སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ
Sanskrit title (Tibetan script, as in the text) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 153 · folio 56a
ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་
སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདུན་པ་འདི་ལྟུང་བ་བྱུང་ཡང་། ཆོས་བཞིན་དུ་སླར་མི་བགྱིད་དེ། འདི་ལ་དགེ་སློང་དོན་འཚལ་བ། ཕན་པ་འཚལ་བ། བདེ་བ་འཚལ་བ། བདེ་བ་ལ་རེག་པར་
འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་གཞི་དེས་གླེངས་ཀྱང་། དགེ་སློང་རྣམས་ལ་ཅང་མི་སྨྲ་བས་རྣ་ལ་གཟོན་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འདུན་པ་ཅང་
མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་སྩལ་ཏོ། །འདི་ནི་གསོལ་བའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དེ་བཅུ་གསུམ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་
གཅིག་པ། གནས་མལ་གྱི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་
བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང་། ནད་པ་ལ་ལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་།
Vol. 153 · folio 56b
འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པ་དང་། དོན་འདི་ནི་བཅོམ་ལྡན་འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་
མངོན་པར་སྒྲུབ་པ་མཛད་དོ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་བསྣམས་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་།
གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་དེ་ན་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་གཞག་ཅིང་དུས་མ་ཡིན་པའི་སྤྲིན་ཆེན་པོ་ཡང་འདུས་
པར་གཟིགས་ནས། ཨེ་མའོ་ཞེས་གསུངས་ཤིང་སྨད་ནས། འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་ཤ་དང་། ཁྲག་དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་
དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་ནས། རྫུ་འཕྲུལ་གྱིས་དུས་མ་ཡིན་པའི་སྤྲིན་ཆེན་པོ་དེ་ཕྱིར་དགག་པ་མཛད་དེ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་དགག་པ་མཛད་པས་དེ་སྟེང་གི་བར་སྣང་ལ་ཆུ་ལོན་ལྟ་
བུར་གྱུར་ཏེ། མཐའ་ནར་བར་འདུག་ཅིང་ཤས་ཆེར་བཅོམ་ལྡན་འདས་ལ་སྡོད་ཅིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་མལ་རབ་ཏུ་མང་པོ་དེ་དག་སྐྱབས་ཡོད་པར་བྲུབས་ནས། དབྱར་གྱི་ན་བཟའ་རས་ཆེན་བསྣམས་ཏེ། སྐུ་བསིལ་བར་བཞེད་ནས་བང་རིམ་ན་
བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་སྤྲིན་ཆེན་པོ་དེ་དགག་པའི་རྫུ་འཕྲུལ་དེ་སླར་བསྡུ་བ་མཛད་དེ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་སླར་བསྡུ་བར་མཛད་ནས་འབྲུག་གྲགས་ཤིང་ཆར་གྱིས་གཤོང་དང་ཐང་ཐམས་ཅད་ཚིམ་པར་གྱུར་ཏོ། །དེ་
Vol. 153 · folio 57a
ནས་བཅོམ་ལྡན་འདས་སྐུ་བསིལ་ནས་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་སྒྲུབ་པས་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས། བཅོམ་ལྡན་འདས་
ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ་དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་པོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། །དེ་ནས་
བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་
འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདི་ན་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཤེས་ནས་ལྡེ་མིག་ཁྱེར་ཏེ། ཀུན་དགའ་ར་བ་ནས་
ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། གོལ་བར་སོང་ཞིང་མཐར་གྱིས་འགྲོ་བ་ན། ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་ག་ལ་བ་དེར་ཕྱིན་ནས། ཁང་པ་ཆེན་པོའི་གཙུག་
ལག་ཁང་དེ་ན་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་གཞག་ཅིང་དུས་མ་ཡིན་པའི་སྤྲིན་ཆེན་པོ་འདུས་པར་མཐོང་ངོ་། །མཐོང་ནས་ཀྱང་ཨེ་མའོ་ཞེས་བྱས་ཏེ་སྨད་ནས། འདི་སྙམ་དུ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་། ཁྲག་
Vol. 153 · folio 57b
དག་བཙིར་ཅིང་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་ཤིང་དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ་དྲོད་རན་པར་ཡོངས་སུ་ལོངས་སྤྱོད་པ་དང་།
སྤང་ཞིང་ཡོངས་སུ་ལོངས་སྤྱོད་པ་དང་། དུས་སུ་ཡོངས་སུ་ལོངས་སྤྱོད་པ་དང་། བརྟག་ཅིང་ཡོངས་སུ་ལོངས་སྤྱོད་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱོད་ན་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྤངས་པ་དང་། དུས་དང་། བརྟག་པ་དང་།
ཁད་ཀྱིས་ཡོངས་སུ་ལོངས་སྤྱོད་པའི་བསྔགས་པ་བརྗོད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུ་འམ།
སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད།
གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ། ཉེས་པ་ནི་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་གཞག་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་
མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས། དེ་དག་གིས་རི་བྲགས་དེར་གནས་བཙལ་བར་བརྩམས་པ་དང་།
རི་བྲགས་དེ་ན་གཙུག་ལག་ཁང་ཞིག་ཡོད་ན་དེ་དག་ལ་མི་ཞིག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གཙུག་ལག་ཁང་དུ་མི་གནས་སམ། བཞིན་བཟངས་མི་གནས་ཏེ། ཁོ་བོ་ཅག་ནི་འགྲོན་པ་དོན་མཐུན་ལ་རག་ལས་པ་ཡིན་པས། གལ་ཏེ་ཁོ་བོ་ཅག་གཙུག་
Vol. 153 · folio 58a
ལག་ཁང་དུ་གནས་པར་གྱུར་ན་འགྲོན་པ་དོན་མཐུན་གྱིས་ཁོ་བོ་ཅག་བོར་ཏེ་འགྲོ་བར་འགྱུར་རོ། །དེས་སྨྲས་པ། འཕགས་པ་དག་བཞུད་ལ་གཙུག་ལག་ཁང་དུ་གཟིམས་ཤིག་དང་། འགྲོན་པ་དོན་མཐུན་ཆ་བའི་དུས་ཀྱི་ཚེ་བདག་གིས་འཕགས་
པ་དག་བསླང་བར་བགྱིའོ། །དེ་དག་གཙུག་ལག་ཁང་དུ་དོང་སྟེ་གནས་མལ་བཤམས་ནས་ཉལ་ལོ། །ནང་པར་འགྲོན་པ་དོན་མཐུན་ཆས་ཏེ་གླང་ཐ་མ་བཀལ་ཟིན་པ་དང་། དེ་ནས་མི་དེས་དེ་ནས་སོང་སྟེ་དགེ་སློང་དེ་དག་ལ་སྨྲས་པ། འཕགས་པ་དག་འགྲོན་པ་དོན་མཐུན་
ཆས་ཀྱིས་མྱུར་དུ་སྤྱོན་ཅིག །དེ་དག་ཇི་སྲིད་དུ་ལག་པ་དག་སྙོལ་བར་བྱེད། སོ་ཤིང་འདོར་བར་བྱེད། གནས་མལ་དག་གཏོད་པར་བྱེད་པ་དེ་སྲིད་དུ། འགྲོན་པ་དོན་མཐུན་ཐལ་བར་གྱུར་ནས། དེ་དག་ཕྱི་བཞིན་འབྲང་ཞིང་འདོང་བ་ན་ཆོམ་རྐུན་པ་དག་གིས་བཅོམ་པར་གྱུར་ནས་
དེ་དག་མཐར་གྱིས་གཙུག་ལག་ཁང་དུ་ཕྱིན་པ་དང་། དེ་དག་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་བདེ་བར་བརྒྱུས་རེ་སྐན། ཅི་ཉེས། ཚེ་དང་ལྡན་པ་དག་
ཁོ་བོ་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཁོད་པ་དག་ལ་བཅོལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འཁོད་པ་དག་ལ་
བཅོལ་བར་བྱའོ་ཞེས་བཀའ་སྩལ་ནས་མཉན་ཡོད་ན་ཁྱིམ་བདག་གཉིས་ཤིག་འཁོད་པ་དེ་གཉིས་ཕན་ཚུན་ཁོན་ཡོད་ཅིང་། གཅིག་ནི་དད་པ་དང་ལྡན་པ་ཡིན་ལ། གཅིག་ནི་མ་དད་པ་དང་ལྡན་པ་ཡིན་ནས། དད་པ་ཅན་གྱིས་བསམས་པ། ཁོན་སྤེལ་བས་ཅི་བྱ་སྟེ།
ཁོན་ཞི་བར་བྱས་ཏེ་སོང་ལ་རབ་ཏུ་འབྱུང་བར་བྱའོ་སྙམ་ནས། དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དགེ་སློང་ཞིག་གི་གན་དུ་རབ་ཏུ་བྱུང་ངོ་། །ཁྱིམ་བདག་མ་དད་པ་ཤོས་དེས་རྒྱལ་བྱེད་ཀྱི་ཚལ་དུ་རབ་ཏུ་བྱུང་ངོ་ཞེས་མི་ཞིག་ལས་ཐོས་ནས་སྨྲས་པ། ཅི་དེ་མི་འཇིགས་པའི་གྲོང་
Vol. 153 · folio 58b
ཁྱེར་ཡིན་ནམ། ཁོ་བོ་དེར་ཡང་སོང་ལ་གནོད་པར་བྱའོ། །དགེ་སློང་དེས་ཐོས་ནས་དེ་རྒྱལ་པོའི་ཁབ་ཏུ་འཕགས་པ་དང་། དེས་བསྙགས་སོ། །དགེ་སློང་ནི་དུས་སུ་འགྲོ་ཞིང་དུས་མ་ཡིན་པར་མི་འགྲོ་ལ། ཁྱིམ་པ་ནི་དུས་སུ་ཡང་འགྲོ །དུས་མ་ཡིན་པར་ཡང་འགྲོ་བས་དགེ་
སློང་དེ་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཞུགས་པ་དང་། ཁྱིམ་བདག་དེས་མཐོང་ངོ་། །དགེ་སློང་དེ་ནང་པར་སྔ་བར་ལངས་ཏེ། དགེ་སློང་རྣམས་ལ་གནས་མལ་གཏད་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལམ་འདི་ནི་དོགས་པ་དང་བཅས་པ་ཡིན་
གྱི་འདི་ནས་མ་འགྲོ་ཤིག །འདི་ནི་ལམ་གཞན་ཡིན་གྱི་དེ་ནས་སོང་ཤིག །དེ་ལམ་དེ་ནས་སོང་བ་དང་། ཁྱིམ་བདག་དེས་བསྙེགས་ནས་ཤིན་ཏུ་བརྡེགས་ཏེ། ལྷུང་བཟེད་ཀྱང་བཅག །ཆོས་གོས་ཀྱང་དྲལ་ནས། ཐ་མ་མ་ཤི་ཙམ་དུ་བྱས་ཏེ་བཏང་ནས་དེ་གཙུག་ལག་
ཁང་དེ་ཉིད་དུ་ཕྱིར་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཅིའི་ཕྱིར་ཁྱོད་གནས་སྐབས་འདི་ལྟ་བུར་གྱུར། དེས་གནས་སྐབས་འདི་དགེ་སློང་རྣམས་ལ་རྒྱས་པར་བརྗོད་ནས་ཡང་སྨྲས་པ། གལ་ཏེ་ཁོ་བོས་ཚེ་དང་ལྡན་པ་དག་གིས་བསྟན་པ་ལྟར་མ་བྱས་
ན་ཁོ་བོ་གནས་སྐབས་འདི་འདྲ་བར་མི་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་
པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་
ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དག་དགེ་འདུན་གྱི་ཁྲིའམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་
Vol. 153 · folio 59a
བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ་སྡུད་དུ་མ་བཅུག་གམ་དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་
ནི་ཆོས་འདི་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་འམ་ཞེས་བྱ་བ་ཡང་ཁྲིའུ་ཉིད་དོ། །སྟན་ནང་
ཚངས་ཅན་ནམ་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །ལ་བའམ་ཞེས་བྱ་བ་ནི་ལ་བ་ཉིད་དོ། །སྔས་སམ་ཞེས་བྱ་བ་ནི་སྔས་སུ་གཞུག་པའོ། །གོར་བུ་ཞེས་བྱ་བ་ནི་གྲུ་བཞིའོ། །བླ་གབ་མེད་པ་ཞེས་བྱ་བ་ནི་མ་གཡོགས་པར་རོ། །བཏིང་ངམ་ཞེས་བྱ་བ་ནི་རང་གིས་སོ། །འདིང་དུ་
བཅུག་ནས་ཞེས་བྱ་བ་ནི་གཞན་ནོ། །མ་བསྡུས་སམ་ཞེས་བྱ་བ་ནི་རང་གིས་སོ། །སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །མ་བཅོལ་བར་ཞེས་བྱ་བ་ནི་བཅོལ་བ་ནི་རྣམ་པ་ལྔ་སྟེ། གཙུག་ལག་ཁང་འདེ་
རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདེ་རེ་ཞེས་བྱ་བ་དང་། གནས་མལ་སྡུས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་ཆུག་ཅིག་ཅེས་བྱ་བ་ཉིད་ནི་ལྔ་པའོ། །གལ་ཏེ་དགེ་སློང་མེད་ན་དགེ་ཚུལ་ལ་བཅོལ་བར་བྱའོ། །གལ་ཏེ་དགེ་
ཚུལ་མེད་ན་ཁྱིམ་བདག་ལ་བཅོལ་བར་བྱའོ། །གལ་ཏེ་ཁྱིམ་བདག་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ཏེ་འགྲོ་བར་བྱའོ། །གལ་ཏེ་ལམ་ཁར་དགེ་སློང་མཐོང་ན་ཁོ་བོས་ཕྱོགས་ཆེ་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱི་ལོང་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་
སོང་ནས་ཞེས་བྱ་བ་ནི་ཉེ་འཁོར་སྤངས་ནའོ། །དེའི་ཉེ་འཁོར་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེ། དེ་ཡང་རྩིག་པ་ལ་སོགས་པས་མ་བསྐོར་བ་ལ་ནི་དྲུང་ཉིད་ནས་སོ། །བསྐོར་བ་ལ་ནི་སྒོ་གང་ནས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་
Vol. 153 · folio 59b
སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་
ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་འདུན་གྱི་གནས་མལ་ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་དང་། གོར་བུ་ལ་སོགས་པ་གནས་མལ་གྱི་ཡན་ལག་ཏུ་གཏོགས་པ་གང་ཡང་རུང་
བ་རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པ་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པར་སོང་ན་གནས་མལ་ཕན་ཚུན་དུ་མ་གྱུར་ཀྱང་རུང་དེ་ཉིད་དུ་གཉིད་ལོག་གམ་སྙོམས་པར་ཞུགས་ཏེ་
གནས་མལ་ཕན་ཚུན་དུ་གྱུར་ན་ཉེ་འཁོར་ལས་མ་འདས་ཀྱང་རུང་སྟེ། གནས་མལ་གྱི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་འདུན་ཐམས་ཅད་ཀྱི་གནས་མལ་ལ་ན་སྨད་པ་མེད་དོ། །གནས་མལ་ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་
དང་། གོར་བུ་དང་། དྲེའུ་རྔོག་དང་། དབྱམ་པོ་དང་། བེའུ་རས་ལ་སོགས་པ་གནས་མལ་གྱི་ཡན་ལག་ཏུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་གནས་མལ་ཉིད་རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པ་ལ་ན་སྨད་པ་མེད་དོ། །མ་བསྡུས་
སམ་སྡུད་དུ་མ་བཅུག་གམ་དགེ་སློང་འཁོད་པ་ལ་མ་བཅོལ་བ་ལ་ན་སྨད་པ་མེད་དོ། །བརྗེད་པས་ཀྱང་རུང་མ་བརྗེད་པར་བློ་སྔོན་དུ་བཏང་བས་ཀྱང་རུང་སྟེ། འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པར་སོང་ན་གནས་མལ་ཕན་ཚུན་དུ་མ་གྱུར་པ་ལ་ཡང་ན་སྨད་པ་མེད་
དོ། །དེ་ཉིད་དུ་གཉིད་ལོག་གམ་སྙོམས་པར་ཞུགས་པ་ལ་སོགས་པས་གནས་མལ་ཕན་ཚུན་དུ་གྱུར་ན་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་མ་འདས་ཀྱང་ན་སྨད་པ་མེད་དོ། །འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་ཀྱང་འདས་ལ་གནས་མལ་ཕན་ཚུན་དུ་ཡང་གྱུར་པ་ལ་
Vol. 153 · folio 60a
