འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 157 · folio 29a
བྱ་བ་ནི་དབེན་པར་བྱེད་པའོ། །གནས་སུ་ཞེས་བྱ་བ་ནི་གནས་ཁང་དུའོ། །འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཅེས་བྱ་བ་ནི་སྤྲོད་པ་བྱུང་བའི་སྲིད་པས་ངེས་པར་སྟོན་པར་གྱུར་པའོ། །ལས་སུ་རུང་བ་ཞེས་བྱ་བ་ནི་ལས་སུ་རུང་བའོ། །ཡིད་
མི་དགའ་ཞིང་ཞེས་བྱ་བ་ནི་མ་རངས་ཤིང་ངོ་། །མངོན་པར་མ་མགུ་ནས་ཞེས་བྱ་བ་ནི་མ་ཕྱོགས་ནས་སོ། །རང་གི་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ་ཞེས་བྱ་བ་ནི་ཧ་ཅང་མ་གྲགས་པ་ཉིད་ཀྱིས་ཤིན་ཏུ་ཉེས་པར་འགྱུར་བའི་ཕྱིར་རོ། །འཕྱང་བ་ཅན་ཞེས་བྱ་བ་ནི་དེ་འཕྱང་བ་ཡིན་པས་འཕྱང་བའོ། །དེ་གང་
ལ་ཡོད་པ་དེ་ནི་འཕྱང་བ་ཅན་ནོ། །འཕགས་རྒྱལ་ཞེས་བྱ་བ་ནི་གྲོང་ཁྱེར་རོ། །དེད་དཔོན་ཞེས་བྱ་བ་ནི་འདྲོན་པའི་གཙོ་བོའོ། །བུ་མངོན་པར་འདོད་པ་ཞེས་བྱ་བ་ནི་བུ་ཡོད་པར་འདོད་པས་སོ། །ཞི་བ་ཞེས་བྱ་བ་ནི་ལྷ་ཆེན་པོའོ། །ཆུ་ལྷ་ཞེས་བྱ་བ་ནི་ཆུའི་ལྷའོ། །ལུས་ངན་ཞེས་བྱ་བ་ནི་
རྣམ་ཐོས་ཀྱི་བུའོ། །སོགས་པ་ཞེས་སྨོས་པས་ནི་ཡུལ་འཁོར་སྲུང་ལ་སོགས་པ་དག་བསྡུའོ། །གསོལ་བ་འདེབས་ཞེས་བྱ་བ་ནི་འཆོལ་བའོ། །ལྷའི་བྱེ་བྲག་ཅེས་བྱ་བ་ནི་ལྷའི་རྣམ་པའོ། །ཀུན་དགའི་ར་བ་ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པའི་ཤིང་ལྗོན་པའི་གནས་སོ། །ཚལ་
ཞེས་བྱ་བ་ནི་འབྲས་བུ་མེད་པའི་ཤིང་ལྗོན་པའི་གནས་སོ། །ལྷན་ཅིག་སྐྱེས་པ་དག་ཅེས་བྱ་བ་ནི་དུས་གཅིག་ཏུ་བྱུང་བ་སྲུང་བར་བྱེད་པ་གནོད་སྦྱིན་ལ་སོགས་པ་དག་གོ། །ཆོས་མཐུན་པ་དག་ཅེས་བྱ་བ་ནི་བསྟན་བཅོས་མཐུན་པ་དག་གོ། །རྟག་ཏུ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་རྟག་ཏུ་ཕྱི་བཞིན་འོང་
བའོ། །གཏམ་ཞེས་བྱ་བ་ནི་གྲགས་པའོ། །གནས་གསུམ་པོ་དག་ཅེས་བྱ་བ་ནི་རྒྱུ་གསུམ་པོ་དག་གོ། །མངོན་དུ་གྱུར་པ་ལས་ཞེས་བྱ་བ་ནི་ཉེ་བར་གྱུར་པ་ལས་སོ། །འདུས་པ་ཞེས་བྱ་བ་ནི་བྱ་བ་གཅིག་རྩོམ་ཞིང་སྦྱོར་བའོ། །དྲི་ཟ་ཞེས་བྱ་བ་ནི་སྲིད་པ་བར་མ་པའི་སེམས་ཅན་ཏེ། ཟས་སུ་དྲི་ཟ་
བའོ། །ཉེ་བར་གནས་ཤིང་ཞེས་བྱ་བ་ནི་འཇུག་པའི་ཕྱིར་ཉེ་བར་འོངས་ཤིང་ངོ་། །འཇུག་འདོད་པ་ཞེས་བྱ་བ་ནི་མངལ་དུ་འཇུག་འདོད་པའོ། །དགྱེས་པ་ཞེས་བྱ་བ་ནི་རིགས་པའམ་ཤེས་པ་བརྗོད་པའོ། །རོ་སྟོད་བསྲང་སྟེ་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པ་བསྟོད་དེའོ། །ཀུན་དུ་སྤྱོད་
Vol. 157 · folio 29b
པ་ཞེས་བྱ་བ་ནི་གྲགས་པས་སོ། །རབ་ཅེས་བྱ་བ་ནི་རིགས་དང་གཟུགས་དང་རེག་དང་རྒྱན་ལ་སོགས་པ་དག་གིས་མཆོག་ཏུ་གྱུར་པའོ། །འབྲིང་དང་ཐ་མ་དག་ཀྱང་དེ་བཞིན་འདོད་པ་ཅན་གྱི་ཐ་མ་དང་འབྲིང་དང་རབ་དག་འདོད་པའི་ཕྱིར་རྣམ་པ་གསུམ་མོ། །དགུན་གྱི་ཞེས་བྱ་བ་ནི་དྲོ་བའི་ཕྱིར་རོ། །
དཔྱིད་ཀྱི་ཞེས་བྱ་བ་ནི་བསིལ་བའི་ཕྱིར་རོ། །དབྱར་གྱི་ཞེས་བྱ་བ་ནི་གཉི་ག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །སྐྱེད་མོས་ཚལ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་ལ་སོགས་པ་དང་ལྡན་པའི་གནས་སོ། །སྐྱེས་པ་མེད་པ་ཞེས་བྱ་བ་ནི་སྐྱེས་པ་དང་བྲལ་བ་བུད་མེད་འབའ་ཞིག་དང་ངོ་། །
སིལ་སྙན་གྱིས་ཞེས་བྱ་བ་ནི་རོལ་མོའི་སྒྲས་སོ། །དོན་གྱིས་ཤེས་ཞེས་བྱ་བ་ནི་ཟུར་གྱིས་སོ། །བསྐུལ་ཏོ་ཞེས་བྱ་བ་ནི་གོ་བར་བྱས་སོ། །འདོད་པ་ལ་བབ་པར་བྱའོ་ཞེས་བྱ་བ་ནི་འཛིན་དུ་གཞུག་པར་བྱ་བའོ། །སྦྱོར་བར་འགྱུར་བས་ཞེས་བྱ་བ་ནི་སེམས་པར་འགྱུར་བས་སོ། །ཟོང་ཞེས་བྱ་བ་ནི་བཙོང་
བར་བྱ་བའི་དངོས་པོའོ། །ཡུལ་གཞན་དུ་ཞེས་བྱ་བ་ནི་འགྲོ་བའོ། །མངོན་དུ་གྱུར་པ་ཞེས་བྱ་བ་ནི་ད་ལྟར་རོ། །བདག་འདས་ནས་ཞེས་བྱ་བ་ནི་ཤི་ནས་སོ། །མུན་པ་མེད་ཅེས་བྱ་བ་ནི་སྣང་བར་རོ། །བཟང་མོ་ཞེས་བྱ་བ་ནི་དགའ་བའི་ཚིག་གིས་བོད་པའོ། །དྲིལ་བསྒྲགས་པ་ཞེས་བྱ་བ་ནི་
ཉན་དུ་གཞུག་པའོ། །ཤོ་གམ་ཞེས་བྱ་བ་ནི་ལམ་གྱི་དཔྱའོ། །ལ་གཅན་ཞེས་བྱ་བ་ནི་འཇིགས་པ་དང་བཅས་པའི་ཕྱོགས་བསྲུང་བའི་དཔྱའོ། །གྲུ་བཙས་ཞེས་བྱ་བ་ནི་ཆུ་ཀླུང་རྒལ་བའི་དཔྱའོ། །ཡུལ་གཞན་དུ་འགྲོ་བ་དང་མཐུན་པའི་ཞེས་བྱ་བ་ནི་ཡུལ་གཞན་དུ་འགྲོ་བས་བསྐྱེད་
བར་བྱ་བ་གང་ཡིན་པའོ། །ཚོང་པ་ཞེས་བྱ་བ་ནི་ཟོང་ཐོགས་པའི་མིའོ། །མགྲོན་དུ་བོས་ཏེ་ཞེས་བྱ་བ་ནི་གཡར་དྲངས་ཏེའོ། །ཤེས་ལྡན་དག་ཅེས་བྱ་བ་ནི་བོད་པའི་ཕྱིར་མཆོད་པའི་ཚིག་སྟེ་ཤེས་པ་ཞེས་བྱ་བ་དེ་དག་ལ་སོགས་པའི་ཕྱིར་རོ། །དེ་ཁོ་ན་བཞིན་དུ་ཁྱེད་ཀྱི་ཡང་ཡིན་གྱི་ཞེས་བྱ་བ་ནི་
བསྲུང་བར་བྱ་བ་ཡིན་པའི་ཕྱིར་དང་སྟེན་གྲོགས་ཀྱི་བུ་ཡིན་པའི་ཕྱིར་དང་། བཅོལ་བའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་ཉེས་པའོ། །གནོད་པ་ལས་ཞེས་བྱ་བ་ནི་དོན་མེད་པའི་རྒྱུ་ལས་སོ། །ཕན་པ་ལ་ཞེས་བྱ་བ་ནི་དོན་གྱི་རྒྱུ་ལའོ། །རབ་ཏུ་གནས་པར་གྱུར་ནའོ། །ལེགས་ཞེས་བྱ་
Vol. 157 · folio 30a
བ་ནི་མ་ནོངས་ཞེས་བྱ་བའོ། །ཟོང་རྣམ་པར་སྤངས་ཤིང་ཞེས་བྱ་བ་ནི་བཙོང་ཞིང་ངོ་། །དེ་ཁོ་ན་བཞིན་དུ་ཚོང་པ་འདི་དག་ཡང་ཡིན་ཞེས་བྱ་བ་ནི་ཕའི་གྲོགས་ཡིན་པའི་ཕྱིར་དང་། ཕན་པ་དང་གནོད་པ་སྟོན་པའི་ཕྱིར་རོ། །མཉན་ཅིང་ཞེས་བྱ་བ་ནི་ཉན་པའི་དུས་
ནའོ། །བྱ་བར་ཞེས་བྱ་བ་ནི་རྗེས་སུ་སྒྲུབ་པའི་དུས་ནའོ། །དགེ་མཚན་ཞེས་བྱ་བ་ནི་གིའུ་ཝང་དང་ཚོན་སྣ་ལྔ་པ་དང་ཡུངས་ཀར་དཀར་པོ་གསང་སྔགས་ཀྱིས་བཏབ་པ་ལ་སོགས་པ་བཀྲ་ཤིས་ཀྱི་རྟགས་སོ། །བཀྲ་ཤིས་ཀྱི་ཞེས་བྱ་བ་ནི་ཤ་རློན་པ་དང་མེ་ཏོག་དཀར་པོ་དང་། བ་བཞོན་དང་
རྫ་རྔའི་སྒྲ་དང་། གླང་པོ་ཆེའི་སྐད་ལ་སོགས་ཕྱི་རོལ་གྱིའོ། །བདེ་ལེགས་སུ་གྱུར་པ་ཞེས་བྱ་བ་ནི་མེའི་སྦྱིན་སྲེག་དང་བྲམ་ཟེའི་འདོན་པ་ལ་སོགས་པ་སྲིན་པོ་འཇོམས་པའོ། །ཡང་ན་དགེ་མཚན་ཞེས་བྱ་བ་ནི་ཡིད་དུ་འོང་བའི་རྒྱུའོ། །བཀྲ་ཤིས་ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་བཟློག་པའོ། །
བདེ་ལེགས་སུ་གྱུར་པ་ཞེས་བྱ་བ་ནི་བགེགས་བསྲུང་བའོ། །ཁུར་དག་ཅེས་བྱ་བ་ནི་ཕྲག་རྡང་གི་ཁུར་དག་གོ། །རྫང་དག་ཅེས་བྱ་བ་ནི་འདམ་བུ་དང་སྨྱིག་ཚལ་ལ་སོགས་པ་ལས་ལྷས་པ་འབྲུའི་སྣོད་དག་གོ། །གླེ་བ་དག་ཅེས་བྱ་བ་ནི་སོག་མ་ལ་སོགས་པ་ལས་བྱས་པའི་འབྲུའི་སྣོད་དག་
གོ། །འཕགས་སམ་ཞེས་བྱ་བ་ནི་སོང་བའོ། །ཡུལ་འཁོར་ཞེས་བྱ་བ་ནི་རྒྱལ་སྲིད་གཞན་ནོ། །རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ནི་རྒྱལ་པོ་བཞུགས་པའོ། །ཁད་ཀྱིས་རྒྱུ་བ་ན་ཞེས་བྱ་བ་ནི་མཐར་གྱིས་འགྲོ་བའོ། །གཟུགས་འཚོང་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། བདག་ཉིད་ཀྱི་
གཟུགས་གནས་པར་བྱ་བའི་ཕྱིར་འཚོང་བར་བྱེད་པའི་ཕྱིར་རོ། །སྐྱེས་དགའ་ཞེས་བྱ་བ་ནི་དོན་དུ་གཉེར་བར་འོས་པའི་ཕྱིར་རོ། །མངག་གཞུག་མ་ཞེས་བྱ་བ་ནི་བྲན་མོའོ། །བཙུད་ཀྱི་ཞེས་བྱ་བ་ནི་བཅུག་གི་ཞེས་བྱ་བའོ། །དྲི་ཞེས་བྱ་བ་ནི་ལུས་བྱུག་པ་ལ་སོགས་པའི་རྫས་སོ། །ཕྲེང་
བརྒྱུད་ཅེས་བྱ་བ་ནི་མེ་ཏོག་གོ། །མི་ཕལ་པ་ཞེས་བྱ་བ་ནི་སྐྱེ་བོ་ཐ་མལ་པའོ། །སྐབས་ཀྱི་གཏམ་ཞེས་བྱ་བ་ནི་འགྲོ་བ་དང་འོང་བའི་བར་སྐབས་ཀྱི་གཏམ་མོ། །ཇི་སྙེད་ཅེས་བྱ་བ་ནི་ཇི་ཙམ་མོ། །བྱས་པར་གྱུར་པ་ཞེས་བྱ་བ་ནི་བརྗོད་པར་གྱུར་པའོ། །ཐོས་ནས་ཞེས་བྱ་བ་ནི་མཉན་ནས་
Vol. 157 · folio 30b
སོ། །དགའ་བ་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བའོ། །ཡིད་བདེ་བ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའོ། །ཁ་ཅིག་ན་རེ་ཡིད་བདེ་བ་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བའོ། །དགའ་བ་ཞེས་བྱ་བ་ནི་དོན་གཞན་ཡིན་ཞེས་ཟེར་རོ། །ཞིམ་པོ་ཞེས་བྱ་བ་ནི་དྲི་མ་ཞིམ་པོས་སོ། །བླ་རེ་བྲེས་པ་དང་བཅས་པའི་མལ་
བཤམས་ནས་ཞེས་བྱ་བ་ནི་བླ་རེ་ཞེས་བྱ་བ་སྟེང་དུ་བྲེ་བའི་རས་བྲེས་པ་ཞེས་བྱ་བའོ། །བརྐྱང་བ་དང་བཅས་པའི་མལ་ཞེས་བྱ་བ་ནི་ཉལ་སྟན་ནང་ཚངས་ཅན་ལ་སོགས་པའོ། །བཤམས་ནས་ཞེས་བྱ་བ་ནི་བཏིང་ནས་སོ། །གཙོ་ཆེར་ཞེས་བྱ་བ་ནི་ཤས་ཆེར་ཏེ། བར་སྐབས་སུ་དོན་གཞན་ཡང་
བྱེད་པ་གཙོ་ཆེར་སྨོས་སོ། །སྡོད་ཅིང་ཞེས་བྱ་བ་ནི་སྟ་གོན་བྱེད་ཅིང་ངོ་། །རྣམ་པར་མཛེས་ཤིང་ཞེས་བྱ་བ་ནི་སྡུག་ཅིང་ངོ་། །རིགས་སྐྱེས་ཞེས་བྱ་བ་ནི་རིགས་མཐོན་པོའོ། །རིགས་མིན་སྐྱེས་ཞེས་བྱ་བ་ནི་རིགས་དམའ་བའོ། །ནོར་ཉམས་ཞེས་བྱ་བ་ནི་དབུལ་པོའོ། །ནོར་གྱིས་འབྱོར་
བ་ཞེས་བྱ་བ་ནི་ཕྱུག་པོའོ། །གཟུགས་ཀྱིས་ཕྱུག་པ་ཞེས་བྱ་བ་ནི་གཟུགས་ཀྱིས་འབྱོར་བ་སྟེ། གཟུགས་བཟང་པོ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་འཕྲོག་བྱེད་ཅེས་བྱ་བ་ནི་དབང་དུ་བྱེད་པའོ། །ཁང་ཐོག་ནས་ཞེས་བྱ་བ་ནི་ཁང་བཟངས་ཀྱི་ས་ནས་སམ་ཁྱིམ་གྱི་ས་ནས་སོ། །
འཁྱུད་དེ་ཞེས་བྱ་བ་ནི་ཕང་གིས་འཁྱུད་དེའོ། །ཁྱིམ་གྱི་ནང་དུ་ཞེས་བྱ་བ་ནི་ཁང་པའི་ནང་དུའོ། །བུད་མེད་ཀྱི་ཁྲི་ལ་ཞེས་བྱ་བ་ནི་ཁྲིམས་ཡངས་པ་ལའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་ཏེ་ཞེས་བྱ་བའོ། །དགུང་གཅིག་གི་གླ་ཞེས་བྱ་བ་ནི་ཉིན་མཚན་གཅིག་གི་གླའོ། །མི་གཤའ་བ་
ཞེས་བྱ་བ་ནི་བརྗེད་པར་བྱ་བ་མ་ཡིན་པའོ། །འདོད་པ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་དག་གོ། །བསྟེན་པ་ན་ཞེས་བྱ་བ་ནི་ཉེ་བར་སྤྱོད་པ་ནའོ། །ལྡོག་པ་ན་ཞེས་བྱ་བ་ནི་ཕྱིར་ལྡོག་པའོ། །ངོམས་པ་ཞེས་བྱ་བ་ནི་མཐར་ཐུག་པ་ཞེས་བྱ་བ་དོན་མེད་པ་ཉིད་
དེ། དེ་གསུམ་ནི་མི་ཕྱོགས་པའི་རྣམ་གྲངས་སོ། །གཏད་པར་ཞེས་བྱ་བ་ནི་བཅོལ་བས་སོ། །ཀུན་དུ་བཙལ་བར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་བལྟ་བར་བྱ་བའོ། །འཇུད་མཐུན་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། འཇུད་པ་ཞེས་བྱ་བ་ནི་ཕོའི་དབང་པོ་སྟེ། གཞུག་པར་བྱ་བ་མོའི་
Vol. 157 · folio 31a
དབང་པོར་དེ་འཇུད་པར་བྱེད་པ་ཡིན་པས་འཇུད་པ་ཞེས་བྱ་བའོ། །བུད་མེད་གང་འཇུག་པ་དེ་དང་རྗེས་སུ་མཐུན་པར་བྱེད་པ་དེ་དང་འཇུད་མཐུན་མ་ཞེས་བྱའོ། །ཡལ་བར་བོར་བ་ཞེས་བྱ་བ་ནི་རིང་དུ་སྤངས་པའོ། །འདིའི་ཕས་ཞེས་བྱ་བ་ནི་མཛེས་དགའི་ཕས་
སོ། །ཀླན་ཀར་འགྱུར་རོ་ཞེས་བྱ་བ་ནི་བརྗོད་པར་བྱ་བར་འགྱུར་ཏེ། ཉེས་པ་དང་བཅས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དོན་མཐུན་རྣམས་ཞེས་བྱ་བ་ནི་དོན་མཐུན་པའི་སྐྱེ་བོའི་ཚོགས་ཏེ་འདྲོན་པའོ། །བང་ཆེན་ཞེས་བྱ་བ་ནི་ཕྲིན་སྐྱེལ་བའོ། །ཐོགས་ནས་ཞེས་བྱ་བ་ནི་ཡུན་
རིང་དུ་ཐོགས་ནས་སོ། །འདུས་ཏེ་ཞེས་བྱ་བ་ནི་ཚོགས་ཏེའོ། །ཀུན་དུ་སྦྱོར་བ་དག་ཅེས་བྱ་བ་ནི་ཉོན་མོངས་པ་དག་སྟེ། དེ་དག་གིས་སྡུག་བསྔལ་དག་དང་ཀུན་དུ་སྦྱོར་བའི་ཕྱིར་རོ། །འཕེལ་བར་བྱེད་པ་ཡིན་པས་ཞེས་བྱ་བ་ནི་སྐྱེ་བར་བྱེད་པ་ཡིན་པས་སོ། །བྲལ་བར་གྱུར་པ་ཞེས་བྱ་
བ་ནི་ཞི་བར་གྱུར་པའོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་ཡི་ཆད་པའི་ཚིག་གོ། །བྱ་བ་མ་ཡིན་པ་ལ་ཞེས་བྱ་བ་ནི་མི་སྙན་པ་ལའོ། །འཕགས་སོ་ཞེས་བྱ་བ་ནི་སོང་བའོ། །ཕྱིན་ཆད་ཅེས་བྱ་བ་ནི་སྤང་ངོ་། །གཉིས་སམ་གསུམ་ཞེས་བྱ་བ་ལ་ཡོངས་སུ་རྫོགས་པ་བགྲངས་ན་ནི་གཉིས་
སོ། །ཆ་བགྲངས་ན་ནི་གསུམ་མོ། །ཞིང་ཞེས་བྱ་བ་ནི་ཞིང་དུ་རྨོ་བའོ། །ལས་ཀྱི་མཐའ་ཞེས་བྱ་བ་ནི་ལན་ཚྭའི་ལས་ལ་སོགས་པའོ། །གྲོང་མི་ཞེས་བྱ་བ་ནི་གཡོག་བྲན་དག་གོ། །ཁོ་ནར་ཞེས་བྱ་བ་ནི་འབའ་ཞིག་ཏུའོ། །སྐབས་ཞེས་བྱ་བ་ནི་བྱ་བའི་དུས་སོ། །རྨེད་དམ་ཞེས་བྱ་
བ་ནི་དྲི་བའོ། །ཚོགས་ཅན་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། ཚོགས་ཅན་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་ཐམས་ཅད་དོ། །བུད་མེད་གང་ལ་སྐྱེ་བོའི་ཚོགས་ཐམས་ཅད་བདག་པོར་ཡོད་པ་དེ་ནི་ཚོགས་ཅན་མ་ཞེས་བྱ་བའོ། །རང་བཞིན་ཞེས་བྱ་བ་ནི་རང་བཞིན་གྱིས་ཏེ་བཅོས་མ་མ་ཡིན་པའི་སྡུག་
པས་སོ། །བྱ་རྣམས་ཞེས་བྱ་བ་ནི་འདབ་ཆགས་དག་གོ། །འབྲས་བུ་མེད་ཅེས་བྱ་བ་ནི་འབྲས་བུ་ཤིང་ཐོག་ཟད་པའོ། །ལྗོན་པ་ཞེས་བྱ་བ་ནི་ཤིང་ལྗོན་པའོ། །བཞིན་ཞེས་བྱ་བ་ནི་དཔེའོ། །རྙིང་པ་ཞེས་བྱ་བ་ནི་འཕྱོན་མ་པའོ། །རྣམ་པར་སྤོང་ཞེས་བྱ་བ་ནི་གཏོང་བའོ། །ཇི་སྲིད་དུ་
Vol. 157 · folio 31b
