད་རུང་ངོ་། །ཞེས་བྱ་བ་ནི་བྱིས་པ་དང་གནས་གཅིག་ཏུ་ནམས་

ཀྱང་གནས་པར་མི་བྱ་སྟེ། གལ་ཏེ་སྔ་མ་གཉིས་སྤངས་པར་མ་ནུས་ན་ལྷན་ཅིག་གནས་པ་ནི་གཅིག་ཏུ་སྤང་བར་བྱའོ། །ཅིའི་ཕྱིར་ཞེ་ན། །བྱིས་པ་བསྟེན་པ་སྡུག་བསྔལ་ཞིང་། །ཞེས་བྱ་བ་འདི་ལྟར་བྱིས་པ་དང་ལྷན་ཅིག་གནས་པ་ནི་སྡུག་བསྔལ་བ་སྟེ་བསོད་ནམས་འདོད་

Vol. 149 · folio 73b

པ་དང་སྡིག་པ་ནི་ཕན་ཚུན་འགལ་བའི་དངོས་པོ་སྟེ། དེ་སྐྱེད་པས་མངོན་པར་མི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དགྲ་འདྲ་བས་ཞེས་བྱ་བ་ནི་དཔེར་ན་དགྲ་རལ་གྲི་བརྡེག་པར་གཟོ་བ་དང་ལྷན་ཅིག་གནས་པ་ནི་སྡུག་བསྔལ་བའོ། །རྣམ་པ་ཀུན་དུ་ཞེས་བྱ་བ་རྣམ་པ་

ཐམས་ཅད་དུ་དེ་བཞིན་ནོ། དེ་ལྟར་ན་གོང་དང་ལྷན་ཅིག་བསྟེན་ན་སྡུག་བསྔལ་མ་ཡིན་ཞེ་ན། བརྟན་པ་ཞེས་བྱ་བ་སྟེ་མཁས་པའོ། །བསྟེན་ན་བདེ་བར་འགྱུར་ཞེས་བྱ་བ་ནི་གང་ལ་བརྟེན་ན་བདེ་བར་འགྱུར་བ་དག་ནི་བདེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །གཉེན་དང་ཕྲད་པ་ཇི་ལྟ་བར། །

ཞེས་བྱ་བ་ནི་ཕ་དང་མ་ལ་སོགས་པའི་གཉེན་དང་རང་ཅི་དགའ་བ་སྟེ། རང་བཞིན་པའི་ཡོན་ཏན་དང་ལྡན་པའི་བུ་ལ་སོགས་པ་དང་ཕྲད་ན་བདེ་ཞིང་ཇི་ལྟར་ཡིད་ཚིམ་པར་བྱེད་པ་དེ་བཞིན་དུ་དེས་ན་དེའི་ཕྱིར། དེ་བས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བྱིས་པ་བསྟེན་པ་ནི་བདེ་བ་མ་ཡིན་པའི་རྒྱུར་

གྱུར་བ་དེ་བས་ནའོ། །བརྟན་པ་ཞེས་བྱ་བ་ནི་བློ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བརྟན་པ་དང་ལྡན་པས་བློའི་འབྲས་བུ་དེས་བློ་ཡོད་པར་རྟོགས་པ་སྟེ། དུ་བས་མེ་བཞིན་ནོ། །འདིས་ནི་རིགས་པས་ཐོབ་པའི་ཤེས་པ་བསྟན་ཏོ། །ཐོས་མང་ཞེས་བྱ་བ་ནི་སྡེ་སྣོད་གསུམ་

ཐོས་ལ་རྟོགས་པའི་བློ་ཡོད་པའི་ཕྱིར་རོ། །འདིས་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏེ། བསམས་པ་མེད་པར་ནི་ཐོས་པའི་འབྲས་བུ་མེད་པའི་ཕྱིར་རོ། །མཆོག་འདྲེན་བྱེད་པ་དང་ཞེས་བྱ་བ་ལ་མཆོག་ནི་ཁྱད་པར་ཅན་བསྒོམས་པ་ལས་བྱུང་བ་སྟེ།

ངེས་པར་འབྱེད་པའི་ཆ་ཡོངས་སུ་བླངས་ནས་མཆོག་འདྲེན་པའི་ཕྱིར་རོ། །ཁྱད་པར་གྱི་ཤེས་པ་སྐྱེ་བའི་གནས་བསྟན་པའི་ཕྱིར། ཚུལ་ཁྲིམས་ལྡན་དང་བརྟུལ་ཞུགས་ཅན། །ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ལས་ལྡོག་པའོ། །བརྟུལ་

ཞུགས་ནི་བཅས་པའི་ཁ་ན་ཐོ་བ་ལས་ལྡོག་པ་སྟེ། དེ་གཉིས་ཀ་དང་ལྡན་པའོ། །ཡང་ན་འཇུག་པ་དང་ལྡོག་པའི་ཚུལ་ཁྲིམས་སམ་སོ་སོར་ཐར་པའི་སྡོམ་པ་དང་དབང་པོ་སྡོམ་པ་གོ་རིམས་བཞིན་ནོ། །དེ་ལྟར་ཚོགས་ཡོངས་སུ་རྫོགས་པའི་དབང་གིས་འཕགས་པའི་

Vol. 149 · folio 74a

ལམ་མངོན་སུམ་དུ་འགྱུར་བའི་ཕྱིར་འཕགས་པ་ཞེས་བྱ་བ་སྨོས་ཏེ། མཐོང་བ་ལ་སོགས་པའི་ལམ་སྐྱེས་པའི་ཕྱིར་ཏེ་སྡིག་པ་ལས་རིང་དུ་གྱུར་པའི་ཕྱིར་འཕགས་པ་ཞེས་བྱའོ་ཞེས་མདོ་ལས་བཤད་དོ། །གཙོར་འཕགས་པ་ཞེས་བསྟན་པ་ནི་ཁམས་

གསུམ་གྱི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ལ་བརྗོད་དོ། །རང་གི་བྱ་བ་མཐའ་དག་གི་བྱ་བ་བྱས་པའི་ཕྱིར་གཞན་དག་ལ་བརྩེ་ལྡན་ཞེས་བྱ་བ་སྨོས་ཏེ། གཞན་དག་ལ་ཕན་འདོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མི་མཆོག་ཅེས་བྱ་བ་བདག་དང་གཞན་

གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དེ་ལ་བརྟེན་པར་གྱིས་ཤིག་ཅེས་བྱ་བ་སྟེ། གནས་པར་གྱིས་ཤིག་པའོ། །གང་ཡིན་ཞེ་ན་སྨྲས་པ། བློ་བཟང་ཞེས་བྱ་བ་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་ཏེ། མཁས་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་སྐར་ལམ་དུ་ཟླ་བ་ལྟར། །

ཞེས་བྱ་བ་ནི་རྒྱུ་སྐར་རྣམས་ཀྱི་ལམ་ནམ་མཁའ་ལ་ཟླ་བ་ཇི་ལྟ་བར་བརྟེན་གྱི། སའི་སྟེང་དུ་མ་ཡིན་པ་དེ་བཞིན་དུ་བློ་དང་ལྡན་པ་དམ་པ་བསྟེན་པ་སྟེ། བྱིས་པ་ནི་མ་ཡིན་ནོ། །དཔེར་ན་སྟོན་གྱི་དུས་སུ་ནམ་མཁའ་སྒྲིབ་པས་མ་གོས་པའི་ཡར་གྱི་ངོ་ལ་ཟླ་བ་བརྟེན་ཅིང་འཇུག་པ་

ནི་ཉིན་རེ་ཞིང་ཕུན་སུམ་ཚོགས་པ་འཕེལ་བར་འགྱུར་ཏེ། དེ་བཞིན་དུ་སྐྱེས་བུ་དམ་པ་མཁས་པ་བསྟེན་པ་ཡང་ཉིན་རེ་ཞིང་སྤྲོ་བ་དང་ཡིད་ཚིམ་པ་དང་དད་པ་ལ་སོགས་པ་མངོན་པར་འཕེལ་ལོ་ཞེས་བྱ་བའི་དོན་ཏོ། །མཛའ་བཤེས་ཀྱི་ཚོམས་ཏེ་ཉི་ཤུ་རྩ་ལྔ་པའི་རྣམ་པར་འགྲེལ་པ་

རྫོགས་སྷོ།། །།སྡིག་པ་སྤངས་པ་དང་དགེ་བའི་བཤེས་གཉེན་བསྟེན་པས་འཁོར་བ་ན་ཕུན་སུམ་ཚོགས་པར་ཡང་མ་ཟད་དེ་དོན་ཐམས་ཅད་ཀྱི་བླ་ན་མེད་པར་གྱུར་པ་མྱ་ངན་ལས་འདས་པ་ཡང་འཐོབ་པར་འགྱུར་ཏེ། དེ་བསྒྲུབ་པའི་ཕྱིར་ཚོམས་འདིའི་འོག་ཏུ་དེ་བཤད་དོ། །

རུས་སྦལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉན་ཡོད་ན་བཅོམ་ལྡན་འདས་ཆུ་ཀླུང་རྒྱུ་ཞིང་གཤེགས་པ་ན་ཆུ་བོའི་ཕྱོགས་ནས་སྲོག་ཆགས་རུས་སྦལ་བྱུང་སྟེ་སྤྱོད་ཡུལ་དུ་སོང་ངོ་། །ཝ་ཞིག་གིས་དེ་མཐོང་སྟེ་བཟའ་བའི་ཕྱིར་རྗེས་སུ་འབྲངས་སོ། །དེས་ཀྱང་དེ་མཐོང་སྟེ་རང་ཉིད་

Vol. 149 · folio 74b

ཡན་ལག་རྣམས་ཁོག་པའི་ནང་དུ་བསྡུས་པ་གཟིགས་ནས་དགེ་སློང་དག་སྲོག་ཆགས་རུས་སྦལ་ཝས་འཇིགས་ནས་རང་གི་ཡན་ལག་རྣམས་ཁོག་པའི་ནང་དུ་བསྡུས་པ་དེ་བཞིན་དུ་ཁྱེད་ཅག་གིས་ཀྱང་ཞེས་བྱ་བའི་བར་དུ་སྟེ་དེའི་དབང་དུ་མཛད་ནས་འདི་གསུངས་སོ། །རུས་སྦལ་ལྟར་

ཞེས་བྱ་བ་ནི་ཇི་ལྟར་སྲོག་ཆགས་རུས་སྦལ་ལྟ་བུར་རོ། །ཡན་ལག་ནི་ལག་པ་དང་རྐང་པ་དང་མགོའི་ཚུལ་ཏེ་ལུས་ཀྱི་ཡན་ལག་ལྔ་ཡིན་པའི་ཕྱིར་རོ། །རང་གི་ཁོག་པར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཁམ་བོར་ཁ་སྦྱར་བ་ལྟ་བུ་ལ་ལུས་བཅུག་པ་སྟེ། ལུས་བསྡུས་པ་ནི་བཅུག་

པ་དང་སྦས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ནི་སྤྱོད་ཡུལ་དུ་འགྲོ་བ་ན་ཡན་ལག་ལྔ་སྦུབས་ནས་ཕྱུང་སྟེ། ཅི་འདོད་པར་རྒྱུ་བ་ལས་ཝ་ལ་སོགས་པ་གནོད་པར་བྱེད་པ་དག་མཐོང་ན་ཡན་ལག་སྦེད་པར་བྱེད་པ་དེ་བཞིན་དུ། དགེ་སློང་ཡིད་ཀྱི་རྣམ་རྟོག་ནང་

བསྡུས་ནས། །ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ནི་འདིར་དགེ་སློང་ངོ་། །བསྡུས་པ་ནི་བཟློག་པ་སྟེ། ཡུལ་དག་ལས་འབྱུང་བ་ལས་བཟུང་ཞིང་ནང་དུ་སྦ་བ་ཉིད་དེ། ཡིད་ཀྱི་སྒོ་དང་འབྲེལ་བའི་ཕྱི་རོལ་གྱི་འདོད་པ་ལ་སོགས་པའི་

རྣམ་པར་རྟོག་པའོ། །སེམས་དབེན་པ་བསྟན་ནས། ལུས་དབེན་པ་བསྟན་པའི་ཕྱིར། རྟེན་པ་མེད་ཅིང་ཞེས་བྱ་བ་སྨོས་ཏེ། ཕ་དང་མ་དང་བུ་དང་ཆུང་མ་ལ་སོགས་པ་ལ་མི་རྟེན་པ་སྟེ་མི་གནས་པའོ། །འཚེ་མེད་པར་ཞེས་བྱ་བ་ནི་གཞན་ལ་འཇུག་པ་སྟེ། གཞན་

ལ་ཆོས་གོས་ལ་སོགས་པ་སློང་བས་གནོད་པར་མི་བྱ་སྟེ། འདོད་པ་ཆུང་བ་དང་ཆོག་ཤེས་པའི་སྦྱོར་བས་སོ། །འདིས་ནི་འཕགས་པའི་རིགས་ལ་གནས་པ་བསྟན་ནས་འདིའི་འབྲས་བུ་བསྟན་པའི་ཕྱིར། མྱ་ངན་འདས་ལ་ཞེས་བྱ་བ་སྨོས་ཏེ། དེ་རིམ་གྱིས་ཟག་

