ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ

Sanskrit title (Tibetan script, as in the text) ཨུ་དཱ་ན་བརྒ་བི་བ་ར་ཎ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 149 · folio 144b

སྐབས་ཡིན་ནོ་ཞེས་བྱ་བ་བསྟན་ཏེ། བློ་ཕྱིན་ཅི་ལོག་པས་བདེ་བ་འདོད་པ་ལ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པའོ། །དེ་ནི་སྡུག་བསྔལ་ལས་མི་འགྲོལ། །ཞེས་བྱ་བ་སྡུག་བསྔལ་ནི་ལུས་དང་སེམས་ཀྱི་སྟེ། སྡུག་བསྔལ་གྱི་ཡོངས་སུ་སྤྱོད་པ་དང་འཁོར་བ་ལས་ངེས་པར་མི་འབྱུང་

བའོ། །ཚིགས་བཅད་སྔ་མ་དེ་ཉིད་དབྱེ་བ་བསྟན་པ། བདེ་བ་འདོད་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པ་དང་། དེའི་ཚེ་མཉན་ཡོད་དང་རྒྱལ་བྱེད་ཀྱི་ཚལ་གྱི་བར་ན་བ་ལང་གི་ཁྱུ་གནས་ཏེ། བ་ལང་རྫི་

གཅེར་བུ་ཉམ་ཆུང་ཞིང་རྐེ་བ་ཞིག་ཁྱིམ་བདག་དང་ཞིང་པ་དག་གིས་བདག་ལ་གནོད་པ་བྱེད་ན་མི་རུང་ངོ་ཞེས་ནས། ནས་ཀྱི་ཞིང་ལ་ཞུགས་པའི་བ་ལང་དག་ཁྲོས་ཏེ། དབྱུག་པ་རིང་པོས་ལན་དུ་མར་བརྒྱབ་པ་དང་། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་

གསུངས་སོ། །བདེ་བ་འདོད་པ་ཡིན་པས་བདེ་བ་འདོད་པ་སྟེ། བདེ་བ་ལ་འཆུམས་པའི་ཕྱིར་རོ། །འབྱུང་པོ་ནི་སྲོག་ཆགས་སོ། །གང་ཞིག་ཅེས་བྱ་བ་ནི་གཏུམ་པའི་སེམས་ཅན་ནོ། ཆད་པས་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པས་གནོད་པ་བྱེད་པས་སོ། །འཚེ་ཞིང་

ཞེས་བྱ་བ་ནི་རྡེག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། བདག་གི་བདེ་བ་འདོད་པའི་ཕྱིར། །ཞེས་བྱ་བ་ནི་བདག་དང་འབྲེལ་པའི་བདེ་བ་མྱོང་བར་འདོད་པའི་ཕྱིར་ཏེ། བྱིས་པ་ནི་གཞན་གྱི་སྡུག་བསྔལ་གྱིས་བདག་གི་བདེ་བ་འདོད་པར་བྱེད་དོ། །དེ་ལས་བཟློག་པ་ནི་དམ་པ་སྟེ། ཇི་

སྐད་དུ། བུ་རམ་ཤིང་བཞིན་གཞན་བཙིར་ཏེ། །བདག་གི་བདེ་བ་འདོད་པར་བྱེད། །རྩོད་པའི་དུས་སུ་ཁྱད་པར་དུ། །རང་བཞིན་མེ་ལྟར་བསྲེག་པའོ། །སྡུག་བསྔལ་བ་ནི་སྙིང་རྗེ་ཡིས། །བདེ་བ་མ་བསྐྱེད་གང་གིས་འགྱུར། །སྙིང་རྗེ་ཅན་རྣམས་གཞན་གྱིས་ནི། །བདེ་བ་

སྐྱེད་དེ་དེས་བདེ་བྱེད། །ཅེས་སོ། །དེ་ཡང་འདི་ལྟར་ཕྱིན་ཅི་ལོག་པས་འཇུག་པ་ནི་བྱིས་པ་ཏེ། འདི་འམ་ཕ་རོལ་དུ་བདེ་བ་འཐོབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕ་རོལ་དུ་ནི་བདེ་མི་འཐོབ། །ཅེས་བྱ་བའོ། །གཉིས་པས་ནི་དཀར་པོའི་ཕྱོགས་བསྟན་ཏེ། རྟོགས་པར་

Vol. 149 · folio 145a

བླའོ། བདེ་བ་དང་སྡུག་བསྔལ་གཉིས་ཀྱི་རྒྱུ་ནི་དོན་དམ་པར་ཆོས་དང་ཆོས་མ་ཡིན་པ་ཉིད་ཡིན་གྱི། གཞན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆོས་སྤྱོད་ལེགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་འཚོ་བྱེད་གཞོན་ནུས་བསྐྱེད་

ཀྱི་བུ་གཉིས་རབ་ཏུ་བྱུང་སྟེ། གཅིག་ནི་དགྲ་བཅོམ་པར་གྱུར་ཏེ། གཉིས་པ་ནི་ཚུལ་ཉམས་ཏེ། དེས་བཅོམ་ལྡན་འདས་ལ་གསོལ་བ། བདག་རབ་ཏུ་བྱུང་བས་གནས་ཏེ། དེ་ཡང་བཅོམ་ལྡན་འདས་འདི་ཉིད་ན་བཞུགས་བཞིན་དུ་བདག་འདོད་པ་ལ་ལོངས་མི་སྤྱོད་

ཅིང་སྡིག་པ་མི་བགྱིད་དེ། བདག་འདི་ཉིད་ཀྱིས་དམྱལ་བར་འགྲོ་བར་མི་འགྱུར་རོ་ཞེས་པ་ནས་མཐོ་རིས་སུ་སྐྱེས་ཏེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་ལྔ་གསུངས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་གཙུག་ན་ནོར་བུ་ཞེས་བྱ་བའི་མཐུས་དེས་གཞུང་ཚོགས་ཀྱི་ནང་དུ་སེང་

གེའི་ཁྲི་ལ་འཛེགས་ནས་ཆོས་འདི་བསྟན་ཏོ་ཞེས་སོ། །ཆོས་སྤྱོད་ཅེས་བྱ་བ་ནི་སྙིང་རྗེ་བསྟེན་པ་སྟེ། གཞན་གྱི་སྡུག་བསྔལ་བསལ་བ་དང་བདེ་བ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཞེས་བྱ་བ་ནི་ངེས་པའི་ཚིག་ནི་ཆེན་པོ་འཛིན་པར་བྱེད་པའོ། །འཚེ་བ་ལ་སོགས་པ་ཡང་

ཁ་ཅིག་ཆོས་སུ་འདོད་དེ། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། ལེགས་པར་སྤྱད་བྱ་ཞིང་ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་གྱི་བདེ་བའི་འབྲས་བུ་སྤྱོད་པ་ལ་འབད་པ་ནི་བདེ་བའི་ཆོས་སོ། །དེའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་དང་། སྲོག་སྦྱིན་པ་ལ་སོགས་

པ་ལ་འཇུག་པ་ནི་ལེགས་པར་སྤྱོད་པའོ། །ཞེས་ཐུབ་པ་རྣམས་ཀྱིས་བསྟན་ཏོ། །ཡང་ཆོས་སྤྱོད་པ་ཞེས་བྱ་བ་ནི་བྱ་བ་རྣམས་བྱེད་པའོ། །དེ་མི་སྤྱོད་ཅེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་སྟེ། འཇིག་རྟེན་པའི་རིག་བྱེད་ཀྱི་འགྲོ་བ་ལ་རྣམ་པར་འཚེ་བ་ལ་སོགས་

པས་དེ་སྤྱད་པར་མི་བྱའོ། །ཇི་ལྟ་བུ་ཞེ་ན། ཉེས་པར་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། བདག་དང་གཞན་ལ་སྡུག་བསྔལ་གྱི་འབྲས་བུའི་སྤྱོད་པ་ལ་འབད་པ་གང་ཡིན་པ་དེ་ཆོས་ལ་ཆོས་ཀྱི་འདུ་ཤེས་དེ་ལ་སྔ་མ་ལས་བཟློག་སྟེ་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཆོས་སྤྱད་

Vol. 149 · folio 145b

པས་ནི་བདེ་བ་འཐོབ། །ཅེས་བྱ་བ་སྟེ། གང་ལེགས་པར་སྤྱོད་པའི་ཚུལ་ཆོས་སྤྱོད་པ་དེ་ནི་བདེ་བ་ལ་གནས་པ་ཡིན་ཏེ། འདིར་ནི་གྲགས་པ་ལ་སོགས་པས་སོ། །ཕ་རོལ་དུ་མངོན་པར་འདོད་པའི་འབྲས་བུ་འཐོབ་པོ། །ཉེས་པར་སྤྱོད་པས་བདེ་མི་འཐོབ། །ཅེས་

བྱ་བ་ནི་བཟློག་སྟེ་ཚིག་གིས་ཁ་བསྐང་བར་བྱའོ། །ཆོས་སྤྱད་པས་ནི་བདེ་བ་འཐོབ། །ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། ཆོས་སྤྱོད་ཆོས་ཀྱིས་ཞེས་བྱ་བ་སྨོས་ཏེ། སྙིང་རྗེའི་རྩ་བ་ལེགས་པར་སྤྱོད་པའི་བདག་ཉིད་ཆོས་ཡིན་ཏེ། ཀྱིས་ཞེས་བྱ་བ་ནི་ཉིད་ཀྱི་དོན་ཏོ། །གང་གི་

ཕྱིར་ཆོས་ཉིད་སྤྱོད་པའི་གང་ཟག་སྲུང་བར་འཁྲུལ་པ་མེད་དེ། གཞན་ལུས་ལ་སོགས་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། ཇི་སྐད་དུ། མྱོས་པའི་གླང་ཆེན་གངས་རི་ལྟ་བུ་གཡོ་ཞིང་འགྲམ་པ་རྔུལ་གྱིས་གཤེར་བ་དང་། །བྲན་གཡོག་ཀྱང་ནི་སྙིང་ཉེ་གོ་བགོས་མདུང་དང་མདུང་ཐུང་རལ་

གྲི་མཚོན་ཐོགས་པས། །མི་རྣམས་ཀྱིས་ནི་གཡུལ་ངོར་འཇུག་པ་དགའ་བས་དེ་ཡིས་བསྲུང་བར་མི་ནུས་ཏེ། །རང་གི་བསོད་ནམས་བསགས་པ་གང་གིས་གཡུལ་དང་གཡུལ་མིན་དག་ཏུ་སྲུང་བར་བྱེད། །ཅེས་སོ། །ཐོབ་པའི་ལོངས་སྤྱོད་དང་བཅས་པའི་བདེ་བ་ནི་ཆོས་

ཀྱི་མཐུས་ཡོངས་སུ་ཉམས་པ་མེད་པ་འདི་དང་གཞན་དུ་འདིས་བསྟན་ནས་འདིའི་མ་ཐོབ་པའི་ཕྱིར་བསྟན་པ། ཆོས་ལ་ལེགས་སྤྱོད་ཅེས་བྱ་བ་སྨོས་ཏེ། ཚུལ་བཞིན་དུ་བསྐྱེད་པ་ནི་ལེགས་པར་སྤྱོད་པ་སྟེ། དད་པ་དང་གུས་པ་ཐོག་མར་འགྲོ་བས་དུས་སུ་ཉེ་བར་སྤྱོད་པ་སྐལ་

བ་དང་ལྡན་པའི་སྦྱིན་པ་རྒྱ་ཆེན་པོ་དང་། ཚུལ་ཁྲིམས་དང་ལྡན་པའི་སྐྱེ་བོ་དམ་པ་དང་འགྲོགས་པ་ནི་དེས་པ་ཡིན་ནོ་ཞེས་སོ། །བདེ་སྐྱེད་པ་ཞེས་བྱ་བ་ནི་འདྲེན་དང་གྲུབ་པར་བྱེད་པའོ། །ཕན་ཡོན་དེའོ་ཞེས་བྱ་བ་ནི་ཕན་འདོགས་པ་ནི་སྔར་བསྟན་པའི་ཆོས་ལ་ལེགས་པར་སྤྱོད་པ་བྱས་

ན་འགྱུར་རོ། །གཞན་ཡང་། ཆོས་སྤྱོད་ངན་འགྲོར་མི་འགྲོ་སྟེ། །ཞེས་བྱ་བ་སྨོས་ཏེ། དེས་ངན་སོང་གི་སྒོ་བཀག་པའི་ཕྱིར་རོ། །འདིས་ནི་ཕ་རོལ་གྱི་ཕན་ཡོན་བསྟན་ཏོ། །སྔ་མ་དེས་གང་བསྟན་ཞེ་ན། འདི་ཉིད་ཀྱི་དོན་དཔེ་དང་བཅས་པ་རྣམ་པར་སྤྲོས་ཏེ་བསྟན་པའི་དབང་དུ་

Vol. 149 · folio 146a

བྱས་ནས། ཡངས་པའི་གདུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱིས་ཇི་ལྟར་བསྲུངས་ཤེ་ན། གདུགས་ཀྱིས་ལྟར་ཞེས་བྱ་བ་སྟེ། དཔེར་ན་ཡངས་ཤིང་ཆེ་ལ་སྟུག་པའི་གདུགས་ཀྱིས་ནི་དབྱར་གྱི་དུས་སུ་གང་ཟག་དེ་ཉིད་ལ་ཆར་གྱིས་

བྱས་པའི་གནོད་པ་དེ་ལས་ཟློག་པར་བྱེད་ཅིང་སྲུང་བར་བྱེད་དོ། །དེ་བཞིན་དུ་བསོད་ནམས་ཉེ་བར་བསགས་པ་འདི་ཡང་གནོད་པ་དུ་མ་དག་ལས་ཏེ་ཆོས་སྤྱོད་པའོ། །དབྱར་ཀ་ཞེས་བྱ་བ་ནི་ཆར་འབབ་པའི་དུས་སོ། །ཆོས་མིན་སྤྱོད་པ་བདེ་མི་ཐོབ། །ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། ཆོས་

མིན་སྤྱད་ཅེས་བྱ་བ་སྨོས་ཏེ། ཡང་གང་ཟག་གང་གིས་ཉེས་པར་སྤྱོད་པའི་ཚུལ་ཆོས་མ་ཡིན་པ་སྤྱོད་པའི་བག་མེད་པ་དེས་ན། འགྲོ་བ་གང་ཡང་རུང་བ་ཞེས་བྱ་བ་ལྷའི་འགྲོ་བ་དང་། མིའི་འགྲོ་བའམ། ངན་འགྲོའི་འགྲོ་བ་དག་འཛིན་པའམ། སྐྱེ་བར་འགྱུར་ཞིང་འཐོབ་པའོ། །ཆོས་མིན་སྤྱོད་པ་

དེ་དག་བརླག་པར་འགྱུར། །ཞེས་བྱ་བ་ནི་དེས་ཆོས་མ་ཡིན་པ་ཉེས་པར་སྤྱོད་པའི་བདག་ཉིད་བྱས་ཤིང་བསགས་པས་ནི་ཆོས་མ་ཡིན་པ་སྤྱོད་པ་འདི་དེ་དང་དེའི་འགྲོ་བ་དག་ཏུ་གཞོལ་ཞིང་འགྲོ་བར་འགྱུར་བའམ་བརླག་པ་སྟེ་གདུང་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དཔེར་

དཔེ་བསྟན་པ། འདི་ན་སྦྲུལ་ནག་རྐེད་ནས་བཟུང་བ་ལྟར། །ཞེས་བྱ་བ་ནི་དཔེར་ན་དབྱིག་པ་ཅན་ལ་ལ་ཞིག་ལམ་རིང་པོས་དུབ་སྟེ་མཚན་མོ་གཉིད་ལོག་པ་ལས་དབྱིག་པ་སྟོར་ཏེ། སྦྲུལ་ནག་པོ་དབྱིག་པའི་བློས་རྐེད་པ་ནས་བཟུང་སྟེ། སད་པ་ནས་ཡོངས་སུ་འཁྱུད་དེ་འཛིན་

པར་བྱེད་པ་ཉིད་ལ་སླར་རྒོལ་བར་བྱེད་པ་དེ་བཞིན་དུ་བླུན་ཞིང་མ་རིག་པའི་དབང་གིས་བློ་ཕྱིན་ཅི་ལོག་པའི་གང་ཟག་བག་མེད་པས་ཆོས་མ་ཡིན་པ་སྤྱད་དེ། བྱེད་པ་པོ་ཉིད་ལ་གདུང་ཞིང་ཉེ་བར་གནོད་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་གཉིས་འདོད་

པ་དང་མི་འདོད་པའི་འབྲས་བུར་འགྱུར་ཞེ་ན། ཆོས་དང་ཆོས་མིན་གཉི་ག་ཡི། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་གནོད་པར་བྱེད་པ་དང་། ཕན་འདོགས་པས་འདྲ་བ་མ་ཡིན་ཞིང་མི་འདྲ་བའི་འབྲས་བུ་ཡང་འདོད་པ་དང་མི་འདོད་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། བདུད་རྩི་དང་

Vol. 149 · folio 146b

དུག་བཞིན་ནོ། །འདྲ་བར་མི་འགྱུར་བ་དང་རྣམ་པར་སྨིན་པ་ཞེས་བྱ་བར་ཚིག་སྦྱར་ཏེ། རང་བཞིན་ཐ་དད་པའི་ཕྱིར་བུ་རམ་ཤིང་དང་ནིམ་པའི་ས་བོན་བཞིན་ནོ། །རྣམ་པར་སྨིན་པ་ཡང་ཡིན་ལ་འདྲ་བ་ཡང་ཡིན་པས་རྣམ་པར་སྨིན་པ་འདྲ་བའོ། །དེ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་རྣམ་སྨིན་འདྲ་བར་

མི་འགྱུར་བའོ། །རྣམ་པར་སྨིན་པ་མི་འདྲ་བ་དེ་ག་ལས་ཤེ་ན། འདི་ལྟར། ཆོས་མ་ཡིན་པས་དམྱལ་བར་འགྲོ། །ཞེས་བྱ་བ་ནི། ངན་པར་སྤྱོད་པ་བསགས་པའི་རྒྱུས་ངན་སོང་འཐོབ་པའོ། །ཆོས་ཀྱིས་བདེ་འགྲོ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་རྒྱུ་ལེགས་པར་སྤྱོད་པ་

ཡིན་པའི་ཕྱིར་བདེ་འགྲོ་འཐོབ་པའོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་ཐམས་ཅད་ལེགས་པར་སྤྱོད་པ་ལ་མི་འབད་ཅེ་ན། བཤད་པ། དཀའ་བའི་ཕྱིར་ཏེ། སྦྱིན་པ་དེ་རེ་ཞིག་ཆུང་བ་ཡིན་ན་ཡང་ལེགས་པར་སྤྱོད་པ་ཤིན་ཏུ་སྒྲུབ་དཀའ་བ་ཡིན་ན། དེ་ལས་གཞན་པ་ལྟ་སྨོས་

ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། སྦྱིན་པ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱིམ་བདག་དཔའ་བོས་སྦྱིན་པ་ཆེན་པོ་ལྔ་ཐོབ་ནས་བཅོམ་ལྡན་འདས་ལ་མངོན་པར་དད་དེ་རས་ཟུང་གཅིག་དབུལ་ཞེས་བསམས་ནས་གོས་ཀྱི་མཛོད་དུ་ཞུགས་ཏེ། བརྟག་པ་ལ་ཞུགས་པ་དང་།

གོས་ཐམས་ཅད་བཟང་པོར་མཐོང་བ་ནས་མངོན་པར་གཡེངས་པར་གྱུར་ཏེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །སྦྱིན་པ་བྱེད་པ་ཞེས་བྱ་བ་ནི་རྫས་ཡོངས་སུ་གཏོང་བ་ཞེས་བྱ་བའི་དོན་ཏོ། །གཡུལ་འགྱེད་ཅེས་བྱ་བ་ནི་གཡུལ་ངོར་དགྲ་རྣམས་

ཀྱིས་གཟས་པ་སྟེ། གོས་དང་གོ་ཆ་བགོས་ནས་ཕན་ཚུན་རྩོད་ཅིང་བརྡེག་པའི་མཚན་ཉིད་དོ། །དང་གི་སྒྲ་ནི་གཉིས་པོ་འདི་མཉམ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཉིད་ཅི་ཕྱིར་འདྲ་ཞེས་གསུངས་ཏེ་མཁས་པ་རྣམས་མཉམ་པ་ཉིད་དུ་སྟོན་ཏོ། །དེ་ནི་དམ་པ་རྣམས་ཕན་འདོགས་པ་དང་

གནོད་པ་བྱེད་པ་གཉིས་ཅིའི་ཕྱིར་འདྲ་ཞེས་བསྟན་ཏེ། གཡུལ་འགྱེད་པའི་བདག་ཉིད་ནི་ཡོན་ཏན་མ་ཡིན་ལ། སྦྱིན་པ་ནི་ཡོན་ཏན་གྱི་བདག་ཉིད་དེ་ཕན་འདོགས་པར་བྱེད་པའི་ཕྱིར་ཡོན་ཏན་ཡང་དོན་དམ་པའི་བྱ་བའི་ངོ་བོ་ཡིན་ན། ཇི་ལྟར་གཡུལ་འགྱེད་པ་ཡོན་ཏན་དུ་བཤད་ཅེ་ན།

Vol. 149 · folio 147a

འགའ་ཞིག་དང་གཡུལ་བྱས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་འདོགས་པ་སྟེ། འདི་ལྟར་དཔའ་བོ་ཆེན་པོ་དེད་དཔོན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་འདི་རྒ་རོམ་ན་ཞེས་བྱ་བའི་གནོད་སྦྱིན་ཆེན་པོ་ལྟར་འདིར་ཉེས་པ་ནི་ཆུང་བ་ཡིན་ལ། དོན་ཆེ་

བས་ཏེ་ཚོང་པ་ཡོངས་སུ་བསྐྱབས་པས་ཡོན་ཏན་ཡིན་ནོ། །གཞན་དག་ན་རེ། ཡོན་ཏན་ཐབ་མོ་ཡིན་གྱུར་ན། །ཉེས་སྤྱོད་ཐམས་ཅད་ཡོན་ཏན་ཕྱིར། །ཐུབ་པས་ཡོན་ཏན་འཇིག་རྟེན་དུ། །རབ་གྲགས་ཐབ་མོ་ཉིད་དུ་བསྟན། །དེ་ནི་འཇིག་རྟེན་གྱིས་བསྟོད་པའི། །ཁྱད་པར་དེ་ལ་

གང་ཞིག་གནས་པར་འགྱུར། །ཞེ་ན། མིང་ངན་ཞེས་སྨོས་ཏེ། སྐྱེ་བོ་ཐ་མལ་པ་དང་། སེམས་ཅན་དམན་པས་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡོན་ཏན་གྱི་ཁྱད་པར་དེ་གཉིས་ལ་སྐྱེ་བོ་ངན་པ་མི་བསྟན་ཅིང་མི་གནས་པ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཆེན་པོ་ཉིད་ནི་སྦྱིན་

པར་བྱེད་ཅིང་གཡུལ་འགྱེད་དོ་ཞེས་བྱ་བར་སྦྱར་རོ། །འདི་གཉིས་གནས་ལས་ཡང་དག་པར་བསྟན་ནས་དུས་ལས་ཀྱང་བསྟན་པའི་ཕྱིར་བཤད་པ། སྦྱིན་པ་བྱེད་པའི་དུས་དང་གཡུལ་འགྱེད་དུས། །ཞེས་བྱ་བ་སྨོས་ཏེ། གཡུལ་འགྱེད་པའི་དུས་བཞིན་དུ་སྦྱིན་པ་བྱེད་

པའི་དུས་བལྟ་བར་བྱ་སྟེ། གང་གི་ཕྱིར་འདི་གཉིས་ནི་དུས་མཉམ་པའི་རྒྱུ་སྒྲུབ་པའི་ཕྱིར་རོ། །དཔེར་ན་གཡུལ་འགྱེད་པའི་དུས་སུ་སྟོང་ཕྲག་དང་འཐབ་ཅིང་ཐུབ་ཀྱང་རྣམ་པར་གཡེངས་པ་ཡིན་ཏེ། ཇི་ལྟར་དགྲ་བཅོམ་པར་བྱ་བ་དང་མཚོན་གང་གིས་དང་།

གང་གི་ཚེ་འམ་གང་དུ་དང་། བདག་ཉིད་བསྲུང་བ་ཇི་ལྟར་འགྱུར་བ་དང་། ཇི་ལྟར་རྒྱལ་བར་འགྱུར་ཞེས་སེམས་པ་དེ་བཞིན་དུ་ཇི་ལྟར་སྦྱིན་པའི་དུས་ན་ཡང་ཀུན་དུ་གཡེངས་པ་ཡིན་ཏེ། སྦྱིན་པ་ཆེན་པོ་བྱ་བ་དང་། ནམ་ཞིག་སྦྱིན་པ་དང་། ཇི་ལྟར་སྦྱིན་པ་དང་། ཇི་

ཙམ་སྦྱིན་པ་དང་། གང་ལ་སྦྱིན་པ་དང་། འདི་ལས་ཅིར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ་སེམས་པ་ཡིན་ནོ། །ཅི་གནས་དང་དུས་ཁོ་ན་མཉམ་པ་ཉིད་དུ་བསྟན་ཏམ་ཞེ་ན། རྒྱུ་ཡིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ཡིན་ཏེ། རྒྱུ་མདོར་བསྡུས་པ་ལས་ནི་དེ་ལྟ་ན་

Vol. 149 · folio 147b

འབྲས་བུ་ལ་སོགས་པ་ཡང་མཉམ་པར་འགྱུར་རོ། །སྦྱིན་པ་དང་། གཡུལ་འགྱེད་པའི་ཕུན་སུམ་ཚོགས་པའི་ཁྱད་པར་འབྱུང་བ་ནི། གྲགས་པ་ཡང་དག་པར་འབྱུང་བ། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རྒྱུ་ཡིས་ཡོངས་སུ་བཟུང་བ་ནི་དེ་གཉིས་ཀུན་ནས་བསླང་བའི་རྒྱུས་ཀྱང་འབྱུང་

བ་ཡིན་ཏེ། གནས་དང་དུས་མཉམ་པ་ཉི་ཚེར་ཡང་མ་ཟད་དོ་ཞེས་བྱ་བའི་དོན་ཡིན་ཏེ། དེའི་རྒྱུ་བློ་དང་སྙིང་རྗེ་དང་བརྟན་པ་དང་ཕ་རོལ་གནོད་པའི་བདག་ཉིད་དེ། དེ་དང་ལྡན་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐབ་མོ་མཛད་པར་འགྱུར་ཏེ། ཇི་སྐད་དུ་གསུངས་པ།

ཆོས་ཀྱིས་བདག་ཉིད་ཡིན་ཡང་དེ་ནི་གཞན་གྱིས་བརྙས་པ་དང་། །རོལ་པའི་བགེགས་དང་དགའ་མེད་འཇིགས་པའི་སྐྱེ་བོའང་རབ་འབད་པས། །གཟི་བརྗིད་ཆེ་བའི་ཚུལ་གྱིས་ཇི་བཞིན་རིམ་པས་གཡུལ་འགྱེད་དེ། །གཉིས་ལ་མངོན་པར་ཕྱོགས་པའི་སེམས་ཀྱིས་དེ་ནི་རབ་ཏུ་

བྱེད། །ཅེས་སོ། །སྦྱིན་པ་ནི་བདག་ཉིད་ཆེན་པོ་དེ་ལ་རབ་ཏུ་གྲགས་པ་ཡིན་ནོ། །ཡང་ན་རྒྱུ་ཡིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་གནས་དང་དུས་ཉི་ཚེར་ཡང་མ་ཟད་དེ། རྒྱུ་ཡིས་ཡོངས་སུ་བཟུང་བ་ཞེས་བྱ་བའི་དོན་ཏོ། །འདིར་རྒྱུས་ཡོངས་སུ་བཟུང་བ་གང་ཡིན་ཞེ་ན།

གཅིག་པུས་ཀྱང་ཞེས་བྱ་བ་ཅུང་ཟད་དེ་འཁོར་མ་བསགས་ཤིང་ཉུང་ལ་བདག་ཉིད་གཅིག་པུས་སོ། །དམ་པ་ཞེས་བྱ་བ་ནི་དཔའ་བོ་སྟེ་གཡུལ་འགྱེད་པའོ། །འཕྱེས་ལས་རྒྱལ་བྱེད་དེ་ཞེས་བྱ་བ་ནི་དགྲ་བོ་དཔག་ཏུ་མེད་པ་ཟིལ་གྱིས་གནོན་པའོ། །གལ་ཏེ་སྒྲུབ་པ་

དང་མཚོན་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་ནམ་ཞེ་ན། ལེགས་པར་མ་ཆས་པ་ཞེས་བྱ་བ་སྨོས་སོ། །མེད་པས་ཀྱང་སྒྲུབ་པ་སྟེ་གོ་ཆ་དང་མཚོན་ལ་སོགས་པའི་ཡོ་བྱད་གཡུལ་དུ་དགོས་པར་གྱུར་པའོ། །ཇི་ལྟ་བུས་དགྲ་ལས་རྒྱལ་བ་ཡིན་ཞེ་ན། ཤིན་ཏུ་

ལེགས་པར་ཆས་པ་ཞེས་བྱ་བ་སྨོས་ཏེ། ཐབ་མོའི་འཚོག་ཆས་ཡོད་ཅིང་ཚང་བ་མང་པོ་དང་ལྡན་པའོ། །ཇི་སྐད་སྟོན་པ་ཡིན་ཞེ་ན། དཔེར་ན་གཡུལ་དུ་དཔའ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པས་སྒྲུབ་པ་དང་མཚོན་ལ་སོགས་པའི་སྒོ་ནས་གཅིག་པུས་ཀྱང་ཟིལ་