ཞེས་བྱ་བ་དང་། དེ་སྲིད་དུ་ཞེས་བྱ་བ་ནི་མ་ཟད་པའོ། །དབང་ཞེས་བྱ་བ་ནི་རག་ལས་པའོ། །བརྒྱ་བྱིན་ཞེས་བྱ་བ་ནི་རྡོ་རྗེ་ཅན་ཏེ་དབང་བའོ། །རི་ཀླུང་ཞེས་བྱ་བ་ནི་རིའི་ཆུ་ཀླུང་ངོ་། །ཡིད་འབེབས་པར་ཞེས་བྱ་བ་ནི་ཡིད་གཅུགས་པར་རོ། །དགོངས་ཀར་ཞེས་བྱ་བ་ནི་མཚན་མོའི་ཆ་དང་
པོར་རོ། །རང་ཞེས་བྱ་བ་ནི་འཕྱོན་མ་པ་རང་གིའོ། །གཅུགས་པ་དང་ཞེས་བྱ་བ་ནི་ཡིད་གཅུགས་པ་དང་ངོ་། །གཏམ་གྱིས་ཞེས་བྱ་བ་ནི་དགའ་བའི་གཏམ་གྱིས་སོ། །དགའ་བར་བྱེད་ཅེས་བྱ་བ་ནི་ཡིད་གཅུགས་པ་དགའ་བའི་གཏམ་དེ་གཉིས་ཀྱིས་འཕྱོན་མ་དགའ་བར་བྱེད་པའོ། །
དབུས་གནས་ཤིང་ཞེས་བྱ་བ་ནི་དགོངས་ཀ་ལྟར་དགའ་བར་ཡང་མི་བྱེད་ལ་ནམ་ནངས་ཀ་ལྟར་སྤོང་བར་ཡང་མི་བྱེད་པའོ། །སྤྱོད་པར་བྱེད་དམ་ཞེས་བྱ་བ་ནི་རྗེས་སུ་འཇུག་པར་བྱེད་དམ་ཞེས་བྱ་བའོ། །ནོར་མ་སྤྱད་པ་ཞེས་བྱ་བ་ནི་སྔར་ནོར་སྤྱད་མ་ཟིན་པའོ། །ཤིན་ཏུ་ཐག་རིང་བར་ཞེས་བྱ་བ་ལ་
ཤིན་ཏུ་ཞེས་བྱ་བ་ནི་རབ་ཏུའོ། །ཐག་རིང་བར་ཞེས་བྱ་བ་ནི་ཁད་རིང་བར་རོ། །བཞད་གད་དག་ཅེས་བྱ་བ་ནི་དགའ་བ་དང་བཅས་པའི་ཚིག་གོ། །འདོད་ཆགས་ཤས་ཆེས་ཆེན་པོས་ཞེས་བྱ་བ་ནི་འདོད་ཆགས་དམ་པས་སོ། །ཡོལ་བས་ཞེས་བྱ་བ་ནི་བསྐྱབ་པའི་རས་ཀྱིས་སོ། །ལམ་པོ་ཆེ་ལ་
མི་མཁས་པས་ཞེས་བྱ་བ་ནི་ལམ་རྒྱུས་མི་ཤེས་པས་སོ། །ཇི་ཙམ་ན་ཞེས་བྱ་བ་ནི་དེའི་མོད་ནའོ། །ཕྱི་ཐོག་ཐག་ཅེས་བྱ་བ་ནི་ཕྱི་བཞིན་ཐོག་ཐག་གོ། །རྗེས་སུ་སོང་ངོ་ཞེས་བྱ་བ་ནི་རྗེས་སུ་འབྲང་བའོ། །ལོ་མ་ལྷགས་པ་དག་ཅེས་བྱ་བ་ནི་འདབ་མ་འབྲུལ་བ་དག་གོ། །བླངས་ཏེ་ཞེས་བྱ་བ་
ནི་གདིང་བའི་ཕྱིར་བླངས་ཏེའོ། །ཚུལ་མ་ལགས་པ་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་སོ། །གནོད་པ་བསྒྲུབས་པར་གྱུར་ཏོ་ཞེས་བྱ་བ་ནི་སྡུག་བསྔལ་ཐོབ་པར་བྱས་པའོ། །ཉི་མ་གཉིས་སམ་གསུམ་དུ་ཞེས་བྱ་བ་ནི་ཉི་མ་རངས་པར་བགྲངས་པས་ནི་གཉིས་སོ། །ཉི་མ་དུམ་བུར་བགྲངས་པས་
ནི་གསུམ་མོ། །ཀུན་དུ་སྤྱད་པའི་ཞེས་བྱ་བ་ནི་ཀུན་དུ་ཐ་སྙད་བྱ་བའོ། །ཆོས་དག་ཅེས་བྱ་བ་ནི་ཆོས་གང་དག་གོ། །རི་དགས་ཀྱི་རི་དགས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ནི་རི་དགས་དང་འདྲ་བའི་ཕྱིར་རོ། །རྒྱ་ཆེ་ལ་ཞེས་བྱ་བ་ནི་གོ་སྐབས་ཡངས་པ་བསྟན་ཏོ། །རང་གི་སྤྱོད་ཡུལ་ཞེས་བྱ་
Vol. 157 · folio 32a
བ་ནི་འགག་པ་མེད་པར་བསྟན་ཏེ། སྤྱོད་ཡུལ་ནི་ཡུལ་ལོ། །ཡབ་ཀྱི་ཡུལ་ཡིན་གྱི་ཞེས་བྱ་བ་ནི་སྟོན་པས་རྗེས་སུ་གནང་བ་ཉིད་བསྟན་ཏོ། །བསོད་སྙོམས་བསྒྲུབས་ལ་ཞེས་བྱ་བ་ནི་སློང་མོའི་ཟས་བསྒྲུབས་ལ་ཞེས་བྱ་བའོ། །འཚོ་བར་གྱིས་ཤིག་ཅེས་
བྱ་བ་ནི་སྲོག་གཟུང་བར་གྱིས་ཤིག་ཅེས་བྱ་བའོ། །འགྱོད་པ་སྐྱེས་ཏེ་ཞེས་བྱ་བ་ནི་ཕྱིར་ལོག་སྟེའོ། །འདོད་པའི་རྒྱུས་ཞེས་བྱ་བ་ནི་སྲིད་པའི་རྒྱུས་སོ། །དེ་ཙམ་དུ་མཛེས་ཤིང་ཞེས་བྱ་བ་ནི་དེ་ལྟར་བཟང་ཞིང་ངོ་། །བསྐྲད་པ་ཞེས་བྱ་བ་ནི་གནས་མེད་པར་བྱས་པས་སོ། །སྤངས་ཏེ་
ཞེས་བྱ་བ་ནི་བོར་ཏེའོ། །སྐལ་ཆད་མ་ཞེས་བྱ་བ་ནི་བསོད་ནམས་ཆུང་བའོ། །རྟག་ཏུ་ནོངས་པ་མཆིས་པས་ཞེས་བྱ་བ་ནི་རྒྱུན་དུ་འཁྲུལ་བའོ། །ཡོངས་སུ་ཉམས་པར་ཞེས་བྱ་བ་ནི་རྣམ་པར་བྲལ་བའོ། །དྲུད་ཅིང་ཞེས་བྱ་བ་ནི་བརྩལ་ཅིང་ངོ་། །ནང་དུ་ཞེས་བྱ་བ་ནི་མོ་མཚན་གྱིའོ། །གོར་མ་
ཆག་པར་ཞེས་བྱ་བ་ནི་དོགས་པར་རོ། །དེ་ལྟར་རྩོལ་པ་དེ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མ་བཟློག་ཅེ་ན། འདོད་ཆགས་བདོ་བས་གདོན་མི་ཟ་བར་བྱེད་པས་འགྱུར་བར་ངེས་པའི་ཕྱིར་དང་། །དེ་བཞིན་གཤེགས་པ་ལ་མ་གུས་པ་སྐྱེ་བའི་ཕྱིར་རོ། །ཡ་མཚན་ཞེས་བྱ་བ་ནི་འདོད་པའོ། །
གཙང་མ་ཞེས་བྱ་བ་ནི་མ་འདྲེས་པའོ། །བསོད་པས་ཞེས་བྱ་བ་ནི་ཡིད་དུ་འོང་བས་སོ། །བཅའ་བ་ཞེས་བྱ་བ་ནི་རྩ་བ་ལ་སོགས་པའོ། །བཟའ་བ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པའོ། །བཞེད་པར་གྱུར་ཏེ་ཞེས་བྱ་བ་ནི་འདོད་པ་དང་བཅས་ནའོ། །ཇི་ཙམ་ན་ཞེས་བྱ་བ་ནི་དེ་མ་ཐག་
ཏུའོ། །སྔོན་པོར་བརྔས་པ་ཞེས་བྱ་བ་ནི་རློན་པར་བརྔས་པའོ། །རྙིང་བར་འགྱུར་བ་ཞེས་བྱ་བ་ནི་ཤུན་པ་སྐམས་པར་གྱུར་པའོ། །བསྐམ་པར་འགྱུར་ཞེས་བྱ་བ་ནི་ཤ་དང་སྲ་བ་ཉམས་པར་འགྱུར་བའོ། །དབང་པོ་ཞེས་བྱ་བ་ནི་མིག་ལ་སོགས་པ་བྱེད་པ་དག་གོ། །བསྙེན་བཀུར་ཞེས་བྱ་བ་ནི་
ཕྱིར་བཅོས་པའོ། །ཇི་ལྟར་གྱུར་པ་ཞེས་བྱ་བ་ནི་བདེན་པའོ། །སྨྲོས་ཤིག་ཅེས་བྱ་བ་ནི་བརྗོད་ཅིག་པའོ། །འབྲས་ཁུ་ཞེས་བྱ་བ་ནི་འབྲས་ཚོས་པའི་ཁུ་བའོ། །ཚར་གྱུར་ཏེ་ཞེས་བྱ་བ་ནི་སྐྱུར་བ་ཉིད་དུ་གྱུར་ཏེའོ། །ཕྱིར་བཟློག་པར་ཡང་མི་བྱེད་ཅིང་ཞེས་བྱ་བ་ནི་དེ་དག་རང་ཡང་ཡིད་མི་བདེ་
Vol. 157 · folio 32b
བར་གྱུར་བའི་ཕྱིར་རོ། །དེས་ཀྱང་ཞེས་བྱ་བ་ནི་ཕྱི་རོལ་དུ་དྲུད་ཅིང་ནང་དུ་འབོ་བར་བྱེད་པ་ལ་སོགས་པའི་རྣམ་པས་ཀྱང་ངོ་། །རང་གི་ལས་དག་གིས་ཞེས་བྱ་བ་ནི་བར་མ་དོར་འཆི་བར་འགྱུར་བ་དག་གིས་སོ། །སྐུར་པ་གདབ་པར་འགྱུར་བའི་ལས་དག་གིས་ཞེས་བྱ་བ་ནི་སྐུར་པའི་རྒྱུར་འགྱུར་
བ་དག་གིས་སོ། །ཡུགས་ས་མོ་དག་ཅེས་བྱ་བ་ནི་ཁྱོ་ཤི་བའོ། །བདག་ཅེས་བྱ་བ་ནི་བདག་ཉིད་དོ། །ཡི་ཆད་ནས་ཞེས་བྱ་བ་ནི་ཡི་བསད་ནས་སོ། །ཁྱིམ་གྱི་སོ་ཚིས་དག་ཅེས་བྱ་བ་ནི་ཁྱིམ་གྱི་སོ་ནམ་དག་སྟེ་བསམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆུང་པོ་གྲོགས་ཞེས་བྱ་བ་ནི་ཆུང་ངུའི་དུས་ནས་
འདྲིས་པའི་གྲོགས་ཤིག་གོ། །འཇུད་མཐུན་མའི་ཁྱིམ་ཞེས་བྱ་བ་ནི་གང་དུ་འཕྱོན་མ་དང་འཇུག་པ་དང་འབྱུང་བའོ། །སྡིག་པ་ཅན་ཞེས་བྱ་བ་ནི་བསོད་ནམས་མ་ཡིན་པ་ཉོན་མོངས་པ་ཅན་ནོ། །དམ་པ་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་སྨད་པའི་ཆོ་གའོ། །ནད་ཀྱིས་མནན་པ་ནི་ཞེས་བྱ་བ་ནི་ངན་དུས་
ཀྱིས་བཅོལ་ནའོ། །བདེ་ལེགས་བདེ་ལེགས་ཞེས་བྱ་བ་ནི་ཤིས་པ་བརྗོད་པ་སྟེ། གུས་པར་བསྒྲིམ་པའི་ཕྱིར་ལན་གཉིས་བཟླས་པའོ། །བྱོན་པ་ལེགས་སོ་ཞེས་བྱ་བ་ནི་དགའ་བའི་ཚིག་གོ། །ཅི་བདག་གིས་སྐྱེས་པ་མ་མཐོང་ངམ་ཞེས་བྱ་བ་ནི་དེས་འཇུག་ཏུ་མི་འཇུད་དོ་སྙམ་དུ་བསམ་པའོ། །
གོས་ཞེས་བྱ་བ་ནི་བགོ་བའོ། །ཟས་ཞེས་བྱ་བ་ནི་བཟའ་བ་སྟེ་དེས་འགེངས་པར་བྱེད། གཡོག་བྱེད་པའི་ཕྱིར་རོ། །བཟང་པོ་ཞེས་བྱ་བ་ནི་གྱ་ནོམ་པས་སོ། །དུས་ཡུན་མི་རིང་བ་ཞིག་གིས་ཞེས་བྱ་བ་ནི་ཡུན་ཐུང་ངུ་ཞིག་གིས་སོ། །བརྟས་པར་གྱུར་ཏོ་ཞེས་བྱ་བ་ནི་ཚོས་པར་གྱུར་པའོ། །
གཙུག་ལག་ཁང་དེ་ན་ཞེས་བྱ་བ་ནི་རྒྱལ་བྱེད་ཀྱི་ཚལ་དེའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱམས་གྲུ་བཞི་ནའོ། །གཉིད་ལོག་པར་གྱུར་པ་ཞེས་བྱ་བ་ནི་གཉིད་ཀྱིས་ནོན་པར་གྱུར་པའོ། །བསྟི་གནས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་འདུག་པའི་གནས་སོ། །སེམས་གཏོད་ཅིང་ཞེས་བྱ་བ་ནི་དེ་ལ་གཞོལ་ཞིང་ངོ་། །
དེ་ལྟར་རྣམ་པར་གྱུར་པ་ཞེས་བྱ་བ་ནི་གོས་རྣམ་པར་གྱུར་ཅིང་དེའི་ཡན་ལག་གི་རྣམ་པ་ཡང་ལས་སུ་རུང་བའོ། །འདོད་པའི་ཆོས་ཞེས་བྱ་བ་ནི་འདོད་ཆགས་སོ། །སྟུག་པོས་སོ་ཞེས་བྱ་བ་ནི་མཐུ་ཆེན་པོས་སོ། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ནི་འདོད་པ་བསྟེན་པ་ལ་མཁོ་བ་འཁྲུལ་བ་དང་བསྡམས་པ་ལ་
Vol. 157 · folio 33a
སོགས་པ་ནང་གི་ཐབས་ཀྱི་བྱེ་བྲག་གི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་པོ་དེ་དག་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱེད་སྟོབས་དང་ནི་མེ་ཏོག་ལས། །དམག་རྣམས་དང་ནི་བདག་ཉིད་ཤེས། །གཡོས་སུ་བྱ་བ་རྣམ་
པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ལག་རྩིས་བཅུད་ཀྱིས་ལེན། །འཁྲུལ་འཁོར་སྦྱོར་དང་འདྲི་བ་དང་། །འཕོང་སྤྱད་དང་ནི་ཆེ་སྦྱོར་སྒྲ། །ཡི་གེ་དང་ནི་ཁ་སྐད་དང་། །རང་བཟོ་དང་ནི་མཚོན་རྣམས་བརྟག །སྤྱོད་ཐབས་དང་ནི་སོག་ལེ་དང་། །ཕུག་རྣམས་རྐོ་བར་བྱེད་པ་
དང་། །སོང་དང་འོང་བ་ཤེས་པ་དང་། །གཞི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །མཐངས་ཀྱི་ཚོར་བའི་མཚན་ཉིད་ནི། །ཟུག་རྔུ་འབྱིན་དང་མི་འཕྲུལ་དང་། །བ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིངས་དང་ཁང་པ་རྩེག་མ་དང་། །དེ་བཞིན་གོས་ནི་འཕང་བ་
དང་། །ཡན་ལག་མཉེད་དང་མོ་འདེབས་དང་། །དེ་བཞིན་ཆུ་ནི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་རྡལ་དང་ནི་གླེགས་འདྲ་དང་། །མཚན་མོ་ཆོམ་རྐུན་ཤེས་པ་དང་། །བྱིས་པ་རྣམས་ནི་གསོ་བ་དང་། །མི་རྣམས་གཉིད་ཀྱིས་ལོག་བྱ་དང་། །སྒོ་ལྕགས་དབྱེ་བར་བྱ་བ་དང་། །
སྨྲ་དང་ས་རྟོག་བྱེད་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚན་ཉིད་གར་སློབ་དང་། །འབྱུང་བ་དག་ནི་གསོ་བ་དང་། །ཟངས་མ་ཁར་བ་གསེར་དང་ནི། །ཤིང་དང་དུང་ནི་ཤེས་པ་དང་། །རི་མོ་མཚོན་དང་ས་དག་གོ། །ལས་རྣམས་དེ་དང་གོ་རིམས་བཞིན། །སྐར་མའི་གཏན་ཚིགས་
རིག་པ་དང་། །མཚན་མ་ཤེས་པ་ཉིད་དང་ཡང་། །ངེས་པའི་ཚིག་གི་གཞུང་རྣམས་ནི། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན། །ཟེར་རོ། །དྲང་སྲོང་ནེའུ་ལེའི་བུའི་གཞུང་ལས་ནི་བརྒྱད་བརྒྱད་དྲུག་ཅུ་བཞི་ཞེས་འབྱུང་སྟེ། དེ་ལ་བརྒྱད་ནི་སེན་མོས་བྲད་པ་དང་། སོས་གདབ་པ་དང་། འཁྱུད་པ་དང་། མཐང་
སྦྱར་བ་དང་། བྱ་བ་དང་། ལག་པས་གདབ་པ་དང་། སྒྲའི་བྱེ་བྲག་དང་། སྐྱེས་པའི་སྟེང་དུ་ཉལ་བ་སྟེ། རེ་རེ་ལའང་རྣམ་པ་བརྒྱད་བརྒྱད་དུ་དབྱེའོ། །སྒྱུ་རྩལ་དྲུག་ཅུ་རྩ་ལྔ་ཤེས་ཏེ་ཞེས་བྱ་བ་ནི་དྲུག་ཅུ་རྩ་བཞི་པས་གཅིག་གིས་ལྷག་པར་ཤེས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་དེ་གང་ཞེ་ན།
Vol. 157 · folio 33b
འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སུན་པར་བྱེད་པ་ཞེས་བྱ་བ་ནི་ཉེས་པ་སྐྱེད་པར་བྱེད་པའོ། །དགེ་སློང་ཁྱོད་ཀྱིས་རེག་པ་བདག་གིར་མ་བྱས་སམ་ཞེས་བྱ་བ་ནི་འཇིག་རྟེན་ལ་གོ་བར་བྱ་བའི་ཕྱིར་རོ། །གྲོང་མཐའ་བ་ཞེས་བྱ་བ་ནི་གྲོང་ན་གནས་པའོ། །ཉིན་པར་ཞེས་བྱ་བ་ནི་དེའི་ཚེ་
མི་དག་འོང་བའི་ཕྱིར་རོ། །གློས་ཕབ་སྟེ་ཞེས་བྱ་བ་ནི་ལུས་བསྙལ་ཏེའོ། །སྒོ་གཏན་ཞེས་བྱ་བ་ནི་སྒོ་ལྕགས་ལ་སོགས་པའོ། །གོས་བཅིང་བར་བྱའོ་ཞེས་པ་བྱ་ནི་ཤམ་ཐབས་ཀྱི་མ་མཐའ་ལ་བཅིང་བར་བྱའོ། །འགལ་ཚབས་ཅན་ཞེས་བྱ་བ་ནི་ཤིན་ཏུ་འདས་པ་དང་བཅས་པ་སྟེ། ཉེས་པ་དང་བཅས་
པ་ཞེས་བྱ་བའི་ཐ་ཚིག་གོ། །གསར་བུ་གསར་བུ་དག་གིས་ཞེས་བྱ་བ་ནི་གཞོན་པ་གཞོན་པ་དག་གིས་ཏེ། བཟླས་པའམ་རྣམ་པའི་ཕྱིར་ལན་གཉིས་སྨོས་སོ། །ངོ་ཤེས་པར་བྱས་སོ་ཞེས་བྱ་བ་ནི་ཤེས་པར་གྱུར་པའོ། །བཞིན་བཟངས་དག་ཅེས་བྱ་བ་ནི་དགའ་བའི་ཚིག་གོ། །དེ་བཞིན་ནོ་
ཞེས་པའི་སྒྲ་ནི་ཁས་བླང་བའོ། །བྱ་བ་ཞེས་བྱ་བ་ནི་ཕྱིར་བཅོས་པའི་བྱ་བའོ། །མི་འདོད་པ་ཞེས་བྱ་བ་ནི་མ་བྱུང་བ་འདོད་པར་མི་འགྱུར་བ་གང་ཡིན་པའོ། །མི་དགའ་བ་ཞེས་བྱ་བ་ནི་གང་ལས་བྲལ་བར་འདོད་པའོ། །མི་སྡུག་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་པོ་དག་ལས་མི་སྡུག་པའོ། །ཡིད་
དུ་མི་འོང་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དུ་མི་འོང་བའོ། །འཇིག་རྟེན་ཕ་རོལ་དུ་འཁྲིད་པར་འགྱུར་བས་ཤེས་པར་བྱ་བ་ནི་ཆུད་ཟ་བར་འགྱུར་བས་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་མང་པོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བའོ། །མཐོ་རིས་དག་ཏུ་ཞེས་བྱ་བ་ནི་
འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་འཇིག་རྟེན་དག་ཏུའོ། །དགའ་བར་འགྱུར་བ་ཞེས་བྱ་བ་ནི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། །དེའི་དོན་ཁོ་ནར་ཞེས་བྱ་བ་ནི་དེའི་ཕྱིར་ཁོ་ནར་རོ། །དོན་གྱིས་ན་ཞེས་བྱ་བ་ནི་ཐབས་བསྟན་པས་ནའོ། །ཤེས་ཀྱིས་ཞེས་བྱ་བ་ནི་འཕྲིགས་ཀྱིས་སོ་ཞེས་
བྱའོ། །བསོད་ནམས་སུ་འགྱུར་རོ་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་དགེ་བའོ། །དམ་ཚིག་ཅེས་བྱ་བ་ནི་བརྡ་སྟེ་དམ་འཆའ་བའི་ཚིག་ཅེས་བྱ་བའི་ཐ་ཚིག་གོ། །ཉུངས་མར་ཞེས་བྱ་བ་ནི་ཡུངས་ཀར་གྱི་འབྲུ་མར་ཏེ། ཡུངས་ཀར་ནི་སྲིན་བུ་དང་གཡན་པ་འཇོམས་པ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ། །
Vol. 157 · folio 34a