པ་མེད་པའི་ལམ་གྱི་སྦྱོར་བས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་མྱ་ངན་ལས་འདས་པར་འགྱུར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །ཟག་པ་མེད་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་

Vol. 149 · folio 75a

ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སུ་ཡང་སྨོད་མི་བྱེད་ཅེས་བྱ་བ་གང་གི་ཕྱིར་སྨོད་པར་མི་བྱེད་པས་ནི་འདིར་ལམ་གྱི་འབྲས་བུའི་རྒྱུ་བསྟན་ཏེ། དེས་ན་ལྷག་མ་དང་བཅས་པ་མེད་པའི་དེ་ཁོ་ན་ཉིད་རྟོགས་པས་ཡང་སྡུག་

བསྔལ་ལ་སོགས་པ་འཐོབ་པར་མི་འགྱུར་རོ། །དེ་མཐོང་བ་ལ་ནི་དེ་དག་ཇི་ལྟར་སྨོད་པར་བྱེད། གཞན་དག་ནི་བསམ་གཏན་དང་པོ་ལ་བརྟེན་ནས་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་གཅིག་ཏུ་མི་དགེ་བ་རྣམས་སྤོང་ངོ་། །དེ་ནས་བསམ་གཏན་གཉིས་པ་ལ་སོགས་

པ་ལམ་བརྟེན་པ་སྟེ། བསམ་གཏན་དང་པོ་ལ་སོགས་པ་ལ་བརྟེན་ནས་བསམ་གཏན་དང་པོའི་སའི་རྣམ་པར་རྟོག་པ་སྤོང་ངོ་། །དེའི་ཏིང་ངེ་འཛིན་ལ་བརྟེན་ནས་རོ་མྱོང་བར་མི་བྱེད་དོ། །དེ་ལས་ལངས་ནས་ཀྱང་གཞན་ལ་རྣམ་པར་འཚེ་བར་མི་བྱེད་དོ། །དེ་ལས་ལམ་ཐོབ་

པར་ཟག་པ་མེད་པ་རྙེད་དེ་མྱ་ངན་ལས་འདས་པའི་ལམ་ལ་ནི་སྨོད་པ་མེད་དོ། །དེ་ལ་འདིར་ཀུན་ནས་འཁྲུག་པ་རྣམ་པ་བཞི་བསྟན་ཏེ། རྣམ་པ་བཞི་པོ་གང་ཞེ་ན། ཉོན་མོངས་པའི་རྣམ་པར་རྟོག་པའི་ཀུན་དུ་འཁྲུག་པ་དང་། ཉོན་མོངས་པ་མེད་པའི་རྣམ་པར་རྟོག་པའི་ཀུན་

དུ་འཁྲུག་པ་དང་། ཏིང་ངེ་འཛིན་གྱི་རོ་མྱང་བའི་ཀུན་དུ་འཁྲུག་པ་དང་། ལམ་ལ་སྨོད་པའི་ཀུན་དུ་འཁྲུག་པ་སྟེ། ཀུན་དུ་འཁྲུག་པ་ནི་རྣམ་པ་བཞི་པོ་དག་གོ། །འཁྲུག་པ་རྣམ་པ་བཞི་པོ་སྤངས་ནས་ནི་མཆོག་ཏུ་ཞི་བར་གྱུར་པའི་མྱ་ངན་ལས་འདས་པ་ཐོབ་ཅིང་ཡོངས་

སུ་མྱ་ངན་ལས་འདས་པར་འགྱུར་རོ། །གཞན་ལ་འཚེ་མེད་པར་ཞེས་བྱ་བ་བསྟན་པ་ལ། དེ་ཇི་ལྟར་གསུང་རབ་ཐམས་ཅད་དུ་གཞན་ལ་གནོད་པ་མེད་པ་རབ་ཏུ་བསྔགས་པ་ཡིན་ཞེ་ན། འདི་ལྟར་བཟོད་པ་དཀའ་ཐུབ་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།

ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་ཤིན་ཏུ་དཀའ་ཐུབ་ལ་མོས་པ་ཚིག་ལ་མི་བཟོད་པ་སྟེ། དེའི་གཉེན་པོར་སོ་སོར་ཐར་པ་འདི་ཡང་དང་པོ་བསྟན་པར་གྱུར་ཏོ། །གཞན་དག་ནི་རྒྱལ་གྱི་རུས་ཀྱི་ཚ་བོ་རྩོད་པ་དག་བྱེད་ཅིང་མི་བཟོད་པ་

Vol. 149 · folio 75b

པ་ཞིག་ཡོད་དེ། དེའི་དབང་དུ་མཛད་ནས་འདི་གསུངས་སོ་ཞེས་ཟེར་རོ། །བཟོད་པ་ནི་རྣམ་པ་གསུམ་སྟེ། གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་དང་། སྡུག་བསྔལ་ལ་གནས་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའི་དབྱེ་བས་སོ། །དེ་ལ་དང་པོ་ནི་

གཞན་དག་གིས་རྣམ་པ་དུ་མར་གཤེ་བ་དང་བརྡེག་པ་ལ་སོགས་པ་བྱས་པ་ལ་བཟོད་པའོ། །གཉིས་པ་ནི་གྲང་བ་དང་ཚ་བ་ལ་སོགས་པ་དང་རྩོད་པ་བཟོད་པའོ། གསུམ་པས་ནི་བདག་མེད་པའི་ཆོས་ལ་བཟོད་པའོ། །དེ་ལ་གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་དང་།

སྡུག་བསྔལ་ལ་གནས་པའི་བཟོད་པའི་དབང་དུ་བྱས་པ་སྟེ། བཟོད་པ་དཀའ་ཐུབ་མཆོག་ཅེས་སངས་རྒྱས་གསུང་། །ཞེས་བྱ་བ་ནི་དཀའ་ཐུབ་མཆོག་ཅེས་བྱ་བ་ཉོན་མོངས་པར་གདུང་བར་བྱེད་པས་དཀའ་ཐུབ་པོ། །འདིར་དཀའ་ཐུབ་ཀྱི་སྒྲ་ནི་རབ་ཏུ་བྱུང་བ་ལ་བརྗོད་དོ། །

གཙོར་སྨོས་པ་ཡིན་ཏེ་རབ་ཏུ་བྱུང་བ་ནི་འདིའི་རྩ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་དགེ་སློང་དག་འདི་ལ་བཟོད་པ་ལ་གནས་པའི་རང་བཞིན་ཅན་ནི་གྲང་བ་དང་ཚ་བ་ལ་སོགས་པའི་བཟོད་པ་ཡིན་ནོ་ཞེས་རྒྱ་ཆེར་བཤད་དོ། །དེའི་འབྲས་བུ་ཆོས་ལ་ངེས་པར་སེམས་པའི་

བཟོད་པའི་དབང་དུ་བྱས་ནས། བཟོད་པ་ནི་མྱ་ངན་ལས་འདས་པ་མཆོག་ཅེས་བྱ་བ་སྟེ། གང་ཆོས་ལ་བརྟགས་ནས་འགྱུར་བ་མེད་ཅིང་གནས་པ་དེ་ནི་བཟོད་པའོ། །དེས་ནི་གང་མྱ་ངན་ལས་འདས་པ་ཡང་འཐོབ་སྟེ། ཟག་པ་མེད་པ་ལ་བཟོད་པ་སྔོན་དུ་འགྲོ་བས་ཐོབ་

པ་འདི་ནི་བདེ་བར་གཤེགས་པས་མཆོག་ཏུ་བཤད་དོ། །དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ནི་ཉམས་པ་མེད་པའི་ཕྱིར་རོ་ཞེས་མདོ་ལས་གསུངས་སོ། །འདི་ནི་དཀའ་ཐུབ་གཙོར་འཛིན་པ་བཟློག་པ་ཡིན་ནོ། །བཟོད་པས་ནི་མྱ་ངན་ལས་འདས་པ་

ཐོབ་པ་ཡིན་ཏེ་འདི་དོན་དུ་གཉེར་བའི་ཕྱིར་རོ། །དཀའ་ཐུབ་མཆོག་ཏུ་བྱེད་པ་དེས་ནི་སྒྲུབ་པ་མ་ཡིན་ཏེ། འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །བཟོད་པ་ནི་དཀའ་ཐུབ་ཀྱི་མཆོག་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་ཞེ་ན། ཐར་པའི་བསམ་པས་རབ་ཏུ་བྱུང་བ་ནི་གཞན་ལ་གནོད་

Vol. 149 · folio 76a

པ་མེད་པ་ཡིན་ཏེ། འདི་ལྟར་གང་ཁྱིམ་གྱི་གནས་ཡོངས་སུ་སྤངས་ཤིང་རྣམ་པ་སྣ་ཚོགས་པའི་བདེ་བར་གཤེགས་པའི་བསླབ་པ་བླངས་ནས་ནི་གཞན་གནོད་པར་བྱེད་པ་ལ་ཡང་སླར་གནོད་པ་མི་བྱེད་པ་ཡིན་ན་གཞན་དུ་ལྟ་སྨོས་ཀྱང་ཅི་དགོས་གང་ཡང་

གཞན་ལ་གནོད་པ་མཆོག་ཏུ་བྱེད་པ་ནི་རབ་ཏུ་བྱུང་ཡང་དགེ་སྦྱོང་གི་མིང་ཐོབ་པ་མ་ཡིན་ཏེ། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་མི་མཐུན་པའི་ཕྱིར་རོ། །དམ་པའི་སྤྱོད་པ་ལ་གཞོལ་བར་བྱས་པས་ཀྱང་དམ་པ་མ་ཡིན་པ་དག་མི་དགའ་སྟེ། དེ་བས་ན་གཞན་ལ་གནོད་པར་འགྱུར་

རོ་ཞེ་ན། སྨྲས་པ། གཞན་ལ་འཚེ་བ་ཞེས་བྱ་བ་སྨོས་ཏེ། ལུས་དང་ངག་གིས་གཞན་ལ་གནོད་པ་བྱེད་པའོ། །དགེ་སྦྱོང་ནི་གཞན་ལ་གནོད་པ་མི་བྱེད་པ་ཡིན་ཡང་གནོད་པ་བྱེད་ནའོ། །ངག་གི་འཚེ་བ་ནི་སྤོང་བར་དཀའ་བ་ཡིན་ཏེ། དེ་བཟློག་པའི་ཕྱིར། ཚིག་རྩུབ་ཅི་ཡང་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། རྒྱལ་རིགས་རུས་ཀྱི་ཚ་བོ་དེ་ཉིད་འཐབ་ཀྲོལ་བྱེད་ཅིང་ཚིག་མི་བཟོད་པ་ཉིད་ལ་བསྟན་པས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །ཚིག་རྩུབ་ཅི་ཡང་སྨྲ་མི་བྱ། །ཞེས་བྱ་བ་ནི་ཚིག་ཅི་ལ་ཡང་བརྩམ་པ་མེད་ཅིང་རྩུབ་པ་ཁྱེད་ཀྱིས་བརྗོད་པར་མི་བྱའོ། །

ཅིའི་ཕྱིར་ཞེ་ན། སྨྲས་ན་སླར་ཡང་སྨྲ་བར་བྱེད། །ཅེས་བྱ་བ་ནི་གང་གི་ཕྱིར་གཞན་ལ་ཚིག་རྩུབ་པ་བརྗོད་པར་གྱུར་ན་ནི་ལན་དུ་ཚིག་རྩུབ་པ་མང་དུ་རྗོད་པར་བྱེད་དེ། ཇི་སྐད་དུ་གང་ཞིག་གཞན་མང་པོ་ལ་གཅིག་གིས་སྨོད་པར་བྱེད་ན་གཞན་མང་པོས་ཀྱང་གཅིག་ལ་སྨོད་

པར་བྱེད་དོ། །དེ་བས་ན་ཕན་ཚུན་ཚིག་རྩུབ་པས་སྨོད་ཅིང་འཇུག་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ། འཐབ་གཅུགས་ཚིག་གིས་སྡུག་བསྔལ་ཞིང་། །ཞེས་བྱ་བ་ལ། འཐབ་གཅུགས་ནི་འཁྲུག་ལོང་ངོ་། །དེ་འདྲེན་པར་བྱེད་པའི་ཚིག་ནི་ཚིག་རྩུབ་

ཅེས་བྱ་བའི་དོན་ཏོ། །དེ་ནི་ཕལ་ཆེར་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་ཏེ། རྩུབ་པས་ནི་ཕལ་ཆེར་མདོག་ངན་པ་དང་དབྱིབས་ངན་པར་སྐྱེ་བར་འགྱུར་རོ། །རང་ཉིད་ཀྱི་ཉེ་དུ་རྣམས་ཀྱང་སྨད་ཅིང་རིགས་ངན་པ་ལ་སོགས་པའོ། །འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ནི་

Vol. 149 · folio 76b

རེ་ཞིག་བཞག་གི །ཚེ་འདིར། དེ་ལ་ཕྱིར་ཡང་ཆད་པས་གཅོད། །ཅེས་བྱ་བ་ནི་འཚེ་བ་བྱེད་པ་ལ་སླར་ཡང་ཉེ་བར་གནོད་པར་བྱེད་པར་འགྱུར་རོ། །གལ་ཏེ་ཡང་གཤེས་པ་དང་བརྡེག་པར་གྱུར་ཀྱང་སླར་མི་གཤེ་ཞིང་མི་བརྡེག་ཀྱང་ཡིད་གདུང་བར་གྱུར་ཏེ་བདག་ཉིད་གཤེ་