Vol. 149 · folio 148a

གྱིས་གནོན་པར་བྱེད་ཅིང་གཡུལ་གྱི་མི་ལས་རྒྱལ་བར་བྱས་ཏེ། བདེ་བ་དང་བདེ་བའི་ཡོ་བྱད་འཐོབ་པར་བྱེད་པ་དེ་བཞིན་དུ་སྦྱིན་པ་པོ་དད་པ་ལ་སོགས་པའི་ཡོན་ཏན་ལྡན་པས་ནི་ཆུང་བ་ཡིན་ཡང་ཞིང་བཟང་པོ་ལ་ནོར་རྫས་ཡོངས་སུ་བཏང་

བས་ཕ་རོལ་དུ་མཐོ་རིས་ཀྱི་བདེ་བ་ལ་སོགས་པ་འཛིན་པ་ཡིན་ནོ། །དད་པ་ནི་སྦྱིན་པ་པོ་དད་པ་ཕུན་སུམ་ཚོགས་པ་སྟེ། དེས་སྣོད་གང་ལ་བྱིན་པའོ། །ཇི་ལྟ་བུ་ཞེ་ན། ཆུང་ངུ་བྱིན་པས་ཀྱང་ཞེས་བྱ་བ་སྨོས་ཏེ། ཅུང་ཟད་བྱིན་ཡང་སྟེ་གང་ཟན་དྲོན་ཆང་གཅིག་ལ་

སོགས་པ་ཡིན་ནོ། །ཡང་གི་སྒྲ་ནི་མང་པོ་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ་བཤད་པ། ཞིང་ཁྱད་པར་ཅན་ལ་སེམས་དང་བས་ཕུལ་བ་ནི་ཆུང་ཞེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེས་ནི་དེ་དག་ཅེས་བྱ་བ་ནི་ཆུང་བའི་སྦྱིན་པ་དེས་ཀྱང་སྦྱིན་པ་པོ་དེ་

དག་བདེ་བར་འགྱུར་བ་སྟེ། གཞན་དུ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུ་སྐྱེ་བ་དུ་མར་འབྲས་བུ་འབྱུང་བར་འགྱུར་རོ། །མཐོང་བའི་ཆོས་ལ་ཡང་འདིའི་འབྲས་བུ་འབྱུང་བ་ཉིད་དེ། འཕྲལ་ལ་འབྱུང་བ་ལ་སོགས་པ་བཞིན་ནོ། །རྣམ་པ་ཐམས་ཅད་དུ་གཡུལ་འགྱེད་

པ་དང་སྦྱིན་པ་པོ་གཉིས་མཉམ་མམ། གང་གཙོ་བོ་ཡིན་ཞེ་ན། འདི་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནི་ཞེས་བྱ་བའི་སྒྲ་ནི་དང་གི་སྒྲ་ཡིན་ཏེ། ཇི་ལྟར་འདི་ན་གཡུལ་འགྱེད་པ་དང་སྦྱིན་པ་བྱིན་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱས་ནས་གཡུལ་འགྱེད་པ་དང་

སྦྱིན་པ་པོ་ཞེས་བརྗོད་ཅེ་ན། ལན་བརྒྱར་གཡུལ་འགྱེད་པ་དང་ཞེས་བྱ་བ་སྨོས་ཏེ། རྩོད་པ་ལན་བརྒྱའམ། །གཡུལ་སྤྲོད་པ་བརྒྱ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་དང་བཅས་པའི་ཐབ་མོ་དེ་དག་ནི་གཡུལ་ལོ། །བཟློག་ཅེས་བྱ་བ་ནི་ཟིལ་གྱིས་

མནན་པ་སྟེ། དགྲར་གྱུར་པ་དང་། གནོད་པར་བྱེད་པའི་གང་ཟག་ཟིལ་གྱིས་མནན་པ་དང་སྤ་བཀོང་པ་ནི་གཡུལ་ལས་བཟློག་པ་ཞེས་བརྗོད་དོ། །གང་ཞིག་སེར་སྣ་སྟེ། སྦྱིན་པ་དང་མི་མཐུན་པའི་སེམས་ལས་བྱུང་བའི་ཆོས་དགྲར་གྱུར་ཅིང་དགྲ་དང་འདྲ་

Vol. 149 · folio 148b

བར་གནོད་པ་བྱེད་པ་གཉེན་པོ་བརྒྱ་ཕྲག་མངོན་དུ་བྱས་པས་རྒྱབ་ཏུ་བོར་ཞིང་ཀུན་དུ་མི་སྤྱོད་པའི་སྦྱོར་བ་པོས་ཟིལ་གྱིས་གནོན་པར་འགྱུར་བའོ། །འདི་གཉིས་ལས་གཙོ་བོ་བསྟན་པའི་ཕྱིར། དཔའ་བོ་བས་ཞེས་བྱ་བ་སྨོས་ཏེ། གཡུལ་དཔག་ཏུ་མེད་པ་ལས་རྒྱལ་བའི་

དཔའ་བོ་ཐབ་མོ་བྱེད་པ་ལས་ཏེ། ཤིན་ཏུ་རགས་པར་མཚོན་པ་དང་རེ་ཞིག་པའི་དགྲ་ཡིན་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་སྦྱིན་པ་པོ་ཉིད་དོ། །ཆེས་དཔའ་ཡིན་པར་ཞེས་བྱ་བ་ནི་ཆེས་ཕ་རོལ་གནོན་པ་ཡིན་ཏེ། །ནང་གི་ཕྲ་བ་དང་རྟོགས་པར་དཀའ་བ་དང་།

རྒྱུན་གྱི་དགྲ་རྩ་བ་ནས་བཅད་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། གང་ཞིག་ཆགས་མེད་སེམས་ཀྱིས་སྦྱིན་བྱེད་པ། །ཞེས་བྱ་བ་སྨོས་ཏེ། ཕན་འདོགས་པའི་བསམ་པ་ཡོད་པའི་ཕྱིར་རོ། །སྦྱིན་པ་བྱ་བ་དཀའ་བར་གྱུར་ན་ནི་ཚུལ་ཁྲིམས་ལ་སོགས་པ་དཀའ་བར་མ་བཤད་ཀྱང་

གྲུབ་པ་ཡིན་ནོ། །དགེ་བ་ཤིན་ཏུ་དཀའ་བ་ཡིན་ཡང་འབྲས་བུ་འདོད་པ་ཉིད་ཡིན་པས་གཅིག་ཏུ་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསོད་ནམས་རྣམ་སྨིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཚོང་པ་ག་

གོན་དང་བཟང་པོ་གཉིས་ཀྱི་བསོད་སྙོམས་བཞེས་ཏེ། གཉིས་ཀྱི་སྦྱིན་པ་རྗེས་སུ་ཡི་རང་བར་མཛད་ནས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །བདེ་བ་རྣམ་པར་སྨིན་པ་བདེ་བའི་བདག་ཉིད་དེ། །བདག་ཉིད་ཚིམ་པར་བྱེད་པའི་ཕྱིར་དང་། བདེ་བའི་འཚོག་ཆས་

ཐོབ་པར་བྱེད་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། བསོད་ནམས་ཞེས་བྱ་བ་སྨོས་ཏེ། སྦྱིན་པ་ལ་སོགས་པའི་ལེགས་པར་སྤྱོད་པའོ། །འདི་ཉིད་ག་ལས་ཤེ་ན་བཤད་པ། འདི་ལྟར་དེ་དང་ལྡན་ན་ནི་མངོན་པར་བསམས་པ་ཐམས་ཅད་འབྱོར་པར་བྱེད་དོ་ཞེས་བྱ་བ་སྟེ།

གང་གི་ཕྱིར་བསོད་ནམས་དང་ལྡན་ན་ནི་ཡིད་ལ་བསམས་པ་མཐའ་དག་རྫོགས་པར་འགྱུར་ཏེ། དེའི་འདོད་པ་འབྱུང་བ་ཙམ་གྱིས་ཁང་པ་དང་བགོ་བ་དང་སྐྱེད་མོས་ཚལ་ལ་སོགས་པའི་དངོས་པོ་འབྱུང་བ་ཡིན་ནོ། །འཇིག་རྟེན་པའི་མངོན་པར་འདོད་པའི་བསོད་

Vol. 149 · folio 149a

ནམས་ཀྱི་འབྲས་བུ་བསྟན་ནས་འཇིག་རྟེན་ལས་འདས་པའི་བཤད་པ། མྱུར་དུ་ཞེས་བྱ་བ་སྟེ་མྱུར་བ་ཉིད་དུའོ། །ཞི་བ་དམ་པ་ནི་ཞི་བའི་མཆོག་ཏུ་གྱུར་པ་སྟེ། དུས་དེ་ཙམ་ནི་མ་ཡིན་ནོ། །སྡུག་བསྔལ་ལས་འདས་པར་གྱུར་པ་ནི། མྱ་ངན་ལས་

འདས་པར་གྱུར་པ་སྟེ། མྱ་ངན་ལས་འདས་པ་ཐོབ་པའོ། །དང་གི་སྒྲ་ནི་མངོན་པར་མཐོ་བའི་འབྱོར་པ་གཅིག་པུར་མ་ཟད་དོ་ཞེས་པའོ། །ཡང་ན་བསོད་ནམས་བྱ་བའི་དངོས་པོ་གསུམ་བསྟན་པའི་དོན་ནི་འདི་སྟེ། བསོད་ནམས་ཀྱི་སྒྲས་ནི་སྦྱིན་པ་སྟོན་པ་ཡིན་ནོ། །

མངོན་པར་བསམས་པ་འབྱོར་བར་བྱེད། །ཅེས་བྱ་བ་ནི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་དང་ལྡན་པས་ནི་བསམས་པ་འབྱོར་བར་འགྱུར་རོ་ཞེས་མདོ་ལས་གསུངས་སོ། །ལྷག་མས་ནི་བསྒོམས་པ་བསྟན་ཏོ། །རྒྱུ་མེད་པ་དང་རྣམ་པར་སྨིན་པ་མེད་པ་དང་། རང་བཞིན་དང་

དབང་ཕྱུག་ལ་སོགས་པ་མི་མཐུན་པ་རྒྱུར་སྨྲ་བ་ནི་མ་ཡིན་ཏེ། བཤད་པ། འཇིག་རྟེན་པ་དག་ནི་ངོ་བོ་ཉིད་ཀྱིས་འབྱུང་ཞིང་ངོ་བོ་ཉིད་ཀྱིས་འཇིག་རྟེན་བདག་གིས་བྱས་པ་ནི་མེད་དོ། །དེ་བས་ན་འབྱུང་པོ་རྣམས་ལ་གང་གིས་མཐོང་བ་དེ་ནི་མཐོང་བའོ། །སྤྱོད་པ་འདི་

དག་ནི་རང་བཞིན་ཡིན་ཏེ། ཡོན་ཏན་འདི་དག་ལ་མུན་པས་བསྒྲིབས་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འཛིན་ཅིང་བདག་གིས་བྱས་སོ་ཞེས་མཁས་པ་མ་ཡིན་པ་དག་སེམས་ཏེ། རྩ་ཡང་དགུག་པར་བྱ་བ་ལ་དབང་བྱེད་དེ། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། རང་གི་བདེ་

སྡུག་བདག་ལ་རང་དབང་མེད། །ཆོས་དོན་འདོད་དང་ཐར་པ་རྣམས། །སྐྱེས་བུའི་རྒྱུས་ནི་ཤེས་པར་བྱ། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་ཟད། །ཅེས་བྱ་བ་ལ་སོགས་པའོ། །བསོད་ནམས་ལས་བྱུང་བའི་འབྲས་བུ་རྣམ་

པར་སྨིན་པ་ནི་ངེས་པར་བགེགས་མེད་དོ་ཞེས་བསྟན་པའི་ཕྱིར། གཞན་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ལས་འོངས་པ་སྟེ། གཞན་གྱི་རྒྱུ་ཅན་དང་ཕྱི་རོལ་ལས་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་བགེགས་བྱེད་པར་མི་ནུས་ན་རྒྱུ་མེད་པ་རྣམས་

Vol. 149 · folio 149b

ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །གནོད་པ་ནི་ཉེ་བར་འཚེ་བ་སྟེ། ཡམས་ཀྱི་ནད་ལ་སོགས་པའོ། །གནོད་པ་བྱེད་པ་བསྟན་པའི་ཕྱིར། ལྷ་དང་བདུད་ཀྱི་རིགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་ཀྱི་འཁོར་དང་། བདུད་ཀྱི་གནས་དང་། ཉེ་བར་

སྤྱོད་པ་ཞེས་བྱ་བའི་དོན་ཏེ་གཞན་འདི་དག་གང་གིས་ཀྱང་གནོད་པ་བྱེད་པ་ལས་འཇུག་པ་མ་ཡིན་ཞིང་བར་ཆད་བྱ་བར་མི་ནུས་སོ་ཞེས་བྱ་བ་སྟེ། མངོན་པར་འདོད་པའི་འབྲས་བུ་འཐོབ་པ་ལ་བགེགས་བྱེད་པའི་མཐུ་མེད་པ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་

དཔས་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་བསགས་པས་རྡོ་རྗེ་གདན་ལ་བཞུགས་པ་ན་བར་དུ་གཅོད་པའི་ཕྱིར་བདུད་ཀྱིས་བསྐུལ་བའི་འབྱུང་པོའི་རིགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སྙེད་དང་། ལྷ་དེ་དག་ཚམ་ཚོམ་མེད་པར་འོངས་ན་ཡང་བྱང་ཆུབ་ལ་བར་དུ་

གཅོད་པར་མི་ནུས་ལ་དེ་དག་གིས་རྡོ་རྗེ་ལ་སོགས་པའི་མཚོན་ཡང་འཕེན་པར་མི་ནུས་སོ། །འཇིག་རྟེན་པའི་བསོད་ནམས་ཀྱི་བདེ་བ་འཐོབ་པས་བགེགས་བྱ་བར་མ་ནུས་པ་ཉི་ཚེར་མ་ཟད་དེ། འཇིག་རྟེན་ལས་འདས་པའི་བདེ་བས་ཀྱང་མི་ནུས་པར་བསྟན་པའི་

ཕྱིར་གལ་ཏེ་ཞེས་བྱ་བ་སྟེ་འོན་ཏེའོ། །དེ་ཡིས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །བསོད་ནམས་འབད་བརྩལ་བྱས་ན་ནི། །ཞེས་བྱ་བ་ནི་བརྩལ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་བྱེད་པའི་བརྩོན་འགྲུས་རྩོམ་པའོ། །འཕགས་པ་ནི་སྡིག་པའི་ལས་ལྡོག་པ་སྟེ། འདིས་ནི་ཚུལ་

ཁྲིམས་དང་ལྡན་པར་བསྟན་ཏོ། །ཤེས་རབ་ཅེས་བྱ་བ་ནི་འགྲོ་བ་དང་སྦྱོར་བ་སྤངས་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བློ་སྔོན་དུ་འགྲོ་བས་བསྒོམ་པར་བསྟན་ཏོ། །གཏོང་ལྡན་ལ་ཞེས་བྱ་བ་ནི་སྦྱིན་པ་མཆོག་ཏུ་བྱེད་ཅིང་བརྩོན་འགྲུས་ལ་འཇུག་པའོ། །དེའི་བསོད་ནམས་

རྣམ་པ་གསུམ་གྱི་ཕན་ཡོན་གྱི་ཁྱད་པར་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་བྱ་བ་སྨོས་ཏེ། གང་དེ་ལྟར་གུས་པས་ལེགས་པར་སྤྱོད་པ་ན་རྣམ་པ་གསུམ་ལ་མཆོག་ཏུ་བྱེད་པ་དེ་ནི་འཁོར་བའོ། །ཟད་བྱའི་ཕྱིར་ཞེས་བྱ་བ་ནི་མཐར་ཕྱིན་པ་ཐོབ་པའོ། །རེག་པར་འགྱུར་ཞེས་བྱ་བ་ནི་

Vol. 149 · folio 150a

རྗེས་སུ་མཐུན་པའི་སྣོད་ཐོབ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཐོབ་པར་འགྱུར་ཞེ་ན། ལྷག་མཐོང་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་གང་མཐོང་བ་ཙམ་གྱིས་ལྷག་མཐོང་སྟེ། བདེན་པ་ཡང་དག་པར་མཐོང་བར་

འགྱུར་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མཐོང་བའི་ལམ་མངོན་སུམ་དུ་མ་བྱས་པས་ནི་གོང་མའི་ལམ་བསྒོམ་པ་ལས་བཟློག་ཅིང་བཅད་པར་མི་ནུས་སོ། །གང་དེ་ལྟ་བུ་ཉིད་ནི་བདེ་བ་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སེམས་ནི་རབ་དང་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །ཀ་པི་ན་ཆེན་པོ་དག་ལ་རྟག་ཏུ་སྙིང་པོ་མེད་པས་རྟག་ཏུ་སྙིང་པོ་མེད་པ་ལ་གསོ་སྦྱོང་བྱེད་པ་སྟེ། དེ་བས་ན་གསོ་སྦྱོང་ལ་མངོན་པར་མི་ཕྱོགས་ལ་མི་འོང་ཞིང་ལམ་བསྒོམ་པ་ལ་མངོན་པར་མི་དགའ་བ་ལས་བརྩམས་སོ། །གཞན་དག་ནི་བྲམ་ཟེ་མ་ཐག་རེས་འདི་སྐད་དུ།

སེམས་ནི་རབ་ཏུ་དང་བ་ཡིས། །འཇིག་རྟེན་བདེ་བ་གང་གིས་འཐོབ། །འཕགས་པས་བསྟན་པའི་ལམ་དག་ལ། །གང་ཞིག་རྟག་ཏུ་དགའ་བར་འགྱུར། །ཞེས་ཞུས་པས། དེས་འདི་གསུངས་སོ་ཞེས་ཟེར་རོ། །ཆོས་མངོན་པར་རྟོགས་པ་ལས་སྐྱེས་པའི་དགའ་

བ་ནི་ཆོས་ལ་གནས་པའི་དགའ་བ་སྟེ། དེས་དེ་བདེ་བར་གནས་པའོ། །འདིར་ཆོས་ནི་སྡུག་བསྔལ་གྱི་བདེན་པ་རྣམ་པ་བཞིའོ། །གང་གིས་དེ་ལ་དགའ་བ་ཉམས་སུ་མྱོང་བ་ཡིན་ཞེ་ན། སེམས་ནི་རབ་ཏུ་རྣམ་དང་བས། །ཞེས་བྱ་བ་ཡིན་ཏེ། ཤེས་ནས་དད་པ་

དང་ལྡན་པའི་ཕྱིར་ཡིད་ཀྱིས་ཆད་པ་མེད་པའོ། །འཕགས་པས་གསུངས་པའི་ལམ་དག་ལ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཐར་པ་ཐོབ་པའི་ལམ་ལའོ། །མཁས་པ་ནི་རྟོགས་པ་སྟེ། ལམ་དང་ལམ་མ་ཡིན་པའི་ཁྱད་པར་ཤེས་པའོ། །

དེ་ལས་གཞན་པའི་ཐར་པའི་ལམ་མ་དམིགས་པས་དེ་ཉིད་ལ་རྒྱུན་དུ་དགའ་བར་བྱེད་པ་སྟེ། ངོགས་ནས་མཐོང་བའི་བྱ་གྲུ་ལ་མངོན་པར་དགའ་བ་བཞིན་ནོ། །གང་དེ་ལ་མངོན་པར་དགའ་བའི་བློ་དང་ལྡན་པ་ནི་བདེ་བའི་བསོད་སྙོམས་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་

Vol. 149 · folio 150b

པའི་ཕྱིར། །གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་དགོན་པ་བའི་བསོད་སྙོམས་པ་དགེ་སློང་རབ་ཏུ་མང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གང་དག་གིས་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་སྤྱོད་ཅིང་ཆོས་གོས་འཆང་

པ་ལགས་ཞེས་པ་དང་། ཇི་ཙམ་ན་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་གསུངས་སོ། །གང་དག་ཅེས་བྱ་བ་ནི་བདག་ཉིད་ཆེན་པོ་དག་གོ། །སེམས་ནི་བསམ་གཏན་དགའ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་སྒོམ་པ་ལ་འདོད་པ་ཐོབ་པ་སྟེ། དེ་ལས་མངོན་པར་བརྩོན་པས་

ནི་ཐར་པའི་ལམ་འབྱུང་བའི་ཕྱིར་རོ། །གང་ཞིག་སྐྱེ་མེད་དགའ་བ་དང་། །ཞེས་བྱ་བ་ལ། སྐྱེ་བ་མེད་པའི་སྒྲ་ནི་ཐར་པའི་རྣམ་གྲངས་ཡིན་ཏེ། གང་དུ་ཕུང་པོ་ལེན་པ་མེད་པ་དེ་ནི་མྱ་ངན་ལས་འདས་པའི་གནས་ཡིན་པས་གང་དེར་ལྷག་པར་འདོད་ཅིང་དགའ་བའོ། །

གང་གི་རིམ་པས་བསམ་གཏན་དང་སྒོམ་པ་ལ་ཤིན་ཏུ་དགའ་བ་ཡིན་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་སྟེ། དགའ་བ་ཞེས་བྱ་བ་ཐམས་ཅད་ལ་སྦྱར་རོ། །ལུས་ལ་སོགས་པ་ལ་བརྟག་པས་ཡོངས་སུ་འཇུག་ཅིང་མངོན་པར་དགའ་བས་འཇུག་

པའོ། །ལུས་དང་སེམས་ཀྱི་ཆོས་ནི་ཐ་དད་པ་ཉིད་དུ་བརྟག་པར་བྱའོ་ཞེས་ལུང་ལས་བཤད་དོ། །དེ་སྒོམ་པ་ཡོངས་སུ་རྫོགས་ན་ནི་ཟག་པ་མེད་པའི་ལམ་བསྒོམ་པ་ལ་ཡང་སེམས་མངོན་པར་དགའ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཡན་ལག་བདུན་དག་དང་། །

ཞེས་བྱ་བ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ཟད་ལ་མི་སྐྱེ་བའི་ཚུལ་གྱི་བྱང་ཆུབ་ཀྱི་ཡན་ལག་སྟེ། འཐོབ་པར་བྱེད་པའི་རྒྱུ་ཡིན་ནོ། །ཞེས་བྱས་ནས་སོ། །གཅིག་ཏུ་ཟག་པ་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ནི་འདིར་མཐོང་བའི་

ལམ་དུ་བསྟན་ཏོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཤས་ཆེ་བའི་མཐུས་ནི་འདི་འབྱུང་བ་ཡིན་ནོ། །རྫུ་འཕྲུལ་འཐོབ་པའི་མཚན་མ་ཡིན་པའི་ཕྱིར་དེ་ནི་བསྒོམ་པའི་ལམ་བསྟན་ཏེ། རྫུ་འཕྲུལ་རྐང་པ་བཞི་རྣམས་དང་། །ཞེས་བྱ་བ་འདུན་པ་དང་། བརྩོན་

Vol. 149 · folio 151a

འགྲུས་དང་། དཔྱོད་པ་དང་། ཏིང་ངེ་འཛིན་ཞེས་བྱ་བའི་མིང་ཅན་དག་གོ། །ལམ་ཡན་ལག་བརྒྱད་ཅེས་བྱ་བ་ནི་འཕགས་པའི་ལམ་དག་གོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་མི་སློབ་པའི་ལམ་དང་ཟག་པ་མེད་པའི་ལམ་མོ། །གང་དགའ་

བ་ཞེས་བྱ་བ་ནི་མངོན་པར་དགའ་བ་སྐྱེས་པའོ། །དེ་དག་བསོད་སྙོམས་བདེ་བར་ཟ་བར་བྱེད། །ཅེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་བཟའ་བ་དང་བཏུང་བ་བུ་ལོན་མེད་པར་ལོངས་སུ་ལོངས་སྤྱོད་བའོ། །ཆོས་གོས་འཆང་བ་དང་ཞེས་བྱ་བ་ནི་སྡོམ་བརྩོན་དག་གྱོན་ཞིང་འཆང་

བའི་གོས་དག་གོ། །དེ་དག་བདེ་བར་འཆག་པར་བྱེད་པ་དང་། །ཞེས་བྱ་བ་ནི་དེ་དག་གི་འཆག་ཅིང་རྒྱུ་བ་ཡང་བདེ་བ་དང་ཁ་ན་མ་ཐོ་བ་མེད་པར་འཆག་པའོ། །གང་དུ་ཞེ་ན། རི་དང་ནགས་ཚལ་ན་ཞེས་བྱ་བ་སྨོས་ཏེ། རི་ནི་རི་བོ་དག་ཏུའོ། །ནགས་ཚལ་ནི་དགོན་པ་

དག་ཏུའོ། །དེ་དག་བདེ་འཐོབ་ཅེས་བྱ་བ་ནི་མངོན་པར་འདོད་པའི་ལམ་འཐོབ་ལ་སྐྱོང་ཞིང་ཞུགས་པའོ། །བདེ་བར་ན་ཞེས་བྱ་བ་ནི་བདེ་བ་ཡང་དག་པར་སྐྱེས་པ་སྟེ། མཐོང་བའི་ཆོས་ལ་དགའ་བ་དང་ལྡན་པའོ། །མཐོང་བའི་ཆོས་ལ་མྱ་ངན་འདས། །ཞེས་བྱ་བ་ནི་མཐོང་བའི་

ཆོས་ཉིད་ལ་རང་གི་ལུས་ཡོད་བཞིན་དུ་མངོན་པར་འདོད་པའི་མྱ་ངན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། །འདི་ཉིད་ག་ལས་ཤེ་ན། འདི་ལྟར། ཁོན་དང་འཇིགས་པ་ཀུན་འདས་ཤིང་། །ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་

ཕྱིར་རོ། །ཇི་ལྟར་བྱས་པས་དེ་ལྟར་འགྱུར་ཞེ་ན། །འཇིག་རྟེན་ཡུལ་གྱི་སྲེད་ལས་རྒལ། །ཞེས་བྱ་བ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྩ་བ་སྲེད་པ་དྲུངས་ཕྱུང་བའི་ཕྱིར་རོ། །སྲིད་པ་སྤངས་བས་ཡོན་ཏན་འཐོབ་ཅིང་དགའ་བ་ལ་སོགས་པའི་ཁྱད་པར་དང་ལྡན་

པ་ཡིན་ཏེ། དེས་ན་ཡང་ཆོས་ཐོས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུས་མ་ཡིན་པའི་སྤྲིན་ཞག་བདུན་གྱི་བར་དུ་བྱུང་ནས་ཀླུའི་རྒྱལ་པོ་བཏང་བཟུང་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་གདེངས་ཀ་ཆེན་པོ་བྱས་ཏེ་ལན་བདུན་དུ་འཁྱུད་ནས་གནས་སོ། །ཞག་

Vol. 149 · folio 151b

བདུན་འདས་པ་དང་བཅོམ་ལྡན་འདས་ཀྱི་སྐུ་ལ་འཁྱུད་པ་བཏང་ནས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཁྱེད་ཞག་བདུན་པོ་འདི་ལ་གྲང་བར་མ་གྱུར་ཏམ། ཚ་བར་མ་གྱུར་ཏམ། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱིས་རེག་པར་མ་གྱུར་ཏམ།

ལུས་ཡོངས་སུ་གདུང་བར་མ་གྱུར་ཏམ་ཞེས་ཞུས་པ་དང་། ཚིགས་སུ་བཅད་པ་གཉིས་པོ་འདི་གསུངས་སོ། །བདེ་བ་ནི་ཁ་ན་མ་ཐོ་བ་མེད་པའི་བདེ་བའི་རྒྱུའོ། །དབེན་པ་ནི་རྣམ་པ་གཉིས་ཏེ། དེའི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་གང་གི་བདེ་བ་ཡིན་ཞེ་ན། དགའ་

བས་ཞེས་བྱ་བ་སྨོས་ཏེ། ཆོས་གོས་ངན་ངོན་ཙམ་དག་གིས་ཡོངས་སུ་ཆོག་ཤེས་པ་སྟེ། དབེན་པ་ན་ཆོག་མི་ཤེས་པ་མེད་པའི་ཕྱིར་རོ། །ཆེན་པོ་འདོད་པ་ལ་ཆོག་མི་ཤེས་པ་མེད་པའོ་ཞེས་སོ། །ཆོས་ཐོས་པ་དང་ཞེས་བྱ་བ་ནི་ཐོས་པའི་ཆོས་ཏེ། གང་སྔོན་ཐུབ་པས་

བསྟན་པའི་ཆོས་སོ། །མང་དུ་ཐོས་པ་དང་དབེན་པའི་བདེ་བ་ནི་རྒྱུན་དུ་ཆོས་དུ་མ་ཡོངས་སུ་རྟོགས་པ་ལས་འཇུག་པའི་ཕྱིར་ཐོས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའོ། །མཐོང་བ་ནི་ཞེས་བྱ་བ་ནི་ཤེས་པར་བྱེད་པ་སྟེ། ཡོངས་སུ་རྟོགས་པར་བྱེད་པ་ཉིད་དེ་བསམས་པ་ལས་བྱུང་

བའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་འཚེ་མེད་བདེ་བ་ཡིན། །ཞེས་བྱ་བ་ནི་རྣམ་པར་འཚེ་བ་གཞན་ལ་གནོད་པ་བྱེད་པའོ། །དེ་དགག་པ་ནི་འཚེ་བ་མེད་པའོ། །གང་ལ་ཞེ་ན། འཇིག་རྟེན་ཞེས་བྱ་བ་སེམས་ཅན་ལ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་ཞེས་

བྱ་བའི་ཚིག་གིས་སོ། །དེ་ནི་གཞལ་དུ་མེད་པའི་བདེ་བའི་རྒྱུར་གྱུར་པའི་ཕྱིར་ཏེ། བདེ་བའི་སྨན་བསྟེན་པས་བདེ་བ་ཇི་ལྟ་བ་བཞིན་ནོ། །འདིས་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་བསྟན་ཏོ། །སྲོག་ཆགས་འབྱུང་པོ་ལ་ཡང་དག་པར་སྡོམ་པ་ཞེས་བྱ་བ་ལ་འདིས་ནི་

ཚུལ་ཁྲིམས་ཀྱི་སྡོམ་པ་ཕུན་སུམ་ཚོགས་པར་བསྟན་ཏེ། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་ཡང་དེ་ལ་གནས་པའི་ཕྱིར་རོ། །ཇི་སྐད་དུ། ཚུལ་ཁྲིམས་ལ་གནས་ན་ནི་ཐོས་པ་དང་བསམས་པ་དང་ལྡན་ཞིང་བསྒོམ་པ་ལ་སྦྱོར་བར་འགྱུར་རོ་ཞེས་