ལྷུང་བཟེད་ཆུང་ངུ་ཞེས་བྱ་བ་ནི་སྣོད་ཆུང་ངུའོ། །གནས་སུ་ཞེས་བྱ་བ་ནི་འདུག་པའི་གནས་སུའོ། །དམ་དུམ་དག་ཅེས་བྱ་བ་ནི་གོས་ཀྱི་དམ་དུམ་དག་གོ། །ལུས་དག་ཅེས་བྱ་བ་ནི་ཡན་ལག་དག་གོ། །བསྐུས་ཏེ་ཞེས་བྱ་བ་ནི་བསྐུ་མཉེ་བྱས་ཏེའོ། །ཨུད་ཙ་ཏི་ག་ཞེས་
བྱ་བ་ནི་མཆོང་ཞིང་འགྲོ་བའོ། །ཟིན་ཅེས་བྱ་བ་ནི་སྨས་པར་བྱས་པའོ། །ཕྱིར་བཟློག་པར་ཞེས་བྱ་བ་ནི་བསྐྲད་པར་རོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདོད་པའི་ཁམས་ལས་རྣམ་པར་གྲོལ་བའོ། །ཡལ་ག་དག་ཅེས་བྱ་བ་ནི་ཡལ་ག་དག་གོ། །སེག་དག་ཅེས་བྱ་བ་ནི་སྨྱིག་
མ་ལ་སོགས་པ་ལ་བཏགས་པ་གྲུ་བཞི་དག་གོ། །རེ་ལྡེ་དག་ཅེས་བྱ་བ་ནི་དེ་ཉིད་རིང་པོ་དག་གོ། །ཐེ་ཚོམ་སྐྱེས་ནས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་དང་ཡན་ལག་གི་རྣམ་པ་ལས་སུ་རུང་བ་ནི་འགལ་བར་དོགས་པས་ཐེ་ཚོམ་སྐྱེས་སོ། །ཉེ་བར་ནོན་པ་ཞེས་བྱ་བ་ནི་བདས་ཤིང་བཙིར་བའོ། །དགེ་
སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞེས་བྱ་བ་ནི་དད་པས་རབ་ཏུ་བྱུང་བ་བསྟན་པ་སྐྱོན་མེད་པ་དང་པོར་ཧ་ཅང་ལྕི་བ་དོན་མེད་པ་སྤྱོད་པ་ནི་བྱ་དཀའ་བ་ཉིད་ཡིན་པའི་ཕྱིར་དགེ་སློང་རྣམས་ཐེ་ཚོམ་སྐྱེས་སོ། །ཞུས་པ་ཞེས་བྱ་བ་ནི་དྲིས་པའོ། །གཟིགས་ཞེས་བྱ་བ་ནི་ངོ་མཚར་ཆེའོ་སྙམ་དུ་བསམས་པའོ། །དུས་ན་ཡང་
ཞེས་བྱ་བ་ནི་ཚེ་ན་ཡང་ངོ་། །འཇིག་རྟེན་སྐྱོན་མེད་ཅིང་ཆུ་བུར་མེད་པ་ལ་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་མིའི་འཇིག་རྟེན་པའོ། །དེའི་དང་པོར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་དང་པོར་རོ། །འཇིག་རྟེན་འདི་ཞེས་བྱ་བ་ནི་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་སོ། །འཇིག་པ་ཞེས་བྱ་བ་ནི་འཇིག་ཅིང་
འགོང་བའོ། །དུས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་འབྲེལ་པའོ། །གང་ཡིན་པ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཚིག་གོ། །འོད་གསལ་ཞེས་བྱ་བ་ནི་འོད་ཤིན་ཏུ་གསལ་བ་སྟེ། བསམ་གཏན་གཉིས་པ་ནི་གནས་གསུམ་པའི་མི་དེ་ཡིན་ནོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་
པོ་དང་ལྡན་པའོ། །ཡིད་ལས་བྱུང་བ་ཞེས་བྱ་བ་ནི་རྫུས་ཏེ་སྐྱེས་པ་ཉིད་ཀྱིས་ཡིད་ཙམ་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ཞེས་བྱ་བ་ནི་དབང་པོ་ཚང་བའོ། །དབང་པོ་མ་ཉམས་པ་ཞེས་བྱ་བ་ནི་དབང་པོ་ཉམས་པ་མེད་པའོ། །ཡན་ལག་ཅེས་བྱ་བ་ནི་ལག་པ་དང་རྐང་པ་དང་མགོ་
Vol. 157 · folio 34b
ཞེས་བྱ་བ་ཡན་ལག་བཞི་པ་དག་གོ། །ཉིང་ལག་ཅེས་བྱ་བ་ནི་སོར་མོ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་དང་ལྡན་པའོ། །བཟང་བ་ཞེས་བྱ་བ་ནི་དབྱིབས་ཀྱིས་མཛེས་པའོ། །ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་གི་གཟུགས་ལ་གནས་པའོ། །རང་ལས་འོད་བྱུང་བ་ཞེས་བྱ་བ་
ནི་རང་གི་ལུས་ལས་བྱུང་བ་ཉིད་ཀྱི་འོད་ཀྱིས་བྱ་བར་གྲུབ་པའི་ཕྱིར་རོ། །ནམ་མཁའ་ལ་འགྲོ་བ་ཞེས་བྱ་བ་ནི་བར་སྣང་ལ་འགྲོ་བ་དང་ལྡན་པའོ། །དགའ་བ་ཟ་བ་ཞེས་བྱ་བ་ནི་དགའ་བ་ཙམ་ཟ་བའི་ཕྱིར་རོ། །དགའ་བའི་ཟས་དང་ལྡན་པ་ཞེས་བྱ་བ་ནི་དེ་དག་གི་གནས་པའི་ཟས་དགའ་བ་ཉིད་
ཡིན་པའི་ཕྱིར་རོ། །ཚེ་རིང་ཞིང་ཞེས་བྱ་བ་ནི་ཚེ་བསྐལ་པ་དུ་མར་ཐུབ་པའི་ཕྱིར་རོ། །ཡུན་རིང་དུ་གནས་སོ་ཞེས་བྱ་བ་ནི་འཚོ་བའོ། །ཆུ་འབའ་ཞིག་ཅེས་བྱ་བ་ནི་ཆུས་ཁྱབ་པའོ། །རྒྱ་མཚོ་འབའ་ཞིག་ཅེས་བྱ་བ་ནི་རྒྱ་མཚོ་དག་དང་འདྲེས་པའི་ཕྱིར་རོ། །ཕྲི་འམ་ཞེས་བྱ་བ་ནི་སྟེང་རིམ་མོ། །
ཀུན་དུ་ཆགས་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་སྐྱེ་བར་བྱེད་པའོ། །ཀུན་དུ་འཐས་པར་བྱེད་ཅེས་བྱ་བ་ནི་ཀུན་དུ་བརྟས་པར་བྱེད་པའོ། །ཀུན་དུ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ཀུན་དུ་འབྱེད་པར་བྱེད་པའོ། །འོ་མ་ཞེས་བྱ་བ་ནི་འོ་རློན་ནོ། །སྦྲང་བུ་ཞེས་བྱ་བ་ནི་སྦྲང་རྩི་བྱེད་པའོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་
བུ་ལས་བྱུང་བའོ། །མ་བསྐོལ་བ་ཞེས་བྱ་བ་ནི་ཁོལ་བར་མ་བྱས་པའོ། །དེ་ཡང་བུང་བ་ལ་སོགས་པའི་བྱེ་བྲག་གིས་སྦྲང་རྩི་རྣམ་པ་བཞི་ཡོད་པས་དེའི་ཕྱིར། སྦྲང་བུའི་ཞེས་བྱ་བ་གསུངས་ཏེ། སྦྲང་རྩིའི་རྣམ་པ་དག་ནི་སྦྲང་མ་ལས་བྱུང་བ་དང་། རུང་བ་ལས་བྱུང་བ་དང་། སྦྲང་བུ་
ལས་བྱུང་བ་དང་། སྦྲང་རྒོད་ལས་བྱུང་བའོ་ཞེས་ཟེར་བའི་ཕྱིར་རོ། །འཆགས་པ་ཞེས་བྱ་བ་ནི་འབྱུང་ཞིང་འཕེལ་བའོ། །ཚེ་ཟད་ཅེས་བྱ་བ་ནི་འཚོ་བ་ཟད་པའོ། །ལས་ཟད་ཅེས་བྱ་བ་ནི་འཕེན་པར་བྱེད་པའི་ལས་ཟད་པའོ། །བསོད་ནམས་ཟད་པས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་
པར་བྱེད་པའི་ལས་ཟད་པས་སོ། །འདི་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུ་ཉིད་དུའོ། །དེ་གང་ཞེ་ན་མི་རྣམས་དང་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་པའོ། །སྐལ་བ་མཐུན་པ་ཉིད་དུ་ཞེས་བྱ་བ་ནི་རང་བཞིན་མཐུན་པ་ཉིད་དུ་སྟེ། ངོ་བོ་ཉིད་འདྲ་བ་ཉིད་དུའོ། །དེའི་ཚེ་ན་
Vol. 157 · folio 35a
ཞེས་བྱ་བ་ལ་སོགས་པ་ལ་མུན་པ་མེད་པའི་ཕྱིར་ཉི་མ་དང་ཟླ་བ་ལ་སོགས་པ་ཡང་མ་བྱུང་ངོ་། །དེ་དག་མེད་པའི་ཕྱིར་མཚན་མོ་དང་ཉིན་མོ་ལ་སོགས་པ་ཡང་མ་བྱུང་ངོ་། །སྐད་ཅིག་ཅེས་བྱ་བ་ནི་འདིར་དེའི་སྐད་ཅིག་ལ་སྐད་ཅིག་ཅེས་གསུངས་ཏེ། སྐད་
ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་སྟེ། བུད་མེད་འཁལ་སྐྱེན་པས་རས་བལ་འདབ་མ་ལས་ལག་པ་ཇི་ཙམ་དུ་རྐྱོང་བའི་དུས་ཀྱིས་དེ་ལས་འདྲེས་པར་བྱེད་དོ། །འདིར་ནི་དེའི་སྐད་ཅིག་གི་ཡུན་ཡིན་ནོ། །ཐང་ཅིག་ཅེས་བྱ་བ་ནི་དེའི་སྐད་ཅིག་དྲུག་ཅུ་སྟེ། ཆུ་སྲང་གི་གཞི་ཆུ་ཚོད་ཀྱིས་ཟད་པའི་དུས་
ཀྱིས་མཚོན་པ་ཡིན་ནོ། །ཡུད་ཙམ་ཞེས་བྱ་བ་ནི་ཐང་ཅིག་སུམ་ཅུ་སྟེ། ཆུ་ཚོད་གཉིས་ཟད་པའི་དུས་ཀྱིས་མཚོན་པ་ཡིན་ནོ། །བུད་མེད་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་ནི་དབང་པོ་མེད་པའི་ཕྱིར་རོ། །བརྐམ་པ་ཞེས་བྱ་བ་ནི་མང་དུ་ཟ་བར་བྱེད་པའོ། །དེའི་ངོ་བོ་ཉིད་ནི་བརྐམ་པའི་རང་བཞིན་
ཅན་ནོ། །མྱོང་བར་བྱེད་དོ་ཞེས་བྱ་བ་ནི་རོ་མྱོང་བར་བྱེད་པའོ། །ཁམ་གྱི་ཟས་ཀྱི་རྩོལ་བས་ཞེས་བྱ་བ་ནི་ལག་པ་དགང་བས་སོ། །སྲ་བ་ཉིད་ཅེས་བྱ་བ་ནི་མཁྲང་བ་ཉིད་དོ། །ལྕི་བ་ཉིད་ཅེས་བྱ་བ་ནི་ལྕིད་དང་བཅས་པ་ཉིད་དོ། །བྱུང་ཞིང་ཞེས་བྱ་བ་ནི་ཞུགས་ཤིང་ངོ་། །ཁ་དོག་གསལ་བ་
ཞེས་བྱ་བ་ནི་ཁ་དོག་གི་བཀྲག་གོ། །ཆོས་ཀྱིས་ན་ཞེས་བྱ་བ་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དབང་གིས་མུན་པའི་གཉེན་པོ་སྣང་བ་དགོས་པའི་ཕྱིར་རོ། །རྣམ་པ་གཉིས་ཞེས་བྱ་བ་ནི་རྣམ་པ་གཉིས་ཉིད་དོ། །སྡིག་པ་ཅན་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ནོ། །མི་དགེ་
བ་ཞེས་བྱ་བ་ནི་འབྲས་བུ་མི་འདོད་པའོ། །ཡང་དག་པར་བླངས་པའི་རྒྱུས་ཞེས་བྱ་བ་ནི་གོམས་པའི་དབང་གིས་སོ། །མྱ་ངན་ཞེས་བྱ་བ་ནི་ཡིད་ཀྱི་ཡོངས་སུ་གདུང་བའོ། །སྒྱིད་ལུག་པ་ཞེས་བྱ་བ་ནི་ལུས་ཀྱིའོ། །སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནི་ངག་གི་ཉོན་མོངས་པའོ། །ཀྱེ་མའོ་བཅུད་
ཅེས་བྱ་བ་ལ་སོགས་པ་ནི་ངོ་མཚར་ཏོ་ཞེས་བྱ་བ་སྟེ། བརྟད་པའི་ཕྱིར་ལན་གཉིས་བཟླས་སོ། །ཞིམ་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའོ། །བཟང་པོ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའོ། །ཡི་གེ་ཞེས་བྱ་བ་ནི་ཨ་ལ་སོགས་པ་ཡི་གེའི་སྒྲར་བརྗོད་པ་དག་གོ། །སྦྱོར་བ་ཞེས་བྱ་བ་ནི་ཡི་གེ་
Vol. 157 · folio 35b
བསྡུས་པ་སྟེ། གང་གིས་ཡུལ་དང་དུས་ལ་སོགས་པ་ངེས་པར་མ་ཆད་པའི་དོན་གྱི་བདག་ཉིད་རྗོད་པར་བྱེད་པ་དཔེར་ན་བུམ་པ་ཞེས་བྱ་བ་ལ་སོགས་པར་ཡིག་འབྲུ་སྦྱར་བའོ། །ཚིག་ཅེས་བྱ་བ་ནི་སྦྱར་བ་བསྡུས་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །གང་གིས་ཡུལ་དང་དུས་ལ་སོགས་པ་ངེས་
པར་ཆད་པའི་དོན་གྱི་བདག་ཉིད་གསལ་བར་བྱེད་པ་དཔེར་ན་ལྷས་བྱིན་བ་དཀར་མོ་ཁྲིད་དེ་ཤོག་ཁྱེད་ཀྱི་མཁན་པོ་ལ་འོ་མ་བླུད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེའི་ཡི་གེ་འདུས་པ་ནི་སྦྱར་བའོ། །སྦྱར་བ་འདུས་པ་ནི་ཚིག་གོ་ཞེས་གསུངས་སོ། །རྗེས་སུ་ཐ་སྙད་འདོགས་ཤིང་
ཞེས་བྱ་བ་ནི་རྗེས་སུ་འཇུག་ཅིང་ངོ་། །མི་ཤེས་སོ་ཞེས་བྱ་བ་ནི་ཁོང་དུ་མ་ཆུད་པ་སྟེ། བརྡ་ལ་མ་ཞུགས་པའི་ཕྱིར་དེ་མི་ཤེས་སོ། །ས་ཞག་ཅེས་བྱ་བ་ནི་གྱོང་གྲུགས་སུ་གྱུར་པའི་དུམ་བུའོ། །དོང་ཀའི་མེ་ཏོག་ཅེས་བྱ་བ་ནི་སེར་པོའོ། །ཀྱེ་མའོ་ཀྱེ་མའོ་ཞེས་བྱ་བ་ལ་སོགས་པ་ནི་ཡིད་
ལ་གཅགས་པའོ། །མྱུ་གུའི་ཚལ་ཞེས་བྱ་བ་ནི་མྱུ་གུ་སྟུག་པོར་གནས་པའོ། །ཀ་དམ་བུ་གང་གི་མེ་ཏོག་ཅེས་བྱ་བ་ནི་ཤིང་ཀ་པུ་ཤི་སྟེ་རྨ་ལོ་ཁྲི་ཁྲི་མོའི་མེ་ཏོག་ཟེར་རོ། །ཕར་སོང་ཞེས་བྱ་བ་ནི་མདུན་ན་མ་འདུག་ཅིག་ཅེས་ཟེར་བ་སྟེ། མི་ཕྱོགས་པའི་ཚིག་ཡིན་ནོ། །སྨད་པ་ཞེས་བྱ་བ་ནི་དམའ་
དབབ་པའོ། །རྣོན་པོ་ཞེས་བྱ་བ་ནི་རྩུབ་པོས་སོ། །མ་རྨོས་མ་བཏབ་པ་ཞེས་བྱ་བ་ནི་ཞིང་དུ་རྨོས་པ་དང་ས་བོན་གདབ་པ་ལ་མི་ལྟོས་པ་གང་ཡིན་པའོ། །འབྲས་སཱ་ལུའི་འབྲུ་ཞེས་བྱ་བ་ནི་སཱ་ལུ་གང་གི་འབྲུ་འབྲས་ཐུག་པོ་ཆེ་ཁོ་ན་འབྱུང་བ་ཡིན་གྱི་འབྲས་སོ་བ་ལ་སོགས་པ་མི་འབྱུང་བ་ཞེས་བྱ་བའི་
ཐ་ཚིག་གོ། །སོ་བ་མེད་པ་ཞེས་བྱ་བ་ནི་འབྲས་ཐུག་པོ་ཆེ་མང་པོ་དག་གི་ནང་ན་སོ་བ་སྦུན་པ་ཅན་གཅིག་ཀྱང་མེད་པ་གང་ཡིན་པའོ། །སྦུན་པ་མེད་པ་ཞེས་བྱ་བ་ནི་སྦུན་པ་དང་བྲལ་བའོ། །དག་པ་ཞེས་བྱ་བ་ནི་དཀར་བའོ། །གཙང་བ་ཞེས་བྱ་བ་ནི་མ་འདྲེས་པ་སྟེ་དྲི་མ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །
སོར་བཞི་པ་ཞེས་བྱ་བ་ནི་སྲིད་དེ་ཙམ་ཡོད་པའོ། །ཀུན་ནས་མ་དཀྲིས་པ་ཞེས་བྱ་བ་ནི་རྒྱ་ལ་སོགས་པ་གང་གིས་ཀྱང་མ་དཀྲིས་པ་གང་ཡིན་པའོ། །ནུབ་བརྔས་ན་ཞེས་བྱ་བ་ནི་ནུབ་མོ་བཅད་ནའོ། །ནང་ཞེས་བྱ་བ་ནི་ནང་པར་རོ། །རྒྱལ་ཞིང་ཞེས་བྱ་བ་ནི་འབྲས་བུའོ། །ཕྱིར་སྐྱེ་ཞེས་བྱ་བ་ནི་རྩ་བ་ལ་
Vol. 157 · folio 36a
སོགས་པ་ཡང་སྐྱེ་བའོ། །བརྔས་པ་ཞེས་བྱ་བ་ནི་བཅད་ཅིང་བྲེགས་པའོ། །དབང་པོ་ཐ་དད་པ་ཞེས་བྱ་བ་ནི་གཅིན་འབྱུང་བའི་ཕྱིར་ལུས་དབང་པོ་དང་བཅས་པ་ལ་བུ་གུ་རྣམ་གཉིས་དོད་པའོ། །མིག་གིས་མིག་ལ་བརྟེན་ཏེ་ཞེས་བྱ་བ་ནི་མིག་གིས་མིག་ལ་བརྟེན་ཏེ་ལྟ་བ་ཡིན་
གྱི། གློ་བུར་དུ་ལྟ་བ་ཙམ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་ཆགས་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པར་གྱུར་པའོ། །དྲལ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ངོ་ཚ་ཤེས་པ་དྲལ་ཅིང་ཕམ་པར་མ་བྱས་པ་སྟེ། ངོ་ཚ་མེད་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ལོག་པར་ཞུགས་ཞེས་བྱ་བ་ནི་མི་ཚངས་
པར་སྤྱོད་པའོ། །སས་ཞེས་བྱ་བ་ནི་རྡུལ་གྱིས་སོ། །བོང་བ་ཞེས་བྱ་བ་ནི་ས་མཁྲེགས་པའོ། །གསེག་མ་ཞེས་བྱ་བ་ནི་རྡོ་ལ་སོགས་པའི་ཆ་ཤས་ཀྱིས་སོ། །གྱོ་དུམ་ཞེས་བྱ་བ་ནི་གྱོ་མོའི་དུམ་བུའོ། །ངན་པ་ཞེས་བྱ་བ་ནི་སྨད་པའོ། །གྲོང་པ་ཞེས་བྱ་བ་ནི་བླུན་པའོ། །བྱ་བ་མ་ཡིན་པ་བྱེད་པ་
ཞེས་བྱ་བ་ནི་སྡིག་པ་བྱེད་པའོ། །ཆོས་མ་ཡིན་པར་གྲགས་པ་ཞེས་བྱ་བ་ནི་སྡིག་པ་ཞེས་བྱ་བར་གྲགས་པའོ། །འདུལ་བ་མ་ཡིན་པར་གྲགས་པ་ཞེས་བྱ་བ་ནི་ཆོ་ག་མ་ཡིན་པ་ཞེས་བྱ་བར་གྲགས་པའོ། །སྨད་པར་བྱ་ཞེས་བྱ་བ་ནི་བཤུང་བར་བྱ་བའོ། །བསྟོད་པར་བྱ་ཞེས་བྱ་བ་ནི་བསྔགས་
པར་བྱ་བའོ། །ཉི་མ་གཅིག་ལ་སོགས་པ་ནི་ཚིག་ཐ་དད་པ་ཡིན་ཏེ། ཁ་ཅིག་ཉི་མ་གཅིག་སྤོང་བར་བྱེད་ཁ་ཅིག་ཉི་མ་བདུན་གྱི་བར་དུ་སྤོང་བར་བྱེད་པའི་ཕྱིར་རོ། །སྤོང་བར་བྱེད་ཅེས་བྱ་བ་ནི་གཏོང་བར་བྱེད་པའོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུའི་ཚིག་ཡིན་ནོ། །ཤིན་ཏུ་ཞེས་བྱ་བ་ནི་མངོན་པར་
ཞེན་པ་དང་བཅས་པའོ། །ལྟུང་བ་བྱེད་པ་ཞེས་བྱ་བ་ནི་འདུག་པར་བྱེད་པས་སོ། །བརྟུལ་ཞུགས་ལ་ཞེས་བྱ་བ་ནི་ངེས་པ་ལའོ། །ཞུགས་པ་ཞེས་བྱ་བ་ནི་ཁས་བླངས་པ་ལའོ། །མིང་ཞེས་བྱ་བ་ནི་མིང་དུ་གདགས་པའོ། །བྱུང་ངོ་ཞེས་བྱ་བ་ནི་བྱུང་བར་གྱུར་པའོ། །ཁྱིམ་གྱི་ལས་ཀྱི་མཐའ་
