སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ

Sanskrit title (Tibetan script, as in the text) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 153 · folio 220b

དག་ཡིན་པ་དེ་དག་ཀྱང་བཤགས་པར་བྱས་ཏེ། སྤྲོ་བར་བྱེད། འབད་པར་བྱེད་རྩོལ་བར་བྱེད་པ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དུས་གཞན་ཞིག་ན་དགེ་ཚུལ་ཚེར་མ་དང་ཆེན་

པོ་པ་གཉིས་མེ་ཏོག་དག་འཐུ་ཞིང་འཁོད་ན་ནམ་མཁའ་ལས་དགེ་སློང་དག་ཅིག་རྫུ་འཕྲུལ་གྱིས་དོང་བ་མཐོང་ནས་དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་སུ་དག་ཡིན། དེ་དག་གིས་སྨྲས་པ། ཁོ་བོ་ཅག་མིང་འདི་ཞེས་བྱ་བ་དག་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་གིས་ཁོ་

བོ་ཅག་གཉིས་དང་ལྷན་ཅིག་འདི་དང་འདི་ལྟ་བུ་བྱས་སོ། །དེ་དག་གིས་སྨྲས་པ། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཁོ་བོ་ཅག་གིས་བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བསྡམས་པར་བྱས། བཤགས་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་པར་བྱས་

ཏེ། སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་། རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེ་ན་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་

ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་རོ། །དགེ་སློང་རབ་ཏུ་མང་པོ་

དག་གིས་ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་དང་པོར་བཞམས་ཏེ་བསྒོ་བར་

བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱའོ། །དགེ་སློང་དག་གིས་དེ་བཞིན་དུ་བྱས་ཀྱང་དེ་དག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་

Vol. 153 · folio 221a

ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་གཉིས་བསྙིལ་བའི་ལས་བྱས་སོ། །དེ་གཉིས་བསྙིལ་བའི་ལས་བྱས་པ་ན་ངུ་ཞིང་ཉེ་དགའི་གན་དུ་སོང་བ་དང་། ཉེ་དགས་སྨྲས་པ། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་

ཅིའི་ཕྱིར་ངུ་། དེ་གཉིས་ཀྱིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་ཅག་གཉིས་བསྙིལ་བའི་ལས་བྱས་སོ། །ཉེ་དགས་སྨྲས་པ། གང་དག་གིས་ཁྱེད་གཉིས་བསྙིལ་བའི་ལས་བྱས་དེ་དག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཁམས་གསུམ་ནས་བསྙིལ་བར་

གྱུར་ཅིག །འོན་ཀྱང་བསྙིལ་བའི་ལས་བྱས་པ་དག་ལ་གྲོང་དང་གྲོང་ཁྱེར་དག་མེད་དམ་ཅི། སྡོད་ལ་བཟོད་པ་གསོལ་ཅིག་ཅེས་དེ་གཉིས་ཉེ་བར་འཇོག་པར་བྱེད། ཉེ་བར་སྟོན་པར་བྱེད་ཅིང་དེ་གཉིས་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་

ཕྱིར་དགེ་སློང་དག་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་དག་ཉེ་བར་འཇོག་པར་བྱེད། ཉེ་བར་སྟོན་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་

འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་

མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས་ཇི་

ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་འདི་

Vol. 153 · folio 221b

སྐད་ཅེས་དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་

ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པས་བར་དུ་གཅོད་པ་དེ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་

མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་

བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང་ཕྱིན་

ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་

ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱི་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་

དམ་ཉེ་བར་སྟོན་པར་བྱེད་དམ་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་སྡིག་པ་འདོད་པ། ཉེས་པ་ནི་དགེ་ཚུལ་བསྙིལ་བ་སྡུད་པའོ། །དེ་ལ་དགེ་ཚུལ་ཞིག་ཀྱང་ཞེས་བྱ་བ་

Vol. 153 · folio 222a

ནི་ཚེར་མ་དང་ཆེན་པོ་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཟེར་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ལ་འདོད་པ་དག་ཅེས་བྱ་བ་ནི་

འདོད་པའི་ཡོན་ཏན་ལྔ་པོ་དག་གོ། །དེ་དག་བསྟེན་ཀྱང་ཞེས་བྱ་བ་ནི་དེ་དག་ལྷག་པར་སྤྱད་ཀྱང་ངོ་། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེས་དགེ་སྦྱོང་གི་ཚུལ་གྱིས་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་ཟེར་ནའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་འམ་ཉན་ཐོས་ཀྱིས་བཤད་པའོ། །བསྟན་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །བདག་གིས་ཤེས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་ཀུན་ཤེས་

སོ་ཞེས་ཟེར་ནའོ། །དགེ་ཚུལ་དེ་ལ་ཞེས་བྱ་བ་ནི་ཚེར་མ་དང་ཆེན་པོ་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་

ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །དེ་ལ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་

དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་དང་། ཡང་དག་པར་བསྟན་པ་ནི་སྔར་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་བཞིའི་སྐབས་སུ་བསྟན་པ་བཞིན་ནོ། །དགེ་ཚུལ་དེ་ལ་

ཞེས་བྱ་བ་ནི་ཚེར་མ་དང་ཆེན་པོ་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

Vol. 153 · folio 222b

དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་

མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱི་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བར་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་

དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ་གཞན་དག་གིས་བརྗོད་པས་སོ། །དེ་ལྟར་བསྙིལ་བའི་དགེ་ཚུལ་ཞེས་བྱ་བ་ནི་ཚེར་མ་དང་ཆེན་པོ་པ་ཇི་ལྟར་བར་རོ། །ཉེ་བར་འཇོག་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཉེ་བར་སྟོན་པར་བྱེད་ཅེས་བྱ་བ་ནི་ལྷུང་བཟེད་དང་། ཆོས་གོས་

དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་འབོགས་པ་དང་། བཀླག་པ་དང་། ཁ་ཏོན་དང་། དམིགས་ཀྱིས་འདྲི་བ་སྦྱིན་པས་སོ། །དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་

གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་འཁོར་

གྱི་ཁྱམས་དང་ཁང་པ་བརྩེགས་པ་དག་གོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་གཉིས་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་

གསུམ་པ་དང་འཁོར་གྱི་ཁྱམས་དག་གོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་

Vol. 153 · folio 223a

པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །སྔར་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་བསྟན་པ་དང་འདིར་བསྙིལ་བ་སྡུད་པའི་ལྟུང་བྱེད་བསྟན་པ་དེ་གཉིས་སྤྱིའི་མཚན་ཉིད་ནི་འདྲའོ། །ཁྱད་པར་དུ་ན་སྔ་མ་ནི་དགེ་སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་

འདུལ་བར་གཏོགས་པའི་ཁ་ན་མ་ཐོ་བ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྨྲ་བ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པའི་མཐར་

མི་གཏོང་བ་དང་། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་དང་། སྨད་པའི་ལས་བྱས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ས་གཞན་ན་གནས་པ་དེའི་རྗེས་སུ་ཕྱོགས་པའི་ཡུལ་ལ་རྣམ་པར་གཞག་གོ། །འདི་ནི་དགེ་ཚུལ་ཇི་ལྟར་བཅོམ་ལྡན་འདས་

ཀྱིས་འདོད་པའི་ཡོན་ཏན་ལྔ་པོའི་ཁོངས་སུ་གཏོགས་པའི་འདོད་པ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྨྲ་བ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་

ཀྱིས་བཟློག་པའི་མཐར་མི་གཏོང་བ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱས་པའི་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་ཚུལ་ས་གཞན་ན་གནས་པ་དེ་སྡུད་པའི་ཡུལ་ལ་རྣམ་པར་གཞག་གོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་

ཚུལ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲ་བས་

དགེ་འདུན་གྱིས་བསྙིལ་བའི་ལས་བྱས་ཤིང་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་ཚུལ་ལ་ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པར་དགེ་སློང་གིས་ཤེས་བཞིན་དུ་ལུང་འབོགས་པ་དང་། དམིགས་ཀྱིས་འདྲི་བ་དང་། གནས་འཆའ་བ་དང་།

Vol. 153 · folio 223b

རྗེས་སུ་བསྟན་པ་དང་། གདམས་ངག་སྦྱིན་པ་དང་། ལྟ་བ་སྨྲ་བ་དང་། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་དང་། བསྙེན་བཀུར་བདག་གིར་བྱེད་པ་དང་། གནས་གཅིག་ཏུ་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་སྐྱ་རེངས་འཆར་བར་བྱེད་པ་དང་ཟན་འདག་རྫས་ཙམ་ཡན་

ཆད་གཞན་གྱིས་བསྲུལ་ན་ཡང་བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་གོ་རིམས་རྣམ་པར་གཞག་པ་ནི་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་མི་གཏོང་བར་རྩོམ་པར་སྦྱོར་བ་ལ་དང་པོར་དགེ་འདུན་གྱིས་བཞམས་ཏེ་བསྒོ་བས་བཟློག་པར་བྱའོ། །དེ་ལྟ་ན་

ཡང་མི་གཏོང་ན་དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་བཟློག་པར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་ཡང་དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱའོ། །དེ་ལྟར་བསྙིལ་བའི་དགེ་ཚུལ་ཕྱིར་བཅོས་པ་མ་བྱས་པ་

ཉིད་ལ་དགེ་སློང་གིས་ཤེས་བཞིན་དུ་ཆོས་དང་ཟང་ཟིང་གིས་བསྡུས་ན་བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་བར་སྦྱར་རོ། །དེ་ལ་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བར་རྩོམ་པར་སྦྱོར་བ་ལ་དང་པོར་དགེ་འདུན་གྱིས་བཞམས་ཏེ་བསྒོ་བས་བཟློག་པར་བྱ་བ་ནི་འདི་ལྟར་

བྱ་སྟེ། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་སོ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་

ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་། ཆེན་པོ་པ་འདོད་པ་བར་དུ་གཅོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་

དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི་ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསུངས་པ་ཡིན་ཏེ། དེ་ནི་དུས་དང་པོར་བྱ་བ་ཡིན་ནོ། །དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་

Vol. 153 · folio 224a

བས་བཟློག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་ཚུལ་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ། མཐོང་

བའི་ཉེ་འཁོར་དུ་བཞག་ནས། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་

ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས་འདི་གཉིས་ལ་དགེ་སློང་

རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་

དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་

བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་། ཆེན་པོ་

པ་འདོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་

Vol. 153 · folio 224b

བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས། གསོལ་བ་མཛད་ལགས་ཀྱིས་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་

བར་བྱའོ་དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་

བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་

སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་

ཁྱེད་གཉིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་

ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེར་མ་དང་ཆེན་པོ་པ་འདོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ།

དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱི། ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཚེ་དང་ལྡན་པ་གང་དག་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་

Vol. 153 · folio 225a

བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་

པར་འགྱུར་བ་ལས། ལས་བརྗོད་པ་དང་པོ་ཡང་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱའོ། །ལས་

བརྗོད་པ་གཉིས་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས། ལས་བརྗོད་པ་གཉིས་པ་ཡང་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་

བར་བྱའོ། །དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་

པར་འགྱུར་བ་ལས། ལས་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱི། ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བར་བྱ་སྟེ། དགེ་འདུན་གྱིས་

བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལས་

བཟློག་པའི་ཕྱིར་བསྒོ་བའི་ཆོ་ག་དང་ལས་སོ། །དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་

Vol. 153 · folio 225b

ཅིང་མཐུན་པར་གྱུར་པ་ན་དགེ་ཚུལ་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ། མཐོང་བའི་ཉེ་འཁོར་དུ་བཞག་ནས་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་དང་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།

དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་

བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་

གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན་འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་

ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་དེང་ཕྱིན་

ཆད་དགེ་ཚུལ་ཁྱེད་གཉིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །

དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱེད་གཉིས་བསྙིལ་གྱི་གཞན་དུ་སོང་ཤིག་ཅེས་བསྙིལ་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དེའི་

Vol. 153 · folio 226a

འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱེད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་འགྱུར་བ་ལས་གསོལ་བ་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་

ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་ཚུལ་ཚེར་མ་དང་ཆེན་པོ་པ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་

དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་ཅག་གིས་ཤེས་སོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་འདི་གཉིས་

ལ་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ནས། འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་

བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་། ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་

རྣམ་པ་མི་གཏོང་བ་ལ་ཚེར་མ་དང་ཆེན་པོ་པ་ཁྱེད་གཉིས་དེང་ཕྱིན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་

བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ཏུ་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱེད་གཉིས་བསྙིལ་གྱི་གཞན་དུ་སོང་ཤིག་ཅེས་བསྙིལ་བའི་ཕྲིན་ལས་

Vol. 153 · folio 226b

མཛད་ན་ཚེ་དང་ལྡན་པ་གང་དག་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་བསྙིལ་བའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོའོ། །དེའི་འོག་ཏུ་

དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་གྱུར་པ་ལས་ལས་བརྗོད་པ་དང་པོ་ཡང་མཛད་ལགས་ཀྱི་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་

ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱའོ། །ལས་བརྗོད་པ་གཉིས་པ་བྱས་ནས་ཀྱང་དེའི་འོག་ཏུ་དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་གྱུར་པ་ལས། ལས་བརྗོད་པ་གཉིས་

པ་ཡང་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱའོ། །ལས་བརྗོད་པ་གསུམ་པ་བྱས་ནས་ཀྱང་དེའི་འོག་ཏུ་

དགེ་སློང་གཅིག་གིས་དགེ་ཚུལ་དེ་ལ་ཁྱོད་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མཛད་པར་གྱུར་པ་ལས། ལས་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱི་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་

ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བ་བྱ་སྟེ། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་

བཞིན་དུ་འཛིན་ཏོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་བསྙིལ་བའི་ཆོ་ག་དང་ལས་སོ། །དེ་ལྟར་བསྙིལ་བའི་དགེ་ཚུལ་དགེ་འདུན་ལ་བཟོད་པ་གསོལ་བ་དང་། དགེ་འདུན་གྱིས་བཟོད་པར་བྱ་བས་ཕྱིར་བཅོས་པ་ཉིད་མ་བྱས་པ་ཉིད་ལ། དགེ་སློང་གིས་ཤེས་བཞིན་དུ་ཆོས་དང་

Vol. 153 · folio 227a

ཟང་ཟིང་གིས་བསྡུས་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དེ་ལྟ་བུའི་དགེ་ཚུལ་བསྙིལ་བ་ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དེ་ལ་ཇི་ཞིག་རྗེས་སུ་བསྒྲུབས་ན་ཁ་ན་མ་ཐོ་བ་འདིར་འགྱུར་ཞེ་ན། ཤེས་བཞིན་

དུ་ལུང་འབོགས་པ་དང་། དམིགས་ཀྱིས་འདྲི་བ་དང་། གནས་འཆའ་བ་དང་། རྗེས་སུ་བསྟན་པ་དང་། གདམས་ངག་སྦྱིན་པ་དང་། ལྟ་བ་སྨྲ་བ་དང་། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་དང་། བསྙེན་བཀུར་བདག་གིར་བྱེད་པ་དང་། གནས་གཅིག་ཏུ་གཉི་ག་ཉལ་བའི་སྤྱོད་ལམ་

གྱིས་གཉིད་ལོག་པས་སྐྱ་རེངས་འཆར་བར་བྱེད་པ་དང་། ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་བསྲུལ་བ་ཡང་དེ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་ཚུལ་ཡང་དེ་སྐད་སྨྲ་བས་བསྙིལ་བའི་ཕྱིར་བཅོས་པ་ཉིད་མ་བྱས་པ་ཡིན་ལ། ལྟུང་བ་འབྱིན་པ་པོས་ཀྱང་

དེ་ལྟར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བས་ལུང་འབོགས་པ་ལ་སོགས་པ་བྱས་པ་ལ་ན་སྨད་པ་མེད་དོ། །དེ་ལ་ལུང་འབོགས་པ་སྦྱིན་པ་ཞེས་བྱ་བ་ནི་གཏམ་འདྲེ་བར་བྱེད་པའོ། །དམིགས་ཀྱིས་འདྲི་བ་སྦྱིན་པ་ཞེས་བྱ་བ་ནི་ཕེབས་པར་སྨྲ་བའོ། །གནས་འཆའ་བ་སྦྱིན་པ་ཞེས་

བྱ་བ་ནི་ཉེ་བར་འཇོག་པར་བྱེད་པའོ། །རྗེས་སུ་བསྟན་པ་སྦྱིན་པ་ཞེས་བྱ་བ་ནི་ཐོབ་པ་ཆུད་མི་ཟ་བའོ། །གདམས་ངག་སྦྱིན་པ་ཞེས་བྱ་བ་ནི་མ་ཐོབ་པ་ཐོབ་པར་བྱེད་པའོ། །ལྟ་བ་སྨྲ་བ་ཞེས་བྱ་བ་ནི་དེ་ལ་རང་གི་ལྟ་བ་སྨྲ་ཞིང་སྟོན་པའོ། །ཟང་ཟིང་གི་ལོངས་སྤྱོད་བྱེད་པ་ཞེས་བྱ་བ་ནི་