ན་སྨད་པ་མེད་དོ། །སྤྱོད་པ་ནི་བྱེད་པ་དང་འདྲ་བས་གཞན་གྱིས་གནས་མལ་བླ་གབ་མེད་པར་བཏིང་བ་ལ་སྤྱོད་པ་གང་ཡིན་པ་དེ་འགྲོ་བ་དང་། དེ་ཉིད་ན་འདུག་པ་ནི་རང་གིས་འདིང་བར་བྱེད་པ་དང་འདྲ་སྟེ། གལ་ཏེ་བདག་གཅིག་པུ་སྤྱོད་སྤྱོད་ན་བདག་
ཉིད་ལ་ན་སྨད་པ་མེད་དོ། །གཞན་ཡང་གཉིས་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི། ཕྱིས་ལངས་པ་ལ་ན་སྨད་པ་མེད་དོ། །གལ་ཏེ་གཉི་ག་མཉམ་དུ་ལངས་ན་གཞོན་པ་ཤོས་ལ་ན་སྨད་པ་མེད་དོ། གལ་ཏེ་གཉི་ག་ལོ་མཉམ་པ་ཡིན་ན་གཉི་ག་ལ་ན་སྨད་པ་མེད་དོ། །གནས་མལ་གྱི་
ཉེ་འཁོར་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེ། དེ་ཡང་རྩིག་པ་ལ་སོགས་པས་མ་བསྐོར་བ་ལ་ནི་དྲུང་ཉིད་ནས་སོ། །བསྐོར་བ་ལ་ནི་སྒོ་གང་ནས་ཏེ། དེ་ལས་འདས་པ་ལ་ན་སྨད་པ་མེད་དོ། །གནས་མལ་གྱི་ཕན་ཚུན་ནི་རྣམ་པ་གསུམ་སྟེ། རླུང་གིས་བཟློག་པ་དང་། ཆར་པས་
རིམ་པ་གཞན་སླེབས་པ་དང་། སྲིལ་ལ་སོགས་པས་རིམ་པ་གཞན་སླེབས་པ་སྟེ། ཕན་ཚུན་རྣམ་པ་དེ་གསུམ་ལས་གང་བྱུང་ཡང་རུང་སྟེ་ན་སྨད་པ་མེད་དོ། །བཅོལ་བའི་ཡུལ་ནི་དགེ་སློང་ངོ་ཚ་མེད་པ་དང་། ནད་དང་བཅས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་
རྫོགས་པ་མ་གཏོགས་པ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ་ལ་བཅོལ་བ་རྣམ་པ་ལྔ་པོ་གཙུག་ལག་ཁང་འདེ་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདེ་རེ་ཞེས་བྱ་བ་དང་། །གནས་
མལ་སྡུས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་ཆུག་ཅིག་ཅེས་བྱ་བ་དག་ལས་གང་ཡང་རུང་བ་མ་བྱས་པ་ལ་ན་སྨད་པ་མེད་དོ། །བསོད་སྙོམས་ཀྱི་དོན་ཉིད་དུ་སོང་བ་ལ་ན་སྨད་པ་མེད་དོ། །ཕན་ཚུན་དུ་གྱུར་པ་དང་ཉེ་འཁོར་གྱི་མཚམས་ལས་འདས་པ་གཉི་ག་འམ་གང་
ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གནས་མལ་ཉིད་རང་ངམ། བསྐོས་པས་བླ་གབ་མེད་པར་གཞག་པ་བྱས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གནས་
Vol. 153 · folio 60b
མལ་ཉིད། རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པ་དང་། མ་བསྡུས་སམ་སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བ་དང་། ཉེ་འཁོར་ལས་འདས་སམ། དེ་ཉིད་དུ་གཉིད་ལོག་གམ། སྙོམས་པར་ཞུགས་པ་ལ་སོགས་པ་དང་། ཕན་ཚུན་གསུམ་པོ་
རླུང་གིས་བཟློག་གམ། ཆར་པས་རིམ་པ་གཞན་སླེབས་སམ། སྲིལ་ལ་སོགས་པས་རིམ་པ་གཞན་སླེབས་པ་གང་བྱུང་ཡང་རུང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གནས་མལ་གྱི་ལྟུང་བྱེད་ཀྱི་
སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་གི་གནས་མལ་ལ་ཉེས་བྱས་སོ། །དགེ་སློང་མའི་དགེ་འདུན་གྱི་གནས་མལ་ལ་ཉེས་བྱས་སོ། །ཕན་ཚུན་དང་ཉེ་འཁོར་
གྱི་མཚམས་ལས་འདས་པའི་མདུན་རོལ་དུ་སྦྱོར་བའི་ཉེས་བྱས་སོ། །སྤྱོད་པ་ནི་བྱེད་པ་དང་འདྲ་བས་གཞན་དང་གཉིས་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་སྔར་ལངས་པ་ལ་ཉེས་བྱས་སོ། །གལ་ཏེ་གཉི་ག་མཉམ་དུ་ལངས་ན་རྒན་པ་ཤོས་ལ་ཉེས་བྱས་སོ། །བཅོལ་བའི་ཡུལ་དགེ་སློང་ངོ་ཚ་མེད་པ་དང་། ནད་དང་
བཅས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་རྫོགས་པ་རྣམས་ལ་བཅོལ་བ་ལ་ཉེས་བྱས་སོ། །བཅོལ་བ་རྣམ་པ་ལྔ་པོ་གཙུག་ལག་ཁང་འདེ་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གནས་མལ་འདེ་རེ་ཞེས་བྱ་བ་དང་། གནས་མལ་
སྡུས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་ཆུག་ཅིག་ཅེས་བྱ་བ་དག་ལས་གང་ཡང་རུང་བ་དངོས་སུ་མ་སྨྲས་པ་ལ་ཉེས་བྱས་སོ། །རེ་ཞིག་གི་དུས་སུ་གཞན་འདུག་པའི་བར་དུ་ཡང་ཕན་ཚུན་དུ་གྱུར་ན་ཉེས་བྱས་སོ། །སྦྱོར་བ་ཐམས་ཅད་ལ་ཉེས་བྱས་སོ། །བསླབ་པར་བྱ་བ་
ལས་འདས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི། བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་
Vol. 153 · folio 61a
ལ་ལྟུང་བ་མེད་དོ། །བཅོལ་བའི་དགེ་སློང་ཡོད་པ་ལ་ལྟུང་བ་མེད་དོ། །གསེར་ལ་སོགས་པ་རིན་པོ་ཆེ་དགེ་སློང་གིས་རེག་པར་བྱ་བ་མ་ཡིན་པ་ཉིད་བླ་གབ་མེད་པར་གཞག་སྟེ་མ་བརྟུལ་ལམ། བརྟུལ་དུ་མ་བཅུག་པར་དེ་ནས་སོང་བ་ལ་ལྟུང་བ་མེད་
དོ། །ཚུལ་ཁྲིམས་དང་། སྲོག་གི་བར་ཆད་ལ་སོགས་པའི་ཉམ་ང་བ་དང་། ཕྲད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་
ཅད་ལ་གནས་སྐབས་ཐམས་ཅད་དུ་གནས་མལ་གྱི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཉེ་འཁོར་ལས་འདས་པའི་ཕྱིར་འགྲོ་བ་དང་། དེ་ཉིད་དུ་གཉིད་ལོག་པ་དང་། སྙོམས་པར་འཇུག་པ་ལ་སོགས་པ་མི་བྱ་བར་བསླབ་པར་བྱའོ། །
བརྟུལ་བ་དང་བརྟུལ་དུ་གཞུག་པར་བྱའོ། །དགེ་སློང་འཁོད་པ་ལ་བཅོལ་བར་བྱའོ། །དགེ་སློང་ངོ་ཚ་མེད་པ་དང་། ནད་དང་བཅས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་རྫོགས་པ་རྣམས་ལ་བཅོལ་བར་མི་བྱའོ། །བཅོལ་བ་རྣམ་པ་ལྔ་པོ་ལས་གང་
ཡང་རུང་བ་དག་བྱའོ། །བརྟུལ་བར་བྱ་བ་བཏིང་སྟེ་བསོད་སྙོམས་ལ་ཞུགས་པ་ན། གལ་ཏེ་རླུང་དང་ཆར་བ་འོང་ན་གཙུག་ལག་ཁང་ན་འཁོད་པ་རྣམས་ཀྱིས་བརྟུལ་བར་བྱའོ། །གལ་ཏེ་བརྗེད་པས་ལམ་རིང་དུ་འདས་སམ་ཕྱིན་ནས་དྲན་པ་རྙེད་ན་ཕྱིན་ཆད་འདི་ལྟར་
མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །གལ་ཏེ་དགེ་སློང་ལམ་ནས་ཚུར་འོང་བ་ཞིག་དང་ཕྲད་པར་གྱུར་ན་དེ་ལ་བཅོལ་བར་བྱའོ། །ཁས་བླངས་པས་སོན་པ་ཉིད་ནི་དེ་བྱ་བ་ཉིད་དོ། །གནས་ནས་འཕགས་པར་གྱུར་པ་ནི་ཉམ་ང་བ་དང་
ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བསྡུ་བར་བྱའོ། །གལ་ཏེ་དྲི་མ་ཅན་དུ་གྱུར་ན་སྤྲུག་པར་བྱའོ། །གནས་མལ་གཡར་པོར་སྤྱད་པ་འགྲོ་ཁར་དབུལ་བར་བྱའོ། །གལ་ཏེ་དུས་ཀྱིས་མི་མཐུན་ཅིང་ཉམ་ང་བ་དང་ཕྲད་པར་འགྱུར་བ་ལྟ་ན་གཞན་ལ་བཅོལ་བར་བྱའོ། །
Vol. 153 · folio 61b
སུ་ལ་བཅོལ་ཞེ་ན། དགེ་སློང་ལའོ། །དེ་མེད་ན་དགེ་ཚུལ་ལའོ། །དེ་ཡང་མེད་ན་ཁྱིམ་བདག་ལའོ། །ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ནས་འགྲོ་བར་བྱའོ། །གལ་ཏེ་ལམ་ཀར་དགེ་སློང་མཐོང་ན་ཕྱོགས་དེ་དེ་ལ་བརྗོད་པར་བྱའོ། །གལ་
ཏེ་འོངས་པ་ན་ཁྱིམ་གཞན་དུ་མགྲོན་དུ་བོས་ཤིང་སྒོ་བཅད་པར་གྱུར་ན་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་གཞག་སྟེ་འཇུག་པར་བྱའོ། །དགེ་སློང་དག་མགྲོན་དུ་འབོད་པའི་ཁྱིམ་གཞན་དེར་གཙུག་ལག་ཁང་དང་འབྲེལ་པའི་སྟན་དག་གཡར་པོར་སྦྱིན་ནོ། །དགེ་
སློང་དག་རང་ཉིད་ཀྱིས་ཁྱིམ་གཞན་དེ་ནས་སྟན་དེ་དག་ཕྱིར་བསྐུར་བར་མི་བྱའོ། །གནས་མལ་ཁྱིམ་གཞན་ནས་གཙུག་ལག་ཁང་དུ་ཕྱིར་བསྐུར་བ་དེ་ནི་ཁྱིམ་པ་དང་དགེ་ཚུལ་དག་གི་ལས་ཡིན་ནོ། །ཁྱིམ་པ་དང་དགེ་ཚུལ་དག་མེད་ན་བསྐྱལ་བའི་ཕྱིར་ཁྱིམ་བདག་
ལ་བཅོལ་ཏེ་འདོང་བར་བྱའོ། །གལ་ཏེ་ཁྱིམ་བདག་དག་བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་གཞག་སྟེ་འདོང་བར་བྱའོ། །དེ་དག་གིས་མ་བསྐྱལ་ན་ཉེ་གནས་དག་གིས་བླང་བར་བྱའོ། །ཉེ་གནས་དག་མེད་ན་གནས་བརྟན་དང་། དགེ་སློང་དག་རང་གིས་བླང་བར་བྱའོ། །
གལ་ཏེ་དགེ་སློང་ཐམས་ཅད་ཀྱིས་བླང་བར་བྱ་དགོས་ན་གཎྜཱི་བརྡུང་བར་བྱའོ། །ཡོན་བདག་དག་གཙུག་ལག་ཁང་དུ་ལྷགས་ཏེ་རང་གི་དོན་དུ་སྟན་དག་གཡར་པོ་བྱེད་ན་གཡར་པོར་སྦྱིན་པར་བྱའོ། །དེ་དག་བསྲུང་བའི་ཕྱིར་དགེ་སློང་ཡང་གཞག་པར་བྱའོ། །དགེ་
སློང་སྲུང་མར་གཞག་པ་དེས་ཁྱིམ་པ་དག་བཟའ་བཏུང་བྱེད་ཅིང་གཏམ་ཟེར་བའི་ནང་དུ་མི་འཇུག་པར་ཕྱོགས་གཅིག་ཏུ་བསྡད་པར་བྱའོ། །དེས་རང་གི་ལས་བསམ་གཏན་དང་ཁ་ཏོན་དང་ཀློག་པ་དང་འདྲི་བ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་བྱའོ། །དེས་གདན་ཆ་དེ་
དག་ལ་སེམས་གཏད་ཅིང་ཡེ་མིག་ཆེར་བྱའོ། །ཡོན་བདག་དག་དོང་ན་གདན་ཆ་དེ་དག་བརྟུལ་བར་བྱའོ། །གདན་ཆ་ཁྱིམ་པས་མ་རུང་བར་བྱས་པ་ཡོད་ན་དགེ་སྐོས་ལ་སོགས་པས་བྱི་དོར་བྱའོ། །ཆང་གིས་མ་རུང་ན་ཆུ་དག་གིས་བཀྲུའོ། །སྣུམ་གྱིས་མ་རུང་ན་
Vol. 153 · folio 62a
ཆལ་གྱིས་བྱི་དོར་བྱའོ། །མི་གཙང་བས་མ་རུང་ན་སའམ་འདག་རྫས་སམ་ལྕི་བས་སྦྱང་ངོ་། །འབྲེང་བུ་ལ་སོགས་པ་ལས་བྱས་པའི་ཐགས་མ་དག་མི་གཙང་བར་འགྱུར་བ་འདག་རྫས་ཀྱིས་མ་དག་ན་བཅད་དེ་བོར་ཞིང་སར་བ་དག་གིས་ཡང་གླན་
པར་བྱའོ། །གདན་ཆ་གང་དག་ལ་ཁྱིམ་པ་འདུག་འདུག་པས་གལ་ཏེ་མ་བརྟུལ་བར་འདུག་པ་མཐོང་ན་དགེ་སློང་གང་གིས་མཐོང་བ་དེ་ཉིད་ཀྱིས་དེ་དག་བརྟུལ་བར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་མཐོང་བ་རྒས་པའམ། ན་བ་ཡིན་ན་དེས་དགེ་སྐོས་ལ་སྦྲན་ཅིང་བརྟུལ་
ཏུ་གཞུག་པར་བྱ་བ་ཉིད་ཡིན་ནོ། །མཚམས་དེར་གཏོགས་པའི་དགེ་སློང་མི་ན་བ་ཐམས་ཅད་ཀྱིས་ནད་པ་བལྟ་བར་བྱའོ། །ནད་པའི་དྲུང་དུ་འདུག་སྟེ་བལྟ་བར་བྱའོ། །ནད་པ་བལྟ་བ་དེ་རང་གི་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ། །ནད་པའི་ནད་གཡོག་གིས་དེར་སྟན་
དག་བཤམ་པར་བྱའོ། །མཁན་པོ་འམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་ན་སློབ་མ་དང་ཉེ་གནས་དག་གིས་གལ་ཏེ་གཞན་གྱིས་དགེ་པའི་ཕྱོགས་མི་འཕེལ་ན་ཕྱི་བཞིན་འགྲོ་བར་བྱའོ། །སློབ་མའམ་ཉེ་གནས་དེས་བདག་ཀྱང་སླད་བཞིན་མཆིའོ་ཞེས་མ་ཞུས་
པར་མཁན་པོའམ་སློབ་དཔོན་གྱི་སྟན་མི་བསྐུར་རོ། །སློབ་མ་ལ་སོགས་པས་སྟན་ཕར་ཁྱེར་བ་དེ་སློབ་དཔོན་ལ་སོགས་པས་རང་ཉིད་ཀྱིས་ཕྱིར་བསྐུར་བར་བྱའོ། །བླ་གབ་མེད་པར་ཆོས་ཉན་པ་ན་རླུང་དང་ཆར་བྱུང་ན་རང་རང་གི་སྟན་བརྟུལ་བར་བྱའོ། །རྒན་པོ་
རྣམས་ཀྱི་གནས་མལ་གཞོན་རབས་ཀྱི་བས་མཐོ་ཞིང་ཆེ་བས་ལྕི་བ་ཉིད་ཀྱི་ཕྱིར་རང་གིས་བརྟུལ་མི་ནུས་ན་གཞོན་ནུ་རྣམས་དང་བརྟུལ་བའི་ལས་བརྗེ་བར་བྱའོ། །གནས་མལ་མཐུན་པ་དང་མཐུན་པར་གཞག་པར་བྱ་སྟེ། གོར་བུ་ཡང་གོར་བུ་དག་དང་། དབྱམ་
པོ་ཡང་དབྱམ་པོ་དག་དང་། ཁྲི་ལ་སོགས་པ་ཡང་ཁྲི་ལ་སོགས་པ་དག་དང་མཐུན་མཐུན་དུ་གཞག་པར་བྱའོ། །གཙུག་ལག་ཁང་གཞན་དུ་དགེ་སློང་དག་གདན་ཆ་དང་། མཆོད་པའི་རྫས་དག་རྙེད་ན་དགེ་འདུན་དུ་ལངས་པའི་དགེ་སློང་དག་གིས་བསྐུར་བར་བྱའོ། །གལ་ཏེ་དེའི་
Vol. 153 · folio 62b
ཚེ་ཆར་འབབ་པ་དང་ཆར་འབབ་ཏུ་དོགས་པ་མེད་ན་བསྐུར་བར་བྱའོ། །གལ་ཏེ་ལམ་ཀར་རླུང་དང་ཆར་བྱུང་ན་ཤིང་ལྗོན་པའམ་རྩིག་དྲུང་དུ་བཅེར་བར་བྱའོ། །བཅེར་བ་དེ་སྲུང་བ་དག་གིས་རྫས་ངན་པ་ཅིག་གིས་གཡོགས་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་ནས་རྫས་རྣམས་
སྐམ་བསྲད་བྱའོ། །གང་ཡང་རུང་བར་མེ་ཤོར་ཏམ་ཆུ་བྱུང་ན་དང་པོར་རང་གི་ལྷུང་བཟེད་དང་། ཆོས་གོས་དང་གང་ཟག་གི་རྫས་གདོན་པར་བྱ་ཞིང་། ཕྱིས་དགེ་འདུན་གྱི་ཡང་གདོན་པར་བྱའོ། །བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་ཆེན་པོ་མི་ནུས་པ་གཞག་
པར་བྱའོ། །མེ་དང་ཆུ་དང་བརྣག་མི་བཟོད་པ་ཁྱད་དུ་བསད་དུ་མི་རུང་བའི་ནང་དུ་རྫས་གདོན་པའི་ཆེད་དུ་འཇུག་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གནས་མལ་གྱི་ལྟུང་བྱེད་དེ་བཅུ་བཞི་པ་བཤད་ཟིན་ཏོ།། །།གདིང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་
བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ལྷོ་ཕྱོགས་ནས་དགེ་སློང་རྒན་པ་དང་གཞོན་པ་གཉིས་ཤིག་
བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འོངས་ནས་རྒན་པ་ཤོས་ཀྱི་གཙུག་ལག་ཁང་ནི་གནས་མལ་དང་བཅས་པ་ཞིག་ཏུ་བསྐོས། གཞོན་པ་ཤོས་ཀྱི་གཙུག་ལག་ཁང་ནི་གནས་མལ་མེད་པ་ཞིག་ཏུ་བསྐོས་པ་དང་། གཞོན་པ་ཤོས་དེ་སྒྲུབ་ཕོད་
པ་ཞིག་ཡིན་པས་དེས་རྩྭ་མང་པོ་ཞིག་བླངས་ནས་པུས་མོ་ནུབ་ཙམ་གྱི་གདིང་བ་བཤམས་སོ། །རྒན་པ་དེས་བསམས་པ། གཞོན་ནུ་དེའི་གཙུག་ལག་ཁང་ཇི་ལྟ་བུ་ཞིག་ཏུ་བསྐོས་པ་ཇེ་བལྟས་འགྲོའོ་སྙམ་ནས་དེ་དེར་སོང་བ་དང་། ཇི་ཙམ་ན་གདིང་བ་བཟང་
པོ་བཤམས་པ་མཐོང་ནས་དེས་བསམས་པ། བདག་ཇི་སྲིད་དུ་གནས་མལ་ཕྱིར་གཏོད་པར་བྱེད་པ་དེ་སྲིད་དུ་ཡང་འགྲོ་བ་འཕྱིས་པར་འགྱུར་གྱི་འདི་ཉིད་དུ་འདུག་གོ་སྙམ་ནས། དེས་གནས་མལ་དང་བཅས་པའི་གཙུག་ལག་ཁང་དེ་དགེ་སློང་གནས་མལ་འབོགས་
Vol. 153 · folio 63a
པ་ལ་ཕྱིར་གཏད་ནས། དེ་གཉི་ག་གཙུག་ལག་ཁང་དེར་མཚན་མོ་གནས་ནས་ནང་པར་སྔར་ལངས་ཏེ་དོང་ངོ་། །ཕྱོགས་དེ་སྣུམ་ཞིང་དང་ར་བ་ཡིན་པས་རྩྭ་བཏིང་བ་དག་ལ་སྲིལ་དག་ཆགས་ནས་གཙུག་ལག་ཁང་དེའི་ཕྱི་ནང་བཅས་པ་ཐམས་
ཅད་སྲིལ་གྱིས་ཁྱབ་པར་གྱུར་ཏོ། །དེའི་ཚེ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་
བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་བཞེད་པ་དང་། ལྷ་རྣམས་ལ་ཆོས་སྟོན་པར་
བཞེད་པ་དང་། ནད་པ་ལ་ལྟ་བར་བཞེད་པ་དང་། གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་འདས་གནས་མལ་ལ་རྟོག་པར་བཞེད་པ་དང་། འདུལ་བ་ལ་
ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ལྡེ་མིག་
བསྣམས་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང་། གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན། གཙུག་ལག་ཁང་དེ་ག་ལ་བ་དེར་གཤེགས་
པ་དང་། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དེ་སྲིལ་དག་གིས་ཕྱི་ནང་ཐམས་ཅད་ཁྱབ་པར་གཟིགས་སོ། །གཟིགས་ནས་ཀྱང་ཨེ་མ་ཞེས་གསུངས་ཤིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་།
Vol. 153 · folio 63b
ཤ་དང་ཁྲག་དག་བཙིར་ཞིང་བཙིར་ཞིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་སྲིལ་