བ་དང་རྡེག་པར་བྱེད་པ་དེ་ཡང་སྨད་པ་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་བདག་གིས་ཕར་བྱས་ན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་གཞན་ལ་ཚིག་རྩུབ་པོ་ལ་སོགས་པས་བསྒྲུབས་ཏེ་བདག་གིས་སེམས་སམ་བདག་ཉིད་ཀྱིས་ཕར་བྱས་ན་དེ་གདུང་བར་བྱེད་

པ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། འཁར་བའི་སྣོད་བཞིན་ཞེས་བྱ་བ་མཐུག་ཅིང་ཆེ་བའི་འཁར་བའི་སྣོད་ནི་འཁར་བའོ། །དེ་ལ་ཤིང་དང་སོར་མོ་ལ་སོགས་པས་བརྡུངས་ན་བདག་ཉིད་ཀྱི་སྒྲ་རྩུབ་པ་འབྱིན་ཅིང་ཀུན་དུ་འཁྲུག་པར་འགྱུར་ཏེ། མི་འདོད་པའི་རྫས་ཀྱི་ཚུལ་གསལ་

བར་བྱད་དེ། གསེར་ལ་སོགས་པའི་སྣོད་ལ་བརྡུངས་ན་ནི་དེ་ལྟར་འགྱུར་བར་མི་བྱེད་དོ། །དེ་བཞིན་དུ་བྱིས་པ་ཡང་ཡིད་དུ་མི་འོང་བ་ལ་བརྟན་ནས་བདག་དང་གཞན་གདུང་བར་བྱེད་དེ་འཕགས་པ་ནི་མ་ཡིན་ནོ། །བདག་གིས་ཕར་བྱས་པས་མི་འདོད་པའི་འབྲས་

བུ་བསྟན་པའི་ཕྱིར་སྨྲས་པ། འཁོར་བར་སྐྱེ་དང་རྒ་བ་དག །ཅེས་བྱ་བ་སྟེ། སྐྱེ་བ་དང་འཇིག་པ་གཉིས་ཀྱིས་མཚོན་པ་ནི་སྲིད་པའོ། །ཡུན་རིང་པོ་ནི་དུས་རིང་པོའོ། །ཉམས་སུ་མྱོང་བར་འགྱུར་ཞེས་བྱ་བ་ནི་ཉེ་བར་ལོངས་སྤྱོད་པའོ། །དཀར་པོའི་ཕྱོགས་བསྟན་པའི་

ཕྱིར། བདག་གིས་ཕར་ནི་མ་བྱས་དང་། །ཞེས་བྱ་བ་སྨོས་ཏེ་འདི་ནི་སྔར་བཤད་ཟིན་ཏོ། །དེ་བྱས་པའི་ཕན་ཡོན་བསྟན་པའི་ཕྱིར་སྨྲས་པ། མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ། སེམས་ཅན་ཐར་པ་ཐོབ་པར་འགྱུར་ཏེ་རིང་པོར་མི་ཐོགས་པར་མྱ་ངན་ལས་

འདས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཐབ་མོ་མི་འབྱུང་ཞིང་། །ཞེས་བྱ་བ་ནི་ཡིད་འཁྲུགས་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །འཐབ་མོ་སྤངས་པ་སྔོན་དུ་འགྲོ་བས་ནི་ཉེ་བར་ཞི་སྟེ། དེས་ན་བདག་ཉིད་མྱ་ངན་ལས་འདས་པར་འགྱུར་རོ། །བདེ་བ་

Vol. 149 · folio 77a

ཐམས་ཅད་ཀྱི་གཙོ་བོ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ནད་མེད་རྙེད་པའི་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷོ་ཕྱོགས་ཀྱི་བདག་པོ་རྒྱལ་པོ་ཤིན་ཏུ་བསྩགས་ཤིང་འབྱོར་པ་ཆེ་ལ་སེར་སྣ་ཆེ་བ་ཞིག་ཡོད་པ་ལས་

ནད་ཀྱིས་བཏབ་པོ། །དེ་སྨན་གྱི་ཆེད་དུ་ཡང་ནོར་གཏོང་བར་མི་བྱེད་དེ་སྨན་བས་བསམས་པ། གལ་ཏེ་བདག་གིས་ནོར་མང་པོ་རྙེད་ན་ནི་འདིའི་གསོ་བ་ལེགས་པར་བྱའི། གཞན་དུ་ནི་མ་ཡིན་ནོ་ཞེས་བསམས་སོ། །རྒྱལ་པོའི་བཙུན་མོས་ཀྱང་བསམས་པ། གལ་ཏེ་ན་ཚོད་

ཤིན་ཏུ་རྒས་པ་འདི་ཤི་བར་གྱུར་ན་འདིའི་འགྲན་ཟླ་གཉིས་འདིས་འཇིགས་ནས་རབ་ཏུ་བྱུང་བ་དེ་དང་བདག་དགའ་མགུར་འདོད་པའི་བདེ་བ་ཉམས་སུ་མྱོང་བར་བྱའོ་སྙམ་དུ་བསམས་སོ། །འགྲན་ཟླ་རབ་ཏུ་བྱུང་བ་དེས་ཀྱང་གཏམ་དེ་ཐོས་ནས་འོངས་ཏེ། གལ་ཏེ་འདི་ཤི་བར་གྱུར་ན་

བདག་གིས་རབ་ཏུ་བྱུང་བ་དེ་སྤངས་ལ་རྒྱལ་སྲིད་ཀྱི་བདེ་བ་མྱོང་བར་བྱའོ་ཞེས་བསམས་སོ། །བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་ནས་དེར་རྫུ་འཕྲུལ་གྱིས་གཤེགས་ཏེ། གོ་རིམས་བཞིན་དུ་དེ་དག་གི་དབང་དུ་མཛད་ནས་འདི་གསུངས་

སོ། །དེ་དག་གིས་ཚིག་རྐང་རེ་རེ་ཐོས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གཞན་དག་ནི་མགོན་མེད་ཟས་སྦྱིན་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་དུས་སུ་ཟས་འདྲིམ་པས་བྲེལ་ཏེ་དུས་ཡོལ་ནས་ཟས་ཆད་པ་ལས་ནད་ཀྱིས་བཏབ་པར་གྱུར་ཏེ། དཀའ་

བ་ཆེན་པོས་ནད་སོས་པར་གྱུར་ཏོ། དེ་ཉིད་ཀྱི་ཉི་མ་ལ་དེའི་ཡིད་གཅུགས་པའི་ཚོང་བ་ཞིག་རྒྱ་མཚོ་ལས་ནི་རིན་པོ་ཆེ་དུ་མ་ཁྱེར་ཏེ་འོངས་སོ། །དེས་འདི་སྙམ་དུ་བསམས་ཏེ། བདག་ནི་ནད་ཆེན་པོ་ལས་སོས་ལ། ཡིད་གཅུགས་པའི་ཚོང་པ་འདི་ཡང་ནོར་མང་པོ་མཐའ་ཡས་པ་རྙེད་དེ་འོངས་

པས་འདི་ཡང་བདག་གི་ལོངས་སྤྱོད་ཡིན་པས་གང་གིས་བདག་དགའ་བར་འགྱུར་བ་སྟེ། གང་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་ལ་སྤྱན་དྲངས་ཏེ་འདི་ཉིད་ཀྱིས་ཐར་པའི་བདེ་བ་འཐོབ་པར་བྱའོ་ཞེས་བསམས་ནས།

Vol. 149 · folio 77b

ཇི་ཙམ་ན་དེ་ལས་ཀྱང་ནོར་བླངས་ཏེ་བཞེས་པ་གསོལ་ནས་འདི་གསུངས་སོ་ཞེས་ཟེར་རོ། །ནད་མེད་ཅེས་བྱ་བ་ནི་མི་མཉམ་པ་མེད་པ་སྟེ། ནད་མེད་པ་ཉིད་ཀྱིས་ནད་མེད་པའོ། །ནད་ནི་ནད་གཞི་ཆ་མ་མཉམ་པ་ཡིན་ལ་ནད་མེད་པ་ནི་ནད་གཞི་ཆ་མཉམ་པའོ་ཞེས་བྱ་བའི་ཚིག་གིས་

སོ། །དེ་ནི་རྙེད་པའི་དམ་པ་ཡིན་ཏེ་དེ་ལས་ཁྱད་པར་དུ་གྱུར་པའི་རྙེད་པ་མེད་པའི་ཕྱིར་ཏེ། དེའི་དོན་དུ་ཡང་ནོར་ཐམས་ཅད་ཡོངས་གཏོང་བར་སྣང་བས་སོ། །མཛེས་ཤིང་གསལ་བ་གང་དུ་ཡོད་པ་དེ་ནི་རྙེད་པའི་ངེས་པའི་ཚིག་གོ། །ཆོག་ཤེས་པ་ནི་ནོར་གྱི་དབྱིག །ཅེས་བྱ་བ་ནི་

ཆོས་གོས་ངན་ངོན་ཙམ་ལ་སོགས་པས་ཡོངས་སུ་ཆོག་ཤེས་པ་སྟེ། གཞན་འདོད་ཅིང་རེ་བའི་སེམས་ཀྱིས་ནི་ནོར་ཆེས་མཆོག་འདོད་པའི་ཕྱིར་ཏེ། ཆོག་མེད་ཕྱུག་པོ་ཡིན་ཡང་རྟག་ཏུ་ཕོངས། །ཆོག་ཤེས་དབུལ་པོ་ཡིན་ཡང་རྟག་ཏུ་འབྱོར། །ཞེས་བྱ་བའི་ཚིག་གིས་སོ།

རྙེད་པ་དང་ནོར་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། སོགས་པ་ལྟ་བུ་ཐོབ་པ་ནི་རྙེད་པ་ཡིན་ལ། དེ་གཞུག་ཏུ་རུང་བ་ནི་ནོར་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཡིད་གཅུགས་བཤེས་པའི་མཆོག་ཡིན་ཏེ། །ཞེས་བྱ་བ་ནི་ཡིད་ཆེས་པའི་བློས་འཁུ་བའི་དོགས་པ་མེད་ཅིང་བག་རྐྱོང་

བ་ཞེས་བྱ་བ་ནི་འདིར་ཚིག་གི་ལྷག་མའོ། །དེ་བས་ན་ཡིད་བརྟན་པའི་གནས་སུ་གྱུར་པ་ནི་བཤེས་ཀྱི་མཆོག་གམ་གྲོགས་པོ་ཁྱད་པར་ཅན་ཡིན་ནོ། །མྱ་ངན་འདས་པ་བདེ་བའི་ཕུལ། །ཞེས་བྱ་བ་ནི་སྐྱེ་བའི་སྒྲིབ་གཡོགས་དང་བྲལ་བ་སྟེ། མྱ་ངན་ལས་འདས་པ་ཐར་

པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བླ་ན་མེད་པའི་བདེ་བ་སྟེ་སྡུག་བསྔལ་རྣམ་པ་གསུམ་དང་བྲལ་བའི་ཕྱིར་དང་། གང་ཡང་འདོད་པའི་བདེ་བ་ནི་འཇིག་རྟེན་གྱི་ཡིན་ནོ་ཞེས་གསུངས་སོ། །འདི་ལྟར་ནད་མེད་པ་རྙེད་པ་ལ་སོགས་པ་ཐམས་ཅད་ལས་ནི་མྱ་ངན་ལས་འདས་པ་

མཆོག་ཡིན་ཏེ། ཡང་བཤད་པ། འཇིག་རྟེན་པ་ཡི་བདེ་བ་ནི། །འབད་པས་བསྒྲུབས་ཀྱང་མནོག་ཆུང་ཞིང་། །བདེ་བ་མེད་ལ་འཇིགས་པ་དང་། །འཕགས་པས་དེ་སྤངས་བྱང་གྲོལ་འདོད། །ཅེས་སོ། སྡུག་བསྔལ་རྟོགས་པས་ནི་ཐར་པ་འཐོབ་པར་འགྱུར་རོ་ཞེས་བསྟན་

Vol. 149 · folio 78a

པའི་ཕྱིར། འདུ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་ཕྱི་བཞིན་འབྲང་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་ན་རྐུན་པོ་ལྔ་བརྒྱ་ལག་པ་དང་རྐང་པ་བཅད་དེ་གྲོང་གི་འོབས་སུ་བཅུག་

པ་གཟིགས་སོ། །དེ་དག་གིས་ཀྱང་བཅོམ་ལྡན་འདས་མཐོང་སྟེ། ཉམ་ཐག་པའི་ང་རོས་བདག་ཅག་ནི་ལྟོགས་ཤིང་སྐོམ་པར་གྱུར་ཏོ་ཞེས་བོས་པ་དང་། ཇི་ཙམ་ན་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་མགོན་མེད་ཟས་

སྦྱིན་གྱིས་བཟའ་བ་དང་བཏུང་བས་ཚིམ་པར་བྱས་སོ། །དེ་དག་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བར་གྱུར་ནས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་ནས་འདིར་འོངས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འདུ་བྱེད་ཅེས་བྱ་བ་ནི་འདུས་བྱས་ཐམས་ཅད་དོ། །