དག་ཅེས་བྱ་བ་ནི་ཁང་ཁྱིམ་གྱི་ལས་དག་གོ། །དང་པོ་ཞེས་བྱ་བ་ནི་ཐོག་མའོ། །རྩོམ་ལ་ཞེས་བྱ་བ་ནི་གཙོ་བོ་སྟེ། ཐོག་མ་རྩོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་ཁྱིམ་གྱི་ལས་ཀྱི་མཐའ་བསྟན་མ་ཐག་པ་སྟེ། ངོ་ཚ་ཤེས་པའི་རྒྱུའི་མཚན་ཉིད་དོ། །རྒྱལ་བ་དབང་པོ་
Vol. 157 · folio 36b
རྣམས་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཆོས་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་སྟེ། དགེ་བ་ས་མང་པོ་པ་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་དངོས་སོ། །དགེ་སློང་དག་དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྐབས་ཀྱི་མཇུག་བསྡུ་བའི་ཕྱིར་རོ། །དེའི་ཚེ་ཞེས་བྱ་བ་ནི་བསྐལ་པའི་
དང་པོ་ཡིན་པས་ཡུན་རིང་བའོ། །དེའི་དུས་ཞེས་བྱ་བ་ནི་ལས་ཀྱི་དུས་མ་ཡིན་པས་ཡུན་ཐུང་ངོ་། །ཡང་ན་དེའི་ཚེ་ཞེས་བྱ་བ་ནི་རྒྱུའི་རྒྱུ་ཡིན་ནོ། །དུས་ཞེས་བྱ་བ་ནི་ཉེ་བའི་རྒྱུ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་བསྡུ་བའི་རྒྱུའི་ཚིག་ཡིན་ནོ། །ན་ཞེས་བྱ་བ་ནི་སྒྲ་ནི་ཡང་ཞེས་
བྱ་བའི་དོན་ཏོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་ཁྱེད་ཅག་གིས་སོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་བརྩོན་པར་བྱ་བ་རྗེས་སུ་བསྒྲུབ་པར་བྱ་བའི་ཐ་ཚིག་གོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་ཕམ་པར་འགྱུར་བ་དང་པོའི་མི་
ཚངས་པར་སྤྱོད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྔོན་རྫ་མཁན་ཞེས་བྱ་བ་ནི་བྱེ་བྲག་སྟེ། ནོར་ཅན་དག་ནི་མང་བའི་ཕྱིར་རོ། །སྤྱོད་ཡུལ་དུ་ཞེས་བྱ་བ་ནི་བསླབ་པའི་ཡུལ་གྱི་སྤྱོད་ཡུལ་དུའོ། །ཞུགས་པ་ཞེས་བྱ་བ་ནི་སོང་བའོ། །ལམ་གྱིས་འཚོ་བ་དག་ཅེས་བྱ་
བ་ནི་གང་དག་ལམ་ལ་བརྟེན་ཏེ་འཚོ་བར་བྱེད་པ་དག་གོ། །ལམ་གོལ་བས་འཚོ་བ་དག་ཀྱང་དེ་བཞིན་ནོ། །བཅོམ་ཞིང་ཞེས་བྱ་བ་ནི་གཏིབ་ཅིང་ངོ་། །རྣམ་པར་དཀྲུགས་ཏེ་ཞེས་བྱ་བ་ནི་ཕྱུང་སྟེའོ། །བྱེད་དོ་ཞེས་བྱ་བ་ནི་ཡང་བྱེད་པའོ། །ཀྱེ་མའོ་ཞེས་བྱ་བ་ནི་ཡི་ཆད་པའི་ཚིག་གོ། །སྡུག་
བསྔལ་ཞེས་བྱ་བ་ནི་ཉམ་ང་བའོ། །མི་ཟད་ཅེས་བྱ་བ་ནི་ཆེས་ཉམ་ང་བའོ། །ཕའི་ཞེས་བྱ་བ་ནི་ཕའི་རྒྱུད་ལས་བྱུང་བའོ། །བཟོའི་གནས་ཞེས་བྱ་བ་ནི་ལས་ལ་མཁས་པ་ནི་བཟོ་སྟེ་དེའི་གནས་ནི་ཡུལ་ལོ། །ལས་ཀྱི་གནས་ཞེས་བྱ་བ་ནི་བྱི་དོར་གྱི་ལས་རྗེས་སུ་བསྒྲུབ་པ་ནི་ལས་ཏེ། །དེའི་
གནས་ནི་ཡུལ་ལོ། །ཡང་ན་བཟོའི་གནས་ཞེས་བྱ་བ་ནི་ནོར་གྱི་དོན་དུ་མ་གྲུབ་པའི་ལས་ཏེ། དེའི་གནས་ནི་གླིང་བུ་བུད་པ་ལ་སོགས་པའི་ཡུལ་ལོ། །ལས་ཀྱི་གནས་ཞེས་བྱ་བ་ནི་ནོར་དང་རྩེད་མོ་ལ་སོགས་པའི་དོན་དུ་མགུ་བར་བྱ་བའི་འབྲས་བུ་མེད་པ་རྩོལ་བའི་ལས་ཏེ། དེའི་གནས་
Vol. 157 · folio 37a
ནི་ཞིང་དང་ཚོང་ལ་སོགས་པའི་ཡུལ་ལོ། །མཁས་ཀྱིས་ཞེས་བྱ་བ་ནི་ཤེས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱིས་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་སྟེ། སྦྱང་བ་ལ་སོགས་པ་མེད་པའི་ཕྱིར་རོ། །སྤངས་ཏེ་ཞེས་བྱ་བ་ནི་གཤེར་བར་བྱས་ཏེའོ། །གཞིའི་རྨོང་
ཞེས་བྱ་བ་ནི་གཅལ་ལོ། །ཐོག་ཅེས་བྱ་བ་ནི་སྟེང་གིས་སོ། །དགབ་པ་ཞེས་བྱ་བ་ནི་ཆར་དགབ་པོ། །སྟེང་རིམ་ཞེས་བྱ་བ་ནི་སྟེང་གི་ཆ་ཆར་ཁབ་དང་ལྷན་ཅིག་པའོ། །ཆོས་གོས་ཀྱི་གདང་ཁུང་ཞེས་བྱ་བ་ནི་ཆོས་གོས་ཀྱི་གདང་གཞུག་པའི་སྦུབས་སོ། །ཨན་ཁྲིའུ་ཞེས་བྱ་བ་ནི་གླེགས་
བམ་གྱི་གཞིའོ། །ཁ་དོག་ཅེས་བྱ་བ་ནི་འཇིམ་པའི་ཁ་དོག་ཅན་ནོ། །སྐུད་པ་ཞེས་བྱ་བ་ནི་ཉུག་པའོ། །བཅེར་ཞེས་བྱ་བ་ནི་གཅིག་ཏུ་སྤུངས་ཏེའོ། །ཚོས་པ་ཞེས་བྱ་བ་ནི་ཕྱི་རིམ་མོ། །ཤིན་ཏུ་ཚོས་པ་ཞེས་བྱ་བ་ནི་ནང་རིམ་མོ། །གྲུབ་པ་ཞེས་བྱ་བ་ནི་གྲུགས་པ་ལ་སོགས་པའི་སྐྱོན་ཆེན་
པོ་མེད་པའི་ཕྱིར་རོ། །མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་སེར་ག་ལ་སོགས་པ་ཆུང་ངུ་ཡང་མེད་པའི་ཕྱིར་རོ། །དམར་བ་ཞེས་བྱ་བ་ནི་མདོག་དམར་བ་ཤས་ཆེ་བའི་ཕྱིར་རོ། །མདོག་དམར་བ་ཞེས་བྱ་བ་ནི་བར་སྐབས་ན་ནག་པོ་ལ་སོགས་པའི་མདོག་ཀྱང་མེད་པའི་ཕྱིར་རོ། །འོད་དམར་པོ་ཞེས་
བྱ་བ་ནི་གསལ་བས་འོད་འབྱུང་བ་ཡང་དམར་བ་ཡིན་ནོ། །དུས་སྟོན་བྱའོ་ཞེས་བྱ་བ་ནི་དུས་སྟོན་གྱི་ཉི་མ་རྣམ་པར་གཞག་པར་བྱའོ། །ཉེ་འཁོར་བ་དག་ལ་ཞེས་བྱ་བ་ནི་ཉེ་འཁོར་ན་གནས་པ་དག་ལའོ། །གསོན་ཞིང་ཞེས་བྱ་བ་ནི་མྱ་ངན་ལས་འདས་ཤིང་ངོ་། །བཞུགས་ཏེ་ཞེས་བྱ་བ་
ནི་གཞན་དུ་མ་བཞུད་དེའོ། །འཚོ་ཞིང་ཞེས་བྱ་བ་ནི་ཉིད་ཀྱི་མཐུས་སྐུ་ཕྲིན་ལས་སུ་རུང་ཞིང་ངོ་། །གཞེས་པ་ཞེས་བྱ་བ་ནི་སྨན་གྱི་མཐུས་སྐུ་ཕྲིན་ལས་སུ་རུང་བའོ། །གདུལ་བར་གྱུར་པའི་དབང་གིས་ཞེས་བྱ་བ་ནི་གདུལ་བར་བྱ་བ་ནི་གདུལ་བའོ། །དེ་དག་ཏུ་སྐྱེས་པ་ནི་གདུལ་བར་གྱུར་
པའོ། །དེའི་དོན་ནི་གདུལ་བར་གྱུར་པའི་དབང་སྟེ། གདུལ་བར་གྱུར་པའི་དབང་དེས་སོ། །དུས་དང་དུས་སུ་ཞེས་བྱ་བ་ནི་དུས་དང་པོ་དང་ལྷན་ཅིག་པའི་དུས་ཕྱི་མར་གང་དུ་རྒྱུ་བ་སྟེ། བྱ་བའི་བྱེ་བྲག་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི་དེའི་སྤྱན་སྔ་ན་འདུག་
Vol. 157 · folio 37b
པའི་ཕྱིར་དང་བསྙེན་བཀུར་བ་ཡིན་པའི་ཕྱིར་དེ་ལ་བཀའ་སྩལ་གྱི་གཞན་ལ་མ་སྩལ་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཇི་ལྟ་བ་དེ་བཞིན་དུ་གང་ལ་འོང་ཞིང་མཁྱེན་པ་སྟེ། གཞན་དུ་མི་གསུང་ཞེས་བྱ་བའི་ཐ་ཚིག་གོ། །ལྡེ་མིག་ཀྱོག་པོ་ཞེས་བྱ་བ་ནི་
གཏན་པ་དབྱེ་བའི་ལྕགས་བུ་དགུ་པོ་སྟེ། རང་དང་གཞན་གྱི་གནས་དག་ཏུ་དགོས་པའི་ཕྱིར་དེ་ཐོགས་སོ། །ཀུན་དགའི་ར་བ་ནས་ཀུན་དགའི་ར་བར་ཞེས་བྱ་བ་ནི་ཀུན་དགའི་ར་བ་ཞེས་བྱ་བ་གཙུག་ལག་ཁང་འཁོར་དང་བཅས་པ་དེ་དང་འབྲེལ་བའི་ཀུན་དགའ་ར་བ་གཞན་དེ་ན་ཡོད་
པས་དེ་ནས་དེར་ཞེས་སྨོས་ཏེ་བྱ་བའི་བྱེ་བྲག་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་ཁྱམས་བཞི་པའམ་ཁྱམས་གསུམ་པའོ། །ཁང་ཁྱིམ་ཞེས་བྱ་བ་ནི་ཁང་པ་ལ་སོགས་པའི་གནས་སོ། །གོལ་བར་འགྲོ་ཞིང་ཞེས་བྱ་བ་ནི་
ལམ་ལས་གྱུ་ཞིང་དགོན་པའི་ཕྱོགས་དག་ཏུ་འགྲོ་བའོ། །དྲང་པོར་འགྲོ་བ་ཞེས་བྱ་བ་ནི་ལམ་དྲང་པོར་འགྲོ་བ་ནའོ། །མཐར་གྱིས་གཙུག་ལག་ཁང་རྒྱུ་ཞིང་གཤེགས་པ་ན་ཞེས་བྱ་བ་ནི་མཐར་གྱིས་ཞར་ལ་མཛེས་ཞེས་འཇིག་རྟེན་ལ་བསྟན་པའི་ཕྱིར་རོ། །གཞི་འདི་ཞེས་བྱ་བ་ནི་རྒྱུ་འདིས་
སོ། །མུ་སྟེགས་ཅན་དག་ཞེས་བྱ་བ་ནི་གཞན་རབ་ཏུ་བྱུང་བ་དག་གོ། །དགེ་སྦྱོང་ཞེས་བྱ་བ་ནི་སྡོམ་བརྩོན་ནོ། །གཽ་ཏ་མ་ཞེས་བྱ་བ་ནི་དྲང་སྲོང་གཽ་ཏ་མའི་རིགས་ལས་བྱུང་བའོ། །ཟག་པའི་གནས་ལྟ་བུའི་ཆོས་ཁ་ཅིག་ཅེས་པ་ནི་ཉེས་པ་ཁ་ཅིག་སྟེ། ཁྱིམ་བྱེད་ཅེས་བྱ་བའི་
ཐ་ཚིག་གོ། །ཁ་ཟེར་བ་ཞེས་བྱ་བ་ནི་སྐུར་པ་འདེབས་པར་རོ། །འགྱུར་གྱི་ཞེས་བྱ་བ་ནི་འབྱུང་བར་འགྱུར་གྱི་ཞེས་བྱ་བའོ། །ཤིག་ཤིག་ཅེས་བྱ་བ་ནི་གནས་གཞན་དུ་གྱུར་ཅིག་པའོ། །ཆོས་ཀྱི་རྗེ་ཆོས་ཀྱི་རྗེ་ཞེས་བྱ་བ་ནི་བསྟན་པའི་ཆོས་ཀྱི་རྗེ་ནི་གསུང་བའི་ཕྱིར་རོ། །འབྲས་བུའི་ཆོས་
ཀྱི་རྗེ་ནི་ཉེ་བར་སྟོན་པའི་ཕྱིར་རོ། །དོན་དམ་པའི་ཆོས་ཀྱི་རྗེ་ནི་གསལ་བར་མཛད་པའི་ཕྱིར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་མཛེས་པ་ཉིད་དམ་ཡང་ཕྱིར་མི་ལྡོག་པ་ཉིད་དམ་བགྲོད་པ་མ་ལུས་པའི་ཕྱིར་ཏེ། གཟུགས་མཛེས་པ་དང་རིམས་ནད་ཤིན་ཏུ་བྱང་བ་དང་བུམ་པ་གང་བ་ལྟ་བུའོ། །
Vol. 157 · folio 38a
ཆོས་ཀྱི་རྗེ་ཞེས་ལན་གཉིས་སུ་བཟླས་པ་ནི་གུས་པ་བསྐྱེད་པའི་ཕྱིར་རོ། །བཤིག་པ་ལེགས་སོ་ཞེས་བྱ་བ་ནི་གནོད་པ་མེད་དོ་ཞེས་བྱ་བའོ།། །།བམ་པོ་བཞི་པ། ཤིང་སྲུང་བའི་མི་སྣ་ཆེན་པོ་ལ་གཏོགས་པ་ཞེས་བྱ་བ་ནི་ཤིང་དག་སྲུང་སྦེད་པའི་མི་སྣ་
ཆེན་པོ་ལ་གཏོགས་པ་དཔོན་པོ་གང་ཡིན་པའོ། །གཏམ་འདྲེས་པ་ཞེས་བྱ་བ་ནི་ཆུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་གཏམ་འདྲེས་པ་བྱས་པའི་ཕྱིར་རོ། །ཕེབས་པར་སྨྲ་བ་ཞེས་བྱ་བ་ནི་ཡིད་གཅུགས་པ་སྟེ། ཕེབས་པར་སྨྲ་བ་བྱས་པའི་ཕྱིར་རོ། །སྨོས་འགྲིན་
ཞེས་བྱ་བ་ནི་ངོ་ཤེས་པ་སྟེ་མིང་དང་རུས་ལ་སོགས་པ་གཟུང་བར་བྱ་བའི་ཕྱིར་རོ། །འགྲོགས་པ་ཤེས་ཞེས་བྱ་བ་ནི་དེ་ལ་ཤེས་པ་སྐྱེས་པའི་ཕྱིར་རོ། །ལུས་འཕགས་མོའི་བུ་ཞེས་བྱ་བ་ནི་སྐྱེས་པའི་བཙུན་མོ་ལུས་འཕགས་མ་ཞེས་བྱ་བའི་བུ་ཡིན་པའི་ཕྱིར་རོ། །མ་ག་དྷཱར་བྱུང་བ་
ཞེས་བྱ་བ་ནི་ཡུལ་མ་ག་དྷཱ་དག་ཏུ་སྐྱེས་པའོ། །མ་སྐྱེས་དགྲ་ཞེས་བྱ་བ་ནི་མིང་སྟེ་མངལ་ན་གནས་པ་ཉིད་ཀྱིས་ཕ་ལ་དགྲ་ཉིད་བྱེད་པའི་ཕྱིར་རོ། །ཅི་བདེར་ཞེས་བྱ་བ་ནི་ཅི་འདོད་པར་རོ། །རལ་བ་ཞེས་བྱ་བ་ནི་རྡིབ་པའོ། །འདྲུམས་པ་ཞེས་བྱ་བ་ནི་གས་པའོ། །བཅོས་པ་ཞེས་བྱ་བ་ནི་གསོས་
པའོ། །འབྲེལ་པའི་དོན་དུ་ཞེས་བྱ་བ་ནི་འབྲེལ་པའི་དུས་ན་དགོས་པའོ། །སྦས་པ་ཞེས་བྱ་བ་ནི་དབེན་པའི་ཕྱོགས་སུ་བཞག་པའོ། །ཤིན་ཏུ་སྦས་པ་ཞེས་བྱ་བ་ནི་དོན་མེད་པར་མི་དགོད་པར་བྱས་པའོ། །ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ནི་གྲོང་ཁྱེར་གསོ་བ་ལ་སོགས་པའི་དོན་དུ་ཡང་མི་
དགོད་པར་བྱས་པའོ། །ཡང་ན་བསྲུངས་པ་ཞེས་བྱ་བ་ནི་ཚལ་ཟ་དག་གིས་བཟློག་པའོ། །ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ནི་རྒྱལ་པོ་རང་ཉིད་ཀྱིས་བཟློག་པའོ། །སྟེར་བར་སླ་བ་མ་ཡིན་པ་ཞེས་བྱ་བ་ནི་སྦྱིན་པའི་འོས་སུ་བདེ་བླག་ཏུ་མི་བྱེད་པ་གང་ཡིན་པའོ། །ཕྱུང་སྟེ་ཞེས་བྱ་བ་ནི་ཁྲོད་ནས་
ཕྱུང་སྟེའོ། །བཅད་ཅིང་ཞེས་བྱ་བ་ནི་ཐད་ཀར་བཅད་ཅིང་ངོ་། །གཤེགས་ནས་ཞེས་བྱ་བ་ནི་ཆུ་ཚལ་དུ་གཤེགས་པའོ། །འདྲེན་པར་བྱེད་དོ་ཞེས་བྱ་བ་ནི་ཁྱེར་བར་བྱེད་པའོ། །མཁར་གྱི་ཕྱི་ལམ་ཞེས་བྱ་བ་ནི་ཁོ་ར་ཁོར་ཡུག་ཏུ་རྗེས་སུ་འགྲོ་བར་བྱ་བའི་ཕྱིར་ར་བའི་དྲུང་ཐོག་དག་ཏུ་ལམ་
Vol. 157 · folio 38b
གཏོད་པ་ཡིན་པར་ཤེས་པར་བྱའོ། །ཉུལ་བ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་སྟེ། ཐོང་མི་པ་ཞེས་བྱ་བ་ནི་གསོད་པར་འདོད་པའོ། །ཆོམ་རྐུན་པ་ཞེས་བྱ་བ་ནི་ལོངས་སྤྱོད་འཕྲོག་པའོ། །དགྲ་བོ་ཞེས་བྱ་བ་ནི་འཁོན་གྱི་ཤ་གླན་པར་འདོད་པའི་དགྲའོ། །འཇིགས་པ་ཞེས་བྱ་བ་ནི་སེམས་
འཕར་བའོ། །སྔངས་པ་ཞེས་བྱ་བ་ནི་ཕྱོགས་བསླད་པའམ་འདར་བའོ། །སྤུ་ཟིང་ཞེས་བྱེད་པ་ཞེས་བྱ་བ་ནི་སྤུ་གྱེན་དུ་འགྲེང་བར་གྱུར་པའོ། །དེ་སྐད་མཆིའོ་ཞེས་བྱ་བ་ནི་བདག་གིས་ཇི་སྐད་བརྗོད་པ་དེ་སྐད་མཆིའོ་ཞེས་བྱའོ། །འཕགས་སོ་ཞེས་བྱ་བ་ནི་བསྐྱོད་པའོ། །བསྡད་དོ་ཞེས་
བྱ་བ་ནི་འཁོད་པའོ། །མ་སྦྲན་པ་ཞེས་བྱ་བ་ནི་མ་བོས་པའོ། །ཨ་རོག་གྱ་ཞེས་བྱས་ཏེ་ཞེས་བྱ་བ་ནི་ནད་མེད་པར་གྱུར་ཅིག་ཅེས་བྱ་བའི་ཤིས་པ་བརྗོད་དེའོ། །བླང་དུ་ཞེས་བྱ་བ་ནི་བདག་གིར་བྱ་བར་རོ། །རྒྱལ་སྲིད་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་རྒྱལ་སྲིད་ཀྱི་མཚན་ཉིད་ཀྱི་དབང་ཕྱུག་སྟེ། ནོར་དང་
བཅས་པ་ཉིད་དོ། །མངའ་བདག་ཏུ་ཞེས་བྱ་བ་ནི་རང་དབང་ཅན་ཉིད་དུའོ། །མངའ་བ་ཞེས་བྱ་བར་གྱུར་ནས་ཞེས་བྱ་བ་ནི་དབང་བསྐུར་བར་གྱུར་ནས་ཏེ་རབ་ཏུ་བཞག་ནས་སོ། །མངའ་རིས་ཞེས་བྱ་བ་ནི་ཕེབས་པ་ན་སྟེ། ཡུལ་འཁོར་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སྦྱོང་ཞེས་བྱ་བ་ནི་
རབ་ཏུ་བྱུང་བའོ། །བྲམ་ཟེ་ཞེས་བྱ་བ་ནི་རིགས་ལ་གནས་པའོ། །རང་བཞིན་བཟང་པོར་གྲགས་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་ཉིད་དུ་གྲགས་པའོ། །དེང་ཕྱིན་ཆད་ཅེས་བྱ་བ་ནི་དེ་ནས་སོ། །ཁྱུ་མཆོག་གི་བཀའ་ཞེས་བྱ་བ་ནི་ཁྱུ་མཆོག་དང་འདྲ་བའི་བཀའ་སྟེ། འཇིགས་པ་མེད་
པའི་ཚིག་ཅེས་བྱ་བའི་ཐ་ཚིག་གོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་ཡུལ་ཡངས་པའོ། །གཅིག་ཏུ་དང་དུ་བཞེས་ཤིག་ཅེས་བྱ་བ་ནི་ཅི་བདེར་སྤྱོད་ཅིག་ཅེས་བྱ་བ་ལ་གཅིག་ཏུ་ངེས་པར་བརྟེན་ཅིང་ངོ་། །འཁོར་གྱི་ནང་དུ་ཞེས་བྱ་བ་ནི་རྒྱལ་བའི་ཚིག་གི་ནང་དུའོ། །ཡང་དག་པར་ཞེས་བྱ་བ་ནི་
རིགས་པར་རོ། །སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ནི་མི་འཇིགས་པར་སྒྲ་བསྒྲགས་པའོ། །ཡོངས་སུ་མ་བཟུང་བ་ལ་ཞེས་བྱ་བ་ནི་བདག་གིར་མ་བྱས་པ་ལའོ། །བསམས་ཏེ་ཞེས་བྱ་བ་ནི་དགོངས་ཏེའོ། །ལྷ་རེ་ཞིག་ཡོངས་སུ་མ་བཟུང་བ་གང་ལགས་པ་དེ་ལ་ལྷ་ཅི་ཞིག་བགྱིར་མཆིས་