དག་ཀྱང་ལོགས་ཤིག་ཏུ་འགྱུར་ཞིང་རྩྭ་དག་ཀྱང་ལོགས་ཤིག་ཏུ་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་ནས། འཁོར་ལོ་དང་བཀྲ་ཤིས་དང་གཡུང་དྲུང་དང་། ལྕགས་ཀྱོ་དག་དང་ལྡན་པའི་ཕྱག་དྲ་བས་འབྲེལ་པ་བསོད་
ནམས་བརྒྱ་ཕྲག་དུ་མ་ལས་འཁྲུངས་པ་གཉིས་ཀྱིས་སྲིལ་དེ་དག་ལེགས་པར་བསྡུས་ཏེ་བསིལ་བའི་ཕྱོགས་སུ་གཞག་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དེ་ཆག་ཆག་བཏབ་སྟེ། ཕྱག་དར་མཛད་ནས་ཉལ་ཉིལ་གཙུག་
ལག་ཁང་གི་ཕྱི་རོལ་དུ་བོར་ཏེ། ཕྱག་དང་ཞབས་གཉིས་བསིལ་ནས་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་སྒྲུབ་པས་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །སངས་རྒྱས་བཅོམ་
ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས་བཅོམ་ལྡན་འདས་
ཀྱིས་དགེ་སློང་བསོད་སྙོམས་སྒྲུབ་པ་ལ་དགེ་སློང་ཇི་ལྟ་ཟས་བསོད་དམ་དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་ཏེ་བོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། །
དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་སླད་རོལ་དུ་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་
Vol. 153 · folio 64a
ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདི་ན་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་
ཤེས་ནས། ལྡེ་མིག་ཁྱེར་ཏེ། ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆགས་ནས་འཆག་སར་དང་། གོལ་བར་སོང་ཞིང་མཐར་གྱིས་འགྲོ་བ་ན། གཙུག་ལག་ཁང་ཞིག་
ག་ལ་བ་དེར་ཕྱིན་ནས། ངས་གཙུག་ལག་ཁང་དེ་སྲིལ་དག་གིས་ཕྱི་ནང་བཅས་པ་ཐམས་ཅད་ཁྱབ་པར་མཐོང་ངོ་། །མཐོང་ནས་ཀྱང་ཨེ་མ་ཞེས་བྱས་ཏེ་སྨད་ནས་འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་། ཤ་དང་ཁྲག་དག་བཙིར་
ཞིང་བཙིང་ཞིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ། དགེ་སློང་དག་དྲོད་མི་ཤེས་པ་དང་སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་ཀྱི། དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ་དྲོད་རན་པར་ཡོངས་སུ་ལོངས་
སྤྱད་པ་དང་སྤང་ཞིང་ཡོངས་སུ་ལོངས་སྤྱད་པ་དང་། །དུས་སུ་ཡོངས་སུ་ལོངས་སྤྱད་པ་དང་། བརྟག་ཅིང་ཡོངས་སུ་ལོངས་སྤྱད་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་ན་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང་། སྤང་བ་དང་། དུས་དང་། བརྟག་པ་དང་། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་
བསྔགས་པ་བརྗོད་ནས་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ་ལོ་མའི་གདིང་
བ་གདིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ་སྡུད་དུ་མ་བཅུག་པར་དེ་ནས་སོང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད་གང་ཟག་ནི་ལྷོ་ཕྱོགས་པའི་དགེ་སློང་གཉིས། ཉོན་མོངས་པ་ནི་དྲོད་མི་ཤེས་པ་དང་། སོ་སོར་མི་རྟོག་པར་
Vol. 153 · folio 64b
ཡོངས་སུ་ལོངས་སྤྱོད་པར་བྱེད་པ། ཉེས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དུ་གདིང་བ་མང་པོ་དག་བཏིང་ནས་མ་བསྡུས་པར་དེ་ནས་སོང་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་
ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་པ་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས། དེར་དེ་དག་གིས་ཁྱིམ་བདག་ལ་གནས་མལ་གཡར་བ་དང་། ཁྱིམ་བདག་གིས་སྨྲས་པ། འཕགས་
པ་དག་དམ་ཚིག་གིས་གཡར་བར་བགྱི་སྟེ། གལ་ཏེ་བདག་གིས་བསོད་སྙོམས་གསོལ་ཏེ་གཤེགས་ན་གཡར་རོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་ཁོ་བོ་ཅག་ནི་འགྲོན་པ་དོན་མཐུན་པ་ལ་རག་ལས་པ་ཡིན་པས་གལ་ཏེ་དེ་དག་སྡོང་ན་བཟའ་བར་
བྱའོ། །དེ་ན་ཁྲི་དང་ཁྲིའུ་དག་མེད་ནས་དེ་དག་གིས་རྩྭ་བམ་མང་པོ་བླངས་ནས་པུས་མོ་ནུབ་པ་ཙམ་གྱི་གདིང་བ་བཤམས་སོ། །འགྲོན་པ་དོན་མཐུན་པ་དག་ནམ་མ་ལངས་པ་ཉིད་དུ་འཕགས་ནས། དགེ་སློང་དེ་དག་གིས་ཀྱང་གདིང་བ་མ་བོར་བར་དོང་ངོ་། །
ཁྱིམ་བདག་དེ་ཆུང་མ་དང་བཅས་པས་གདིང་བ་དེ་དག་འདོར་བ་ན་སྔ་དྲོ་རིལ་གྱིས་ཡོལ་བར་གྱུར་ཏོ། །ཡང་དགེ་སློང་རབ་ཏུ་མང་པོ་གཞན་དག་དེར་འོངས་ཏེ་ཁྱིམ་བདག་དེ་ལ་གནས་བརྙས་པ་དང་། ཁྱིམ་བདག་གིས་སྨྲས་པ། འཕགས་པ་དག་དམ་ཚིག་
གིས་གཡར་བར་བགྱི་སྟེ། གལ་ཏེ་ཁྱེད་ཅག་རན་གྱི་གདིང་བ་མི་འདིང་ན་གཡར་རོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་འདི་ན་ཁྲི་དང་ཁྲིའུ་དག་མེད་ན། ཁོ་བོ་ཅག་ས་སྒྲེ་བོ་ལ་ཇི་ལྟར་ཉལ་བར་བྱ། འཕགས་པ་དག་ཁྱེད་ཅག་དག་གི་ཚངས་པ་
མཚུངས་པར་སྤྱོད་པ་དག་འདིར་ལྷགས་པས་རན་གྱི་གདིང་བ་བཏིང་བ་མ་བོར་བར་དོང་ནས། བདག་མཆིས་བྲང་དང་བཅས་པས་དེ་འདོར་བ་ན་སྔ་དྲོ་རིལ་གྱིས་ཡོལ་བར་གྱུར་ཏོ། །དགེ་སློང་དེ་དག་ས་སྒྲེ་བོ་ལ་མཚན་ཐོག་ཐག་འགྲེ་ལྡོག་པས་འདའ་བར་བྱས་ནས། ནང་
Vol. 153 · folio 65a
པར་སྔར་ལངས་ཏེ་དོང་ནས་དགེ་སློང་རྣམས་ལ་ཁྱིམ་བདག་དེས་དགེ་སློང་སྔ་མ་དག་གིས་ཁྱིམ་གཞན་དུ་གདིང་བ་བཏིང་བ་མ་བོར་བར་དོང་བ་ལ་སྨོད་པ་དང་། བདག་ཅག་ས་སྒྲེ་བོ་ལ་མཚན་ཐོག་ཐག་འགྲེ་ལྡོག་པ་བྱས་སོ་ཞེས་ཟེར་བའི་
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་གཞན་ནས་ཀྱང་གདིང་བ་བོར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་གཞན་ནས་ཀྱང་གདིང་བ་བོར་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་
སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་པ་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས། དེ་ནས་ཁྱིམ་བདག་ཅིག་གིས་དགེ་སྦྱོང་དང་བྲམ་ཟེ་གློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་དག་བླངས་ཏེ། གདིང་བ་བཤམས་
པ་དེར་དེ་དག་ཉལ་ནས། ནམ་མ་ལངས་པ་ཁོ་ནར་ཁྱིམ་བདག་ལ་མ་དྲིས་པར་གདིང་བ་བོར་ཏེ་དོང་ངོ་། །ཁྱིམ་བདག་དེ་ནང་པར་སྔར་ལངས་ཏེ་བལྟས་ནས། ཕྱོགས་མི་གཙང་བར་བོར་བ་མཐོང་ནས་དེས་དེ་མ་བླངས་སོ། །ཡང་དེར་དགེ་སློང་རབ་ཏུ་མང་པོ་གཞན་
དག་འོངས་ནས་དེ་དག་གིས་ཁྱིམ་བདག་དེ་ལ་གནས་བརྙས་པ་དང་། དེས་གནས་བརྙས་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། འདིར་ནི་གནས་མལ་དག་མེད་ན་ཁོ་བོ་ཅག་ས་སྒྲེ་བོ་ལ་ཇི་ལྟར་ཉལ་བར་བྱ། འཕགས་པ་དག་བདག་གིས་དགེ་སྦྱོང་དང་བྲམ་ཟེ་གློ་
བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་བླངས་ཏེ་གདིང་བ་བཤམས་པར་གྱུར་པ་ལས། ཁྱེད་ཅག་ཉིད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་དག་ལྷགས་པར་གྱུར་ཏེ། དེ་དག་དེར་ཉལ་ནས་ནམ་མ་ལངས་པ་ཁོ་ནར་བདག་ལ་མ་དྲིས་པར་གདིང་བ་དེ་
དག་ཕྱོགས་མི་གཙང་བར་བོར་ཏེ་དོང་ངོ་། །དེ་དག་དེར་ས་སྒྲེ་བོ་ལ་ཉལ་ཏེ་དོང་ནས། དེ་དག་དགེ་སློང་རྣམས་ལ་དགེ་སློང་སྔ་མ་དག་གིས་ཁྱིམ་བདག་ལ་མ་དྲིས་པར་གདིང་བ་ཕྱོགས་མི་གཙང་བར་བོར་ཏེ་དོང་བ་ལ་ཁྱིམ་བདག་དེ་སྨོད་པ་དང་། བདག་ཅག་ས་སྒྲེ་བོ་ལ་
Vol. 153 · folio 65b
མཚན་ཐོག་ཐག་འགྲེ་ལྡོག་སྟེ། ནམ་ལངས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་འདུག་པ་ལ་དྲི་བར་བྱའོ། །གལ་ཏེ་དེ་དག་དོར་ཅིག་ཟེར་ན་དོར་
བར་བྱའོ། །གལ་ཏེ་མ་དོར་ཤིག་ཅེས་ཟེར་ན་དོར་བར་མི་བྱའོ། །རི་བྲགས་ཤིག་ན་གཙུག་ལག་ཁང་གནས་མལ་མེད་པ་ཞིག་ཡོད་པ་དེར་དགེ་སློང་རྣམས་ཀྱིས་དགེ་སློང་གློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་དག་བླངས་ཏེ་གདིང་བ་བཤམས་
པར་དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་དེར་ལྷགས་ཏེ་ཉལ་ནས། ནང་པར་སྔར་ལངས་ཏེ་གདིང་བ་དེ་དོར་བར་བརྩམས་པ་དང་། དགེ་སློང་རྣམས་མ་དོར་ཅིག་ཅེས་བྱས་ན། དེ་དག་གིས་དེ་དག་སྤྱོས་ཏེ་གདིང་བ་དེ་དག་མཐུས་
བོར་ནས་དོང་ངོ་། །ཡང་དགེ་སློང་རབ་ཏུ་མང་པོ་གཞན་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་དེར་ལྷགས་ཏེ། དགེ་སློང་རྣམས་ལ་གཙུག་ལག་ཁང་འདི་ན་གནས་མལ་མེད་དམ་ཞེས་དྲིས་པ་དང་། དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཚངས་པ་
མཚུངས་པར་སྤྱོད་པ་གློ་བུར་དུ་ལྷགས་པ་རྣམས་ཀྱི་དོན་དུ་ཐག་རིང་པོ་ནས་རྩྭ་མང་པོ་དག་བླངས་ཏེ་གདིང་བ་བཤམས་པར་གྱུར་པ་ལས། ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ཅིག་འདིར་ལྷགས་ཏེ། དེར་ཉལ་ནས་ནང་པར་སྔར་ལངས་ཏེ་གདིང་བ་དོར་བར་བརྩམས་པ་
དང་། ཁོ་བོ་ཅག་གིས་མ་དོར་ཅིག་ཅེས་བྱས་ན། དེ་དག་གིས་ཁོ་བོ་ཅག་སྤྱོས་ཏེ་མཐུས་དོར་ནས་དོང་ངོ་། །དགེ་སློང་དེ་དག་ཀྱང་དེར་ས་སྒྲེ་བོ་ལ་ཉལ་ནས་ནང་པར་སྔར་ལངས་ཏེ་དོང་ནས། དགེ་སློང་དག་ལ་དེར་དེ་དག་གིས་གནས་མལ་དེ་མཐུས་བོར་ནས་དོང་བ་ལ། ཚངས་པ་
མཚུངས་པར་སྤྱོད་པ་དེ་དག་སྤྱོ་བར་བྱེད་པ་དང་། བདག་ཅག་མཚན་ཐོག་ཐག་ས་སྒྲེ་བོ་ལ་འགྲེ་ལྡོག་བྱེད་དེ། ནམ་ལངས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་དོར་
Vol. 153 · folio 66a
བར་མི་བྱ་བར་དགེ་སློང་འཁོད་པ་དག་ལ་དྲི་བར་བྱའོ། །དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འདོང་བ་ན། དགོན་པའི་དྲུང་ཞིག་ཏུ་མཚན་མོ་རྩྭའི་གདིང་བ་བཤམས་ཏེ་ཉལ་ལོ། །དེ་དང་ཧ་ཅང་ཐག་མི་རིང་བར་
བྲམ་ཟེ་ཞིག་ཀྱང་མཚན་མོ་ཉལ་ལོ། །དགེ་སློང་དེ་དག་ནི་ནང་པར་སྔར་ལངས་ཏེ་དོང་ངོ་། །བྲམ་ཟེ་དེ་ནི་འགྲོན་པ་དོན་མཐུན་ཕྱིར་འགྲོ་བ་དང་ལྷན་ཅིག་དེའི་ནུབ་མོ་ཡང་དགེ་སློང་དག་གིས་ལོངས་སྤྱད་པའི་གདིང་བ་དེ་དག་གི་ཐོག་ཏུ་ཉལ་བ་དང་། དེ་ན་གཅེར་བུ་པ་ཞིག་སྲིལ་
གྱིས་ཟིན་ནས་དེས་སྨྲས་པ། གདིང་བ་འདི་ལ་སུ་ཉལ་བར་གྱུར། དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ན་བྲམ་ཟེ་དེ་ཉལ་བས་སྨྲས་པ། ཤཱཀྱའི་བུའི་དགེ་སློང་དག་གོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་དག་འཇིག་རྟེན་ལ་བདག་ཉིད་མཁས་པར་
བགྲང་བར་བྱེད་ན། འདི་ལྟར་དགོན་པར་གདིང་བ་དོར་བར་བྱ་བ་དེ་ཡང་མི་ཤེས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོན་པར་ཡང་རྩྭའི་གདིང་བ་དོར་བར་བྱའོ། །བཅོམ་ལྡན་
འདས་ཀྱིས་དགོན་པར་ཡང་རྩྭའི་གདིང་བ་དོར་བར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འདོང་བ་དང་། དགོན་པའི་གནས་ཤིག་ཏུ་བཞག་པ་དང་། དོན་མཐུན་དེ་ནམ་མ་ལངས་པ་ཉིད་དུ། འཕགས་ནས་དགེ་
སློང་དེ་དག་ཇི་སྲིད་དུ་གདིང་བ་འདོར་བར་བྱེད་པ་དེ་སྲིད་དུ་དོན་མཐུན་ཐལ་ནས་དེ་དག་ཕྱི་བཞིན་དུ་འབྲང་ཞིང་འདོང་བ་ན་ཆོམ་རྐུན་པ་དག་གིས་བཅོམ་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་
ཅད་ཀྱི་ཐམས་ཅད་དུ་དོར་བར་མི་བྱ་བར་གློངས་ཏེ་འགྲོ་བར་བྱའོ། །དགེ་སློང་དག་ཚོན་རྩིའི་ལས་བྱེད་པ་ན། དག་ར་དག་ཏུ་རྩྭ་དག་བཀྲམ་སྟེ། གོས་དག་སྐེམ་པར་བྱེད་ཅིང་དེ་དག་རྩྭ་དེ་དག་འདོར་བར་མི་བྱེད་ནས། དེར་སྲིལ་དག་བྱུང་བར་གྱུར་ནས་བཅོམ་ལྡན་
Vol. 153 · folio 66b
འདས་ཀྱིས་བཀའ་སྩལ་པ། རྩྭ་དག་དོར་བར་བྱའོ། །དགེ་སློང་གཞན་དག་ཚོན་རྩིའི་ལས་བྱེད་པར་འདོད་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རྩྭ་འདི་དག་མ་དོར་ཅིག་དང་ཁོ་བོ་ཅག་གིས་ཀྱང་འདིར་གོས་དག་བསྐམ་པར་བྱའོ། །དེ་དག་གིས་དེ་དག་ལ་མི་སྟེར་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །དེ་དག་གིས་དེ་དང་དེ་དག་ཏུ་གོས་དག་བསྐམས་ནས། ཁོ་བོ་ཅག་གིས་མ་བཏིང་ངོ་ཞེས་རྩྭ་དེ་དག་འདོར་བར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་རྩྭ་འདོར་རམ་མི་འདོར་ཞེས་
འདྲི་བར་བྱ་ཞིང་། གལ་ཏེ་འདོར་རོ་ཞེས་ཟེར་ན་སྦྱིན་པར་བྱའོ། གལ་ཏེ་མི་འདོར་རོ་ཞེས་ཟེར་ན་སྦྱིན་པར་མི་བྱའོ། །དགེ་སློང་དག་འཆག་ས་དག་ཏུ་འཆག་པ་ན་དེ་ནས་རྩུབ་པས་དེ་དག་གི་རྐང་མཐིལ་ཚ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་རྩྭ་དག་གདིང་བར་
བྱའོ། རྩྭ་དག་གཏིང་བ་དང་དེར་སྲིལ་དག་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོར་བར་བྱའོ། །དེ་དག་ཉི་མ་རེ་རེ་ཞིང་འདོར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་རེ་རེ་ཞིང་དོར་བར་མི་བྱ་བར་འདི་ལྟར་དུས་དང་དུས་སུ་སོ་སོར་བརྟག་
པར་བྱའོ། །གལ་ཏེ་ཐམས་ཅད་དུ་འདོང་ན་དེའི་ཚེ་བསྡུས་ཏེ་འདོང་བར་བྱའོ། །དགེ་སློང་དག་འཆག་ས་དག་ཏུ་རྩྭའི་ཆུན་པོ་དག་ས་ལ་འཇོག་པར་བྱེད་པ་ན། དེར་སྲིལ་དག་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐག་པས་བཅིངས་ནས་ཤིང་ལྗོན་པ་
དག་ལ་དཔྱངས་ཏེ་གཞག་པར་བྱའོ། །དགེ་སློང་དག་ལྕི་བ་དག་ས་ལ་འཇོག་པར་བྱེད་པ་ན། དེ་དག་ཏུ་སྲིལ་དག་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྱོ་མོར་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་དང་བསླབ་པ་ལ་
གུས་པ་དང་བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་
Vol. 153 · folio 67a
ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ་ལོ་མའི་གདིང་བ་བཏིང་ངམ། འདིང་
དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། །ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་
ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞིས་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱར་རུང་བར་