ལྷུང་བཟེད་ལ་སོགས་པ་ཟང་ཟིང་གི་ལོངས་སྤྱོད་སྦྱིན་པར་བྱེད་པའོ། །བསྙེན་བཀུར་བདག་གིར་བྱེད་པ་ཞེས་བྱ་བ་ནི་དེ་ལས་བསྙེན་བཀུར་བདག་གིར་བྱེད་ཅིང་ཀུན་དུ་ལོངས་སྤྱོད་བྱེད་པའོ། །གནས་གཅིག་ཏུ་ཞེས་བྱ་བ་ནི་གནས་ཕལ་ཆེར་གཡོགས་པ་དང་བསྐོར་བ་ལ་སོགས་པ་

གཅིག་ལ་ན་སྨད་པ་མེད་དོ། །གནས་ཀྱི་མཚན་ཉིད་བཞི་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བའོ། །

Vol. 153 · folio 227b

དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང་འཁོར་གྱི་ཁྱམས་དང་། ཁང་པ་བརྩེགས་པ་དག་སྟེ། སྟེང་ཐམས་ཅད་གཡོགས་ཤིང་ངོས་ཐམས་ཅད་བསྐོར་བའོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་སྒོ་བཅུ་པ་དང་། སྒོ་བཅུ་

གཉིས་པ་དག་སྟེ། སྟེང་ཐམས་ཅད་གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ། འདིར་ཕལ་ཆེར་ཞེས་བྱ་བ་ནི་སུམ་ཆ་ཅིག་ལུས་པར་རིག་པར་བྱའོ། །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་སྟེ། སྟེང་ཕལ་ཆེར་གཡོགས་ཤིང་ངོས་ཐམས་

ཅད་བསྐོར་བ་སྟེ། ཁྱམས་ངོས་བཞི་པ་ཞེས་བྱ་བ་ནི་གང་ལ་ངོས་བཞི་ཆར་དང་འབྲེལ་པའི་སྟེང་གཡོགས་ཡོད་ལ། དབུས་ཀྱི་མཐོངས་ཁབས་མེད་པའོ། །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་། འཁོར་གྱི་ཁྱམས་དག་སྟེ། སྟེང་ཕལ་ཆེར་

གཡོགས་ཤིང་ངོས་ཕལ་ཆེར་བསྐོར་བ་སྟེ། ཁྱམས་ངོས་གསུམ་པ་ཞེས་བྱ་བ་ནི་གང་ལ་ངོས་གསུམ་དང་འབྲེལ་པའི་སྟེང་གཡོགས་ཡོད་ལ་ངོས་གཅིག་གི་སྟེང་གཡོགས་དང་དབུས་ཀྱི་མཐོངས་ཁབས་མེད་པའོ། །གནས་བཞི་པོ་དེ་དག་གིས་སྒོའི་ངོས་དང་འབྲེལ་པའི་ཉེ་

འཁོར་གནས་སུ་གྱུར་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ཁྱེར་གཞན་བར་དུ་མ་ཆོད་པ་སྒོ་དེ་དང་འབྲེལ་པ་ཡང་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །ནང་གཅིག་ཏུ་རྒྱུ་ཞིང་གནས་གཞན་མེད་པ་གང་ཡིན་པ་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་

ཉིད་ཡིན་ནོ། །རང་གི་ཆར་གཏོགས་པའི་སྒོ་བཅད་པ་ལ་ཉེ་འཁོར་ཐ་དད་པ་ཡང་འདིར་གནས་གཅིག་པ་ཉིད་དོ། །རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བརྟུལ་ན་གནས་གཅིག་པ་ཉིད་ཡིན་ཏེ། གནས་གཅིག་པ་དེ་དག་ལ་ན་སྨད་པ་མེད་དོ། །ལྷན་ཅིག་གཉི་ག་ཉལ་བའི་སྤྱོད་ལམ་

གྱིས་གཉིད་ལོག་པ་ལ་ན་སྨད་པ་མེད་དོ། །མཚན་མོ་གཅིག་གི་སྐྱ་རེངས་དང་པོ་ཤར་བའི་མཐར་ཉལ་བ་ལ་ནི་སྨད་པ་མེད་དོ། །ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་བསྲུལ་བ་ཞེས་བྱ་བ་དག་ནི་དེ་དང་ལྷན་ཅིག་ཏུ་འདུ་འཛི་བྱེད་པ་སྟེ་དེ་ལ་ཡང་ན་སྨད་པ་མེད་དོ། །འདིའི་བྱེད་པ་

Vol. 153 · folio 228a

པོ་ནི་དེ་སྐད་སྨྲས་པས་བསྙིལ་བའི་དགེ་ཚུལ་ཕྱིར་བཅོས་པ་མ་བྱས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དེ་སྐད་སྨྲ་བའི་དགེ་ཚུལ་དགེ་འདུན་གྱིས་བསྙིལ་བའི་ལས་བྱས་པ་དང་།

དེའི་ཕྱིར་བཅོས་པ་ཉིད་མ་བྱས་པ་དང་། དགེ་སློང་གི་དེར་འདུ་ཤེས་པ་དང་། ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པ་དང་། དེ་ལ་ལུང་འབོགས་པ་ནས་གཞན་གྱིས་བསྲུལ་བ་ཞེས་སྨོས་པའི་བར་གང་ཡང་རུང་བས་བསྲུལ་བར་བྱའོ། །

དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་

རེ་རེའོ། །ཉལ་བ་མ་ཡིན་པའི་སྤྱོད་ལམ་གྱིས་གཉིད་ལོག་པ་ན་མཐའ་དང་མདུན་རོལ་གཉིས་ཀར་ཉེས་བྱས་སོ། །ཉིན་མོ་ནི་མཚན་མོ་ལས་ལྟུང་བ་ཐ་དད་པ་ཉིད་ཡིན་པས་ཉིན་མོ་དགེ་ཚུལ་བསྙིལ་བ་དང་གནས་གཅིག་ཏུ་ཉལ་བ་ལ་ཡང་མཐའ་དང་མདུན་རོལ་དུ་གཉི་ག་ཉེས་

བྱས་སོ། །ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་གནས་ཀྱི་ཕྱེད་ཡིན་པས་དེར་ཉལ་བ་ལ་ཉེས་བྱས་སོ། །གནས་ཀྱི་ཉེ་འཁོར་ཡང་གནས་ཉིད་མ་ཡིན་པས་དེར་ཉལ་བ་ལ་ཉེས་བྱས་སོ། །སྐྱ་རེངས་ཀྱི་མདུན་རོལ་དུ་ཡང་ཉེས་བྱས་སོ། །དགེ་ཚུལ་དེ་

སྐད་སྨྲ་བས་བསྙིལ་བ་ཕྱིར་བཅོས་པ་ཉིད་མ་བྱས་པ་མ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་

ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེ་སྐད་སྨྲ་བས་བསྙིལ་བའི་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་ཚུལ་ནད་པ་དང་ལྟ་བ་དབྲལ་བར་གཏོགས་པའི་དོན་གྱི་དབང་ལ་ལྟུང་བ་མེད་དོ། །གནས་ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་

Vol. 153 · folio 228b

ན་ཐ་དད་པར་གྱུར་ཅིང་གནས་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་མ་ཡིན་པས་དེར་ཉལ་བ་ལ་ཉེས་པ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་

ཅད་ལ་གནས་སྐབས་ཐམས་ཅད་དུ་བསྙིལ་བ་སྡུད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པར་མི་བྱའོ། །སྡིག་པ་འདོད་པར་མི་བྱའོ། །དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བ་ལ་འཇུག་པ་ལ་དགེ་འདུན་གྱིས་

དང་པོར་བཞམས་ཏེ་བསྒོ་བས་བཟློག་པར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་བཟློག་པར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསྙིལ་བ་སྡུད་

པའི་ལྟུང་བྱེད་དེ་ལྔ་བཅུ་བདུན་པ་བཤད་ཟིན་ཏོ།། །།ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་

པོས་རྒྱལ་པོའི་ཁབ་ཏུ་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་གཉིས་ཀྱི་རྟེན་འཛུགས་སུ་བཅུག་སྟེ་དུས་སྟོན་བྱེད་པའི་ཚེ་ལྷོ་ཕྱོགས་ནས་གར་མཁན་ཞིག་དེར་འོངས་པས་དགེ་སློང་མ་སྦོམ་དགའ་མོ་ལས་གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་

གྱི་གནས་ན་བཞུགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དག་མངོན་པར་འབྱུང་བའི་མདོ་ལས་རྒྱ་ཆེར་ཇི་སྐད་གསུངས་པ་བཞིན་ཐམས་ཅད་རྒྱས་པར་མཉན་ཏེ་གར་ཐབས་སུ་སྦྱར་ནས་དེའི་

འོག་ཏུ་དྲུག་སྡེ་དག་ཡང་ཟན་ཟོས་ཟིན་ཅིང་སྤངས་པས་བཅའ་བ་དང་བཟའ་བ་བསོད་པ་རྙེད་པའི་ལྷག་བོར་བྱེད་པ་མཐོང་ནས་དེ་ཡང་སྨྱོན་ཐབས་སུ་སྦྱར་ནས་བླ་རེ་བྲེས་ཏེ་རྫ་རྔ་ཆེན་པོ་བརྡུངས་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེར་ལྷགས་ཏེ་འདུག་ཅིང་མཐུན་

Vol. 153 · folio 229a

པར་གྱུར་པའི་ཚེ་དེས་མངོན་པར་འབྱུང་བའི་མདོ་ལས་རྒྱ་ཆེར་ཇི་སྐད་གསུངས་པ་དང་འདྲ་བར་དེ་ལྟར་བཅོས་པ་ཐམས་ཅད་གར་ཐབས་སུ་རྒྱ་ཆེར་སྦྱར་ཏེ་གར་བྱས་ཏེ་དེའི་འོག་ཏུ་གར་མཁན་གཅིག་གིས་འཆར་ཀའི་ཆ་ལུགས་སུ་བྱས་ཤིང་གར་མཁན་གཞན་

གཅིག་གིས་འདུན་པའི་ཆ་ལུགས་སུ་བྱས་ཏེ་ཁམ་ཕོར་ཐལ་བས་བཀང་ནས་སྟེང་དུ་བུ་རམ་གྱི་དུམ་བུ་གཉིས་སམ་གསུམ་བཞག་སྟེ། འཆར་ཀ་དང་འདུན་པ་ལྷག་པོར་བྱེད་པ་ལྟར་བཅོས་པ་ཐམས་ཅད་སྨྱོན་ཐབས་སུ་རྒྱ་ཆེར་སྦྱར་ཏེ་བཞད་གད་བྱས་པ་དང་། སྐྱེ་བོ་ཕལ་པོ་

ཆེའི་ཚོགས་དད་པ་དང་ལྡན་པ་དག་ནི་དད་པ་མངོན་པར་འཕེལ་བར་གྱུར་ཅིང་མ་དག་པ་དག་ཀྱང་དད་པར་གྱུར་ནས་གར་མཁན་དེས་ཀྱང་རྙེད་པ་མང་པོ་གྲུབ་པར་གྱུར་ཏེ། ཇི་ཙམ་ན་མཐར་གྱིས་དྲུག་སྡེ་དག་གིས་གར་མཁན་དེས་བདག་ཅག་ལྟར་བཅོས་ཞེས་གྲག་གོ་

ཞེས་ཐོས་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་གར་མཁན་དེ་མི་དགའ་བར་བྱས། སྲིང་མོ་དག་གི་གམ་དུ་གྲོས་བྱེད་དུ་འདོང་ངོ་ཞེས་དེ་དག་དགེ་སློང་མ་བཅུ་གཉིས་སྡེ་དག་གི་གམ་དུ་དོང་ནས་སྨྲས་པ། སྲིང་མོ་དག་བདག་ཅག་གིས་བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའི་སྤྱོད་པ་ལ་འཇུག་པ་ན་སྒྲ་མི་སྙན་ཞེས་བྱ་བའི་གར་ཐབས་བྱས་པ་གང་ཡིན་པ་དེ་ལས་ཅུང་ཟད་ཅི་དྲན་པ་འགྲོའོ་ཞེས་དེ་རྣམས་དེ་དག་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་དོང་སྟེ་འགྲོ་བར་བརྩམས་པ་དང་། ཇི་ཙམ་ན་ཅུང་ཟད་ཀྱང་མ་བརྗེད་ནས་དེ་དག་གིས་རྒྱལ་པོའི་ཕོ་

བྲང་ནས་རྒྱན་དང་ཆ་ལུགས་བླངས་ཏེ་གར་མཁན་དེ་དང་ཧ་ཅང་ཐག་མི་རིང་བར་བླ་རེ་བྲེས་ནས། ཉེ་དགས་མགོ་རས་ཀྱིས་དཀྲིས་ཏེ་རྫ་རྔ་ཆེན་པོ་བརྡུངས་པ་དང་། གར་ལ་ལྟ་བ་དེའི་ནང་ནས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕྱིར་བྱུང་སྟེ། དེར་ལྷགས་སོ། །གར་མཁན་དེ་ཡང་དེར་སོང་

བ་དང་ཇི་ཙམ་ན་ལྷའི་གར་ཐབས་ལྟ་བུ་མཐོང་ནས་དེས་བསམས་པ་དང་། འདི་དག་ལྷ་དག་གར་བྱེད་པ་ཡིན་ནམ། འོན་ཏེ་ཀླུ་དག་གམ། འོན་ཏེ་གནོད་སྦྱིན་དག་གམ། དྲི་ཟ་དག་གམ། མིའམ་ཅི་དག་གམ། ལྟོ་འཕྱེ་ཆེན་པོ་དག་གར་བྱེད་པ་ཡིན་སྙམ་དུ་རིག་ནས་ཡ་མཚན་

Vol. 153 · folio 229b

སྐྱེས་པར་གྱུར་ཏོ། །དྲུག་སྡེ་དག་གིས་ཀྱང་གར་བྱས་ནས་ཆ་བྱད་བརྟུལ་ཏེ་དོང་བ་དང་གར་མཁན་དེས་བསམས་པ་འདི་དག་སུ་ཞིག་ཡིན་སྙམ་ནས་དེ་དག་གི་ཕྱི་བཞིན་ཕྱི་བཞིན་དུ་འབྲང་ཞིང་སོང་བ་དང་། ཇི་ཙམ་ན་དེ་དག་འོད་མའི་ཚལ་དུ་ཞུགས་ནས་གར་མཁན་དེས་སྒོར་

བསྡད་པ་དང་། ཇི་ཙམ་ན་འཆར་ཀ་རྣ་བ་བ་བླས་བསྐུས་བཞིན་དུ་སྒོར་བྱུང་ནས་གར་མཁན་དེས་དེ་ལ་སྨྲས་པ། འཕགས་པ་གར་དེ་ཁྱེད་ཀྱིས་བགྱིས་སམ། འཆར་ཀས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །བཀྲེན་པ་ཁྱོད་ཁོ་བོ་ཅག་ཁོ་ནའི་སྒྱུ་རྩལ་

གྱིས་ཉེ་བར་འཚོ་ལ་ཁོ་བོ་ཅག་ཉིད་ལྟར་འཆོས་པས་ཁྱོད་གང་དང་གང་དུ་གར་བྱེད་པ་དེ་དང་དེར་ཁོ་བོ་ཅག་འདོང་ལ་ཐོ་འཚམས་པར་བྱེད་དོ། ཁོ་བོ་ཅག་གི་རྫ་རྔ་ཆེན་པོ་དང་ཆ་བྱད་གཞན་ཡང་ཅི་ཡང་རུང་བ་བསྐུར་མི་དགོས་པར་འདོང་ངོ་། །གར་མཁན་དེས་སྨྲས་པ་འཕགས་

པ་དེ་ནི་བདག་ཅག་གི་འཚོ་བ་ལགས་ཀྱི་བཟོད་པ་མཛོད་ཅིག །འཆར་ཀས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་རྙེད་པ་ཅི་རྙེད་པ་དེ་དག་ཐམས་ཅད་ཁོ་བོ་ཅག་ལ་བྱིན་ན་བཟོད་པར་བྱའོ། །དེས་བསམས་པ། འདི་དག་ཡང་དང་ཡང་དུ་ཐོ་འཚམས་པར་འགྱུར་གྱི་སྦྱིན་ནོ་སྙམ་ནས།

དེས་རྙེད་པ་ཐམས་ཅད་དེ་དག་ལ་བྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །ཇི་ཙམ་ན་དེའི་ཆུང་པོ་གྲོགས་པོ་འོངས་ནས་དེས་དེ་ལ་དྲིས་པ་གྲོགས་པོ་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཁོ་བོ་ཆད་པས་བཅད་དོ། །སུས། ཤཱཀྱའི་བུ་དགེ་སྦྱོང་