Vol. 157 · folio 39a
ཞེས་བྱ་བས་ནི་ཡོངས་སུ་མ་བཟུང་བ་ལ་བདག་ཉིད་ལ་ཡང་ཉེས་པ་མེད་པའི་ཕྱིར་དང་། རྗེས་སུ་གནང་བ་ཡང་མི་རིགས་པའི་ཕྱིར་ཅི་བདེར་སྤྱོད་ཅིག་ཅེས་བྱ་བ་དོན་མེད་པ་ཡིན་ནོ་ཞེས་གོ་བར་བྱེད་པའོ། །འཕྲལ་རྩེ་གསུམ་ཞེས་བྱ་བ་ནི་མདུང་རྩེ་གསུམ་པ་དང་
འདྲ་བའི་ཡན་ལག་གསུམ་པའོ། །ཁྲོ་གཉེར་ཞེས་བྱ་བ་ནི་སྨིན་མ་འགྱུར་བའོ། །བཞིན་འགྱུར་ཞེས་བྱ་བ་ནི་ཉམས་པ་སྟེ། རང་གི་རང་བཞིན་ལས་ཉམས་པའོ། །མིག་བགྲད་དེ་ཞེས་བྱ་བ་ནི་གདངས་ཏེའོ། །ལག་མཐིལ་གཉིས་འདྲིལ་ཞིང་ཞེས་བྱ་བ་ནི་གཅིག་ལ་གཅིག་དྲུད་ཅིང་ངོ་། །གཏུམ་
པ་ཞེས་བྱ་བ་ནི་འཁྲུག་པའོ། །བརྟུན་ངས་པ་ཞེས་བྱ་བ་བརྟད་སྐྱེན་པ་སྟེ། རྩོལ་བ་ལ་གཞོལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དྲག་ཤུལ་ཆེ་བ་ཞེས་བྱ་བ་ནི་ཞེ་གནག་པ་ལ་མངོན་པར་ཞེན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚམ་ཚོམ་མེད་པ་ཞེས་བྱ་བ་ནི་རྟོག་པ་སྔོན་དུ་མི་གཏོང་བར་བྱེད་པ་ཞེས་བྱ་བའི་
ཐ་ཚིག་གོ། །ཚིག་སྙིང་པོ་མེད་པ་ཞེས་བྱ་བ་ནི་འབྲས་བུ་མེད་པ་སྟེ། གསད་པའི་རིགས་ལ་ཁྱོད་ཅེས་སྨྲས་ལ་མ་བསད་པར་བཏང་བའི་ཕྱིར་རོ། །སྤྱོས་ཏེ་ཞེས་བྱ་བ་ནི་བསྡིགས་ཏེའོ། །སྐད་པོ་ཆེའི་སྐད་ཕྱུང་ཞིང་ཞེས་བྱ་བ་ནི་སྐད་ཆེན་པོར་སྨྲས་པ་ནི་སྐད་ཆེན་པོ་སྟེ། སྐད་ཆེན་པོའི་
སྐད་དེ་ཕྱུང་ཞིང་ངོ་། །སྒྲ་མཐོན་པོ་ཞེས་བྱ་བ་ནི་སྒྲའི་གསང་མཐོ་བའོ། །སྒྲ་ཆེན་པོ་ཞེས་བྱ་བ་ནི་ཀླག་ཅོར་གྱི་སྒྲ་སྟེ། སྔ་མ་ནི་རྒྱུའི་ཚིག་ཡིན་ལ་ཕྱི་མ་ནི་འབྲས་བུའི་ཚིག་ཡིན་ནོ། །ཡང་ན་སྐད་ཆེན་པོའི་སྐད་ཕྱུང་ཞེས་བྱ་བ་ནི་རངས་པའི་ཚིག་གི་སྐད་པོ་ཆེ་ཞེས་བྱ་བ་སྟེ། དེའི་སྐད་ཕྱུང་བ་ནི་སྐད་
པོ་ཆེའི་སྐད་ཕྱུང་ཞིང་ངོ་། །སྒྲ་མཐོན་པོའི་ཞེས་བྱ་བ་ནི་སྐད་མཐོན་པོའོ། །སྒྲ་ཆེན་པོ་ཞེས་བྱ་བ་ནི་ཀླག་ཅོར་གྱི་སྒྲའོ། །གྱོད་ཅེས་བྱ་བ་ནི་ཡན་ལག་བཅད་པའོ། །སྲོག་དང་བྲལ་བ་ཞེས་བྱ་བ་ནི་བསད་པའོ། །ལམ་པོ་ཆེ་ཞེས་བྱ་བ་ནི་ཤིང་རྟའི་ལམ་མོ། །སྲང་ཞེས་བྱ་བ་ནི་ལམ་དོགས་
པའམ་ཚོང་ཁང་གི་བར་རོ། །བཞི་མདོ་ཞེས་བྱ་བ་ནི་ལམ་གྱི་བཞི་མདོའོ། །སུམ་མདོ་ཞེས་བྱ་བ་ནི་ལམ་གྱི་སུམ་མདོའོ། །བཀའ་འདོགས་པའི་གནས་ཞེས་བྱ་བ་ནི་སྒྲོགས་པའི་གནས་སོ། །གྲོང་རྡལ་བ་དག་ཅེས་བྱ་བ་ནི་གྲོང་ཁྱེར་ན་གནས་པ་དག་གོ། །ཡུལ་མི་དག་ཅེས་བྱ་བ་ནི་ཡུལ་ན་
Vol. 157 · folio 39b
གནས་པ་དག་གོ། །ནོར་ཅན་དག་ཅེས་བྱ་བ་ནི་ཚོང་པ་དག་གོ། །ཚོང་དཔོན་དག་ཅེས་བྱ་བ་ནི་ཚོང་པའི་གཙོ་བོ་དག་གོ། །མ་ཤ་ཀ་ལྔ་ཞེས་བྱ་བ་ནི་པ་ཎ་འགྲོན་བུ་བརྒྱད་ཅུའི་རིན་གྱི་ཚད་ལྔའོ། །མ་ཤ་ཀ་ལྔ་ལས་ལྷག་པས་ཞེས་བྱ་བ་ནི་པ་ཎ་ལྔ་ལས་ལྷག་པས་སོ། །བདག་དང་བཟོད་ཅེས་
བྱ་བ་ནི་བདག་དེའོ། །མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མ་བྱིན་པ་ནི་རྐུ་བ་གྲངས་སུ་ཆུད་པ་ཡིན་པའི་ཕྱིར་རོ། །དེ་ཡང་རྐུ་བ་བདག་གིར་བྱེད་པའི་མཚན་ཉིད་ནི་རྐུ་སེམས་ཡིན་པར་བསྟན་པའི་སར་སྨོས་པར་ཤེས་པར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་
བར་བསྟན་པའི་ཕྱིར་རོ། །རྒྱལ་སྲིད་ལ་དབང་བསྐུར་བ་ཞེས་བྱ་བ་ནི་རྒྱལ་སྲིད་ལ་བཞག་པས་སོ། །དེ་ཡང་རྒྱལ་པོ་ཞེས་བྱ་བ་ནི་བདག་པོ་ཉིད་ཡིན་པའི་ཕྱིར་རོ། །རྒྱལ་རིགས་ཞེས་བྱ་བ་ནི་སྐྱེ་དགུ་བསྲུང་བའི་ཕྱིར་རོ། །སྤྱི་བོར་དབང་བསྐུར་བ་ཞེས་བྱ་བ་ནི་སྐྱེ་བོའི་སྟེང་དུ་བཞག་པའི་
ཕྱིར་རོ། །བློན་པོ་ཆེན་པོ་ཞེས་བྱ་བ་ནི་རྒྱལ་པོ་དང་འདྲ་བའོ། །བློན་པོ་ཞེས་བྱ་བ་ནི་རྗེས་སུ་འབྲང་བའོ། །རྩིས་མཁན་ཞེས་བྱ་བ་ནི་སྐར་མཁན་ནོ། །སྣ་ཆེན་པོ་ལ་གཏོགས་པ་ཞེས་བྱ་བ་ནི་དབང་དུ་བསྐོས་པའོ། །གསང་ཚིག་མཐུན་པས་འཚོ་བ་ཞེས་བྱ་བ་ནི་གསང་ཚིག་གཅིག་པའོ། །ཀྱེ་ཞེས་
བྱ་བ་ནི་བོད་པའོ། །རྐུན་མ་ཞེས་བྱ་བ་ནི་འཇབ་བུས་རྐུ་བའོ། །བྱིས་པ་ཞེས་བྱ་བ་ནི་རང་གིས་མི་ཤེས་པའོ། །བླུན་པ་ཞེས་བྱ་བ་ནི་ལུང་ཕོག་པ་མི་ཤེས་པའོ། །རྐུ་བ་ཞེས་བྱ་བ་ནི་མཐུས་རྐུ་བའོ། །རྫོགས་པར་བསྙེན་པ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པའི་གནས་
མྱ་ངན་ལས་འདས་པར་ཁད་བསྙེན་ཅིང་མཐུན་པར་འགྱུར་བ་སྟེ། དགེ་སློང་གི་དངོས་པོ་ཡང་དག་པར་བླངས་པས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ལ་ཡང་ཞེས་བྱ་བ་ནི་སྔ་མ་ལ་ལྟོས་པའི་སྒྲ་ཡིན་ནོ། །སྤྱི་སྡོམ་ལ་ཞེས་བྱ་བ་ནི་སྡོམ་གྱི་ཚིགས་སུ་
བཅད་པ་རྣམས་སྤྱིར་བསྡུས་པའི་སྡོམ་མོ། །ཡོ་བྱད་ཅེས་བྱ་བ་ནི་རྫས་སོ། །ལྕི་བ་དག་ཅེས་བྱ་བ་ནི་རིན་ཆེ་བ་དག་གོ། །རྒྱུ་གསུམ་གྱིས་ཞེས་བྱ་བ་ནི་དུས་གཅིག་ཏུ་འང་རྣམ་གྲངས་ཀྱིས་སོ། །བདག་ཉིད་ཀྱིས་རྐུ་བ་ཞེས་བྱ་བ་ནི་རང་གི་ལུས་ཀྱིས་སོ། །བདག་ཉིད་ཀྱིས་རྐུར་འཇུག་
Vol. 157 · folio 40a
པ་ཞེས་བྱ་བ་ནི་རང་གི་ལུས་ལ་གནས་པའི་ཁར་བའམ། ཤིང་ངམ་ཐལ་ཕྱགས་སམ་གཞན་གྱི་ལག་པའམ། གཞན་ཡང་རྒྱུ་གང་ཡང་རུང་བས་སོ། །རྐུ་བ་དང་རྐུར་འཇུད་པ་གཉིས་ཀྱིས་རང་གི་ངོ་བོ་བསྟན་པའི་ཕྱིར་བདག་ཉིད་ཀྱིས་གནས་ནས་གནས་
སུ་སྦེད་པར་བྱེད་པ་སྟེ་ཞེས་བྱ་བ་གསུངས་སོ། །ཞལ་ཏ་བྱས་ཏེ་རྐུ་བ་ཞེས་བྱ་བ་ནི་རང་གིས་ཞལ་ཏ་བྱས་ཏེ་རང་གི་མངོན་སུམ་དུ་བསྐོས་པ་གཞན་རྒྱུར་གྱུར་པས་རྐུ་བའོ། །ཞལ་ཏ་བྱས་ཏེ་རྐུར་འཇུག་པ་ཞེས་བྱ་བ་ནི་གཞན་གྱི་ལུས་དང་འབྲེལ་པའི་ཁར་བའམ། ཤིང་ངམ་ཐལ་ཕྱགས་
སམ། མཚོན་ལ་སོགས་པ་དང་། གཞན་གྱིས་བསྐོས་པའི་སྐྱེས་པ་དང་། བུད་མེད་ལ་སོགས་པས་རྐུ་བའོ། །འདིར་ཡང་རྐུ་བ་དང་རྐུར་འཇུད་པ་གཉིས་ཀྱིས་རང་གི་ངོ་བོ་བསྟན་པའི་ཕྱིར་རོ། །ཞལ་ཏ་བྱས་ཏེ་གནས་ནས་གནས་སུ་སྦེད་པར་བྱེད་པས་ཏེ་ཞེས་བྱ་བ་གསུངས་སོ། །མངགས་
པས་རྐུ་བ་ཞེས་བྱ་བ་ནི་མངགས་པ་རྒྱུར་གྱུར་པ་ལྐོག་ན་འདུག་པས་རྐུ་བའོ། །མངགས་པས་རྐུར་འཇུག་པ་ཞེས་བྱ་བ་ནི་མངགས་པ་ལྐོག་ན་འདུག་པའི་ལུས་དང་འབྲེལ་པ་ཁར་བ་ལ་སོགས་པ་དང་དེས་བསྐོས་པའི་སྐྱེས་པ་དང་བུད་མེད་ལ་སོགས་པས་རྐུ་བའོ། །འདིར་ཡང་རྐུ་བ་དང་རྐུར་འཇུད་
པ་གཉིས་ཀྱིས་རང་གི་ངོ་བོ་བསྟན་པའི་ཕྱིར་མངགས་པས་གནས་ནས་གནས་སུ་སྦེད་པར་བྱེད་པས་ཏེ་ཞེས་བྱ་བ་གསུངས་སོ། །གསུམ་པ་དང་པོ་འདི་ནི་རང་གིས་སམ་གཞན་གྱིས་སམ་མངོན་སུམ་དུའོ་ལྐོག་ཏུ་རྐུ་བ་ལ་བྱེ་བྲག་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་གསུངས་སོ། །གསུམ་
པ་གཉིས་པ་ནི་མ་བྱིན་པ་ཉིད་དང་། །དངོས་པོ་ཡོངས་སུ་ཚང་བ་དང་། གནས་ནས་སྤོ་བ་དག་ཕམ་པར་འགྱུར་བའི་ཡན་ལག་ཉིད་ཡིན་པར་བསྟན་པའི་ཕྱིར་གསུངས་སོ། །གསུམ་པ་གསུམ་པ་ནི་རྐུ་བ་དང་བདག་གིར་བྱེད་པའི་མཚན་ཉིད་ཀྱི་རྐུ་སེམས་དང་ལུས་དང་ངག་གི་ཚོལ་བ་དག་
ཕམ་པར་འགྱུར་བའི་ཡན་ལག་ཉིད་བསྟན་པའི་ཕྱིར་གསུངས་སོ། །གསུམ་པ་བཞི་པ་ནི་མིའི་འགྲོ་བ་པས་བདག་གིར་བྱས་པ་ཉིད་ཕམ་པར་འགྱུར་བའི་ཡན་ལག་ཉིད་ཡིན་པར་བསྟན་པའི་ཕྱིར་གསུངས་སོ། །གསུམ་པ་ལྔ་པ་ནི་མིའི་འགྲོ་བ་པས་ཡོངས་སུ་གཟུང་བར་འདུ་ཤེས་པ་
Vol. 157 · folio 40b
ཉིད་ཕམ་པར་འགྱུར་བའི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར་གསུངས་སོ། །དགེ་སློང་གིས་གཞན་དག་གི་ཡོ་བྱད་དག་ལྕི་བ་དག་རྒྱུ་བཞིས་མ་བྱིན་པར་ལེན་ན་ཕམ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བཞི་པ་བཞི་ནི་སྔར་གསུམ་པ་ལྔས་བསྟན་པའི་ཡན་ལག་རྣམས་ལ་སློབ་མ་རྣམས་
གོམས་པར་བྱ་བའི་ཕྱིར་བསྟན་ཏེ་གསུངས་པ་ཡིན་ནོ། །ཟངས་པོ་ཆེ་ཞེས་བྱ་བ་ནི་ཟངས་ཆེན་པོའོ། །ཟངས་ཞེས་བྱ་བ་ནི་ཟངས་ཐ་མལ་པའོ། །རྫ་བོ་ཞེས་བྱ་བ་ནི་རྫ་མ་ཆེན་པོའོ། །སྒྲོམ་ཞེས་བྱ་བ་ནི་སྤྲོག་མའོ། །ཀོ་ལྤགས་ཞེས་བྱ་བ་ནི་སྒྲོ་བ་དང་རྐྱལ་པ་ལ་སོགས་པའོ། །གླང་
པོ་ཆེའི་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཚོགས་ཞེས་བྱ་བ་ནི་འདུས་པའོ། །དཔུང་བུ་ཆུང་ཞེས་བྱ་བ་ནི་རྐང་ཐང་ངོ་། །བདག་གིར་བྱེད་པ་ཞེས་བྱ་བ་ནི་བདག་གིའོ་ཞེས་སོ་སོར་བདག་གིར་བྱེད་པའོ། །བསྲུངས་ཤིང་བདག་གིར་མ་བྱས་པ་ཞེས་བྱ་བ་ནི་སྲུང་བར་བྱེད་པ་དག་གིས་སོ། །
ཁ་ལུངས་པ་ཞེས་བྱ་བ་ནི་འབྲོག་དགོན་པ་ན་གནས་པའོ། །ལ་གཅན་པ་ཞེས་བྱ་བ་ནི་ལ་སྲུང་བར་བསྐོས་པའོ། །རྐུན་རྫས་ཞེས་བྱ་བ་ནི་ཆོམ་རྐུན་བྱས་པའི་རུལ་ལོ། །བདག་གིར་བྱས་ཤིང་མ་བསྲུངས་པ་ཞེས་བྱ་བ་ནི་སྲུང་མ་མེད་ཀྱང་བདག་གིར་བྱས་པ་སྟེ། དེས་ཀྱང་ཕམ་པར་གྱུར་
པ་སྟོན་ཏོ། །རང་གི་འདུ་ཤེས་ཀྱིས་ལེན་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ལྔ་པས་ནི་རྐུ་སེམས་ཉིད་སྟོན་པར་བྱེད་དོ། །རང་གི་འདུ་ཤེས་ཞེས་བྱ་བ་ནི་རང་གི་བློའོ། །ཡིད་གཅུགས་པའི་འདུ་ཤེས་ཞེས་བྱ་བ་ནི་ནོར་གཅིག་པ་ཉིད་ཀྱི་བློའོ། །རེ་ཞིག་གི་འདུ་ཤེས་ཞེས་བྱ་བ་ནི་ཕྱིར་སྦྱིན་
པའི་བློའོ། །གཞན་ལ་གོ་བར་བྱེད་པ་ཞེས་བྱ་བ་ནི་གང་གི་ཡིན་པ་དེ་ཉིད་ལ་སྦྱིན་པར་བྱ་བའམ། རིན་གྱིས་བསབ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་གོ་བར་བྱ་བ་དང་གཞན་རྐུ་སེམས་ཡོད་དོ་ཞེས་སྐུར་པ་འདེབས་པ་བཟློག་པའི་ཕྱིར་རོ། །དེ་ལ་རྐུ་སེམས་ཉེ་བར་གནས་པར་གྱུར་པ་སྟེ་
ཞེས་བྱ་བ་ནི་རྨོངས་པ་དང་ཡོངས་སུ་མ་བཟུང་བར་འདུ་ཤེས་པ་དང་དེའི་ཡིན་པར་མི་ཤེས་པ་དང་། མི་མ་ཡིན་པས་ཡོངས་སུ་གཟུང་བར་འདུ་ཤེས་པ་ལ་སོགས་པ་རྣམ་པར་བཟློག་པའི་ཕྱིར་གསུངས་སོ། །རྒྱུ་ལྔས་ནི་ལྟུང་བ་མེད་དེ་ཞེས་བྱ་བ་ལ་སོགས་པ་ལྔ་པ་ཐ་མ་ཚིག་གི་དོན་
Vol. 157 · folio 41a
ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྡོམ་ལ། ས་ལ་འདུག་དང་སྣོད་འདུག་དང་། །ཞེས་བྱ་བ་ལ་སོགས་པ་ནི་གཞི་བརྟག་པའི་ཕྱིར་གསུངས་སོ། །འདི་ལྟར་ཞེས་བྱ་བ་ནི་བྱུང་བའི་མཐའ་དང་བྲལ་བ་སྟེ། སྲིད་པ་བསྟན་པའི་ཚིག་ཡིན་ནོ། །མགུལ་གདུབ་
ཅེས་བྱ་བ་ནི་མགུལ་དུ་གདགས་པའི་གདུ་བུ་ཟླུམ་པོའོ། །གདུ་བུ་རྒྱན་ཅན་ཞེས་བྱ་བ་ནི་ལག་ངར་ལ་བསྐོན་པའི་གདུ་བུ་རྒྱན་ཅན་སྲབ་མོའོ། །དཔུང་རྒྱན་ཞེས་བྱ་བ་ནི་དཔུང་པའི་རྒྱན་ནོ། །དོ་ཤལ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་རིང་དུ་འཕྱང་བའོ། །སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་སེ་
མོ་དོ་ནུ་མར་སླེབ་ཙམ་དུ་འཕྱང་བའོ། །མུ་ཏིག་གི་ཆུན་པོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཆུན་མགུལ་ལ་རེག་པར་འཁོར་བའོ། །དེ་ལ་སྦྱོར་བས་ཞེས་བྱ་བ་ནི་དེ་རྐུ་འདོད་པས་སོ། །ནོམ་པ་ཞེས་བྱ་བ་ནི་ཅུང་ཞིག་རེག་པའོ། །ཉུག་པ་ཞེས་བྱ་བ་ནི་དམ་དུ་རེག་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་
ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་བསམ་པས་ཞུགས་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཡིན་ནོ། །དངོས་པོ་ཚང་ན་ཞེས་བྱ་བ་ནི་མ་ཤ་ཀའི་རིན་དུ་ཆོག་ནའོ། །མུ་གཅིག་པ་ཞེས་བྱ་བ་ནི་ལུས་གཅིག་པའོ། །གྱོང་གྲུགས་ཞེས་བྱ་བ་ནི་ཁགས་ཁོགས་སུ་གྱུར་པའོ། །གས་པ་ཞེས་བྱ་བ་ནི་
རལ་བའོ། །ཡི་གེ་བྲིས་པ་ཞེས་བྱ་བ་ནི་ཡི་གེས་ཁྱབ་པའོ། །ཚོན་སྣ་ཚོགས་བཀྲ་ཞེས་བྱ་བ་ནི་ཁ་དོག་ཐ་དད་པའོ། །ཕྱོགས་ཐ་དད་པ་ཞེས་བྱ་བ་ནི་སོ་སོ་བ་སྟེ། དེ་ནི་གནས་ཐ་དད་པར་བསྟན་པའི་ཕྱིར་རོ། །མཚམས་ཅན་ཞེས་བྱ་བ་ནི་འཕྲོ་སྦྱོར་བས་སྤྲད་པའོ། །གཡུལ་ཞེས་བྱ་བ་
ནི་འབྲུའི་གནས་སོ། །དོང་ཞེས་བྱ་བ་ནི་འབྲུའི་གནས་བརྐོས་པའོ། །མུ་དང་ཁ་ད་ཆད་ཅེས་བྱ་བ་ནི་ཁ་དང་མཉམ་པའོ། །ཤིང་བུས་བར་དུ་ཆོད་པའམ་ཞེས་བྱ་བ་ལ་སོགས་པ་ལ། བར་དུ་ཆོད་པ་ཞེས་བྱ་བ་ནི་བར་ཆད་བྱས་པ་སྟེ། དེ་དག་ནི་མ་གང་བའི་དབྲེས་ནས་བཟུང་སྟེ། དོང་གི་ཁའི་
བར་དུ་གྱེན་དུ་རིམ་པར་གནས་པར་ཤེས་པར་བྱའོ། །འབྱིན་པར་བྱེད་ཅེས་བྱ་བ་ནི་རྩ་ཐོན་དུ་འབྱིན་པར་བྱེད་པའོ། །ཁུར་འདྲག་པར་བྱེད་ཅིང་ཞེས་བྱ་བ་ནི་ཁུར་དུ་དྲགས་ནས་ཁུར་བརྐུའོ་སྙམ་པའི་སེམས་ཀྱིས་རྐུ་བའི་སྐབས་ཡིན་པས་དེའི་མདུན་རོལ་དུ་རྫས་རེ་རེ་ནས་འབྱིན་ཅིང་སྡུད་
Vol. 157 · folio 41b
པ་དང་། ཁུར་འདྲག་པའི་ཚེ་ན་གནས་ནས་སྤོས་པ་མ་ཡིན་ཏེ། འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཁང་ཐོག་དག་ཏུ་ཞེས་བྱ་བ་ནི་ཁང་པ་ནི་ཁྱིམ་སྟེ། དེའི་ཐོག་དག་ཏུའོ། །ཡ་གད་ཅེས་བྱ་བ་ནི་རྐང་རྟེན་བརྟན་པའོ། །ཁྲི་འཕང་ཞེས་བྱ་བ་ནི་ཤིང་གི་གོང་ནས་གོང་དུ་