Vol. 149 · folio 152a

གསུངས་པའི་ཕྱིར་རོ། །ཡང་ན་དབེན་པ་ནི་རྣམ་པ་གཉིས་ཏེ། །འདིར་ནི་སེམས་དབེན་པ་བསྟན་ཏོ། །དགའ་བ་ཡང་རྣམ་པ་གཉིས་ཏེ། འདིར་ནི་འདུས་མ་བྱས་པ་ལས་དགའ་བ་བསྟན་ཏོ། །ཆོས་ཐོས་པ་ཡང་རྣམ་པ་གཉིས་ཏེ། རྣ་བའི་རྣམ་

པར་ཤེས་པས་ཐོས་པ་དང་། །སྡིག་པ་ལ་མི་གནས་པའོ། །འདིར་ནི་འོག་མ་ལ་དགོངས་པའོ། །འཚེ་བ་མེད་པ་ཡང་གཉིས་ཏེ། །ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་ནོ། །འདིར་ཡང་ཕྱི་མས་བསྟན་ཏོ། །བདེ་བ་ཡང་རྣམ་པ་གཉིས་ཏེ།

ལུས་དང་སེམས་ཀྱི་དབྱེ་བས་སོ། །འདིར་ནི་སེམས་ཀྱིའོ། །འཇིག་རྟེན་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དང་སྣོད་ཀྱི་དབྱེ་བས་སོ། །འདིར་ནི་སེམས་ཅན་ལ་བསྟན་ཏོ། །སྲོག་ཆགས་འབྱུང་པོ་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་

བའོ། །འདིར་ནི་ད་ལྟར་བྱུང་བ་ཉིད་བསྟན་ཏོ། །ཡང་དག་པར་སྡོམ་པ་ནི་རྣམ་པ་གཉིས་ཏེ། །ལུས་དང་ངག་ལེགས་པར་སྡོམ་པ་དང་། ཉོན་མོངས་པ་ཀུན་དུ་སྡོམ་པའོ། །འདིར་ནི་ཐ་མ་ལ་དགོངས་སོ། །འཇིག་རྟེན་འདོད་ཆགས་བྲལ་བ་བདེ། །ཞེས་བྱ་བ་ནི་གང་འདོད་པའི་

ཁམས་དེའི་ཡུལ་ལ་ཆགས་པ་མེད་པས་རབ་ཏུ་བྱུང་བ་སྟེ། དེ་ནི་བདེ་བ་རྣམ་པ་དུ་མ་དང་འབྲེལ་པའི་རྒྱུར་གྱུར་པའི་ཕྱིར་རོ། །འདོད་པ་རྣམས་ལས་རབ་འདས་ཤིང་། །ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ལས་འདོད་ཆགས་དང་བྲལ་བར་ཡང་བདེ་བ་དང་འབྲེལ་པའི་ཕྱིར་

རོ། །ངའོ་སྙམ་པའི་ང་རྒྱལ་དག །བཏུལ་བ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་རྗེས་སུ་འཇུག་པའི་ང་རྒྱལ་བཏུལ་བ་སྟེ་སྤངས་པའོ། །འདིས་ནི་ཁམས་གོང་མ་གཉིས་ལས་འདོད་ཆགས་དང་བྲལ་བར་བསྟན་ཏེ། དེའི་ས་པ་ནི་ངའོ་སྙམ་པའི་ང་རྒྱལ་ཁྱད་པར་ཅན་ཡོད་པས་རྗེས་སུ་

དཔག་པར་བསྟན་ཏོ། །དེ་དག་མཆོག་ཏུ་བདེ་ཞེས་བྱ་བ་ནི་ངའོ་སྙམ་པའི་ང་རྒྱལ་འདི་ཉིད་བཏུལ་བ་ནི་བདེ་བའི་གཙོ་བོ་ཡིན་ནོ། །ཡང་ན་འདོད་ཆགས་དང་བྲལ་བ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་བཟུང་བ་མེད་པ་གཙོ་བོ་དང་དངོས་པོ་གཙོ་བོའོ། །འདིར་ནི་འོག་མ་ཉིད་

Vol. 149 · folio 152b

བསྟན་ཏོ། །འདོད་པ་ལས་རབ་ཏུ་འདས་པ་ཡང་རྣམ་པ་གཉིས་ཏེ། སྐྱེས་པ་དང་ཉོན་མོངས་པ་སྤངས་པའོ། །འདིར་ཡང་འོག་མ་ཉིད་བསྟན་ཏོ། །ངའོ་སྙམ་པའི་ང་རྒྱལ་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པར་བསྟན་ཏེ། རྣམ་པར་གྲོལ་བའི་བདེ་བའོ། །

ངའོ་སྙམ་པའི་ང་རྒྱལ་སྤངས་པས་ནི་ཚུལ་ཁྲིམས་ལ་སོགས་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྨྲས་པ། རྒས་ཁར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒས་པའི་བར་དུ་ཅི་ཞིག་བདེ། །གང་ལ་རབ་གནས་ལེགས་པ་དང་། །ཚིག་ནི་གང་ཞིག་བདེར་ཤེས་བྱ། གང་

ཞིག་མིར་བྱེད་བདེར་འགྱུར་ལགས། །ཞེས་ལྷས་གསོལ་པ་ལས་འདི་གསུངས་སོ། །རྒས་ཁར་ཚུལ་ཁྲིམས་ལྡན་པ་བདེ། །ཞེས་བྱ་བ་ནི་བྱིས་པ་ནས་བཟུང་སྟེ་རྒས་པའི་གནས་སྐབས་ཀྱི་བར་དུ་ཚུལ་ཁྲིམས་དང་ལྡན་པ་ནི་བདེ་བའི་རྒྱུར་གྱུར་པ་སྟེ། ཚིམ་པར་བྱེད་པའི་ཕྱིར་

རོ། །དད་ལ་རབ་ཏུ་གནས་པ་བདེ། །ཞེས་བྱ་བ་ནི་བརྟན་པར་རབ་ཏུ་གནས་པའི་ཕྱིར་ཏེ། ཡིད་བཞིན་གྱི་ནོར་བུའི་དངོས་པོའི་ལྟ་བུའོ། །དོན་ལྡན་ཚིག་ལ་དགའ་བ་བདེ། །ཞེས་བྱ་བ་ནི་ཁྱད་པར་གྱི་དོན་དང་ལྡན་པ་སྟེ། ཐམས་ཅད་ཀྱི་དགའ་བ་བསྐྱེད་པས་དོན་ཁྱད་

པར་ཅན་དང་འབྲེལ་པའི་དོན་ལ་དགའ་བའོ། །སྡིག་པ་མི་བྱེད་པ་དག་བདེ། །ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་མི་སྒྲུབ་པའོ། །གང་ཚུལ་ཁྲིམས་ལ་སོགས་པའི་དབང་གིས་ནི་བདག་གིར་བྱེད་པ་བསྩལ་ཞིང་དེའི་ཁྱད་པར་ཐོབ་པར་བསྟན་པའི་ཕྱིར། འཇིག་རྟེན་ན་ནི་ཞེས་བྱ་བ་

ལ་སོགས་པ་སྨོས་སོ། །གང་ཞིག་ཕར་འཛིན་པ་དང་དེ་བཞིན་མར་འཛིན་བདེ། །གང་ཞིག་དགེ་སྦྱོང་ཤེས་དང་བྲམ་ཟེར་འཛིན་པ་བདེ། །ཞེས་ལྷས་ཞུས་པ་ལས་འདི་གསུངས་སོ། །ཕར་འཛིན་བདེ་ཞེས་བྱ་བ་ནི་ཕར་ཤེས་པ་དེ་ནི་ཕར་འཛིན་པ་སྟེ། དེའི་དངོས་པོ་

ཉིད་ཡིན་པས་ཕར་འཛིན་པ་སྟེ། ཕའི་རྗེས་སུ་མཐུན་པར་འཇུག་པ་ནི་ཤིན་ཏུ་བསོད་ནམས་ཀྱི་རྒྱུ་ཡིན་པའི་ཕྱིར་དང་། ཡང་དག་པར་བསྔགས་པའི་ཕྱིར་བདེ་བའོ། །གང་དུ་བདེ་བ་ཡིན་ཞེ་ན། བཤད་པ། འཇིག་རྟེན་ན་ཞེས་བྱ་བ་སྟེ། ཁྱད་པར་དུ་མིའི་འཇིག་

Vol. 149 · folio 153a

རྟེན་འདིར་འདོད་དེ། དེ་ཉིད་བསྟན་པ་དང་ཉེ་བའི་ཕྱིར་རོ། །དེ་བཞིན་དུ་མར་འཛིན་པ་ཡང་ཤེས་པར་བྱའོ། །དགེ་བ་ནི་དགེ་སྦྱོང་དུ་འཛིན་པ་སྟེ། ཡང་དག་པར་སྡོམ་པ་ལ་བརྩོན་པའི་སྐྱེ་བོ་མཆོད་པ་མཆོག་ཏུ་བྱེད་པ་སྟེ། དེའི་རྒྱུ་ནི་དད་པ་དང་

བརྩོན་འགྲུས་དང་ལྡན་པ་དང་། སྦྱིན་པའི་ཆོས་ལ་མངོན་པར་དགའ་བ་ལ་སོགས་པ་ཡོན་ཏན་གསུམ་ལ་བརྗོད་དོ། །དེ་བཞིན་དུ་བྲམ་ཟེར་ཤེས་པ་ཡང་བརྗོད་པར་བྱའོ། །ཚིགས་བཅད་སྔ་མ་ཕྱེད་ཀྱིས་ནི་ཕན་འདོགས་པའི་ཞིང་བསྟན་ཏོ། །འོག་མ་ཕྱེད་པོ་འདིས་ནི་

ཡོན་ཏན་གྱི་ཞིང་བསྟན་ཏོ། །ཡོན་ཏན་གྱི་ཞིང་ཡང་རྣམ་པ་གཉིས་ཏེ། རབ་ཏུ་བྱུང་བ་དང་ཁྱིམ་ན་གནས་པ་སྟེ། དགེ་སྦྱོང་དང་བྲམ་ཟེར་གོ་རིམས་བཞིན་དུ་བསྟན་པར་ཤེས་པར་བྱའོ། །གང་དེ་ལྟར་ཡོན་ཏན་སྒྲུབ་པ་མཆོག་ཏུ་བྱེད་ཅིང་ཁྱད་པར་ཤེས་པ་དེ་ཉིད་ནི་

དཀོན་མཆོག་གསུམ་ལ་ཇི་ལྟ་བ་བཞིན་དུ་སྒྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སངས་རྒྱས་འབྱུང་ན་ཅིར་འགྱུར་ལགས། །ཆོས་བསྟན་པས་ནི་ཇི་ཞིག་འགྱུར། །དགེ་འདུན་མཐུན་པས་ཅིར་འགྱུར་ཞིང་། མཐུན་

པ་རྣམས་ཀྱི་ཇི་ཞིག་བདེ། །ཞེས་གསོལ་པ་དང་། འདི་གསུངས་སོ། །གཞན་དག་ནི་དགེ་སློང་རབ་ཏུ་མང་པོའི་གཏམ་ལས་བརྩམས་སོ་ཞེས་ཟེར་རོ། །སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ནི་བདེ་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བའི་རྒྱུར་གྱུར་

པའི་ཕྱིར་རོ། །དེ་བཞིན་ཆོས་རྣམས་བསྟན་པ་བདེ། །ཞེས་བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཉེ་བར་བསྟན་པའོ། །དགེ་འདུན་མཐུན་པ་ནི་ཚོགས་དགེ་བ་ཕན་ཚུན་རྗེས་སུ་མཐུན་པ་སྟེ། དམ་པའི་ཆོས་སྟོན་པ་ལ་རྗེས་སུ་མཐུན་པའི་ཚུལ་གྱིས་འཕགས་པའི་ལམ་

ལ་འཇུག་པའོ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ནི་མཐུན་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་དེ་ཉིད་ཉོན་མོངས་པ་དང་ལས་གདུང་བར་བྱེད་པ་བཞིན་དུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པ་དེ་ནི་དཀའ་ཐུབ་སྟེ། དེ་ནི་བདེ་བ་ཆེན་པོའོ། །

Vol. 149 · folio 153b

དཀའ་ཐུབ་ཅན་དུ་གྱུར་པ་དེ་ཇི་ལྟ་བུ་ཡིན་པར་བསྟན་པའི་ཕྱིར། ཚུལ་ཁྲིམས་ལྡན་པ་ཞེས་བྱ་བ་སོགས་པ་སྨོས་སོ། །མཐོང་ན་གང་ཞིག་བདེར་ཤེས་བྱ། །གང་ཞིག་མཐོང་བས་བདེ་བ་འཐོབ། །གང་མཐོང་བདེ་བ་ཁྱད་པར་ཅན། །འབྱུང་བ་བདག་ལ་བཀའ་

སྩལ་གསོལ། །ཞེས་ཞུས་པ་ལས་འདི་གསུངས་སོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་ན་ནི་མང་དུ་ཐོས་པ་ཡིན་ནོ་ཞེས་བསྟན་ཏེ། མང་དུ་ཐོས་པ་ཞེས་སྨོས་སོ། །མང་དུ་ཐོས་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་པའི་ཕྱིར། དགྲ་བཅོམ་པ་

དག་ཅེས་བྱ་བ་སྨོས་ཏེ། སྡུག་བསྔལ་གྱི་རྒྱུ་དག་བཅོམ་པ་ཞེས་བྱ་བའི་དོན་ཏོ། །དྲང་སྲོང་རི་ཤ་བ་དང་། བར་རྔ་མ་ནལ་སོགས་པ་སྐར་མའི་གཙུག་ལག་བྱེད་པ་དག་ཀྱང་འཇིག་རྟེན་ན་དགྲ་བཅོམ་བར་བརྗོད་དོ་ཞེས་བཤད་པ་སྟེ། དེ་ལས་ཁྱད་པར་དུ་དབྱེ་བའི་དགྲ་

བཅོམ་པའི་ཚུལ་བསྟན་པ། ཡང་སྲིད་རྣམ་པར་གྲོལ་བ་ཡི། །ཞེས་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་ལ་སོགས་པའི་ཚུལ་ནི་ནང་དང་ཕྱི་རོལ་གྱི་དྲི་མ་སྤངས་པ་ཡིན་ཏེ། ཕྱི་རོལ་གྱི་དྲི་མ་སྤངས་པའི་ཐབས་ནི་ཆུ་ཀླུང་ངོ་། །ནང་གི་དྲི་མ་སྤངས་པའི་ཐབས་ནི་སྐྱེས་

བུ་དམ་པ་ལ་བརྟེན་པ་ལ་སོགས་པ་སྟེ། དེ་ཉིད་བསྟན་པ། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་ལ་སོགས་པའོ། །ཆུ་ཀླུང་གང་ཞིག་བདེར་ཤེས་བྱ། །སྐྱེ་བོ་གང་ཞིག་བདེ་བར་འདོད། །གང་ཞིག་དམིགས་ན་བདེ་བར་འགྱུར། །གང་ཞིག་ཟད་ན་བདེ་

བར་འདོད། །ཅེས་ཞུས་པ་ལས་འདི་གསུངས་སོ། །འཇུག་ངོགས་བདེ་ཞེས་བྱ་བ་ནི་འདི་ནས་རྒལ་ཅིང་འཇུག་པ་གང་ཡིན་པ་དེ་ནི་འཇུག་ངོགས་ཏེ། ཆུ་བོའི་ངོགས་ཉེ་བར་འགྲོ་བའི་ཐབས་དང་རབ་ཏུ་བསྔགས་པ་ལ་སོགས་པ་མི་མཉམ་པ་མེད་ཅིང་འཇུག་ངོགས་བདེ་

བའི་ཆུ་ཀླུང་གང་ཡིན་པ་དེ་ནི་བདེ་བའི་རྒྱུ་སྟེ། དེར་ནི་འཇིག་རྟེན་པ་དག་བཀྲུ་བ་དང་བཏུང་བ་དང་འཇུག་པ་དང་། གོས་འཁྲུ་བ་ལ་སོགས་པ་ཅི་བདེར་སྤྱོད་དོ། །ཆོས་ཀྱིས་རྒྱལ་བའི་ཞེས་བྱ་བ་ལ། འདིར་ཆོས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དེ་ལས་རྒྱལ་བ་

Vol. 149 · folio 154a

སྟེ། ཡོངས་སུ་རྒྱལ་བ་ནི་གང་གིས་ཚངས་པར་སྤྱོད་པ་ལ་གནས་པའི་སེམས་ཅན་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དཔག་བསམ་གྱི་ཤིང་དང་འདྲ་བར་སེམས་ཅན་ལ་ཕན་འདོགས་པའམ། ཡང་ན་ཆོས་ཀྱིས་ཕན་འདོགས་པའོ། །རྒྱལ་

བ་ནི་ཟིལ་གྱིས་གནོན་པ་སྟེ། ཆོས་མ་ཡིན་པ་གཅིག་ཏུ་མི་བྱེད་པའི་སྐྱེས་བུ་དམ་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་རྟོགས་པ་དེ་ཁོ་ན་ཉིད་ཤེས་པ་དེས་ཐོབ་པ་སྟེ། དེ་རྟོགས་པའི་ཕྱིར་བདག་གི་ལྷག་མ་ཁྱད་པར་

ཅན་དེས་རྟོགས་པའོ། །དེའི་རྟོགས་པའི་ཐབས་སྨྲས་པ། ང་འོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་སྨོས་ཏེ། བདག་གིར་འཛིན་པ་སྤངས་པས་ན་དྲེགས་པ་དང་ང་རྒྱལ་བཅོམ་པ་ཉིད་ཡིན་ཏེ། བློ་རྣམ་པར་དག་པར་གྱུར་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་རོལ་ཡོངས་སུ་དག་

པ་ནི་མཐོང་བ་ལ་སོགས་པས་ཕན་འདོགས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཕགས་པ་རྣམས་ཀྱིས་ཅིས་ན་བདེ། །གང་དེ་འགྲོགས་ན་བདེར་ཤེས་བྱ། །གང་དག་མ་མཐོང་བདེ་བར་ནི། །ཤེས་བྱ་དེ་ནི་བདག་ལ་གསུངས། །ཞེས་བརྒྱ་བྱིན་གྱིས་

ཞུས་པ་ལས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །འཕགས་པ་ནི་དྲི་མ་གཉིས་ཀ་དང་བྲལ་བའོ། །ཅིའི་ཕྱིར་ཞེ་ན། དམ་པ་བདག་དང་ཞེས་བྱ་བ་སྟེ་འདི་ལྟར་དམ་པ་དེ་ནི་ཕྱིན་ཅི་ལོག་ལས་བློ་ཉམས་པ་མེད་པ་སྟེ། དངོས་པོ་ཡོད་པ་དག་ལ་རྒྱ་ཆེར་བྱེད་པ་ཞེས་

པས་སོ། །འགྲོགས་པ་ཞེས་བྱ་བ་ནི་ལྷན་ཅིག་གནས་པའོ། །དེ་ལྟ་ན་གང་ཞིག་མཐོང་ན་བདེ་བ་མ་ཡིན་ཞེ་ན། བྱིས་པ་རྣམས་ནི་མ་མཐོང་ན། །ཞེས་བྱ་བ་ལ་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་མཆོག་ཏུ་བྱེད་པའི་གླེན་པའམ་བྱིས་པའི་ཚུལ་ཅན་ཉིད་དོ། །རྟག་

ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་འཕགས་པ་ལ་སོགས་པ་མཐོང་བའི་སྟོབས་དང་། བྱིས་པ་དག་མ་མཐོང་བའི་སྟོབས་ཀྱིས་ནི་སྲེད་པ་ཟད་ཅིང་བདེ་བ་འཐོབ་པའི་ཕྱིར་རོ། །ཡང་ན་རྟག་ཏུ་ནི་རྒྱུན་དུ་སྟེ། ཡང་དང་ཡང་དུ་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །བྱིས་

Vol. 149 · folio 154b

པ་རྣམས་ནི་མ་མཐོང་ན། །ཞེས་བྱ་བ་དང་། རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ག་ལས་ཤེ་ན། བྱིས་པ་དག་དང་འགྲོགས་བྱེད་པ། །ཞེས་བྱ་བ་སྨོས་ཏེ། བྱིས་པ་དང་ལྷན་ཅིག་འགྲོགས་ཤིང་སྤྱོད་པའི་ཚུལ་འདི་ལ་ཡོད་པ་སྟེ། སྐྱེ་བོ་གླེན་པ་དང་ལྷན་ཅིག་

བསྟེན་ཅིང་གནས་པ་ཞེས་བྱ་བའི་དོན་ཏོ། །ཡུན་རིང་ཞེས་བྱ་བ་ནི་དུས་ཤིན་ཏུ་རིང་བ་ཉིད་དོ། །རྗེས་སུ་འགྱོད་པར་འགྱུར་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་གདུང་བ་སེལ་བར་བྱེད་དོ། །ག་ལས་ཤེ་ན། བྱིས་པ་དག་དང་འགྲོགས་བྱེད་པ། །ཞེས་བྱ་བ་སྡུག་བསྔལ་བར་

བྱེད་པ་ཡིན་ཏེ། གང་མེའི་ནང་དུ་འཇུག་པ་དེ་ཇི་ལྟར་སྲེག་པར་མི་བྱེད་པ་བཞིན་དུ་ཚུལ་ངན་པའི་སྐྱེ་བོ་དང་འགྲོགས་པར་གྱུར་ན་ཡང་ཇི་ལྟར་འགྱོད་པར་མི་འགྱུར། འདིར་ཆོས་མཐུན་པའི་དཔེས་སྨྲས་པ། དགྲ་འདྲ་བ་ཞེས་བྱ་བ་སྨོས་ཏེ། མི་མཛའ་བ་བཞིན་ནོ། །

རྣམ་པ་ཀུན་དུ་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་དང་བཅས་པའི་རྣམ་པ་སྟེ། དགྲ་དཔག་ཏུ་མེད་པས་ཉིན་དང་མཚན་དུ་དུས་རྟག་ཏུ་ཡོངས་སུ་བསྐོར་བ་དེ་ནི་རྒྱུན་དུ་འཇིགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལྟ་ན་འཕགས་པ་རྣམས་དང་འགྲོགས་པ་ཇི་ལྟར་བདེ་བ་ཡིན་ཞེ་ན།

བརྟན་པ་རྣམས་ཞེས་བྱ་བ་སྟེ། བརྟན་པ་དང་ལྡན་པའི་ཕྱིར་འཕགས་པ་ཞེས་བྱ་བའི་དོན་ཏེ། དང་གི་སྒྲ་ནི་རྒྱུའི་དོན་ཏོ། །འགྲོགས་པས་བདེ་བ་གང་ཡིན་པ་དེ་ནི་ཚིམ་པར་བྱེད་པ་དང་འབྲེལ་པའི་དོན་ཏེ། དཔེར་ན་གཉེན་སྡུག་པ་ཕ་དང་མ་དང་བུ་ལ་སོགས་པ་

སྐྱེ་བོ་དག་དང་འགྲོགས་པ་དང་ལྷན་ཅིག་བསྟེན་པ་ཞེས་བྱ་བའི་དོན་ཏེ། དགའ་བར་བྱེད་པ་ལྟར་དམ་པ་དང་ཡང་དེ་བཞིན་ནོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་དུས་རྟག་ཏུ་འཇིག་རྟེན་པ་དག་འཕགས་པ་དང་འགྲོགས་པར་མི་བྱེད་ཅེ་ན། སྐྱེས་བུ་ཅང་ཤེས་ཞེས་བྱ་བ་ལ་

སོགས་པས་བསྟན་ཏེ། འཕགས་པ་ཤཱ་རིའི་བུས་གྲོང་ཁྱེར་ན་ལ་ད་ནས་ཉེ་དུའི་ཚོགས་མང་པོ་འཕགས་པའི་ལམ་ལ་བཀོད་དོ་ཞེས་བྱ་བའི་སྐབས་དེ་གསན་ནས་འདི་གསུངས་སོ། །དཀའ་བས་འཐོབ་པ་ཡིན་པས་དཀོན་པ་སྟེ་རྙེད་པར་དཀའ་བའོ། །སྐྱེས་བུ་

Vol. 149 · folio 155a

ཅང་ཤེས་ནི་སྐྱེས་བུ་དམ་པའོ། །ཅིའི་ཕྱིར་དཀོན་པ་ཡིན་ཞེ་ན། དེ་དག་ཀུན་དུ་འབྱུང་མ་ཡིན། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ནི་རྟ་དང་གླང་པོ་ཅང་ཤེས་ལ་སོགས་པ་དང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་བཞིན་དུ་ཀུན་དུ་སྐྱེ་བ་མ་

ཡིན་ནོ། །གང་དུ་བརྟན་པ་དེ་སྐྱེས་པ། །ཞེས་བྱ་བ་ནི་རིགས་གང་དུ་ཡང་བརྟན་པ་དེ་སྐྱེས་པ་སྟེ། བློ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་དང་ལྡན་པར་བསྟན་ཏོ། །དེ་ཡི་རིགས་ཀྱིས་བདེ་བ་འཐོབ། །ཅེས་བྱ་བ་ནི་དེ་ལྟར་ཐམས་ཅད་དུ་སྔ་མ་དང་ཕྱི་མ་དག་ཏུ་ཡང་མཁས་པས་ནི་

རིགས་འཕེལ་བ་ཉིད་དེ། ཉིན་རེ་ཞིང་རྒྱས་པར་འགྱུར་བ་དང་བདེ་བ་སྐྱོན་མེད་པ་འཐོབ་པའོ། །བརྟན་པས་ནི་བདག་རིགས་བརྒྱན་པར་བྱེད་པ་གཅིག་པུར་མ་ཟད་དེ། བདག་ཉིད་ཀྱང་བདེ་བ་ལ་གནས་པ་ཡིན་ནོ་ཞེས་བསྟན་ཏེ། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་གང་གིས་བདེ་བར་གནས་པར་འགྱུར་ཞེས་ཞུས་པ་ལས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །རྣམ་པ་ཀུན་དུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །བདེ་བར་འདུག་ཅེས་བྱ་བ་ནི་འཚེ་བ་མེད་པར་

གཉིད་ལོག་པའམ་འདུག་པའོ། །བདེ་བ་ཉིད་འཐོབ་ཀྱི་སྡུག་བསྔལ་དང་མི་བདེ་བ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། བྲམ་ཟེ་ཞེས་བྱ་བ་ནི་སྡིག་པ་ཕྱི་རོལ་དུ་སྤངས་པའི་ཕྱིར་ཏེ། སྡིག་པ་ལས་ཕྱི་རོལ་དུ་གྱུར་པ་ནི་བྲམ་ཟེའོ་ཞེས་བྱ་བའི་ཚིག་གིས་སོ། །ཕྱི་རོལ་དུ་ཡིད་འབྱུང་བ་

སྤངས་པས་ན་ཡོངས་སུ་བཟུང་བ་ཐམས་ཅད་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བཟུང་བ་རྩ་བ་ནས་སྤངས་པས་ཡོངས་སུ་བཟུང་བ་སྤངས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མྱ་ངན་འདས་པ་ཞེས་བྱ་བ་སྨོས་ཏེ། འདོད་པའི་འདོད་ཆགས་ལ་

སོགས་པའི་མེ་ཉེ་བར་ཞི་བ་ཞེས་བྱ་བའི་དོན་ཏོ། །རྟགས་གང་གིས་འདི་ལྟར་ངེས་པར་བྱ་ཞེ་ན། གང་ཞིག་འདོད་པས་མགོས་ཤིང་། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཉོན་མོངས་པ་དང་ཡུལ་གྱི་འདོད་པས་ཟིལ་གྱིས་མ་མནན་པའོ། །གང་འདོད་པ་ལས་འདོད་ཆགས་

Vol. 149 · folio 155b

དང་བྲལ་བ་དེ་ཡང་བདེ་བར་གནས་པ་ཡིན་ན། གཟུགས་ལ་སོགས་པ་ལས་འདོད་ཆགས་དང་བྲལ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། རབ་ཏུ་རྣམ་གྲོལ་ཟག་པ་མེད། །ཅེས་བྱ་བ་སྨོས་ཏེ། གོ་རིམས་བཞིན་དུ་གཟུགས་དང་གཟུགས་མེད་པ་ལས་འདོད་

ཆགས་དང་བྲལ་བའམ་ཉོན་མོངས་པ་སྤངས་པའོ། །ཡང་ན་མཐོང་བ་དང་བསྒོམ་པའི་ལམ་མངོན་དུ་བྱེད་པའམ། ཡང་ན་ཉོན་མོངས་པ་དང་བག་ཆགས་སྤངས་པའི་ཕྱིར་རོ། །ཉོན་མོངས་པ་གཞན་སྤངས་པས་ནི་དེ་ལྟར་བདེ་བར་གནས་པ་མ་ཡིན་ཏེ། འདོད་པའི་འདོད་

ཆགས་དང་ཞེ་སྡང་ངོ་ཞེས་བསྟན་པའི་ཕྱིར། སྲེད་པ་ཐམས་ཅད་སྤངས་པ་དང་། །ཞེས་བྱ་བ་ལ་སོགས་པ་དག་སྟེ། སྲེད་པ་ཐམས་ཅད་དེ་རྣམ་པར་གཡོ་བར་འདོད་པས་ཡོངས་སུ་གདུང་བའི་ཡིད་དང་ལྡན་པ་ནི་བདེ་བར་མི་གནས་སོ། །དེ་བཞིན་དུ་ཕྲག་དོག་དང་ཁོན་

དུ་འཛིན་པ་དང་ཁྲོ་བས་ཡོངས་སུ་གདུངས་པ་ཡང་དེ་བཞིན་ནོ། །གཏུབས་པ་ནི་སྤངས་པའོ། །སྙིང་ལས་རིམས་ནད་རྣམ་པར་བསལ། །ཞེས་བྱ་བ་ནི་གདུང་བར་བྱེད་པའི་ཁྲོ་བ་ལ་སོགས་པ་མེ་དང་འདྲ་བ་རྣམ་པར་སྤངས་པ་སྟེ། དེ་ཡང་བཤད་པ། སྲེད་པ་ཤིན་ཏུ་སྡུག་བསྔལ་ཏེ།