དག་གིས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་གར་མཁན་དག་ལ་ཡང་ཆད་པས་གཅོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད།

ཁ་ཟེར་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་མི་མཛེས་པ་དེ་ལྟ་བུ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་

Vol. 153 · folio 230a

དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི་དགེ་སློང་དག་ཁྱིམ་པའི་གོས་གྱོན་པ་ལས་གྱུར་པ་ཡིན་པས་དེའི་ཕྱིར་དགེ་སློང་གིས་ཁྱིམ་པའི་གོས་གྱོན་པར་མི་བྱའོ་སྙམ་དུ་དགོངས་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་

འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་

སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གོས་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་

གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་སྤྱོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ།

ཉོན་མོངས་པ་ནི་མི་བཟོད་པ་དང་རྙེད་པ་འདོད་པ། ཉེས་པ་ནི་ཁ་མ་བསྒྱུར་བའི་གོས་གྱོན་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པས་སོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་

ལའི་གོས་དང་། ཀོ་ཏམ་པའི་གོས་དང་། རས་བལ་གྱི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །སར་པ་ཞིག་ཅེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་རྙེད་པས་སར་པ་ཡིན་པར་དགོངས་སོ། །རྙེད་ན་

ཞེས་བྱ་བ་ནི་གཞན་ལས་སོ། །ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཞེས་བྱ་བ་ལ། སྔོན་པོ་ཉིད་ཅེས་བྱ་བ་ནི་རམས་ཉིད་དོ། །དམར་པོ་ཞེས་བྱ་བ་ནི་བཙག་གོ། །ངུར་སྨྲིག་ཅེས་བྱ་བ་ནི་ཤིང་ཤུན་ནོ། །ཁ་བསྒྱུར་

Vol. 153 · folio 230b

བར་བྱའོ་ཞེས་བྱ་བ་ནི་ཁ་དོག་ངན་པར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་སྤྱོད་ན་ཞེས་བྱ་བ་ནི་གྱོན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་

བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་

གཞག་པ་ནི་དགེ་སློང་གིས་སར་པའམ་དུས་ཚིགས་སུ་གཅད་པ་རྙེད་པ་ཡང་རུང་སྟེ། གསར་དུ་རྙེད་པས་སར་པ་ཞིག་རྙེད་ན་སྡེ་པ་གཞན་ལས་འོངས་པ་དང་། ཁྱིམ་པས་གཞན་ལས་བརྐུས་པའི་གོས་རུང་བར་བྱས་ཟིན་པ་མ་གཏོགས་པ་རང་གི་གོས་དང་ཐ་ན་ལྷུང་བཟེད་ཀྱི་ཁ་

གཡོགས་དང་། ལྷུང་བཟེད་ཀྱི་སྣོད་དང་། རྐང་པའི་འབོབ་དང་། སྐ་རགས་དག་དང་བགོ་བ་ལ་སོགས་པ་ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་སྔོན་པོ་འམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བ་ལ་ཡོངས་སུ་ལོངས་སྤྱོད་ན་ཁ་མ་བསྒྱུར་བའི་གོས་གྱོན་

པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གོས་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། ཀོ་ཏམ་པའི་གོས་དང་། རས་བལ་གྱི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའི་རྒྱུ་དག་ལས་བྱས་པའི་གོས་སར་པའམ། དུས་ཚིགས་གསུམ་པོ་

དག་ལས་གང་ཡང་རུང་བ་གཅིག་ཏུ་སྤྱད་པ་རྙིངས་པ་ཡང་རུང་སྟེ། གསར་དུ་རྙེད་པས་སར་པ་ལ་ནི་ན་སྨད་པ་མེད་དོ། །དེ་དག་ཀྱང་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་སྡེ་པ་གཞན་ལས་འོངས་པ་དང་། རྒྱལ་པོའི་ཕྱིར་རྒོལ་བ་

གཞན་དག་གིས་གཞན་ལས་བརྐུས་པའི་གོས་རུང་བར་བྱས་ཟིན་པ་ཞིག་གསར་དུ་རྙེད་ན་དེ་དག་ནི་ཡང་གཟོད་རུང་བར་བྱ་མི་དགོས་པས་དེ་དག་མ་གཏོགས་པའི་གོས་གསར་དུ་རྙེད་པས་གསར་པ་གཞན་ལ་ན་སྨད་པ་མེད་དོ། །གཞན་གྱིས་གོས་སྤྱོད་པ་ལ་ནི་ཁ་ན་མ་ཐོ་

Vol. 153 · folio 231a

བ་ན་སྨད་པར་འགྱུར་བས་དེའི་ཕྱིར་རང་གི་གོས་ཞེས་སྨོས་སོ། །ཐ་ན་ཞེས་བྱ་བས་ནི་ཆོས་གོས་ལ་སོགས་པ་གཙོ་ཆེན་པོ་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །ལྷུང་བཟེད་ཀྱི་ཁ་གཡོགས་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྟེང་ནས་གཡོགས་

པའི་རྗེས་སོ། །ལྷུང་བཟེད་ཀྱི་སྣོད་ཅེས་བྱ་བ་ནི་ལྷུང་བཟེད་གཞུག་པའི་སྣོད་དོ། །རྐང་པའི་འབོབ་ཅེས་བྱ་བ་ནི་རྐང་པ་དཀྲི་བའི་རྫས་སོ། །སྐ་རགས་དག་ཅེས་བྱ་བ་ནི་རྒྱ་ཅང་དང་། ལྕག་པོད་ལ་སོགས་པ་དག་གོ། །བགོ་བ་ཞེས་བྱ་བ་ནི་གོས་ཀྱི་རྣམ་པ་སྤྱི་ལ་སྙེགས་སོ། །སོགས་

པ་ཞེས་བྱ་བའི་སྒྲས་ནི་བགོ་བ་དག་ཉི་ཚེར་མ་ཟད་ཀྱི། སླེའུ་ལ་སོགས་པ་དག་ཀྱང་བཟུང་སྟེ། རང་གི་གོས་གསར་དུ་རྙེད་པ་ཐ་ན་དེ་དག་ཙམ་ཡན་ཆད་ལ་ན་སྨད་པ་མེད་དོ། །ཇི་དེ་དག་ཚོན་གང་ཡང་རུང་བས་ཁ་བསྒྱུར་བར་བྱའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཁ་དོག་ཆེན་པོ་བརྒྱད་མ་

གཏོགས་པ་ཞེས་བྱ་བ་སྨྲས་ཏེ། ཁ་དོག་ཆེན་པོ་བརྒྱད་པོ་ལི་ཁྲི་དང་། ཐིང་ཤིང་དང་། རྒྱ་སྐྱེགས་དང་། མཚལ་དང་། གུར་ཀུམ་དང་། བཙོད་དང་། རྨ་ཤིང་དང་། ལེ་བརྒན་རྩིས་བསྒྱུར་བའི་གོས་བསྟེན་པར་མི་བྱའོ། །འོ་ན་གང་གིས་ཁ་བསྒྱུར་ཞེ་ན། དེའི་ཕྱིར་སྔོན་པོའམ། དམར་པོའམ།

ངུར་སྨྲིག་ལས་གང་ཡང་རུང་བ་ཞེས་བྱ་བ་སྨྲས་ཏེ། སྔོན་པོ་ཞེས་བྱ་བ་ནི་རམས་ཉིད་དེ། དེས་ནི་སྐྱེ་བའི་ཚོན་སྔོན་པོ་ཁ་དོག་གཞན་ཡང་བསྡུའོ། །དམར་པོ་ཞེས་བྱ་བ་ནི་བཙག་སྟེ། དེས་ནི་སའི་ཁམས་ན་དམར་པོ་གཞན་ཡང་བསྡུའོ། །ངུར་སྨྲིག་ཅེས་བྱ་བ་ནི་ཤིང་ཤུན་ཏེ། དེས་

ནི་མེ་ཏོག་དང་འབྲས་བུ་གཞན་དག་ཀྱང་བསྡུའོ། །དེ་དག་ལས་གང་ཡང་རུང་བ་ཅིག་ཏུ་ཁ་མ་བསྒྱུར་བ་ལ་ཡོངས་སུ་ལོངས་སྤྱོད་པ་ལ་ན་སྨད་པ་མེད་དོ། །ཆུ་ཚགས་ནི་ཁ་བསྒྱུར་བར་མི་རིགས་པར་སྣང་ངོ་། །འདིའི་བྱེད་པ་པོ་ནི་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་ལ་

སོགས་པ་རྙེད་པས་སར་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསར་དུ་རྙེད་པ་དང་། རང་གི་དང་། གོས་དང་། ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་སྔོན་པོ་འམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་

Vol. 153 · folio 231b

བ་དང་སྤྱོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་

བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གོས་གསར་པས་སར་པ་ནི་དགེ་སློང་རང་གིས་བྱར་མི་རུང་བས་དེ་ལ་ཉེས་བྱས་སོ། །གོས་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །གཞན་གྱི་གོས་ཁ་དོག་མ་བསྒྱུར་བ་སྤྱོད་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་

མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ་སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་གོས་མ་ཡིན་པ་ལ་ལྟུང་བ་མེད་དོ། །སྡེ་པ་གཞན་ལས་འོངས་པ་ལ་ལྟུང་བ་མེད་དོ། །ཁྱིམ་པས་གཞན་ལས་བརྐུས་པའི་

གོས་རུང་བར་བྱས་ཟིན་པ་ལ་ལྟུང་བ་མེད་དོ། །ཆུ་ཚགས་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་

ཅད་དུ་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཁ་དོག་ཆེན་པོ་བརྒྱད་དུ་བསྒྱུར་བའི་གོས་བསྟེན་པར་མི་བྱའོ། །ཁྱིམ་པའི་གོས་ཁ་ཚར་དང་ཕུན་ཚར་མ་བཅད་པ་བསྟེན་པར་མི་བྱའོ། །རྐྱེན་དེ་ལྟ་བུ་དག་

ཡོད་ན་གཙུག་ལག་ཁང་གི་ནང་དུ་ངུར་སྨྲིག་གིས་གཡོགས་ཏེ་བགོ་བ་བསྟེན་པར་བྱའོ། །ལམ་དུ་འགྲོ་བས་གོས་གཡར་པོ་རྙེད་ན་གྲོགས་པོ་དགེ་སློང་དང་དགེ་ཚུལ་དང་ཐུན་མོང་དུ་སྤྱོད་པར་བྱའོ། །གོས་གཡར་པོ་གཅིག་པུ་ཉིད་ཡིན་ན་རྒན་རབས་ནས་བརྩམས་ཏེ་ཇི་སྲིད་དུ་སླེབས་

པའི་སྟེང་དུ་གཡོགས་པར་བྱའོ། །དམིགས་ཀྱིས་མ་བསྔོས་པར་ཕྱིར་གཡར་བ་གཞན་ལས་བཤུས་ནས་རང་གྱོན་ཏེ་འཆག་ཏུ་འགྲོ་བར་མི་བྱའོ། །བསོད་ནམས་འདོད་པས་མགྲོན་དུ་བོས་ན་ཁ་ཚར་མ་བཅད་པ་མན་ཆད་སར་པ་ལ་མི་རྟག་པས་ཉེན་པར་འགྱུར་བ་ཡིད་ལ་བྱེད་

Vol. 153 · folio 232a

པས་སྟེང་དུ་བརྫི་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དེ་ལྔ་བཅུ་བརྒྱད་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་ལྔ་པ། ལོངས་པའི་གཞིར་

གཏོགས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་། བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ།

ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་ནས་སླད་བཞིན་འབྲང་བའི་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐལ་པ་དང་པོའི་མི་རྣམས་ཀྱིས་གཏེར་སྦས་པ་ལྷས་

ཆར་ཕབ་པས་ཕྱོགས་དེར་ཆུའི་འོད་པ་བབ་ཅིང་དེ་ཡང་འོད་ལམ་མེ་འབར་ཞིང་འདུག་པར་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བཅོམ་ལྡན་འདས་སྦྲུལ་དུག་དྲག་པོ་ལགས་

སོ། །ཀུན་དགའ་བོ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ། །བདེ་བར་གཤེགས་པ་སྦྲུལ་དུག་དྲག་པོ་ལགས་སོ། །དེ་ན་ཧ་ཅང་ཐག་མི་རིང་བ་ན་མི་འབྲས་བུ་དང་རྩ་བ་ཐུ་བ་ཞིག་འདུག་པ་དེས་དེ་ཐོས་པས་ཕྱོགས་དེར་སོང་སྟེ་བལྟས་པ་དང་། གཏེར་འོད་འབར་བ་དེ་མཐོང་ནས་

དེས་བསམས་པ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་སྦྲུལ་དུག་དྲག་པོ་ནི་མཛེས་པ་དང་ཤིན་ཏུ་བཟང་པོ་ཡིན་ཏེ། འདིས་ཕ་མ་དང་བུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་མི་དང་ཞོ་ཤས་འཚོ་བ་དང་མཛའ་བཤེས་དང་། བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་སྡུག་པ་

དག་ཟིན་ཀྱང་བླའོ་སྙམ་ནས། གཏེར་དེ་ལོ་མའི་ཆུན་པོ་དག་གིས་གཡོགས་ཏེ་ཁད་ཀྱིས་རང་གི་ཁྱིམ་དུ་བསྐྱལ་བ་དང་། ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཚོར་ནས་གཏེར་ཡང་དེའུ་ཕྲོགས། དོངས་ཀྱང་ཉེ་དུ་དང་བཅས་པ་དེའུ་གསད་པ་ལས། དེ་སངས་རྒྱས་

Vol. 153 · folio 232b

ལ་དད་པ་གསར་དུ་རྙེད་པས་བཅོམ་ལྡན་འདས་ཀྱི་བཀའ་ལ་ཡིད་ཆེས་པས་བཏང་ངོ་། །དེ་ནས་མི་དེ་སངས་རྒྱས་ལ་མངོན་པར་དད་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་རང་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་

བསྟན་པས་མི་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མཛད་དོ། །འདི་ནི་བྱུང་བ་ཡིན་ཏེ་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་

ལན་དཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་། ཇི་ཙམ་ན་དེས་བསོད་སྙོམས་བརྒྱུས་ནས་འཕོང་གི་འཕོངས་དག་མཐོང་ནས་དེ་དེར་ཞུགས་ཏེ་ལག་ཆ་

དག་བླངས་ནས་གཡས་འཕོངས་དང་། གཡོན་འཕོངས་དང་། གོམ་སྟངས་དང་། འཛིན་སྟངས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕང་བ་དང་། བཅད་པ་དང་། དྲལ་བ་དང་། དབུག་པ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མཚོན་རྩེ་གཅིག་པ་འཕང་བ་དག་ཀྱང་

བྱས་ནས། འཕོང་གི་སློབ་དཔོན་དང་འཕོང་སློབ་པ་ཐམས་ཅད་སུན་ཕྱུང་ནས་འཕོང་གི་ཡོ་བྱད་ཐམས་ཅད་འཚོང་དུ་བཅུག་སྟེ་བཅའ་བའི་རིན་དག་བླངས་ཏེ་སོང་ངོ་། །ཡང་འཆར་ཀས་རོལ་མོའི་འཕོང་ས་མཐོང་ནས་དེ་དེར་ཞུགས་ཏེ། ལག་ཆ་དག་བླངས་ནས་དྲུག་ལྡན་

དང་། དྲང་སྲོང་བ་དང་། ས་འཛིན་པ་དང་། བློ་གསལ་བ་དང་། འཁོར་ཉན་དང་། བར་མ་དང་། ཀེ་ཤི་ཀ་དག་བྱས་ནས། རོལ་མོའི་སློབ་དཔོན་དང་། རོལ་མོ་སློབ་པ་ཐམས་ཅད་སུན་ཕྱུང་ནས་རོལ་མོའི་ཡོ་བྱད་ཐམས་ཅད་འཚོང་དུ་བཅུག་སྟེ་བཅའ་བའི་རིན་དག་བླངས་

ཏེ་སོང་བ་དང་། དེ་དག་ན་རེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་འཕོང་གི་སློབ་དཔོན་དང་། རོལ་མོ་མཁན་གྱི་སློབ་དཔོན་དག་ཀྱང་ཆད་པས་གཅོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །

Vol. 153 · folio 233a

འདི་ཡང་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་ནི་མི་མཛད་དོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཇི་དགྱེས་པར་བཞུགས་ནས་ཡངས་པ་ཅན་ག་ལ་བ་དེ་ལོགས་སུ་

ལྗོངས་རྒྱུ་ཞིང་གཤེགས་ཏེ་མཐར་གྱིས་ཡངས་པ་ཅན་དུ་བྱོན་ནས། ཡངས་པ་ཅན་དུ་སྤྲེའུའི་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །ཉེ་དགས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་