བརྩེགས་པའོ། །ཐག་སྐས་ཞེས་བྱ་བ་ནི་ཤིང་རིང་པོ་ལ་རྐང་པ་གཞག་པའི་ཕྱིར། །ཐག་པས་བཅིངས་པ་བྱས་པའོ། །དཔྱང་ཐག་ཅེས་བྱ་བ་ནི་ཐག་པའི་ཐོག་མ་ལ་ལྕགས་ལས་བྱས་པའི་ལྕགས་ཀྱོ་བཏགས་པ་འཕང་བའོ། །དག་ར་ཞེས་བྱ་བ་ནི་སྒོ་ཁའི་བར་རིམ་མོ། །ཁང་པ་བརྩེགས་པ་ཞེས་བྱ་བ་ནི་ར་
བའི་ཁྱིམ་མོ། །ཁང་པ་བརྩེགས་པའི་སྟེང་ཞེས་བྱ་བ་ནི་མཐོངས་ཡོན་པོ་ལ་སོགས་པ་བཏོད་པའོ། །ཁྱིམ་དག་ཅེས་བྱ་བ་ནི་གནས་པའི་ཁྱིམ་དག་གོ། །ཆུའི་གནས་དག་ཅེས་བྱ་བ་ནི་ཆུའི་ཁང་པ་དག་གོ། །འདུག་པའི་ཤིང་ལྗོན་པ་ཞེས་བྱ་བ་ནི་ངལ་བསོ་བའི་ཤིང་ལྗོན་པའོ། །ཟས་ལ་ཆགས་
པ་ཞེས་བྱ་བ་ནི་ཟས་འདོད་པའོ། །དེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ནི་མིས་བདག་གིར་བྱ་བ་དང་མ་བྲལ་བའི་ཕྱིར་དང་། མིས་ཡོངས་སུ་གཟུང་བའི་འདུ་ཤེས་པའི་ཕྱིར་དེ་ལ་སྨད་དོ། །སྐོན་པ་ཞེས་བྱ་བ་ནི་གཟེབ་གཞི་དང་བཅས་པའོ། །རྩེད་མོའི་བྱ་ཞེས་བྱ་བ་ནི་རྩེ་བའི་ཆེད་ཀྱི་བྱའོ། །
བདག་པོ་དང་བཅས་པ་ཞེས་བྱ་བ་ནི་བདག་པོ་མི་དང་བཅས་པའོ། །བདག་པོ་མེད་པ་ཞེས་བྱ་བ་ནི་གང་ལ་མིས་བདག་གིར་བྱས་པའི་བདག་པོ་མེད་པའོ། །ཕྱོགས་བཞིར་ཞེས་བྱ་བ་ནི་ངོས་བཞིར་རོ། །ཡམ་སྲེག་ཤིང་ཞེས་བྱ་བ་ནི་བུད་ཤིང་ངོ་། །མིག་སྔར་སྣང་བ་ཞེས་བྱ་བ་ནི་གནས་
གཞན་དུ་གྱུར་པས་དེ་ལ་བརྐུས་པར་བརྗོད་པར་བྱའོ། །འདི་ལ་གནས་ཀྱི་གཞི་གཏང་བ་ནི་སྦྱོར་བའོ། །ལྡང་བ་ལ་སོགས་པ་ནི་སྦྱོར་བའི་སྦྱོར་བར་ཤེས་པར་བྱའོ། །དགེ་སློང་གི་བདག་པོ་དང་བཅས་པའི་གཏེར་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ནི་དཀྱིལ་འཁོར་ཉུག་པ་ལ་སོགས་པ་
རྩོམ་པ་ནི་སྦྱོར་བར་ཤེས་པར་བྱའོ། །སྤང་ལེབ་ཅེས་བྱ་བ་ནི་ཤིང་ལེབ་པོ། །རྩིག་རྨང་ཞེས་བྱ་བ་ནི་ཐེམ་པའོ། །ཟུང་ཞེས་བྱ་ནི་གླང་པོ་ཆེའི་སོའི་རྣམ་པ་འདྲ་བའི་ཕུར་པའོ། །ཕྱུང་སྟེ་རྐུ་ཞེས་བྱ་བ་ནི་ཕྱུང་བའི་རྣམ་པ་དགུ་པའོ། །བཞོན་པ་ཞེས་བྱ་བ་ནི་རྟ་ལ་སོགས་པའི་སྤྱིའོ། །
Vol. 157 · folio 42a
བཤམས་པ་ཞེས་བྱ་བ་ནི་བརྒྱན་པའོ། །སྲང་གི་ཁང་པ་ཞེས་བྱ་བ་ནི་ཤིང་རྟའི་ལམ་གྱི་ཁང་བཟངས་ཉིས་བརྩེགས་ལ་སོགས་པའོ། །གྲོང་པོ་ཆེའི་བཞོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཞོན་པའི་བྱེ་བྲག་ཡིན་ནོ། །ཚོ་བ་ཞེས་བྱ་བ་ནི་འཚག་རྒྱས་པའོ། །རིད་པ་ཞེས་
བྱ་བ་ནི་མ་རྒྱས་པའོ། །ཉམ་ཆུང་བ་ཞེས་བྱ་བ་ནི་སྟོབས་ཉམས་པའོ། །ཀོ་བ་ཞེས་བྱ་བ་ནི་པགས་པ་སྐམས་པའོ། །བསྐམས་པ་ཞེས་བྱ་བ་ནི་ཤ་ཉམས་པའོ། །ལུས་མ་ཐོབ་པ་ཞེས་བྱ་བ་ནི་བརྩོན་པ་མེད་པའོ། །ཁང་པ་བརྩེགས་པ་ཕྱེད་ཅེས་བྱ་བ་ནི་ཐོག་མཐོར་མ་བསྒྲེང་བའོ། །ཟུང་
ཁྱོགས་ཞེས་བྱ་བ་ནི་མི་གཉིས་ཀྱིས་འདེགས་པའོ། །ཁྱོགས་སྤྱིལ་ཞེས་བྱ་བ་ནི་ཟུང་ཁྱོགས་གཡོགས་མ་མེད་པའོ། །བྱིས་པའི་བཞོན་པ་ཞེས་བྱ་བ་ནི་ཁྱེའུ་དང་བུ་མོ་དག་བཀུར་བའོ། །གྲུ་ཚུགས་ཞེས་བྱ་བ་ནི་སྒྲོལ་བ་དང་ཕྱིར་སྒྲོལ་བའི་ཕྱོགས་སོ། །ཚུ་རོལ་ཞེས་བྱ་བ་ནི་རང་གི་ཡུལ་ལོ། །
ཕ་རོལ་ཞེས་བྱ་བ་ནི་འགྲམ་གཉིས་པའོ། །སྐམ་ལ་ཕྱུང་སྟེ་རྐུ་བར་བྱེད་པ་ཞེས་བྱ་བ་ནི་སྐམ་པའི་ལམ་དུ་འཇུད་པར་བྱེད་པའོ། །རྫབ་ཏུ་སྦེད་པར་བྱེད་ཅེས་བྱ་བ་ནི་འདབ་རྫབ་ཀྱི་ནང་དུ་འཇུག་པར་བྱེད་པའོ། །བདེ་བ་མེད་པར་བྱ་ཞེས་བྱ་བ་ལ། བདེ་བ་ཞེས་བྱ་བ་ནི་བདེ་བར་འགྱུར་བ་སྟེ། བྱ་བ་
གང་ལ་དེ་གཞན་ལས་འབྱུང་བར་མ་གྱུར་ཅིག་སྙམ་དུ་འཇུག་པ་ཡོད་པ་དེ་ནི་བདེ་བ་མེད་པར་བྱ་བའོ། །དེའི་བསམ་པས་ཞེས་བྱ་བ་ནི་ཕྲག་དོག་གི་སེམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །གཅོག་པར་བྱེད་ཅེས་བྱ་བ་ནི་དུམ་གྲུགས་སུའོ། །འཆག་པར་བྱེད་ཅེས་བྱ་བ་ནི་ཚལ་པར་རོ། །སྟོན་ཀ་
འབྱུང་བ་ཞེས་བྱ་བ་ནི་གང་དག་སྟོན་འབྲས་བུར་འགྱུར་བའོ། །རྣང་ཞེས་བྱ་བ་ནི་ཞིང་ངོ་། །ཡུར་བ་ཞེས་བྱ་བ་ནི་རྣང་ཡུར་སྲོལ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འབྱོར་པ་ཞེས་བྱ་བ་ནི་ཆུ་དེས་ཞིང་དེ་ལ་འབྲས་བུ་གྲུབ་པར་བྱས་པ་དེའི་འབྱོར་པ་སྟེ། དེའི་དོན་དུ་ཆུ་རྐུ་བར་བྱེད་ཅེས་བྱ་བའི་ཐ་ཚིག་
གོ། །གྲུ་ནི་གསུམ་སྟེ་ཞེས་བྱ་བ་ནི་དེ་གསུམ་ཀ་ནི་ཕལ་ཆེར་རྒུད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །བུམ་པའི་གྲུ་ཞེས་བྱ་བ་ནི་བུམ་པ་ཁ་སྦུབ་ཏུ་བཞག་པ་དག་གིས་འགྲུབ་པའི་གྲུ་གང་ཡིན་པའོ། །རྫ་མའི་གྲུ་ཞེས་བྱ་བ་ནི་རྫ་མ་དག་གིས་འགྲུབ་པའི་གྲུ་གང་ཡིན་པའོ། །ར་རྐྱལ་གྱིའོ་ཞེས་
Vol. 157 · folio 42b
བྱ་བ་ནི་རའི་རྐྱལ་པས་འགྲུབ་པ་གང་ཡིན་པའོ། །ཟོང་ལྕི་ཞེས་བྱ་བ་ནི་འབྱིང་བའོ། །རིན་ལྕི་ཞེས་བྱ་བ་ནི་རིན་ཆེ་བའོ། །ཟོང་ཡང་ཞེས་བྱ་བ་ནི་འཕྱོ་བའོ། །རིན་ཡང་ཞེས་བྱ་བ་ནི་རིན་ཆུང་བའོ། །ནོར་བུ་ཞེས་བྱ་བ་ནི་འོད་ཀྱི་བདག་ཉིད་ཅན་དུ་དུག་སེལ་བའོ། །བཻ་ཌཱུརྱ་ཞེས་བྱ་བ་ནི་
རི་བི་རུ་ར་ལས་བྱུང་བས་བཻ་ཌཱུརྱ་ཞེས་བྱ་སྟེ། རིན་པོ་ཆེ་སྔོན་པོར་སྣང་བའོ། །མན་ཤེལ་དཀར་པོ་ཞེས་བྱ་བ་ནི་ཤང་ཁ་ཤི་ལ་ཞེས་བྱ་སྟེ། རིན་པོ་ཆེ་དུང་གི་རྣམ་པ་ལྟར་མཆོག་ཏུ་དཀར་བའོ། །བྱི་རུ་ཞེས་བྱ་བ་ནི་བྱི་རུའི་རིགས་ཁྱད་པར་འཕགས་པའོ། །དངུལ་ཞེས་བྱ་བ་ནི་དངུལ་ཉིད་དོ། །
ས་ལེ་སྦྲམ་ཞེས་བྱ་བ་ནི་གསེར་རོ། །རྡོའི་སྙིང་པོ་ཞེས་བྱ་བ་ནི་མརྒད་དོ། །སྤུག་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་ཤིན་ཏུ་གཙོ་བོ་སྔོན་པོ་དང་། སེར་པོ་དང་། དམར་པོ། །དཀར་པོར་སྣང་བའི་བདག་ཉིད་ཅན་ཏེ། ཁྲ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དཀར་པོ་ཞེས་བྱ་བ་ནི་པདྨ་རཱ་ག་
ལའོ། །གཡས་སུ་འཁྱིལ་ཞེས་བྱ་བ་ནི་དུང་དེ་ཤིས་པ་སྐྱེད་པར་བྱེད་པས་རིན་པོ་ཆེའི་བྱེ་བྲག་ཁོ་ན་ཡིན་ནོ། །སྲིན་བལ་ཞེས་བྱ་བ་ནི་ཁ་ཆུ་དར་གྱི་ཚིགས་མའོ། །ལྕགས་ཞེས་བྱ་བ་ནི་ལྕགས་ཉིད་དོ། །རྡོ་ཞེས་བྱ་བ་ནི་རྡོ་བའོ། །ཁྲོ་ཆུ་ཞེས་བྱ་བ་ནི་མེ་ལོང་རྒྱུ་ལྕགས་འདྲ་བའོ། །ན་མེ་
རུ་ཞེས་བྱ་བ་ནི་མེ་ཏོག་གི་བྱེ་བྲག་གོ། །ཐོབ་རྒྱལ་ཞེས་བྱ་བ་ནི་གང་གིས་གང་ཟིན་པ་དེ་དེའི་ཡིན་པར་རྣམ་པར་གཞག་པར་བྱའོ། །གོས་འཆིང་བར་བྱེད་ཅེས་བྱ་བ་ནི་མདོམས་དཀྲིས་བསྡམས་པས་བརྟན་པར་བྱེད་པའོ། །དུས་ཚིགས་ཐམས་ཅད་པ་ཞེས་བྱ་བ་ནི་རང་གི་དུས་ཚིགས་
ཐམས་ཅད་དུ་ཁྱབ་པར་བྱེད་པ་གང་ཡིན་པའོ། །དུས་ཐམས་ཅད་པ་ཞེས་བྱ་བ་ནི་དུས་ཚིགས་གཞན་གྱི་དུས་ཐམས་ཅད་དུ་ཡང་ཁྱབ་པར་བྱེད་པ་གང་ཡིན་པའོ། །སྐྱེ་བོ་ཐམས་ཅད་ལས་སྐྱབས་པ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱིས་འགའ་ཡང་མི་འཐོབ་པར་བཀག་པའོ། །འགྲམ་
གཉིས་སུ་ཞེས་བྱ་བ་ནི་ངོགས་གཉིས་སུའོ། །རི་དགས་ཀྱི་རྔོན་པ་ཞེས་བྱ་བ་ནི་དངོས་སོ། །རི་དགས་ཀྱི་རྔོན་པའི་སློབ་མ་ཞེས་བྱ་བ་ནི་གཞན་ལ་རག་ལས་པས་སོ། །མཁས་པས་ཞེས་བྱ་བ་ནི་ཤེས་པས་སོ། །ནགས་མཆོག་ཅེས་བྱ་བ་ནི་སྐྱེ་བོ་མེད་ཅིང་ཆེས་ཐག་རིང་བའི་
Vol. 157 · folio 43a
ནགས་སོ། །དྲུངས་དབྱུང་བའི་ཕྱིར་ཞེས་བྱ་བ་ནི་རྩད་བཅད་པའི་ཕྱིར་དེ་ཡང་འཚོང་བའི་ཕྱིར་རོ། །ཉམས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མ་བསད་པར་ཡན་ལག་ལ་སོགས་པ་དུམ་བུར་བཅད་པའི་ཕྱིར་རོ། །ཚུལ་མ་ཡིན་པས་སྡུག་བསྔལ་
བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རིགས་པ་མ་ཡིན་པས་གསད་ཅེས་བྱ་བའི་ཐ་ཚིག་གོ། །རྔོན་སྤྱད་ཅེས་བྱ་བ་ནི་སྒོ་མཐོན་པོ་དང་རྩང་ལ་སོགས་པའི་རྔོན་སྤྱད་བཤམས་པ་དག་གོ། །གཞི་འདི་ཞེས་བྱ་བ་ནི་རྒྱུ་འདིས་སོ། །ཉ་པ་ཞེས་བྱ་བ་ནི་ཉ་ཤོར་བའོ། །ཆུ་ཀླུང་ཞེས་བྱ་
བ་ནི་ཆུ་ཀླུང་ཆེ་བའོ། །ཡུར་པོ་ཞེས་བྱ་བ་ནི་ཆུ་ཀླུང་ཆུང་ངུའོ། །ཁར་ཞེས་བྱ་བ་ནི་ཆུ་འབབ་པའི་གནས་སུའོ། །ཉ་རྡང་བ་ཞེས་བྱ་བ་ནི་སྐོན་པའི་རྣམ་པ་ལྟ་བུ་བཅས་པའོ། །དཀོན་ཞེས་བྱ་བ་ནི་ཕྱོགས་ཁ་ཅིག་ནི་ཡོད་པའི་ཕྱིར་རོ། །རིན་ཆེ་ཞེས་བྱ་བ་ནི་རིན་ཆེན་པོས་རྙེད་
པའི་ཕྱིར་རོ། །དེའི་གནས་སྐབས་སུ་ཞེས་བྱ་བ་ནི་རྐུ་བའི་དུས་དང་རྐུ་བའི་ཡུལ་དེར་རོ། །དུད་འགྲོའི་སྐལ་བའི་ཆུ་བདག་གིར་བྱེད་ན་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་བ་ནི་མི་རྣམས་ཀྱི་བསམ་པ་ཐག་པ་ནས་གཏང་བའི་ཕྱིར་དང་འདུ་ཤེས་འཁྲུལ་པའི་ཕྱིར་དེ་ཡང་སྲིད་
པའི་ཕྱིར་རོ། །ནོར་སྒྲུབ་པ་དག་ཅེས་བྱ་བ་ནི་ནོར་ཚོལ་བ་དག་གོ། །ཞུགས་ཏེ་ཞེས་བྱ་བ་ནི་བསྐྱོད་ཅིང་བླངས་ཏེའོ། །ལན་ཚྭའི་རོ་འབའ་ཞིག་ཅེས་བྱ་བ་ནི་ཐམས་ཅད་ལན་ཚྭའི་རོ་ཡིན་པའོ། །ལན་གྱི་བགྲོད་པ་ཞེས་བྱ་བ་ནི་ལམ་གྱི་ངོ་བོ་ཉིད་དེ་རྒྱང་གྲགས་ལ་སོགས་པའི་ཚད་
ཀྱི་ལམ་མོ། །གོམ་པ་བསྲི་བ་ཞེས་བྱ་བ་ནི་གོམ་པ་སྐྱུང་བས་སོ། །ཆོས་གོས་དག་རྐུ་བར་བྱེད་ཅིང་ཞེས་བྱ་བ་ནི་རྐུ་ཞིང་ཁྱེར་བར་བྱེད་པའོ། །ལྕོང་ཞེས་བྱ་བ་ནི་དམའ་བའོ། །ཐང་ཞེས་བྱ་བ་ནི་མཉམ་པར་རོ། །ཐིབས་པོ་ཞེས་བྱ་བ་ནི་རྩྭ་ལ་སོགས་པ་འཁྲིགས་པའོ། །ཐམས་ཅད་
དུ་ཞེས་བྱ་བ་ནི་གནས་ཁང་ནས་ཁྱམས་སུ་དང་། ཁྱམས་ནས་གནས་ཁང་དུ་འཇུག་པ་སོགས་ལ་ཡང་ངོ་། །མི་རྨས་ཞེས་བྱ་བ་ནི་རྨ་མི་འབྱུང་བའོ། །མ་ཉམས་ཞེས་བྱ་བ་ནི་མཐུ་མ་ཉམས་པའོ། །ཏེ་པོར་ཞེས་བྱ་བ་ནི་ཧ་ཅང་ངོ་། །རྐུན་ཤས་ཞེས་བྱ་བ་ནི་རུལ་གྱི་ཤས་སོ། །
Vol. 157 · folio 43b
བྱིས་པ་ཞེས་བྱ་བ་ནི་རང་གིས་མངོན་པར་མི་ཤེས་པའོ། །བླུན་པ་ཞེས་བྱ་བ་ནི་ལུང་ཕོག་པ་མངོན་པར་མི་ཤེས་པའོ། །མི་གསལ་བ་ཞེས་བྱ་བ་ནི་སྔར་ཤེས་པ་མངོན་པར་མི་ཤེས་པ་སྟེ་བརྗེད་ངས་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་མཁས་པ་ཞེས་བྱ་བ་ནི་ཕན་ཚུན་གྱི་བྱེ་བྲག་ལ་མི་
མཁས་པའོ། །ཡང་ན་བྱིས་པ་དང་བླུན་པོ་དང་མི་གསལ་བ་དང་མི་མཁས་པ་ཞེས་བྱ་བ་ནི་སྐྱེས་ནས་ཐོབ་པའི་ཤེས་རབ་དང་། ཐོས་པ་ལས་བྱུང་བའི་ཤེས་རབ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་བྲལ་བ་སྟེ་གོ་རིམས་བཞིན་ནོ། །གྱ་
ཚོམ་ཞེས་བྱ་བ་ནི་ཆེད་དུ་མ་བསམས་པར་གློ་བུར་རོ། །བྱུང་རྒྱལ་ཞེས་བྱ་བ་ནི་བརྗོད་པ་དེ་ལས་འབྱུང་བ་སྟེ། དེ་ལས་བྱུང་བ་དེ་བྱུང་རྒྱལ་མ་ཡིན་ནོ། །དེ་ལས་བྱུང་བ་མ་ཡིན་པ་ནི་བྱུང་རྒྱལ་ཏེ་དངོས་པོས་སྟོང་པའོ། །སོ་སོར་མ་བརྟགས་པར་ཞེས་བྱ་བ་ནི་རིགས་པས་མ་དཔྱད་པར་རོ། །
བྱ་ར་གྱིས་ཤིག་ཅེས་བྱ་བ་ནི་རེས་པར་བལྟ་བ་ལྟར་ལོངས་ཤིག་ཅེས་པའོ། །བག་གྱིས་ཤིག་ཅེས་བྱ་བ་ནི་བྱ་བ་གཞན་མ་བྱེད་ཅིག་པའོ། །ཤགས་ཞེས་བྱ་བ་ནི་ཤགས་འགྱེད་པའོ། །ཡོངས་སུ་བསྐོར་བ་ཞེས་བྱ་བ་མཐའ་བསྐོར་བའོ། །འོག་གཟུ་ཞེས་བྱ་བ་ནི་ཡུལ་མིའི་ཚོགས་སོ། །
སྦྱོར་བ་བཏང་ནས་ཞེས་བྱ་བ་ནི་རྩོལ་བ་བཏང་ནའོ། །འོག་གཟུར་དུ་ཟིན་ཀྱང་བླའི་གྲྭའི་སྐབས་ཡོད་པའི་ཕྱིར་སྦྱོར་བ་བཏང་ན་བརྐུས་པའི་དུས་ཡིན་ནོ། །བླའི་གྲྭ་ཞེས་བྱ་བ་ནི་རྒྱལ་པོས་བསྐོས་པའི་གྲྭའོ། །དཔོན་པོ་ཡིན་པས་ཞེས་བྱ་བ་ནི་རྒྱལ་པོ་ནི་བདག་པོ་ཡིན་པའི་ཕྱིར་ཏེ།
དེར་རྒྱལ་ན་གཞན་གྱི་སྐབས་མེད་པའི་ཕྱིར་རྐུས་པའི་དུས་ཡིན་ནོ། །རྩིག་པའི་ཞེས་བྱ་བ་ནི་ར་བའོ། །མཚམས་ཀྱི་སྣ་དང་ཞེས་བྱ་བ་ནི་མཚམས་ཀྱི་གནས་ཕྱི་མ་ཤོས་དང་ངོ་། །མཚམས་ཀྱི་སྣར་ཞེས་བྱ་བ་ནི་མཚམས་ཀྱི་གནས་མདུན་མ་ཤོས་སུའོ། །བླ་ན་མེད་པའི་ཡེ་ཤེས་ཞེས་
བྱ་བ་ནི་རྫོགས་པའི་བྱང་ཆུབ་བོ། །རྒྱས་པ་ཞེས་བྱ་བ་ནི་རྒྱ་ཆེར་རོ། །སྤ་དགོང་སླ་ཞེས་བྱ་བ་ནི་ཟིལ་གྱིས་མནན་སླ་བའོ། །ཤོ་གམ་གཞལ་དགོས་པ་ཞེས་བྱ་བ་ནི་གཞལ་བར་འོས་པའོ། །རུང་ངམ་ཞེས་བྱ་བ་ནི་རིགས་སམ་ཞེས་བྱ་བའོ། །ལྟུང་བ་མེད་ཅེས་བྱ་བ་ནི་ཤོ་གམ་
Vol. 157 · folio 44a
གཞལ་བ་དབང་བ་ཉིད་མི་ཤེས་པའི་ཕྱིར་དང་རྐུ་སེམས་མེད་པའི་ཕྱིར་རོ། །སར་ཕྱིན་པ་ཞེས་བྱ་བ་ནི་ཤོ་གམ་གྱི་གནས་སུ་ཕྱིན་པའོ། །འགལ་ཚབས་ཅན་ཞེས་བྱ་བ་ནི་ཤིན་ཏུ་འདས་པ་དང་བཅས་པ་སྟེ། ཉེས་པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ཡང་ཁ་ཅིག་ཕམ་པར་འགྱུར་བ་ཡང་ཡིན། ཁ་ཅིག་ཉེས་པ་སྦོམ་པོ་དང་ལྟུང་བྱེད་ལ་སོགས་པར་འགྱུར་བ་ཡང་ཡོད་དོ། །འདིར་ནི་རྐུ་སེམས་ཀྱིས་རང་གི་རྫས་ཤོ་གམ་གཞལ་དགོས་པ་བཟླས་ཏེ། རིན་ཐང་ཚང་ན་ཕམ་པར་འགྱུར་རོ། །གཞན་གྱི་བཟླས་ན་སྦོམ་པོར་འགྱུར་