སྲེད་པ་མེད་པ་བདེ་བའི་མཆོག །ཆགས་པ་རྣམ་སྤངས་ཆོས་ཤེས་ན། །དཔལ་ནི་ཡང་དག་ལེན་པར་འགྱུར། །ཞེས་པའོ། །ཇི་ལྟར་ཁྲོ་བས་རྒྱུད་ཡོངས་སུ་གདུང་ཞིང་ཉེན་པ་ལྟར་སོ་གའི་ཉི་མའི་འོད་ཟེར་རབ་ཏུ་དྲགས་པས་ནི་དེ་ལྟར་ས་ལ་གདུང་བར་མི་བྱེད་དེ་དེ་ཞི་

བའི་ཕྱིར་རོ། །གཉིས་པ་ཞི་བར་གྱུར་པ་ནི་དཔེར་ན་རླུང་དྲག་པོས་ཡིད་བཞིན་གྱི་མཚོ་ལ་ཆུ་སྲིན་ན་ཀྲ་ལ་སོགས་པ་ཕན་ཚུན་རྒྱུ་བར་མི་བྱེད་ཅིང་ཉེ་བར་ཞི་བ་བཞིན་ནོ། །དེ་ཉིད་ནི་བདེ་བར་འདུག་སྟེ། གང་གིས་ཤེ་ན། སེམས་ཀྱིས་ཞི་བ་འཐོབ་ཅེས་བྱ་བ་ཡིན་ཏེ། འདིས་

ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་བཤད་པ། ཤེས་པ་མེད་པར་སེམས་ཞི་བར། །གང་ནའང་ཡོད་པར་མི་རིགས་ཏེ། །མ་རིག་ཡོངས་སུ་མེད་པར་ཡང་། །གཡོ་བ་དག་ནི་ངེས་མེད་ཡིན། །ཞེས་སོ། །མགོན་མེད་ཟས་སྦྱིན་ཡེ་ཤེས་དང་སྤངས་པ་ཕུན་

Vol. 149 · folio 156a

སུམ་ཚོགས་པ་ལས་ཐེ་ཚོམ་དུ་གྱུར་པ་ལས་དེ་བསལ་བའི་ཕྱིར་འདི་གསུངས་སོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ལས་བྱུང་བ་ཉིད་ནི་ཤིན་ཏུ་ཁྱད་པར་ཅན་འཐོབ་པ་ཡིན་ཏེ། དེ་དམན་པའི་བདེ་བ་ལ་ཆགས་པ་མེད་པར་གྱུར་

ནའོ་ཞེས་བསྟན་པའི་ཕྱིར། གང་ཞིག་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་བ་རེཥྚ་ན་གནས་བརྟན་སེང་གེ་ཞེས་བྱ་བ་དུས་ལས་འདས་ཏེ། དེའི་སློབ་མས་དགེ་སློང་དག་ལ་ཆུར་སྤྱོན་བདག་གི་མཁན་པོ་ལེན་པ་མེད་པར་མྱ་ངན་ལས་འདས་ཏེ། མཆོད་པ་

གྱིས་ཤིག་ཅེས་སྨྲས་པ་དང་དེ་དག་གིས་སྨྲས་པ། དེ་ནི་ཕུང་པོ་ལྷག་མ་དང་བཅས་པར་དུས་ལས་འདས་སོ་ཞེས་བྱས་པ་དང་། དེས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་དོན་འདི་གསོལ་པ་ལས། དེ་ལས་ཁྱོད་ཀྱི་མཁན་པོ་ནི་བསམ་གཏན་གསུམ་པའི་ས་པའི་

བདེ་བ་རྒྱ་ཆེར་མྱོང་ཞིང་དེར་སྐྱེས་སོ་ཞེས་པ་ནས་འདི་གསུངས་སོ། །བདེ་བ་ཆུང་ངུ་ནི་ཆུང་བའི་བདེ་བ་སྟེ། བདེ་བ་ཅུང་ཟད་ཙམ་པ་འཁོར་བའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ཡོངས་སུ་གཏོང་བ་ནི་གང་གིས་ཡོངས་སུ་སྤངས་པ་དེའམ་ཡོངས་སུ་གཏོང་བའི་ཚུལ་

འདི་ལ་ཡོད་པ་ཞེས་ཚིག་གི་ལྷག་མའོ། །གང་ཞེ་ན། གང་ཞིག་བདེ་བ་སྤངས་འདོད་ཅིང་། །ཞེས་བྱ་བ་སྨོས་ཏེ། གང་ལ་ལ་བདེ་བ་ལས་ཀྱང་བདེ་བ་སྟེ། ངན་སོང་མེད་པ་མྱ་ངན་ལས་འདས་པའི་བདེ་བ་གང་ཞིག་འདོད་པ་དེ་ནི་བདེ་བ་སྤངས་འདོད་པ་སྟེ།

བདེ་བ་ཉུང་ངུ་བཏང་བར་གྱུར་པས་སོ། །འདི་ལྟ་བུ་བྱས་ཤིང་བསྟན་པས་ཅི་ཞིག་བྱ་ཞེ་ན། སྤང་བྱས་ན་ཞེས་བྱ་བ་ནི་རབ་ཏུ་དོར་ཞིང་སྐྱེད་པར་མི་བྱེད་པའོ། །བདེ་བ་ཆུང་ངུ་ནི་བདེ་བ་ཅུང་ཟད་ཙམ་སྟེ་དམན་པའོ། །བརྟན་པས་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ། །དེའི་

མཚན་ཉིད་བསྟན་པ། ལེགས་པར་མཐོང་ཞེས་བྱ་བ་སྟེ། བདག་ཉིད་ཡོངས་སུ་རྟོག་ཅིང་མཐོང་བར་བྱེད་པའོ། །བདེ་བ་སྤངས་པ་ནི་ངེས་པར་ལེགས་པ་སྟེ། ཟང་ཟིང་མེད་པའི་བདེ་བའོ། །སྤངས་པའི་བདེ་བ་ཉིད་བསྟན་པ། འཇིག་རྟེན་འདོད་པ་དེ་ཞེས་བྱ་

Vol. 149 · folio 156b

བ་ལ་སོགས་པ་སྨོས་སོ། །རྡོ་རྗེའི་གདན་ཉིད་དུ་མཚན་མོ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཏིང་ངེ་འཛིན་དེ་ལས་བཞེངས་ནས་རྣམ་པར་གྲོལ་བའི་བདེ་བ་སོ་སོར་ཉམས་སུ་མྱོང་སྟེ་ཚིགས་སུ་བཅད་པ་གསུམ་པོ་འདི་གསུངས་སོ། །གཞན་དག་ནི་བཅོམ་

ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་ཏེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་སྐྱེས་པ་མེད་པར་སིལ་སྙན་གྱིས་རྩེ་ཞིང་འདུག་པ་དང་། དེ་ལ་དགེ་སློང་དག་འདོད་པ་སྐྱེས་པར་གྱུར་ནས་སྐབས་དེ་ལ་དགེ་སློང་དག་དེ་ལ་འདོད་པ་

སྐྱེས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་མི་རྟག་པ་དང་མི་བརྟན་པ་ཡིན་ནོ་ཞེས་པ་ནས་འདིའི་བར་དུ་གསུངས་སོ་ཞེས་ཟེར་རོ། །འཇིག་རྟེན་འདོད་བདེ་གང་ཡིན་དང་། །ཞེས་བྱ་བ་ནི་གང་ཅུང་ཟད་འདོད་པའི་ཁམས་ཀྱི་འདོད་པ་ལས་སྐྱེས་པའི་བདེ་བའོ། །

གང་ཡིན་བ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པ་ན་སྤྱོད་པའི་སྙོམས་པར་འཇུག་པའོ། །ལྷ་ཡུལ་ན་སྐྱེས་པའི་བདེ་བ་ནི་ལྷ་ཡུལ་བདེ་བའོ། །སྲེད་པ་ཟད་པའི་བདེ་བ་དེའི། །བཅུ་དྲུག་ཆར་ཡང་ཞེས་བྱ་བ་ནི་བཅུ་དྲུག་གི་ཆ་ཤས་དེར་སྤང་སྟེ། སྔར་བསྟན་པའི་འཇིག་རྟེན་

པའི་བདེ་བ་ཐམས་ཅད་ནི་བཅུ་དྲུག་གི་ཆར་ཡང་མི་ཕོད་པར་འགྱུར་ཞིང་འདི་ལྟ་བུ་ནི་འཐོབ་པར་མི་འགྱུར་ཏེ། མི་རྟག་པའི་ཕྱིར་རོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་མདོ་ལས་གསུངས་སོ། །བདེ་བ་དང་སྡུག་བསྔལ་གཉིས་འདྲ་བ་མ་ཡིན་ཏེ། སྣང་

བ་དང་མུན་པ་བཞིན་དུ་གནས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྲེད་པ་སྤངས་པར་གྱུར་ན་ནི་སྡུག་བསྔལ་འདྲེན་པར་བྱེད་པའི་ཁུར་རྩ་བ་ནས་སྤངས་པས་མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཁུར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་སློང་དག་

ཁྱེད་ལ་ཁུར་བཤད་པར་བྱའོ་ཞེས་རྒྱ་ཆེར་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་གསུངས་སོ། །ངེས་བོར་ཞེས་བྱ་བ་ནི་ངེས་པར་བསལ་བ་སྟེ། ལྕི་བའི་ཁུར་ངེས་པར་སྤངས་ཤིང་རྒྱབ་ཏུ་བོར་བའོ། །ལྕི་བའི་ཁུར་དག་ཅེས་བྱ་བ་ནི་རྟག་ཏུ་འབྲེལ་པའི་ཕྱིར་དང་། གནོད་

Vol. 149 · folio 157a

པ་ཆེན་པོ་ཡང་དག་པར་འབྱུང་བའི་ཕྱིར་ཕུང་པོའི་ཁུར་བླངས་པ་ནི་ཤིན་ཏུ་འདེགས་པར་དཀའ་བ་ཉིད་དོ། །ལེན་པར་མི་འགྱུར་ཞེས་བྱ་བ་ནི་ཉེ་བར་མི་ལེན་པས་སོ། །ཕྱི་ནས་གཞན་དག་ཅེས་བྱ་བ་ནི་སྐྱེ་བ་གཞན་དག་ཏུ་ཡང་ཕུང་པོའི་ཁུར་རོ། །

ག་ལས་ཤེ་ན། ཁུར་གྱིས་སྡུག་བསྔལ་བླངས་པས་ན། །ཞེས་བྱ་བ་སྟེ། ཕུང་པོ་ཡོངས་སུ་བཟུང་བ་སྟེ་གནོད་པ་ཐམས་ཅད་ཀྱིས་གནོད་པ་ཡིན་པའི་ཕྱིར་རམ། དེར་གྱུར་ན་སྡུག་བསྔལ་བའི་ཕྱིར་རོ། །ཁུར་བོར་ན་ནི་བདེ་བར་འགྱུར། །ཞེས་བྱ་བའི་ཕུང་པོའི་

ཁུར་ཡོངས་སུ་སྤངས་པའི་ཕྱིར་ཏེ། ཕུང་པོ་མེད་པ་བདེ་བའི་མཆོག །ཅེས་བྱ་བའི་ཚིག་གིས་སོ། །ཇི་ལྟར་ཕྱི་ནས་སྲིད་པ་ཡོངས་སུ་མི་འཛིན་པར་འགྱུར་ཞེ་ན། སྲེད་པ་ཐམས་ཅད་རབ་ཏུ་སྤོངས། །ཞེས་བྱ་བ་སྨོས་ཏེ། ཁམས་གསུམ་གྱི་རྗེས་སུ་ཆགས་པའི་

ཀུན་དུ་སྦྱོར་བ་རྩ་ནས་བཅད་པའོ། །ཅིའི་ཕྱིར་སྲེད་པ་རབ་ཏུ་སྤང་ཞེ་ན། སྲིད་པ་ཕྱི་མར་འགྲོ་བ་མེད། །ཅེས་བྱ་བ་སྨོས་ཏེ། ཀུན་དུ་སྦྱོར་བ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་རོ། །སྲེད་པ་ཐམས་ཅད་མ་སྤངས་ན་ནི་དེ་ལས་གཞན་པའི་སྲེད་པའི་རྩ་བ་འོག་མའི་ཆ་དང་

མཐུན་པ་དང་། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ཡོད་པས་འཁོར་བར་སྐྱེ་བར་འགྱུར་རོ། །ས་བོན་མེད་པར་མྱུ་གུ་བཞིན་ཏེ། སྲེད་པའི་རྩ་བས་ནི་ཀུན་དུ་སྦྱོར་བ་ཡིན་ནོ། །དེའི་རྩ་བས་ནི་སྲིད་པ་ཡོངས་སུ་བཟུང་བ་སྟེ། ཟག་པ་དང་བཅས་པའི་དངོས་པོའི་

རྩ་བ་ནས་སྲེད་པའོ། །ཟག་པ་དང་བཅས་པའི་དངོས་པོ་སྤངས་པ་མ་ཡིན་པ་ཡང་སྨྲས་པ། ཕུང་པོ་ཐམས་ཅད་ཡོངས་ཤེས་ན། །ཞེས་བྱ་བ་སྨོས་ཏེ། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཡེ་ཤེས་ཀྱིས་ཡོངས་སུ་ཤེས་པར་བྱས་ནས་ཆོས་གཅིག་ཀྱང་མི་

ཤེས་པ་མེད་པས་སྡུག་བསྔལ་གྱིས་མཐར་བྱེད་པ་ཡིན་པའི་ཕྱིར། འགྲོ་བ་མེད་ཅེས་བྱ་བ་ནི་ལེན་པ་མེད་ཅིང་ཡོངས་སུ་འཛིན་པར་མི་འགྱུར་བའོ། །སྲིད་པ་ཕྱི་མར་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་སྟེ། སྲེད་པ་དང་བྲལ་བ་ལས་ནི་ས་བོན་ཚིག་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་

Vol. 149 · folio 157b

ཡིན་པའི་ཕྱིར་རོ། །སྲིད་པ་ཕྱི་མ་མེད་པའི་བདེ་བ་བསྟན་པའི་དོན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོའི་སྔོན་གྱི་གྲོགས་པོ་ཚོགས་ཅན་ཞེས་བྱ་བའི་ཁྱིམ་བདག་དེའི་ཁྱིམ་འཁོར་དང་བཅས་པ་མེས་ཚིག་གོ། །དེའི་བྱིས་པ་གཉིས་ཤིག་

ལུས་པ་ལས་འཕགས་པ་ཀུན་དགའ་བོས་རབ་ཏུ་ཕྱུང་ནས་ཇི་ཙམ་ན་དགྲ་བཅོམ་པར་གྱུར་པ་དེའི་ཉེ་དུ་དང་ཤིན་ཏུ་ཐག་རིང་བར་གྱུར་པ་དང་། ཁྱིམ་བདག་གཅིག་གི་བུ་འཆི་བའི་དུས་སུ་བསོད་ནམས་བསགས་པའི་ཕྱིར་སེམས་ཤིན་ཏུ་དགའ་བར་གྱུར་པ་དང་།

དགོན་པའི་དགེ་སློང་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པར་གྱུར་པ་དང་། དགྲ་བཅོམ་པ་ཤིག་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་ལས་བརྩམས་ཏེ། ཚིགས་སུ་བཅད་པ་འདི་གསུངས་སོ། །དོན་རྣམས་བསྐྲུན་པ་ལ་ནི་ཞེས་བྱ་བ་གང་

གི་ཚེ་སྐྱེས་བུའི་ནོར་དང་འབྱོར་པ་བསྐྱེད་པ་དང་བདེ་བ་ཉམས་པ་དེ་ལ་སྟེ། ཉོན་མོངས་པ་མེད་པའི་གྲོགས་པོ་ལས་གཡོག་འཁོར་དང་ནོར་གཞན་ནས་རྙེད་པ་ཡིན་པར་རེ་བར་བྱའོ། །སྲོག་དག་རབ་ཏུ་གཏུགས་ལ་བསོད་ནམས་བདེ། །ཞེས་བྱ་བ་ནི་སྲོག་

ཟད་ཅིང་འཆི་བ་ཉེ་བར་གནས་པ་ལ་ནི་བསོད་ནམས་ཉིད་ཡིད་ཚིམ་པར་བྱེད་པའི་ཕྱིར་བདེ་བ་ཡིན་ཏེ། གཞན་ནི་མ་ཡིན་ནོ། །ངན་ངོན་ཙམ་གྱིས་ལེགས་པར་ཆོག་ཤེས་བདེ། །ཞེས་བྱ་བ་ནི་དམན་པ་དང་གྱ་ནོམ་པའི་ཆོས་གོས་ལ་སོགས་པས་ཆོག་ཤེས་པ་

དེ་ནི་བདེ་བ་དཔག་ཏུ་མེད་པ་བསལ་བས་ཡིད་ཚིམ་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་པ་བདེ། །ཞེས་བྱ་བ་ནི་ཁམས་གསུམ་གྱི་སྲིད་པའི་སྐྱོན་ཐམས་ཅད་སྤངས་པའོ། །ཕུང་པོ་ཉིང་མཚམས་སྦྱོར་བ་མེད་ཅིང་སྤངས་པ་དེ་ནི་བདེ་བ་སྟེ།

སྡུག་བསྔལ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་འགྲོ་བ་གདགས་སུ་མེད་པར་བསྟན་པའི་ཕྱིར། འདི་ན་མེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དྲང་སྲོང་ཞིག་གིས་ཁྲུས་བྱས་པ་ལས་ས་བོན་ཟགས་ཏེ། རི་དགས་ཞིག་

Vol. 149 · folio 158a

གིས་འཐུངས་པ་ལས་སེམས་ཅན་དང་ལྡན་པར་གྱུར་ནས་རི་དགས་ཀྱི་མགོ་ཅན་ཞིག་བཙས་སོ། །དེ་ཕས་བསྐྱེད་པ་ལས་ཇི་ཙམ་ན་ཕ་ཤི་བར་གྱུར་ཏོ། །དེ་ཐོད་པ་བརྡུང་བའི་རིག་པ་བསླབས་ཏེ། ཐོད་པ་བརྡུངས་ན་འགྲོ་བ་ཐམས་

ཅད་དུ་སྐྱེ་བར་འགྱུར་བར་ལུང་བསྟན་ཏོ། །འཕགས་པ་ཀུན་དགའ་བོས་རྒྱུན་དུ་ཞུགས་པ་ལ་སོགས་པའི་ཐོད་པ་བསྟན་ནས་བརྡུངས་པར་ལུང་བསྟན་ཏོ། །དགྲ་བཅོམ་པ་ནི་མ་ཤེས་ཏེ། དེ་འདི་སྙམ་དུ་བདག་གི་རྣམ་པར་ཤེས་པ་ནི་ཉམས་སོ་ཞེས་བཅོམ་ལྡན་

འདས་ཀྱི་ཐད་དུ་ལྷགས་ཏེ་ཞུས་པ་དང་། དེ་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ལྕགས་ནི་ལྕགས་ཉིད་དོ། །བརྒྱབ་པ་ནི་བསྣུན་པ་སྟེ་གང་ལྕགས་ཀྱི་ཆ་སྤྱད་དེས་བརྡུངས་པར་མེད་ཅེས་བྱ་བ་དང་སྦྱར་རོ། །འབར་བ་ལས་ཞེས་བྱ་བ་ནི་ཀུན་ནས་རབ་ཏུ་

ཁྱབ་པར་འབར་བ་སྟེ། མེ་ནི་མེ་ཉིད་དོ། །རིམ་གྱིས་རབ་ཏུ་ཞི་འགྱུར་ཏེ། །ཞེས་བྱ་བ་ནི་རིམ་པས་མེའི་འོད་རབ་ཏུ་འཇིག་པའོ། །ཇི་ལྟར་སོང་བ་མི་ཤེས་ལྟར། །ཞེས་བྱ་བ་ནི་ཤར་ཕྱོགས་ལ་སོགས་པའི་ཕྱོགས་སུ་འགྲོ་བ་མི་དམིགས་པ་བཞིན་ནོ། །དཔེ་བསྟན་

ནས། དཔེས་གཞལ་བར་བྱ་བ་བཤད་པ། ལེགས་པར་རྣམ་པར་གྲོལ་རྣམས་ཀྱིས། །ཞེས་བྱ་བ་ལ་ལེགས་པ་ནི་མཐོང་བའི་ལམ་གྱི་མཐུས་དེའི་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ངན་སོང་གསུམ་ལས་གཏན་དུ་གྲོལ་བའོ། །འདོད་པའི་

འདམ་རྫབ་ཆུ་རྒལ་ཞིང་། །ཞེས་བྱ་བ་ལ་འདོད་པའི་འདམ་གང་ཡིན་པ་དེ་ནི་འདོད་པའི་འདམ་རྫབ་བོ། །ཆུ་བོ་དེ་ལས་རྒལ་བའི་ངང་ཚུལ་འདི་ལ་ཡོད་པ་སྟེ། ཁམས་གསུམ་གྱི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གོང་

མའི་ས་པའི་ཉོན་མོངས་པ་ནི་ནམ་མཁའ་བཞིན་དུ་ལུང་དུ་མ་བསྟན་པ་ཡིན་བའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་དགེ་བ་ཡང་འདམ་རྫབ་དང་འདྲ་བའོ། །འགྲོ་བ་གདགས་སུ་མེད་པ་ཡིན། །ཞེས་བྱ་བ་ནི་དེ་དག་གི་འགྲོ་བ་ལྔར་འགྲོ་བ་ཡང་ལུང་བསྟན་པར་མི་ནུས་

Vol. 149 · folio 158b

ཤིང་མེད་དེ། འགྲོ་བ་ལྔའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་དག་གི་འགྲོ་བ་གདགས་པ་མེད་ཅེ་ན། གོ་འཕང་མི་གཡོ་འཐོབ་ཅེས་བྱ་བས་བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་ནི་མི་གཡོ་བའི་གོ་འཕང་

སྟེ། རྟག་པའི་གནས་སྐབས་དེར་འཇུག་པའོ། །དེ་ཡང་ཇི་ལྟར་གདགས་པ་ཐ་དད་པའི་ཆུ་བོ་བཞིན་ཏེ། འདི་ལྟར་ཕྱོགས་མཐོན་པོ་དང་། དམའ་བ་ལ་འཇུག་པའི་ཆུ་ཀླུང་ཆེན་པོ་ནི་གང་གཱ་ལ་སོགས་པར་འདུས་པར་འགྱུར་རོ། །དེ་ལས་རྒྱ་མཚོ་ཆེན་པོ་བབ་པ་

ན་སྔོན་གྱི་ཐ་སྙད་ཐམས་ཅད་འགགས་པར་འགྱུར་བ་བཞིན་ནོ། །ཇི་སྲིད་ན་ཡང་དེ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བས་གདུལ་བ་ལ་ཕན་གདགས་པའི་ཆེད་དུ་རེ་ཞིག་འདི་ཉིད་དུ་གནས་ན་ཡང་དབང་པོ་ལ་སོགས་པའི་ལྷ་རྣམས་ཀྱིས་དེ་ལན་དུ་

མར་བལྟས་ཀྱང་བསམ་དུ་མེད་པ་ཡིན་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ཇི་ལྟ་བུ་ཞེ་ན། གང་ཞིག་ཁོང་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ནམ་ཞིག་ན་བདག་གིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་

མཐོང་ཞིང་དེ་ལ་བསོད་སྙོམས་དབུལ་བར་འགྱུར་ཞེས་བསམས་པ་དང་། དེའི་དབང་དུ་མཛད་དེ་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་ཞིག་ནི་སེམས་ཅན་ཆེན་པོའོ། །ཁོང་ན་ཞེས་བྱ་བ་ནི་ནང་གི་བྱེད་པ་སྟེ་སེམས་ཞེས་བྱ་བའི་དོན་ཏོ། །འཁྲུག་པ་དག་

ཅེས་བྱ་བ་ནི་འཁྲུག་པར་བྱེད་པ་དང་བདག་ཉིད་ཆེན་པོ་རྣམ་པར་འཇོམས་པ་ནི་འདིའི་ངེས་པའི་ཚིག་གོ། །ཁོང་ཁྲོ་བ་དང་། ཕྲག་དོག་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དག་བསྒྲུབ་པའི་ཕྱིར། འདིར་མང་པོའི་ཚིག་ཏུ་བསྒྲུབ་པ་ཡིན་ཏེ། རྒྱུད་ལ་བྱམས་པ་ལ་

སོགས་པས་ཡོངས་སུ་བསྒོས་པ་ཡིན་ན་ཁྲོ་བའི་སྐབས་ལྟ་ག་ལ་ཞིག་ཡོད་པར་འགྱུར་བའོ། །འདིས་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བར་བསྟན་ཏོ། །གང་ཞིག་སྲིད་དང་སྲིད་མིན་ལས་ལྡོག་པ། །ཞེས་བྱ་བ་ནི་རྣམ་པ་འདིས་སྲིད་པ་ནི་གང་ཞིག་སྲིད་

Vol. 149 · folio 159a

པ་སྟེ། ལྷའམ་ལྷ་ལས་གཞན་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ནི་སྲིད་པ་ཉིད་དེ་སྲེད་པ་ལས་ལྡོག་པ་དང་། འདས་པ་སྟེ། སྲིད་པ་སྲེད་པ་ཞེས་བྱ་བའི་དོན་ཏོ། །སྲིད་པ་མ་ཡིན་པ་ནི་སྲིད་པ་དང་བྲལ་བ་སྟེ། སྲེད་པ་ལས་

འདས་པའི་ཕྱིར་འདིས་ནི་ས་གོང་མའི་འདོད་ཆགས་དང་བྲལ་བར་བསྟན་ཏོ། །དེ་ནི་འཇིགས་བྲལ་ཞེས་བྱ་བ་ནི་སྐྲག་པ་དང་བྲལ་བ་སྟེ། འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བདེ་བ་ནི་བདེ་བ་ཡང་དག་པར་སྐྱེས་པའོ། །སྙིང་པོར་གྱུར་པའི་བདེ་བ་

འདི་ཡོངས་སུ་སྤངས་ཀྱང་འདི་མི་ཞན་ཅིང་ཁྱད་པར་གྱི་བདེ་བ་ཡོད་པས་ཡོངས་སུ་ཐར་བའི་ཕྱིར་ཏེ། གཟུགས་ལས་འདོད་ཆགས་དང་བྲལ་ཞིང་ཁྱད་པར་ཅན་གྱི་མཆོག་ཏུ་དགའ་བ་འཐོབ་པའི་ཕྱིར་རོ། །མྱ་ངན་མེད་ཅེས་བྱ་བ་ནི་གཟུགས་མེད་པ་ལས་འདོད་ཆགས་

དང་བྲལ་བ་སྟེ། དེ་ནི་རྒྱུད་ཀྱི་གདུང་བ་ཐམས་ཅད་ཡང་དག་པར་ཟད་པའི་ཕྱིར་རོ། །ལྷས་ཀྱང་བལྟ་ཞིང་བསམ་དུ་མེད་པར་འགྱུར། །ཞེས་བྱ་བ་ནི་བསམ་དུ་མེད་པ་ནི་ངོམས་པ་མེད་པ་སྟེ། སྐད་ཀྱི་བྱིངས་ཀྱི་དོན་ནི་སྣ་ཚོགས་པའི་དོན་ཡིན་པས་བསམ་དུ་

མེད་པ་ནི་ངོམས་པ་མེད་པའོ། །ཡང་ན་བསམ་པ་ནི་ངེས་པ་ཡིན་ལ་བསམ་དུ་མེད་པ་ནི་ངེས་པ་མེད་པ་སྟེ། དེ་དག་གི་གཟུགས་ལས་འདིར་བལྟས་པས་ནང་གི་དེ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའམ་ཤེས་པར་ནུས་པ་ནི་མེད་དོ། །ལྷས་ཀྱང་ཟིལ་གྱིས་ནོན་མི་འགྱུར། །

ཞེས་གཞན་དག་ཏུ་བརྗོད་དོ། །འདིའི་དོན་ནི་བདུད་ཀྱི་རིས་ཀྱི་ལྷ་དེས་ཀྱང་བར་དུ་གཅོད་པར་མི་ནུས་སོ་ཞེས་བྱ་བའོ། །ཇི་ལྟར། དགེ་སློང་འཇིགས་པ་དང་བྲལ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ་བཤད་པ། འདོད་པའི་དངོས་པོ་སྤངས་པའི་ཕྱིར་ཏེ།

འདི་ཉིད་གསལ་བར་བསྟན་པ་ནི་འདི་ན་གང་དག་ཅེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་གསལ་རྒྱལ་གྱིས་ཞུན་མར་དང་ཏིལ་མར་གྱི་སྦྱིན་གཏོང་གི་ཁང་པར་གཏན་པ་མེད་པ་བཞག་ཅིང་ཁྱིམ་དུ་མི་ཁྱེར་བར་དེ་ཉིད་དུ་བདག་ཉིད་ཅི་འདོད་པ་འཐུང་དུ་འཇུག་པ་ལས་

Vol. 149 · folio 159b

ཀུན་དུ་རྒྱུ་ཞིག་གིས་རང་གི་ཆུང་མ་བུ་བཙས་ནས་དེར་སྣུམ་དགོས་པས་དེ་དེར་སོང་སྟེ། ཞུན་མར་མང་པོ་འཐུངས་ནས་ཁྱིམ་དུ་སོང་ལ་ཆུང་མ་ཚིམ་པར་བྱའོ་ཞེས་བསམས་ནས་ཞུན་མར་མང་པོ་འཐུངས་པ་ལས་མ་ཞུ་སྟེ་སྲང་དུ་འགྱེལ་བ། བཅོམ་ལྡན་འདས་ཉན་