ལ་ཞུགས་པ་དང་། ལིཙྪ་བཱིའི་ཁྱེའུ་རབ་ཏུ་མང་པོ་དག་ཀྱང་ཡངས་པ་ཅན་ནས་བྱུང་སྟེ། ཡངས་པ་ཅན་གྱི་ཕྱི་རོལ་དུ་རྒྱན་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་སྟེ་རྩེ་བར་བརྩམས་སོ། །ཉེ་དགས་དེ་མཐོང་ནས་གནོད་སྦྱིན་གྱི་ནོར་ཡིན་ནོ་ཞེས་རྒྱན་དེ་དག་ཐམས་ཅད་

ཁྱེར་ཏེ་སོང་བ་དང་། ཡངས་པ་ཅན་གྱི་ལིཙྪ་བཱིའི་ཁྱེའུ་དེ་དག་གིས་ཉེ་དགའ་ལ་ལས་ནི་ལག་པ་ནས་བཟུང་། ལ་ལས་ནི་རྐང་པ་ནས་བཟུང་། ལ་ལས་ནི་ཆོས་གོས་ནས་བཟུང་སྟེ། འཕགས་པ་ཅིའི་ཕྱིར་ཁོ་བོ་ཅག་གི་རྒྱན་འཕྲོག་པར་བྱེད་ཅེས་ཟེར་རོ། །ལིཙྪ་བཱི་ཆེན་པོས་

དེ་མཐོང་ནས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་འཕགས་པ་ཉེ་དགའ་ལ་ཐོ་འཚམས་པར་བྱེད། དེ་དག་གིས་སྨྲས་པ། འདིས་བདག་ཅག་གི་རྒྱན་དག་ཕྲོགས་སོ། །དེས་སྨྲས་པ། འཕགས་པ་ཉེ་དགའ་ཅིའི་སླད་དུ་ཁྱེའུ་དག་གི་རྒྱན་འཕྲོག་པར་མཛད། ཉེ་དགས་སྨྲས་

པ། ཁོ་བོས་གནོད་སྦྱིན་གྱི་ནོར་འདི་རྙེད་དོ། །དེས་སྨྲས་པ། འདི་འདྲ་བ་གནོད་སྦྱིན་གྱི་ནོར་ལགས་རེ་སྐན། གཞོན་ནུ་དག་གི་རྒྱན་ལགས་ཀྱི་མ་འཕྲོག་པར་འོར་ཅིག་ཉེ་དགས་དེ་བོར་ཏེ་རྡུལ་གྱིས་གོས་པའི་ཆོས་གོས་དག་གིས་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་

དག་གིས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ་ཅིའི་ཕྱིར་རྡུལ་གྱི་ཚོགས་ཀྱིས་གོས། ཉེ་དགས་སྨྲས་པ། ལིཙྪ་བཱི་ཆེན་པོ་ནད་མེད་པར་གྱུར་ཅིག །ཁོ་བོས་གནོད་སྦྱིན་གྱི་ནོར་ཐོབ་པ་དེར་འདོར་དུ་བཅུག་གོ། །འདི་ཡང་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་

Vol. 153 · folio 233b

རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུའི་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་

བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །ལམ་གྱི་བར་ན་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་སྐྱེད་མོས་ཚལ་དག་ཡོད་ནས། དེ་དག་དེ་ལྟར་ཞུགས་པ་དང་། ཅི་ཙམ་ན་དེ་ན་ཡོ་བྱད་རྣམ་པ་སྣ་ཚོགས་དང་། ཁྲུས་ཀྱི་

ཆལ་དང་སོ་ཕག་དག་དང་། སྐ་བ་དག་དང་། ཕྲུག་སྤྱད་དག་དང་། ས་དཀར་དག་དང་། སྐྱུ་རུ་ར་དག་དང་། མགོ་བཀྲུ་བ་དག་དང་། པི་ཝང་དང་། འོད་མ་དང་། མ་ཧ་ཏི་དང་། བལ་ལ་རི་དང་། སུ་གྷོ་ཥ་ཀ་དག་བཞག་པ་མཐོང་ནས། དེ་དག་གིས་གླུ་བླང་ཞིང་བྲོ་བརྡུང་བར་བྱའོ་ཞེས་དེ་དག་

གིས་གླུ་བླང་ཞིང་བྲོ་བརྡུང་བར་བརྩམས་སོ། །རྒྱལ་པོ་ཟས་གཙང་གིས་སྐྱེད་མོས་ཚལ་དུ་སྤྱད་པའི་རོལ་མོའི་སྒྲ་གང་ཡིན་པ་དེ་ནི་ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་གཡུལ་ངོར་སྤྱད་པའི་རོལ་མོའི་སྒྲ་ཡིན་པས་ཡངས་པ་ཅན་གྱི་ལིཙྪ་བཱི་དག་གིས་རོལ་

མོའི་སྒྲ་དེ་ཐོས་ནས་དེ་དག་སྔངས་ཏེ་སྨྲས་པ། ཤེས་ལྡན་དག་ཕ་གསོད་པས་མ་སྦྲན་པར་དམག་དྲངས་ཏེ་འོངས་སོ་ཞེས་དེ་དག་གོ་བགོས་ཏེ་ཕྱིར་དབྱུང་བར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་དེ་ནི་ཁོ་བོ་ཅག་གིས་བཞད་གད་བྱས་པ་ཡིན་

ནོ། །ཁྱེད་ཅག་དེ་ལྟར་བྲེད་ངས་སམ་འཕགས་པ་དག་ཁྱེད་ཀྱིས་རོལ་མོའི་སྒྲའི་ཡོ་བྱད་དེ་དག་སྒྲ་ཕྱུང་ངམ། ཁོ་བོ་ཅག་གིས་སྒྲ་ཕྱུང་ངོ་། །དེ་དག་གིས་སྨྲས་པ། །འཕགས་པ་དག་ཡངས་པ་ཅན་གྱི་ལིཙྪ་བཱི་དག་སྡངས་པས་ཁྱེད་ལ་གནོད་པ་བྱེད་ན་མི་རུང་གི་སླར་ལོག་

ཤིག །དེ་དག་ཕྱིར་ལོག་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅི་སྟེ་ཕྱིར་ལོག །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ངེད་ཅག་དེའུ་བསད་དོ། །སུས། ཡངས་པ་ཅན་གྱི་ལིཙྪ་བཱི་དག་གིས་སོ། །ཅིའི་ཕྱིར།

Vol. 153 · folio 234a

དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་དག་ཅིའི་ཕྱིར་དགེ་སློང་དག་མི་མཛེས་པ་དེ་ལྟ་བུ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་

བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་

བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་རང་གིས་ལེན་

ཏམ་ལེན་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལོངས་པའི་གཞིར་གཏོགས་པ། ཉེས་པ་ནི་རིན་པོ་ཆེར་སྨོས་པ་དག་རང་གི་ལག་གིས་ལེན་པའོ། །གནང་བའི་གླེང་གཞི་ནི་དེ་ནས་བཅོམ་ལྡན་

འདས་ཡངས་པ་ཅན་དུ་ཅི་དགྱེས་པར་བཞུགས་ནས་མཉན་ཡོད་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས་མཐར་གྱིས་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་ཤར་གྱི་ཀུན་དགའ་ར་བ་ན་རི་དྭགས་འཛིན་གྱི་མའི་ཁང་བཟངས་ན་བཞུགས་སོ། །རི་དྭགས་འཛིན་གྱི་མ་ས་

གས་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་བདག་གི་ཁང་བཟངས་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མཉན་ཡོད་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེ་ངོ་ཚ་དང་ལྡན་པ་ཡིན་

པས་དེར་རྒྱན་བཀྲོལ་ཏེ་ཐུམ་པོར་བཅིངས་ནས་བུ་མོའི་ལག་ཏུ་བྱིན་ནས། དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །བུ་མོ་དེས་རྒྱན་དེ་མཐའ་གཅིག་ཏུ་གཞག་སྟེ། སྣ་མའི་མེ་ཏོག་

Vol. 153 · folio 234b

དག་ཐོགས་ཏེ་བཅོམ་ལྡན་འདས་ལ་གཏོར་ཏེ་མཐའ་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཡུན་རིང་དུ་ཆོས་བསྟན་ནས་དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སོང་བ་དང་། རྒྱན་གྱི་ཐུམ་པོ་དེ་ཉིད་དུ་བརྗེད་དེ་ལུས་སོ། །ཚེ་དང་ལྡན་པ་ཀུན་

དགའ་བོས་དེས་རྒྱན་དེ་བོར་ཏེ་སོང་བ་མཐོང་ནས་བསམས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི་འདི་ཉིད་རྐྱེན་དུ་མཛད་དེ་གནང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས་རྒྱན་དེ་སྦེད་དུ་བཅུག་ནས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཙུན་པ་རི་དྭགས་འཛིན་གྱི་མ་ས་ག་མོས་རྒྱན་བསྐྱུད་དེ་མཆིས་ནས་བདག་གིས་རྒྱན་དེ་སྦེད་དུ་སྩལ་ཏོ། །བཀའ་སྩལ་པ། ཀུན་དགའ་བོ་འདི་སྐད་ངས་མ་གནང་ཡང་གནང་བར་གྱུར་པ་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་པ་ལེགས་སོ་ལེགས་སོ་ཀུན་དགའ་བོ་དེ་ལྟ་

བས་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ་གནས་ཁང་ན་འདུག་པ་མ་གཏོགས་སོ། །བུད་མེད་ནི་རྒྱན་ལ་ཉེ་བར་སྤྱོད་པ་ཡིན་པས་ས་གས་ཕྱི་དེ་ཉིན་པར་རྒྱན་དྲན་ནས་བུ་མོ་ལ་སྨྲས་པ། བུ་མོ་རྒྱན་ག་རེ། ཇོ་མོ་དེ་ཉིད་དུ་བསྐྱུད་དོ། །སོང་ལ་ལོང་ཤིག །དེའི་བུ་མོ་དག་

གིས་དེ་ཐོས་ནས་མ་ལ་སྨྲས་པ་ཡུམ་མཛོད་ཁང་དུ་གཞག་པ་མཁྱེན་ནམ་ཅི་ལས་བླངས་ཏེ་མཆི་བར་འགྱུར། ས་གས་བུ་རྣམས་ལ་སྨྲས་པ། བུ་དག་ཁོ་མོ་ནི་ནོར་ཆུད་མི་ཟ་བ་ཡིན་ནོ། །དེ་ནས་བུ་མོ་དེ་ཚེ་དང་ལྡན་པ་ཀུན་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། །འཕགས་པ་ཇོ་

མོས་རྒྱན་བསྐྱུད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ་འདི་ན་འདུག་གི་ཁྱེར་ཏེ་སོང་ཤིག །བུ་མོ་དེས་ཁྱེར་ཏེ་སོང་ནས་ས་ག་ལ་ཕུལ་བ་དང་། ས་གས་བུ་རྣམས་ལ་སྨྲས་པ། བུ་དག་ཁོ་མོས་ཁོ་མོ་ནི་ནོར་ཆུད་མི་ཟ་བ་ཡིན་ནོ་ཞེས་མ་སྨྲས་སམ་ཞེས་རྒྱན་དེ་བུ་དག་ལ་བསྟན་

ཏོ། །གཞན་ཡང་ས་ག་ནོར་ཆུད་མི་ཟ་བའི་རྟགས་སུ་བུ་དག་གིས་ས་གའི་སོར་གདུབ་རྒྱ་ཁྲོན་པའི་ནང་དུ་སྩལ་ཏེ་བོར་བས་ས་གའི་བུ་མོ་ཆུ་ཆུན་མའི་བུམ་པའི་ནང་དུ་འོངས་པ་དང་། ཡང་བུ་དག་གིས་སོར་གདུབ་རྒྱ་དེ་ཆུ་ཀླུང་གནས་ཅན་གྱི་ནང་དུ་འཕངས་པ་ཉ་བོ་ཆེ་དག་གིས་

Vol. 153 · folio 235a

མིད་ནས་ཉ་བོ་ཆེ་དེ་ཉ་པ་དག་གིས་རྒྱ་མོས་བཅུས་ཏེ་ཕྱུང་བ་ས་གའི་བུ་མོ་མངག་གཞུག་མས་ཚོང་དུས་ནས་ཉ་བོ་ཆེའི་ཤ་དེ་ཉོས་པའི་ལྟོས་ནས་བྱུང་བ་དང་། ཡང་ས་གའི་བུ་རྣམས་ཀྱིས་ས་གའི་ནོར་བུ་དེ་ན་ར་བ་དག་གིས་སྲེ་མོ་ལྟ་བུའི་རྐྱལ་བུ་བཀང་སྟེ། ལམ་

པོ་ཆེའི་བཞི་མདོར་བོར་བ་སྐྱེ་བོ་དག་གིས་མཐོང་བ་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་ནོ་ཞེས་ཡོངས་སུ་སྔངས་ཏེ། ས་གས་ཕྱིར་རྙེད་པའི་བྱུང་བའི་མཐའ་དག་ཀྱང་མང་དུ་བསྟན་ཏོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གྱ་ཚོམ་དུ་སྨྲ་བར་མི་བྱ་བར་དེ་ལ་སྲེ་མོ་ལྟ་བུའི་རྐྱལ་པ་ཅི་འདྲ་བ་ཞིག་སྲང་དུ་བ་ཞིག་ཅེས་དྲི་བར་བྱའོ། །གལ་ཏེ་རྟགས་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་རྟགས་ལ་མ་བབ་པར་སྨྲ་ན་སྦྱིན་པར་མི་བྱའོ། །དེ་དག་གིས་དེ་བོར་ཏེ་དོང་བ་ན་

དེ་གཞན་དག་གིས་བརྐུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བོར་ཏེ་འདོང་བར་མི་བྱ་བར་འགྲོ་བའི་ལམ་གཡོགས་སུ་སའམ་ལོ་མའི་ཚོགས་དག་གིས་གཡོགས་པར་བྱའོ། །དེ་དག་གིས་དེ་ཡལ་བ་ཁོ་ནར་བོར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དེར་ཡལ་བར་དོར་བར་མི་བྱ་བར་ཞག་བདུན་ནམ་བརྒྱད་དུ་དེར་སོང་སྟེ་བསྡད་པར་བྱའོ། །གལ་ཏེ་བདག་པོ་འོངས་ཤིང་རྟགས་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་མ་འོངས་ན་དེའི་ཚེ་དེའི་འོག་ཏུ་དགེ་འདུན་གྱི་མཛོད་དུ་བཅུག་སྟེ་གཞག་པར་བྱའོ། །གལ་ཏེ་བདག་པོ་ཟླ་བ་དྲུག་

འདས་ནས་འོངས་ཤིང་རྟགས་ལ་བབ་པར་སྨྲ་ན་སྦྱིན་པར་བྱའོ། །གལ་ཏེ་མ་འོངས་ན་དེའི་འོག་ཏུ་དངོས་པོ་བརྟན་པོར་བཙོངས་ཏེ་གཞག་པར་བྱའོ། །གལ་ཏེ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་དེ་ལ་དངོས་པོ་འདིར་བཙོངས་ཀྱི་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་

རྗེས་སུ་ཡི་རང་ན་དེ་ལྟ་ན་ལེགས། གལ་ཏེ་རྗེས་སུ་ཡི་རང་བར་མི་བྱེད་ན་སྦྱིན་པར་བྱའོ། །གལ་ཏེ་སྐྱེད་སློང་ན་ཁོ་བོ་ཅག་གིས་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཁྱེར་ཏེ་སོང་ཤིག་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་

Vol. 153 · folio 235b

པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་

དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་

དགེ་སློང་གང་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པའམ། གནས་

ཁང་དུ་གཏོགས་པ་ན་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལོན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་

དོན་ཉུང་ངུ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རིན་པོ་ཆེའམ་ཞེས་བྱ་བ་ལ་རིན་པོ་ཆེ་ཞེས་བྱ་བ་ནི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། གསེར་

དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ལ། རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་གཡུལ་ངོར་སྤྱོད་པའི་མཚོན་ཆ་ཐམས་ཅད་དང་། རོལ་མོར་སྤྱད་པའི་ཡོ་བྱད་ཐམས་ཅད་དོ། །རང་གི་ལག་གིས་

ཞེས་བྱ་བ་ནི་ལག་པས་ལག་པར་རོ། །ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ་ཞེས་བྱ་བ་ནི་ཀུན་དགའ་ར་བའི་ཕྱི་རོལ་ནའོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་ཀུན་

Vol. 153 · folio 236a

དགའ་ར་བའི་ནང་ནའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །ཀུན་དགའ་ར་

བར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་

བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་

པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རིན་པོ་ཆེ་རང་གི་མ་ཡིན་པ་དང་། རིན་པོ་ཆེར་སྨོས་པ་རང་གི་ཡང་རུང་། གཞན་གྱི་ཡང་རུང་བ་ལ་རེག་གམ་རེག་ཏུ་བཅུག་ན་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་

རོ། །དེ་ལ་རིན་པོ་ཆེ་ཞེས་བྱ་བ་ནི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། གཡས་སུ་འཁྱིལ་པ་ལ་སོགས་པའོ། །རང་གི་མ་ཡིན་པ་ཞེས་སྨོས་པ་ནི་གཞན་གྱི་སྟེ། རང་གི་ལ་ནི་

སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་རོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་གཡུལ་ངོར་སྤྱད་པའི་མཚོན་ཆ་ཐམས་ཅད་དང་། རོལ་མོར་སྤྱད་པའི་ཡོ་བྱད་ཐམས་ཅད་དོ། །གཡུལ་ངོར་སྤྱད་པའི་མཚོན་ཆ་ནི་གཞུ་དང་། རལ་གྱི་དང་། རལ་གྱི་ཁྱོག་པོ་དང་། རལ་གྱི་སོ་གཅིག་པ་

དང་། མདུང་དང་། འཕང་མདུང་དང་། ལྕགས་ཀྱོ་དང་། མདའ་དང་། ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་ལ་སོགས་པའོ། །རོལ་མོར་སྤྱོད་པའི་ཡོ་བྱད་ནི་པི་ཝང་དང་། འོད་མ་དང་། བལ་ལ་རི་དང་། མ་ཧ་ཏི་དང་། སུ་གྷོ་ཥ་ཀ་དང་། དུང་དང་། རྔ་བོ་

Vol. 153 · folio 236b

ཆེ་དང་། རྔ་པ་ཊ་ཧ་དང་། རྫ་རྔ་ལ་སོགས་པའོ། །རང་གི་ཡང་རུང་། གཞན་གྱི་ཡང་རུང་ཞེས་བྱ་བ་ནི་དེ་གཉི་ག་ཡང་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་དང་། རིན་པོ་ཆེར་སྨོས་པ་དེ་དག་ཇི་ལྟ་བུ་ཞིག་ཁ་ན་མ་ཐོ་བ་འདིའི་དངོས་གཞིའི་བྱེད་པ་པོར་

འགྱུར་ཞེ་ན། དགོས་པའི་ཕྱིར་རུང་བ་ཉིད་དུ་འགྱུར་བ་དག་གོ། །དེ་ལ་རིན་པོ་ཆེ་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་བདར་བ་དང་། ཕུག་པ་ཉིད་དེ་དེ་དག་ལ་ན་སྨད་པ་མེད་དོ། །མགུལ་རྒྱན་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དག་ནི་དེ་ཉིད་

དུ་གནས་ན་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །པི་ཝང་དང་། འོད་མ་དང་། བལ་ལ་རི་དང་། མ་ཧ་ཏི་དང་། སུ་གྷོ་ཥ་ཀ་རྣམས་ནི་རྒྱུད་དང་བཅས་པ་ཉིད་ན། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །དུང་དང་

རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། རྫ་རྔ་རྣམས་ནི་སྒྲ་འབྱིན་པ་ན་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །གཞུ་ནི་རྒྱུད་དང་བཅས་པ་ན་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ལ་ནི་ན་སྨད་པ་མེད་དོ། །རལ་གྱི་དང་། རལ་གྱི་ཁྱོག་པོ་དང་། རལ་གྱི་

སོ་གཅིག་པ་དང་། མདུང་དང་། འཕང་མདུང་དང་། ལྕགས་ཀྱོ་རྣམས་ནི་དེ་ཉིད་ཡིན་ན་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་ལ་ནི་ན་སྨད་པ་མེད་དོ། །མདའ་དང་། ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ཉིད་ན་དགོས་པའི་

ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །རིན་པོ་ཆེ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་གདུང་དང་བཅས་པ་ཉིད་ཡིན་ན་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་སྐུ་གདུང་དང་བཅས་

པ་ཉིད་ཡིན་ན་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ཡིན་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །སྦྱོར་བ་གཅིག་པའི་བར་དུ་གཞན་དང་འབྲེལ་པ་ནི་ཆར་བསྡོམས་ཏེ། དེ་དག་ལ་ན་སྨད་པ་མེད་དོ། །དེ་དག་གཙུག་ལག་ཁང་དང་དེའི་ཉེ་འཁོར་ན་འདུག་པ་མ་ཡིན་པ་ལ་བདག་གིར་བྱ་བ་དང་

Vol. 153 · folio 237a

མ་འབྲེལ་པ་རྫས་ཆུད་མི་ཟ་བར་བྱ་བའི་ཕྱིར་སེམས་མ་གཏོགས་པར་རེག་གམ་རེག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རིན་པོ་ཆེ་རང་གི་མ་ཡིན་པ་དང་། རིན་པོ་ཆེར་སྨོས་པ་སུའི་ཡང་རུང་བ་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང་བདག་གིར་

བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་མ་གཏོགས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རིན་པོ་ཆེ་རང་གི་མ་ཡིན་པའམ། རིན་པོ་ཆེར་སྨོས་པ་སུའི་ཡང་རུང་བ་ཉིད་དང་། དེ་དག་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང་། གཙུག་

ལག་ཁང་དང་དེའི་ཉེ་འཁོར་ན་འདུག་པ་མ་ཡིན་པ་ཉིད་དང་བདག་གི་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་མ་གཏོགས་པ་ཉིད་དང་། རེག་གམ་རེག་ཏུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་

བྱས་ཏེ། ཇི་སྲིད་དུ་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རིན་པོ་ཆེ་དང་། རིན་པོ་ཆེར་སྨོས་པ་དགོས་པའི་ཕྱིར་རུང་བ་ཉིད་དུ་

གྱུར་པ་མ་ཡིན་པ་ལ་ཉེས་བྱས་སོ། །རིན་པོ་ཆེ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་གདུང་མེད་པ་ཉིད་ལ་ཉེས་བྱས་སོ། །རིན་པོ་ཆེ་མ་ཡིན་པ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་གདུང་དང་བཅས་པ་ཉིད་ལ་ཉེས་བྱས་སོ། །མཆོད་རྟེན་རིན་པོ་ཆེ་ལས་བྱས་

པའམ། སྐུ་གདུང་དང་བཅས་པ་ཉིད་གང་ཡང་རུང་བ་ཅིག་མ་ཚང་བ་ལ་ཉེས་བྱས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་དེ་དག་གི་སྐུ་གདུང་དང་བཅས་པའམ། སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཉིད་ལ་ཉེས་བྱས་སོ། །སྲེད་མེད་ཀྱི་བུ་ལ་

སོགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་ཉིད་ལ་ནི་རྫས་ཙམ་ལས་ཉེས་བྱས་སོ། །ནོར་བུ་མཆིང་དུ་དང་། སོགས་མའི་ཕྲེང་བ་དང་། ཆུ་སྦྲང་དང་། རྫ་རྔ་ཁ་གཅིག་པ་དང་། གཞུ་དང་མདའ་ལྟར་བཅོས་པ་ཉིད་ལ་ཉེས་བྱས་སོ། །གསེར་གྱི་སྟེགས་བུ་ལ་ཉེས་བྱས་སོ། །སྦྱོར་

Vol. 153 · folio 237b

བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རིན་པོ་ཆེ་དང་རིན་པོ་ཆེར་སྨོས་པ་གཙུག་ལག་ཁང་དང་གཙུག་ལག་ཁང་གི་ཉེ་འཁོར་

ན་འདུག་པ་ལ་བདག་གིར་བྱ་བ་དང་། མ་འབྲེལ་བར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་ཀྱིས་རེག་གམ་རེག་ཏུ་བཅུག་པ་ལ་ལྟུང་བ་མེད་དོ། །རིན་པོ་ཆེ་མ་ཡིན་པ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་གདུང་མེད་པ་ལ་ལྟུང་བ་མེད་དོ། །སྲེད་མེད་ཀྱི་བུ་ལ་སོགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་མ་ཡིན་

པ་དེ་དག་གི་རུས་པ་དང་བཅས་པའམ་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ལ་ལྟུང་བ་མེད་དོ། །སྐུ་གཟུགས་དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་པ་ལ་ལྟུང་བ་མེད་དོ། །མི་མ་ཡིན་པའི་གནས་ན་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་རང་བཞིན་གྱི་ས་གཞི་དང་ཐེམ་སྐས་ལ་སོགས་པ་

ལ་ལྟུང་བ་མེད་དོ། །མི་མ་ཡིན་པའི་གནས་སམ་གནས་གཞན་དུ་ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལས་བྱས་པའི་སྣོད་ལ་ལྟུང་བ་མེད་དོ། །དེ་དག་ཏུ་འདུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་གནས་མལ་ལ་ལྟུང་བ་མེད་དོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་

ཤེས་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་ལྟུང་བ་མེད་དོ། །དེའི་རྫས་ལ་ཡང་དེ་བཞིན་དུ་ལྟུང་བ་མེད་དོ། །ཆུ་བརྟག་པའི་ཆེད་དང་། རྨ་དང་། གཉེར་མ་དང་། སྐྲ་དཀར་ལྟ་བ་དང་། སྔ་ཕྱིའི་མཚན་མ་གཟུང་བའི་ཕྱིར་མེ་ལོང་དང་ཆུ་ཡན་ཆད་ཀྱིས་བཞིན་ལྟ་བ་ལ་

ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་

པར་བསླབ་པར་བྱའོ། །རིན་པོ་ཆེ་དང་རིན་པོ་ཆེར་སྨོས་པ་གཙུག་ལག་ཁང་དང་གཙུག་ལག་ཁང་གི་ཉེ་འཁོར་ན་འདུག་པ་ཡལ་བར་མི་འདོར་རོ། །དེ་ཞག་བདུན་ནམ་བརྒྱད་དུ་བསྡུ་བསྐྱོག་བྱའོ། །དེ་བྱ་བ་ནི་འགྲོ་བའི་ལམ་གཡོགས་སུ་སའམ་ལོ་མའི་ཚོགས་དག་གིས་གཡོགས་པར་བྱའོ། །

Vol. 153 · folio 238a

བདག་པོ་རྟགས་ཐམས་ཅད་ལ་མ་བབ་པར་ཁོ་བོ་ཡིན་ནོ་ཞེས་ཟེར་བ་ལ་སྦྱིན་པར་མི་བྱའོ། །ཞག་བདུན་ནམ་བརྒྱད་ཀྱི་བར་དུ་བདག་པོ་འོངས་པར་མ་གྱུར་ན་དེའི་འོག་ཏུ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ། །དགེ་འདུན་གྱི་མཛོད་དུ་ནི་ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ། །ཟླ་བ་དྲུག་

གི་འོག་ཏུ་བདག་པོ་མ་འོངས་ན་སངས་རྒྱས་སམ་དགེ་འདུན་གྱི་རིས་གང་ནས་རྙེད་པ་དེར་སྤྱད་དུ་རུང་ངོ་། །རྫས་དེ་སངས་རྒྱས་དང་དགེ་འདུན་ལ་རུང་བ་ཉིད་མ་ཡིན་པ་དེས་རུང་བ་བརྟན་པོ་ཉོ་བར་བྱའོ། །གལ་ཏེ་དེས་རུང་བ་བརྟན་པོ་ཉོས་པ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་རྗེས་སུ་གནང་བ་གསོལ་ཏེ་མི་

སྟེར་ན་སྦྱིན་པར་བྱའོ། །གལ་ཏེ་སྐྱེད་སློང་ན་ཁོ་བོ་ཅག་གིས་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱའོ། །རྐུན་པོ་ལ་སོགས་པས་འཇིགས་པར་གྱུར་ན་ཇེ་དང་པོ་རང་གི་རྫས་སྦས་ནས་སམ་ཁྱེར་ནས་འགྲོ་བར་བྱའོ། །དེའི་འོག་ཏུ་ནུས་ན་དགེ་འདུན་གྱི་དང་

མཆོད་རྟེན་གྱི་དབྱིག་དང་། གསེར་ལ་སོགས་པ་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ། །དེ་དག་སྦ་བའམ་བསྐུར་བ་ནི་ཁྱིམ་པ་དད་པ་ཅན་ནམ་དགེ་ཚུལ་གྱིས་བྱའོ། །དེ་དག་མེད་ན་རང་གིས་བྱའོ། །སྦ་བའམ་བསྐུར་བ་དེས་ས་བརྐོ་དགོས་ན་ཡང་ཁྱིམ་པ་དད་པ་ཅན་ནམ་དགེ་ཚུལ་གྱིས་བྱའོ། །དེ་དག་མེད་ན་

རང་གིས་བྱའོ། །འཇིགས་པ་དང་བྲལ་ན་རྫས་སྦས་པ་དང་ཁྱེར་བ་དེ་ཕྱིར་སྦྱིན་པར་བྱའོ། །རྫས་སྦ་བ་དང་བསྐུར་བ་དེ་སའི་འོག་ནས་བྲུ་དགོས་ན་ཡང་ཁྱིམ་པ་དད་པ་ཅན་ནམ་དགེ་ཚུལ་གྱིས་བྱའོ། །དེ་དག་མེད་ན་རང་གིས་བྱའོ། །རྒས་པ་དང་ན་བ་དག་ལས་གཞན་པས་གླང་པོ་ཆེ་ལ་སོགས་པའི་བཞོན་

པས་འགྲོ་བར་མི་བྱའོ། །དེ་དག་གིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་བཞོན་པས་འགྲོ་བར་བྱའོ། །བཞོན་པ་དེ་ལ་ཆ་སྒེག་དང་ལྡན་པ་ཉིད་ཀྱིས་བཞོན་པར་མི་བྱའོ། །ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་

པར་བྱའོ། །ཁྱིམ་པའི་ཁྱིམ་དུ་ཁྱིམ་པས་གཤེགས་པ་ན་གསེར་དང་དངུལ་གྱིས་སྤྲས་པ་དྲིལ་བུ་གཡེར་ཁས་གཤིབས་པའི་གོས་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་འདུ་ཤེས་བསྐྱེད་ནས་འདུག་པར་བྱའོ། །ཆོས་ཉན་དུ་གཞུག་པའི་ཕྱིར་སེང་གེའི་ཁྲི་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་བརྒྱན་པ་

Vol. 153 · folio 238b

དག་ལ་ཡང་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །སེང་གེའི་ཁྲི་ལ་གོས་རྣམ་པ་དེ་ལྟ་བུ་བཤམས་པ་དེ་དག་དྲུབས་པར་བྱའོ། །རྒྱན་གདགས་པ་བསྟེན་པར་མི་བྱའོ། །རྒྱ་བཅང་བར་བྱའོ། །རྒྱ་ནི་རོ་ཉེ་འམ། ཟངས་སམ་ར་གན་ནམ་འཁར་བའམ། རྒྱ་སྐྱེགས་ཀྱི་

ཚིགས་མའམ་ཤིང་ངམ་རྡོའམ་སའམ་བ་སོའམ་རྭ་ལས་བྱས་པ་བཅང་ངོ་། །རྒྱ་ལ་རྟགས་ནི་དགེ་འདུན་གྱི་རྒྱ་ལ་ནི་དབུས་སུ་འཁོར་ལོ། །ངོས་གཉིས་སུ་རི་དྭགས། འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲི། གང་ཟག་གི་རྒྱ་ལ་ནི་རུས་པའི་ཀེང་རུས་སམ་མགོའི་ཐོད་པ་བྲི་བར་བྱའོ། །སོ་མངས་

དང་སྨྱིག་ཤད་ལ་སོགས་པས་སྐྲ་བཤད་པར་མི་བྱའོ། །མེ་ལོང་དང་ཆུ་ཡན་ཆད་ཀྱིས་ཀྱང་བཞིན་བལྟ་བར་མི་བྱའོ། །འཕྲལ་རིས་གསུམ་བསྟེན་པར་མི་བྱའོ། །གི་ཝང་གི་བསྐུ་བ་བསྟེན་པར་མི་བྱའོ། །གསོ་བའི་ཆེད་མ་གཏོགས་པར་དྲི་དག་གིས་བསྐུ་བར་མི་བྱའོ། །བསོད་ནམས་འདོད་པས་

རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་མི་བྱའོ། །དེ་བླངས་ནས་སྦྱིན་བདག་དེ་ཉིད་ཀྱི་མདུན་དུ་དོར་བར་མི་བྱའོ། །གསོ་བའི་ཆེད་དུ་དྲི་དེ་དག་གིས་བསྐུས་པ་དག་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ། །དེས་ཁྱིམ་པ་དག་ལ་ཆོས་བསྟེན་པར་མི་བྱའོ། །དེ་ཁྱིམ་དག་ཏུ་འགྲོ་བར་

མི་བྱའོ། །དེ་ནད་སོས་ནས་མཇུག་ཏུ་ཁྲུས་བྱའོ། །སྦྱིན་བདག་གིས་བྱིན་པའི་དྲི་དེ་དག་བླང་བར་བྱའོ། །ཕྲེང་བ་རྒྱུ་དག་ཀྱང་བླང་བར་བྱའོ། །ཕྲེང་བ་རྒྱུ་དེ་དག་མཆོད་རྟེན་ལ་དབུལ་བར་བྱའོ། །ཉན་ཐོས་ཀྱི་མཆོད་རྟེན་དག་ལ་ཡང་དབུལ་དུ་རུང་ངོ་། །ཕྲེང་བ་རྒྱུ་དེ་དག་ལ་དབུལ་བར་སྦྱིན་བདག་མ་དད་ན་རང་