སྡུག་བསྔལ་མ་རུངས་པ་ཞེས་བྱ་བ་ནི་དོན་དམ་པར་གདུང་བར་བྱེད་པ་དང་། འཕགས་པ་རྣམས་དང་མི་མཐུན་པས་སོ། །འདིས་ནི་འདུས་བྱས་ཐམས་ཅད་ལ་ཁྱབ་པའི་སྡུག་བསྔལ་དུ་བཤད་དོ། །ཕྱོགས་གཅིག་ལ་ཁྱབ་པའི་སྡུག་བསྔལ་བསྟན་པའི་ཕྱིར་སྨྲས་པ། ནད་ཀྱི་ནང་

ན་བཀྲེས་མི་བཟད། །ཅེས་བྱ་བ་སྟེ། སྡུག་བསྔལ་གྱི་ཚོར་བ་སྐྱེད་པ་ལུས་ཀྱི་གནས་སྐབས་ཀྱི་ནད་དེ། དེའི་ནང་ན་མི་བཟད་པའི་ནད་ནི་བཀྲེས་པ་སྟེ་བྲུ་བ་ཚ་བའོ། །རྟག་ཏུ་རྗེས་སུ་འབྲེལ་པའི་ཕྱིར་དང་། ལེགས་པར་གསོར་མི་རུང་བ་དང་། ཁྱབ་པའི་ཕྱིར་བཀྲེས་པ་དང་མཉམ་

པའི་ལུས་ཀྱི་ཚོར་བ་ནི་གང་ཡང་མེད་དོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་ཇི་བཞིན་ཤེས་ན་ནི། །ཞེས་བྱ་བ་ནི་སྡུག་བསྔལ་བའི་ཚོར་བའི་གནས་སྐབས་དང་། དེ་ལས་གཞན་པའི་གནས་སྐབས་འདི་ཉིད་ཇི་ལྟ་བ་བཞིན་དུ་དེ་ཉིད་ཤེས་པས་རྟོག་པར་བྱས་ནའོ། །མྱ་ངན་འདས་

པ་མཆོག་ཏུ་འགྱུར། །ཞེས་བྱ་བ་ནི་ཐར་པ་ཐོབ་པ་དེས་མཆོག་ཏུ་འགྱུར་རོ། །འདུ་བྱེད་ཡོད་པར་གྱུར་ན་ནི་ངན་སོང་དུ་འགྲོ་བའི་སྡུག་བསྔལ་དུ་གཞོལ་བ་དང་། དེ་ཡང་ངེས་པར་གྲོལ་བར་མི་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པ་མཆོག་ཏུ་བསྒོམ་པར་བྱའོ་ཞེས་བསྟན་པའི་

Vol. 149 · folio 78b

ཕྱིར། བདེ་འགྲོར་འགྲོ་བ་ཉུང་ཟད་དེ། །ཞེས་བྱ་བ་ཡིན་ཏེ། སེམས་ཅན་གང་སུ་དག་ཅུང་ཟད་བདེ་འགྲོར་འགྲོ་བ་ནི་འཐོབ་པ་སྟེ། ལེགས་པར་སྤྱད་པ་སྤྱོད་པ་ནི་ཤིན་ཏུ་ཉུང་བའི་ཕྱིར་རོ། །ངན་འགྲོར་འགྲོ་བ་བསམ་ཡས་ཞིག །ཅེས་བྱ་བ་ནི་རྣམ་པ་དུ་མས་ངན་འགྲོར་འགྲོ་

པ་སྟེ། ངན་པར་སྤྱོད་པ་བྱེད་པ་དཔག་ཏུ་མེད་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་མ་འགགས་པ་བདག་གིས་ལྷའི་མིག་གིས་དཔག་ཏུ་མེད་པ་ནི་གསུམ་མཐོང་སྟེ། སངས་རྒྱས་ཀྱི་སྤྲུལ་པ་དང་། སྲིད་པ་བར་མ་དོ་དང་། ངན་སོང་དུ་འགྲོ་བའོ་ཞེས་བཤད་པས་སོ། །དེ་ལྟའི་ཉེས་དམིགས་

རྟོགས་གྱུར་ན། །ཞེས་བྱ་བ་ནི་སྔར་བསྟན་པའི་གནོད་པའོ། །མྱུར་དུ་མྱ་ངན་འདས་པ་འཐོབ། །ཅེས་བྱ་བ་ནི་ཤིན་ཏུ་མྱུར་བར་མྱ་ངན་ལས་འདས་པ་འཐོབ་པས་ཏེ། འཕགས་པའི་ལམ་བསྒོམས་པས་མངོན་སུམ་དུ་བྱས་ན། ཉེས་དམིགས་དེ་དག་ཐམས་ཅད་དང་བྲལ་

བར་འགྱུར་རོ། །ཅི་མྱ་ངན་ལས་འདས་པ་ཡང་རྒྱུ་མེད་པས་འཐོབ་པ་ཡིན་ནམ་ཞེ་ན། བདེ་འགྲོར་འགྲོ་བ་རྒྱུ་དང་བཅས། །ཞེས་བྱ་བ་ལ་སོགས་པའོ། །ཀུན་དུ་རྒྱུ་སྨྲ་བ་ཆེན་པོ་པ། །ཞེས་བྱ་བ་ཆད་པར་སྨྲ་བ་དེའི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་འདི་གསུངས་པ་ལ་

དེ་ནས་དེ་མངོན་པར་དད་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པོ། །གཉིས་པོ་འདི་ནི་རྒྱུ་དང་བཅས་པ་ཡིན་ཏེ། འཇུག་པ་དང་བཟློག་པའོ། །དེ་ལས་དང་པོ་པའི་དབང་དུ་བྱས་ནས་སྨྲས་པ། བདེ་འགྲོར་འགྲོ་བ་རྒྱུ་དང་བཅས། །ཞེས་བྱ་བ་ཡིན་ཏེ། གང་

ལ་རྒྱུ་ཡང་དག་པར་ཡོད་པ་དེ་ནི་སྟེ་བྱ་བའི་ཁྱད་པར་རོ། །གང་དག་བདེ་འགྲོར་སྐྱེ་བ་དེ་དག་ནི་ལེགས་པར་སྤྱོད་པའི་རྒྱུ་མེད་པར་འབྲས་བུ་འདི་མེད་པ་ཡིན་ནོ། །ངན་འགྲོར་འགྲོ་བ་རྒྱུ་དང་ལྡན། །ཞེས་བྱ་བ་དང་གི་སྒྲ་ནི་འདི་ལས་ཉེས་པར་སྤྱད་པ་དང་འབྲེལ་པའི་ཕྱིར་རོ། །

ལྡོག་པའི་དབང་དུ་བྱས་ནས། མྱ་ངན་འདས་འགྲོ་རྒྱུ་ཅན་ཏེ། །ཞེས་བྱ་བ་ཡིན་ཏེ། གང་དག་མྱ་ངན་ལས་འདས་པ། འཇིགས་པ་མེད་པའི་གྲོང་དུ་འགྲོ་བ་དེ་ཡང་རྒྱུ་མེད་པར་མ་ཡིན་ཏེ། དེའི་ཕྱིར་དགེ་བའི་བསམ་པས་དགེ་བའི་བཤེས་གཉེན་བསྟེན་ཅིང་ལེགས་པར་

Vol. 149 · folio 79a

གསུངས་པ་ལས་མངོན་པར་དགའ་བ་དང་། ཆོ་ག་ལས་གནས་པ་དང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་འཇུག་ཅིང་ཚོགས་ཆེན་པོས་མྱ་ངན་ལས་འདས་པ་ཐོབ་སྟེ། སྲིད་པ་ལྡོག་པ་ཡིན་ནོ། །དེ་དག་ཐམས་ཅད་རྒྱུ་དང་བཅས། །ཞེས་བྱ་བ་

ནི་དོར་བ་དང་བླང་བའི་བདག་ཉིད་ཀྱི་དངོས་པོ་འདི་དག་ཐམས་ཅད་ནི་རྒྱུ་དང་བཅས་པ་ཡིན་ཏེ། ཇི་སྐད་དུ། བསྟན་དང་འགྲོ་བར་གྱུར་པ་འདི་དག་ནི། །རྟེན་ཅིང་འབྲེལ་འབྱུང་དེ་དང་དེ་ཡིན་ཏེ། །འཇིག་རྟེན་གང་ནའང་རྒྱུ་མེད་མེད་མོད་ཀྱི། །འཇིག་རྟེན་གྱིས་ནི་རྒྱུར་བཅས་

ཡོད་མི་རིག །ཅེས་བཤད་དོ། །དེ་བཞིན་ཉིད་ཀྱི་རྒྱུ་གང་ཤེས་པས་མྱ་ངན་ལས་འདས་པར་འགྲོ་བ་དེ་བསྟན་པའི་ཕྱིར། ནགས་ཚལ་མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཤར་ཕྱོགས་ཀྱི་ཀུན་དགའ་ར་བ་རི་དགས་འཛིན་གྱི་མའི་ཁང་པ་ན་

བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ནུབ་མོ་མཐོངས་ཤིག་ན་འཆག་ཅིང་བཞུགས་པ་ན། རྒྱུ་སྐར་རྣམ་པར་རྒྱུ་བ་འགྱུར་བ་དག་གཟིགས་ཏེ། སྦལ་མགོ་ལ་ཡུན་ཇི་སྲིད་ན་ཆར་འབབ་པར་འགྱུར་ཞེས་བཀའ་སྩལ་པ་དང་། དེས་ཀྱང་དེ་ལ་བལྟས་ཏེ་འཇིག་རྟེན་

འདི་དག་ནི་ཉམས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་ཆར་འབབ་པར་མི་འགྱུར་རོ་ཞེས་གསོལ་པ་དང་། ཞག་ལྔ་དང་དྲུག་དང་ཇི་སྲིད་ཞག་བདུན་པ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། གནས་མལ་དག་བཀབ་ལ་སྦོས་ཤིག་དང་། དི་རིང་ཉིད་

ཆ་ག་པའི་ཚོགས་འདུས་པ་ལྟ་བུའི་ཆར་འབབ་པར་འགྱུར་ཏེ། དེ་ལ་གང་གིས་ཁྲུས་བྱས་པ་དེ་ནི་འབྲས་དང་འབྲུམ་བུ་ལ་སོགས་པ་སྐྱེས་པ་མེད་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལྟ་བས་ན་སྦལ་མགོ་རྒྱུ་སྐར་རྣམས་ནི་མི་བརྟན་པ་ཡིན་ཏེ། སྲོག་ཀྱང་གཡོ་ཞིང་མི་

གནས་པ་ཡིན་ནོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་ན་སྦལ་མགོ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། འདི་གསུངས་སོ། །སེམས་ཅན་རྣམ་པ་བཞི་སྟེ་ནགས་ན་སྤྱོད་པ་དང་། ནམ་མཁའ་ལ་སྤྱོད་པ་དང་། ཡོངས་སུ་རྟོག་པར་བྱེད་པའི་སོ་སོའི་སྐྱེ་བོ་དང་། དགྲ་

Vol. 149 · folio 79b

བཅོམ་པ་སྟེ། དེ་དག་གི་འགྲོ་བ་ཡང་རྣམ་པ་བཞི་སྟེ་རྟེན་ནོ། །དེ་ལ་རི་དགས་འགྲོ་ཞེས་བྱ་བ་ནི་རི་བོང་དང་ཤ་ར་བ་དང་པྲི་ཐ་ཏ་ལ་སོགས་པའོ། །འགྲོ་བ་ནི་གནས་པའོ། །གྲོང་ལས་བསྐལ་ཞིང་རིང་བའི་གནས་ནི་ནགས་ཚལ་མི་ཆོག་གོ། །དེ་བས་ན་དེ་དག་

ནི་མི་རྣམས་ལས་ཁྱད་པར་དུ་འཇིགས་པ་རྣམས་ཀྱི་རྟེན་དང་གནས་དང་ཡིད་བརྟན་པའི་གནས་ཡིན་པའི་ཕྱིར་རོ། །མཁའ་ལ་བྱ་རྣམས་འགྲོ་བར་བྱེད། །ཅེས་བྱ་བ་ནི་ཁྲ་དང་། ཁྲུང་ཁྲུང་དང་། ནེ་ཙོ་དང་ཤ་རི་ཀ་ལ་སོགས་པ་ནམ་མཁའ་ལ་འགྲོ་བར་བྱེད་པ་སྟེ། གང་ཞིག་

ལས་སྐྲག་པར་གྱུར་ན་དེ་ལ་བརྟེན་པའི་ཕྱིར་རོ། །ཆོས་ལ་རྣམ་པར་འབྱེད་པ་འགྲོ། །ཞེས་བྱ་བ་ནི་འདིས་རྣམ་པར་འབྱེད་པ་ཡིན་པས་འབྱེད་འགྲོ་སྟེ། རྣམ་པ་སྣ་ཚོགས་པ་གཅིག་ཏུ་རྣམ་པར་གཏན་ལ་འབེབས་པ་གང་ལ་ཡོད་པ་དེ་སྟེ། ཤེས་རབ་ཅན་ཞེས་བྱ་བའི་དོན་ཏ། །