ཐོས་ཀྱི་དགེ་འདུན་དང་བཅས་པ་བསོད་སྙོམས་ཀྱི་ཕྱིར་གཤེགས་པས་གཟིགས་ཏེ། འཕགས་པ་ཀུན་དགའ་བོས་དེའི་གཏམ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །དེ་གསུང་ནས་དེ་ཉིད་དུ་དུས་བྱས་པ་ལས་

དེའི་སློབ་མས་དེ་བསླང་བར་འདོད་ཀྱང་བསླང་བར་མ་ནུས་སོ། །བཅོམ་ལྡན་འདས་འཁོར་དང་བཅས་པས་དེ་ལ་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། འདིར་གང་གིས་གང་ལ་སོ་སོར་རིག་ཅིང་ཆགས་པ་མེད་པའི་ཐུབ་པ་དེ་ནི་བདེ་སྟེ། དེས་བྱས་པ་ནས་བརྩམས་ཏེ།

སྐྱེ་བོ་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་སོ། །གང་དག་ཅེས་བྱ་བ་ནི་བདག་ཉིད་ཆེན་པོའོ། །ཅི་ཡང་མེད་པ་ཞེས་བྱ་བ་ནི་ཆུང་མ་ལ་སོགས་པ་ཡོངས་སུ་བཟུང་བའི་དངོས་པོ་ཅི་ཡང་མེད་པའོ། །ཀྱེ་རེ་བདེ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཞེས་

བྱ་བའི་དོན་ཏོ། །འདི་ན་ཞེས་བྱ་བ་ནི་འདོད་པའི་ཁམས་དང་འདོད་པའི་ཁམས་སུ་འཇུག་པའོ། །ཅི་ཡང་མེད་པ་མ་ཡིན་པ་ནི་ཤིན་ཏུ་བདེ་བ་ཆེན་པོ་ཡང་དག་པར་འབྱུང་བ་མ་ཡིན་ནོ། །གཞན་ཇི་ལྟ་བུ་ཞེ་ན། ཆོས་མང་མཐོང་ཞིང་རྟོགས་པ་ཞེས་བྱ་བ་འདི་སྟེ་ཡོངས་སུ་བཟུང་བ་གཉིས་མེད་པ་

སྲེད་པ་རྩ་བ་ནས་སྤངས་པ་དང་དགག་པའོ། །དེ་ལས་དང་པོའི་དབང་དུ་བྱས་པ་ནི། ཡང་དག་པའི་ཤེས་པས་ངེས་པར་བྱས་པ་ནི་རྟོགས་པའི་ཆོས་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་གང་ཡིན་པ་དེ་ཉིད་དེ། མཐོང་བ་དང་བསྒོམ་པའི་ལམ་གཉིས་

ཀྱིས་གནས་པའི་ཚངས་པར་སྤྱོད་པ་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཉིས་པའི་དབང་དུ་བྱས་ནས། མང་ཐོས་ཞེས་བྱ་བ་སྨོས་ཏེ། ལུང་མང་པོ་རྟོགས་པར་བྱ་བ་ཕྱིན་ཅི་མ་ལོག་པར་མ་རྟོགས་པའི་ཕྱིར་ཏེ། གསུང་རབ་ཡན་ལག་

Vol. 149 · folio 160a

བཅུ་གཉིས་ཀྱི་དོན་མང་པོ་ཕྱིན་ཅི་མ་ལོག་པར་ཉན་ཅིང་ཐོས་པ་གང་གིས་མ་བསྒོམས་པ་དེའོ། །ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པ་གཉིས་ཀྱིས་ནི་ཉོན་མོངས་པ་འགོག་པར་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཅི་ཡང་མེད་པ་བདེ་བ་ཆེན་

པོ་ཡིན་ཞེ་ན། ཅུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས། །ཞེས་བྱ་བ་སྟེ་ཡོངས་སུ་བཟུང་བ་དང་བཅས་པ་ལ་ལྟོས་ཞེས་བྱ་བ་ནི་ལྟ་བར་གྱིས་ཤིག་པའོ། །བརླག་པར་ཞེས་བྱ་བ་ནི་ཕོངས་པར་གྱུར་པ་དང་། ཤི་བར་གྱུར་པ་དང་། ཉམ་ཐག་པ་དང་། གནོད་པར་གྱུར་

པའོ། །སྐྱེ་བོ་ནི་ཀུན་དུ་རྒྱུ་བའོ། །སྐྱེ་བོ་ལ་ཞེས་བྱ་བ་ནི་ཆུང་མ་ལ་སོགས་པའོ། །སྐྱེ་བོ་ཇི་ལྟ་བུ་ཞེ་ན། སེམས་ལ་རབ་ཆགས་ཤིང་ཞེས་བྱ་བ་ཡིད་ལྷག་པར་ཞེན་པ་སྟེ། འདོད་པའི་འདོད་ཆགས་ཀྱི་རྗེས་སུ་ཞེན་པ་ཞེས་བྱ་བའི་དོན་ཏོ། །གང་ཡུལ་ལ་སེམས་

ཆགས་པ་དེ་ཉིད་དབང་པོ་མ་དུལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུས་ལ་རབ་ཆགས་ཤིང་ཞེས་བྱ་བ་སྟེ། གཟུགས་དག་ལ་རབ་ཏུ་ཆགས་པའི་དབང་པོ་གང་ཡིན་པ་སྟེ། དབང་པོ་མ་དུལ་བ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ཡང་ཞུན་མར་ཤས་ཆེར་འཐུང་བའི་ལུས་ནི་

གཟུགས་སོ། །སེམས་མ་དུལ་བ་ལ་ནི་ལེ་ལོ་ལ་སོགས་པ་འབྱུང་ཞིང་ལུས་ལ་གནོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ་དབེན་པ་མེད་པའི་ཕྱིར་རྟོགས་པ་ཡང་མེད་དོ། །དེ་ལ་མ་དུལ་བ་ལ་གནས་པ་ནི་སྡུག་བསྔལ་བ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྨྲས་པ།

སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ། །ཞེས་བྱ་བ་སྟེ་ཡོངས་སུ་བཟུང་བ་མེད་པའི་སྐྱེ་བོ་ཉིད་ནི་བདེ་བ་ལ་སྤྱོད་པ་ཡིན་ཏེ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡོན་ཏན་རྟོགས་པའི་ཁྱད་པར་གྱིས་ཅི་ཡང་མེད་པ་ཉིད་ཀྱི་ཁྱད་པར་གྱི་ཤེས་པ་དང་ལྡན་པའི་ཕྱིར་ཡོན་ཏན་རྟོགས་

པར་འགྱུར་བ་ཡིན་ནོ། །ལྷག་མ་ནི་བསྟན་ཟིན་ཏོ། །དབེན་པའི་ཤེས་པ་ལ་བརྟེན་ནས་ཅི་ཡང་སྤངས་པས་ནི་རང་དབང་གི་བདེ་བ་འཐོབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་གྱི་དབང་གྱུར་ཀུན་སྡུག་སྟེ། །ཞེས་བྱ་བ་ལ་སོགས་པའོ། །རྒྱལ་

Vol. 149 · folio 160b

པོ་གསལ་རྒྱལ་གྱིས་རི་དགས་འཛིན་གྱི་མ་ས་ག་ལ་རྫས་ཐམས་ཅད་ལ་ཤོ་གམ་མེད་པ་དང་གྲུ་བཙས་མེད་པར་གནང་ངོ་། །དེ་ཤར་ཕྱོགས་ནས་ཤོ་གམ་བྱ་བའི་རྫས་ཁྱེར་ཏེ་འོངས་ནས་དེའི་ཕྱིར་རྒྱལ་པོ་ལ་ལན་གསུམ་གྱི་བར་དུ་ཞུ་བ་བྱ་བའི་ཕྱིར་ཆས་པ་ལས་

སྐབས་མ་རྙེད་དེ། ཡིད་བྱུང་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ཏེ་སྐབས་འདི་རྒྱ་ཆེར་གསོལ་པ་དང་ཚིགས་སུ་བཅད་པ་འདི་གསུངས་སོ། །ཀུན་ཞེས་བྱ་བ་ནི་མ་ལུས་པའོ། །གཞན་གྱི་དབང་ཞེས་བྱ་བ་ནི་གང་གཞན་ལ་རག་ལུས་པ་ཞེས་བསྡུ་བ་བྱས་ཏེ། །

གཞན་ལ་རག་ལུས་པ་དང་གཞན་དང་འབྲེལ་པའི་དངོས་པོ་ནི་སྡུག་བསྔལ་བ་ཡིན་ཏེ། ཉེ་བར་གདུང་བར་བྱེད་པའི་ཕྱིར་རོ། །རང་དབང་ཡོད་པ་ཐམས་ཅད་བདེ། །ཞེས་བྱ་བ་ནི་གང་ཅུང་ཟད་བདག་ཉིད་འདོད་པ་བཞིན་དུ་བྱེད་པ་དེ་ནི་མངོན་སུམ་དུ་མངོན་པར་འདོད་པ་

སྒྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་དེས་ཇི་ཞིག་ཅེ་ན། ཐུན་མོང་གྱུར་པ་ཞེས་བྱ་བ་སྨོས་ཏེ་འདི་སྐད་སྟོན་ཏོ། །གང་གཞན་གྱི་དབང་དེ་ནི་ལོས་ཀྱང་སྡུག་བསྔལ་བ་ཡིན་ཏེ། འཁོར་བ་པའི་དངོས་པོ་འདི་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་གཞན་གྱི་དབང་ཡིན་པའི་

ཕྱིར་སྡུག་བསྔལ་བ་ཉིད་དེ་འདི་ལྟར་རྒྱུ་དང་རྐྱེན་ནི་ཐམས་ཅད་དུ་ཡོད་པའི་ཕྱིར་ཐུན་མོང་སྟེ། སྤྱིའི་ཡིན་པས་ཁྱེད་ཅག་འཁོར་བའི་ནང་ན་གནས་པའི་སེམས་ཅན་དུས་ཇི་ལྟ་བར་བརླག་པ་དང་། གནོད་པར་འགྱུར་བར་ཟད་དེ། དེས་བྱས་པའི་ལུས་དང་སེམས་ཀྱི་

གདུང་བ་ཉམས་སུ་མྱོང་བའི་ཕྱིར་རོ། །ཇི་སྐད་དུ་བཤད་པ། གལ་ཏེ་དེ་ལྟ་ན་གནོད་པར་བྱེད་པའི་རྒྱུ་ཡིན་པས་དེ་མ་ཐག་ཡོངས་སུ་སྤང་བར་མི་ནུས་པ་ཡིན་པས་སྦྱོར་བ་ཞེས་སྨོས་ཏེ། འདིས་འགྲོ་བ་ལ་སོགས་པ་དག་ཏུ་སྦྱོར་བ་ཡིན་ནོ་ཞེས་བྱས་སོ། །ཡང་ན་

འདོད་པའི་སྦྱོར་བ་རྣམ་པ་བཞི་དག་ལས་སོ། །ཤིན་ཏུ་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཅིའི་ཕྱིར་དེ་དག་བརླག་ཅེ་ན། དེའི་རྩ་བར་གྱུར་པའི་སྦྱོར་བ་ནི་སྤང་བར་དཀའ་བ་ཞེས་བྱ་བའི་དོན་ཏེ། སྤང་བར་དཀའ་བ་ནི་འདའ་བར་དཀའ་བའོ། །འདི་སྡུག་བསྔལ་

Vol. 149 · folio 161a

གཅིག་པུར་མ་ཟད་དེ། གང་རྒྱལ་པོ་ལ་ལན་གསུམ་དུ་མཐོང་ཡང་ཉོན་མོངས་པ་དང་ལས་ཡོད་པས་ནམ་ཡང་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ཏེ་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱི་བདག་ཉིད་དོ་ཞེས་བསྟན་ཏོ། །རྣམ་པར་

འབྱེད་པ་ལས་བཤད་པའི་དོན་ནི་གནས་སྐབས་གཞན་དུ་བརྗོད་དེ། ཁྱིམ་བདག་ཡོངས་སུ་འབྲིམ་པ་ན་དགེ་བའི་བཤེས་གཉེན་ཉེ་དགའ་མ་རྙེད་པས་མ་བྲིམས་ཏེ། དགེ་འདུན་གྱི་དུས་ཡོལ་བ་ལས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །དེ་ལ་འདིའི་དོན་ནི་

གཞན་གྱི་དབང་ཐམས་ཅད་སྡུག་བསྔལ་བ་ཡིན་ཏེ། གང་གི་ཕྱིར་ཐུན་མོང་དུ་གྱུར་པ་ཡིན་ཡང་གང་དགེ་འདུན་གྱིས་བསྟན་ཅིང་ཉེ་བར་བཏགས་པའི་བཟའ་བ་དང་བཏུང་བས་དགེ་སློང་གི་དགེ་འདུན་དག་བརླག་པར་ཟད་དེ་མ་ཐོབ་པ་ལས་སོ། །དེ་ལ་རྒྱུ་གང་

གིས་སྦྱོར་བ་ཡིན་ཞེ་ན། །ཡུན་རིང་པོར་ཡོངས་སུ་བསགས་པའི་གཟུགས་དང་འབྲེལ་པའོ། །དེ་ཡང་དཀའ་བས་བཙལ་བ་ཡིན་པའི་ཕྱིར་ཤིན་ཏུ་སྤང་དཀའ་བའོ། །སྲེད་པ་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཉིད་སྤངས་ན་རང་དབང་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ་

ཞེས་བསྟན་པའི་ཕྱིར། ཞེན་པར་འགྱུར་བའི་མི་ནང་ན། །ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོའི་ཁབ་ན་ཚེ་དང་ལྡན་པ་བཟང་ལྡན་བྱ་བ་བྱས་ཤིང་མཚན་མོ་ཐོ་རངས་ཀྱི་དུས་སུ་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། བདག་ནི་བདེའོ་ཞེས་སྨྲས་པ་དང་། དེ་ལ་དགེ་སློང་རྣམས་

ཀྱིས་དྲིས་པ། ཅི་སྔོན་གྱི་འདོད་པ་དག་དྲན་ནམ་ཞེས་པ་དང་། དེས་ཚིགས་སུ་བཅད་པ་ལྔ་བཤད་དེ། སྔོན་གྱི་སངས་རྒྱས་ཀྱིས་གསུངས་པ་འདི་གཟུང་བར་བྱའོ་ཞེས་གསུངས་སོ། །བདེ་བ་ནི་བྱ་བའི་ཁྱད་པར་དུ་བྱེད་པ་ཡིན་ཏེ། བསྔགས་པའི་བདེ་བ་འདིས་འཚོ་བའི་

ཁྱད་པར་ཡིན་ནོ། །ཀྱེ་མའོ་ཞེས་བྱ་བ་ནི་དགའ་བ་སྟེ་འཚོ་བ་འཛིན་པ་ཡིན་ནོ་ཞེས་དགའ་བ་དང་ལྡན་པས་འདི་སྨྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། ཞེན་པའི་ནང་ན་ཞེན་པ་མེད་པ་ཞེས་བྱ་བའོ། །དགའ་བ་དག་ལ་ཞེས་བྱ་བ་ནི་དམིགས་ཀྱིས་དབྱེ་བ་བདུན་པོ་སྟེ། །

Vol. 149 · folio 161b

ཡུལ་ལ་དགའ་བ་དག་གི་ནང་ནས་བདག་ནི་དེ་ལ་དགའ་བ་མེད་པའོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་ཞེན་པའི་ནང་ན་ཞེས་བྱ་བ་སྟེ། གང་དགོན་པ་མུ་གེ་ལ་སོགས་པ་དག་དང་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་གྱིས་གཙོས་པའི་ནང་དུ་བཟའ་བ་དང་བཏུང་

བའི་ལོངས་སྤྱོད་ཡོངས་སུ་བསགས་པ་དེ་ཉིད་བདེ་བར་གནས་པ་ཡིན་ནོ། །དེ་བཞིན་དུ་སྲེད་པའི་ཀུན་དུ་སྦྱོར་བ་ཡོངས་སུ་མ་བཅོམ་པའི་ནང་དུ་དེ་བཅོམ་པ་གནས་པ་ནི་ཇི་ལྟར་བདེ་བར་མི་འཚོ་བ་ཡིན་ཏེ། དེ་བས་ན་འདིས་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་བསྟན་

ཏོ། །ཞེ་སྡང་སྤང་བའི་ཕྱིར་སྨྲས་པ། ནད་ཀྱིས་ཐེབས་པ་ཞེས་བྱ་བ་ལ་སོགས་པའོ། །ཉམ་ཐག་པས་གནོད་པར་གྱུར་པ་ནི་ནད་ཀྱིས་ཐེབས་པ་སྟེ་གནོད་པས་ཉམ་ཐག་ཅིང་གདུང་བར་བྱེད་པའི་ཕྱིར་ནད་དོ། །བྱམས་པ་ལ་སོགས་པའི་མཐུས་ཁྲོ་བ་བསལ་བ་ནི་ནད་མེད་པ་

ཞེས་བརྗོད་དོ། །འདོད་ཆགས་དང་ཞེ་སྡང་གཉིས་ཀྱིས་ནི་ཕལ་ཆེར་གཞན་ལ་གནོད་པ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཚེ་བ་ཅན་གྱི་མི་ནང་ན། །ཞེས་བྱ་བས་རྣམ་པར་ཐོ་འཚམས་པ་སྟེ་ཚིག་གིས་གཞན་ལ་འཚེ་བ་དང་ལུས་ཀྱིས་ཁྱད་པར་དུ་འཚེ་བ་ཡིན་པས་འཚེ་

བར་བྱེད་པ་སྟེ་ཐོ་འཚམས་ཤིང་འཚེ་བར་བྱེད་པའོ། །དྲང་སྲོང་རྣམས་ཀྱི་ཡིད་ཀྱི་ཁྲོ་བས་ནི་ཁྱད་པར་དུ་ཡུལ་མི་ལ་སོགས་པ་འཇོམས་པར་བྱེད་པས་དེ་ལྟ་བུ་ལས་ཀྱང་བཟློག་པར་བསྟན་པའི་ཕྱིར། ཤ་ཁོན་ཅན་གྱི་མི་ནང་ན། །ཞེས་བྱ་བ་སྨོས་ཏེ། ཁོང་ཁྲོ་བ་དང་རྗེས་སུ་

འབྲེལ་པའི་ཤ་ཁོན་ཏེ་གང་ལ་ཡོད་པ་ནི་ཤ་ཁོན་ཅན་ཏེ་དབྱུག་པ་ཅན་བཞིན་ནོ། །རྒྱལ་པོ་ནི་ཕལ་ཆེར་ཉོན་མོངས་པ་བཞི་པོ་དེ་སྤྱོད་པ་ཡིན་པས་དེ་ཙམ་ཞིག་ཚིགས་སུ་བཅད་པ་དེས་བསྟན་ཏོ། །ཅུང་ཟད་ཀྱང་ལྷག་མ་མ་ལུས་པར་སྤངས་པར་གྱུར་ན་ནི་ཁྱད་པར་ཅན་གྱི་

བདེ་བ་ཡོད་དོ་ཞེས་བསྟན་པའི་ཕྱིར། མི་ཐི་ལ་དག་ཅེས་བྱ་བ་ལ་སོགས་པའོ། །མི་ཐི་ལའི་བདག་པོ་རྒྱལ་པོའི་དྲང་སྲོང་དུ་གྱུར་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་རི་ཞིག་ན་གནས་སོ། །ཅི་ཙམ་ན་མི་ཐི་ལ་མེ་ཆེན་པོས་ཚིག་པ་མཐོང་ནས་སངས་རྒྱས་ཀྱིས་གསུངས་

Vol. 149 · folio 162a

པའི་ཚིགས་སུ་བཅད་པ་གཅིག་སྨྲས་སོ། །ང་ལ་གང་དག་ཅེས་བྱ་བ་ནི་རང་ཉིད་ལའོ། །ཅི་མེད་པས་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་ལྷག་པར་ཞེན་པའི་དངོས་པོ་མེད་པ་སྟེ། སྡུག་བསྔལ་འབྱུང་བ་ཐམས་ཅད་ནི་དེ་དང་འབྲེལ་པའི་ཕྱིར་རོ། །

ཅིའི་ཕྱིར་ཞེ་ན། འདི་ལྟར་མི་ཐི་ལ་དག་ཅེས་བྱ་བས་བསྟན་ཏེ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ནི་དེ་ལ་ལྷག་པར་ཞེན་པ་ཟད་པའི་ཕྱིར་རོ། །གང་ལ་ཅི་ཡང་མེད་པ་དེ་ཉིད་ནི་ཟག་པ་མེད་ཅིང་བསམ་གཏན་གྱི་དགའ་བའི་བདུད་རྩིའི་རོ་ལ་ལོངས་སྤྱོད་པ་ཡིན་གྱི་

གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ང་ལ་ཅི་ཡང་མེད་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངེས་པར་མྱོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེ་ནས། དེ་བཞིན་གཤེགས་པའི་རྒྱུད་ལ་གནས་པ་ཡང་ངེས་པར་འབྲས་བུ་འབྱུང་བ་ཡིན་

ནོ་ཞེས་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་བྲམ་ཟེའི་གྲོང་སཱ་ལ་ཅན་དུ་བསོད་སྙོམས་ལ་གཤེགས་པ་ལས་དེ་ལ་བསོད་སྙོམས་མ་བརྙེས་ཏེ་སླར་གཤེགས་པ་དང་། བདུད་ཀྱིས་ཇི་ཞིག་མང་དུ་བརྙེས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། སྡིག་ཅན་ཇི་སངས་རྒྱས་ཀྱིས་རྙེད་པར་དཀའ་འོ་ཞེས་སེམས་སམ། དེ་བཞིན་གཤེགས་པས་ནི་བསོད་ནམས་མང་པོ་སྤེལ་བས་བརྙེས་སོ་ཞེས་བྱ་བ་དང་། དེའི་ཕྱིར་ཡང་ཞུགས་ཏེ་ཇི་ལྟར་ཐོབ་པ་དེ་ལྟར་ངས་བྱའོ་ཞེས་པ་ནས་ཚིགས་སུ་བཅད་པ་གཉིས་

གསུངས་སོ། །དགའ་བ་ཟ་བར་བྱེད་པས་ནི། །ཞེས་བྱ་བ་ནི་དགའ་བ་ཉིད་ལོངས་སྤྱོད་ཅིང་ཟ་བ་སྟེ། འདིར་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། འོད་གསལ་གྱི་ལྷ་ཞེས་བྱ་བས་བསྟན་ཏེ། བསམ་གཏན་

གཉིས་པའི་ལྷ་ནི་དགའ་བ་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །ཟང་ཟིང་མེད་པའི་དགའ་བ་དང་བཅས་པ་ལ་བཅོམ་ལྡན་འདས་ཉེ་བར་ལོངས་སྤྱོད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། འདི་ལྟར། འཇིག་ཚོགས་ལ་ནི་མི་བརྟེན་པས། །ཞེས་བྱ་བ་སྨོས་ཏེ།

Vol. 149 · folio 162b

འཁོར་བའི་དངོས་པོ་ལ་ལྷག་པར་ཞེན་པ་མེད་པའི་ཕྱིར་རོ། །ཟང་ཟིང་མེད་པའི་དགའ་བ་སྟོན་པ་འཚེ་བ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལེན་པའི་རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཛེས་དགའ་མོ་བསད་པ་དང་། དགེ་སློང་གྲོང་དུ་སོང་བའམ།

དགོན་པར་སོང་བ་ཡང་རུང་སྟེ་དེ་དག་གིས་མཐོང་ནས་ཁྱེད་ཅག་གི་དགེ་སྦྱོང་ཇི་ལྟ་བུ་ཞེས་བཤེས་པར་གྱུར་པ་དང་འདི་གསུངས་སོ། །གྲོང་ནི་སྐྱེ་བོ་མང་པོ་འཇུག་པའི་ཕྱོགས་ཏེ་སྐྱེ་བོ་དང་ལྡན་པའི་ཕྱོགས་སོ། །དགོན་པ་ཞེས་བྱ་བ་ནི་ནགས་ཀྱི་གནས་སོ། །བདེ་སྡུག་གིས་རེག་

པར་མི་འགྱུར་རོ་ཞེས་བྱ་བ་ལས་བདེ་བ་ནི་ཚིམ་པར་བྱེད་པའོ། །སྡུག་བསྔལ་ནི་ཉེ་བར་གདུང་བའོ། །རེག་པ་ནི་དོན་སྣ་ཚོགས་པ་ཡིན་ནོ། །བདག་དང་གཞན་གྱིས་བསྐྱེད་པའི་ཞེས་བྱ་བ་ནི་བདག་གིས་བསྒོམས་པས་བྱེད་པ་དེས་བྱས་པ་མེད་པའི་ཕྱིར་གཞན་གྱིས་བྱས་པའི་བདེ་

བ་དང་སྡུག་བསྔལ་ནི་ངེས་པར་བྱེད་པས་མ་བྱས་ཏེ། རྒྱུ་དང་རྐྱེན་དང་འབྲེལ་པའི་ཕྱིར་རོ། །བསྐྱེད་པ་ནི་འཛིན་པ་དང་འཆང་བ་ཞེས་བྱ་བའི་དོན་ཏོ། །འདིའི་རྐྱེན་དང་འབྲེལ་པའི་ཕྱིར་བཤད་པ། རེག་འགྱུར་ཞེས་བྱ་བས་ཏེ་གདུང་བར་བྱེད་པའོ། །ཕྲད་པ་ནི་གྲང་བ་ལ་སོགས་

པ་ཕྲད་པ་སྟེ། གཡེང་བ་ཞེས་བྱ་བ་ཡིན་ནོ། །ལེན་པའི་རྐྱེན་གྱིས་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་ལེན་པའི་རྒྱུ་ལ་བརྟེན་པའོ། །ལེན་མེད་ཅེས་བྱ་བ་ནི་ཉོན་མོང་པ་ལ་སོགས་པའི་སྐྱོན་དང་བྲལ་བ་སྟེ་ཇི་ཞིག་ཕྲད་ཅིང་རེག་པར་འགྱུར་ཏེ། མི་འགྱུར་རོ་ཞེས་བྱ་བའི་

དོན་ཏོ། །གང་གིས་ཇི་ལྟར་བདག་ཉིད་ཉམས་པ་མེད་པར་རྟོགས་པའོ་ཞེས་བྱ་བ་ནི་གང་གིས་ཇི་ལྟར་ངེས་པར་བྱ་ཞེ་ན། འདི་ལྟར། དེ་དག་ནི་ཀུན་དུ་འགྲོ་བར་བྱེད། ཅེས་བྱ་བ་སྟེ། འཕགས་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལ་མུ་སྟེགས་ཅན་གྱིས་བཀུར་སྟི་མ་ཡིན་པ་བྱས་

ཀྱང་ཞེ་སྡང་བར་མ་གྱུར་ཅིང་སྤངས་པའོ། །ཕན་གདགས་པའི་ཕྱིར་ཐམས་ཅད་དུ་འགྲོ་བས་ན་ཀུན་དུ་འགྲོ་བ་སྟེ། འདི་ནི་ཕན་འདོགས་པ་དང་གནོད་པ་བྱེད་པ་ཡིན་ནོ་ཞེས་མི་ལྟ་བའོ། །དེ་ལྟར་ཡང་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་ཞེས་བྱ་བས་བསྟན་ཏེ། བསམ་པ་དང་སྦྱོར་

Vol. 149 · folio 163a

བ་ཕུན་སུམ་ཚོགས་པའོ། །སྐྱེས་བུ་དམ་པར་ངེས་པར་བྱེད་པའི་རྟགས་བསྟན་པའི་ཕྱིར་བཤད་པ། འདོད་པའི་རྒྱུ་ཞེས་བྱ་བ་སྟེ་རྙེད་པ་དང་བཀུར་སྟིའི་ཆེད་དུའོ། །མི་འཁྱལ་བ་ཞེས་བྱ་བ་ནི་མིའི་ཆོས་བླ་མ་མེད་བཞིན་དུ་གཞན་ལ་སྨྲ་བ་མེད་པའོ། །ཅིའི་

ཕྱིར་ཞེ་ན། བརྟན་པའི་ཕྱིར་ཏེ། དེས་ན་བརྟན་རྣམས་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དེ་དག་བརྟན་པར་ངེས་ཤེ་ན་དེའི་ཕྱིར་བརྟན་པའི་འབྲས་བུ་བཤད་པ། འཇིག་རྟེན་འདི་ན་བདེ་བས་རེག་པ་ནི། །ཞེས་བྱ་བ་སྨོས་ཏེ། གྲོང་དང་འབྲེལ་པའམ་དགོན་པ་དང་འབྲེལ་པའི་བདེ་བ་དང་

སྡུག་བསྔལ་དང་ལྡན་པ་དེས་དམ་པ་བརྟན་པ་དག་མཐོ་དམན་དང་། སྲོ་ཤི་བ་དང་གཟེངས་མཐོ་བར་མི་འགྱུར་ཏེ། དགའ་བའམ་ང་རྒྱལ་དང་སྐྱོ་ཞིང་ཞུམ་པ་མེད་པ་ཞེས་བྱ་བའི་དོན་ཏོ། །བདེ་བའི་ཚོམས་ཏེ་སུམ་ཅུ་པའི་རྣམ་པར་འགྲེལ་པ་རྫོགས་སོ།། །།

བདེ་བ་ནི་སེམས་ལ་གནས་པ་ཡིན་གྱི་བདག་ལ་སོགས་པ་ལ་གནས་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་སེམས་ཀྱི་ཚོམས་བསྟན་ཏེ། གཟུང་བར་དཀའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགོན་པ་ནས་ལོག་པར་འདོད་པའི་རབ་ཏུ་བྱུང་བ་ཞིག་བཅོམ་ལྡན་འདས་

ཀྱི་སྤྱན་སྔར་འོངས་པ་དང་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་སེམས་ཀྱི་དབང་དུ་མ་འགྲོ་བར་སེམས་ལེགས་པར་རབ་ཏུ་བཏུལ་བར་བྱ་སྟེ། གང་གི་ཕྱིར་སེམས་རབ་ཏུ་བཏུལ་བར་བྱས་ཏེ། བསྲུངས་ན་ནི་བདེ་བ་འདྲེན་པར་བྱེད་པའོ་ཞེས་བྱས་ནས་འདི་གསུངས་