གི་མགོ་ལོགས་སམ་རྐང་པ་ལོགས་སུ་གཞག་གོ། །དེ་ཡང་སྒོའི་བྱང་ཏད་མ་ཡིན་པར་གཞག་གོ། །དེ་རྩིག་ངོས་ལ་ཁབ་བམ་ཚེར་མ་བཙུགས་པ་ལ་འཕྱང་བར་བྱའོ། །མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ། །བྲམ་ཟེའི་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ། །སྔགས་

སྐུད་ཐོགས་པ་ཡང་བསྟེན་པར་མི་བྱའོ། །གསོ་བའི་ཕྱིར་ནི་སྔགས་སྐུད་དཔུང་པ་གཡོན་པར་གདགས་སོ། །སོས་ནས་གར་བབ་བབ་དུ་མི་དོར་རོ། །གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་གྱུར་ན་ཆོས་གོས་ཀྱི་ཐ་མའམ་སྐ་རགས་ལ་གདགས་སོ། །གལ་ཏེ་ནད་ཀྱི་ལྷག་མ་དང་བཅས་པར་མ་གྱུར་ན་

Vol. 153 · folio 239a

དེ་ཀ་བའམ་རྩིག་པའི་གསེབ་ཏུ་གཞུག་གོ། །གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ། །དེ་དག་བསླབ་པར་མི་བྱའོ། །བཟླས་པར་མི་བྱའོ། །ལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །དགེ་སློང་མ་ཀུན་དུ་གར་བྱེད་དུ་མི་གཞུག་གོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང་། རྒྱུད་ཆགས་

གསུམ་པ་གདོན་པ་ལ་དབྱངས་ཀྱིས་ང་རོ་བྱའོ། །དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་བྱའོ། །མཐོ་བཙམས་པ་དང་ཀུན་དུ་གཙེ་བ་དང་ཀུན་དུ་ཅ་ཅོ་འདོན་པ་དང་རྒོད་པ་དང་དྲེགས་པ་དང་ལུས་ལ་བརྡེག་པ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བར་མི་བྱའོ། །སྣོད་བརྒྱུས་

པས་ཟས་ཀྱི་བྱ་བ་མི་བྱའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱའོ། །དེ་གདགས་པར་མི་བྱའོ། །རོལ་མོ་མཁན་རང་གི་ཆེད་དུ་བྱ་དགའ་སྦྱིན་པར་མི་བྱའོ། །མི་རིངས་པར་བརྒྱུག་པར་མི་བྱའོ། །མྱུར་བར་དང་མཆོང་བར་མི་བྱའོ། །བརླ་དང་ལག་པ་དང་ཉ་ལྟར་སྐོར་བ་བསྐོར་བར་མི་བྱའོ། །ཆུར་གསེག་མ་

གདབ་པར་མི་བྱའོ། །ཆུར་རྫ་རྔ་ཁ་གཅིག་པ་དང་། རྔ་བོ་ཆེ་ལྟར་བརྡུང་བར་མི་བྱའོ། །རྫབ་ལ་བྱིལ་མོ་ཉུག་པར་མི་བྱའོ། །གླང་པོ་ཆེའི་སྐད་དང་། རྟའི་སྐད་དང་། ཁྱུ་མཆོག་གི་སྐད་དང་། རྨ་བྱའི་སྐད་དང་། ཁུ་བྱུག་གི་སྐད་མི་བྱའོ། །ཁས་དུང་དང་སིལ་ཁྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ། །ཕྱིར་བཅོས་

པ་ནི་སྔ་མ་བཞིན་ནོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དེ་ལྔ་བཅུ་རྩ་དགུ་པ་བཤད་ཟིན་ཏོ།། །།ཁྲུས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་

ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཆུ་དྲོན་གསུམ་ཡོད་པ་གཅིག་ཏུ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་ཁྲུས་བྱེད། གཉིས་པར་ནི་བཙུན་མོའི་འཁོར་ཁྲུས་བྱེད། གསུམ་པར་ནི་གྲོང་རྡལ་གྱི་མི་དང་ཡུལ་མི་དག་ཁྲུས་བྱེད་དོ། །མ་ག་

དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བསམས་པ། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམ་པ་དུ་མའི་སྒོ་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ན་ཁྲུས་ཀྱིས་མ་བསྟབས་པས་དེ་ཡང་བསྟབས་པར་བྱའོ་སྙམ་དུ་རིག་ནས་

Vol. 153 · folio 239b

བཅོམ་ལྡན་འདས་ལ་གསོལ་པ་བཙུན་པ་རྒྱལ་པོའི་ཁབ་འདི་ན་ཆབ་དྲོན་གསུམ་མཆིས་པ་གང་དུ་བདག་ཁྲུས་བགྱིད་པ་དེར་འཕགས་པ་དག་ཀྱང་བྱེད་ཅིང་། གང་དུ་མཆིས་བྲང་གི་འཁོར་ཁྲུས་བགྱིད་པ་དེར་འཕགས་མ་དག་ཁྲུས་མཛད་པར་གསོལ། དྲུག་སྡེ་དག་ལ་བློ་སྐྱེས་པ་དགའ་

བོ་ཉེ་དགའ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དད་པ་དང་ལྡན་པ་ནི་ཡིན་ན་དད་པ་ཅི་ལྟ་བུ་དང་ལྡན་པ་བལྟས་ཁྲུས་བྱེད་དུ་འདོང་ངོ་ཞེས་དེ་དག་དེར་ཁྲུས་བྱེད་དུ་དོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གལ་ཏེ་བདག་ཅག་ཐམས་ཅད་ཅིག་ཅར་ཁྲུས་བྱས་ན་མྱུར་

དུ་ཟིན་པར་འགྱུར་གྱི་གཉིས་ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེ་ལྟར་བྱའོ་ཞེས་དེ་དག་ལས་གཉིས་ཀྱིས་ཁྲུས་བྱ་བར་བརྩམས་ཏེ་བཞིས་གྲོགས་བྱེད་ཅིང་འདུག་གོ། །དེའི་ཚེ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱོངས་

གཟུགས་ཅན་སྙིང་པོ་ཡང་དེར་ཁྲུས་བྱེད་དུ་འཕགས་ནས་དེར་མི་གསང་ལ་གཏོགས་པ་ཞིག་ད་ལྟ་སུས་ཁྲུས་བྱེད་པར་རྟོག་ཏུ་བཏང་བ་དང་། དེས་དྲུག་སྡེ་དག་ཁྲུས་བྱེད་པར་མཐོང་ནས་རྒྱལ་པོས་དེར་ཁྲིའུ་བཙུགས་ནས་བསྡད་དོ། །ཅི་ཙམ་ན་ཡུན་རིང་ཞིག་

ལོན་ནས་ཡང་དེ་བཞིན་དུ་རྟོག་ཏུ་བཏང་ན་ཡང་དེ་བཞིན་ནས་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འོ་ན་ནི་ཡུན་རིང་པོ་རིང་པོར་ང་ལ་ཐོ་འཚམས་པར་བྱེད་ཀྱི་ཆུ་འོན་ཅིག་དང་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱའོ་དེ་དག་གིས་ཆུ་བླངས་ནས་རྒྱལ་པོས་དེ་ཉིད་དུ་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་

བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་ཉན་པ་མ་མཉན་པ་ཁོ་ནར་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་

སྩལ་པ་དང་། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དྲུག་སྡེ་དག་གིས་ཐོ་བཙམས་པའི་སྐབས་དེ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ་ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་འདི་ནི་དགེ་སློང་དག་ཁྲུས་བྱེད་པ་ལས་གྱུར་པས་དེའི་ཕྱིར་

Vol. 153 · folio 240a

དགེ་སློང་རྣམས་ཀྱིས་ཁྲུས་མི་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་

ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཟླ་བ་

ཕྱེད་ཕྱེད་ཅིང་ཁྲུས་བྱེད་པར་གསུངས་པ་དེ་ལས་འདུམ་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ་ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་རྒྱལ་པོའི་ཆུས་ཁྲུས་བྱེད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་

པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཁྲུས་མི་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་དག་ཕྱིན་ཆད་ཁྲུས་མི་བྱེད་པས་དེ་དག་དྲི་མའི་རྫབ་ཀྱིས་གོས་པའི་ལུས་དྲི་ང་བར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་

པ། འཕགས་པ་དག་དྲི་ང་བ་འདི་སུ་ལགས། དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གོ། །འཕགས་པ་དག་ཅིའི་སླད་དུ་ཁྲུས་མི་མཛད། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཅི་ཁྱེད་ཅག་དྲི་མའི་རྫབ་འཆང་བས་དག་པར་འགྱུར་རམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ་ཞེས་བཀའ་སྩལ་ནས། སོ་གའི་དུས་ལ་བབ་པ་དང་། དགེ་སློང་དག་ཚ་བས་སྙོམ་ནས་དེ་དག་སྐྱ་བོ་བསེང་

བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཁྱེད་འདི་ལྟར་གྱུར། དགེ་སློང་རྣམས་ཀྱིས་སྨྲས་པ། ཚ་བས་སྙོམ་མོ། ཅིའི་སླད་དུ་ཁྲུས་མི་མཛད། བཅོམ་ལྡན་

Vol. 153 · folio 240b

འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཚ་བའི་དུས་མ་གཏོགས་སོ། །དགེ་སློང་དག་ན་བར་གྱུར་ནས་དེ་དག་སྨན་པའི་གནས་སུ་སོང་སྟེ་དྲིས་པ་དང་། བཞིན་བཟང་ཁོ་བོ་ཅག་ན་ན་སྨན་

སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་གདུགས་རེ་རེ་ཞིང་ཁྲུས་སྟེན་ཅིག་དང་དེས་སོས་པར་འགྱུར་རོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་

རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་གིས་དགེ་འདུན་དང་མཆོད་རྟེན་གྱི་ལས་དག་བྱས་ནས་དེ་དག་འཇིམ་རྫབ་ཀྱིས་གོས་ཤིང་འབགས་བཞིན་དུ་འཁོད་ནས་

བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ་འཕགས་པ་དག་ཅིའི་སླད་དུ་ཁྱེད་ཅག་འདི་ལྟར་འཁོད། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་

ལྟ་བས་ན་ལས་ཀྱི་དུས་མ་གཏོགས་སོ། །དགེ་སློང་དག་ལམ་དུ་སོང་ཞིང་འོངས་པར་གྱུར་པ་ན་དེ་དག་ལུས་ངལ་བས་གློས་ཕབ་སྟེ་ཉལ་བ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩལ་བར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་

དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། དགེ་སློང་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ལམ་དུ་སོང་ཞིང་འོངས་པས་ཚ་བས་སྙོམ་ནས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་མི་ནུས་པར་གྱུར་ཏོ། །ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །རླུང་བྱུང་ནས་དགེ་སློང་དག་རྡུལ་གྱིས་རྡུལ་ཅན་དུ་གྱུར་ནས་དེ་དག་དེ་ཁོ་ན་བཞིན་དུ་འཁོད་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ། འཕགས་པ་དག་ཅིའི་སླད་

Vol. 153 · folio 241a

དུ་རྡུལ་གྱིས་གོས་ཤིང་བཞུགས། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རླུང་གི་དུས་མ་གཏོགས་སོ། །ཆར་བབ་ནས་དགེ་

སློང་དག་མངོན་པར་ལྡར་ནས་དེ་དག་དེ་ཁོ་ན་བཞིན་དུ་འཁོད་པ་དང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ། འཕགས་པ་དག་ཅིའི་སླད་དུ་ཆར་གྱིས་མངོན་པར་ལྟར་ཞིང་བཞུགས། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཆར་གྱི་དུས་མ་གཏོགས་སོ། །རྫི་ཆར་བྱུང་ནས་དགེ་སློང་དག་ལུས་ཁྲ་བོར་གྱུར་ནས་དེ་ཁོ་ན་བཞིན་དུ་འཁོད་པ་དང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་འོངས་ཏེ་དྲིས་པ། འཕགས་པ་དག་

ཅིའི་སླད་དུ་ལུས་ཁྲ་བོར་གྱུར་ཅིང་བཞུགས། ཁྲུས་མཛད་ན་ཅི་ནོངས། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྫི་ཆར་གྱི་དུས་མ་གཏོགས་སོ། །དེ་ནས་

བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།

དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་

འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པ་འདི་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བའི་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་སོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གནང་བ་

Vol. 153 · folio 241b

མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དགེ་སློང་དོན་ཉུང་ངུ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ་ག་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་ཞེས་བྱ་བ་

ནི་ཟླ་བ་ངོ་ཕྱེད་ཕྱེད་ཅིང་ངོ་། །དེ་ལས་འདུམས་པར་བྱེད་ན་ཞེས་བྱ་བ་ནི་ཟླ་བ་ཕྱེད་ལས་འདུམས་པར་བྱེད་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་

པོ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་ཞེས་བྱ་བ་ལ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི་ཟླ་བ་ཕྱེད་དང་གཉིས་ནི་དབྱར་ཉེ་བར་བསྒྲུབ་པར་འབྱུང་བར་འགྱུར་བ་སྟེ། དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་དང་གཉིས་སོ། །དབྱར་རྣམས་ཀྱི་དང་པོ་

ཞེས་བྱ་བ་ནི་གནས་པར་ཁས་བླངས་པ་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་གོ། །ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ་ཞེས་བྱ་བ་ནི་དེ་ལྟར་དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་

དང་གཉིས་དང་། དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་པོ་དེ་རྣམས་སྤྱིར་བསྡོམས་པ་ལ་ཟླ་བ་ཕྱེད་དང་གསུམ་ཡོད་པ་དེ་དག་ནི་ཚ་བའི་དུས་ཡིན་པས་དེ་དག་ཏུ་ཟླ་བ་ཕྱེད་ལས་འདུམས་པར་ཁྲུས་བྱེད་པ་ལ་ལྟུང་བ་མེད་དོ། །ལྷག་མ་ནི་ན་བ་དུས་སོ་ཞེས་བྱ་

བ་ནི་འདི་ལྟ་སྟེ་དགེ་སློང་ན་བ་ཁྲུས་མ་བྱས་པར་འཚོ་བར་མི་ནུས་ནའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་དགེ་སློང་གི་དགེ་འདུན་གྱི་འམ་མཆོད་རྟེན་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། བྱུག་པ་བ་མ་ལ་ཙམ་ཞིག་བྱས་ནའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་དགེ་སློང་དཔག་ཚད་གཅིག་ཏུ་

སོང་བའམ་དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ནའོ། །རླུང་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཐ་ན་རླུང་གིས་གོས་ཀྱི་གྲྭ་བསྒུལ་བར་གྱུར་ནའོ། །ཆར་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཐ་ན་ལུས་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །རྫི་ཆར་དུས་ཏེ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཐ་ན་

Vol. 153 · folio 242a

རྫི་བས་གོས་ཀྱི་མཐའ་བསྒུལ་བར་གྱུར་ཅིང་ལུས་ལ་ཆར་པའི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་

ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ན་བ་མ་ཡིན་པ་དང་། ལས་

མ་བྱས་པ་དང་། ལམ་དུ་མ་ཞུགས་པ་དང་རླུང་གིས་གོས་ཀྱི་གྲྭ་མ་བསྒུལ་བ་དང་ཆར་ཐིགས་པ་གཉིས་ཀྱིས་ལུས་ཉིད་ལ་མ་ཕོག་པ་དང་། རྫི་ཆར་གྱིས་ཀྱང་དེ་ལྟར་མ་གྱུར་པ་དང་། ཡུལ་ཨ་མྲ་པ་ཪྟན་ན་གནས་པ་མ་གཏོགས་པས་དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་

ཟླ་བ་ཕྱེད་དང་གསུམ་ལས་གཞན་པའི་དུས་སུ་ཉི་མ་གང་ལ་ཁྲུས་བྱས་པའི་ཉི་མ་དེ་ཉིད་ནས་ཞག་བཅོ་ལྔའི་མདུན་རོལ་དུ་དོན་གཞན་ལ་གཞོལ་བས་ཆུ་ཉམས་སུ་མྱོང་བ་དང་དེའི་ཕྱིར་མ་བསམས་པར་རྒལ་བ་དང་། བརྒྱལ་བ་ལ་གདབ་པ་དག་མ་གཏོགས་པར་ཆུ་མ་ཡིན་པ་འབྲུ་

མར་དང་མར་དང་ཕྲུམ་ཁུ་དང་འོ་མ་ལ་སོགས་པ་མ་ཡིན་པ་ཆུ་ཉིད་ཀྱིས་དབང་བསྐུར་བས་སམ་འཇུག་པས་ཁྲུས་ལྟེ་བར་སོན་པ་བྱེད་ན་ཁྲུས་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ཟླ་བ་