དེ་དག་གི་ཆོས་ཀྱི་འགྲོ་བ་ནི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་རྟག་པ་ལ་བརྟེན་པས་ལྷན་ཅིག་ཏུ་བཅས་པའི་ཕྱིར་དང་། གསུང་རབ་རྟོགས་པ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་ནི་འཕགས་པའི་བདེན་པ་བཞིའི་ཆོས་ལ་མཆོག་ཏུ་

ལྟ་བ་སྟེ། འདིས་ནི་མྱ་ངན་ལས་འདས་པའི་རྒྱུ་བསྟན་ནས་གང་གི་ཕན་ཡོན་བསྟན་པའི་ཕྱིར། དགྲ་བཅོམ་མྱ་ངན་འདས་པར་འགྲོ། །ཞེས་བྱ་བ་ནི་གང་གིས་ཉོན་མོངས་པའི་དགྲ་བཅོམ་པ་གང་ཡིན་པ་དེ་དག་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་

པར་རོ། །འགྲོ་ཞེས་བྱ་བ་ནི་དེ་ལ་གཞོལ་བའི་ཕྱིར་ཏེ། དེ་ཐོབ་པ་རྣམས་ལ་ནི་ཡོངས་སུ་ཉམས་པ་མེད་པར་སྟོན་ཏོ། །གང་ཟག་གིས་མྱ་ངན་ལས་འདས་པ་རྟོགས་པར་ནུས་ཤེ་ན། སྨྲས་པ། བརྩོན་འགྲུས་བརྩམས་པ་དང་བློ་དང་ལྡན་པས་སོ། །ཅིའི་ཕྱིར་ཞེ་ན།

འདི་ན་བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བསྟི་གནས་ཀྱི་ཁང་པར་དགེ་སློང་རབ་ཏུ་མང་པོ་འདུས་ཤིང་འཁོད་པར་གྱུར་ཏེ། འདི་ལྟ་སྟེ་ཆོས་གོས་ཀྱི་ལས་ལའོ། །དགེ་སློང་གཞན་ཞིག་ནི་བསྟི་གནས་ཀྱི་ཁང་པར་འཇུག་ཏུ་མི་འདོད་དེ། བྱ་

Vol. 149 · folio 80a

བ་དང་བྲེལ་བས་དགེ་སློང་རྣམས་འདི་ནི་ལེ་ལོ་ཅན་ནོ་ཞེས་འཕྱ་བར་བྱེད་དོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འདིས་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འདིས་ནི་སེམས་ལྷག་པ་བཞི་ཐོབ་སྟེ།

གང་གི་དོན་དུ་འདི་རབ་ཏུ་བྱུང་བ་དེའི་དོན་ཡང་འདིས་ཐོབ་པོ་ཞེས་ནས་འདི་གསུངས་སོ། །འདི་ན་ཞེས་བྱ་བ་ནི་གང་གི་ཕྱིར་མྱ་ངན་ལས་འདས་པ་འདི་ནི་བརྩོན་འགྲུས་ཞན་པའི་གང་ཟག་གིས་རྟོགས་པར་མི་ནུས་ཏེ། འདི་ནི་ལེ་ལོ་ཅན་གྱིས་ཀྱང་རྟོགས་པར་མི་ནུས་སོ། །

བརྩོན་འགྲུས་ཞན་པ་ནི་འདི་ལ་ལེ་ལོ་ཅན་ཞེས་བྱ་བའི་དོན་ཏོ། །དེས་ན་བྱ་བ་དག་ལས་ཏེ་རྟག་ཏུ་བྱ་བའི་དགེ་བའི་བྱ་བ་དག་ལ་བརྩོན་འགྲུས་ཀྱིས་དྲངས་པའི་སྦྱོར་བ་མེད་པའི་ཕྱིར་རོ། །བློ་ཆུང་ཞེས་བྱ་བ་ནི་བློ་ཞན་པ་དང་ལྡན་པ་སྟེ། ཤིན་ཏུ་བླུན་པས་རིགས་པས་འཐོབ་

པའི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །ཤེས་པ་མེད་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཡང་དག་པར་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་བྱུང་བའི་ཁྱད་པར་གྱི་ཤེས་པ་གང་ལ་མེད་པ་དེ་ནི་ཤེས་རབ་མེད་པ་སྟེ། དེས་ནི་ཐོས་པ་ལས་བྱུང་བ་ལ་སོགས་

པའི་ཤེས་རབ་མེད་པར་བསྟན་ཏོ། །ཡང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་པ་གོ་རིམས་བཞིན་དུ་བསྟན་ཏོ། །གང་དེ་འདིས་ཇི་ལྟ་བུར་རྟོགས་པར་མི་ནུས་ཤེ་ན། མདུད་པ་ཐམས་ཅད་རབ་གཏུབས་པ། །ཞེས་བྱ་བ་ནི་འཆིང་བ་མ་ལུས་པར་བཅད་པ་གང་ལ་ཡོད་

པའོ། །མི་འཐོབ་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་འཐོབ་པ་ཞེས་བྱ་བའི་དོན་ཏེ། དེ་ནི་ཤིན་དུ་བྱ་བར་དཀའ་བ་ཡིན་ན། ཕལ་གྱིས་ཤེས་པར་ག་ལ་འགྱུར། མདུད་པ་ཐམས་ཅད་རབ་གཏུབས་པ། །ཞེས་བསྟན་པ་ལ། རྣམ་པ་ཐམས་ཅད་དུ་ཞི་བའི་རྣམ་

པ་བསྟན་པའི་ཕྱིར། ཁྱོད་ཀྱིས་གྲུ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་དབྱར་བཱ་རཱ་ཎ་སཱིར་བཞུགས་ནས་གང་གཱའི་ངོགས་སུ་གཤེགས་པ་ན་དེ་ནས་གྲུ་བས་བཅོམ་ལྡན་འདས་སྤན་དྲངས་ཏེ་བཅོམ་ལྡན་འདས་གྲུ་འདི་ལ་གཤེགས་སུ་གསོལ་

Vol. 149 · folio 80b

ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་གྲུའི་སྟེང་དུ་གཤེགས་པ་དང་། གྲུ་ཆུས་ཁེངས་པར་གྱུར་པ་ལས་གྲུ་པ་རྒན་པོས་གྲུ་པ་གཞན་ལ་སྨྲས་པ། གྲུ་འདིས་ཅི་ནས་ཀྱང་མི་ནུབ་པ་དེ་ལྟར་ཕྱོགས་ཤིག་ཅེས་སྨྲས་པ་ལས་ཇི་ཙམ་ན་

བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འདི་ཞེས་བྱ་བ་ནི་ཆུས་ཁེངས་པའི་གྲུའོ། །ཕྱོགས་ཞེས་བྱ་བ་ནི་གཏོར་ཞིང་བོར་བ་སྟེ་གང་ཆུ་འདི་ཕྱི་རོལ་དུ་བོར་བ་ཉིད་དོ། །འདི་ནི་ཡང་བར་འགྱུར་བ་ལྟར། །ཞེས་བྱ་བ་ནི་རྣམ་པ་འདིས་ནི་གྲུ་འཇིག་པར་མི་འགྱུར་ཏེ། བདེ་

བར་ཕ་རོལ་དུ་འགྲོ་བར་འགྱུར་བ་དེ་བཞིན་དུ་ཁྱོད་ཀྱིས། དེ་བཞིན་ཞེ་སྡང་འདོད་ཆགས་སྤོངས། །ཞེས་བྱ་བ་འདོད་ཆགས་ཀྱིས་ནི་ཁམས་ཐམས་ཅད་ཀྱི་ཚིག་ཏུ་སྟོན་པ་ཡིན་ནོ། །ཞེ་སྡང་གིས་འདོད་པའི་ཁམས་དང་འབྲེལ་པའོ། །སྲེད་པ་སྤྱོད་པ་ལ་ཞུགས་

པའི་སེམས་ཅན་དེའི་དབང་དུ་མཛད་ནས་འདོད་ཆགས་སྤངས་པ་བསྟན་ཏོ། །གཞན་གྱི་དབང་དུ་བྱས་པ་ནི་ཞེ་སྡང་སྤངས་པའོ། །ཡང་ན་ཆགས་པ་དང་ཁོང་ཁྲོ་བ་དེ་ནི་རྟག་ཏུ་གནོད་པ་བྱེད་པའི་ཕྱིར་རོ། །དེ་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་བར་གྱུར་ཏོ། །མྱ་

ངན་འདས་པ་ཐོབ་པར་འགྱུར། །ཞེས་བསྟན་པ་ལ། ཅི་འདིས་དུས་སུ་གཏོགས་པ་སྟེ། གང་གིས་མ་འོངས་པའི་ཚིག་གི་སྒྲར་ཡང་བརྗོད་དམ་ཞེ་ན། དེ་ཐོས་པ་ལ་བརྟེན་ནས་གཞན་བསྟན་པའི་ཕྱིར་ཏེ། གང་དེ་མྱ་ངན་ལས་འདས་པ་དེའི་ནང་དུ་ནི་དུས་

གསུམ་ཆུད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། སྔོན་ཆད་བྱུང་བ་མི་འབྱུང་ཞིང་། །ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཨུ་རུ་བིལ་བ་ན་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། གང་སྔོན་བདག་

གིས་བྱུང་བ་དེ་དང་ནི་བྲལ་ལ། གང་གིས་དེ་ལྟར་གནས་པ་འདིས་ནི་སྐྱེས་པའོ། །གང་མངོན་པར་འདུས་མ་བྱས་པ་ནི་རྣམ་པར་གྲོལ་བ་སྟེ། དེ་ནི་སྐྱེ་བ་མེད་པ་དང་མི་སྐྱེ་བ་དང་། སྐྱེ་བར་མི་འགྱུར་ཏེ་ཞེས་བྱ་བ་ནས་ཇི་སྲིད་དུ་འདི་གསུངས་སོ། །སྔོན་ཆད་བྱུང་བ་

Vol. 149 · folio 81a

ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བ་རྣམ་པར་གནས་པ་དག་ཏུ་ཡང་འདུས་བྱས་བྱུང་བར་གྱུར་ཏེ། སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེས་ན་མི་འབྱུང་ཞེས་བྱ་བ་ནི་དེའི་འོག་ཏུ་བྲལ་བར་འགྱུར་བ་སྟེ། འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །འདི་ལྟ་

སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མི་འབྱུང་ཞེས་བྱ་བ་ནི་དངོས་པོ་གང་དག་འདུ་འཕྲོད་མེད་པའི་ཕྱིར་སྔོན་གྲུབ་པ་དག་ཕྱིས་མི་སྐྱེ་བར་གྱུར་པ་སྟེ། དཔེར་ན་སངས་རྒྱས་ཉིད་ཀྱིའོ། །འདི་ཉིད་བསྟན་པའི་ཕྱིར། དེ་ནས་འདི་ལྟར་འབྱུང་བར་འགྱུར།

ཞེས་བྱ་བ་སྟེ། དེ་ནས་དེའི་འོག་ཏུ་འབྱུང་བར་འགྱུར་བ་སྟེ་རྗེས་སུ་མཐུན་པ་ཚོགས་པའི་དབང་གིས་ཞེས་བྱ་བ་ནི་འདི་ལྟར་གྱི་སྒྲའོ། །ང་ནིའང་མྱ་ངན་ལས་འདས་པས། །མ་བྱུང་འབྱུང་བར་མི་འགྱུར་ལ། །ད་ལྟར་འབྱུང་བའང་ཡོད་མ་ཡིན། །ཞེས་བྱ་བ་ནི་དུས་གསུམ་

དང་བྲལ་བའི་ཕྱིར་དང་། རྟག་པ་ཡིན་པའི་ཕྱིར་རོ། །ད་ལྟར་ནི་ད་ལྟར་ཏེ་ད་ལྟར་བྱུང་བ་ཉིད་ན་ཡང་མེད་པའི་ཕྱིར་རོ། །གང་དུས་གསུམ་དྲན་པ་མེད་པ་དེ་ཉིད་ནི་སྡུག་བསྔལ་གྱི་མཐར་གྱུར་པའི་བདག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་བལྟ་དཀའ་ཞེས་བྱ་བ་སྨོས་ཏེ།

དེ་ནས་འཕགས་པའི་བདེན་པ་བཞི་བསྟན་པའི་ཕྱིར་འདི་གསུངས་སོ། །མཐོང་བ་ཡིན་པས་བལྟ་བའོ། །འཕགས་པའི་བདེན་པ་འདི་དཀའ་བས་མཐོང་བ་ཡིན་པས་བལྟ་དཀའ་སྟེ། དེ་ཉིད་རྟོགས་པར་དཀའ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་དཀའ་བས་མཐོང་བ་

ཡིན་པས་བལྟ་དཀའ་སྟེ། དབུགས་འབྱུང་རྔུབ་ལ་སོགས་པ་ཆེན་པོའི་རིམ་པས་སྡུག་བསྔལ་གྱི་བདེན་པ་མཐོང་བའོ། །ཀུན་འབྱུང་ལ་སོགས་པ་ཡང་དཀའ་བས་མཐོང་བ་ཡིན་པའི་ཕྱིར་རོ། །འདིས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །མཐའ་མེད་ཅེས་