སོ། །དཀའ་བས་བཟུང་ཞིང་གདུལ་བ་འདི་ལ་ཡང་བ་སྟེ་ཤིན་ཏུ་ཕྲ་བར་ཡོད་པས་འཕགས་པ་ཀུན་དགའ་བོ་ལ་སོགས་པས་ཀྱང་དེ་རྟོགས་པར་དཀའོ་ཞེས་ཐོས་སོ། །ཡང་བ་ཞེས་བྱ་བ་ནི་སྤྲེའུ་བཞིན་དུ་མྱུར་དུ་འགྱུར་བར་བྱེད་པའི་ཕྱིར་ཏེ། ཇི་སྐད་དུ། སེམས་ལྟར་

ཡང་བར་འཇུག་པ་ནི་འདོད་པ་ན་ཆོས་གཅིག་ཀྱང་ཡང་དག་པར་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གཡོ་བ་ཞེས་བྱ་བའི་དོན་ཏོ། །གང་དུ་དགའ་བར་འགྲོ་བ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་དུ་ཡོངས་སུ་མ་བརྟགས་པས་སྤྱོད་པའི་ཕྱིར་ཏེ་གང་དུ་དགའ་བར་འགྲོ་

Vol. 149 · folio 163b

བའི་ཚུལ་དུ་འདི་ལ་ཡོད་པ་དེ་ནི་དེ་ཉིད་དོ། །ཡང་ན་གཟུང་བར་དཀའ་བས་ནི་གཟུགས་མེད་པ་ན་སྤྱོད་པའི་སེམས་བསྟན་ཏེ་དེ་ན་གནས་པའི་བྱིས་པ་ནི་སེམས་དུལ་བ་མེད་པའི་ཕྱིར་རོ། །ཡང་བ་ནི་གཟུགས་ན་སྤྱོད་པ་སྟེ་དགའ་བའི་བདེ་བ་ལ་ལྟོས་པས་བཏང་བའི་ཕྱིར་རོ། །

གང་དུ་དགའ་བར་འགྲོ་བ་ཡིན། །ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་དང་ལྡན་པའི་ཕྱིར་རོ། །ཡང་ན་ངན་སོང་གསུམ་དང་མི་དང་ལྷའི་སེམས་གོ་རིམས་བཞིན་དུ་སྦྱར་རོ། །སེམས་དུལ་བ་ནི་ལེགས་པ་སྟེ། །ཞེས་བྱ་བ་ནི་ཡང་དག་

པའི་ལམ་ལ་ཞུགས་པ་དང་། ལོག་པའི་ལམ་ལས་བཟློག་པས་ཉེ་བར་ཞི་བ་ནི་རབ་ཏུ་བསྔགས་པའོ། །ག་ལས་ཤེ་ན། འདི་ལྟར། སེམས་དུལ་བ་ཡིས་བདེ་བ་འདྲེན། །ཅེས་བྱ་བ་ནི་སེམས་དུལ་བ་ཁོ་ནས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་

ཐམས་ཅད་སྐྱེད་པའི་ཕྱིར་རོ། །སེམས་མ་དུལ་བའི་ཕྱིར་སྲིད་པ་སྤངས་པ་ལ་མངོན་པར་དགའ་བ་མེད་པར་བསྟན་པ། བདུད་ཀྱི་གཞི་དག་ཅེས་བྱ་བ་ལ་སོགས་པའོ། །ཆུ་བོ་ཨེ་ར་བ་ཏྱའི་འགྲམ་དུ་ཉ་དག་རྒྱས་ཕྱུང་སྟེ་བྱེ་མའི་ཕུང་པོ་ལ་བོར་བ་དེ་ཤིན་ཏུ་གཡོ་ཞིང་

འགུལ་བར་གྱུར་ཏོ། །ཕྱོགས་དེ་ན་ཡང་དགེ་སློང་རྣལ་འབྱོར་ཅན་ཞིག་གནས་ཏེ་དེའི་སེམས་གཡོ་བར་གྱུར་ཅིང་ཇི་ཙམ་ན་ཉ་དེ་མཐོང་ནས་རང་གི་སེམས་ལ་སྤྱོ་བ་བྱས་སོ། །ཆུ་ལས་སྐྱེས་པ་ཡིན་པས་ཆུ་སྐྱེས་ཏེ་ཉའོ། །ལྟ་བུ་ནི་ཇི་ལྟ་བ་བཞིན་ནོ། །ཐང་ལ་བོར་

བ་ནི་སོ་གའི་དུས་ཀྱི་ཚ་བས་གདུངས་པའི་བྱེ་མའི་ཐང་ལ་བོར་བའོ། །ཅིའི་ཕྱིར་དེར་བོར་ཞེ་ན། ཆུ་བོའི་གནས་ནས་རབ་བཏོན་ཏེ། །ཞེས་བྱ་བ་ཡིན་ཏེ། ཆུའི་གནས་ཀྱི་ཚོགས་ཆེན་པོའི་རང་བཞིན་ལས་མཆིལ་པ་ལ་སོགས་པས་དྲངས་པས་སོ། །ཡོངས་སུ་གཡོ་

ཞེས་བྱ་བ་ནི་ཡོངས་སུ་འགུལ་ཞིང་རྣམ་པར་འཕར་བ་སྟེ་འདུ་ཞིང་འཕྲོ་བ་ཞེས་བྱ་བའི་དོན་ཏོ། །བདག་གི་སེམས་ནི་ཞེས་བྱ་བ་ནི་བདག་ཡིད་ཡོངས་སུ་གཡོ་བ་ནི་རབ་ཏུ་མི་འཇུག་པའོ་ཞེས་བསྟན་ཏོ། །བདུད་ཀྱི་གཞི་ཞེས་བྱ་བ་ནི་ཕོངས་པ་ཐམས་ཅད་ཀྱི་རྩ་བ་ཉོན་མོངས་

Vol. 149 · folio 164a

པའི་བདུད་དེ་ཉེ་བར་དུལ་བ་ལ་ཞུགས་པའི་བདག་གི་སེམས་ནི་དེ་ལྟར་མི་འཇུག་སྟེ། ཇི་ལྟར་འཁོར་བ་ཡོངས་སུ་བཟུང་བའོ། །བདུད་ཉིད་བདུད་ཀྱི་གཞི་སྟེ་མིང་གི་གཞི་བཞིན་ནོ། །སྤང་བ་དང་ཞེས་བྱ་བ་ནི་ཡོངས་སུ་སྤང་བ་ཉིད་ལ་གཡོ་བ་ཡིན་

གྱི་འཁོར་བ་དང་འཁོར་བ་བསྟེན་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་བསྟན་པས་ནི་གདུལ་བར་མི་ནུས་སོ་ཞེས་བཤད་པ། མཁས་པས་མི་ནུས་པ་ནི་མེད་དེ་ཇི་སྐད་དུ་དུག་འབྱིན་པ་དང་། སྦྲུལ་ལེན་པ་དང་། ཐོག་འབབ་པ་དག་ཉེ་བར་ཞི་བར་བྱེད་ལ།

ཕྱོགས་ཀྱི་གླང་པོ་ཡང་དུལ་བར་བྱེད་དེ་མཁས་པ་རྣམས་ལ་ནི་མི་འགྲུབ་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེས་ན་ཡུལ་དག་ལ་སེམས་རབ་ཏུ་བསྡུ་བའི་ཐབས་ནི་མཁས་པ་ཉིད་ཀྱིས་ནུས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉི་མ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

རིའི་རྩེ་མོའི་ཕྱོགས་གཅིག་ན་དགེ་སློང་དགོན་པ་པ་ཞིག་ཡོད་དེ་ཉོན་མོངས་པ་སྤངས་པའི་ཕྱིར་ཞུགས་པ་ན་དེའི་སེམས་ཡུལ་དག་ལ་རྒྱུག་པར་གྱུར་ཏོ། །དེའི་ཚེ་ཉི་མ་ཤར་ལ་དེ་དང་ཉེ་བ་ན་རྒྱལ་པོའི་གླང་པོ་ཆེ་འདུལ་བར་བྱེད་པ་དེ་མཐོང་ནས་འདི་བཤད་དོ། །སོ་

སོ་ནི་རྣམ་པ་སྣ་ཚོགས་པའི་ཡུལ་གྱི་ལས་དག་ལའོ། །རྒྱུག་པ་ནི་འཇུག་པའོ། །གང་ཇི་ལྟ་བུ་ཞེ་ན། ཉི་མ་ལས་ནི་འོད་ཟེར་ལྟར། །ཞེས་བྱ་བ་དཔེར་ན་སྤྲིན་དང་དུ་བ་དང་རྡུལ་ལ་སོགས་པ་དང་བྲལ་བའི་ནམ་མཁའ་ལ་གནས་པའི་ཉི་མའི་འོད་ཟེར་ནི་ཀུན་དུ་གེགས་

མེད་པར་ཁྱབ་པར་འགྱུར་བ་དེ་བཞིན་ཏེ། གསལ་བའི་ཕྱིར་དང་། ཐུན་མོང་གི་ལས་ལས་གྱུར་པའི་ཕྱིར་ཞེས་བསྟན་ཏོ། །དེས་བཟློག་སྟེ་ཞེས་བྱ་བ་ནི་ཡུལ་དག་ལས་ངེས་པར་ལེན་པ་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་སེམས་སོ། །མཁས་པ་ནི་ཐབས་ཀྱི་ཁྱད་པར་

ཤེས་པའོ། །འདིར་དཔེ་བསྟན་པ། ལྕགས་ཀྱུ་ཡིས་ནི་གླང་ཆེན་བཞིན། །ཞེས་བྱ་བ་དཔེར་ན་གླང་པོ་ཆེ་ཞོན་ནས་ལྕགས་ཀྱུས་གླང་པོ་ཆེ་སྨྱོན་པ་ཡང་ལམ་མ་ཡིན་པ་ལས་ཟློག་པར་བྱེད་པ་བཞིན་ནོ། །རྣལ་འབྱོར་ཅན་དེ་ཉིད་ཡང་སེམས་ལ་ཡོངས་སུ་སྤྱོ་བར་

Vol. 149 · folio 164b

བྱེད་ཅིང་ངོ་། །སྨྲའོ་ཞེས་བྱ་བ་ནི་བརྗོད་དོ་ཞེས་བྱའོ། །དེ་ལ་ཞེས་བྱ་བ་ནི་སེམས་ལའོ། །ང་ནི་བདག་ཉིད་དོ། །སེམས་དེ་ཇི་ལྟ་བུ་ཞེ་ན་སྙིང་པོ་མེད་པ་ཞེས་སྨོས་ཏེ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །བལྟར་མེད་པ་ནི་མིག་གི་ཡུལ་དུ་མ་གྱུར་པའི་ཕྱིར་མི་ཤེས་པར་སྤྱོད་པ་སྟེ་རྐུན་མ་བཞིན་

ནོ། །དེ་སྤང་བའི་ཐབས་ལ་འཇུག་པས་བདག་ཉིད་ལ་བསྟན་པའི་ཕྱིར། རྟག་ཏུ་གདུལ་བར་བྱ་བའི་ཕྱིར། །ཞེས་བྱ་བ་སེམས་འདི་ལ་སྟོན་པ་སྟེ། བདག་ཉིད་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྤྱོད་ཡུལ་དང་རྗེས་སུ་མཐུན་པ་དུས་ཐམས་ཅད་དུ་མཚུངས་པ་མེད་པ་སྟེ་

གཟུགས་ལ་སོགས་པ་ལྔའོ། །ཡང་ན་ཡུལ་མ་ཡིན་པ་དག་ལས་བཟློག་པའོ། །ཅིའི་ཕྱིར་ཞེ་ན། ང་ལ་དོན་མེད་ཅེས་བྱ་བ་སྨོས་ཏེ། བདག་ལ་གནོད་པའི་ཕྱིར་འདི་དང་གཞན་དུའོ། །སྤྱོད་པ་དང་ཞེས་བྱ་བ་ནི་འཇུག་པའོ། །ཡང་བྱ་བ་ཡིན་པ་ལ་ངས་འདི་ཉིད་ཡོངས་སུ་གཏང་

བར་མི་བྱ་སྟེ། དེ་བས་ན་དེ་ཉིད་བཤད་པ། སེམས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཞེས་བྱ་བ་ནི་སེམས་སོ། །སྔོན་ཆད་ནི་གཞན་དུ་སྟེ་བླུན་པའི་གནས་སྐབས་སོ། །སྤྱོད་ཅིང་ཞེས་བྱ་བ་ནི་སྤྱད་པར་བྱས་པ་སྟེ་རབ་ཏུ་འཇུག་པར་གྱུར་པའོ། །རྒྱུ་བར་བྱེད་པ་དག་

ཅེས་བྱ་བ་ནི་འགྲོ་ཞིང་འཇུག་པ་སྟེ་གཟུགས་དང་སྤྱོད་ཡུལ་དག་ལའོ། །ཇི་ལྟ་བུར་ཞེ་ན། ཇི་ལྟར་འདོད་པར་ཞེས་བྱ་བ་ཡིན་ཏེ། གང་གིས་འདོད་པ་བཞིན་དུ་འཇུག་པ་ཆོས་དང་ཆོས་མ་ཡིན་པ་དེ་བཞིན་དུ་སྤྱོད་པའོ། །འདི་ནི་བྱ་བའི་ཁྱད་པར་རོ། །གང་དུ་འདོད་པར་

ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པའི་ཡུལ་དག་ལ་འདོད་ཅིང་མངོན་པར་དགའ་བ་སྟེ་ལྷག་པར་ཞེན་ཅིང་སྤྱོད་པ་དེ་ནི་བྱ་བའོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི་རྣམ་པ་གང་གིས་གུས་པ་དང་མགུས་པ་འམ་རྣམ་པ་ཐམས་ཅད་གང་གིས་སམ། འདོད་ཆགས་དང་ཞེ་སྡང་

དང་གཏི་མུག་གིས་བཏང་བའམ། གོ་རིམས་བཞིན་དུ་གཟུགས་མེད་པ་དང་གཟུགས་དང་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ཀྱི་དབང་གིས་སོ། །ད་ནི་ཞེས་བྱ་བ་ནི་ད་ལྟར་རོ། །དེ་གཟུང་ངོ་ཞེས་བྱ་བ་ནི་སེམས་སོ། །ཚུལ་བཞིན་བྱས་པས་ཞེས་བྱ་བ་ནི་རྗེས་

Vol. 149 · folio 165a

སུ་མཐུན་པའི་གཉེན་པོ་བསྒོམས་པའི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ་བཤད་པ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་མི་གཙང་བ་ལ་སོགས་པ་ལ་འདྲིས་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །ཚུལ་ནི་ཐབས་ཏེ། དེ་ཡང་རབ་ཏུ་བསྔགས་ཤིང་

རྗེས་སུ་མཐུན་པ་ནི་ཚུལ་བཞིན་ཞེས་བརྗོད་དེ། འདི་ལྟར་གང་ཇི་ལྟ་བུ་ཞེ་ན། གླང་ཆེན་མྱོས་ལྟར་ཞེས་བྱ་བ་སྨོས་ཏེ་གླང་པོ་ཆེ་མྱོས་པ་ཇི་ལྟར་འགའ་ཞིག་གིས་ལྕགས་ཀྱུས་ལམ་ལོག་པ་ལས་བཟློག་ཅིང་ལམ་དུ་འཛུད་པ་དེ་བཞིན་ནོ། །སེམས་ཀྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་

ཡོངས་སུ་གཅོད་པས་ནི་དེ་འདུལ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ཏེ། དེ་ལྟ་བས་ན་རབ་ཏུ་བརྟག་པའི་ཕྱིར་ཁང་ཁྱིམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱིམ་ཡོངས་སུ་སྤངས་པའི་རབ་ཏུ་བྱུང་བ་ཞིག་སྔོན་གོམས་པའི་དབང་གིས་དགོན་པར་ཁྱིམ་བྱེད་པ་ལ་བརྩོན་ཞིང་འབད་

པར་གྱུར་ཏེ་ཇི་ཙམ་ན་ཡིད་བྱུང་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བས་རང་གི་སེམས་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྡིགས་པར་བྱེད་པའོ། །གཞན་དག་ནི་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ་ན་བདུད་ཀྱི་ཕོ་ཉ་ལ་སོགས་པས་སེམས་རྣམ་པར་དཀྲུགས་པའི་ཕྱིར་

འོངས་པ་ན་བྱང་ཆུབ་སེམས་དཔས་གསུངས་སོ་ཞེས་ཟེར་རོ། །དུ་མ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ། །སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་འགྲོ་བ་དག་ཏུ་འཁོར་བའི་སྐྱེ་བའི་རྒྱུན་ནོ། །ཁྱོད་ཀྱིས་ཕྱུང་ཞེས་བྱ་བ་ནི་ཡང་དག་པ་ཐོབ་པར་བྱས་པ་སྟེ། ཡང་དང་ཡང་དུ་འགྲོ་བ་ཞེས་བྱ་བའི་དོན་

ཏོ། །ཡང་ན་དོན་སྣ་ཚོགས་པར་མངོན་པར་སྦྱར་བར་བྱའོ། །གང་གི་ཚེ་ཞེ་ན། ད་ལྟར་ཕན་ཆད་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་ཐ་མ་འདི་ལས་སྔོན་གྱི་སྐྱེ་བ་དག་ཏུའོ། །དེ་ཅི་ལྟ་བུ་ཞེ་ན། ཁང་ཁྱིམ་བྱེད་པས་ཞེས་བྱ་བ་ནི་ཁང་ཁྱིམ་བྱེད་པ་སྟེ། གནས་སྒྲུབ་པར་བྱེད་པའམ་ལུས་སྒྲུབ་པར་བྱེད་

པའོ། །ཇི་སེམས་ཀྱི་བདག་ཉིད་ཀྱིས་དེ་ལྟར་ཡིན་ནམ་ཞེ་ན། ཚོལ་བ་ཞེས་སྨོས་ཏེ་སྲེད་པས་བསྐུལ་ནས་རྗེས་སུ་ཚོལ་བའོ། །གང་ཡིན་ཞེ་ན། ཡང་ཡང་སྐྱེ་བའི་སྡུག་སྔལ་ཅན། །ཞེས་བྱ་བ་ཡིན་ཏེ། བདག་རྒྱལ་པོ་དང་། དབང་པོ་དང་། ཚངས་པ་དང་། གཟུགས་བཟང་བ་

Vol. 149 · folio 165b

ལ་སོགས་པ་ཐོབ་པར་གྱུར་ཅིག་ཅེས་དོན་དུ་གཉེར་བའི་སྡུག་བསྔལ་གྱི་ངོ་བོ་སྐྱེ་བ་ལན་དུ་མར་ཆོལ་བ་ཡིན་ནོ། །ཁང་ཁྱིམ་བྱེད་པ་ཁྱོད་མཐོང་བས། །ཞེས་བྱ་བ་ནི་ངས་ཁྱོད་དེ་ཁོ་ན་ཉིད་ཀྱི་ཤེས་པས་ཇི་ལྟ་བ་བཞིན་དུ་དམིགས་ཏེ། ཕྱིས་ཀྱང་འདི་ལྟར་ངས་ཁྱོད་མཐོང་ཞིང་རྟོགས་

པས་ཕྱིན་ཆད་ཁྱིམ་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་སོ་སོར་མ་བརྟགས་པའི་འགོག་པས་ཡང་སྐྱེ་བ་སྤངས་པ་ཡིན་ཏེ། ཡང་ལུས་ཀྱི་ཁང་ཁྱིམ་བྱེད་དུ་མི་གཞུག་པའོ། །ཅིའི་རྒྱུས་ཁྱིམ་ཕྱིན་ཆད་བྱེད་དུ་མི་གཞུག་ཅེ་ན། དེ་སྐྱེད་པར་བྱེད་པའི་ཆུའི་བྱེད་པ་མེད་པའི་ཕྱིར་རོ། །དེ་ཉིད་

སྨྲས་པ། ཕྱམ་རྣམས་ཐམས་ཅད་བཅག་ནས་སུ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་འགའ་ཞིག་ཁྱིམ་བྱེད་པར་འདོད་པའི་ཤིང་ལ་སོགས་པ་སྟེ་ཕྱམ་དང་རྩིག་པ་ལ་སོགས་པ་བཤིག་སྟེ་བྱེད་དུ་མི་གཞུག་པ་དེ་བཞིན་དུ་བདག་གིས་སེམས་ཀྱི་ངོ་བོའི་ཁྱིམ་བྱེད་པར་འདོད་པའི་

ལས་ཀྱི་ཕྱམ་རྣམས་དང་ཉོན་མོངས་པའི་སོ་ཕག་གི་ཕུང་པོ་མི་བྱེད་ཅིང་བདག་གིས་ཀྱང་ཕྱམ་ཐམས་ཅད་བཅག་ནས་ཡང་སྲིད་པའི་འབྲས་བུའི་ལས་སྤངས་པའོ། །ཁྱིམ་གྱི་གདུང་ཆེན་རྣམ་བཅོམ་ལ། །ཞེས་བྱ་བ་ནི་རྣམ་པར་བྱས་པ་རྒུད་པ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །གཞན་དག་

ནི་སྲེད་པ་ལ་སོགས་པའི་ཉོན་མོངས་པ་ནི་ཕྱམ་ཡིན་ལ། མ་རིག་པ་ལ་སོགས་པ་ནི་ཁྱིམ་གྱི་གདུང་ཆེན་པོ་ཡིན་ནོ་ཞེས་ཟེར་རོ། །འདུ་བྱེད་དང་བྲལ་ནས་ཞེས་བྱ་བ་ནི་འདིར་འདུ་བྱེད་ཀྱི་རྣམ་པ་དང་བྲལ་བ་སྟེ། ཐར་པ་མྱ་ངན་ལས་འདས་པ་ལ་གཞོལ་བའི་ཕྱིར་རོ། །འདི་ཉིད་ལ་ནི་

ཞེས་བྱ་བ་ནི་སྐྱེ་བའོ། །ཟག་པར་འདོད་ཅེས་བྱ་བ་ནི་འགྲོ་བར་ཡོངས་སུ་འཁོར་བའི་ཐ་མ་སྒྲུབ་པར་འདོད་པ་ཡིན་ནོ། །མཁས་པ་ཉིད་ཀྱིས་སེམས་དུལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ནི་གཡོ་ཞིང་འགུལ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ལ་སོགས་

པའི་རྣམ་པར་རྟོག་པས་སེམས་གཡེན་སྤྱོ་བས་བརྩམས་སོ། །གཡོ་བ་ནི་ལན་དུ་མར་གཡོ་བར་བྱེད་པ་ན་གཞན་དག་སྐྱེད་པའི་ཕྱིར་རོ། །ཡང་ན་གཡོ་བར་བྱེད་པ་ཡིན་པས་གཡོ་བ་སྟེ། ལས་སྐྱེད་པའི་ཕྱིར་རོ། །འགུལ་བ་ཞེས་བྱ་བ་ནི་གནས་སྐབས་གཅིག་ཏུ་མི་གནས་པའི་

Vol. 149 · folio 166a

ཕྱིར་ཏེ། སྤྲེའུ་བཞིན་དུ་རྟག་ཏུ་གཡེང་བ་ཉིད་དོ། །སེམས་ནི་ཡིད་དོ། །རིང་དུ་འགྲོ་བ་ནི་བསྲུངས་དཀའ་བ་སྟེ། དགེ་བའི་བྱ་བ་དག་ལ་དཀའ་བས་འཇུག་པའི་ཕྱིར་རོ། །བཟློག་དཀའ་བ་ཞེས་བྱ་བ་ནི་ལམ་ལོག་པ་ལ་དཀའ་བས་བཟློག་པའི་ཕྱིར་རོ། །

ཡང་ན་འདི་ལ་གཡོ་བ་ལ་སོགས་པ་གསུམ་གྱིས་ཞེ་སྡང་དང་འདོད་ཆགས་དང་གཏི་མུག་གསུམ་དང་མཚུངས་པར་ལྡན་པ་སྟེ། གོ་རིམས་བཞིན་དུ་འདིས་ཡུལ་དག་ལ་འཇུག་པ་ལས་བཟློག་པར་མི་ནུས་པར་བསྟན་ཏོ། །བསྲང་བར་བྱ་ཞེས་བྱ་བ་ནི་དྲང་བ་དང་ཡོ་པ་མེད་

པའི་སེམས་སུ་བསྒྲུབ་པར་བྱའོ། །འོ་ན་དངོས་པོའི་རང་གི་རང་བཞིན་དེ་ནི་རྟག་ཏུ་དེའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་མེ་ཚ་བའི་མཚན་ཉིད་བཞིན་ན་ཇི་ལྟར་ཡོད་པའི་སེམས་དེ་བསྲང་བར་ནུས་ཤེ་ན། མདའ་མཁན་མེ་ཡིས་སྲོང་བ་ལྟར། །ཞེས་བྱ་བ་སྨོས་ཏེ། མདའ་ཞེས་བྱ་བ་ནི་

ལྷག་མའོ། །དཔེར་ན་མདའ་མཁན་གྱིས་ཡོ་བ་ཡིན་ན་ཡང་མེའི་བྱེད་པས་མདའ་དྲང་པོར་བྱེད་པ་དེ་བཞིན་དུ། རང་གི་སེམས་ཀྱང་ལམ་བསྒོམས་པའི་ཤེས་རབ་ཀྱིས་སོ། །སེམས་དུལ་བའི་ཕན་ཡོན་སྨྲས་པ། གང་ཞིག་ལུས་མེད་ཅེས་བྱ་བ་ལ་སོགས་པའོ། །ཡུལ་

ཞིག་གི་དགོན་པའི་གནས་ན་མིག་བཟངས་ཞེས་བྱ་བའི་གནོད་སྦྱིན་རྫུ་འཕྲུལ་ཆེ་བ་ཞིག་གནས་ཏེ། དེས་བཅོམ་ལྡན་འདས་ཤིང་ཞིག་གི་རྩ་ན་བཞུགས་པ་མཐོང་སྟེ་གན་དུ་ལྷགས་ནས། མངོན་པར་མཆོད་དེ་ཐལ་མོ་སྦྱར་ནས་གསོལ་པ། གཅིག་པུ་རྒྱུ་ཞིང་རིང་དུ་འགྲོ།

ལུས་མེད་ཕུག་ན་གནས་བྱེད་པ། །གང་དག་བཏུལ་བར་གྱུར་ན་ནི། །འཇིགས་པ་ཆེ་ལས་ཐར་འགྱུར་བ། །ཞེས་པ་དང་། དེས་ན་འདི་གསུངས་སོ། །རིང་དུ་འགྲོ་བར་བྱེད་པ་ཡིན་པས་རིང་དུ་འགྲོ་བ་སྟེ། སེམས་འདི་འགྲོ་ཞིང་འཇུག་པ་ཡིན་ཏེ་རིང་དུ་འགྲོ་བ་དེ་ནི་ཡིད་ཀྱི་རྣམ་པར་

ཤེས་པས་བསྟན་ཏོ། །འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ནི། །རིང་དུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱང་རྣམ་པ་གསུམ་དུ་བརྟག་པའི་ཕྱིར་ཏེ་དངོས་པོ་མཐའ་དག་གི་སྤྱོད་ཡུལ་བ་དེས་རིང་དུ་འགྲོ་བ་ཡིན་ནོ། །གཅིག་པུ་རྒྱུ་བ་ནི་གཅིག་པུ་ཉིད་རྒྱུ་བར་བྱེད་པ་

Vol. 149 · folio 166b

སྟེ། ཅིག་ཅར་རྣམ་པར་ཤེས་པ་གཉིས་འབྱུང་བ་མེད་ཅིང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ནི་རེ་རེ་འབྱུང་བ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །ལུས་མེད་པ་ནི་གཟུགས་མེད་པའོ། །ཕུག་ན་གནས་པ་ནི་མིང་དང་གཟུགས་ལ་བརྟེན་པའི་ཕྱིར་རོ། །གང་ཡང་

གནས་གཅིག་པ་དེ་ནི་རྟོགས་པར་སླ་བ་ཡིན་གྱི་གནས་དུ་མ་པ་ནི་མ་ཡིན་ནོ། །ཕུག་གི་གནས་དང་གཞི་གང་ཡིན་པ་དེ་ནི་དེ་ཉིད་དོ། །དེ་བཞིན་དུ་གཞན་དང་འགྲོ་བ་ནི་འཕྲལ་ལ་གདུལ་བར་ནུས་ཀྱི་གང་འཕྱན་པའི་བདག་ཉིད་དེ་ནི་འཕྲལ་གདུལ་བར་མི་ནུས་སོ། །གང་ཡང་གྲོང་གི་ནང་ན་

འདུག་པ་གསལ་བ་ནི་གཟུང་བར་ནུས་ལ། ནགས་ཚང་ཚིང་དང་ཕུག་ན་གནས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཚུལ་གྱིས་ནི་གདུལ་བར་ནུས་པ་ཉིད་དུ་བསྟན་པའི་ཕྱིར། གང་དེ་ལྟ་བུའི་ཚུལ་གྱིས་སེམས་དུལ་བར་བྱེད་པ་ནི་དུལ་བར་འགྱུར་རོ། །ཐར་བར་

འགྱུར་ཞེས་བྱ་བ་ནི་ངེས་པར་གྲོལ་བར་འགྱུར་བའོ། །འཇིགས་པ་ཆེ་ལས་ཞེས་བྱ་བ་ནི་གང་དུ་འཇིགས་པ་ཆེན་པོ་ལས་ཏེ་འཁོར་བ་ལས་ཞེས་བྱ་བའི་དོན་ཏོ། །སེམས་མ་དུལ་བའི་སྐྱོན་བསྟན་པ། ལོག་པའི་སྨོན་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་པོའི་ཁབ་ན་ནད་