རོ། །རྩྭའི་གདིང་བའམ་ཞེས་བྱ་བ་ནི་རྩྭ་དག་གོ། །ལོ་མའི་གདིང་བ་ཞེས་བྱ་བ་ནི་ལོ་མ་དག་གོ། །བཏིང་ངམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འདིང་དུ་བཅུག་ནས་ཞེས་བྱ་བ་ནི་གཞན་ནོ། །མ་བསྡུས་སམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྡུད་དུ་མ་བཅུག་
གམ་ཞེས་བྱ་བ་ནི་གཞན་ནོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་ཡོད་པ་ལའོ། །མ་བཅོལ་བར་ཞེས་བྱ་བ་ནི་མ་གཏད་པར་རོ། །དེ་ནས་སོང་ནས་ཞེས་བྱ་བ་ནི་ཉེ་འཁོར་སྤངས་ནས་སོ། །དེའི་ཉེ་འཁོར་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དོ། དེ་ཡང་
རྩིག་པ་ལ་སོགས་པས་མ་བསྐོར་བ་ལ་ནི་དྲུང་ཉིད་ནས་སོ། །བསྐོར་བ་ལ་སྒོ་གང་ནས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་
དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་
Vol. 153 · folio 67b
རྡོ་བ་དང་། བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པས་སྣུམ་ཞིང་དངར་བ་སྲིལ་ལ་སོགས་པའི་སྲོག་ཆགས་སྐྱེ་བ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་གཞིར་རང་ངམ་བསྐོས་པས་རྩྭའམ་ལོ་མའི་གདིང་བ་བཏིང་བ་མ་བསྡུས་སམ། སྡུད་དུ་མ་བཅུག་
གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པར་སོང་ན་གཙུག་ལག་ཁང་དུ་ཉེས་དམིགས་སུ་མ་གྱུར་ཀྱང་རུང་། དེ་ཉིད་དུ་གཉིད་ལོག་གམ་སྙོམས་པར་ཞུགས་ཏེ། གཙུག་ལག་ཁང་དུ་ཉེས་དམིགས་སུ་གྱུར་ན་ཉེ་འཁོར་ལས་
མ་འདས་ཀྱང་རུང་སྟེ། གདིང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་འདུན་གྱི་གཙུག་ལག་ཁང་ལ་ན་སྨད་པ་མེད་དོ། །གདིང་བ་དང་རྩྭ་དང་ལོ་མ་ལ་སོགས་པ་སྲིལ་ལ་སོགས་པའི་སྲོག་ཆགས་སྐྱེ་བའི་ཉེས་དམིགས་ཡོད་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་
གྱི་གཙུག་ལག་ཁང་ཉིད་རྡོ་བ་དང་། བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་དང་། དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་ས་གཞིར་རང་ངམ་བསྐོས་པས་བཏིང་བ་ལ་ན་སྨད་པ་མེད་དོ། །མ་བསྡུས་སམ་སྡུད་དུ་མ་བཅུག་གམ་དགེ་སློང་འཁོད་པ་ལ་
མ་བཅོལ་བ་ལ་ན་སྨད་པ་མེད་དོ། །བརྗེད་པས་ཀྱང་རུང་མ་བརྗེད་པར་བློ་སྔོན་དུ་བཏང་བས་ཀྱང་རུང་སྟེ། འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པར་སོང་ན་གཙུག་ལག་ཁང་དུ་ཉེས་དམིགས་སུ་མ་གྱུར་པ་ལ་ཡང་ན་སྨད་པ་མེད་དོ། །དེ་ཉིད་དུ་གཉིད་ལོག་གམ་སྙོམས་པར་
ཞུགས་པ་ལ་སོགས་པས་གཙུག་ལག་ཁང་དུ་ཉེས་དམིགས་སུ་གྱུར་ན་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་མ་འདས་ཀྱང་ན་སྨད་པ་མེད་དོ། །འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་ཀྱང་འདས་ལ། གཙུག་ལག་ཁང་དུ་ཉེས་དམིགས་སུ་ཡང་གྱུར་པ་ལ་ན་སྨད་པ་མེད་དོ། །ཅིག་
ཅར་སྤྱོད་པ་ནི་འདྲ་བ་ཉིད་ཡིན་པས་ཅིག་ཅར་སྤྱོད་སྤྱོད་ན་ཐམས་ཅད་ཀྱིས་དོར་བ་ལ་སོགས་པ་བྱ་བར་འདྲ་བ་ཉིད་ཡིན་ཏེ། ཇི་ལྟར་གནས་མལ་གྱི་སྐབས་སུ་གཉི་ག་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་ཕྱིས་ལངས་པས་བྱ་བ་མ་ཡིན་ལ། གལ་ཏེ་གཉི་ག་མཉམ་དུ་ལངས་ན་ནི་གཞོན་པ་
Vol. 153 · folio 68a
ཤོས་ཀྱིས་བྱ་བ་ལྟ་བུ་མ་ཡིན་ཏེ། འདི་ལ་ནི་ཆ་གང་ལ་གང་གིས་ལོངས་སྤྱོད་པ་དེ་དེ་ཉིད་ཀྱིས་དོར་བ་ལ་སོགས་པ་བྱ་བ་ཡིན་པས་དེ་ལ་ན་སྨད་པ་མེད་དོ། །གདིང་བའི་ཉེ་འཁོར་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དོ། །དེ་ཡང་རྩིག་པ་ལ་
སོགས་པས་མ་བསྐོར་བ་ལ་ནི་དྲུང་ཉིད་ནས་སོ། །བསྐོར་བ་ལ་ནི་སྒོ་ཁང་ནས་ཏེ། དེ་ལས་འདས་པ་ལ་ན་སྨད་པ་མེད་དོ། །གདིང་བའི་ཉེས་དམིགས་ནི་སྲིལ་ལ་སོགས་པ་སྲོག་ཆགས་ཀྱིས་གཙུག་ལག་ཁང་གི་ཕྱི་ནང་བཅས་པ་ཁྱབ་པ་སྟེ། འདིར་སྲོག་ཆགས་ཀྱི་རིགས་གཙོ་
ཆེར་ཡན་ལག་ཏུ་བཞག་པས་གྲང་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་ཡན་ཆད་ནས་གཙུག་ལག་ཁང་ཕྱི་ནང་བཅས་པ་ཐམས་ཅད་ཁྱབ་པའི་བར་ལ་ན་སྨད་པ་མེད་དོ། །སྦྱོར་བའི་སྦྱོར་བ་གཅིག་པའི་དངོས་གཞི་ལ་ལྟུང་བ་གཅིག་རྣམ་པར་གཞག་གོ། །བཅོལ་བའི་
ཡུལ་ནི་དགེ་སློང་ངོ་ཚ་མེད་པ་དང་། ནད་དང་བཅས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་རྫོགས་པ་མ་གཏོགས་པ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་ལ། བཅོལ་བ་རྣམ་པ་ལྔ་པོ་གཙུག་ལག་ཁང་འདི་རེ་ཞེས་
བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གདིང་བ་འདི་རེ་ཞེས་བྱ་བ་དང་། གདིང་བ་སྡུས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་ཆུག་ཤིག་ཅེས་བྱ་བ་དག་ལས་གང་ཡང་རུང་བ་མ་བྱས་པ་ལ་ན་སྨད་པ་མེད་དོ། །བསོད་སྙོམས་ཀྱི་དོན་ཉིད་དུ་སོང་བ་ལ་ན་སྨད་
པ་མེད་དོ། །ཉེས་དམིགས་སུ་གྱུར་པ་དང་། ཉེ་འཁོར་གྱི་མཚམས་ལས་འདས་པ་གཉི་གའམ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་། རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་དང་།
སྲིལ་ལ་སོགས་པ་སྐྱེ་བ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་གཞིར་རང་ངམ་བསྐོས་པས་རྩྭ་དང་ལོ་མ་ལ་སོགས་པའི་གདིང་བ་བྱེད་པ་ཉིད་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་
Vol. 153 · folio 68b
ཁང་ཉིད་དང་། རང་ངམ་བསྐོས་པས་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་ས་གཞིར་བཏིང་བ་དང་། མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བ་དང་། ཉེ་འཁོར་ལས་འདས་སམ། དེ་ཉིད་དུ་གཉིད་ལོག་གམ། སྙོམས་པར་
ཞུགས་པ་དང་། ཉེས་དམིགས་སྲིལ་ལ་སོགས་པ་གང་བྱུང་ཡང་རུང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གདིང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་
དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་གི་གཙུག་ལག་ཁང་ལ་ཉེས་བྱས་སོ། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་ལ་ཉེས་བྱས་སོ། །ཉེས་དམིགས་དང་ཉེ་འཁོར་གྱི་མཚམས་ལས་འདས་
པའི་མདུན་རོལ་དུ་སྦྱོར་བའི་ཉེས་བྱས་སོ། །བཅོལ་བའི་ཡུལ་ནི་དགེ་སློང་ངོ་ཚ་མེད་པ་དང་། ནད་དང་བཅས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་རྫོགས་པ་རྣམས་ལ་བཅོལ་བ་ལ་ཉེས་བྱས་སོ། །བཅོལ་བ་རྣམ་པ་ལྔ་པོ་གཙུག་ལག་ཁང་འདེ་རེ་
ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་། གདིང་བ་འདེ་རེ་ཞེས་བྱ་བ་དང་། གདིང་བསྡུས་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་ཆུག་ཤིག་ཅེས་བྱ་བ་དག་ལས་གང་ཡང་རུང་བ་དངོས་སུ་མ་སྨྲས་པ་ལ་ཉེས་བྱས་སོ། །རེ་ཞིག་གི་དུས་སུ་གཞན་
འདུག་པའི་བར་དུ་ཡང་ཉེས་དམིགས་སུ་གྱུར་ན་ཡང་ཉེས་བྱས་སོ། །སྦྱོར་བ་ཐམས་ཅད་ལ་ཉེས་བྱས་སོ། །བསླབ་པར་བྱ་བ་ལས་འདས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་
ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བསྡུ་བ་བྱས་སམ་བྱེད་དུ་བཅུག་པ་ལ་ལྟུང་བ་མེད་དོ། །བཅོལ་བའི་དགེ་སློང་ཡོད་པ་ལ་ལྟུང་བ་མེད་དོ། །ཚུལ་ཁྲིམས་དང་སྲོག་གི་བར་ཆད་ལ་སོགས་པ་ཉམ་ང་བ་དང་ཕྲད་པ་ལ་ལྟུང་བ་མེད་དོ། །
Vol. 153 · folio 69a
ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་དག་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གདིང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་
བསྟེན་པར་བསླབ་པར་བྱའོ། །ཉེ་འཁོར་ལས་འདས་པའི་ཕྱིར་འགྲོ་བ་དང་། དེ་ཉིད་དུ་གཉིད་ལོག་པ་དང་། སྙོམས་པར་འཇུག་པ་ལ་སོགས་པ་མི་བྱ་བར་བསླབ་པར་བྱའོ། །བསྡུ་བ་དང་། སྡུད་དུ་གཞུག་པ་དག་བྱའོ། །དགེ་སློང་འཁོད་པ་ལ་བཅོལ་བར་བྱའོ། །དགེ་སློང་ངོ་
ཚ་མེད་པ་དང་། ནད་དང་བཅས་པ་དང་། རྒས་པ་དང་། ན་བ་དང་། བསྙེན་པར་མ་རྫོགས་པ་རྣམས་ལ་བཅོལ་བར་མི་བྱའོ། །བཅོལ་བ་རྣམ་པ་ལྔ་པོ་དག་ལས་གང་ཡང་རུང་བ་དག་བྱའོ། །བསྡུ་བར་བྱ་བ་བཏིང་སྟེ། བསོད་སྙོམས་ལ་ཞུགས་པ་ན། གལ་ཏེ་ཉེས་
དམིགས་བྱུང་ན་གཙུག་ལག་ཁང་ན་འཁོད་པ་རྣམས་ཀྱིས་བསྡུ་བར་བྱའོ། །གལ་ཏེ་བརྗེད་པས་ལམ་རིང་དུ་འདས་སམ་ཕྱི་ནས་དྲན་པ་རྙེད་ན་ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་བརྗོད་པར་ཡང་བྱའོ། །གལ་ཏེ་དགེ་སློང་ལམ་ནས་ཚུར་འོང་བ་
ཞིག་དང་ཕྲད་པར་གྱུར་ན་དེ་ལ་བཅོལ་བར་བྱའོ། །ཁས་བླངས་པས་སོན་པ་ཉིད་ན་དེ་བྱ་བ་ཉིད་དོ། །གནས་ནས་འཕགས་པར་འགྱུར་བ་ན་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གདིང་བ་བསྡུ་བར་བྱའོ། །ཁྱིམ་གཞན་དུ་གདིང་བ་བྱས་པ་ཁྱིམ་བདག་ལ་དྲིས་ཏེ་དོར་བར་
བྱའོ། །དགོན་པར་ནི་ཡང་ན་དོར་བར་བྱ་ཡང་ན་གློང་བར་བྱའོ། །གློང་བ་དེ་ནི་རྩྭ་ལ་སོགས་པའི་མགོ་འམ་མཇུག་བཟློག་པ་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་དོ། །གོས་དག་བསྐེམ་པའི་ཕྱིར་རྩྭ་བཏིང་བ་གང་ཟག་འགའ་ཞིག་སློང་བ་ལ་དོར་བར་ཁས་ལེན་ན་སྦྱིན་ནོ། །འཆག་
ས་དག་ཏུ་རྐང་མཐིལ་གཉིས་ལ་རྩུབ་ན་རྩྭ་དག་གདིང་བར་བྱའོ། །དེ་དག་ཀྱང་དོར་བར་བྱའོ། །འཆག་ས་གཏོང་ཞིང་གུད་དུ་འགྲོ་བའི་དུས་ཉེ་བར་གནས་པར་གྱུར་པ་ན་སྔར་འཆག་སར་བཏིང་བའི་རྩྭ་དག་རྡོག་ཤགས་ལ་སོགས་པས་ཕྱེ་མར་བརླགས་ཤིང་སྲོགས་ཆགས་
Vol. 153 · folio 69b
དག་མི་སྐྱེ་བ་མ་གཏོགས་པ་གཞན་དོར་བར་བྱའོ། །འཆག་ས་མི་གཏོང་ཞིང་གུད་དུ་མི་འགྲོ་བའི་ཚེ་ནི། འཆག་སར་བཏིང་བའི་རྩྭ་དག་ལ་དུས་དུས་སུ་སོ་སོར་བརྟག་པ་དང་། བསྒྱུར་བཟློག་བྱའོ། །དེ་ཡང་ས་སྣུམ་པ་དང་དངར་བར་ནི་ཉིན་རེ་ཞིང་ངོ་། །གཞན་དུ་
ཟླ་བ་ཕྱེད་ཅིང་ངོ་། །འཆག་ས་དག་ཏུ་རྩྭའི་ཆུན་པོ་དག་འཆག་སར་དགྲམ་པའི་ཐོག་ཏུ་ཐག་པས་བཅིངས་ཤིང་ལྗོན་པ་ལ་དཔྱངས་ཤིང་གཞག་པར་བྱའོ། །འདག་རྫས་ཀྱི་རྒྱུ་ལྕི་བ་དག་གྱོ་མོར་གཞག་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གདིང་བའི་
ལྟུང་བྱེད་དེ་བཅོ་ལྔ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་གཉིས་པ། སྐྲོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ། ཚེ་དང་ལྡན་པ་དག་ཚུར་ཤོག་ལྗོངས་རྒྱུར་འདོང་དང་། དེར་བདག་
ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲགས་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་དང་། ལུང་དབོག་པ་དང་ཀླག་པ་དང་ཁ་ཏོན་དང་རྣལ་འབྱོར་
དང་ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་ནས་འཆར་ཀས་དེ་དག་རང་ལ་གནས་འཆར་བཅུག་ནས། རི་བྲགས་ཀྱི་གཙུག་ལག་ཁང་ཞིག་གི་འདབ་ཏུ་ཕྱིན་པ་ན་གཙུག་ལག་ཁང་དེར་དགེ་འདུན་གྱི་གནས་མལ་གྱི་གཎྜཱི་བརྡུངས་ནས་འཆར་ཀའི་ཉེ་
གནས་རྣམས་ནི་ནང་དུ་དོང་སྟེ། འཆར་ཀ་དང་རང་རང་གི་གནས་མལ་མནོས་ཏེ་བསྡང་ན་འཆར་ཀ་ཕྱི་རོལ་ན་འདུ་འཛིའི་གཏམ་ལ་ཡེངས་པ་ནམ་སྲོས་ཀྱི་བར་དུ་མ་འོངས་ནས་དེ་དག་གིས་འཆར་ཀའི་གནས་མལ་གུད་དུ་བཤམས་ཏེ་གཅིག་ལ་གཅིག་ཞུས་ནས་ཉལ་
Vol. 153 · folio 70a
བ་དང་། ཇི་ཙམ་མིག་ལམ་ཆད་པའི་དུས་ཀྱི་ཚེ་འཆར་ཀ་འོངས་ནས་སྒོ་བརྡུངས་ཏེ་ཉེ་གནས་དེ་དག་ཕྱི་རོལ་དུ་བསྐྲད་དོ། །དེ་དག་དེ་ན་མཚན་ཐོག་ཐག་བླ་གབ་མེད་པར་ལྷགས་པས་ཉེན་ཅིང་ན་བར་གྱུར་ནས་ནང་པར་སྔར་ལངས་ཏེ་མཉན་ཡོད་དུ་
དོང་ནས་བདག་ཅག་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་
པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་
གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ་སྐྲོད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་
འཆར་ཀ། ཉོན་མོངས་པ་ནི་གནོད་སེམས། ཉེས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
མཉན་ཡོད་ན་སའི་གཙུག་ལག་ཁང་ཞིག་ཡོད་པ་དེ་ན་དགེ་སློང་ནད་པ་ཞིག་འདུག་ནས་ཇི་ཙམ་ན་སྤྲིན་ཁ་དོག་ལྔ་པ་འདུས་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་སྤྲིན་ཁ་དོག་ལྔ་པ་འདུས་པས་གཙུག་ལག་ཁང་རྡིབ་པར་འགྱུར་སྲིད་ཀྱི་ཕྱིར་བྱུང་ཞིག་
Vol. 153 · folio 70b
ཁོ་བོ་རང་འབྱུང་མི་ནུས་སོ། །དགེ་སློང་རྣམས་ཀྱི་འགྱོད་པས་མ་ཕྱུང་ནས་ཆར་བབས་ཏེ་གཙུག་ལག་ཁང་རྡིབ་ནས་དགེ་སློང་དེ་ནོན་ཏེ་དུས་ལ་བབ་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་
པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དེ་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་དགེ་འདུན་གྱི་གཙུག་
ལག་ཁང་ནས་དགེ་སློང་སྐྲོད་དམ་སྐྲོད་དུ་བཅུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་འདི་ནི་འཆར་ཀའམ་གཞན་
ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོ་ཞིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་ནས་ཞེས་བྱ་བ་ནི་གང་
དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱར་རུང་བ་ནས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །སྐྲོད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྐྲོད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་
དེ་འདྲ་བའི་རྐྱེན་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅས་པ་
Vol. 153 · folio 71a
རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་རང་ངམ། དགེ་སློང་གཞན་ནམ། དགེ་སློང་མའམ། བསྙེན་པར་མ་རྫོགས་པས་དགེ་
སློང་བསྐྲད་པར་བྱ་བ་དེ་ལ་གནོད་པ་སྲོག་གི་བར་ཆད་ལ་སོགས་པ་བསྐྱེད་པར་དོགས་པ་ཡོད་དམ། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བའི་དོགས་པ་ཡོད་པ་དང་། དགེ་འདུན་འཁྲུག་པ་སྐྱེ་བར་དོགས་པ་ཡོད་དམ། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་པའི་
གཉེན་པོར་འདོད་པ་མ་ཡིན་པའི་བསམ་པ་གང་ཡང་རུང་བས་དགེ་སློང་སྐྲོད་ན་སྐྲོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གཙུག་ལག་ཁང་ནས་བསྐྲད་པར་བྱ་བའི་གཙུག་ལག་ཁང་དེ་དགེ་འདུན་གྱི་གཙུག་ལག་ཁང་གང་ཡིན་ན་དེ་ལ་ན་སྨད་པ་མེད་དོ། །ལྟུང་བ་འབྱིན་
པ་རང་ངམ་དགེ་སློང་གཞན་གྱིས་དགེ་སློང་སྐྲོད་དམ་སྐྲོད་དུ་འཇུག་པ་ལ་ན་སྨད་པ་མེད་དོ། །བསྐྲད་པར་བྱ་བ་དགེ་སློང་བསྙེན་པར་རྫོགས་པ་མ་ཉམས་པ་རང་བཞིན་དུ་གནས་པ་ལ་ན་སྨད་པ་མེད་དོ། །གལ་ཏེ་དགེ་སློང་བསྐྲད་པར་བྱ་བ་དེ་ལ་གནོད་པ་སྲོག་གི་བར་ཆད་
ལ་སོགས་པ་སྐྱེ་བར་དོགས་པ་ཡོད་དམ། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་པ་དང་། དགེ་འདུན་འཁྲུག་པ་སྐྱེ་བར་དོགས་པ་ཡོད་དམ། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་པའི་གཉེན་པོ་འདོད་པ་མ་ཡིན་པའི་བསམ་པ་གང་ཡང་
རུང་བ་ལ་ན་སྨད་པ་མེད་དོ། །གཞན་གྱི་དྲིང་འཇོག་པས་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་སྐྲོད་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། ཁྱིམ་པ་དང་། ཁྱིམ་པ་མོས་དགེ་སློང་སྐྲོད་དུ་
བཅུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བསྐྲད་པར་བྱ་བ་དགེ་སློང་ཉིད་དང་། གང་ནས་བསྐྲད་པར་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་བྱེད་པ་པོ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྐྲད་པར་བྱ་བ་དགེ་སློང་ཉིད་དང་།
Vol. 153 · folio 71b
གང་ནས་བསྐྲད་པར་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་། རང་ངམ་དགེ་སློང་གཞན་ནམ་དགེ་སློང་ཆ་འམ་བསྙེན་པར་མ་རྫོགས་པ་གང་ཡང་རུང་བས་བསྐྲད་པ་དང་། གལ་ཏེ་དེ་ལ་གནོད་པ་དང་། དགེ་འདུན་འཁྲུག་པ་སྐྱེ་བ་དང་། ཉེ་བར་ཞི་བར་མི་
འགྱུར་བའི་གཉེན་པོ་འདོད་པ་མ་ཡིན་པའི་བསམ་པ་གང་ཡང་རུང་བས་སྐྲོད་པ་དང་བསྐྲད་པ་མཐར་ཐུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྐྲོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་
ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་གི་གཙུག་ལག་ཁང་ལ་ཉེས་བྱས་སོ། །དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་ལ་ཉེས་བྱས་སོ། །བསྐྲད་པར་བྱ་བ་དགེ་
སློང་ཉིད་མ་ཡིན་པ་དང་། ཉམས་པ་དང་། ལྟ་བ་དང་། མཚན་མི་མཐུན་པ་དང་། བསྙེན་པར་མ་རྫོགས་པ་དང་། ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། ཁྱིམ་པ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་པ་དང་། དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །བཞད་གད་ཀྱིས་སྐྲོད་ན་
ཉེས་བྱས་སོ། །བསྐྲད་པ་མཐར་མ་ཐུག་ན་ཉེས་བྱས་སོ། །དགེ་སློང་གིས་བསྐོས་པའི་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དག་ལ་ཡང་ཉེས་བྱས་སོ། །བསྐྲད་པར་བྱ་བ་དེ་དག་ཉིད་ལ་ཡང་ཉེས་བྱས་སོ། །ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་། །
སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི། གལ་ཏེ་དེ་ལ་གནོད་པ་དང་། དགེ་འདུན་འཁྲུག་པ་སྐྱེ་བ་དང་། ཉེ་བར་
ཞི་བར་མི་འགྱུར་བའི་གཉེན་པོར་འདོད་པའི་བསམ་པས་སྐྲོད་པ་ལ་ལྟུང་བ་མེད་དོ། །དགེ་སློང་དང་དགེ་ཚུལ་ཉམས་པ་ཉིད་ཆོས་བཞིན་དུ་སྐྲོད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་
Vol. 153 · folio 72a
པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྐྲོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གང་དུ་ཉེས་དམིགས་འབྱུང་བའི་གནས་སུ་འདུག་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་
བཞིན་ནོ། །སྐྲོད་པའི་ལྟུང་བྱེད་དེ་བཅུ་དྲུག་པ་བཤད་ཟིན་ཏོ།། །།ཕྱིས་གནོན་གྱི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་
འཆར་ཀས་དགེ་སློང་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག་ལྗོངས་རྒྱུར་འདོང་བ་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲགས་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་
དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་ནས་འཆར་ཀས་དེ་དག་རང་ལ་གནས་འཆར་བཅུག་སྟེ། རི་བྲགས་
ཀྱི་གཙུག་ལག་ཁང་ཞིག་གི་འདབ་ཏུ་ཕྱིན་པ་ན་གཙུག་ལག་ཁང་དེར་དགེ་འདུན་གྱི་གནས་མལ་གྱི་གཎྜཱི་བརྡུངས་ནས་འཆར་ཀའི་ཉེ་གནས་རྣམས་ནི་ནང་དུ་དོང་སྟེ། འཆར་ཀ་དང་རང་རང་གི་གནས་མལ་མནོས་ཏེ་བསྡད་ན། འཆར་ཀ་ཕྱི་རོལ་ན་འདུ་འཛིའི་གཏམ་ལ་
ཡེངས་པ་ནམ་སྲོས་ཀྱི་བར་དུ་མ་འོངས་ནས། དེ་དག་གིས་འཆར་ཀའི་གནས་མལ་གུད་དུ་བཤམས་ཏེ། གཅིག་ལ་གཅིག་ཞུས་ནས་ཉལ་བ་དང་། ཇི་ཙམ་མིག་ལམ་འཆད་པའི་དུས་ཀྱི་ཚེ་འཆར་ཀ་འོངས་ནས་སྒོ་བརྡུངས་ཏེ་ནང་དུ་ཞུགས་ནས། དེས་དེ་དག་
ཁ་ཅིག་ལ་གྲུ་མོས་བསྣུན། ཁ་ཅིག་ལ་ནི་པུས་མོས་བསྣུན་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་ཉེ་གནས་དེ་དག་ཕྱི་རོལ་དུ་ཕྱུང་ངོ་། །དེ་དག་དེ་ན་མཚན་ཐོག་ཐག་བླ་གབ་མེད་པར་ལྷགས་པས་ཉེན་ཅིང་ན་བར་གྱུར་
Vol. 153 · folio 72b
ནས། ནང་པར་སྔར་ལངས་ཏེ་མཉན་ཡོད་ན་དོང་ནས་བདག་ཅག་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་
ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱེད་ཅིང་སྟན་ལ་ཉལ་བ་དང་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི། རབ་ཏུ་བྱུང་
བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་
དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཐོ་
འཚམས་པ། ཉེས་པ་ནི་དགེ་སློང་ལ་ཕྱིས་གནོན་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་ན་ཞེས་བྱ་བ་
ནི། གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱར་རུང་བ་ནའོ། །དགེ་སློང་དག་ཅེས་བྱ་བ་ནི། ཆོས་འདི་པ་དག་གོ། །སྔ་ནས་འཁོད་པར་ཞེས་བྱ་བ་ནི་སྔ་ན་གནས་པར་རོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་གིས་རིག་པར་
Vol. 153 · folio 73a
གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །ཕྱིས་འོངས་ནས་ཞེས་བྱ་བ་ནི། དེའི་འོག་ཏུ་འོངས་ནས་སོ། །སུ་ལ་གནོད་པ་ཞེས་བྱ་བ་ནི་སུ་བདེ་བ་ལ་རེག་པར་མི་འགྱུར་བའོ། །དེ་འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་དེ་དེ་ནས་གཞན་དུ་འགྲོ་བར་འགྱུར་
བའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི། གཞན་མ་ཡིན་པའོ། །ཕྱིས་གནོན་བྱས་ནས་ཞེས་བྱ་བ་ནི་གནོད་པས་ཟིལ་གྱིས་མནན་ནས་སོ། །སྟན་ལ་ཞེས་བྱ་བ་ནི་གནས་མལ་ལའོ། །ཉལ་ལམ་ཞེས་བྱ་བ་ནི་ལུས་བསྙལ་ནའོ། །འདུག་ན་ཞེས་བྱ་བ་ནི་རྐུབ་ཚོས་གཞག་ནའོ། །
ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་
ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཐོ་འཚམས་པའི་བསམ་པས་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་སྔར་ཞུགས་པ་ཉིད་དུ་ཤེས་བཞིན་དུ། ཕྱིས་འོངས་ནས་
སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ཕྱིས་གནོན་གྱི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ཕྱིས་གནོན་བྱེད་པ་ན་བ་དང་འཇིགས་པ་དང་ན་བའི་དབང་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །ཐོ་འཚམས་པར་
འདུན་པའི་བསམ་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །བསམ་པ་དེ་ལྟ་བུས་ཕྱིས་གནོན་བྱེད་པ་ནི་དཔེ་ཙམ་དུ་ཟད་དེ། རྣམ་པར་འབྱེད་པའི་བར་སྡོམ་ལས། ནན་དང་གསོད་དང་གྲང་དྲོ་དང་། །ཆོལ་ཟངས་དང་ནི་བཀྲུ་སྨན་དང་། །རྣལ་འབྱོར་མཐུན་དང་ཁ་ཏོན་
དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་གསུངས་པ་ལྟ་བུ་དག་གིས་དགེ་སློང་ལ་ཇི་ཙམ་ཅུང་ཟད་ཐོ་འཚམས་པར་བྱེད་པ་ཐམས་ཅད་བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེད་ལ་ན་སྨད་པ་མེད་དོ། །གང་དུ་ཕྱིས་གནོན་བྱ་བའི་གནས་དགེ་འདུན་
Vol. 153 · folio 73b
གྱི་གཙུག་ལག་ཁང་ཉིད་ཡིན་ན་དེ་ལ་ན་སྨད་པ་མེད་དོ། །ཕྱིས་གནོན་པའི་དགེ་སློང་གཞན་དགེ་སློང་བསྙེན་པར་རྫོགས་པ་མ་ཉམས་པ་ཉིད་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་གཞན་སྔར་ཞུགས་པ་ཉིད་ལ་དེར་འདུ་ཤེས་དང་ཡིད་
གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་པ་ཉིད་ལ་ན་སྨད་པ་མེད་དོ། །ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ། འདུག་པ་ལ་ན་སྨད་པ་མེད་དོ། །དུས་ཡུན་རིང་ཐུང་དང་ཉིན་མཚན་དང་སྐྱ་རེངས་ལ་སོགས་
པའི་ཆ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་གཞན་སྔར་ཞུགས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་མ་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་
ལྟུང་བར་འགྱུར་ཏེ། གང་ལ་ཕྱིས་གནོན་བྱ་བ་དགེ་སློང་ཉིད་དང་། གང་དུ་ཕྱིས་གནོན་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་། དེར་འདུ་ཤེས་པ་དང་། ཐོ་འཚམས་པའི་བསམ་པ་དང་། ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པའོ། །
དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཕྱིས་གནོན་གྱི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་
ཉེས་བྱས་རེ་རེའོ། །གང་ལ་ཕྱིས་གནོན་བྱ་བ་དེ་དགེ་སློང་ཉིད་མ་ཡིན་པ་དང་། མཚན་དང་ལྟ་བ་མི་མཐུན་པ་དང་། བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སོ། །གང་དུ་ཕྱིས་གནོན་བྱ་བ་གང་ཟག་གི་གཙུག་ལག་ཁང་ལ་ཉེས་བྱས་སོ། །དགེ་སློང་མའི་དགེ་འདུན་གྱི་གཙུག་
ལག་ཁང་དང་། མུ་སྟེགས་ཅན་དང་། ཁྱིམ་པའི་གནས་ལ་ཉེས་བྱས་སོ། །དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་སྔར་མ་ཞུགས་པ་ཉིད་ལ་ཞུགས་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཐོ་འཚམས་པའི་བསམ་པ་ཉིད་མ་ཡིན་པ་མ་
Vol. 153 · folio 74a
བརྟགས་པར་སྤྱོད་པ་ཙམ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོའོ། །སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཐོ་འཚམས་པའི་བསམ་
པ་མེད་པ་དང་། དེར་འདུ་ཤེས་པ་མེད་པ་ལ་ལྟུང་བ་མེད་དོ། །ན་བ་དང་འཇིགས་པའི་དབང་གིས་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་
ལ་གནས་སྐབས་ཐམས་ཅད་དུ་ཕྱིས་གནོན་གྱི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གཙུག་ལག་ཁང་དང་གྲོང་ལ་སོགས་པར་ཤེས་བཞིན་དུ་འཇུག་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཕྱིས་གནོན་གྱི་ལྟུང་བྱེད་དེ་བཅུ་བདུན་
པ་བཤད་ཟིན་ཏོ།། །།རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་དགས་དགེ་སློང་གསར་བུ་
གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག་ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲགས་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་།
ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནད་གཡོག་གིས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་གང་གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་
པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་དོ། །བསོད་སྙོམས་པ་ཞིག་གིས་སྨྲས་པ། བཙུན་པ་ཉེ་དགའ་ཁོ་བོ་ཁྱོད་དང་ལྷན་ཅིག་ལྗོངས་རྒྱུར་འདོང་ངོ་། །དགེ་སློང་རྣམས་ཀྱིས་བསོད་སྙོམས་པ་དེ་ལ་སྨྲས་
Vol. 153 · folio 74b
པ། བསོད་སྙོམས་པ་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱོད་ལ་ཐོ་འཚམས་པར་འགྱུར་རོ། །བསོད་སྙོམས་པས་སྨྲས་པ་ཁོ་བོ་ནི་ལོ་འདས་པ་ཡིན་པས། ཁོ་བོ་དེ་ལ་གནས་བཅའ་བ་དང་། ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་
དང་། ཡིད་ལ་བྱ་བའི་རག་ལུས་པ་ཅུང་ཟད་ཀྱང་མེད་པས་དེས་ཁོ་བོ་ལ་ཅི་བྱར་ཡོད་ཅེས་དེས་དགེ་སློང་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ། དེ་དང་ལྷན་ཅིག་ལྗོངས་རྒྱུར་སོང་ངོ་། །ཉེ་དགས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། བསོད་
སྙོམས་པ་གཏུར་བུ་འདི་རེ་ཞིག་ཁྱེར་ཅིག །བཙུན་པ་ཉེ་དགའ་ཅི་ཁྱོད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་མ་མཐོང་ངམ། ཡོ་བྱད་དོན་མེད་པ་འདིས་ཅི་བྱ། ཉེ་དགས་སྨྲས་པ། བསོད་སྙོམས་པ་ཁྱོད་རེ་ཞིག་མི་ཁྱེར་བ་ནི་ཡུས་ན། ཅི་ཁྱོད་ཁོ་བོ་བས་ཀྱང་མཁས་
པ་ཡིན་སྙམ་མམ་ཅི་ན་ཁྱོད་ཁོ་བོ་ལ་དེ་སྐད་ཟེར། བསོད་སྙོམས་པས་སྨྲས་པ། མཁས་པ་མ་ཡིན་ཡང་རིགས་པ་ཙམ་སྨྲའོ། །ཉེ་དགས་བསམས་པ། བསོད་སྙོམས་པ་འདི་མི་དགའ་བར་བྱའོ་སྙམ་ནས་དེ་གཉིས་མཐར་གྱིས་ལྗོངས་རྒྱུ་ཞིང་འགྲོ་བ་ན། རི་བྲགས་ཀྱི་གཙུག་