བྱ་བ་ནི་མེད་པ་ལ་ངེས་པ་སྟེ། འདིར་མཐའི་སྒྲ་ནི་ངེས་པའི་ཚིག་གོ། །ཅི་བདག་འདས་པའི་དུས་ན་ཡོད་པར་གྱུར་ཏམ་ཞེས་ཀུན་དུ་རྨོངས་པའི་ཕྱིར་ཏེ། འདིས་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །ཡང་ན་ཐམས་ཅད་ཀྱང་འདིར་རྒོལ་ཏེ། །ཁ་ཅིག་ནི་འདི་

Vol. 149 · folio 81b

མཐའ་མེད་ཅེས་བྱ་བ་དུ་མར་འདོད་དོ། །གཞན་དག་ནི་དབང་ཕྱུག་དང་ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་རྒྱུར་འདོད་པའོ། །བདེར་མི་མཐོང་ཞེས་བྱ་བ་ནི་བདག་ཉིད་མ་སྦྱངས་པ་རྣམས་ཀྱིས་བདེ་བླག་ཏུ་མི་མཐོང་བའི་ཕྱིར་ཏེ། མིག་ཡོད་བཞིན་དུ་རྨོངས་པས་

བསྒྲིབས་ཏེ་དག་བྱེད་དུ་འདོད་པ་དེ་མ་མཐོང་ངོ་། །འདིས་ནི་འགོག་པའི་བདེན་པ་བསྟན་ཏོ། །བདེན་པ་ནི་འཕགས་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །རབ་རྟོགས་ཞེས་བྱ་བ་ནི་སོ་སོར་རྟོགས་པ་སྟེ་ཟག་པ་མེད་པས་གཏན་ལ་ཕབ་ཅིང་དེས་ངེས་པའོ། །འདིས་

ནི་ལམ་གྱི་བདེན་པ་བསྟན་ཏོ། །དེས་ངེས་པར་བྱས་པའི་ཕྱིར་ཤེས་པའོ། །སྲེད་དང་དགའ་བ་མེད་མཐོང་བ། །ཞེས་བྱ་བ་ནི་ད་ལྟར་བྱུང་བ་དང་འདས་པའི་ཡུལ་གྱི་སྲེད་པ་བསྟན་ཏེ། ཡང་སྲིད་པ་འདོད་པ་ནི་སྲེད་པའི་དགའ་པའོ། །དེ་ཉིད་ནི་བདེན་པས་ཤེས་པ་སྟེ། བསྒོམ་པའི་

ལམ་གྱིས་སོ། །མཐོང་བ་ནི་མཐོང་པའི་ལམ་གྱིས་དགའ་བ་མེད་པར་རོ། །ཤེས་པ་དང་མཐོང་བས་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་ལམ་འདི་གཉིས་གོ་རིམས་བཞིན་དུའོ། །ཡང་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་མོ། །ཡང་ན་བདེན་པའི་སྒྲས་ནི་

བདེན་པ་རྣམ་བཞི་བསྟན་ནོ། །དེ་བལྟ་དཀའ་ནི་ཐོས་པ་ལས་བྱུང་པའི་ཤེས་རབ་ཀྱིས་མི་མཐོང་བའི་ཕྱིར་རོ། །མཐའ་མེད་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །བདེར་མི་མཐོང་ཞེས་བྱ་བ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བས་སོ། །རབ་

རྟོགས་ཞེས་བྱ་བ་ནི་ཟག་པ་མེད་པས་སོ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་བྱ་བ་ནི་ཕུང་པོ་ལྔའི་བདག་ཉིད་ནི་མཐར་འདི་ལྟར་སྡུག་བསྔལ་བ་ཉིད་དོ། །འདི་ལྟ་སྟེ་འཕགས་པའི་བདེན་པ་བཞིའི་དགག་པས་ནི་དུས་གསུམ་དུ་འཁོར་བའི་རྒྱུ་འདོད་

ཆགས་ཟད་པས་དེའི་འོག་ཏུ་འཇིགས་པ་མེད་པའི་གྲོང་ཁྱེར་དུ་འཇུག་སྟེ། ཕ་རོལ་སྡུག་བསྔལ་གྱི་མཐར་གནས་པ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་སྲེད་པ་ཡང་དང་ཡང་དུ་གཞིག་པར་བྱ་བའི་ཕྱིར། སྲེད་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་

Vol. 149 · folio 82a

བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་པར། ཨུ་རུ་བིལ་བ་ན་ལྷ་རབ་ཏུ་མང་པོས་བསྙེན་བཀུར་བྱས་ཤིང་བཞུགས་སོ། །དེ་ནས་ཁ་ཅིག་ནི་འདི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཟེར་རོ། །ཁ་ཅིག་ནི་སངས་མ་རྒྱས་སོ་ཞེས་ཟེར་རོ། །ཁ་ཅིག་ནི་

ཐེ་ཚོམ་དུ་གྱུར་ཏོ། །དེ་ནས་བཅོམ་འདས་ཀྱིས་དེ་དག་གི་སེམས་མཁྱེན་ནས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། སྲེད་པ་རྣམས་ནི་བཅད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངས་སྡུག་བསྔལ་མཐར་བྱས་

ཤིང་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ཏེ། ཤེས་ནས་དད་པ་ཐོབ་པར་སྟོན་ཏོ། །དེ་ལ་འཕགས་པའི་ལམ་གྱིས་ཡང་འཁོར་བ་དོན་དུ་གཉེར་བར་བྱེད་པའི་མ་འོངས་པའི་ཡུལ་གྱི་སྲེད་པ་རྩ་ནས་བཅད་པ་ཡིན་ནོ། །འདོད་ཆགས་རབ་ཏུ་སྤངས་པ་དང་། །ཞེས་བྱ་བ་ནི་ད་ལྟར་བྱུང་

བའི་ཡུལ་ལ་ལྷག་པར་ཞེན་པའོ། །མཚོ་སྐམས་ནས་ཞེས་བྱ་བ་ནི་སྐམས་པ་ཐོབ་པ་སྟེ། འདས་པ་དང་འདས་པའི་ཡུལ་སྲེད་པའི་ཆུ་བོ་སྟེ་ཕལ་ཆེར་རྗེས་སུ་མྱོང་བའི་ཡུལ་ལ་འཇུག་པའི་ཕྱིར་རོ། །མི་འབབ་པ་ཞེས་བྱ་བ་ནི་མི་འབྱུང་བ་སྟེ། རྒྱུད་ལས་བསྩལ་བའི་

ཕྱིར་རོ། །ཡང་ན་སྲེད་པས་ནི་འདོད་པ་ལ་འདོད་ཆགས་པ་བསྟན་ཏེ། སྐོམ་པར་གྱུར་པའི་ཕྱིར་རོ། འདོད་ཆགས་ཀྱིས་ནི་གཟུགས་ན་སྤྱོད་པ་བསྟན་ཏེ། དེའི་བདེ་བ་ལ་ལྷག་པར་ཞེན་བའི་ཕྱིར་རོ། །མཚོས་ནི་གཟུགས་མེད་པའི་འདོད་ཆགས་བསྟན་ཏེ། དེའི་འབྲས་བུ་ཡུན་རིང་

བས་ཆུ་ཀླུང་རིང་པོར་གྱུར་པའི་ཕྱིར་རོ། །དེས་ན་ཡང་ཁམས་གསུམ་གྱི་སྲེད་པ་སྤངས་པར་བསྟན་པ་ཉིད་དོ། །བདེན་པ་མཐོང་བ་ཉིད་ཀྱིས་སྲེད་པ་ཐམས་ཅད་སྤོང་བ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ལུས་ཞིག་ཅེས་བྱ་བ་ལ་སོགས་

པའོ། །བཅོམ་ལྡན་འདས་ཡུལ་ཨ་དུ་མ་ཞེས་བྱ་བ་ན་བཞུགས་ཏེ། དེའི་ཚེ་ཀེ་ནེ་ཡ་ཞེས་བྱ་བའི་དྲང་སྲོང་ཡང་ཡུལ་ཨ་དུ་མ་ན་གནས་བཅས་པར་གྱུར་ཏོ། །དལ་གྱིས་འབབ་པའི་མཚེའུའི་ངོགས་ན་བཅོམ་ལྡན་འདས་གདུགས་ལ་བཞུགས་ཏེ། འདི་སྙམ་དུ་གང་དུ་

Vol. 149 · folio 82b

ངས་འཇིག་རྟེན་སྐྱོང་བ་བཞི་པོ་ལ་ཆོས་བསྟན་པ་དང་། ཚེགས་ཆུང་ངུས་དྲང་སྲོང་ཀེ་ནི་ཡ་དུལ་བར་འགྱུར་རོ་ཞེས་དགོངས་སོ། །ཡང་བཅོམ་ལྡན་འདས་འདི་ལྟར་དགོངས་ཏེ། གང་ཡང་ངས་དལ་གྱིས་འབབ་པའི་མཚེའུའི་ངོགས་སུ་དེ་དག་ལ་ཆོས་བསྟན་ན་དེ་ཡང་དུལ་བར་འགྱུར་

རོ་ཞེས་གསུངས་སོ། །ཇི་ཙམ་ན་འཇིག་རྟེན་པའི་ཐུགས་བསྐྱེད་པས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཤེས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཡུལ་འཁོར་སྲུང་དྲི་ཟའི་འཁོར་དང་བཅས་པ་ནི་ཤར་ཕྱོགས་ན་འཁོད་དོ། །འཕགས་སྐྱེས་

པོ་གྲུལ་བུམ་གྱི་འཁོར་དང་བཅས་པ་ནི་ལྷོ་ཕྱོགས་ན་འཁོད་དོ། །མིག་མི་བཟང་ཀླུའི་འཁོར་དང་བཅས་པ་ནི་ནུབ་ཕྱོགས་ན་འཁོད་དོ། །རྣམ་ཐོས་སྲས་གནོད་སྦྱིན་འཁོར་དང་བཅས་པ་ནི་བྱང་ཕྱོགས་ན་འཁོད་དོ། །དེ་ལས་གཉིས་ནི་འཕགས་པའི་རང་བཞིན་ཅན་ཏེ། ཡུལ་འཁོར་སྲུང་

དང་། འཕགས་སྐྱེས་པོའོ། །གཉིས་ནི་ངན་པའི་རང་བཞིན་ཅན་ཏེ། མིག་མི་བཟང་དང་། རྣམ་ཐོས་སྲས་སོ། །ཇི་སྲིད་ན་ཡུལ་འཁོར་སྲུང་ལ་བཀའ་སྩལ་པ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ལུས་ཞིག་ཚོར་བ་བསིལ་གྱུར་པ། །ཞེས་བྱ་བ་ལ་སོགས་པའོ། །འཕགས་

སྐྱེས་པོའི་དབང་དུ་མཛད་ནས། ལྟ་བས་མཐོང་བར་གྱུར་ཙམ་དང་། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །མིག་མི་བཟང་གི་དབང་དུ་མཛད་ནས། མ་རེ་མི་དགའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་ཐོས་སྲས་ཀྱི་དབང་དུ་མཛད་ནས། འདི་དང་

མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གནས་ཇི་ལྟ་བ་བཞིན་དུ་བརྗོད་དེ་ལུགས་ལས་བཟློག་པ་དང་། ལུགས་སུ་འབྱུང་བ་གཉིས་ཀྱིས་བསྟན་པ་དང་། མཐོང་བ་ཡིན་ཏེ། དེ་ལས་བཟློག་པ་གཙོ་བོར་བསྟན་པས་ནི་ལུགས་ལས་བཟློག་པ་བརྩམས་ཏེ།

ཇི་ལྟར་རྗེས་སུ་མཐུན་པར་འབྲེལ་པ་བཀོད་པས་ནི་འདི་དང་མ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིས་གོ་རིམས་བཞིན་དུ་བདེན་པ་བཞི་བསྟན་ཏོ། །དེ་ལས་སཾ་སྐྲྀ་ཏའི་ཚུལ་གྱིས་ནི་ཨེ་ལས་འདི་ཞེས་བྱ་བ་སྟེ་འགོ་བའི་ནད་ལ་བྱའོ། །དེ་གནོད་སྦྱིན་གྱི་སྐད་དུ་ནི་ཨེ་ནེ་

Vol. 149 · folio 83a

ཞེས་བྱ་བ་སྟེ་འདིའོ། །དེ་མངོན་པར་རྟོགས་པ་ནི་མཐོང་བའོ། །དང་ཞེས་བྱ་བ་ནི་འདི་དེ་ལྟར་ཡོད་དང་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ་ཞེས་དེ་ལྟར་ཏེ། དེ་ལས་སྡུག་བསྔལ་གྱི་བདེན་པ་རྟོགས་པའི་སྔོན་དུ་འགྲོ་བའི་ཕྱིར་རོ། །མ་དང་ཞེས་བྱ་བ་ལ།

མེ་ནེ་ཞེས་བྱ་བ་ནི་མའི་སྒྲ་ལས་སྐྱེད་པར་བྱེད་པའི་མིའི་ལུས་ཡིན་ཏེ། རྒྱུར་གྱུར་པ་ཉིད་སྡུག་བསྔལ་ཀུན་འབྱུང་བ་ཡིན་ནོ་ཞེས་གྲུབ་པའི་མཐའོ། །དེ་ལས་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ། །གདུངས་ཞེས་བྱ་བ་ལ། དབ་ཕའ་ཞེས་བྱ་བ་ལས་གདུང་བ་ཉེ་