པ་ཞིག་ལ་སྨན་པ་གསོ་བ་བྱེད་དོ། །ཅི་ཙམ་ན་དེའི་ཆུང་མ་གཞོན་ནུ་མ་ཞིག་བླངས་པ་དེ་བྲོས་ཏེ་སོང་ངོ་། །ནད་པས་གཏམ་དེ་ཐོས་ནས་ལངས་ཏེ་ཤིན་ཏུ་མགྱོགས་པར་བརྒྱུགས་ནས་སྨན་པ་དེ་བདག་གིས་མ་འཚལ་ལམ་ཞེས་བྱས་ནས་རྒྱལ་པོ་ལ་ཕུལ་ལོ། །གནས་སྐབས་འདི་

ལས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །གཞན་དག་ནི་ཡུལ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་རིན་པོ་ཆེའི་ལྷུང་བཟེད་ཕུན་སུམ་ཚོགས་པ་དེ་ལ་རིན་པོ་ཆེ་ལ་སོགས་པས་ཁ་བརྒྱན་པ་བྱས་ཏེ། ཨ་ཀ་རུ་ལ་སོགས་པའི་ཕྱེ་མ་དྲི་ཞིམ་པོ་རྣམས་ཀྱིས་བཀང་ནས་

བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ནི་ལེན་པ་མི་མཛད་དེ། སངས་རྒྱས་ནི་རིན་པོ་ཆེའི་ལྷུང་བཟེད་དུ་མི་བཞེས་སོ་ཞེས་པ་དང་། དེས་གཞན་གཅེར་བུ་པ་དག་ལ་བྱིན་པ་དང་། ཅི་འདི་གཞན་ལ་སྔར་བྱིན་ནམ་ཞེས་པ་དང་། དེ་དག་གིས་ཇི་ལྟ་བ་བཞིན་དུ་

Vol. 149 · folio 167a

སྨྲས་སོ། །ཇི་ལྟར་ང་ལ་སྟོང་པར་བྱིན་ཏེ་དེ་ཉིད་བཀང་ན་ནི་བླང་བར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་པ་དང་། ལིཙྪ་བཱི་དག་ཁྲོས་ཏེ་དེ་ལ་མ་དད་པར་གྱུར་པ་ལས་དེས་ན་འདིའོ་ཞེས་ཟེར་རོ། །ཞེ་འགྲས་པའི་ངང་ཚུལ་ནི་འདིར་དགྲའོ། །ཡང་ན་གང་ལ་ཞེ་སྡང་ཡོད་

པ་ནི་མི་མཐུན་པ་སྟེ། དགྲ་ཞེས་བྱ་བའི་དོན་ཏོ། །དགྲ་ལ་ཞེས་བྱ་བ་ནི་རྣམ་པར་སྡང་བའི་ཕས་ཀྱི་དགྲ་སྟེ། ཕྱིར་རྒོལ་བའི་དགྲ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱེད་མི་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུའི་སྡུག་བསྔལ་མི་བྱེད་པའི་ཕྱིར་རོ། །མངོན་སུམ་དུ་གནོད་པ་བྱེད་པ་བསྟན་ནས་

བརྒྱུད་པས་གནོད་པ་བྱེད་པ་སྟེ། ཕ་དང་མ་ལ་སོགས་པ་ལ་གནོད་པ་བྱེད་པ་ཐོས་པའི་དབང་གིས་ཏེ་བཤད་པ། ཁོན་གྱིས་ཁོན་ཅན་ཞེས་བྱ་བ་ལ་སོགས་པའོ། །ལོག་པའི་སྨོན་ལམ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་

དོན་ཏོ། །གང་གིས་བདག་ཉིད་སྡུག་བསྔལ་བྱེད་འགྱུར་བ། །ཞེས་བྱ་བ་ནི་གང་བདག་ཉིད་ཀྱིས་སྡུག་བསྔལ་སྐྱེད་པའོ། །དགྲ་བོས་ནི་འདི་ཙམ་ཞིག་བྱེད་པར་འགྱུར་ཏེ། འདི་ལྟ་སྟེ། ལོངས་སྤྱོད་ལས་ཉམས་པར་བྱེད་པའམ་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་ཙམ་ཞིག་

འཕྲོག་པར་ཟད་དོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་སོ། །མ་དུལ་བའི་སེམས་ཀྱིས་ནི་ངན་སོང་དག་ཏུ་ཡང་ལྟུང་བར་བྱེད་དོ། །དེས་ན་འདི་ལྟར་འདི་ལ་ནི་འཇིགས་པ་ཆེན་པོར་བྱའི་དགྲ་ལ་ནི་མ་ཡིན་ནོ། །སེམས་དུལ་བའི་ཕན་ཡོན་བསྟན་པའི་ཕྱིར། ཡང་དག་སྨོན་

ལམ་ཞེས་བྱ་བ་ལ་སོགས་པའོ། །ཕ་དང་མ་ལ་སོགས་པས་ཀྱང་དེ་ལྟར་བདེ་བར་བྱེད་པར་མི་ནུས་ལ། དེ་ལས་གཞན་པ་ཞང་པོ་ལ་སོགས་པའི་ཉེ་དུས་ཀྱང་མི་ནུས་སོ། །གང་ཡང་དག་པར་སེམས་དུལ་བས་ནི་བདག་ཉིད་བདེ་བ་ཡིན་ཏེ་སྲེད་པ་ཟད་པས་བདག་ཉིད་བདེ་བ་ཕུན་

སུམ་ཚོགས་པར་བྱེད་དོ། །སེམས་ལེགས་པར་མ་བསྒོམས་པས་ལུས་ལ་ཉེ་བར་གནོད་པའི་སྐྱོན་བསྟན་ནས། ཡིད་ཀྱི་སྐྱོན་གཞན་ཡང་བསྟན་པའི་ཕྱིར། ཇི་ལྟར་ཁང་སྟེང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་ཚོང་དཔོན་ཞིག་ལ་བུ་གཉིས་ཡོད་དེ་ནག་

Vol. 149 · folio 167b

པོ་དང་། གཙུག་ཕུད་ནག་པོ་ཞེས་བྱ་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་གཉིས་རབ་ཏུ་ཕྱུང་ངོ་། །དེ་ལ་ནག་པོ་ནི་རྐྱེན་གྱི་སྟོབས་ཅན་ཡིན་པས་མུ་གེ་ལ་སོགས་པས་སྡུག་བསྔལ་བའི་ཡུལ་དག་མཐོང་ནས་ཉམས་པར་གྱུར་ཏོ། །གཙུག་ཕུད་ནག་པོ་ནི་རྒྱུའི་

སྟོབས་ཅན་ཡིན་པས་དགྲ་བཅོམ་པར་གྱུར་ཏོ། །དེས་ན་ཚིགས་སུ་བཅད་པ་བཅུ་གཉིས་གསུངས་ཏེ། ནག་པོ་དང་གཞན་ཡང་མང་པོ་དག་ཁྱད་པར་ཐོབ་པར་གྱུར་ཏོ། །ཇི་ལྟར་ཁང་སྟེང་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་རླུང་ལ་སོགས་པས་འདིར་གནོད་པར་གྱུར་ཏོ། །གཡོགས་

ཉེས་ན་ཞེས་བྱ་བ་ནི་གཡོགས་མ་རྩིང་ཞིང་བར་མཚམས་ཡོད་པའི་ཕྱིར་རོ། །ཆར་པ་ནི་སྤྲིན་ལས་བྱུང་བའི་ཆུའི་རྒྱུན་ནོ། །ཡོངས་སུ་འཛག་པ་ཞེས་བྱ་བ་ནི། གཡོགས་མ་ཐམས་ཅད་ལས་འདས་ཤིང་འབིགས་པ་དང་། བུག་རྡོལ་དུ་གྱུར་པས་རབ་ཏུ་འཇུག་པའོ། །དེ་བཞིན་

སེམས་ནི་མ་བསྒོམས་པ། །ཞེས་བྱ་བ་ནི་མི་གཙང་བ་ལ་སོགས་པའི་ལམ་ལ་གནས་པའི་ཕྱིར་དང་དེ་བཞིན་དུ་མ་དུལ་བའོ། །འདོད་ཆགས་རྣམས་ཀྱིས་ཡོངས་སུ་བཅོམ། །ཞེས་བྱ་བ་ནི་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བས་སེམས་ཟིལ་གྱིས་གནོན་ཅིང་དམིགས་པའོ། །གཡོགས་

ལེགས་ན་ལས་བྱ་བ་ནི་མཐུན་ཅིང་བར་མཚམས་མེད་པར་གཡོགས་པའོ། །འདོད་ཆགས་ལ་སོགས་པས་ཀྱང་དེའི་རྒྱུད་དང་སེམས་ལ་འཁོར་བའི་སྡུག་བསྔལ་མེད་པ་ཡིན་ནོ་ཞེས་དེ་བསྟན་ཏོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་བསྟན་པ་ཡང་ཀུན་འབྱུང་གི་བདེན་པས་གཙོ་

བོ་ཡིན་པའི་ཕྱིར། མཉམ་པར་བཞག་པ་དང་མཉམ་པར་མ་གཞག་པའི་ས་པའི་དབྱེ་བས་རྣམ་པ་གཉིས་སུ་བྱེད་པ་ཡིན་ཏེ་ལྷག་མ་ནི་རྟོགས་པར་སླའོ། །དུལ་བ་དང་མ་དུལ་བ་གཉིས་ཀྱིས་ནི་གང་ཅུང་ཟད་དགེ་བ་དང་མི་དགེ་བ་བྱེད་པ་དེ་ཐམས་ཅད་ངེས་པར་འདོད་

པ་དང་མི་འདོད་པའི་འབྲས་བུར་འགྱུར་རོ་ཞེས་བསྟན་པ། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀོ་ཊ་མ་ལ་ཀའི་དགེ་སློང་གིས་བསོད་སྙོམས་སྔོན་དུ་གཞན་ལ་བྱིན་ཏེ། ཕྱི་ནས་རང་ཉིད་ཟ་བར་བྱེད་པ་ལ་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་བར་བྱེད་

Vol. 149 · folio 168a

པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བདག་ཉིད་དང་པོ་བཟའ་བར་བྱ་སྟེ་ལྷག་མ་གཞན་ལ་སྦྱིན་པར་བྱའོ་ཞེས་བཀའ་སྩལ་པ་དང་། རྒྱལ་རིགས་ཀྱི་ཁྱེའུ་ཞིག་དང་བྲམ་ཟེ་རིགས་ཀྱི་ཁྱེའུ་གཉིས་ཞིག་ཤིན་ཏུ་ལྟོགས་པས་ཟས་ཀྱི་བཀད་སར་

ཞུགས་ཏེ། གནས་པ་ལས་དེ་ལས་དུས་ཤེས་པར་བྱས་ནས་བྲམ་ཟེའི་ཁྱེའུ་དེས་ཐོག་མར་བསླངས་པ་དང་། དེས་ཅི་ཡང་མ་ཐོབ་པས་ཁྲོས་ཏེ་གལ་ཏེ་ང་ལ་དབང་ཡོད་ན་ནི་འདི་དག་གི་མགོ་དྲུངས་ནས་བཅད་དེ་སའི་སྟེང་དུ་བོར་བར་བྱ་ན་ཞེས་སྨྲས་སོ། །རྒྱལ་རིགས་ཀྱི་

ཁྱེའུས་ནི་ཕྱིས་བསླངས་པས་ཟས་མང་པོ་ཐོབ་སྟེ་སྨྲས་པ། དེ་སྐད་མ་སྨྲ་ཤིག །གལ་ཏེ་བདག་ལ་དབང་ཡོད་ན་ནི་བདག་གིས་ཉིན་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་འདི་དག་ལ་ཁ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱའོ་ཞེས་སྨྲས་སོ། །ཅི་ཙམ་ན་

བྲམ་ཟེའི་ཁྱེའུ་ཤིང་ཞིག་གི་དྲུང་དུ་ཉལ་བ་ལས། ཤིང་རྟ་ལམ་འདྲུལ་བའི་འཁོར་ལོས་སྐེ་བཅད་དེ་དེ་ལས་བརྩམས་སོ། །གཞན་དག་ནི་ཡང་དེའི་ཚེ་ཚོང་དཔོན་ཆེན་པོ་ཞིག་གི་བུ་དུས་ལས་འདས་སོ། །དེས་བསོད་ནམས་ཆེ་བར་གྲགས་པའི་སེམས་ཅན་ཞིག་ཚོང་དཔོན་དུ་

དབང་བསྐུར་བར་བྱའོ་ཞེས་འབད་པས་མཉན་ཡོད་ཀྱི་ཁྱིམ་བདག་ལ་སོགས་པ་ལས་རྗེས་སུ་བཙལ་བ་ལས་རྒྱལ་རིགས་ཀྱི་ཁྱེའུ་ཤིང་ཞིག་གི་དྲུང་ན་ཉལ་བ་མཐོང་སྟེ། ཤིང་གཞན་ཞིག་གི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ་ལ། ཤིང་དེའི་གྲིབ་མ་ནི་དེའི་ལུས་ཡོངས་

སུ་མི་འདོར་བ་མཐོང་ནས་དེ་དག་གིས་དེ་བསླངས་ཏེ་ཚོང་དཔོན་དུ་དབང་བསྐུར་བ་ལས་དེ་ལས་བརྩམས་སོ་ཞེས་ཟེར་རོ། །སྔོན་དུ་ཡིད་འགྲོ་བ་ཞེས་བྱ་བ་ལ། སྔོན་དུ་འགྲོ་བ་ནི་སྔོན་དུ་འདྲེན་པའི་གཙོ་བོ་གང་ཡིན་པ་སྟེ། ཆོས་རྣམས་ཀྱི་དགེ་བ་དང་མི་དགེ་བ་སྒོམ་པ་དེ་ཉིད་

ཀྱིས་སོ། །ལྷན་ཅིག་ཏུ་འབྱུང་བར་གྱུར་པའི་ཕྱིར་ཚོར་བ་ལ་སོགས་པ་ཡང་སྔོན་དུ་འགྲོ་བ་ཞེས་བརྗོད་པར་བྱའོ་ཞེ་ན། བཤད་པ། ཡིད་ནི་གཙོ་བོ་ཞེས་སྨོས་ཏེ་འདི་ནི་ཡིད་ཉིད་ཀྱི་གཙོ་བོ་ལ་བརྟེན་ནས་སོ། །གལ་ཏེ་དེ་ལྟ་ན་ཡང་སེམས་པས་བསམས་ནས་བྱས་པས་འཁོར་

Vol. 149 · folio 168b

གྱིས་བྱས་པ་བཞིན་དུ་རྒྱལ་པོ་སེམས་པས་བྱས་ཤིང་ཡིད་ཀྱིས་སྤྱོད་པ་ཡིན་ནོ་ཞེ་ན། བཤད་པ། ཡིད་མགྱོགས་ཞེས་སྨོས་པས་ཡིད་ནི་མགྱོགས་པར་འགྲོ་བ་སྟེ་འདི་དག་དེ་ལ་བརྟེན་ནས་ལས་ཀྱི་འབྲས་བུ་འཛིན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཁོང་ཁྲོ་

དང་ལྡན་པའི་ཡིད་ཀྱིས་གལ་ཏེ་སྨྲས་པའམ་བྱེད་པ་ཞེས་སྨོས་ཏེ་སྨྲ་བ་དང་བྱེད་པ་དེ་ནི་ཚིག་ངན་པ་སྨྲ་བ་དང་ཉེས་པར་སྤྱོད་པའི་གང་ཟག་གོ། །སྡུག་བསྔལ་འཐོབ་ཅེས་བྱ་བ་ནི་ཡིད་ཀྱི་གདུང་བ་དྲག་པོའི་གནོད་པ་རྗེས་སུ་འཐོབ་པའོ། །ཇི་ལྟ་བུ་ཞེ་ན། འཁོར་ལོས་མགོ་

བོ་བཅད་པ་བཞིན། །ཞེས་སྨོས་ཏེ། དཔེར་ན་ཤིང་རྟའི་འཁོར་ལོ་ནུབ་མོ་རྗེས་སུ་རྒྱུ་བས་བྲམ་ཟེའི་ཁྱེའུ་བཞིན་ནོ། །ཇི་ལྟ་བུ་ཞེ་ན། བཅད་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཚིག་གིས་མཚོན་ཆ་རྣམ་པར་འཁྱལ་བའམ་ཚིག་རྩུབ་པོ་སྨྲས་པ་སྟེ་ངག་གིས་ཉེས་པར་སྤྱོད་པས་

བཅོམ་པ་ཞེས་བྱ་བའི་དོན་ཏོ། །གྲིབ་མ་བཞིན་ཞེས་བྱ་བ་ནི་དཔེར་ན་ཤིང་གི་གྲིབ་མ་རྒྱལ་རིགས་ཀྱི་ཁྱེའུའི་ལུས་དང་འབྲེལ་པ་དེ་བཞིན་དུ་རྗེས་སུ་འབྲང་བ་ནི་རྗེས་སུ་འགྲོ་བའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བ་ནི་ལེགས་པར་བཤད་པ་ཡིན་ལ། མ་དུལ་བའི་

སེམས་ཀྱིས་ནི་ཐོས་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་རྩོད་པ་ཆེད་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་ཡོད་ན་བྲམ་ཟེ་པི་པྲ་ལི་ཀ་པཱ་རི་ཞེས་བྱ་བ་བྲམ་ཟེ་ཐམས་ཅད་ཀྱི་སྨྲས་པ་ལས་ཕྱིན་ཅི་ལོག་ཏུ་བྱེད་དེ། དེ་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་ཀྱེ་

གཽ་ཏ་མ་བདག་ལ་ཆོས་ཤོད་ཅིག་དང་བདག་གིས་མཉན་པར་བགྱིའོ་ཞེས་གསོལ་པ་ལས། དེ་ནས་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། དེ་ཐོས་པས་མངོན་པར་དད་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ་ཞེའོ། །གཞན་དག་ནི་ཙཎྜ་ཤྲི་ཞེས་བྱ་བ་མ་སྐྱེས་དགྲའི་བློན་པོ་

གསོད་ཅིང་རབ་ཏུ་གསོད་པ་ལ་འཇུག་པ་སྙིང་རྗེ་མེད་པ་ཞིག་ཡོད་དོ། །ཇི་ཙམ་ན་དེ་ལྷ་སྦྱིན་གྱིས་དོན་དུ་གཉེར་ཏེ་གལ་ཏེ་ཤཱཀྱ་ཐུབ་པ་སྲོག་དང་ཕྲལ་བར་ནུས་ན་ཁྱོད་ལ་གྲོང་སུམ་བརྒྱ་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། དེས་ཀྱང་དེ་ལྟར་མཉན་ཏོ། །དེ་ནས་དེ་གོ་བགོས་ཏེ་

Vol. 149 · folio 169a

མཚོན་རྣོན་པོ་བླངས་ནས་བྱ་རྒོད་ཕུང་པོའི་རི་ལ་འཛེགས་པ་ལས་ཇི་ཙམ་ན་འཁོར་དུ་མའི་ནང་དུ་བཅོམ་ལྡན་འདས་ལ་ཆོས་སྟོན་ཅིག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་སོ། །ལན་གཉིས་ལན་གསུམ་གྱི་བར་དུ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དད་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཅོམ་ལྡན་འདས་ཀྱི་གསུང་ཡན་ལག་ལྔ་དང་ལྡན་པ་ཐོས་པ་དང་གཟུགས་ཕུན་སུམ་ཚོགས་པ་མཐོང་ནས་མངོན་པར་དད་དེ། མཚོན་དང་གོ་ཆ་

རྣམས་བོར་ནས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དེ་གདུལ་བ་ལས་བརྩམས་སོ་ཞེས་ཟེར་རོ། །གཞན་གྱི་ཚིག་ཕྱིན་ཅི་ལོག་ཏུ་བྱེད་པ་ནི་བརྩད་པའོ། །དེ་ཉིད་ཆེད་ཆེར་འཛིན་ཅིང་སྙིང་པོར་བྱེད་པ་གང་ཡིན་པ་དེ་ནི་མཆོག་ཏུ་བྱེད་པའོ། །གང་ཟག་དེས་ནི་

ལེགས་བཤད་ལེགས་པར་མི་ཤེས་ཏེ་གླགས་ཚོལ་བ་ལ་འཇུག་པའི་བློ་ཡོད་པའི་ཕྱིར་རོ། །ཡང་ན་བརྩད་པ་ནི་དགྲ་སྟེ་མཆོག་དང་གཙོ་བོར་བྱེད་པའི་དགྲ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུའི་སེམས་ཀྱིས་ལེགས་པར་མི་ཤེས་ཤེ་ན། སེམས་ནི་ཉོན་མོངས་གྱུར་པའི་

ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཡིད་བསླད་པ་སྟེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དབང་དུ་འགྲོ་ཞིང་མ་དུལ་བ་ཞེས་བྱ་བའི་དོན་ཏོ། །དེའི་རྟགས་སྨྲས་པ། གླགས་སྐབས་ཚོལ་བར་བྱེད་པ་ཞེས་བྱ་བ་སྟེ། གཞན་གྱི་སྐྱོན་གྱིས་གླགས་

གསལ་བར་བྱེད་ཅིང་ཚོལ་བའི་ངང་ཚུལ་གྱི་སེམས་འདི་ལ་ཡོད་པའོ། །འདིས་ནི་སེམས་ཉོན་མོངས་པར་རྗེས་སུ་དཔག་པ་ཡིན་ནོ། །ཅི་དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་གྱུར་པའི་སེམས་དེ་གང་ཡིན་ཞེ་ན། དད་པ་མེད་པའི་ཞེས་སྨོས་ཏེ། མ་

དད་པས་ཡོངས་སུ་བཟུང་བས་སོ། །སྡང་བ་ཞེས་བྱ་བ་ནི་ཞེ་སྡང་དང་མཚུངས་པར་ལྡན་པའོ། །འཁྲུགས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་ཕྲ་རྒྱས་རྣམ་པར་འཁྲུགས་པར་བྱེད་པས་གཡེང་བ་རྣམ་པ་སྣ་ཚོགས་དང་ལྡན་པའི་ཕྱིར་རོ། །ཡང་ན་དམ་པའི་ཆོས་ལ་

Vol. 149 · folio 169b

གུས་པ་མ་བསྐྱེད་པས་སོ། །དམ་ཆོས་ཀུན་ཤེས་མི་ནུས་སོ། །ཞེས་བྱ་བ་ནི་ཆོས་བསྟན་པ་ཤེས་པར་མི་ནུས་པའོ། །དམ་པའི་ཆོས་དེ་ཇི་ལྟ་བུ་ཞེ་ན། རྫོགས་སངས་རྒྱས་ཀྱིས་བསྟན་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པས་གསུངས་པའོ། །ཁྲོ་བ་

རྣམ་པར་བཏུལ་བ་དང་། །ཞེས་བྱ་བ་ནི་ཉན་པ་པོས་ཕྲག་དོག་ལ་སོགས་པའི་ཉེ་བའི་ཉོན་མོངས་པས་བྱས་པའི་ཡིད་ཀུན་དུ་འཁྲུག་པ་རྣམ་པར་སྤངས་པའོ། །གང་གིས་མ་དད་སེམས་དང་ནི། །ཞེས་བྱ་བ་ནི་སེམས་དང་འབྲེལ་པའི་མ་དད་པ་དང་། །མ་དད་པ་རྣམ་པར་

སྤངས་པའོ། །གནོད་སེམས་རབ་སྤངས་པ་ཞེས་བྱ་བ་ནི་གང་ཞེ་སྡང་དང་རྗེས་སུ་འབྲེལ་པ་སྤངས་པའོ། །དེས་ནི་ལེགས་པར་བཤད་པ་ཤེས། །ཞེས་བྱ་བ་ནི་དེ་ཉིད་ལེགས་པར་བཤད་པ་ཐོས་པར་རིགས་པ་ཡིན་ཏེ། སྣོད་ཡིན་པའི་ཕྱིར་རོ། །གང་དེ་ཉིད་ནི་ཤེས་

རབ་ཡོངས་སུ་རྫོགས་པ་ཡིན་ཞིང་དེ་ཉིད་དུལ་བའི་སེམས་ཡིན་ནོ། །དེ་ལྟར་ན་གང་ཤེས་རབ་ཡོངས་སུ་རྫོགས་པར་མི་འགྱུར་ཞེ་ན། སེམས་ཀྱི་བརྟན་པ་མེད་པ་ཡིས། །ཞེས་བྱ་བ་ལ་སོགས་པའོ། །བཙུན་པ་སེམས་པའམ་བརྟན་པ་གང་གིས་ཤེས་རབ་ཡོངས་

སུ་རྫོགས་པར་འགྱུར་ཞེས་ཞུས་པ་ལས་བརྩམས་སོ། །བརྟན་པ་མེད་པ་ནི་གནས་པ་མེད་པའི་སེམས་འདི་ལ་ཡོད་པའོ། །དམ་ཆོས་རྣམ་པར་ཤེས་མི་ནུས། །ཞེས་བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དང་དོན་ལ་མཁས་པར་རོ། །དད་པ་འགྱུར་

ལྡོག་བྱེད་པའི་ཞེས་བྱ་བ་ནི་ཀུན་ནས་འགྱུར་ཞིང་ལྡོག་པ་སྟེ་མྱུར་དུ་འགྲོ་ཞིང་འཁོར་བའི་ཆུ་བོ་ལྟར་དེ་ལ་འགྱུར་ཞིང་ལྡོག་པའོ། །དེའི་དད་པ་ནི་གུས་པ་མི་བརྟན་པའོ། །ཤེས་རབ་ཡོངས་སུ་རྫོགས་མི་འགྱུར། །ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་སྐྱེ་བ་མེད་པའི་ཕྱིར་རོ། །རྒྱུ་

གསུམ་གྱིས་ཤེས་རབ་ཡོངས་སུ་རྫོགས་པར་འདོད་དེ། དམ་པའི་ཆོས་ཉན་པ་ལ་ཞུགས་པ་དང་། བརྟན་པ་དང་སྐྱེ་མཆེད་ཀྱི་རྣམ་པ་དང་བས་སོ། །དེ་མེད་ན་ནི་ཇི་ལྟར་དེ་ཡོངས་སུ་རྫོགས་པར་འགྱུར། དེ་ཡང་བཤད་པ། ཤེས་པ་མི་གཡོ་སྤུན་ཟླ་སྟེ། དམ་ཆོས་ཉན་པ་བླ་མ་

Vol. 149 · folio 170a

ཡིན། །དད་པ་དྲི་མེད་མཛའ་བཤེས་ཏེ། །གང་དེ་ཡིས་ནི་རྣམ་འཕེལ་འགྱུར། །ཞེས་སོ། །ཡང་ན་མ་དུལ་བས་ནི་ལེགས་པར་གསུངས་པ་མཉན་པ་ཡང་མེད་ན་ཤེས་རབ་ཡོངས་སུ་རྫོགས་པར་ལྟ་ག་ལ་ཡོད་ཅེས་བསྟན་པའི་ཕྱིར། སེམས་ཀྱི་བརྟན་པ་

མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་དུལ་བ་དེ་ལ་ནི་དམ་པའི་ཆོས་མི་མཉན་པའི་ཕྱིར་དང་། དེ་མེད་པའི་ཕྱིར་སྐྱེ་མཆེད་ཀྱི་རྣམ་པས་དད་པ་ཡང་མེད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡིད་མ་དུལ་བ་ལས་ནི་སྟོན་གྱི་ཟླ་བ་དྲི་མ་མེད་པ་ལྟ་བུའི་གྲགས་པ་ཡང་

ཉམས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཀུན་རྟོག་ལ་ཆུམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོའི་བུ་སུ་མུ་ཁ་ཞེས་བྱ་བས་བཅོམ་ལྡན་འདས་ལ་བཙུན་པ་གང་གིས་གྲགས་པ་ཉམས་པར་འགྱུར་ཞེས་ཞུས་པ་ལས་དེ་ནས་ཚིགས་སུ་བཅད་པ་གཉིས་གསུངས་

སོ། །གང་ཟག་གང་གིས་སུམ་ཅུ་རྩ་དྲུག་གི་ཆུ་བོའི་རྒྱུན་འཇུག་པ་གང་ཡིན་པ་སྟེ་དེ་ནི་ཞེས་བྱ་བ་ནི་ཉིད་ཀྱི་དོན་ཏེ་དེ་ཉིད་གྲགས་པ་ཉམས་པར་འགྱུར་བའོ། །ཡང་ན་དང་གི་སྒྲས་ནི་རིམ་པ་གཞན་དུ་སྦྱར་རོ། །ལྟ་ངན་ཀུན་རྟོག་ཅེས་བྱ་བ་འདི་ལྟར་ཤེས་པར་བྱ་སྟེ། འདིས་སྲེད་པ་

སུམ་ཅུ་རྩ་དྲུག་ལ་སྤྱོད་པར་བསྟན་ཏོ། །དེ་ཡང་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་གཞན་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཆུ་བོའི་རྒྱུན་སུམ་ཅུ་རྩ་དྲུག་གོ་ཞེས་ཟེར་རོ། །ཡིད་ཀྱི་རྒྱུན་ཞེས་བྱ་བ་ནི་རབ་ཏུ་འཛག་པ་ཡིན་པས་རྒྱུན་ཏེ་གང་ལ་རྒྱུན་རབ་ཏུ་འབབ་པ་

ཞེས་བྱ་བའི་དོན་ཏོ། །ཡིད་ནི་སེམས་ཏེ་དེའི་རྒྱུན་ནི་གང་དག་རབ་ཏུ་འཛག་པ་སྟེ། སེམས་ལ་གནས་པའི་ཕྱིར་རོ། །བརྒྱ་ལ་འདི་ཉིད་རབ་ཏུ་འབབ་པ་ཡིན་ནམ་མ་ཡིན་ཞེས་རྟོག་པ་ལས་རབ་ཏུ་འབབ་ཅེས་བྱ་བ་སྨོས་ཏེ། ཤིན་ཏུ་འབབ་ཅིང་རྒྱུན་མི་འཆད་པས་སོ། །

ཡང་ན་རབ་ཏུ་ནི་ཤིན་ཏུ་སྟེ། རྒྱུན་གྱི་ཤུགས་ཡང་དང་ཡང་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ལྟ་ངན་ཀུན་རྟོག་ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྟེ་ལྟ་བ་ངན་པ་ལ་འཇུག་པ། རྣམ་པར་རྟོག་པ་སྣ་ཚོགས་པ་རབ་ཏུ་སྐྱེ་ཞིང་ལྟ་བ་ངན་པ་ལ་