ལག་ཁང་ཞིག་གི་འདབ་ཏུ་ཕྱིན་པ་ན། གཙུག་ལག་ཁང་དེར་དགེ་འདུན་གྱི་གནས་མལ་གྱི་གཎྜཱི་བརྡུངས་ནས་བསོད་སྙོམས་པ་ནི་ནང་དུ་སོང་སྟེ། ཉེ་དགའ་དང་རང་གི་གནས་མལ་མནོས་ཏེ་བསྡད་ན། ཉེ་དགའ་ཕྱི་རོལ་ན་འདུ་འཛིའི་གཏམ་ལ་ཡེངས་པ་ནམ་སྲོས་ཀྱི་བར་དུ་མ་
འོངས་ནས། བསོད་སྙོམས་པ་དེས་ཁང་ཐོག་ཏུ་ཉེ་དགའི་གདན་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བཀྲུ་བ་མཐའ་གཅིག་ཏུ་བཞག་ནས། བདག་ཉིད་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས་འོག་ཁང་དུ་མལ་བཤམས་པར་ཞུགས་ཏེ་ཉལ་བ་དང་།
ཇི་ཙམ་མིག་ལམ་ཆད་པའི་དུས་ཀྱི་ཚེ་ཉེ་དགའ་འོངས་ནས་སྒོ་བརྡུངས་པ་དང་། བསོད་སྙོམས་པས་སྒོ་མ་ཕྱེ་བར། སྟེང་དུ་མལ་བཤམས་པར་ཉོལ་ཅིག་ཅེས་སྨྲས་སོ། །ཉེ་དགའ་ཁང་ཐོག་ཏུ་འཛེགས་ནས་རྐང་པ་གཉིས་བཀྲུས་ཏེ། གནས་ཁང་དུ་ཞུགས་ནས། བསོད་
Vol. 153 · folio 75a
སྙོམས་པ་ཞེས་བོས་པ་དང་། བསོད་སྙོམས་པས་བཙུན་པ་ཉེ་དགའ་ཅི་ཟེར་ཞེས་བྱས་སོ། །ཉེ་དགའ་སྒྲ་ལ་མཁས་པས། དེས་བསོད་སྙོམས་པའི་དཔྲལ་བའི་ཐད་ཀར་ཁྲི་རྐང་གཏད་དེ། ཅི་ནས་ཀྱང་ཁྲི་རྐང་གིས་ཁང་ཐོག་བརྟོལ་བས་བསོད་སྙོམས་
པ་དེའི་དཔྲལ་བར་འབབ་པར་འགྱུར་བ་དེ་ལྟར་ཤུགས་དྲག་པོས་མནན་པ་དང་། དེས་བསོད་སྙོམས་པ་དེའི་དཔྲལ་བར་ཕོག་སྟེ། དཔྲལ་བ་ཞོམ་མོ། །བསོད་སྙོམས་པས་སྨྲས་པ། བཙུན་པ་ཉེ་དགའ་ཁོ་བོ་གནད་དོ། །ཉེ་དགས་སྨྲས་པ། ཀྭ་ཡེ་བསོད་སྙོམས་པ་ཅི་ཟེར།
བསོད་སྙོམས་པས་བསམས་པ། གལ་ཏེ་སྐད་ཕྱུང་ན་འདིས་རྒན་རིམས་ཀྱི་བདག་གི་ཁྲི་ཡང་ཕྲོག་པར་འགྱུར་རོ་སྙམ་ནས་དེ་ཅང་མི་སྨྲ་བར་འདུག་འདུག་ནས་ནང་པར་སྔར་ལངས་ཏེ། མཉན་ཡོད་དུ་སོང་ནས་བདག་ཉིད་ཇི་ལྟར་གྱུར་པ་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་
པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ། འདུག་པ་དང་ཉལ་བར་བྱེད་ཅེས་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་
ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སློང་གི་ཚུལ་
མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་
བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་
Vol. 153 · folio 75b
ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་ཡང་ཐོག་ཏུ་རྩ་བ་འབྱུང་བ་ལ་འདུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །
དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་གི་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱར་རུང་བའིའོ། །སྟེང་གི་ནམ་མཁའ་ལ་ཞེས་བྱ་བ་ནི་སྟེང་གི་
ནམ་མཁའ་ལའོ། །ཐོག་བོར་བར་ཞེས་བྱ་བ་ནི་རྩྭའི་ཐོག་གམ། ལོ་མའི་ཐོག་བོར་བར་རོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ། །རྩ་བ་འབྱུང་བ་ལ་ཞེས་བྱ་བ་ནི་རྐང་པ་འབྱུང་བ་ལའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་
པའམ། གཞན་དག་གིས་བརྗོད་པས་སོ། །ལྗིད་ཀྱིས་ཕབ་སྟེ་ཞེས་བྱ་བ་ནི་མཐུས་མནན་ཏེའོ། །འདུག་གམ་ཞེས་བྱ་བ་ནི་རྐུབ་ཚོས་འཇོག་པར་བྱེད་ནའོ། །ཉལ་ན་ཞེས་བྱ་བ་ནི་ལུས་བསྙལ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན།
འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱ་སྟེ། དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་
དགེ་འདུན་གྱི་གཙུག་ལག་ཁང་གི་ཐོག་བྱིན་གྱིས་གཞོལ་བ་ཉིད་དམ། སྤང་ལེབ་ཉིད་དམ། དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་པར་མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་ཕུར་བུ་ལྟར་ཕྱུང་བ་དང་། གཞུག་ཏུ་རུང་བ་མ་བཀན་པ་ཉིད་དང་། རྐང་རྟེན་བཅུག་པ་ཉིད་
མ་ཡིན་པར་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་གནོན་པར་བྱེད་པ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་འདུན་གྱི་གཙུག་ལག་ཁང་ཉིད་ལ་ན་སྨད་པ་མེད་དོ། །སྟེང་གི་ཐོག་བྱིན་གྱིས་གཞོལ་བར་གཡོགས་པ་མ་ཡིན་པ་ཉིད་དང་། སྤང་ལེབ་ཀྱིས་
Vol. 153 · folio 76a
གཡོགས་པ་མ་ཡིན་པ་ཉིད་དང་དེ་དང་འདྲ་བར་སྲ་བས་གཡོགས་པ་མ་ཡིན་པ་ཉིད་དག་ལ་ན་སྨད་པ་མེད་དོ། །མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་ཕུར་བུ་ལྟར་དབྱུང་བ་དང་། གཞུག་ཏུ་རུང་བ་ལ་ན་སྨད་པ་མེད་དོ། །དེ་མ་བཀན་པ་ཉིད་དང་རྐང་
རྟེན་མ་བཅུག་པ་ཉིད་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་གཙུག་ལག་ཁང་གི་ཐོག་དང་མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་ཡང་དེ་ལྟ་བུ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་དེ་ལྟར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དེ་ལ་ལྗིད་ཀྱིས་ཕབ་སྟེ་གནོན་པ་ལ་ན་སྨད་
པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་ཐོག་ཉིད་དང་། མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་འབྱུང་བ་ཉིད་གནོན་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་
ལག་ཁང་གི་སྟེང་གི་ཐོག་བྱིན་གྱིས་གཞོལ་བ་ཉིད་དམ། སྤང་ལེབ་ཉིད་དམ། དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་པ་དང་། མནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་འབྱུང་བ་བཀན་པ་ཉིད་དང་། རྐང་རྟེན་བཅུག་པ་ཉིད་མ་ཡིན་པ་དང་། དེར་འདུ་ཤེས་པ་དང་། ལྗིད་
ཀྱིས་ཕབ་པ་དང་། གནོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་
ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་གི་གཙུག་ལག་ཁང་ལ་ཉེས་བྱས་སོ། །དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་དང་། མུ་སྟེགས་ཅན་དང་། ཁྱིམ་པའི་གནས་ལ་ཉེས་བྱས་སོ། །དགེ་འདུན་གྱི་གཙུག་ལག་ཁང་མ་ཡིན་པ་དང་།
མནན་པར་འོས་པའི་རྩ་བ་འབྱུང་བ་མ་ཡིན་པ་ཉིད་ལ་དེ་ཉིད་ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ལྗིད་ཀྱིས་མི་གནོན་པར་གྱི་ན་འདུག་པ་ཙམ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་
Vol. 153 · folio 76b
ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་ཐོག་བྱིན་གྱིས་གཞོལ་བ་ཉིད་དང་། སྤང་ལེབ་ཉིད་དང་། དེ་དང་འདྲ་བས་གཡོགས་པ་ལ་ལྟུང་བ་མེད་དོ། །མནན་
པར་འོས་པའི་རྩ་བ་མི་འབྱུང་བ་ཉིད་དང་། བཀན་པ་ཉིད་དང་། རྐང་རྟེན་བཅུག་པ་ཉིད་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་
པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཁྲི་ལ་སོགས་པ་ལ་ཤེས་བཞིན་དུ་འདུག་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །
རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དེ་བཅོ་བརྒྱད་པ་བཤད་ཟིན་ཏོ།། །།སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་
འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་ལྕི་བ་དང་ས་ལ་འདེབས་པར་བྱེད། འདེབས་སུ་འཇུག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ཁྱོད་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་ལྕི་བ་དང་།
ས་ལ་མ་འདེབས་ཤིག །འདེབས་སུ་མ་འཇུག་ཅིག །འདུན་པས་སྨྲས་པ། ཁོ་བོ་ལ་འགའ་ཞིག་གིས་བགྲངས་ཏེ། གཏད་དམ་ཅི། ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང་། ནུབ་དང་། བྱང་གི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། འབབ་ཆུ་དང་། མཚོ་དང་།
ལྟེང་ཀ་དག་ཏུ་འཇུག་ན་ཅི་ཉེས་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ། སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་ལྕི་བ་དང་ས་ལ་འདེབས་པ་དང་། འདེབས་སུ་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་
Vol. 153 · folio 77a
ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འདུན་པ་ལ་རྨས་ནས། དགེ་སློང་
གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་
བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་འམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ།
ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་དང་སྤྱོད་པའི་དོན་ལས་གཞན་དུ་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། དེ་རང་ཉིད་ཀྱིས་རིག་
པར་གྱུར་པའམ་གཞན་དག་གིས་བརྗོད་པས་སོ། །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ལ་སྲོག་ཆགས་དང་བཅས་པ་ནི་གཉིས་ཏེ། གང་དག་མིག་གིས་མཐོང་བར་འགྱུར་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ། །ཆུ་ཞེས་བྱ་བ་ནི་ཆུ་ཉིད་ཀྱིས་སོ། །རྩྭའམ་ཞེས་
བྱ་བ་ནི་རྩྭ་ཉིད་དོ། །ལྕི་བ་ཞེས་བྱ་བ་ཡང་ལྕི་བ་ཉིད་དོ། །ས་ལ་ཞེས་བྱ་བ་ཡང་ས་ཉིད་ལའོ། །འདེབས་སམ་ཞེས་བྱ་བ་ནི་རང་གིས་སོ། །འདེབས་སུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་སྲོག་ཆགས་དང་བཅས་པ་ལ་སྤྱོད་
པའི་ལྟུང་བྱེད་དང་། འོག་ནས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཅེས་འབྱུང་ན། དེ་གཉིས་ཀྱི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་ཏུ་ན་འདི་ནི་རང་སྤྱོད་པ་མ་ཡིན་པའི་དོན་ཉིད་ལ་འཇུག་པ་དང་། འཇུག་ཏུ་འཇུག་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་
Vol. 153 · folio 77b
གཞག་གོ། །འོག་མ་ནི་རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་། འཇུག་ཏུ་འཇུག་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་
པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་འམ། ལྕི་བའམ་ས་ལ་སོགས་པ་དང་རང་སྤྱོད་པ་
མ་ཡིན་པའི་ཡུལ་ལ་འདེབས་སམ་འདེབས་སུ་འཇུག་ན། དུད་འགྲོའི་སྐྱེས་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཆུ་ཡང་སྲོག་ཆགས་དང་བཅས་པ་ཉིད་ཡིན་ལ། དགེ་སློང་གིས་
ཀྱང་དེ་ལྟར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །ཆུ་དང་རྩབ་མོ་དང་། འོ་མ་དང་། རྩྭ་དང་ཤིང་ལ་སོགས་པ་རང་སྤྱོད་པ་མ་ཡིན་པ་ཆག་ཆག་དང་། མེ་ཤིང་ལ་སོགས་པ་དང་། ཁྲུས་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་ཡོད་དོ་ཅོག་ལ་ན་སྨད་པ་མེད་དོ། །
དུད་འགྲོའི་སྐྱེས་གནས་སུ་གཏོགས་པའི་སྲོག་ཆགས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །རང་ཉིད་འཇུག་པ་དང་གཞན་འཇུག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོགས་ཆགས་རེ་རེ་ཤི་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རང་
སྤྱོད་པ་མ་ཡིན་པའི་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་སྤྱོད་པ་མ་ཡིན་པའི་དོན་གང་ཡང་རུང་བ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གང་
ཡང་རུང་བ་དང་བཅས་པ་དང་། དེར་འདུ་ཤེས་པ་དང་། སྤང་བ་དང་སྲོག་ཆགས་ཇི་སྙེད་ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་
Vol. 153 · folio 78a
བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྲོག་ཆགས་མེད་པ་ཉིད་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །སྲོག་
ཆགས་མ་ཤི་ན་སྦྱོར་བའི་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་སྲོག་ཆགས་མེད་པ་ཉིད་ལ་ལྟུང་བ་མེད་དོ། །
ཤའི་མིག་གིས་མི་མཐོང་བའི་སྲོག་ཆགས་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྲོག་
ཆགས་དད་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཆུ་དང་། ས་དང་། ལྕི་བ་དང་། ཤིང་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་སྤྱོད་དོ་ཅོག་ལ་སྲོག་ཆགས་མེད་པར་ལེགས་པར་བརྟག་པར་བྱའོ། །ཕྱིར་བཅོས་པ་
ནི་སྔ་མ་བཞིན་ནོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དེ་བཅུ་དགུ་པ་བཤད་ཟིན་ཏོ།། །།གཙུག་ལག་ཁང་གི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན། གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་
ན་དྲུག་སྡེ་དག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་ན་གནས་ཤིང་འཕྱས་འདོགས་པ་དགེ་སློང་རྣམས་ཀྱིས་སྨྲས་པ་དང་། ཚེ་དང་ལྡན་པ་འདུན་པ་ང་རྒྱལ་སྐྱེས་ནས། དེས་ཀཽ་ཤཱམྦཱི་ན་བྲམ་ཟེ་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་
བ་ཡངས་ཤིང་རྒྱ་ཆེ་ལ། སེར་སྣ་ཅན་མིག་ཕྲ་བ་བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ་ཡོ་བྱད་ཀུན་འཛིན་པ་དེ་དད་པ་སྐྱེས་ནས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་བརྗོད་པ་དང་། གཙུག་ལག་ཁང་བརྩིག་པར་ཁས་བླངས་ཏེ།
Vol. 153 · folio 78b
ཀཱར་ཥཱ་པ་ཎ་དག་སྦྱར་ཏེ་སྨྲས་པ་བཙུན་པ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ན་བསོད་ནམས་ཀྱི་གྲོགས་བགྱིད་པ་མ་མཆིས་སོ། །འདུན་པས་སྨྲས་པ། ཁོ་བོས་ཁྱོད་ཀྱི་བསོད་ནམས་ཀྱི་གྲོགས་བྱའི། འདི་ལྟར་ཁྱོད་ཀྱིས་ཁོ་བོ་དགེ་འདུན་གྱི་ལག་གི་བླར་བསྐོར་
ཆུག་ཤིག །བྲམ་ཟེ་དག་གཙུག་ལག་ཁང་དུ་སོང་སྟེ་དགེ་འདུན་ལ་གསོལ་པ་དང་། དེ་ན་དགེ་འདུན་གྱི་ནང་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་པས་འདུན་པ་ལ་སྨྲས་པ། ཚེ་དང་ལྡན་པ་འདུན་པ། གང་གི་ཚེ་ཁོ་བོས་རྒྱལ་བྱེད་ཀྱི་ཚལ་བརྩིག་ཏུ་