བར་ཞི་བ་སྟེ། སྡུག་བསྔལ་ཉེ་བར་ཞི་བ་ཞེས་བྱ་བའི་དོན་ཏོ། །གང་གི་འབྲས་བུ་དང་བཅས་པ་གདུངས་པ་ནི་འགོག་པ་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ། །རབ་གདུངས་ཞེས་བྱ་བ་དབ་ཕའ་ཞེས་བྱ་བ་ལ་གདུང་བ་ཉེ་བར་ཞི་བར་བྱེད་པའི་

ཐབས་ཏེ། རབ་གདུངས་ཞེས་བྱ་བའི་སྒྲས་བརྗོད་དེ། འདི་ནི་འབྲས་བུ་དང་བཅས་པའི་ལམ་ཤེས་པ་ཞེས་བྱ་བའི་དོན་ཏོ། །འདི་འདྲ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་སྡུག་བསྔལ་ཐ་མ་དང་མཐར་ཐུག་པ་ཡིན་ཏེ། སྡུག་བསྔལ་ལ་སོགས་པ་ཤེས་པ་ཐོབ་པའི་ཕྱིར་མྱ་ངན་ལས་འདས་

པའོ། །ཡང་ན་ངན་སོང་གི་སྡུག་བསྔལ་ཡོངས་སུ་ཟད་པ་སྟེ། མཐོང་བའི་ལམ་གྱི་འབྲས་བུ་འདི་ལ་ཡོད་པའི་ཕྱིར་རོ། །ཇི་སྐད་དུ། ཁྱོད་ཀྱི་མཐུས་ནི་ཤིན་ཏུ་མི་བཟད་ལྟུང་འགྱུར་ཏེ། །གང་ཕྱིར་ངན་འགྲོའི་ལམ་ནི་ཉེས་མང་ལྡན་པ་ཡིན། །ཞེས་བཤད་དོ། །ཅིའི་ཕྱིར་གནོད་སྦྱིན་གྱི་སྐད་ཀྱི་

སྐབས་ལ་འཕགས་པའི་སྐད་དུ་གསུངས་ཤེ་ན། བཤད་པ། དེ་ནི་སོ་སོར་ངེས་པར་ཀུན་དུ་དགའ་བར་བྱ་བའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པའི་དབང་དུ་མཛད་ནས་ཐུབ་པ་མཆོག་གིས་གང་གསུངས་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཉིད་ཀྱིས་གང་བསྟན་

པའི་འབྲས་བུ་རྟོགས་པར་བྱ་བའི་དབང་དུ་མཛད་པས་འདི་ལ་འགལ་བ་མེད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །མཐའ་འཁོབ་པའི་སྐད་ཀྱི་དོན་ནི་ལྡོག་པ་གཙོ་བོས་དེའི་འོག་ཏུ་མ་རེ་མི་དགའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་

Vol. 149 · folio 83b

ན་ཚིག་རྐང་བཞི་པོ་དེས་འཕགས་པའི་བདེན་པ་བཞི་བསྟན་ནས་ཡང་དེའི་རྣམ་པར་བསྟན་པའི་ཕྱིར་རོ། །མ་རེ་ཞེས་བྱ་བ་ནི་རེ་བར་བྱ་བ་མ་ཡིན་ནོ། །དེ་ཡང་སྡུག་བསྔལ་གྱི་བདེན་པ་ལ་སྟེ་དུག་གི་ཁ་ཟས་བཞིན་དུ་སྡུག་བསྔལ་དུ་གྱུར་པའི་བདག་ཉིད་ཀྱི་དངོས་པོ་ལ་སྲེད་པ་

བསྐྱེད་པར་མི་བྱའོ། །མི་དགའ་ཞེས་བྱ་བ་ནི་འདིར་གང་གིས་ཀུན་འབྱུང་གི་བདེན་པ་ལ་དགའ་བར་མི་བྱའོ། །དེ་ཡང་འདིར་བདེན་པ་མངོན་པར་རྟོགས་པ་སྟེ། བདེ་འགྲོ་འདྲེན་པའོ། །རབ་ཞི་དང་ཞེས་བྱ་བ་ནི་འདུས་བྱས་ཉེ་བར་ཞི་བ་འགོག་པ་མངོན་སུམ་དུ་བྱས་པ་སྟེ། འདི་

ལ་སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་རོ། །ཀུན་དུ་འདོད་ཆགས་བྲལ་གྱུར་པ། །ཞེས་བྱ་བ་ནི་འཁོར་བའི་དངོས་པོ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་བསྐྱེད་པ་སྟེ། ལམ་བསྒོམ་པར་བྱ་བའོ། །ཡང་ན་མ་རེ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་ཁམས་ནི་གནོད་པ་

བཅས་པའི་ཕྱིར་རོ། །མི་དགའ་བ་ནི་མཉམ་པར་བཞག་པ་གཉིས་ཏེ། འདོད་ཆགས་དང་བྲལ་བའི་ས་ཡིན་པའི་ཕྱིར་རོ། །རབ་ཞི་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་མཐུས་འདོད་ཆགས་ལ་སོགས་པ་སྤངས་པའོ། །ཀུན་དུ་འདོད་ཆགས་བྲལ་གྱུར་པ། །ཞེས་

བྱ་བ་ནི་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་སྟེ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཀུན་ནས་གྲོལ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་མ་རེ་ཞེས་བྱ་བ་ཁམས་གསུམ་ལའོ། །དགའ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་རྟོགས་པ་དེའི་

ཆོས་ནི་ལེགས་པར་གསུངས་པ། དགེ་འདུན་ནི་ལེགས་པར་ཞུགས་པ། སྡུག་བསྔལ་རིག་པར་བྱེད་པ་དང་ལམ་རིག་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །རབ་ཞི་ནི་འདོད་ཆགས་སྐྱེས་པ་རྣམས་ཞི་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །གང་

ཡང་བསྟན་པ་དེ་ཐབས་གང་གིས་བྱེད་པར་ནུས་ཤེ་ན། སྨྲས་པ། ཀུན་དུ་རྟོག་པ་ཤས་ཆེ་ཆུང་གི་བྱེ་བྲག་གིས་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར། ལྟ་བས་མཐོང་བར་གྱུར་ཙམ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕགས་སྐྱེས་པོ་འཁོར་དང་བཅས་པ་ཡུལ་

Vol. 149 · folio 84a

དག་ལ་ལྷག་པར་ཆགས་པར་གྱུར་ཏེ། དེ་ལས་སྐྱོ་བར་བྱ་བའི་ཕྱིར་དང་། ཕྱིན་ཅི་ལོག་དགག་པའི་ཐབས་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ། །མིག་གིས་དམིགས་པ་ནི་མཐོང་བའོ། །ལྟ་བ་ནི་དེ་ལས་གཟུགས་མཐོང་བ་ཙམ་དང་ལྟ་བ་ཙམ་ཉི་ཚེ་ཡིད་ལ་

བྱའི། གཞན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་རྗེས་སུ་འབྲང་བར་མི་བྱ་སྟེ། རྗེས་སུ་ཆགས་པ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཉན་པས་ཐོས་པར་གྱུར་པ་ཙམ། །ཞེས་བྱ་བ་ནི་རྣ་བའི་དབང་པོས་དམིགས་པ་ནི་ཐོས་པའོ། །དེ་ལ་ཐོས་པ་ཉི་ཚེ་ཙམ་བྱ་བ་

སྟེ། ཐོས་པ་ཙམ་ཡིད་ལ་བྱའི་གཞན་ནི་མ་ཡིན་ནོ། །རྣ་བ་དང་ལྕེ་དང་ལུས་ཀྱི་དབང་པོས་རྟོགས་པ་ནི་རྟོགས་པར་བྱེད་པ་སྟེ། ལོང་བ་བཞིན་དུ་འཐོབ་པ་འཛིན་པར་བྱེད་པའི་ཕྱིར་རོ། །དེ་ལ་རྟོགས་པར་བྱེད་པས་རྟོགས་པ་ཙམ་ཉིད་ཅེས་བརྗོད་བར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་

བཅད་པ་ནི་རྣམ་པར་ཤེས་པ་སྟེ། ཇི་སྐད་དུ། མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། །གསུམ་གྱིས་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང་། །རྟོགས་པ་ཡིན་ཏེ་གོ་རིམས་བཞིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུ་ལ་མ་གུས་པའི་སྦྱོར་བས་ནི་ཉོན་

མོངས་པ་ཐམས་ཅད་ཟད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་འདིས་བདེན་པ་བཞི་བསྟན་ཏོ་ཞེས་ཟེར་ཏེ། སྡུག་བསྔལ་ནི་མངོན་སུམ་བཞིན་དུ་མཐོང་བར་བྱ་བ་ཉིད་ཀྱིས་སོ། །ཀུན་

འབྱུང་ནི་ཕལ་ཆེར་ཐོས་པས་རྟོགས་པ་ཡིན་པའི་ཕྱིར་རོ། །རྟོགས་པས་ཡོངས་སུ་དཔྱོད་པའི་ཕྱིར་དང་། རྟོགས་པའི་འབྲས་བུ་ཡིན་པའི་ཕྱིར་རྟོགས་པ་ནི་ཐར་པའོ། །ཁྱད་པར་གྱི་ཤེས་པས་འཐོབ་པ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ནི་ལམ་སྟེ། དེ་མངོན་པར་རྟོགས་པ་

དང་བསྒོམས་པས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །སྐྱེ་མཆེད་ཡོངས་སུ་བརྟག་པའི་སྒོ་ནས་ཚོགས་ཀྱི་ལམ་བསྟན་ནས། ཕུང་པོ་ཡོངས་སུ་བརྟག་པའི་སྒོ་ནས་བསྟན་པའི་ཕྱིར། ལུས་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་འཁོར་སྲུང་འཁོར་

Vol. 149 · folio 84b

དང་བཅས་པ་བདག་ལ་ལྷག་པར་ཆགས་པ་དེ་ལས་འདུན་པ་བཟློག་པའི་ཕྱིར་འདི་གསུངས་སོ། །ལུས་ཞིག་ཅེས་བྱ་བ་ནི་གནད་ཞིག་ཅིང་ཉམས་པ་སྟེ། ལུས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཚོར་བ་བསིལ་བར་གྱུར་ཅེས་བྱ་བ་ནི་བེམས་པོར་གྱུར་པ་སྟེ། ཤི་བའི་ལུས་ལ་

ནི་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །འདུ་ཤེས་འགགས་ཞེས་བྱ་བ་ནི་འདུས་ཤེས་དང་བྲལ་བ་སྟེ། དེ་ལ་མཚན་མར་འཛིན་པ་མེད་པའི་ཕྱིར་རོ། །འདུ་བྱེད་ཞི་ཞེས་བྱ་བ་ནི་སེམས་པ་ལ་སོགས་པ་མཚུངས་པར་ལྡན་པ་དང་། མི་ལྡན་པ་མེད་ཅིང་ཟད་པ་སྟེ་དེར་དེ་དག་

སྡུག་པ་དང་བྲལ་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་བྱ་བ་ནི་སྣང་བ་མེད་པར་གྱུར་པའོ། །འདི་དག་ཤེས་ཤིང་འབྲལ་བ་དང་བཅས་པར་གྱུར་ན་ནི་སྡུག་བསྔལ་ལས་ལྡོག་ཅིང་ཉིང་མཚམས་སྦྱོར་བ་མེད་པ་ཉིད་དུ་བསྟན་པའི་ཕྱིར། འདི་འདྲ་འདི་ནི་ཞེས་བྱ་བ་ལ་

སོགས་པ་ཡིན་ཏེ། འདིས་ཀྱང་འཕགས་པའི་བདེན་པ་བཞི་བསྟན་ཏེ། སྔ་མའི་ཕུང་པོ་ལྔས་ནི་སྡུག་བསྔལ་དང་ཀུན་འབྱུང་འདིའི་ཚུལ་ཡིན་པའི་ཕྱིར་འདི་གཉིས་སོ། །འདི་སྡུག་བསྔལ་མཐར་བྱེད་པ་ཡིན་པས་ལམ་མོ། །ཡང་ན་མཐར་བྱེད་པ་ནི་མཐར་གནས་པ་སྟེ་འགོག་

པས་བྱས་པའོ། །གང་གི་རིམ་པས་མྱ་ངན་ལས་འདས་པ་དེ་འཐོབ་པ་ཡིན་པའམ། །ཇི་ལྟ་བུ་ཞེས་བྱ་བ་དེའི་འོག་ཏུ་བརྗོད་པར་བྱའོ། །དེ་ལ་འདིར་འཇུག་པ་སྔོན་དུ་འགྲོ་བས་ལྡོག་པ་ཡིན་ཏེ། དེ་ལ་འཇུག་པའི་རིམ་པ་དང་པོ་བསྟན་པའི་དབང་དུ་བྱས་ནས་བསྟན་པ་ནི་ཨུཏ་