གཅིག་གི་ཚ་བའི་དུས་དང་ན་བ་དང་ལས་བྱས་པ་དང་ལམ་དུ་ཞུགས་པ་དང་རླུང་གིས་གོས་ཀྱི་གྲྭ་བསྒུལ་བ་དང་། ཆར་ཐིགས་པ་གཉིས་ཀྱིས་ལུས་ཉིད་ལ་ཕོག་པ་དང་། རྫི་ཆར་གྱིས་དེ་ལྟར་གྱུར་པ་དང་། ཡུལ་ཨ་མྲ་པ་རནྟ་ན་གནས་པ་དང་། དོན་གཞན་ལས་གཞོལ་བས་ཆུ་ཉམས་

སུ་མྱོང་བ་དང་། དེའི་ཕྱིར་མ་བསམས་པར་རྒལ་བ་དང་བརྒྱལ་བ་ལ་གདབ་པ་དག་མ་གཏོགས་པའི་དུས་རྣམས་ལ་ན་སྨད་པ་མེད་དོ། །ཆུ་མ་ཡིན་པ་འབྲུ་མར་དང་ཞུན་མར་དང་ཕྲུམ་ཁུ་དང་འོ་མ་ལ་སོགས་པ་མ་ཡིན་པ་ཆུ་ཉིད་ལ་ན་སྨད་པ་མེད་དོ། །མགོ་ནས་དབང་བསྐུར་བས་ལྟེ་

Vol. 153 · folio 242b

བར་སོན་པ་དང་། རྐང་གིས་འཇུག་པས་ལྟེ་བར་སོན་པ་དང་། གཡས་གཡོན་ནས་ལྟེ་བར་སོན་པ་ལ་ན་སྨད་པ་མེད་དོ། །མདོ་ལས་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་

ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ་ཞེས་གསུངས་པ་དེ་ལ་ཅི་ཞིག་རྗེས་སུ་བསྒྲུབ་ན་ཁྲུས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འདུལ་བའི་མདོ་ལས་གཞན་གྱི་དུས་

སུ་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱས་ནའོ་ཞེས་བཤད་དེ། གཞན་གྱི་དུས་སུ་ཞེས་བྱ་བ་ནི་སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ་ཟླ་བ་ཕྱེད་དང་གསུམ་བསྟན་པ་གང་ཡིན་པ་དེ་ལས་གཞན་གྱི་དུས་སོ། །ཁྲུས་ཀྱི་ཉིན་མོ་མ་

ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག་ཅེས་བཀའ་སྩལ་པ་ལས་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་ནས་བརྩམས་ཏེ་ཞག་བཅུ་བཞི་ཚུན་ཆད་ཀྱི་བར་དུ་ཁྲུས་བྱར་མི་རུང་བས་དེ་ནི་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཡང་ཡིན་ལ་

ཞག་བཅོ་ལྔའི་མདུན་རོལ་ཡང་ཡིན་པས་དེར་རོ། །ཁྲུས་བྱེད་ནའོ་ཞེས་བྱ་བ་ནི་དུས་དེར་ཁྲུས་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ལ་ན་སྨད་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་ཤིག་ཅེས་གསུངས་པ་ཡང་གང་གི་ཉིན་མོ་ཁྲུས་བྱེད་པར་གྱུར་པ་དེ་

ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་སྟེ། ཉི་མ་དེ་ཉིད་ཀྱང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ་ཞག་བཅོ་ལྔའི་མདུན་རོལ་ཞག་བཅུ་བཞི་པ་ཚུན་ཆད་དུ་ཁྲུས་བྱེད་ན་ལྟུང་བྱེད་དུ་གསུངས་པ་ཡིན་ཏེ། དེ་ལྟར་བརྩིས་ནས་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་གྱིས་

ཤིག་ཅེས་གསུངས་པ་གང་ཡིན་པ་དེ་དང་མཐུན་པར་འགྱུར་གྱི། གལ་ཏེ་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེའི་ཕྱིར་དེའི་ཉིན་པར་གྱི་ཉི་མ་གང་ཡིན་པ་དེ་ནས་བགྲང་བར་རྩོམ་ན་ནི་དེའི་ཚེ་ཉི་མ་བཅུ་དྲུག་པ་ལ་ཁྲུས་བྱས་པར་འགྱུར་ཏེ། བཅོ་ལྔ་པ་ལ་ཁྲུས་བྱའོ་ཞེས་གསུངས་པ་

Vol. 153 · folio 243a

དང་འགལ་བར་འགྱུར་བས་དེའི་ཕྱིར་གང་གི་ཉིན་མོ་དགེ་སློང་ཁྲུས་བྱེད་པ་ན་ཁྲུས་ཟིན་པ་ནས་བརྩམས་ཏེ་དེ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་བ་ཡིན་པས་ཉི་མ་དེ་ཉིད་གཏོགས་པར་དེ་ཕྱིན་ཆད་ཉི་མ་བཅོ་ལྔ་ནི་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞེས་བྱ་སྟེ་དེ་

དག་ཏུ་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་བས་དེ་དག་ལ་ན་སྨད་པ་མེད་དོ། །མདོ་ལས་ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་ཏེ་ཞེས་གསུངས་པ་ནི་འདུལ་བའི་མདོ་ལས་གོས་མེད་པའི་ཟས་གཉིས་རྙེད་པའི་རྣམ་པ་

གང་ཡིན་པ་ལའོ་ཞེས་བཤད་དེ། ཡང་ཡང་ཟ་བའི་སྐབས་སུ་ཇི་སྐད་བསྟན་པ་དང་འདྲ་བར་སྦྱར་ཏེ། དུས་དེ་དག་ན་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །ན་བའི་དུས་ཀྱི་ཚིགས་ནི་དགེ་སློང་ན་བས་ཁྲུས་མ་བྱས་པར་འཚོ་བར་མི་ནུས་ནའོ། །ལས་ཀྱི་དུས་ཀྱི་ཚིགས་ནི་དགེ་སློང་གི་

དགེ་འདུན་གྱིའམ་མཆོད་རྟེན་གྱི་ལས་ཐ་ན་རེ་ལྡེ་ཙམ་ཞིག་བྱས་སམ་པ་མལ་ཙམ་ཞིག་བྱུག་པ་བྱས་ནའོ། །ལམ་གྱི་དུས་ཀྱི་ཚིགས་ནི་དགེ་སློང་དཔག་ཚད་གཅིག་ཏུ་སོང་ངམ་དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ནའོ། །རླུང་གི་དུས་ཀྱི་ཚིགས་ནི་ཐ་ན་རླུང་གིས་གོས་ཀྱི་གྲྭ་བསྒུལ་བར་

གྱུར་ནའོ། །ཆར་གྱི་དུས་ཀྱི་ཚིགས་ནི་ཐ་ན་ལུས་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །རྫི་ཆར་གྱི་དུས་ཀྱི་ཚིགས་ནི་ཐ་ན་རྫི་བས་གོས་ཀྱི་མཐའ་བསྒུལ་བར་གྱུར་ཅིང་ལུས་ལ་ཆར་པའི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །དུས་དེ་

དག་ཏུ་ཁྲུས་བྱེད་པ་ལ་ནི་ཡུལ་དང་དུས་དང་གནས་སྐབས་ཐམས་ཅད་དུ་ལྟུང་བ་མེད་པས་དུས་དེ་དག་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དབང་བསྐུར་བ་དང་འཇུག་པ་གཉིས་དུས་གཅིག་ཏུ་ཁྲུས་རྩོམ་པ་ན་དེ་གཉིས་ལྟེ་བའི་ཕྱོགས་སུ་དུས་གཅིག་ཏུ་ཕྲད་པ་ལ་ན་སྨད་པ་མེད་

དོ། །དེ་གཉིས་ཀྱི་ཤས་ཆེ་ཆུང་ལྟེ་བའི་ལྟག་འོག་དང་གཡས་གཡོན་གར་ཕྲད་ཀྱང་ཕྱོགས་སྤྱིར་བསྡོམས་ཏེ་ཆོག་པར་གྱུར་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཟླ་བ་ཕྱེད་ཕྱེད་ཀྱི་ནང་རོལ་དུ་ཆུ་ཉིད་ཀྱིས་ཁྲུས་བྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་

Vol. 153 · folio 243b

བར་འགྱུར་ཏེ། ཟླ་བ་ཕྱེད་ལས་འདུམས་པ་ཉིད་དང་། དུས་མ་གཏོགས་པ་ཉིད་དང་། ཆུ་ཉིད་དང་། ཁྲུས་ཉིད་དང་། མགོ་རྐང་ངམ་གཡས་གཡོན་གང་ནས་ཀྱང་རུང་སྟེ་ལྟེ་བར་སོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་

སྲིད་དུ་ཁྲུས་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དབང་བསྐུར་བས་ལྟེ་བར་མ་སོན་པ་དང་། འཇུག་པས་ལྟེ་བར་མ་སོན་པ་དང་། གཡས་གཡོན་ནས་ལྟེ་བར་མ་

སོན་པ་ལ་ཉེས་བྱས་སོ། །དེ་གཉིས་ཀྱིས་ཤས་ཆེ་ཆུང་ལྟེ་བའི་ལྟག་འོག་དང་གཡས་གཡོན་དུ་ཐལ་ལམ་མ་སླེབས་པས་ཕྱོགས་སྤྱིར་བསྡོམས་ཏེ། ཆོག་པར་མ་གྱུར་པ་ལ་ཉེས་བྱས་སོ། །ཆུ་མ་ཡིན་པ་འབྲུ་མར་དང་མར་དང་ཕྲུམ་ཁུ་དང་། འོ་མ་ལ་སོགས་པ་ལ་ཉེས་བྱས་སོ། །ཐམས་ཅད་

ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དོན་གཞན་ལ་གཞོལ་

བས་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་པས་ལྟུང་བ་མེད་དོ། །མ་བསམས་པར་བརྒལ་བ་དང་། བརྒྱལ་བ་ལ་གདབ་པ་ལ་ལྟུང་བ་མེད་དོ། །ཨ་མྲ་པ་རནྟའི་ཡུལ་དག་ན་གནས་པ་ལ་ལྟུང་བ་མེད་དོ། །ཚ་བ་ལ་སོགས་པའི་དུས་ལ་བབ་པ་དང་དུས་བྱིན་གྱིས་བརླབས་པ་ལ་ལྟུང་བ་མེད་དོ། །ལས་

དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁྲུས་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །ཆོ་ག་བརྩན་

པོ་ཡོད་པ་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཁྲུས་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་དྲུག་པ། སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་

Vol. 153 · folio 244a

བྱེད་དང་། །སྦེད་དང་གདེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་བྱ་བ་ནི་བཅུ་པ་བདུན་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བ་ནི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་བདུན་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། དུད་འགྲོ་གསོད་པ་དང་། འགྱོད་པ་བསྐྱེད་པ་

དང་། ག་ག་ཚིལ་བྱེད་པ་དང་། ཆུ་ལ་རྩེ་བ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་དང་། སྔངས་པར་བྱེད་པ་དང་། སྦེད་པ་དང་། བྱིན་པས་ཉེ་བར་འཚོ་བ་དང་། སྐུར་བ་འདེབས་པ་དང་། བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ། །དེ་ལ་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེས་དེར་བསོད་སྙོམས་བརྒྱུས་ནས་འཕོང་གི་སྤོང་སར་ཞུགས་པ་དང་འཕོང་

གི་སློབ་དཔོན་ནི་མེད་ཁྱེའུ་དག་འཁོད་ནས་དེས་དྲིས་པ། ཁྱེའུ་དག་ཅི་བྱེད། དེ་དག་གིས་སྨྲས་པ། འཕགས་པ་འཕོང་སློབ་པོ། འཆར་ཀས་སྨྲས་པ། བུ་དག་ལེགས་ཏེ། ཁྱེད་ཀྱིས་སྒྱུ་རྩལ་མཆོག་ལ་རྒལ་ཏོ། །བལྟས་གཡོན་འཕོངས་དང་། གཡས་འཕོངས་དང་མདའ་ལྔ་འཕོང་བར་བྱོས་ཤིག །དེ་དག་གིས་

བྱ་བར་བརྩམས་པ་དང་། དེ་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་དོ། །དེ་དག་གིས་སྨྲས་པ། འཕགས་པ་ཅི་ནོངས། འཆར་ཀས་སྨྲས་པ། ད་དུང་ཁྱེད་ཅག་གི་སློབ་དཔོན་གྱིས་ཀྱང་མི་ཤེས་ན་ཁྱེད་ཅག་གིས་ཇི་ལྟར་ཤེས་པར་འགྱུར་རེ་སྐན། དེ་དག་གིས་སྨྲས་པ། འཕགས་པ་འདི་ལ་མཁྱེན་པ་

ཅུང་ཟད་ཀྱང་མངའ་བའམ། འཆར་ཀས་སྨྲས་པ། སའི་སྟེང་ན་ཁོ་བོས་མི་ཤེས་པའི་བཟོའི་གནས་དང་། ལས་ཀྱི་གནས་གང་ཡོད། དེ་དག་གིས་སྨྲས་པ། འཕགས་པ་གཡར་སྔ་བྲིམ་གྱིས་མཛད་དུ་གསོལ། འཆར་ཀས་སྨྲས་པ། གཞུ་འོན་ཅིག་དེ་དག་གིས་གཞུ་ཕུལ་བ་དང་། འཆར་ཀས་སྨྲས་པ། གཞུ་འདི་རས་བལ་

གྱི་གཞུ་འདྲས་གཞུ་གཞན་འོན་ཅིག །དེ་དག་གིས་གཞུ་གཞན་གཉིས་པ་དང་གསུམ་པ་ཕུལ་བ་དང་། འཆར་ཀས་སྨྲས་པ། གཞུ་འདི་དག་ཀྱང་རས་བལ་གྱི་གཞུ་འདྲས་ཁྱེད་ཀྱི་སློབ་དཔོན་གྱི་གཞུ་འོན་ཅིག །དེ་དག་གིས་སློབ་དཔོན་གྱི་གཞུ་ཕུལ་བ་དང་། འཆར་ཀས་སྨྲས་པ། འདི་ཡང་ཚོད་ཡོད་པ་ཞིག་གོ་

Vol. 153 · folio 244b

ཞེས་དེས་གཞུ་དེ་རས་བལ་གྱི་གཞུ་བཞིན་དུ་བདུངས་ཏེ་རྒྱུད་སྒྲེང་བ་དང་། སྟེང་གི་ནམ་མཁའ་ལ་བྱ་རོག་གི་ཚོགས་རྒྱུ་བར་བརྩམས་ནས། འཆར་ཀས་སྨྲས་པ། ཇི་ལྟར་ཇེ་བྱ་རོག་འདི་རྐུབ་ཏུ་བསྣུན་ལ་ཁར་དབྱུང་བར་བྱའམ། འོན་ཏེ་ཁར་བསྣུན་ལ་རྐུབ་ཏུ་དབྱུང་བར་བྱ། དེ་དག་གིས་སྨྲས་པ། འཕགས་པ་

རྐུབ་ཏུ་བསྣུན་ལ་ཁར་དབྱུང་དུ་གསོལ། འཆར་ཀས་ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མདའ་ཅིག་འཕངས་ཤིང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་ཡང་མདའ་རེ་རེ་འཕངས་པ་དང་བྱ་རོག་དེས་ཁ་གྱེན་དུ་ཕྱོགས་ཏེ་འགྲོ་བར་བརྩམས་ནས། འཆར་ཀས་དེའི་ཕྱི་

བཞིན་མདའ་གཅིག་འཕངས་པས་རྐུབ་ཏུ་བསྣུན་ཏེ་ཁར་ཕྱུང་ནས་བྱ་རོག་དེ་ས་ལ་ལྟུང་བ་དང་། དེ་དག་ཡ་མཚན་སྐྱེས་ནས་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །འཆར་ཀས་སྨྲས་པ། བུ་དག་བཟོ་འདི་ལྟར་བསླབ་པར་བྱ་བ་འམ། ཡང་ན་སློབ་དཔོན་གཞན་བཙལ་བར་བྱའི། འབྲས་བུ་མེད་པའི་

སྦྲུན་པ་འཕྱར་ཞིང་འཁོད་དེ་ཅི་རུང་ཞེས་སྨྲས་ཏེ་སོང་ངོ་། །དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང་། ཇི་ཙམ་ན་དེ་དག་གི་སློབ་དཔོན་འོངས་ནས་དེས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། དེ་དག་གིས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེས་བསམས་པ་དེ་ཡང་དང་ཡང་

དུ་བདག་ལ་ཐོ་འཚམས་པར་འགྱུར་བས་བདག་གིས་དེ་མི་དགའ་བར་བྱའོ་སྙམ་ནས་ཕྱི་དེ་ཉིན་པར་ཚེ་དང་ལྡན་པ་འཆར་ཀས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། ཁྱེའུ་དེ་དག་བྱ་རོག་གི་རོ་དེ་སྨྱིག་མ་རིང་པོའི་རྩེ་མོ་ལ་བཏགས་ཏེ་བསྐུར་