Vol. 149 · folio 170b

འཇུག་པའི་ཀུན་དུ་རྟོག་པ་ནི་ལྟ་ངན་ཀུན་རྟོག་ཅེས་བྱ་བ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པ་པི་ལིང་བཏུང་བ་བཞིན་ནོ། །ཡང་ན་དང་གི་སྒྲ་ནི་འདིར་ལྷག་མ་ཡིན་ཏེ་ཆུ་བོའི་རྒྱུན་བྱེད་པའི་རྣམ་པར་རྟོག་པ་གཅིག་པུར་མ་ཟད་དེ་ཇི་ལྟ་བུ་ཞེ་ན། ཆུམས་ལ་རྟེན་པའི་ཞེས་བྱ་བ་སྟེ།

སྲེད་པ་ལ་བརྟེན་པའི་ཟང་ཟིང་དང་བཅས་པའི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་སྐྱེས་བུའི་གྲགས་པ་ཉམས་པར་བྱེད་དོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། དགའ་སེམས་ཞེས་སྨོས་ཏེ་སྲེད་པའི་རྗེས་སུ་འགྲོ་བའི་འདོད་ཆགས་དང་ཡང་དག་

པར་ལྡན་པ་སྟེ། ཡིད་བདེ་བ་འདོད་ཅིང་འདོད་པའི་རོ་མྱང་བས་རྗེས་སུ་ཆགས་པའི་སེམས་སོ། །དབང་པོ་ཕལ་པ་དང་ཞེས་བྱ་བ་ནི་དབང་པོ་ཞན་པའམ་དབང་པོ་མ་དུལ་བའོ། །འདིས་ནི་དགའ་བའི་སེམས་ཀྱི་རྒྱུ་བསྟན་ཏེ་བློ་ཞན་པ་ཡིན་ན་ནི་དགའ་བ་ཉམས་པར་འགྱུར་ཏེ། མ་དུལ་

བའི་དབང་པོ་ལ་ནི་དབང་པོ་ཐ་མལ་པར་འགྱུར་རོ་ཞེས་བསྟན་ཏོ། །སེམས་ཀྱི་རྗེས་འབྲང་ཞེས་བྱ་བ་ནི་སེམས་ཀྱི་དབང་སྟེ་འདོད་པའི་རྒྱུ་ལ་སྤྱོད་པ་གང་མ་དུལ་བའི་སེམས་ཞེས་བྱ་བའི་དོན་ཏོ། །འགྲིབ་པ་ནི་ཡོངས་སུ་ཉམས་པའོ། །གྲགས་པ་ནི་སྙན་པའོ། །གཞན་ཡང་འདིར་

སྐྱེས་བུའི་ཁྱད་པར་སྨྲས་པ། ཞན་པའི་མཐུས་ཞེས་བྱ་བ་སྨོས་ཏེ་མཐུ་དང་སྨྲ་བ་དམན་པར་གྱུར་པའོ། །མཐུན་པའི་ཆོས་ཀྱི་དཔེ་བསྟན་པ། ལྗོན་ཤིང་ཞེས་བྱ་བ་སྟེ་དེ་ཉིད་དོ། །འབྲས་བུ་ལྷགས་པ་ཡིན་ཞེས་བྱ་བ་ནི་འབྲས་བུ་ཐམས་ཅད་ལྷུང་བ་ཡིན་པའི་ཕྱིར་མངོན་པར་མི་

བསྔགས་པའོ། བྱ་བཞིན་ནོ་ཞེས་བྱ་བ་ནི་འདབ་ཆགས་ཇི་ལྟ་བ་བཞིན་ཏེ། དེ་ནི་འབྲས་བུ་ལ་བརྐམ་པས་ཤིང་ལ་རྒྱུ་སྟེ་དེ་མེད་པར་གྱུར་ན་ནི་ཡོངས་སུ་སྤོང་བ་ཡིན་ནོ། །དེ་བཞིན་དུ་མ་འོངས་པའི་ཡོན་ཏན་དང་སྐྱོན་གྱི་གནས་པའི་རྒྱུད་ཀྱི་སེམས་ཅན་གྱི་གྲགས་པ་མེད་པའོ། །

སེམས་མ་དུལ་བ་ཉིད་ཀྱིས་འདིས་ཉེས་དམིགས་བསྟན་ནས། འཇིག་རྟེན་ཕྱི་མའི་སྨྲས་པ། སེམས་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །ནགས་དགོན་པ་ཞིག་ན་ལེ་ལོ་ཆེ་ཞིང་བག་མེད་ལ་འདོད་པའི་རྣམ་པར་རྟོག་པས་རྣམ་པར་གཙེས་པའི་དགེ་སློང་ཞིག་ལས་བརྩམས་སོ། །

Vol. 149 · folio 171a

བརྩོན་ལ་གནས་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །མ་བསགས་པའི་དགེ་བ་བསགས་པའི་རྒྱུ་བསྟན་ནས་བསགས་པའི་དགེ་བ་བསྲུང་བའི་ཐབས་བསྟན་པ། བག་ཡོད་སེམས་ཞེས་བྱ་བ་སྨོས་ཏེ། བག་ཡོད་པའི་ཁྱད་པར་

གྱི་ཡོན་ཏན་དང་ལྡན་པའོ། །ཡོན་ཏན་ཉམས་པ་དང་སྐྱོན་སྐྱེ་བའི་རྒྱུ་ལས་བཟློག་པའི་ཕྱིར། སེམས་ཁྱོད་ཕུང་ཁྲོལ་འདོད་ལ་དགའ་མ་བྱེད། །ཅེས་བྱ་བ་སྨོས་ཏེ། ཡིད་ཁྱོད་འདོད་པའི་སྲེད་པ་དང་ཕུང་ཁྲོལ་མ་བྱེད་ཅིག་པའོ། །དེ་ནི་མི་འདོད་པའི་འབྲས་བུ་བསྟན་པས་བཟློག་

པ་ཡིན་ཏེ། བག་མེད་ལྕགས་གོང་མིད་པས་ཞེས་བྱ་བ་བག་མེད་པའི་རྒྱུས་ལྕགས་ཀྱི་ཐུ་ལུམ་རབ་ཏུ་འབར་བ་ཟ་བར་མ་བྱེད་ཅིག་པའོ། །དམྱལ་བར་བཙོས་པ་ན་ཞེས་བྱ་བ་ནི་དམྱལ་བར་སྐྱེས་ནས་དམྱལ་བའི་མེས་བསྲེགས་པར་གྱུར་པ་ན། ཁྱོད་མ་ངུ་ཞིག་པ་ནི་ཁྱོད་ཆོ་

ངེས་མ་འདེབས་ཤིག་ཅེས་པའོ། །བརྩོན་འགྲུས་ལ་སོགས་པ་མ་ཡིན་པར་ནི་སེམས་དུལ་བའི་ཐབས་མི་རྙེད་དོ་ཞེས་བསྟན་པའི་ཕྱིར། ལྡང་བའི་དུས་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱལ་བྱེད་ཀྱི་ཚལ་ན་རྒྱལ་ཞེས་བྱ་བ། ལས་ཐ་མལ་པ་གཞན་ལ་མངོན་པར་བརྩོན་པ་ཞིག་

ལས་བརྩམས་སོ། །ལྡང་བ་ནི་སྤྲོ་བ་སྟེ་དེ་སྒྲུབ་པའི་དུས་སུ་ཉེ་བར་གནས་པ། སངས་རྒྱས་འབྱུང་བ་དང་མིའི་ནུས་པ་ལ་སོགས་པའི་ཁྱད་པར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །འདུག་པར་བྱེད་པ་དང་ཞེས་བྱ་བ་ནི་ཉེ་བར་མི་སྦྱོར་བ་སྟེ། སྦྱོར་བ་མི་བྱེད་པས་དགེ་བའི་བྱ་

བ་དག་ལ་མི་འཇུག་པའོ། །ལྡང་བའི་དུས་ཉིད་སྨྲས་པ། ལང་ཚོ་ཞེས་བྱ་བ་སྨོས་ཏེ་བྱ་བ་ཐམས་ཅད་བྱ་བར་བཟོད་པའི་དུས་སུ་ཉེ་བར་གནས་པ་ནི་ལང་ཚོ་ཡིན་ནོ། །སྟོབས་ལྡན་ཞེས་བྱ་བ་ནི་བླ་མས་བསྟན་པ་དང་། གྲོགས་དང་། རྐྱེན་དང་། ནད་མེད་པ་དང་། སྟོབས་ལྔ་དང་ལྡན་པ་

སྟེ། སངས་རྒྱས་འབྱུང་བ་དང་། བསྟན་པ་གནས་པ་དང་། དེའི་ལམ་ལ་ཞུགས་པའི་སྐྱེ་བོ་ཡོད་པའི་ཕྱིར་དང་། ཆོས་གོས་ལ་སོགས་པས་གནོད་པ་མེད་པའི་ཕྱིར་དང་། ནད་ཀྱི་གནོད་པ་མེད་པའི་ཕྱིར་སྟོབས་དང་ལྡན་པའོ། །དེ་ལྟར་ཡོད་ཀྱང་སུ་ཞིག་སྦྱོར་བར་བྱེད་པ་མ་

Vol. 149 · folio 171b

ཡིན་ཞེ་ན། མི་འབད་ཅེས་སྨོས་ཏེ་ལེ་ལོ་ཅན་ཉིད་ནི་དགེ་བའི་བྱ་བ་དག་ལ་རོ་མྱོང་བར་མི་བྱེད་ཅིང་འདུན་པ་མེད་པའི་ཕྱིར་ཏེ། མདོ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་ནི་འདུན་པའོ་ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་སེམས་མི་དབེན་པར་བསྟན་ནས་ལུས་མི་དབེན་པར་བསྟན་པ། ཁྱིམ་འདུག་

ཅེས་བྱ་བ་ཁྱིམ་དང་ཉེ་བ་ན་འདུག་པ་སྟེ། འདི་ལ་ཁྱིམ་ནི་ཡོངས་སུ་གཟུང་བ་དང་བཅས་པའི་ཕྱིར་རོ། །གཉི་གའི་ཉེས་དམིགས་སྨྲས་པ། རྫོགས་ཚེ་ཞེས་བྱ་བ་རྫོགས་པ་ཐོབ་པ་སྟེ། ཡིད་ཀུན་དུ་རྟོག་པའི་ཡུལ་གཟུགས་ལ་སོགས་པ་གང་ཡིན་པ་ལའོ། །རྫོགས་པ་ནི་ཐོབ་པ་ལ་

འཇུག་སྟེ་བདག་གི་སློང་མོ་ནི་རྫོགས་ཏེ་ཐོབ་པོ་ཞེས་བྱ་བ་ལྟ་བུའོ། །སེམས་དབེན་པ་མེད་ན་ནི་འདོད་པ་ལ་སོགས་པ་ལས་ཀུན་དུ་རྟོག་ཅིང་དཔྱོད་པར་འགྱུར་རོ། །དབེན་པ་མེད་པས་ནི་ལེ་ལོ་བྱེད་པར་འགྱུར་སྟེ། བྱ་བ་ངན་པ་བྱེད་པའི་ཕྱིར་སྡིག་པ་ལ་མངོན་པར་དགའ་བ་ཞེས་བྱ་བའི་

དོན་ཏོ། །མི་ཡིས་ཤེས་རབ་ལམ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་ཀྱི་ལམ་གྱིས་སེམས་དུལ་བའོ། །རྟོགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ནམ་ཡང་འཐོབ་པར་མི་འགྱུར་བའོ། །རང་བཞིན་གྱིས་རྣམ་པར་རྟོག་པ་ཞི་ན་ནི་སེམས་ཡོངས་སུ་རྫོགས་པར་དུལ་བར་འགྱུར་རོ་ཞེས་བསྟན་པ།

ཕྲན་ཚེགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྣམ་པར་རྟོག་པ་མང་བའི་ཚོང་དཔོན་ཞིག་སྐྱོ་ནས་དེ་སྤང་བའི་གཉེན་པོ་བཙལ་བ་ལས་མ་རྙེད་དེ། བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་ཅི་ཙམ་ན་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཕྲན་ཚེགས་ནི་མི་འདོད་པའི་འབྲས་བུ་ཡིན་

པའི་ཕྱིར་མངོན་པར་མི་འདོད་པ་སྟེ། འདོད་པ་ན་སྤྱོད་པའོ། །རྣམ་པར་རྟོག་པ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རྟོག་པའོ། །ཡང་ན་ཞིབ་མོ་ནི་རགས་པ་མ་ཡིན་པ་སྟེ། མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་རོ། །གཡེན་ཡང་སྤྱོ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་འདྲེན་པའི་ཕྱིར་

ཏེ། སེམས་རྣམ་པར་གཡེངས་པའི་ཕྱིར་རོ། །ནང་ན་གནས་པའི་ཡིད་ནི་ཞེས་བྱ་བ་ནི་སེམས་དང་ལྷན་ཅིག་མཚུངས་པར་ལྡན་པའི་རྣམ་པར་གནས་པའོ། །དེ་དག་ཅེས་བྱ་བ་ནི་དེའི་ས་པའི་རྣམ་པར་རྟོག་པའོ། །མ་ཤེས་ན་ཞེས་བྱ་བ་ནི་མ་རིག་པའོ། །གང་གི་མ་རིག་པ་ཡིན་ཞེ་ན།

Vol. 149 · folio 172a

ཡིད་ཀྱི་ཞེས་བྱ་བ་སྨོས་ཏེ། དེ་བཞིན་ཉིད་ཤེས་པས་སོ། །འདི་ནི་གནས་ཀྱིས་གནས་པ་བསྟན་ཏེ། གྲོང་ཐམས་ཅད་འོངས་སོ་ཞེས་བྱ་བ་ལྟ་བུའོ། །རྣམ་རྟོག་ནི་རྣམ་པ་སྣ་ཚོགས་པའི་སྒོ་ནས་དཔྱོད་པ་རྣམ་པར་རྟོག་པ་སྟེ། དེ་ནི་ངེས་པའི་ཚིག་གོ། །དེ་

ཡོངས་སུ་མ་ཤེས་པའི་སྐྱོན་བསྟན་པ། ཡང་དང་ཡང་དུ་རྒྱུག་པར་བྱེད། །ཅེས་སྨོས་ཏེ་འཁོར་བར་ལན་དུ་མར་འཁོར་བའོ། །གང་ཞེ་ན། འཁྲུལ་སེམས་ཞེས་བྱ་བ་བློ་ཕྱིན་ཅི་ལོག་པའི་ཕྱིར་ཏེ། མ་དུལ་བའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་གང་ཡང་རྣམ་པར་རྟོག་པ་

འདི་ཤེས་པའོ། །ཇི་ལྟར་ཤེས་པ་ཞེས་བརྗོད་ཅེ་ན། མཁས་པས་ཞེས་སྨོས་ཏེ། གསུང་རབ་ཀྱི་དོན་གྱི་དེ་ཁོ་ན་ཉིད་ལ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་ལ་མཁས་པའི་ཕྱིར་རོ། །བརྩོན་པ་ནི་བརྟུན་པ་དང་ལྡན་པ་ཉིད་དོ། །རྣམ་འབྱེད་ཅེས་བྱ་བ་ནི་ཡང་དག་པར་གཡོགས་

པ་དང་བཀབ་པར་གྱུར་པའོ། །དྲན་ལྡན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་མངོན་པར་བརྩོན་པ་སྟེ། དེ་ལས་དྲན་པ་དང་། ཤེས་བཞིན་གཉིས་གཙོ་བོ་ཡིན་པའི་ཕྱིར་རོ། །ལྷ་དྲན་པ་དང་ཤེས་བཞིན་གྱིས་བཀབ་པར་བྱའོ་ཞེས་མདོ་ལས་གསུངས་སོ། །

ཐམས་ཅད་ཅེས་བྱ་བ་ནི་ས་ཇི་སྙེད་པའོ། །མ་ལུས་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའོ། །ཇི་ཐམས་ཅད་ཉིད་རྣམ་པར་འབྱེད་དམ་ཞེ་ན་མ་ཡིན་ཏེ། སྨྲས་པ། བློ་ཡིས་ཞེས་བྱ་བའོ། །སེམས་དུལ་བ་ལ་ནི་མྱ་ངན་ལས་འདས་པ་ཡང་རག་ལས་པ་ཡིན་ནོ་ཞེས་བསྟན་པ་ནི་

ལུས་འདིས་བུམ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དགེ་སློང་ཞིག་བདག་ཉིད་བལྟ་ན་སྡུག་པའི་ཁྱད་པར་དང་དབྱིབས་དང་གཟུགས་ཀྱིས་དྲེགས་ཏེ་སྲེད་པ་ལས་སྤྱོད་ཅིང་གང་འདི་ལྟ་བུའི་ལུས་ནི་སུ་ཞིག་གིས་མ་རུང་བར་བྱེད་ནུས་ཞེས་མི་གཙང་བ་སྒོམ་པར་མི་བྱེད་དེ། དེ་

ཡང་རྫ་མཁན་གྱི་ཁྱིམ་དང་ཉེ་བ་ཞིག་ན་གནས་ཤིང་སྤྱོད་པ་ཞིག་ལས་དེའི་དབང་དུ་མཛད་ནས་འདི་ལྟ་སྟེ། དགེ་སློང་རྫ་མ་སོ་མ་བཏང་བ་ནི་སྙིང་པོ་མེད་པ་ཡིན་ཞིང་ཡུན་རིང་དུ་མི་གནས་ཏེ་གནོད་པ་མི་བཟོད་ལ་ཆར་ཡང་མི་བཟོད་པ་བཞིན་དུ་ལུས་འདི་ཡང་དེ་ལྟ་བུའོ། །དཔེར་

Vol. 149 · folio 172b

ན་གྲོང་ན་གནས་པས་ནི་རྒྱལ་པོ་སྤྱོད་དོ། །དེ་བཞིན་དུ་ལུས་ལ་བརྟེན་ནས་ཀྱང་སེམས་ཏེ་འཇིག་རྟེན་ན་ནི་དེ་ལྟ་བུའོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ལུས་ནི་བུམ་པ་དང་འདྲ་བ་སྟེ་དཔེར་ན་རྫ་མ་ནི་སྐྱེ་བའི་ཆོས་ཅན་དང་། མཐར་འཇིག་པ་ཡིན་ཞིང་ཆུའི་

སྣོད་ཡིན་པ་དེ་བཞིན་དུ། ལུས་འདི་ཡང་མི་གཙང་བ་རྣམ་པ་སྣ་ཚོགས་པའི་སྣོད་དང་མི་རྟག་པའི་ཕྱིར་རོ། །འདི་ནི་ཟིན་པའོ། །རྟོགས་བྱས་ཤིང་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཤེས་པས་ངེས་པར་བྱས་པའོ། །གྲོང་ཁྱེར་འདྲ་བ་ཞེས་བྱ་བ་ནི་གྲོང་ཁྱེར་དང་འདྲ་བར་རིགས་མི་འདྲ་བའི་

རྫས་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །སྲན་བཙུགས་ནས་ཞེས་བྱ་བ་ནི་ལུས་དེ་ཉིད་ལ་བརྟེན་ནས་སེམས་ལེགས་པར་གནས་པ་དང་། དེ་ཡང་རྟོགས་པར་བྱས་པའོ། །གྲོང་ཁྱེར་དང་འདྲ་བ་འདི་ནི་གྲོང་ཁྱེར་རུས་པའི་ར་བ་ཅན་ཞེས་བྱ་བས་གནས་པ་ཡིན་ནོ། །ལུས་དང་སེམས་

ཡོངས་སུ་བརྟགས་པའི་གོ་བགོས་ཏེ། བདུད་དང་གཡུལ་སྤྲད་དེ་ཞེས་བྱ་བ་སྤངས་པར་བྱ་ཞིང་ཉོན་མོངས་པའི་བདུད་དཀྲུག་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན། ཤེས་རབ་མཚོན་གྱིས་ཞེས་བྱ་བ་ཡིན་ཏེ། འཕགས་པ་ཉན་ཐོས་ཀྱིས་ནི་ཤེས་རབ་མཚོན་གྱིས་ཀུན་དུ་

སྦྱོར་བ་གཅོད་པར་འགྱུར་རོ་ཞེས་མདོ་ལས་བསྟན་ཏོ། །བཏུལ་ནས་བསྲུང་བར་བྱ་ཞེས་བྱ་བ་ཉོན་མོངས་པའི་བདུད་སྤངས་ནས་དེ་བཞིན་དུ་ཡང་མི་སྐྱེ་བར་བྱ་བའི་ཕྱིར་བསྲུང་བར་བྱ་བ་སྟེ་མ་བཏུལ་བ་ནི་བཏུལ་བར་བྱ་ལ་བཏུལ་བ་ནི་བསྲུང་བར་བྱ་སྟེ། ཕྱི་ནས་ཡང་ཉམས་པ་མེད་

པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གནས་མེད་པར་ནི་ཞེས་བྱ་བ་ནི་ཡང་འཇུག་པ་མེད་ཅིང་འཁོར་བར་ཡང་སྲིད་པ་མེད་པ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ། །ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་འདི་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་ཐམས་ཅད་དེ་འཇིག་རྟེན་ནི་ཉེ་བར་ལེན་པའི་

ཕུང་པོ་ལྔ་ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་ནམ་ཞིག་ལ་ཕྱོགས་གཅིག་བལྟས་ནས་འཇུག་པ་ཡིན་ཏེ་ནམ་ཞིག་ན་འཇིག་རྟེན་ཐམས་ཅད་ལ་བལྟས་ནས་སོ། །དབྱིབས་ཀྱི་འདོད་ཆགས་ལ་འཇུག་པ་བསྟན་ནས་ཁ་དོག་གི་འདོད་ཆགས་སྨྲས་པ། ལུས་འདི་དབུ་བ་འདྲ་བར་

Vol. 149 · folio 173a

ཞེས་སྨྲས་ཏེ། དགེ་སློང་ཁ་དོག་གི་འདོད་ཆགས་ཅན་ཞིག་གང་གཱའི་ངོགས་ན་གནས་ལ་ཕ་རོལ་དུ་རྒལ་བར་མི་བྱེད་པ་དེ་ལས་བརྩམས་ཏེ། འདི་ལྟ་སྟེ་དགེ་སློང་དབུ་བའི་གོང་བུ་ནི་ཆེར་ཟིན་ཀྱང་སྙིང་པོ་མེད་པ་ཡིན་ཏེ། རེག་པར་མི་བཟོད་པ་བཞིན་དུ་ལུས་

འདི་ཡང་དེ་ལྟ་བུའོ་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་གཉིས་ཀྱི་བར་དུ་གསུངས་སོ། །ཆུའི་ཡན་ལག་འདྲེས་ཏེ་རླུང་གིས་གྲུབ་པ་ནི་དབུ་བ་སྟེ། ངེས་པའི་ཚིག་ལས་སྐྱེ་བའོ། །ཞེས་བྱ་བའི་དོན་ཏོ། །གང་དེ་ཇི་ལྟར་གནས་མེད་པར་འདོད་པ་ཡིན་ཞེ་ན། གཉིས་ཀྱིས་རྣམ་པར་

འབྲེལ་པ་སྨྲས་པ། གང་གིས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་མྱ་ངན་ལས་འདས་པ་ནི་གང་ཡིན་ཇི་ལྟར་མྱ་ངན་ལས་འདས་པ་ཞེས་བྱ་ཞེས་སྨྲས་པ་དང་། དེས་དེ་ཁྱེར་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས་དེ་ལ་འདི་གསུངས་སོ། །

གང་གིས་ཞེས་བྱ་བ་ནི་བསམ་པ་བཟང་པོ་གང་གིས་ཏེ། ཐར་པའི་ས་བོན་དང་ལྡན་པའི་བདག་ཉིད་ཆེན་པོའོ། །སེམས་ཀྱིས་ལེགས་པར་བསྒོམས་པ་དང་། །ཞེས་བྱ་བ་ནི་མི་གཙང་བ་ལ་སོགས་པ་ལེགས་པར་བསྟེན་པའོ། །དེས་ན་དུས་ཕྱི་ནས་བྱང་ཆུབ་ཡན་ལག་བདུན་ཞེས་

བྱ་བ་ལེགས་པར་བསྒོམས་པ་ཞེས་འདིར་རྗེས་སུ་འབྲང་ངོ་། །གང་གིས་བྱང་ཆུབ་ཀྱི་ཡན་ལག་བདུན་ལེགས་པར་བསྒོམས་པར་འགྱུར་ཞེ་ན། བཤད་པ། གང་འཁོར་བ་ལས་བདག་གིར་མི་བྱེད་པ་དང་། ཐར་པ་འདོད་པའོ། །དེ་གཉི་ག་སྨྲས་པ། ལེན་པ་རབ་ཏུ་སྤངས་པ་དང་།

ཞེས་བྱ་བ་སྨོས་ཏེ། སྐྱེ་བ་གཞན་དག་ཡོངས་སུ་འཛིན་པར་འདོད་པ་སྤངས་པའི་ཕྱིར་རོ། །གང་ཞིག་ལེན་ལ་མི་དགའ་ཞིང་། །ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དགའ་བའི་ཕྱིར་ཏེ། དེས་ན་བསམ་པ་དང་སྦྱོར་བ་གཉིས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཁྱད་པར་བསྟན་པ། ཟག་

ཟད་ཅེས་བྱ་བ་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཏེ། སྐྱོན་བསལ་ཞིང་ངན་པར་སྤྱོད་པ་སྤངས་པས་མྱ་ངན་ལས་འདས་པ་སྟེ། ལས་དང་ཉོན་མོངས་པའི་རྒྱུད་བསྩལ་བ་གང་ཡིན་པའོ། །འཇིག་རྟེན་དག་ན་ཞེས་བྱ་བ་ནི་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་མྱ་ངན་ལས་འདས་

Vol. 149 · folio 173b

པ་ཞེས་བྱ་བར་བརྗོད་དེ་མྱ་ངན་ལས་འདས་པ་འཐོབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གང་མི་ཉམས་ཞེས་བྱ་བར་བརྗོད་ཅེ་ན། །དུལ་བའི་སེམས་ཉིད་དེ། དེ་བཤད་པ། གང་ཞིག་གཡག་རྔའི་ཞེས་བྱ་བ་ལ་སོགས་པའོ། །བསྟི་གནས་ཀྱི་ཁང་པ་དག་ཏུ་དགེ་སློང་རབ་ཏུ་མང་པོ་དག་གཏམ་

བརྗོད་པར་གྱུར་ཏེ། ཚེ་དང་ལྡན་པ་དག་འཕགས་པའི་ཉན་ཐོས་ཀྱིས་གང་ཞིག་བསྲུང་བར་བྱ་ཞེས་སྨྲས་པ་ན། ཁ་ཅིག་ནི་ལུས་དང་ངག་གོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དང་། དེའི་ཚེ་བཅོམ་ལྡན་འདས་དེར་གཤེགས་ནས་དགེ་སློང་དག་སྲོག་ཆགས་གཡག་རྔའི་རྩེ་མོ་བཞིན་དུ་

སེམས་ཡོངས་སུ་བསྲུངས་པ་ལ་སྲུངས་ཤིག་ཅེས་བྱ་བ་ནས་ཇི་སྲིད་དུ་འདི་གསུངས་སོ། །རང་གི་སེམས་ནི་བདག་ཉིད་ཀྱི་རྣམ་པར་ཤེས་པའོ། །རྗེས་སུ་བསྲུང་ཞིང་ཞེས་བྱ་བ་ནི་ཡུལ་དག་ལས་བཟློག་ཅིང་གདུལ་བར་བྱའོ། །གཡག་རྔའི་རྩེ་མོ་ལྟར་ཞེས་བྱ་བ་ནི་དཔེར་ན་རི་དགས་གཡག་ནི་

རྔ་མའི་རྩེ་མོ་གཙོར་སྲུང་སྟེ། བདག་ཉིད་ཤི་བར་གྱུར་ཀྱང་དེ་སྲུང་བ་བཞིན་ནོ། །སེམས་ཡུལ་ལས་བཟློག་པར་འདིས་བསྟན་ནས། ཡུལ་གྱི་ཁྱད་པར་ལ་གཟུད་པར་བསྟན་པ། འབྱུང་པོ་རྣམས་ལ་བརྩེར་ལྡན་པ། །ཞེས་བྱ་བ་ནི་བརྩེ་བ་ལ་འཇུག་ཅིང་འཐོབ་པ་ཞེས་བྱ་བའི་དོན་ཏོ། །སེམས་

ཅན་ལ་འཚེ་བ་མེད་པའི་བསམ་པ་ཡོད་པའི་ཕྱིར་རོ། །དེ་ཡི་བདེ་བ་ཡོང་མི་ཉམས། །ཞེས་བྱ་བ་ནི་འཇིག་རྟེན་པ་དང་མཐར་ཐུག་པའི་བདེ་བ་མི་ཉམས་པའོ། །སེམས་ཀྱིས་ནི་དུད་འགྲོ་དང་ཐུབ་པ་མཆོག་གི་མཉན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་གླང་པོ་ཞེས་བྱ་བ་ལ་

སོགས་པའོ། །ཡུལ་ཡངས་པ་ཅན་ན་འཐབ་ཁྲོལ་བྱེད་པའི་དགེ་སློང་དག་སྤངས་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་ན། ནགས་ཚལ་ཞིག་ཏུ་གླང་པོ་ཆེ་བཟང་པོ་ཞིག་གིས་རྩོད་པ་ཅན་གྱི་ཁྱུ་སྤངས་ཏེ། མངོན་པར་དགའ་ཞིང་གནས་པ་གཟིགས་པ་དང་། བཅོམ་

ལྡན་འདས་ཀྱིས་འདི་གསུངས་སོ། །གང་ཕྱིར་ནི་སེམས་སོ། །གླང་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ་ཞེས་གསུས་པོ་ཆེའི་མདོ་ལས་བཤད་དོ། །ཡང་ན་གནོད་པ་མེད་པའི་ཕྱིར་བཅོམ་ལྡན་འདས་ནི་གླང་པོ་སྟེ་སྐྱོན་ཐམས་ཅད་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words