ཀ་ཊརྒ་ཞེས་བྱ་བའི་བྲམ་ཟེའི་རིག་བྱེད་གསུམ་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་མེ་དང་འདྲ་བས་གྲུབ་པའི་མཐའ་ཐམས་ཅད་མཐོང་བ་དེ་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་གསོལ་པ། ཀྱེ་དགེ་སྦྱོང་གཽ་ཏ་མ་གཞན་མུ་སྟེགས་ཅན་ཁ་ཅིག་ནི་འདི་སྐད་དུ་སྨྲ་སྟེ། འཇིག་

རྟེན་པ་ནི་ཐེར་ཟུག་པ་སྟེ། དེ་ལྟར་ཐར་པ་མེད་དོ་ཞེས་སོ། །གཞན་དག་ནི་ཕ་རོལ་དུ་འཆི་བར་མི་འགྱུར་ཏེ། དེ་ལྟར་རིག་བྱེད་ཀྱི་སྦྱོར་བས་འཁོར་བར་མི་འགྱུར་རོ་ཞེས་བརྗོད་ན། འདི་ལ་གཽ་ཏ་མ་ཁྱོད་ཇི་སྐད་དུ་གསུངས་ཞེས་གསོལ་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་

Vol. 149 · folio 85a

འཇུག་པའི་རིམ་པ་འདི་སྐད་དུ་གསུངས་སོ། །འདི་ཡོངས་སུ་འཛིན་པར་བྱེད་པ་ཡིན་པས་བརྟེན་པའོ། །ཡོད་པས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་སོ། །རྟེན་ནི་མ་རིག་པ་སྟེ་སྲིད་པའི་རྩ་བ་ནི་མ་རིག་པ་ཡིན་པའི་ཕྱིར་རོ། །སྲིད་པ་འབྱུང་བ་ནི་གཉིས་ལ་

བརྟེན་པ་ཡིན་ཏེ། ལྟ་བ་དང་སྲེད་པ་སྟེ་ཇི་སྲིད་དུ་གང་ན་བདག་ཏུ་ལྟ་བ་དེ་ནི་བདག་ཏུ་སྲེད་པ་ཡང་ཡོད་དོ། །གང་ན་བདག་ཏུ་ལྟ་བ་དང་སྲེད་པ་གཉིས་ཡོངས་སུ་བཟུང་བ་དེར་ནི་གཞན་ཕྲ་རྒྱས་ཀྱི་བག་ཆགས་ཀྱང་སོགས་པ་ཡིན་ཏེ། དབང་པོའི་རས་རློན་པ་ལ་ནི་རྡུལ་ཀུན་དུ་གནས་པ་

ཡིན་ནོ། །དེ་ལྟར་ཡོད་ན་ནི་གང་འབྱུང་བ་དེ་ཉིད་བསྟན་པའི་ཕྱིར་སྤྱོད་པར་འགྱུར་ཞེས་བྱ་བ་ཡིན་ཏེ། རྣམ་པ་སྣ་ཚོགས་པའི་སྲེད་པ་གཡོ་བ་སྐྱེ་བར་འགྱུར་ཏེ། །བདག་ནི་དབང་པོ་སྟེ་ལྷའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་བཤད་པ་སྔ་མ་ལ་ཡང་དེ་ལས་གཞན་པའི་ཉོན་

མོངས་པ་དང་། ཉེ་བའི་ཉོན་མོངས་པ་འབྱུང་བ་ཡིན་ཏེ། སྤྲེའུ་བཞིན་དུ་མི་གནས་ཞིང་མངོན་པར་འགྱུར་བ་ཡིན་ནོ། །ཇི་སྐད་དུ་གཞན་དག་ཏུ་ནི་གཡོ་ཞིང་འཇུག་པའོ། །གཞན་དག་ཏུ་ནི་གཡོ་ཞིང་འཁོར་བ་ལྡོག་པའོ། །སྤྱོད་པ་ཡོད་པས་གཞོལ་བར་འགྱུར། །ཞེས་

བྱ་བ་ནི་འདིས་འདྲེན་པར་བྱེད་པ་ཡིན་པས་གཞོལ་བའོ། །ལས་ཀྱི་སྲིད་པས་འཕངས་ཤིང་ཡོངས་སུ་རྫོགས་པར་བྱས་ལ། ལས་ཡོངས་སུ་བསྩགས་པའི་རྒྱུས་ཡང་སྲིད་པར་གཞོལ་བའི་ཕྱིར་རོ། །གཞོལ་བ་ཡོད་པས་ཤིན་ཏུ་མ་སྦྱངས་པར་འགྱུར་རོ་ཞེས་བྱ་བ་ནི་

ལས་ཀྱི་སྲིན་པོས་སེམས་ཅན་གྱི་ཡིད་དཀྲུགས་པའམ། ལས་ཀྱི་ཞགས་པས་བཅིངས་ཤིང་དྲངས་པར་གྱུར་ན་ཐར་པ་ག་ལ་ཡོད་པའོ། །ཡང་ན་དེའི་ཚེ་སེམས་ལས་སུ་མི་རུང་བའི་ཚུལ་གྱིས་ཤིན་ཏུ་མ་སྦྱངས་ན་འཁོར་བར་འབབ་པའི་ཕྱིར་ཏེ། འདིས་ནི་འདིར་སྐྱེ་བའི་རྒྱུ་སྐྱེ་བ་

གཞན་དག་ཏུ་ཡོངས་སུ་འཛིན་པར་འོས་པར་འགྱུར་རོ་ཞེས་བསྟན་ཏོ། །ཤིན་ཏུ་མ་སྦྱངས་པ་ཡོད་པས་འགྲོ་བ་དང་འོང་བར་འགྱུར་རོ་ཞེས་བྱ་བ་ལ་ཚུར་འོང་བ་ནི་འོང་བའོ། །ཕར་འགྲོ་བ་ནི་འགྲོ་བའོ། །འགྲོ་བ་དང་འོང་བ་ཡོད་པས་གཞན་དུ་ཤི་འཕོ་ལེན་པར་

Vol. 149 · folio 85b

འགྱུར་རོ་ཞེས་བྱ་བ་ནི། སྐྱེ་བ་གཞན་དག་ཏུ་ཉམས་ཤིང་ཤི་འཕོས་པ་སྟེ། དེའི་མཐའ་ནི་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། དེ་ཡང་སྐྱེ་ཞིང་འཇིག་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རིམ་པ་བསྟན་ཏོ། །བར་མ་དོའི་སྲིད་པའི་རིམ་པས་སྐྱེ་བ་

སྔོན་དུ་འགྲོ་བས་འཐོབ་པར་བསྟན་པའི་ཕྱིར་གཞན་དུ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ཕ་རོལ་གྱི་སྐྱེ་བ་སྟེ་ཉིང་མཚམས་སྦྱོར་བའོ། །མངལ་ནས་བྱུང་བ་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པའི་སྐྱེ་བའོ། །རྒ་བ་ནི་རྣམ་པར་འགྱུར་བའི་དངོས་པོའོ། །ན་བ་ནི་རིམས་ལ་སོགས་པའོ། །

འཆི་བ་ནི་ཚེ་དང་དྲོད་དང་རྣམ་པར་ཤེས་པ་འགག་པའི་མཚན་ཉིད་དེ་རིས་མཐུན་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་མས་སྤྱོད་པར་བསྟན་པའི་ཕྱིར་རོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་བྱུང་བའི་ཡང་དག་པར་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་གདུང་བ་དང་

ལྡན་པའི་ཚིག་བརྗོད་པའོ། །སྡུག་བསྔལ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ཚོར་བའོ། །ཡིད་མི་བདེ་བ་ནི་ཡིད་ཀྱི་གདུང་བའོ། །འཁྲུག་པ་ཞེས་བྱ་བ་ནི་གྲང་བ་དང་ཚ་བ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་ལ་སོགས་པས་ཟིལ་གྱིས་མནན་ཅིང་

གནོད་པའོ། །སྐྱེ་བ་དང་རྒ་བ་ལ་སོགས་པ་ནི་ཟླས་དབྱེ་བའི་བསྡུ་བའོ། །འབྱུང་བ་ནི་ཡང་དག་པར་སྐྱེ་བའོ། །དེས་ན་ཡང་འདི་ལྟར་རྣམ་པ་འདིས་དབང་ཕྱུག་ལ་སོགས་པས་བསྐྱེད་པའམ། རྒྱུ་མེད་པ་ནི་མ་ཡིན་ནོ། །འདིས་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོའོ། །འབའ་

ཞིག་ཅེས་བྱ་བ་ནི་གཅིག་ཏུ་བདག་མེད་པའི་ཕྱིར་རམ་ཐམས་ཅད་དོ། །ཆེན་པོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་ཕྱིར་དང་དཔག་ཏུ་མེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་དང་། སྡུག་བསྔལ་གྱི་འདུས་པ་འཁོར་བ་ཞེས་བྱ་བའི་དོན་ཏོ། །

འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་འགྲུབ་པའོ། །ལྡོག་པའི་དབང་དུ་བྱས་ནས་བསྟན་པའི་ཕྱིར་སྨྲས་པ། བརྟེན་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །འགག་ཅིང་བྲལ་བ་མེད་པར་གྱུར་པ་སྟེ། སྡུག་བསྔལ་ལྡོག་པའི་མཚན་ཉིད་མྱ་ངན་ལས་འདས་པའོ། །ལྷག་

Vol. 149 · folio 86a

མའི་དོན་ནི་སྔར་བཤད་ཟིན་ཏོ། །འཇུག་པ་དང་ལྡོག་པའི་མཚན་ཉིད་གཞན་བསྟན་པའི་ཕྱིར་སྨྲས་པ། དགེ་སློང་དག་ཅེས་བྱ་བ་ལ་སོགས་པའོ། །དགེ་སློང་རབ་ཏུ་མང་པོ་བསྟི་གནས་ཀྱི་ཁང་པ་དག་ཏུ་འདུས་ཤིང་འཁོད་ལ། གང་ཕལ་ཆེར་

མྱ་ངན་ལས་འདས་པ་དང་འབྲེལ་པའི་ཆོས་གཏན་ལ་འབེབས་པར་བྱེད་དེ། དེ་ཡང་མྱ་ངན་ལས་འདས་པ་འདོད་ཀྱང་ཐེ་ཚོམ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་གསན་ནས་དེའི་དབང་དུ་མཛད་དེ་འདི་གསུངས་སོ། །ཡོད་དོ་ཞེས་བྱ་བ་ནི་རྫས་ཀྱི་

དངོས་པོར་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་དག་ཅེས་བྱ་བ་ནི་གཡེང་བ་རྣམ་པར་སྤང་བའི་ཕྱིར་བོད་པ་སྟེ། གཞན་དུ་ན་ཤིན་ཏུ་ཕྲ་བའི་དོན་ཏེ་རྟོགས་པར་མི་ནུས་པའི་ཕྱིར་རོ། །གང་ཡིན་ཞེ་ན། མ་སྐྱེས་པ་དང་ཞེས་བྱ་བའི་མིང་ཅན་དེའི་འདུས་བྱས་དང་བྲལ་

པའི་ཕྱིར་རོ། །མ་བྱུང་བ་དང་ཞེས་བྱ་བ་ནི་གནས་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །མ་བཅོས་པ་ཞེས་བྱ་བ་ནི་བྱས་པ་མེད་པའི་ཕྱིར་རོ། །འདུས་མ་བྱས་ཞེས་བྱ་བ་ནི་སེམས་པ་མེད་པའི་ཕྱིར་རོ། །མི་འབྱུང་བ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་མཚན་མ་དང་

རྒྱུ་མེད་པའི་ཕྱིར་རོ། །རྣམ་པར་འགྱུར་བར་བྱེད་པ་ལྔ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ། ཡང་ན་ཕྱི་རོལ་གྱི་སེམས་པ་མེད་པ་དེ་དག་འདི་ལྟར་བསྟན་ཏོ། །ཡང་ན་རྒོལ་བ་རྣམ་པ་ལྔ་དང་། སྔོན་མ་བྱུང་བའི་མྱ་ངན་ལས་འདས་པ་སྔོན་མ་བྱུང་བ་ཞེས་པ་སྟེ།

ཇི་སྐད་དུ། སྐྱེད་བྱེད་རབ་སད་འཇིག་དང་ཞུམ་པ་དང་། །ཡང་ཡང་སྐྱོ་བས་ཉེར་འགྲོ་ཚངས་པ་སྟེ། དེས་ན་ཐར་པའི་གྲོང་ཁྱེར་སྟོན་བྱེད་པ། །སྐྱེད་པ་འཇིག་པས་རྣམ་འཇིག་རབ་ཏུ་གྲོལ། །ཞེས་སོ། །གང་འདིས་ནི་ཐར་པའི་ཆ་ཡོངས་སུ་འཛིན་པ་ཡིན་ཏེ། ལམ་

བསྒོམ་པ་ལ་སོགས་པའི་མཐུ་སྟེ་ས་བོན་གྱི་མཐུས་མྱུ་གུ་བཞིན་དུ་དེ་བསྩལ་བ་ཡིན་ཏེ། ཚིག་ལྔ་པོ་འདི་དག་གོ་རིམས་བཞིན་རྟོགས་པར་བྱའོ། ཡང་ན་འོག་མའི་ཆ་དང་མཐུན་པ་ལྔ་དང་། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་དང་བྲལ་བར་བྱ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words