རོ། །བཟླ་བར་མི་བྱའོ་ཞེས་བསླབ་པའི་གཞི་བཅས་པ་ལས་འདས་པ་ནི་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ཤར་བའི་ཚལ་གསེབ་ཅེས་བྱ་བ་ནི་སྨྱིག་མི་ཉག་མ་ཤར་བའི་ཚལ་གསེབ་བོ། །བཟོ་སྦྱོང་ཞེས་བྱ་བ་ནི་རྒྱལ་པོ་དེས་བཟོ་བོའི་ཚོགས་བཅོ་བརྒྱད་པོ་དག་ལ་ཕས་བཟོ་
སློབ་ཏུ་བཅུག་བ་ལས་བཟོ་བར་གྱུར་པ་དེའི་མིང་བཟོ་སྦྱོང་ཞེས་བྱའོ། །བཟོ་བོའི་ཚོགས་བཅོ་བརྒྱད་ནི་ཚོང་པ་དང་། རྫ་མཁན་དང་། ཕྲེང་བརྒྱུད་དང་། ཆང་པ་དང་། ཕྱུགས་རྫི་དང་། འདྲེག་མཁན་དང་། འབྲུ་མར་མཁན་དང་། མགར་བ་མཁན་དང་། ཤིང་མཁན་དང་།
ཕྱྭ་པ་མཁན་དང་། ཐ་ག་པ་དང་། ཀོ་ལྤགས་མཁན་དང་། ཉ་བ་དང་། བཙོ་བླག་མཁན་དང་། སྨྱིག་མ་མཁན་དང་། ཤན་པ་དང་། གཤེད་མ་དང་། ཤིང་རྟ་མཁན་ཞེས་བྱ་བ་དག་སྟེ། དེ་ཕས་བཟོ་སྒོ་བཅོ་བརྒྱད་པོ་དག་ལ་བཙུད་དོ་ཞེས་གསུངས་པའི་ཕྱིར་རོ། །བདེན་པ་དག་ལ་
ཞེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཞེས་བྱ་བ་དེ་ཁོ་ན་ཉིད་དག་ལའོ། །བཀོད་ནས་ཞེས་བྱ་བ་ནི་ཤེས་པ་མི་གཡོ་བས་བཞག་ནས་སོ། །ཀོ་ས་ལས་བྱུང་བ་ཞེས་བྱ་བ་ནི་ཡུལ་ཀོ་ས་ལར་སྐྱེས་པའོ། །གཞོན་ནུའི་དཔེའི་མདོ་སྡེ་ཞེས་བྱ་བ་ནི་མདོ་སྡེ་
ལས་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པ་ན་མཉན་ཡོད་ན་བྱོན་ནས། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་
Vol. 157 · folio 44b
གཽ་ཏ་མ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཤིང་། ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ། །
ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ཐབས་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཀོ་ས་ལར་བྱུང་བའི་
རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་གིས་ཤེས་ལྡན་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་ན། ཀྱེ་གཽ་ཏ་མ་ཇི་ལྟ་གང་དག་ཇི་སྐད་མཆི་
བ་དེ་དག་དེ་ལྟར་བརྡ་སྤྲོད་པར་བགྱིད་པ་ན་ཤེས་ལྡན་གཽ་ཏ་མ་ལ་སྐུར་པ་འདེབས་པར་མི་བགྱིད་ཅིང་ཧ་ཅང་ཐལ་བར་བགྱིད་པ་དང་། དེ་དག་ཤེས་ལྡན་གཽ་ཏ་མས་གསུངས་པའི་རྗེས་སུ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་བགྱིད་པ་དང་། གསུངས་
པའི་རྗེས་སུ་སྨྲ་བ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་འགའ་ཡང་མི་མཆི་བ་ལགས་སམ། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་ཟེར་བ་དེ་དག་དེ་ལྟར་བརྡ་སྤྲོད་པར་བྱེད་པ་ནི་ཁོ་བོ་ལ་སྐུར་པ་འདེབས་པར་མི་བྱེད་ཅིང་། ཧ་ཅང་ཐལ་བར་མི་བྱེད་པ་དང་། དེ་དག་ཁོ་
བོས་སྨྲས་པའི་རྗེས་སུ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་བྱེད་པ་དང་། སྨྲས་པའི་རྗེས་སུ་སྨྲ་བ་དེ་དག་ལས་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་འགའ་ཡང་ཤིན་ཏུ་འོང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁོ་བོས་ནི་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཤེས་ལྡན་གཽ་ཏ་མ་དེ་སྐད་གསུང་དུ་ཟིན་ཀྱང་བདག་ནི་ཤེས་ལྡན་གཽ་ཏ་མ་ལ་དད་པས་མི་མཆིའོ། །དེ་ཅིའི་སླད་དུ་ཞེ་ན། རེ་ཞིག་དགེ་སྦྱོང་དང་བྲམ་ཟེ་རྒན་པ་འདི་ལྟ་སྟེ། འོད་སྲུངས་རྫོགས་བྱེད་དང་ཀུན་ཏུ་
Vol. 157 · folio 45a
རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་པར་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་དག་ལགས་པ་དེ་དག་ཀྱང་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་སོ་ཞེས་བདག་ཉིད་ཁས་འཆེ་བར་མི་བགྱིད་ན། ཤེས་ལྡན་གཽ་ཏ་མ་ན་ཚོད་ཀྱིས་གཞོན་ཞིང་རབ་ཏུ་བྱུང་བ་གསར་པས་ལྟ་སྨོས་ཀྱང་ཅི་འཚལ་བའི་སླད་དུའོ། །རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་གཞོན་ནུ་ཁྱད་དུ་གསད་པར་ཡང་མི་བྱ་ཞིང་གཞོན་ནུ་ཟིལ་གྱིས་མནན་
པར་མི་བྱའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོན་ནུ་ཁྱད་དུ་གསད་པར་མི་བྱ་ཞིང་གཞོན་ནུ་ཟིལ་གྱིས་མནན་པར་ཡང་མི་བྱ་བ་དང་། རྒྱལ་པོ་ཆེན་པོ་བྲང་འགྲོ་གཞོན་ནུ་ཁྱད་དུ་གསད་པར་མི་བྱ་ཞིང་གཞོན་ནུ་ཟིལ་གྱིས་མནན་པ་ཡང་མི་བྱ་བ་དང་། རྒྱལ་པོ་ཆེན་པོ་མི་ཆུང་ངུ་
ཁྱད་དུ་གསད་པར་མི་བྱ་ཞིང་། ཆུང་ངུ་ཟིལ་གྱིས་མནན་པར་མི་བྱ་བ་དང་། རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ཁྱད་དུ་གསད་པར་མི་བྱ་ཞིང་གཞོན་ནུ་ཟིལ་གྱིས་མནན་པར་ཡང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དགེ་སློང་ནི་གཞོན་ནུ་ཡིན་ཡང་དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་
ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་རིགས་དཔེ་བྱད་ལྡན་གྱུར་ཅིང་། །རིགས་བཙུན་གྲགས་དང་ལྡན་པ་དེ། །གཞོན་ནུའང་ཁྱད་དུ་
མི་གསད་ཅིང་། །མཁས་པས་ཟིལ་གྱིས་མནན་མི་བྱ། །རྒྱལ་པོ་རྒྱལ་སྲིད་ཐོབ་དཀྲུགས་ན། །རྒྱལ་རིགས་ཆད་པར་འབྱུང་འགྱུར་བའི། །གནས་ནི་གང་ཕྱིར་ཡོད་པས་ན། །དེ་ཕྱིར་དེ་ལ་གུས་ཕྱག་འཚལ། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ནི་ཁྱད་དུ་གསད་མི་བྱ། །བདག་
ཉིད་དོན་ལ་ལེགས་ལྟ་བས། །དེ་ནི་ལེགས་པར་སྤང་བར་བྱ། །གྲོང་ངམ་ཡང་ན་དགོན་པར་ནི། །གང་དུ་ལག་འགྲོ་མཐོང་བ་དེ། །གཞོན་ཡང་ཁྱད་དུ་མི་གསད་ཅིང་། །མཁས་པས་ཟིལ་གྱིས་མནན་མི་བྱ། །མཐོན་པོའམ་དམའ་བའི་རིགས་དག་ཏུ། །ཚོལ་ཅན་ནང་དུ་ཀླུ་རྒྱུ་བས། །
Vol. 157 · folio 45b
སྐྱེས་པ་བུད་མེད་དུ་མ་དང་། །བྱིས་པ་རྣམས་ཀྱི་རྙེད་ན་འཛིན། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ནི་ཁྱད་དུ་གསད་མི་བྱ། །བདག་ཉིད་དོན་ལ་ལེགས་ལྟ་བས། །དེ་ནི་ལེགས་པར་སྤང་བར་བྱ། །འབར་བ་མང་པོ་ཟད་བྱེད་པ། །བྱིན་ཟ་ལམ་སྔོན་ལྡན་པ་དེ། །ཆུང་ཡང་ཁྱད་དུ་མི་
གསད་ཅིང་། །མཁས་པས་ཟིལ་གྱིས་མནན་མི་བྱ། །ཉེ་བར་ལེན་པ་བྱིན་ཟ་ནི། །ཆུང་ངུར་གྱུར་ནས་ཆེན་པོར་གྱུར། །མེ་ལྕེ་འབར་བས་མྱུར་བར་ནི། །གྲོང་དང་གྲོང་ཁྱེར་སྲེག་པར་བྱེད། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ནི་ཁྱད་དུ་གསད་མི་བྱ། །བདག་ཉིད་དོན་ལ་ལེགས་ལྟ་
བས། །དེ་ནི་ཁྱད་དུ་གསད་མི་བྱ། །དེ་ནི་ལེགས་པར་སྤང་བར་བྱ། །བྱིན་ཟ་ལམ་སྔོན་ལྡན་འགྱུར་བའི། །མེ་ཡི་ཚང་ཚིང་གང་བསྲེགས་པ། །དེ་ལ་ཉིན་མཚན་འདས་གྱུར་པས། །ལ་ལར་ལོ་མ་སྐྱེ་བར་འགྱུར། །གང་གིས་ཚུལ་ཁྲིམས་ལྡན་པ་ཡི། །དགེ་སློང་རྙེད་ནས་སྲེད་
བྱེད་པ། །དེ་ལ་བུ་དང་ཚ་བོ་དང་། །བགོ་སྐལ་ཡོད་པར་མི་འགྱུར་ཏེ། །ཏ་ལའི་མགོ་བཞིན་མི་རིང་བར། །རིགས་རྒྱུད་དང་ཡང་བྲལ་བར་འགྱུར། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ནི་ཁྱད་དུ་གསད་མི་བྱ། །བདག་ཉིད་དོན་ལ་ལེགས་ལྟ་བས། །དེ་ནི་ལེགས་པར་སྤང་བར་བྱ། །
རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །ལག་འགྲོ་མེ་དང་དེ་བཞིན་དུ། །དགེ་སློང་ཚུལ་ཁྲིམས་ལྡན་པ་དེ། །མཁས་པས་ཟིལ་གྱིས་མནན་མི་བྱ། །དེ་ཕྱིར་བདག་སྲོག་སྲུང་བྱེད་པས། །དེ་ལ་ཁྱད་དུ་གསད་མི་བྱ། །བདག་ཉིད་དོན་ལ་ལེགས་ལྟ་བས། །དེ་ནི་ལེགས་པར་སྤང་བར་བྱ། །དེ་ནས་
ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་བར་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ཞེས་གསུངས་པ་ཡིན་ནོ། །བཏུལ་ཞེས་
བྱ་བ་ནི་དུལ་བར་བྱས་པའོ། །གཞོན་ནུའི་ཡོངས་སུ་སྤང་བ་ཞེས་བྱ་བ་ནི་བུའི་རིམ་གྲོའོ། །དེ་བྱིན་པ་ནི་བུའི་ཐབས་བྱིན་པའོ། །བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་བྱིན་པ་ཡང་བཙུན་མོའི་འཁོར་གྱི་ཐབས་བྱིན་པའོ། །སྡིག་སྦྲུལ་ཞེས་བྱ་བ་ནི་སྦྲུལ་ལ་སོགས་པའོ། །ཉེན་བཞིན་
Vol. 157 · folio 46a
དུ་ཞེས་བྱ་བ་ནི་གནོད་བཞིན་དུའོ། །སྤྲོ་བར་བགྱིད་ཅེས་བྱ་བ་ནི་ཡིད་ཀྱིས་བརྩོན་པར་བྱེད་པའོ། །འབར་བར་བགྱིད་ཅེས་བྱ་བ་ནི་ལུས་ཀྱིས་ཡོངས་སུ་རྒྱུ་བའོ། །རྩོལ་བར་བྱེད་ཅེས་བྱ་བ་ནི་གང་གིས་རིགས་པའི་ཐ་སྙད་བརྗོད་པའོ། །མཆོད་པ་དག་ཅེས་བྱ་བ་ནི་མཆོད་
པ་བྱས་པ་དག་གོ། །རིགས་སོ་ཞེས་བྱ་བ་ནི་འོས་སོ་ཞེས་བྱ་བའོ། །ཇི་ལྟར་འགྱུར་ཞེས་བྱ་བ་ནི་དྲི་བའོ། །ལྟུང་བ་མེད་ཅེས་བྱ་བ་ནི་བདག་གིས་ཡོངས་སུ་སྤང་བ་ཐོབ་པ་སྙམ་དུ་ཤེས་པའི་ཕྱིར་དང་། རྐུ་སེམས་མི་སྐྱེད་པའི་ཕྱིར་རོ། །མི་མཐུན་པར་བྱེད་པ་ཡིན་པས་ཞེས་བྱ་བ་ནི་དུས་ཆེར་
བའོ། །གྲོས་བྱས་ཏེ་ཞེས་བྱ་བ་ནི་མཐུན་པར་བྱས་ཏེའོ། །བར་བུར་སྣོད་དག་ཅེས་བྱ་བ་ནི་རྫས་དུ་མའི་སྣོད་དག་གོ། །རང་ཉིད་ཀྱིས་ཕྱུང་སྟེ་ཞེས་བྱ་བ་ནི་བརྟད་པའི་དབང་གིས་དེ་ལ་རེག་པར་རྗེས་སུ་གནང་བའོ། །ཤེས་པར་གྱིས་ཞེས་བྱ་བ་ནི་སྲུངས་ཤིག་ཅེས་སོ། །མཁོ་བ་བསྟབས་
པ་ཞེས་བྱ་བ་ནི་བསྙེན་བཀུར་བྱ་བའོ། །སྙོད་པར་བྱེད་པ་ཞེས་བྱ་བ་ནི་སྦྲང་རྩི་དང་། ཞུན་མར་དང་མར་ལ་སོགས་པ་སྙོད་པའོ། །གསོ་བར་བྱེད་པ་ཞེས་བྱ་བ་ནི་ལུས་སྦོམ་ལག་ཏུ་བྱེད་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་ལུས་སྲུང་བར་བྱེད་པའི་ཕྱིར་རོ། །ནུ་མ་སྣུན་པ་ཞེས་བྱ་བ་ནི་
ནུ་ཞོ་ལྡུད་པར་བྱེད་པའོ། །འཛམ་བུའི་གླིང་སྣ་ཚོགས་སྟོན་པར་བྱེད་པ་ཞེས་བྱ་བ་ནི་གནོད་པ་ཡོངས་སུ་བསྲུང་བའི་ཕྱིར་རོ། །བྱ་དཀའ་བ་བྱེད་པ་དག་ཡིན་ཏེ་ཞེས་བྱ་བ་ནི་མངལ་ནི་གནས་པ་བཟུང་བ་དང་མི་གཙང་བའོ། །ལས་ལ་སོགས་པ་བྱ་དཀའ་བ་བྱེད་པའི་ཕྱིར་རོ། །སྤང་བ་བྱས་
ཞེས་བྱ་བ་ནི་རལ་བ་ཡོངས་སུ་སྤང་ཞིང་རང་གིས་བསྐུར་བ་བྱས་པའོ། །དེ་ཙམ་གྱིས་ནི་ཞེས་བྱ་བ་ནི་རེ་ཞིག་གོ། །བྱས་པ་ཞེས་བྱ་བ་ནི་འཁོར་བའོ། །ཉེས་པར་བྱས་པ་ཞེས་བྱ་བ་ནི་ལྷག་པར་ཕན་འདོགས་པ་སྤྱོད་པའོ། །ཡང་དག་པར་འཛིན་ཅེས་བྱ་བ་ནི་འདུན་པ་སྐྱེད་དེ་སྦྱོར་དུ་འཇུད་པའོ། །
འདུལ་བར་བྱེད་ཅེས་བྱ་བ་ནི་མངོན་པར་ཁས་ལེན་པ་འཛིན་དུ་འཛུད་པའོ། །འཇུད་པར་བྱེད་ཅེས་བྱ་བ་ནི་ཆད་པར་མི་བྱེད་པའོ། །རབ་ཏུ་དགོད་པར་བྱེད་ཅེས་བྱ་བ་ནི་ཆེན་པོ་ཉིད་བྱེད་པའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ཕུན་སུམ་ཚོགས་པའི་དོན་ནི་ཟག་པ་
Vol. 157 · folio 46b
མེད་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །འདུན་པ་ལས་བྱུང་བའི་སློང་མོ་ཞེས་བྱ་བ་ནི་འདུན་པ་བསྐྱེད་པས་སློང་མོ་བསྒྲུབ་པའོ། །ཟད་པར་ཞེས་བྱ་བ་ནི་ཐམས་ཅད་དུའོ། །ཁྱབ་པར་གྱུར་ཅེས་བྱ་བ་ནི་ཆུབ་པར་གྱུར་པའོ། །འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་
ཞེས་བྱ་བ་ནི་འདི་ལྟར་རོ། །བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉེ་བར་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་དང་། སེམས་ཅན་འདུལ་བ་དེ་བཞིན་དུ་གཤེགས་པ་དང་། ཉེས་པ་བག་
ཆགས་དང་བཅས་པ་ཡང་མི་འབྱུང་བ་ཇི་ལྟ་བ་བཞིན་དུ་གཤེགས་པ་དང་། དེའི་དང་པོའི་སྨོན་ལམ་ཇི་ལྟར་གྱུར་པ་དེ་བཞིན་དུ་མཛད་པ་མ་ལུས་པ་མཛད་པར་གྱུར་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་འགྲོ་བ་མཐའ་དག་གིས་མཆོད་པར་འོས་པའོ། །ཡང་
དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་སྟེ། མི་སླུ་བའི་མཁྱེན་པ་ཡང་དག་པས་དོན་མཐའ་དག་རྫོགས་པར་ཐུགས་སུ་ཆུད་ཅིང་སངས་རྒྱས་པའི་ཕྱིར་རོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནི་མི་སློབ་པའི་རིག་པ་གསུམ་དང་།
མི་སློབ་པའི་ལུས་ཀྱི་སྡོམ་པ་དང་། ངག་གི་སྡོམ་པ་དང་། ཡང་དག་པར་འཚོ་བའི་སྤྱོད་པ་དག་དང་ལྡན་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་ཀུན་དུ་གཟིགས་པ་ལ་སོགས་པའི་སྤྱོད་པ་མཛེས་པར་གཤེགས་པ་དང་ལྡན་པའོ། །འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི་སེམས་ཅན་
འཁོར་བ་ཐུགས་སུ་ཆུད་པའི་ཕྱིར་རོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་བ་ནི་འཇམ་པ་དང་རྩུབ་པ་དང་གཉིས་ཀའི་འདུལ་བའི་རྣམ་པ་གསུམ་གྱིས་འདུལ་བ་སྐྱེས་བུ་ལྟ་བུ་དག་ཕྱིན་ཅི་མ་ལོག་པར་འདུལ་བ་མཛད་པའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་
ཡང་དག་པ་ཇི་ལྟ་བ་བཞིན་བདེན་པ་སྟོན་པར་མཛད་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་མི་ཤེས་པའི་གཉིད་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཞེས་