ནས། ཚེ་དང་ལྡན་པ་འཆར་ཀའི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་བཏང་སྟེ་མི་འོ་ཅོག་ལ་འདི་སྐད་ཅེས་འཕགས་པ་འཆར་ཀས་མདའ་ལྔ་འཕངས་པ་འདི་ལྟ་བུ་བྱ་བས་བྱ་རོག་འདི་རྐུབ་ཏུ་བསྣུན་ནས་ཁར་ཕྱུང་བ་ལ་ལྟོས་ཞེས་སྒྲོགས་སུ་བཅུག་པ་དང་། འཆར་ཀས་དེ་དག་མཐོང་ནས་དེས་སྨྲས་པ། ཁྱེའུ་དག་

ཅིའི་ཕྱིར་ཁོ་བོ་ལ་ཐོ་འཚམས་པར་བྱེད། ཕྱིར་ལོག་ཤིག །འོན་ཀྱང་དེ་དག་ཕྱིར་མ་ལོག་པར་དེ་སྐད་སྒྲོག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པར་བྱེད་པ་སྟེ། སྲོག་གཅོད་པ་ལས་མ་ལོག །མ་སྤངས། སོ་སོར་མ་སྤངས་པ་ཡིན་ནོ། །ཤེས་ལྡན་དག་

Vol. 153 · folio 245a

ཤཱཀྱའི་བུ་དགེ་སྦྱོང་སེམས་ཅན་གང་གི་པགས་པ་ཡང་དགོས་པར་མི་རུང་། ཤ་དང་རྒྱུས་པ་དང་རུས་པ་ཡང་དགོས་པར་མི་རུང་བ་འདི་ལྟ་བུ་ཡང་གསོད་པར་བྱེད་པ་ལ་ལྟོས། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་

བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་

སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་

པར་བྱ་སྟེ། ཡང་དགེ་སློང་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ངན་སེམས། ཉེས་པ་ནི་དུད་འགྲོ་གསོད་པའོ། །དེ་ལ་ཡང་དགེ་སློང་

གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཞེས་བྱ་བ་ནི་བྱ་རོག་གམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གསོད་ན་ཞེས་བྱ་བ་ནི་དེའི་སྲོག་

གཅོད་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་

ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་

Vol. 153 · folio 245b

མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གསོད་སེམས་ཀྱིས་དུད་འགྲོ་གང་ཡང་རུང་བ་ལ་མཚོན་ལ་སོགས་པ་ལུས་དང་དེས་འཕངས་པ་དང་གཉིས་ཀ་དང་ལྡན་པ་གང་ཡང་རུང་བས་བསྣུན་ཏེ་གཞི་དེས་དེའི་ཚེའམ་གཞན་གྱི་ཚེ་ཤི་

ན་སྦྱོར་བ་གཅིག་གིས་གསད་པར་བྱ་བ་ཇི་སྙེད་པ་རེ་རེ་ལ་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དེའི་བྱེ་བྲག་ནི་གསོད་སེམས་ཀྱིས་དུད་འགྲོའི་འགྲོ་བར་གཏོགས་པ་གང་ཡང་རུང་བ་ལ་དེར་འདུ་ཤེས་པ་ལ་རྣམ་པ་གང་ཡང་རུང་བས་གསོད་དམ་གསོད་དུ་བཅུག་ན་ལྟུང་བྱེད་ཀྱི་

དངོས་གཞིར་འགྱུར་རོ། །དུད་འགྲོའི་འགྲོ་བར་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཕོ་དང་མོ་དང་མ་ནིང་དང་མངལ་ན་གནས་པ་ལ་ན་སྨད་པ་མེད་དོ། །ལུས་དང་དེ་དང་འབྲེལ་པ་དང་འཕངས་པ་དང་གཞན་ཡང་རང་ལ་བསྒོ་བ་ལ་ན་སྨད་པ་མེད་དོ། །དུག་དང་ཕྱེ་མ་དང་དོང་དང་ཤིང་

དང་རང་བཞིན་ཉམས་པ་གཏོང་བ་དང་བྲང་དུ་འདེབས་པ་དང་འཁྲུལ་འཁོར་དང་སྒྱུ་ཐབས་དང་རོ་ལོངས་དང་རྗེས་སུ་སྦྱོར་བ་རྣམས་ལ་ན་སྨད་པ་མེད་དོ། །གཡང་དུ་གཏོང་བ་དང་མེ་དང་ཆུར་འཇུག་པ་དང་གྲང་བ་དང་ཚ་བར་གཏོགས་པ་དང་འཆི་བའི་ཕྱོགས་སུ་གཏོང་བ་ལ་ན་སྨད་པ་མེད་དོ། །རྐང་པའི་

མཐེ་བོང་དང་རྒྱ་ཤུག་གི་ཚི་གུ་དང་ཤིང་བལ་ལ་སོགས་པ་འཆི་བ་རྗེས་སུ་བསྒྲུབས་པ་ཆུང་ངུ་ལ་ན་སྨད་པ་མེད་དོ། །སྦྱོར་བའི་གཞི་དེས་དེའི་ཚེ་དང་དུས་གཞན་ན་ཤི་བ་ལ་ན་སྨད་པ་མེད་དོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་པ་ལ་ན་སྨད་པ་མེད་དོ། །ག་གེ་མོ་ན་འདུག་གོ་

ཞེས་སྟོན་པས་བསྒོ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་འགྱུར་བ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལ་སྐྱེས་པ་དང་

འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམས་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་

Vol. 153 · folio 246a

པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གསོད་སེམས་དང་། དུད་འགྲོའི་སྐྱེ་གནས་ཉིད་དུ་གཏོགས་པའི་སྲོག་ཆགས་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོད་

སེམས་དང་། དུད་འགྲོའི་འགྲོ་བ་དང་། དེར་འདུ་ཤེས་པ་དང་། བསྣུན་པ་དང་། ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་

ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དེར་འདུ་ཤེས་མེད་པ་དང་། སྲོག་མ་ཆོད་ན་ཉེས་བྱས་སོ། །འཆིར་བཅུག་ནས་དེ་འཆིར་མ་བཏུབ་ན་ཉེས་བྱས་སོ། །འཆིར་བཅུག་ནས་དེའི་འོག་ཏུ་ཕྱིར་བཟློག་ཀྱང་ཉེས་བྱས་སོ། །འཆིར་བཅུག་ནས་

དེའི་འོག་ཏུ་ཕྱིར་བཟློག་ཀྱང་མ་བཏུབ་སྟེ་ཤི་ན་ཡང་ཉེས་བྱས་སོ། །དཀུ་མཉེ་བས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ཤི་ན་ཉེས་བྱས་སོ། །གསོད་པ་ལ་འཇུག་པ་དང་དུ་བླང་ན་ཉེས་བྱས་སོ། །ཁྱོད་ཀྱི་མིང་གིས་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བ་དང་དུ་ལེན་ན་ཉེས་

བྱས་སོ། །དུད་འགྲོ་ཁོ་བོ་འཆིར་འོང་ངོ་ཞེས་ཟེར་བ་ལ་ཡིད་མི་ཆེས་ཤིང་དེ་བཞིན་དུ་སྒྲུབ་པར་བྱེད་ན་ཉེས་བྱས་སོ། །དུད་འགྲོ་ནད་པ་ཤི་ཡང་བླའི་ཞེས་གཡོག་མི་བྱེད་ན་ཉེས་བྱས་སོ། །ལྟོར་མིད་པ་སྨན་ལ་སོགས་པ་མི་འཕྲོད་པ་སྦྱིན་ན་ཉེས་བྱས་སོ། །དུད་འགྲོ་དོང་དུ་འཇུག་པ་དང་

སྒོ་གླེགས་ཀྱིས་འཚིར་བ་ལ་སོགས་པས་ཉོན་མོངས་པར་བྱེད་ན་ཉེས་བྱས་སོ། །སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་

ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དུད་འགྲོ་བས་བདག་སྔར་ཤི་བའམ། མཉམ་དུ་ཤི་ན་ཉེས་པ་མེད་དེ། ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་པའི་ཕྱིར་རོ། །ལས་དང་པོ་པ་དང་སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་

Vol. 153 · folio 246b

པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དུད་འགྲོ་ནད་པ་ལ་འཆི་བའི་སེམས་པ་དང་རྗེས་སུ་མཐུན་པའི་ཉེ་བར་བསྒྲུབ་པ་ཉེ་བར་བསྒྲུབ་པར་མི་བྱའོ། །དུད་འགྲོའི་

ནད་གཡོག་མི་ཤེས་པ་ལ་འཆི་བའི་དགྲ་བོ་མ་སྨྲས་པར་ནད་གཡོག་ཏུ་མི་གཞག་གོ། །དུད་འགྲོའི་ནད་གཡོག་ཤེས་པ་གཞན་ཡོད་ན། མི་ཤེས་པ་གཞན་མི་གཞག་གོ། །དུད་འགྲོ་ནད་པའི་དྲུང་དུ་འཆི་བའི་འཚོག་ཆས་མི་གཞག་གོ། །དུད་འགྲོ་ནད་པ་འཆི་བར་རྗེས་སུ་བསྒྲུབ་ན་

ནད་གཡོག་གིས་བཟློག་པར་བྱའོ། །དུད་འགྲོའི་མངལ་རླུགས་པར་བྱེད་པ་ལ་སོགས་པ་བྱ་བ་མ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །དུད་འགྲོའི་རྫས་ཐོབ་ཏུ་རེ་བའི་ཕྱིར་དེ་འཆི་བར་འདོད་པར་མི་བྱའོ། །དུད་འགྲོའི་སྨན་དྲི་བར་བྱ་བ་སྨན་པ་དང་། དེའི་རབ་ཏུ་བྱུང་བ་

དང་། དེས་བཀོལ་བ་དང་། དགེ་སློང་རྒན་རབས་ལ་མ་དྲིས་པར་དུད་འགྲོ་ནད་པ་ལ་སྨན་སྦྱིན་པར་མི་བྱའོ། །དུད་འགྲོས་ཁུར་འདེགས་པར་མི་ནུས་པ་ལ་གྲོགས་ཉིད་མི་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་ན་ཁྱིམ་པ་དག་རུབ་པ་ཉིད་ལ་ཅིག་ཅར་གདེག་པ་སྐད་སྦྱར་ཏེ། འདེགས་པར་

བྱའོ། །གཞག་པ་ལ་ཡང་ཅིག་ཅར་གཞག་པ་སྐད་སྦྱར་ཏེ་གཞག་པར་བྱའོ། །དུད་འགྲོ་ནད་པ་མི་ནུས་པ་ལམ་དུ་མི་བཀྲིའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དེ་དྲུག་ཅུ་གཅིག་པ་བཤད་ཟིན་ཏོ།། །།འགྱོད་པ་བསྐྱེད་པའི་ལྟུང་བྱེད་ཀྱི་གླེང་

གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་

བྱུང་ཞིང་། བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན་དེ་དག་དྲུག་སྡེ་དག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་བཅུ་བདུན་སྡེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤོག །འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱེད་

Vol. 153 · folio 247a

ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ། མཁན་པོ་ཡིན་ནམ་ཅི་མི་བྱེད་དོ། །འཆར་ཀས་སྨྲས་པ། གླེན་པ་དག་འོ་ན་གཞན་ཅི་ཞིག་བྱེད་ཅེས་དེ་དག་གཉའ་བ་དག་ནས་བཟུང་སྟེ་ཕྱི་རོལ་དུ་བསྐྲད་དོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དྲུག་སྡེ་དག་

གིས་གང་ཅུང་ཟད་བརྙས་པར་གྱུར་པ་དེ་དག་ཐམས་ཅད་ནི་བདག་ཅག་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་གྱི། ཇེ་ཐོས་པ་འཛིན་དུ་འདོང་ན་དེས་ན་ཕྱིན་ཆད་དྲུག་སྡེ་དག་ལ་ཅུང་ཟད་ཀྱང་དྲི་མི་དགོས་པར་འགྱུར་རོ་ཞེས་དེ་དག་དགེ་སློང་ཞིག་གི་གན་དུ་དོང་སྟེ་སྨྲས་པ། བཙུན་པ་བདག་ཅག་གློག་ཏུ་

སྩོལ་ཅིག །དེས་དེ་དག་ལ་ཐབས་ཡིན་ནོ་ཞེས་སྨྲས་ནས། དེ་དག་གིས་དེའི་གན་དུ་ཀླགས་པར་བརྩམས་སོ། །ཉེ་དགས་སྨྲས་པ། བཙུན་པ་འཆར་ཀ་བཅུ་བདུན་སྡེ་དག་དེ་བར་བདག་ཅག་ལ་རྟེན་པར་མི་བྱེད། བསྙེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །ཁོ་བོས་དེ་དག་བསྐྲད་ནས་དེ་

ལྟར་ཐོས་པ་འཛིན་པར་བརྩམས་སོ། །བཙུན་པ་འཆར་ཀ་ཁྱེད་ཀྱིས་བདག་ཅག་གི་སྦྲུལ་ཉལ་བ་ལྕག་གིས་གཞུས་སོ། །ཇི་སྲིད་དུ་གླེན་པ་དེ་དག་ཐོས་པ་ཉུང་བ་དེ་དག་བདག་ཅག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་ཀྱི། གང་གི་ཚེ་དེ་དག་ཐོས་པ་མང་པོར་གྱུར་ཅིང་།

མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། གདུག་ཅིང་ཕ་རོལ་གནོན་པར་གྱུར་པ་དེའི་ཚེ་ན་དེ་དག་བདག་ཅག་ལ་གནོད་པར་བྱ་བར་སེམས་པར་འགྱུར་རོ། །འཆར་ཀས་སྨྲས་པ། ཁོ་བོས་དེ་དག་ཇི་ནས་ཀྱང་ཐོས་པ་འཛིན་པར་མི་འགྱུར་བ་དང་། ཐོས་པ་འཛིན་པ་

ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟར་བྱའོ་ཞེས་དེ་དག་གི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅུ་བདུན་སྡེ་དག་ཤིན་ཏུ་བརྩོན་འགྲུས་བརྩམས་སམ། དེ་དག་གིས་སྨྲས་པ། བརྩམས་སོ། །བརྩོན་འགྲུས་ཀྱིས་ཅི་བྱ། ཐོས་པ་གཟུང་ངོ་། །ཐོས་པ་གཟུང་བས་ཅིར་འགྱུར།

མང་དུ་ཐོས་པར་འགྱུར་རོ། །མང་དུ་ཐོས་པས་ཅིར་འགྱུར། དབང་པོ་ཡོངས་སུ་སྨིན་པར་འགྱུར་རོ། །དབང་པོ་ཡོངས་སུ་སྨིན་པས་ཅིར་འགྱུར། ངེས་པ་ལ་འཇུག་པ་དང་ཟག་པ་ཟད་པར་འགྱུར་རོ། །ཁྱེད་ངེས་པ་ལ་འཇུག་པ་དང་ཟག་པ་ཟད་པར་འགྱུར་རེ་སྐན། བཙུན་པ་འཆར་ཀ་ཁོ་བོ་

Vol. 153 · folio 247b

ཅག་མཚམས་མེད་པའི་ལས་དག་བྱས་པའམ། དགེ་བའི་རྩ་བ་ཆད་པ་ཡིན་ནམ་ཅི། ཁྱེད་ཅག་མཚམས་མེད་པའི་ལས་དག་བྱས་པ་ཡང་མ་ཡིན། དགེ་བའི་རྩ་བ་ཆད་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་ཁྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ་

དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་རོ་ཞེས་གསུངས་པ་མ་ཐོས་སམ། ཁྱེད་ཅག་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པས་ཁྱེད་ཅག་ངེས་པ་ལ་འཇུག་པ་དང་ཟག་པ་ཟད་པར་འགྱུར་

རེ་སྐན། དེ་དག་གིས་དེ་ཐོས་ནས་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང་། དེ་དག་གི་སློབ་དཔོན་དེ་འོངས་ནས་སྨྲས་པ། གཞོན་ནུ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། དེས་སྨྲས་པ། ཁྱེད་ཀྱིས་དེ་ནི་ཐོས་ན་བཅོམ་ལྡན་འདས་ཀྱིས་

ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་མ་ཐོས་སམ། ཁྱེད་ཅག་ལས་དང་པོ་པ་ཡིན་པས་བསྙེན་པར་རྫོགས་པར་འགྱུར་གྱི་ཚུར་ཤོག་ལ་ལུང་ནོས་ཤིག །གཞན་ཡང་འདི་ལྟར་ཁྱེད་སུས་འགྱོད་པ་སྐྱེད། བཙུན་པ་འཆར་ཀས་སོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་

དགེ་སློང་དག་བསམས་བཞིན་དུ་དགེ་སློང་ལ་འགྱོད་པ་སྐྱེད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་

སློང་གི་དགེ་འདུན་བསྡུ་བ་མཛད་དེ་འཆར་ཀ་ལ་རྨས་ནས། དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་

དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་འདིའི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་དགེ་སློང་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words