བཅུག་པ་དེའི་ཚེ་ན་ཡང་ཁོ་བོ་སུས་ཀྱང་ལག་གི་བླར་མ་བསྐོས་སོ། །གང་གི་ཚེ་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་གདངས་ཅན་གྱི་ཀུན་དགའ་ར་བ་བརྩིག་ཏུ་བཅུག་པ་དེའི་ཚེ་ན་ཡང་སུས་ཀྱང་ལག་གི་བླར་མ་བསྐོས། ཁྱོད་ཀྱང་གལ་ཏེ་གཙུག་ལག་ཁང་བྱེད་དུ་འཇུག་
པར་འདོད་ན་མ་བསྐོས་པ་ཉིད་དུ་ཆུག་ཤིག །ཚེ་དང་ལྡན་པ་འདུན་པས་བསམས་པ་ལྷུང་བཟེད་ནག་པོ་ཅན་བདག་ཅག་མཐོང་བར་ཡང་མི་དགའ་ན། ལག་གི་བླར་བསྐོ་བར་ག་ན་འགྱུར་སྙམ་ནས་དེ་བྲམ་ཟེའི་གན་དུ་སོང་སྟེ། ཀཱར་ཥཱ་པ་ཎ་དག་བླངས་ནས་སོ་ཕག་
མཁན་དང་། ཕྱག་མཁན་དང་། ཤིང་མཁན་དང་། ཞལ་ཞལ་མཁན་དང་། རི་མོ་མཁན་དང་། བླ་མའི་གན་དུ་སོང་སྟེ། ཀཱར་ཥཱ་པ་ཎ་དག་བྱིན་ནས། དེ་ཉི་མ་གཅིག་ཁ་ནས་གཙུག་ལག་ཁང་སུམ་བརྩེགས་སྒོའི་སྦུབས་ཀྱི་གནས་དང་། གཏན་པའི་
གནས་དང་། སྐར་ཁུང་དང་ཆུ་ཁུང་གི་གནས་དག་ཀྱང་མ་བཞག་པར། དེ་བཞིན་ཁོ་ནར་སྦྱང་འདྲ་བར་བརྩིགས་ཏེ། དེ་བྲམ་ཟེ་དེའི་གན་དུ་སོང་ནས་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་གཙུག་ལག་ཁང་ཟིན་གྱི་ཚུར་ཤོག །དགེ་འདུན་ལ་ཕུལ་ཅིག །བྲམ་ཟེས་སྨྲས་
པ། འཕགས་པ་དེང་བདག་གིས་ཞལ་ཟས་སྟ་གོན་མ་བགྱིས་ཀྱི། སང་བདག་གིས་ཞལ་ཟས་སྟ་གོན་བགྱིས་ཏེ་མཆིའོ། བཅོམ་ལྡན་འདས་ཀྱིས་དགོངས་པ། གཙུག་ལག་ཁང་འདི་དེང་ཉིད་དུ་རྡིབ་པར་འགྱུར་ཏེ། གལ་ཏེ་ཡོངས་སུ་མ་སྤྱོད་པ་ཁོ་ནར་
Vol. 153 · folio 79a
རྡིབ་པར་གྱུར་ན་བྲམ་ཟེ་དེ་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྙོམས་པར་འཇུག་པའི་གནས་པ་ཐོབ་པ་དག་མཚན་མོའི་ཐུན་དང་
པོ་ལ་གཙུག་ལག་ཁང་དེར་བཞག་ནས་བཅོམ་ལྡན་འདས་ཉིད་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱི་འཁོར་དང་བཅས་པ་མཚན་མོའི་གུང་ཐུན་ལ་དེར་ཆོས་བསྟན་པ་མཛད་ནས་སླར་གཤེགས་སོ། །མཚན་མོའི་ཐུན་ཐ་མ་ལ་སྤྲིན་ཁ་དོག་ལྔ་པ་འདུས་ནས།
དེས་གཙུག་ལག་ཁང་དེ་དཔེར་ན་སྦྱང་ཆུས་གང་བར་གྱུར་པ་བཞིན་དུ་ཆུས་གང་བར་གྱུར་ནས་རྡིབ་པར་གྱུར་ཏོ། །དྲུག་སྡེ་དག་གིས་དེ་ཐོས་ནས་སྐྲག་སྟེ་བྲོས་སོ། །བྲམ་ཟེ་དེས་ཀྱང་ཕྱི་དེ་ཉིན་པར་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་ཤིང་རྟ་བཀང་སྟེ་དེར་
འོངས་པ་ན། རང་གི་གཙུག་ལག་ཁང་རྡིབ་པར་མཐོང་ནས་བརྒྱལ་ཏེ་ས་ལ་འགྱེལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས་བྲམ་ཟེ་དེ་ལ་བཀའ་སྩལ་ཏེ། མང་པོ་དག་གིས་དེ་བཞིན་གཤེགས་པ་ལ་བསྔོས་ཏེ་གཙུག་ལག་ཁང་དག་བྱེད་
དུ་བཅུག་པ་དེ་དག་ནི་དེ་བཞིན་གཤེགས་པས་ཡོངས་སུ་མ་སྤྱད་ཀྱི། ཁྱོད་ཀྱི་གཙུག་ལག་ཁང་གང་ཡིན་པ་དེ་ནི་མ་དང་མཚན་མོའི་ཐུན་དང་པོ་ལ་དགེ་སློང་གནས་བརྟན་གནས་བརྟན་དག་གིས་ཡོངས་སུ་ལོངས་སྤྱད། འདི་ལྟ་བུ་མཚན་མོའི་གུང་ཐུན་ལ་ཡང་
བཅོམ་ལྡན་འདས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་རྣམས་ཀྱི་འཁོར་དང་བཅས་པས་ཡོངས་སུ་ལོངས་སྤྱད་པས། ཁྱེད་ཀྱིས་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་བསྒོའོ། །དེ་ནས་བྲམ་ཟེ་དེས་བཙུན་པ་ཀུན་དགའ་བོ་གལ་ཏེ་དེ་ལྟ་ན་བདག་གདུགས་རེ་རེ་ཞིང་གཙུག་
ལག་ཁང་འདི་ལྟ་བུ་ཤ་སྟག་བགྱིད་དུ་སྩོལ་པར་ཡང་སྤྲོའི་ཞེས་ཟེར་བ་དྲུག་སྡེ་དག་གིས་ཐོས་ནས་དེར་ལྷགས་པ་དང་། བྲམ་ཟེ་དེས་དེ་དག་ལ་རས་ཡུག་ཆེན་སར་པ་རེ་རེ་བསྐོན་ཞིང་། ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་པ་དང་། དྲུག་སྡེ་དག་ཁོ་བོ་ཅག་
Vol. 153 · folio 79b
གིས་དེ་ལྟར་བྲམ་ཟེ་དེའི་ནོར་དེ་སྙེད་ཆུད་གསན་དུ་ཟིན་ཀྱང་། འོན་ཀྱང་དེས་ཁོ་བོ་ཅག་ལ་རས་ཡུག་ཆེན་སར་པ་རེ་རེ་བསྐོན་ཞིང་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་པར་གྱུར་པ་དེ་ལྟར་ཁོ་བོ་ཅག་གིས་བྲམ་ཟེ་མངོན་པར་དད་པར་བྱས་སོ་ཞེས་རློམ་པར་བྱེད་ནས།
དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱས་པའི་ཡན་ལག་དེ་ཉིད་ཀྱིས་རློམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། མི་མཛེས་སོ་ཞེས་རྣམ་གྲངས་དུ་མས་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་
གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན་སྒོའི་སྦུབས་དང་། གཏན་པ་དང་། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་
བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་པ་བརྩིག་པར་བྱའོ། །དེ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལས་ངན་པ་ལ་དགའ་བ། ཉེས་པ་ནི་
གཙུག་ལག་ཁང་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པས་སོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་
བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་བྱར་རུང་བའོ། །ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང་ཚད་ལས་ཏེ། དོན་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ། །རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་
Vol. 153 · folio 80a
གཞན་ནོ། །སྒོ་སྦུབས་དང་། གཏན་པ་ཞེས་བྱ་བ་ནི་སྒོའི་སྦུབས་དང་གཏན་གཞུག་པར་བྱའོ། །སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ནི་སྐར་ཁུང་གི་དག་དང་ཆུ་ཁུང་གི་གནས་ཇི་ཙམ་གདོད་པར་བྱ་བའི་འདུ་ཤེས་ཀྱིས་སོ། །
ས་བརྟག་པ་ནས་བཟུང་སྟེ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་ཞེས་བྱ་བ་ལ། ཕ་གུའི་རིམ་པ་ཞེས་བྱ་བ་ནི་ཕ་གུ་རྩེག་མའོ། །འཇིམ་པ་དང་བཅས་པ་ཞེས་བྱ་བ་ནི་ས་འཇིམ་པ་དང་བཅས་པའོ། །བརྩིག་པར་བྱའོ་ཞེས་བྱ་བ་ནི་གཞག་པར་
བྱ་བའོ། །དེ་ལས་ལྷག་པར་བརྩིགས་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་འཇོག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བ་རྣམས་ཀྱིས་ལྟུང་བ་རྣམ་པར་གཞག་
པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ཐམས་ཅད་རྡོའམ་
སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་པ་ཆར་ཆུ་བསྐྱབ་པའི་གཡོགས་པར་བྱས་པ་དགེ་འདུན་གྱི་འམ། གང་ཟག་གིའམ། ཁྱིམ་པ་དབང་བ་ཡང་རུང་བ་ཡིན། བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་སྨྲས་པ་ཆུ་ཁུང་དག་མ་བཏོད་པའམ་བརྐོས་
ཏེ་རྨང་གི་རྩ་བ་མ་བཙུགས་པའམ། སྒོ་ཆ་གོང་མ་མ་བཅུག་པ་གང་ཡང་རུང་བ་ལས་རང་ངམ་གཞན་གྱིས་ཉི་མ་དེ་ཉིད་ལ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གསུམ་ལས་ལྷག་པར་རྩིག་གམ། ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པར་རིམ་པ་གསུམ་
ལས་ལྷག་པར་བརྩིགས་ན་གཙུག་ལག་ཁང་གི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གཙུག་ལག་ཁང་ཉིད་ལ་ན་སྨད་པ་མེད་དོ། །སྤྱོད་ལམ་བཞི་པོ་ཤོང་བ་ཡན་ཆད་ལ་ན་སྨད་པ་མེད་དོ། །ཐམས་ཅད་རྡོ་བའམ་སོ་ཕག་གམ་ཤིང་ལས་བྱས་པ་ཡིན་པ་ལ་ན་
Vol. 153 · folio 80b
སྨད་པ་མེད་དོ། །ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ་ལ་ན་སྨད་པ་མེད་དོ། །ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལ་ན་སྨད་པ་མེད་དོ། །ཉིན་གཅིག་ལ་ཕ་གུ་འཇིམ་པ་དང་བཅས་པ་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་པ་
ལ་ན་སྨད་པ་མེད་དོ། །བདག་གིས་བརྩིགས་པ་དང་། གཞན་རྩིག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པར་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་པ་ལ་ན་སྨད་པ་མེད་དོ། །རང་གི་གནས་སུ་ཆུ་ཁུང་དག་མ་བཏོད་པ་
ལ་ན་སྨད་པ་མེད་དོ། །བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པ་ཉིད་ལ་ན་སྨད་པ་མེད་དོ། །སྒོ་སྐྱེས་ལ་སོགས་པ་སྒོ་ཆ་གོང་མ་མ་བཅུག་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱིའམ་གང་ཟག་གིའམ། ཁྱིམ་པ་དབང་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདིའི་
བྱེད་པ་པོ་ནི་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་པ་ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ་དགེ་འདུན་གྱིའམ། གང་ཟག་གིའམ། ཁྱིམ་པ་དབང་བའོ། །འདི་ལ་ཡན་ལག་ལྔས་
དངོས་གཞིའི་ལྟུང་བར་འགྱུར་ཏེ། གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་པ་ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ་དགེ་འདུན་གྱིའམ། གང་ཟག་གིའམ། ཁྱིམ་པ་དབང་བ་ཡང་རུང་བ་
དང་། ཡོན་བདག་གིས་བྱས་ནས་བལྟའོ་ཞེའམ་ཟིན་ནས་བལྟའོ་ཞེས་དགེ་སློང་ལ་མ་སྨྲས་པ། ཆུ་ཁུང་དག་མ་བཏོད་པའམ། བརྐོས་ཏེ་རྨང་གི་རྩ་བ་མ་བཙུག་ས་བ་སྒོ་ཆ་གོང་མ་མ་བཅུག་པ་གང་ཡང་རུང་བ་དང་། རང་ངམ་གཞན་གང་ཡང་རུང་བས་རྩིག་པ་
དང་། ཉི་མ་དེ་ཉིད་ལ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གསུམ་ལས་ལྷག་པར་རྩིག་གམ། ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པ་རིམ་པ་གསུམ་ལས་ལྷག་པར་རྩིག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་
Vol. 153 · folio 81a
བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གཙུག་ལག་ཁང་གི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གཙུག་ལག་ཁང་མ་ཡིན་པ་ལ་ཉེས་
བྱས་སོ། །སྤྱོད་ལམ་བཞི་མི་ཤོང་བ་ལ་ཉེས་བྱས་སོ། །སྒོ་ཆ་གོང་མ་ལས་གཞན་མ་བཅུག་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་
བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་གལ་ཏེ་ཐམས་ཅད་རྡོ་བའམ་སོ་ཕག་གམ། ཤིང་ལས་བྱས་པ་ཡིན་ན་ལྟུང་བ་མེད་དོ། །ཆར་ཆུ་བསྐྱབ་པའི་གཡོགས་པ་བྱས་པ་ལ་ལྟུང་བ་མེད་དོ། །ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་སྨྲས་པ་ལ་ལྟུང་བ་མེད་དོ། །
ཉིན་གཅིག་ལ་ཕ་གུ་འཇིམ་པ་དང་བཅས་པ་རིམ་པ་གསུམ་མན་ཆད་བརྩིགས་པ་ལ་ལྟུང་བ་མེད་དོ། །ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པ་རིམ་པ་གསུམ་མན་ཆད་བརྩིགས་པ་ལ་ལྟུང་བ་མེད་དོ། །རང་གི་གནས་སུ་ཆུ་ཁུང་དག་བཏོད་པ་ལ་ལྟུང་བ་མེད་དོ། །
བརྐོས་ཏེ་རྨང་གི་རྩ་བ་བཙུགས་པ་ཉིད་ལ་ལྟུང་བ་མེད་དོ། །སྒོ་སྐྱེས་ལ་སོགས་པའི་སྒོ་ཆ་གོང་མ་བཙུག་པ་ལ་ལྟུང་བ་མེད་དོ། །ཉི་མ་སྔ་མ་ལ་རིམ་པ་སྔ་མ་དག་བརྩིགས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་
བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཙུག་ལག་ཁང་གི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །སྒོ་ཆ་དང་པོ་གཞུག་པར་བྱའོ། །སྒོ་
གླེགས་དག་ཀྱང་གཞུག་པར་བྱའོ། །སྐར་ཁུང་དག་ཀྱང་གདོད་པར་བྱའོ། །ཆུ་ཁུང་དག་ཀྱང་གདོད་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གཙུག་ལག་ཁང་གི་ལྟུང་བྱེད་དེ་ཉི་ཤུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་
Vol. 153 · folio 81b
པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་གསུམ་པ། སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་བྱ་བ་ནི་བཅུ་པ་གསུམ་
པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་། དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་གསུམ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། མ་བསྐོས་པར་སྟོན་པ་དང་། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་དང་། གོས་
སྦྱིན་པ་དང་། གོས་བྱེད་པ་དང་། དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པ་དང་། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ་དང་། གཅིག་པུ་འདུག་པ་དང་། གཅིག་པུ་འགྲེང་བ་དང་། དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་དོ། །དེ་ལ་
མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ་ན་དགེ་སློང་མ་འཕགས་མ་ཉན་ཐོས་ཆེན་མོ་གནས་བརྟན་མོ་གནས་བརྟན་མོ་འདི་ལྟ་སྟེ། སྐུལ་བྱེད་མ་དང་། མིན་བ་དང་། མཎ་ཌ་བ་དང་། པ་ཐད་ཙ་ར་དང་། འབྲོག་གནས་དང་། བདེ་བ་དང་། ཟླ་བ་དང་། གཽ་ཏ་མི་སྐེམ་མོ་དང་། ཨུཏྤ་ལའི་མདོག་དང་།
དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། དེ་དག་དང་། གཞན་ཡང་དགེ་སློང་མ་འཕགས་མ་ཉན་ཐོས་ཆེན་མོ་གནས་བརྟན་མོ་གནས་བརྟན་མོ་དག་མཉན་ཡོད་དུ་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་
སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་འཁོར་དགེ་སློང་མ་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་
Vol. 153 · folio 82a
ནས་བཅོམ་ལྡན་འདས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད་ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་
བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱི་དུས་ཡིན་གྱི་སོང་ཤིག་ཅེས་བསྐུལ་
བར་མཛད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་
ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག །ང་ནི་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ཡིན་པས་འཁོར་བཞི་པོ་དག་ལ་ཆོས་སྟོན་ན་ངལ་
བར་འགྱུར་གྱི། དགེ་སློང་དག་དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་མ་ལ་སྟོན་ཅིག །དེའི་ཚེ་ན་དགེ་སློང་གནས་བརྟན་གནས་བརྟན་རྣམས་རེས་ཀྱིས་དགེ་སློང་མ་ལ་སྟོན་པར་བྱེད་དོ། །ཚེ་དང་ལྡན་པ་དགའ་བྱེད་ནི་རེས་
བབས་པ་ན་དགེ་སློང་མ་ལ་སྟོན་པར་མི་བཏུབ་པོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་
བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གནས་བརྟན་གནས་བརྟན་གང་དག་དགེ་སློང་མ་ལ་རེས་ཀྱིས་སྟོན་པར་བྱེད་དམ། བཙུན་པ་དགེ་སློང་གནས་
Vol. 153 · folio 82b
བརྟན་གནས་བརྟན་དག་ཕལ་ཆེར་དགེ་སློང་མ་ལ་རེས་ཀྱིས་སྟོན་པར་བགྱིད་དེ། ཚེ་དང་ལྡན་པ་དགའ་བྱེད་ནི་རེས་བབས་ཀྱང་དགེ་སློང་མ་ལ་སྟོན་པར་མི་འཚལ་ལོ། །དེའི་ཚེ་ན་ཚེ་དང་ལྡན་པ་དགའ་བྱེད་འཁོར་དེ་ཉིད་ན་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་བཀའ་སྩལ་པ། དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགེ་སློང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་དེ་ཅིའི་ཕྱིར་ཞེ་ན་དགའ་བྱེད། དགེ་སློང་མ་ལ་ངའམ། ཁྱོད་ཀྱིས་གཏམས་ཀྱང་རུང་ཞིང་
རྗེས་སུ་བསྟན་ཀྱང་རུང་ལ། ཆོས་དང་ལྡན་པའི་གཏམ་བྱར་ཡང་རུང་བའི་ཕྱིར་རོ། །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་
བ་དང་། རྗེས་སུ་ཡི་རང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་
ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་དྲོ་བསོད་སྙོམས་མི་བྱེད་ནས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་
གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཕྱི་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས། སྣམ་སྦྱར་ཐོགས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དགེ་སློང་ཞིག་དང་། དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ག་
ལ་བ་དེར་སོང་ངོ་། །དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་དགའ་བྱེད་ཀྱི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་དགའ་བྱེད་ཚུར་གཤེགས། བཙུན་པ་
Vol. 153 · folio 83a
དགའ་བྱེད་བྱོན་པ་ལེགས་སོ། །བཙུན་པ་དགའ་བྱེད་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ་ཚེ་དང་ལྡན་པ་དགའ་བྱེད་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་ཕྱག་འཚལ་
ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དག་ཁྱེད་ཅག་རྣམ་པར་སེལ་བ་ཡོངས་སུ་དྲིས་ཤིག་དང་། ཆོས་དང་ལྡན་པའི་གཏམ་བརྗོད་པར་བྱའོ། །དེ་ལ་ཁྱོད་
ཀྱིས་ཀུན་ཤེས་པ་དག་གིས་ཀྱང་ཀུན་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །ཀུན་མི་ཤེས་པ་དག་གིས་ཀྱང་ཀུན་མི་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །གང་གིས་སྨྲས་པ་དང་། གང་གི་དོན་ཀུན་ཤེས་པ་དེས་ནི་དེ་ཁོ་ན་བཞིན་དུ་ཟུང་ཤིག །གང་གིས་སྨྲས་པ། གང་གི་དོན་ཀུན་
མི་ཤེས་པ་དེ་ནི་བདག་ཉིད་ལ་བཙུན་པ་དགའ་བྱེད་སྨྲས་པ་འདིའི་དོན་ཅི་ལགས། འདི་ཇི་ལྟ་བུ་ལགས་ཞེས་ཡོངས་སུ་དྲིས་ཤིག་ཅེས་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། རེག་པའི་ཚོགས་དྲུག་དང་། ཚོར་བའི་
ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་པོ་དག་ལ་བདག་དང་བདག་གི་མེད་པར་ཆོས་བསྟན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དེ་དག་ཕྱིར་མི་འོང་བ་ཉིད་དུ་ལུང་བསྟན་ཏོ། །དེ་ནས་ཡང་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་དེ་དག་ལ་ཆོས་དང་ལྡན་པའི་
གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དེ་དག་མཆོག་ཉིད་དུ་ལུང་བསྟན་ཏོ། །འདི་ནི་རེ་ཞིག་འབྱུང་བ་ཡིན་ཏེ། སངས་
རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་
Vol. 153 · folio 83b
འདས་ཀྱིས་དགེ་སློང་གནས་བརྟན་གནས་བརྟན་དག་གིས་རེས་ཀྱིས་དགེ་སློང་མ་ལ་བསྟན་པར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་དྲུག་སྡེ་དག་ལ་དགེ་སློང་མ་ལ་སྟོན་པའི་རེས་བབ་པ་ན་དེ་དག་ཇི་ཙམ་པ་དེ་ཙམ་བསྟན་ནས་དེ་དག་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་
དུ་རྩེ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད། གཞོགས་སྟེགས་དང་འཕྱར་གཡེང་དང་། ལུས་ལ་རྡེག་པ་དག་བྱེད་དེ་དེ་ནས་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དག་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་དུ་རྩེ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད།
གཞོགས་སྟེགས་དང་། འཕྱར་གཡེང་དང་། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་འཆག་ས་དང་དག་ར་དང་། སྒོ་གང་དག་ན་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་ལྟ་བུ་དག་བདག་ཅག་ལ་སྟོན་པར་བྱེད་དོ་ཞེས་སྨོད་པར་བྱེད།
ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དྲུག་སྡེ་དག་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་
དྲུག་སྡེ་དག་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གཅིག་གིས་གཅིག་བསྐོས་པ་དང་། མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ། གཅིག་གིས་གཅིག་བསྐོས་པ་དང་། མཚམས་ཀྱི་ནང་དུ་དགེ་སློང་ནད་པ་རྣམས་ཀྱིས་འདུན་པ་
བླངས་ཏེ་ལྷག་མ་རྣམས་དང་མི་མཐུན་པར་བྱས་ཏེ་གཅིག་གིས་གཅིག་བསྐོས་ཏེ། དགེ་སློང་མ་ལ་སྟོན་པར་བྱེད་པ་ན་ཉེས་དམིགས་དེ་ཉིད་དུ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། མ་བསྐོས་པ་དང་མཚམས་ཀྱི་ཕྱི་རོལ་དུ་བསྐོས་པ་དང་། མཚམས་ཀྱི་ནང་དུ་དགེ་སློང་ནད་པ་རྣམས་ཀྱིས་འདུན་པ་བླངས་ཏེ་ལྷག་མ་རྣམས་དང་མི་མཐུན་པར་བྱས་ནས་གཅིག་གིས་གཅིག་བསྐོས་ཏེ་དགེ་སློང་མ་ལ་བསྟན་པར་མི་བྱ་བ་དང་འདི་ལྟར་གསོ་
Vol. 153 · folio 84a
སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་དགེ་འདུན་ཐམས་ཅད་འདུན་ཅིང་མཐུན་པར་གྱུར་པ་ན་དགེ་སློང་ཆོས་ལྔ་དང་ལྡན་པ་བསྐོ་བར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་། གནས་བརྟན་རྒྱལ་ཚབ་ལྟ་བུ་དང་། གྲོང་
ཁྱེར་བའི་སྐད་དང་ལྡན་པ་དང་། དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་། གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པའམ། ཡང་ན་དགེ་སློང་མའི་སྟོན་པ་ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་
སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །ཁྱེད་ཅག་ལ་དགེ་སློང་འགའ་
ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་སྟེ། དེ་ལྟ་བུས་སྤྲོ་བར་བྱ་ཞིང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །བཅོམ་ལྡན་
འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དྲུག་སྡེ་དག་མ་བསྐོས་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་མ་བསྐོས་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་
བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་
མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་
Vol. 153 · folio 84b
ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཏོགས་འདོད། ཉེས་པ་ནི་མ་བསྐོས་པར་དགེ་སློང་མ་ལ་སྟོན་པའོ། །གནང་
བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད།
དགའ་མགུར་སྤྱོད་པར་བྱེད་དོ། །དེའི་བུ་བཙས་སོ་ཅོག་དུས་བྱས་ནས། དུས་གཞན་ཞིག་ན་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས། དེ་ནས་བྲམ་ཟེ་དེ་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། དེ་དང་ཧ་ཅང་ཐག་མི་རིང་བ་ན་བུད་མེད་
རྒན་མོ་ཞིག་འདུག་པ་དེས་དེ་མཐོང་ནས་དེས་སྨྲས་པ། བྲམ་ཟེ་ཅིའི་སླད་དུ་ཁྱོད་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། བྲམ་ཟེ་དེས་སྨྲས་པ། ཁོ་བོའི་བུ་བཙས་སོ་ཅོག་དུས་བྱས་ཏེ། ང་ཡང་ཁོ་བོའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་པས་
བུ་གཞན་བཙའ་བར་འགྱུར་བ་གང་ཡིན་པ་དེ་ཡང་དུས་བྱེད་པར་འགྱུར་བས་མྱ་ངན་མང་པོ་འབྱིན་ཏེ་འགྲོ་བར་འགྱུར་རོ། །རྒན་མོ་དེས་སྨྲས་པ། གང་གི་ཚེ་ཁྱོད་ཀྱི་བཙུན་མོ་བཙའ་བར་འགྱུར་བ་དེའི་ཚེ་ན་ཁོ་མོ་སྦྲོན་ཅིག །དེ་ནས་དུས་གཞན་ཞིག་ན་དེའི་ཆུང་མ་བཙའ་བའི་
དུས་ལ་བབ་ནས་བྲམ་ཟེ་དེས་བུད་མེད་རྒན་མོ་དེ་བོས་ནས་དེ་ཡང་འོངས་སོ། །ཇི་ཙམ་ན་དེའི་ཆུང་མ་བཙས་པ་དང་དེ་ལས་ཁྱེའུ་ཞིག་བྱུང་ནས་བུད་མེད་རྒན་མོ་དེས་ཁྱེའུ་དེ་ཁྲུས་བྱས་ཏེ། རས་དཀར་པོས་དཀྲིས་ནས་དེའི་ཁ་ཞུན་མར་གྱིས་བཀང་སྟེ་བུ་མོ་ཞིག་གི་ལག་ཏུ་བྱིན་
ནས་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་ལམ་པོ་ཆེའི་བཞི་མདོར་ཟུང་ལ་གལ་ཏེ་དགེ་སློང་ངམ་བྲམ་ཟེ་འགའ་སྣང་ན་དེ་ལ་རྗེས་དང་བཅས་གུས་པ་དང་བཅས་པས་རྐང་པ་ལ་ཕྱག་འཚོལ་ལ། དེ་ལ་འདི་སྐད་ཅེས་ཁྱེའུ་འདི་འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་
Vol. 153 · folio 85a
ལོ་ཞེས་གྱིས་ཤིག །ཉི་མ་ནུབ་པ་ན་གལ་ཏེ་གསོན་ན་ཁྱེར་ཏེ་ཤོག་ཤིག །གལ་ཏེ་དུས་བྱེད་ན་དེ་ཉིད་དུ་འོར་ཅིག །བུ་མོ་དེ་གྲིམས་པ་སྒྲུབ་ཕོད་པ་ཡིན་པས། དེས་ཁྱེའུ་དེ་ཁྱེར་ནས་ལམ་པོ་ཆེའི་བཞི་མདོར་སོང་ནས་འདུག་གོ། །མུ་སྟེགས་
ཅན་དག་གི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ཏེ་ཆུ་ངོགས་སུ་ཉེ་རེག་གི་ཕྱིར་འགྲོ་བ་ཡིན་པས་མུ་སྟེགས་ཅན་ཆུ་ངོགས་སུ་ཉེ་རེག་གི་ཕྱིར་འདོང་བ་དང་དེར་ལྷགས་ནས་བུ་མོ་དེས་རྫས་དང་བཅས་གུས་པ་དང་བཅས་པས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་
དག་ཁྱེའུ་འདི་འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་ལོ། །དེ་དག་གིས་སྨྲས་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །དགེ་སློང་གནས་བརྟན་གནས་བརྟན་དག་
ཀྱང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། བུ་མོ་དེས་རྗེས་དང་བཅས་གུས་པ་དང་བཅས་པས་གནས་བརྟན་གནས་བརྟན་དག་གི་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། འཕགས་པ་དག་ཁྱེའུ་འདི་
འཕགས་པ་དག་གི་ཞབས་ལ་ཕྱག་འཚལ་ལོ། །གནས་བརྟན་གནས་བརྟན་དག་གིས་སྨྲས་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བུ་མོ་དེས་ཁྱེའུ་དེ་རྒྱལ་བྱེད་ཀྱི་ཚལ་
གྱི་ལམ་ཀར་ཁྱེར་བ་དང་། བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་ཟེད་དང་ཆོས་གོས་བསྣམས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་ནས། བུ་མོ་དེས་རྒྱ་ཆེར་རྗེས་དང་བཅས་གུས་པ་དང་བཅས་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་
ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ཁྱེའུ་འདི་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུན་རིང་དུ་འཚོ་བར་གྱུར་ཅིག །ཚེ་རིང་དུ་སྐྱོང་བར་གྱུར་ཅིག །ཕ་མ་གཉིས་ཀྱི་ཆོས་དང་ལྡན་པའི་བསམས་པ་ཡོངས་སུ་
Vol. 153 · folio 85b
རྫོགས་པར་གྱུར་ཅིག །བུ་མོ་དེས་ཉི་མ་ནུབ་ཀར་བལྟས་ན་དེ་གསོན་པར་མཐོང་ནས། དེས་ཁྱེའུ་དེ་ཁྱེར་ཏེ་ཁྱིམ་དུ་འོངས་པ་དང་། དེ་དག་གིས་བུ་མོ་དེ་ལ་དྲིས་པ་ཁྱེའུ་གསོན་ནམ། བུ་མོས་སྨྲས་པ། གསོན་ནོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་གང་དུ་བཟུང་། ལམ་པོ་
ཆེ་ག་གེ་མོ་ཞིག་ཏུའོ། །དེ་དག་གིས་སྨྲས་པ། ཁྱེའུ་འདིའི་མིང་ཅིར་གདགས་ཁྱེའུ་འདི་ལམ་པོ་ཆེར་བཟུང་བས། འདིའི་མིང་ལམ་ཆེན་པ་ཞེས་གདགས་སོ་ཞེས་དེའི་མིང་ལམ་ཆེན་པ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ལམ་ཆེན་པ་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་
ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ན་ཡི་གེ་དང་གྲངས་དང་། རྩིས་དང་། ལག་རྩིས་དང་། དབྱུང་བ་དང་། གཞུག་པ་དང་། གཞག་པ་དང་། འབྱེད་པ་དང་། ཀློག་པའི་ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་།
ཀུན་དུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། ལག་སྟངས་དང་། ཐོར་ཚུགས་དང་རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་
དང་། བྲམ་ཟེའི་ལས་དྲུག་པོ། མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཛུད་པ་དང་། ཀློག་པ་དང་། ཀློག་དུ་འཛུད་པ་དང་། སྦྱིན་པ་དང་། ལན་པ་ལ་མཁས་པའི་བྲམ་ཟེ་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ་མེ་ལྟ་བུའི་ཤེས་པས་རང་གི་
སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་ནུས་པར་གྱུར་ཏོ། །དེའི་ཚེ་ན་བྲམ་ཟེ་ལམ་ཆེན་པ་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་དག་བྲམ་ཟེའི་གསང་ཚིག་དག་འདོན་དུ་བཅུག་གོ། །ཇི་ཙམ་དུས་གཞན་ཞིག་ན་ཡང་བྲམ་ཟེ་དེ། ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད།
དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས་དེ་བཙའ་བའི་དུས་ལ་བབ་པའི་ཚེ་བྲམ་ཟེ་དེས་བུད་མེད་རྒན་མོ་དེ་བོས་ནས་དེ་ཡང་འོངས་སོ། །ཇི་ཙམ་ན་དེའི་ཆུང་མ་བཙས་པ་དང་། དེ་ལས་ཁྱེའུ་ཞིག་བྱུང་ནས་བུད་མེད་རྒན་མོ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words