Vol. 157 · folio 47a
བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ནི་འཕགས་པའི་བདེན་པ་བཞི་སྟེ། དེ་ནི་དེའི་ལེགས་པར་གསུངས་པའི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཉེ་བར་བསྟན་པ་ཡིན་ནོ། །ཡང་དག་པར་མཐོང་བ་ཞེས་བྱ་བ་ནི་ཡང་དག་པར་མཐོང་བས་ཕྱེ་བ་སྟེ། ཡང་
དག་པར་མཐོང་བ་ཞེས་ཡང་དག་པའི་ལྟ་བ་ཟག་པ་མེད་པའི་བློ་སྟེ། དེས་ཕྱེ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པས་མཐོང་བའི་ལམ་གྱི་ཚེ་བཅོམ་ལྡན་འདས་ཀྱི་ཆོས་བདེན་པ་བཞིའི་ངོ་བོ་ཉིད་མཐོང་བས་དེའི་ཕྱིར་ཡང་དག་པར་མཐོང་བས་ཕྱེ་བ་ཞེས་བྱ་བ་སྟེ། སླུ་བ་དང་བྲལ་བ་ཞེས་བྱ་བའི་
ཐ་ཚིག་གོ། །ནད་མེད་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གདུང་བར་བྱེད་པའི་རང་བཞིན་རིམས་ནད་ལྟ་བུ་དག་དང་ངེས་པར་བྲལ་བས་ནད་མེད་པ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་མཚན་ཉིད་དོ། །དུས་ཆད་པ་མེད་པ་ཞེས་བྱ་བ་ནི་འདིར་དེའི་རྩོམ་པ་དང་
མཐའ་གཉིས་དུས་མཉམ་པ་སྟེ། འདི་ལྟར་གང་ཁོ་ནའི་ཚེ་སྡུག་བསྔལ་ལ་དམིགས་པའི་ལས་སྐྱེ་བ་དེ་ཁོ་ནའི་ཚེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བ་དང་། གང་ཁོ་ནའི་ཚེ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་དམིགས་པའི་ལམ་སྐྱེ་བ་དེ་ཁོ་ནའི་
ཚེ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བ་དེའི་དུས་ཕྱིས་དུས་མཉམ་པ་ཞེས་བྱ་བ་སྟེ་ལམ་གྱི་རྩོམ་པ་དང་འབྲས་བུའི་མཐའ་གཉིས་དུས་མཉམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་གཏོད་པ་ཞེས་བྱ་བ་ནི་ཉེ་བར་གཏོད་པ་ལ་ཡོད་
པ་ཞེས་བྱ་སྟེ། འཕགས་པའི་བདེན་པ་བཞི་པོ་དག་ལ་ཉེ་བར་གཏོད་པར་མཛད་པས་ཉེ་བར་གཏོད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ལ་ཡོད་པ་ནི་ཉེ་བར་གཏོད་པ་ལ་ཡོད་པ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་ངོ་བོ་ཉིད་དེ། འདི་ལྟར་གང་གི་ཚེ་ལམ་སྐྱེ་བ་དེའི་ཚེ་ན་
འཕགས་པའི་བདེན་པ་བཞི་པོ་དག་ལ་ཐེ་ཚོམ་མེད་པར་འགྱུར་བའི་ཕྱིར་རོ། །འདི་མཐོང་བ་ཡོད་པ་ཞེས་བྱ་བ་ནི་ཤོག་ལ་ལྟོས་ཤིག་པ་ལྟ་བུ་ཞེས་བྱ་བ་སྟེ། འཕགས་པའི་ལམ་གྱིས་འགྲོ་བ་རྣམས་ལ་ཚུར་ཤོག་ལ་དེ་ཁོ་ན་ཉིད་བཞི་པོ་དག་ལ་ལྟོས་ཤིག་ཅེས་རུང་བ་ཉིད་ཀྱིས་སྨྲ་བ་དང་འདྲ་
Vol. 157 · folio 47b
བར་འབོད་ཅིང་སྟོན་པས་ན། ཤོག་ལ་ལྟོས་ཤིག་པ་ལྟ་བུ་ཞེས་བྱས་ཏེ། འཕགས་པའི་ལམ་སྐྱེས་པ་ན་དེ་ཁོ་ན་ཉིད་ལ་སྒྲིབ་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པ་ཞེས་བྱ་བ་ནི་མཁས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བརྙེས་པ་མང་པོ་རྣམས་
ཀྱིས་སོ་སོར་རང་གི་སེམས་ཀྱིས་རིག་པར་བྱ་བ་ཡིན་གྱི་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱི་ཆོས་ལ་ལམ་དང་འབྲས་བུའི་མཚན་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སློབ་མར་
རབ་ཏུ་བྱུང་བའི་དགེ་འདུན་ནི་མངོན་པར་ཤེས་པ་བུལ་བ་དཀའ་བ་དང་། མངོན་པར་ཤེས་པ་མྱུར་བ་དཀའ་བ་དང་། མངོན་པར་ཤེས་པ་བུལ་བ་སླ་བ་དང་། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་བསྒྲུབ་པ་ལ་ཞུགས་ཤིང་ཡང་དག་པར་བརྟེན་པ་ཡིན་ནོ། །རིགས་པར་ཞུགས་པ་ཞེས་
བྱ་བ་ནི་དྲན་པ་ཉེ་བར་གཞག་པ་དང་དྲོ་བར་གྱུར་པ་ལ་སོགས་པ་རིགས་པར་འོས་པའི་ཚོགས་ལ་ཞུགས་པའོ། །དྲང་པོར་ཞུགས་པ་ཞེས་བྱ་བ་ནི་གྱ་གྱུ་མེད་པ་མྱ་ངན་ལས་འདས་པའི་སྲོལ་འཕགས་པའི་ལམ་དུ་ཞུགས་པའོ། །མཐུན་པར་ཞུགས་པ་ཞེས་བྱ་བ་ནི་བསླབས་པས་མཐུན་
པའམ་མི་སློབ་པས་མཐུན་པའི་ལམ་དུ་ཞུགས་པའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཞེས་བྱ་བ་ནི་ཆོས་མྱ་ངན་ལས་འདས་པ་དེའི་རྗེས་སུ་འགྲོ་བ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཏེ། ཟག་པ་མེད་པའི་ཤེས་པ་དང་ལུས་དང་ངག་གི་སྡོམ་པ་དང་ཡང་དག་པའི་འཚོ་བ་ཉིད་ལ་
ཞུགས་པའོ། །ཆོས་ཀྱི་རྗེས་སུ་མཐུན་པར་སྤྱོད་པ་ཞེས་བྱ་བ་ནི་ཆོས་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པའི་ཆོས་འཕགས་པའི་ལམ་གྱི་རྗེས་སུ་མཐུན་པའི་ཆོས་སོ་སོར་ཐར་པའི་སྡོམ་པ་དང་སྡོམ་པའི་རྗེས་སུ་མཐུན་པའི་ཆོས་ལུས་དང་ངག་གི་སྡོམ་པ་དང་ཡང་དག་པའི་འཚོ་བ་དག་ལ་རྗེས་
སུ་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཆོས་ཀྱི་རྗེས་སུ་མཐུན་པར་དཔྱོད་པ་དག་གི་ངོ་བོ་ཉིད་བསྟན་པའི་ཕྱིར་དགེ་འདུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་འདུན་ལ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་ན་སྟེ་དེ་ན་གང་ཟག་འདི་ལྟ་བུ་དག་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུན་དུ་
Vol. 157 · folio 48a
ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད་ཅེས་བྱ་བ་ལ་རྒྱུན་ཅེས་བྱ་བ་ནི་འཕགས་པའི་ལམ་སྟེ། དེས་མྱ་ངན་ལས་འདས་པའི་རྒྱ་མཚོར་འཇུག་པའི་ཕྱིར་རོ། །དེར་ཞུགས་པ་ནི་རྟོགས་པ་སྟེ། རྒྱུན་དུ་ཞུགས་པ་དེ་ཉིད་འབྲས་
བུ་ཡིན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་སོ། །དེས་འཐོབ་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བས་དེ་དེའི་ཕྱིར་ཞུགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་
པ་དག་སྟེ། རིམ་གྱིས་མཐོང་བའི་ལམ་གྱིས་ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤང་བའི་ཕྱིར་བརྩོན་པ་གང་དག་ཡིན་པ་དག་གམ་ཞེས་ཆེར་འདོད་ཆགས་དང་བྲལ་བ་བསྒོམ་པས་སྤང་བར་བྱ་བ་རྣམས་དྲུག་པ་མ་སྤངས་པ་གང་དག་ཡིན་པ་དག་གོ། །རྒྱུན་དུ་
ཞུགས་པ་དག་ཅེས་བྱ་བ་ནི་གང་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་དག་གོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཅེས་བྱ་བ་ནི་གང་དག་ལན་ཅིག་ཅེས་བྱ་བ་རེ་ཞིག་མིའི་འགྲོ་བ་པའི་དཔེར་འགྱུར་ཞིང་ལྷག་པ་མེད་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བ་
དག་སྟེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དག་གི་རྣམ་པ་དྲུག་ཏུ་སྤངས་ཤིང་མཐོང་བའི་ལམ་ལས་ལངས་པའི་འཕགས་པའི་གང་ཟག་རྣམས་སོ། །དེ་དག་གི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་
རྣམས་སྤངས་པ་དང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་བསྒོམ་པས་སྤང་བར་བྱ་བ་དག་གི་རྣམ་པ་དྲུག་སྤངས་པའོ། །དེ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་སྟེ། རིམ་གྱིས་བསྒོམ་པའི་ལམ་ལས་རིམ་གྱིས་ཞུགས་པ་དང་མཐོང་
བའི་ལམ་ལ་ཤས་ཆེར་འདོད་ཆགས་དང་བྲལ་བའོ། །ལན་ཅིག་ཕྱིར་འོང་བ་དག་ཅེས་བྱ་བ་ནི་གང་དག་གིས་དེའི་འབྲས་བུ་ཐོབ་པ་དག་གོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཅེས་བྱ་བ་ནི་གང་དག་འདོད་པའི་ཁམས་སུ་སྐྱེ་བའི་དོན་དུ་ཡང་ཕྱིར་མི་འོང་བར་འདོད་
Vol. 157 · folio 48b
པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དག་གི་རྣམ་པ་དགུ་པ་ཡང་སྤངས་པའི་ཕྱིར་རོ། །དེ་དག་གི་འབྲས་བུ་ནི་ཕྱིར་མི་འོང་བའི་འབྲས་བུ་སྟེ་ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་དང་། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་སྤངས་པའོ། །
དེ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་སྟེ། བསྒོམ་པའི་ལམ་ལ་མཐར་གྱིས་ཞུགས་པ་དང་མཐོང་བའི་ལམ་ལ་འདོད་ཆགས་དང་བྲལ་བ་སྔོན་དུ་བཏང་བ་དག་གོ། །ཕྱིར་མི་འོང་བ་དག་ཅེས་བྱ་བ་ནི་གང་དག་གིས་དེའི་འབྲས་བུ་ཐོབ་
པ་དག་གོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཅེས་བྱ་བ་ལ། དགྲ་བཅོམ་པ་ཉིད་ཅེས་བྱ་བ་ནི་འགྲོ་བ་མཐའ་དག་གིས་མཆོད་པར་འོས་པ་ཉིད་དོ། །དེ་ཉིད་འབྲས་བུ་ཡིན་པས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་སྟེ། ཁམས་གསུམ་པའི་མཐོང་བ་དང་བསྒོམ་པས་
སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པའོ། །དེ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་གོ། །ངག་དང་མཐོང་བའི་མས་ལས་ལངས་ཤིང་གཟུགས་དང་གཟུགས་མེད་པ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་
ཕྱིར་ལམ་སྒོམ་པར་བྱེད་པ་དག་གོ། །དགྲ་བཅོམ་པ་དག་ཅེས་བྱ་བ་ནི་གང་དག་གིས་དེའི་འབྲས་བུ་ཐོབ་པ་དག་གོ། །གང་ཟག་རྣམ་པར་གཞག་པ་བསྟན་པའི་ཕྱིར་དེ་ལྟར་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་བཞི་ཞེས་བྱ་བ་ལ། ཟུང་ཞེས་བྱ་བ་ནི་ཕྲུགས་ཏེ་རྒྱུན་དུ་ཞུགས་པ་
དང་། དེ་ལ་ཞུགས་པ་ནི་ལམ་གྱི་རིགས་མཐུན་པའི་ཟུང་གཅིག་གོ། །ལྷག་མ་གསུམ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྒྱ་ཆེར་བགྲང་བ་བསྟན་པའི་ཕྱིར་སྐྱེས་བུ་གང་ཟག་བརྒྱད་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། གཞན་ནི་ཞུགས་པ་ཡིན་ལ་གཞན་ནི་འབྲས་བུ་ལ་གནས་པ་ཡིན་པར་བསྟན་
པའི་ཕྱིར་བརྒྱད་ཅེས་སྨོས་ཏེ་ལམ་ཐ་དད་པའི་ཕྱིར་རོ། །ཡོན་ཏན་འགྲུབ་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པའི་ཚུལ་ཁྲིམས་དང་ལྡན་པའོ། །ཏིང་
Vol. 157 · folio 49a
ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་མོས་པ་སྟེ། སློབ་པ་དང་མི་སློབ་པའི་སྡུག་
བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་དེ་དང་མཚུངས་པར་ལྡན་པ་དང་ལྡན་པ་ནི་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པའོ། །རྣམ་པར་གྲོལ་བའི་ཤེས་པ་དང་། མཐོང་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། རྣམ་པར་གྲོལ་བའི་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ན་ཤེས་པ་དང་
མཐོང་བ་སྐྱེས་པ་འམ་རྣམ་པར་གྲོལ་བ་དང་མཚུངས་པར་ལྡན་པའི་ཤེས་པ་དང་མཐོང་བ་ཞེས་བྱ་བར་སྦྱར་རོ། །ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དང་། ཟག་པ་ཟད་པ་ལ་སོགས་པ་དང་། མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་།
མི་སློབ་པའི་ཡང་དག་པའི་ལྟ་བ་ལ་སོགས་པའོ། །ཤེས་པ་དང་མཐོང་བ་དེ་གཉིས་དང་ལྡན་པ་ནི་རྣམ་པར་གྲོལ་བའི་ཤེས་པ་དང་མཐོང་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །གང་དག་ཉོན་མོངས་པའི་དྲི་མ་བསལ་ཞིང་ངོ་བོ་ཉིད་རྣམ་པར་གྲོལ་བར་སྨྲ་བ་དེ་དག་གི་ལུགས་ལ་ནི་སློབ་པ་རྣམ་པར་གྲོལ་བ་མེད་
པར་འགྱུར་བས་དགེ་འདུན་ཐམས་ཅད་ལ་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པས་ཁྱབ་པར་མི་འགྱུར་བ་དེ་ནི་མི་རུང་ངོ་། །ཀུན་སྦྱིན་པའི་འོས་སུ་གྱུར་པ་ཞེས་བྱ་བ་ནི་འབྲས་བུ་འདོད་པས་ཆོས་གོས་ལ་སོགས་པ་དག་གིས་མཆོད་པར་འོས་པའི་ཕྱིར་རོ། །རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཞེས་བྱ་བ་ནི་ཐར་
པའི་འབྲས་བུ་ཉིད་ཀྱིས་དེ་ལ་མཆོད་པར་བྱ་བ་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཐལ་མོ་སྦྱར་བའི་འོས་སུ་གྱུར་པ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བས་མཆོད་པའི་འོས་ཡིན་པའི་ཕྱིར་རོ། །ཕྱག་བྱ་བའི་འོས་སུ་གྱུར་པ་ཞེས་བྱ་བ་ནི་ཕྱག་བྱ་བའི་འོས་ཡིན་པའི་ཕྱིར་རོ། །བསོད་ནམས་ཀྱི་ཞིང་བླ་ན་མེད་
པ་ཞེས་བྱ་བ་ནི་དེ་བས་ཁྱད་པར་འཕགས་པའི་དགེ་འདུན་གཞན་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཡོན་གནས་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་ཡོན་གྱི་འོས་ཡིན་པའི་ཕྱིར་རོ། །ཆོམ་རྐུན་པ་དག་ཅེས་བྱ་བ་ནི་གཡོ་སྒྱུ་ཅན་དག་གོ། །བགྲོད་པར་གྱུར་ནས་ཞེས་བྱ་བ་ནི་དབང་དུ་གྱུར་ནས་སོ། །
Vol. 157 · folio 49b
སྡེ་སྣོད་ཅེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་དང་། ཆོས་མངོན་པ་དག་ལ་སྡེ་སྣོད་ཀྱི་སྒྲ་ཡོད་དེ། འདུས་པ་ཡིན་པའི་ཕྱིར་ཆོས་སྨྲ་བ་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་བྱེད་ནུས་པའོ། །རིགས་པའི་སྤོབས་པ་དང་ལྡན་པ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་སྟོན་པའི་ཕྱིར་རོ། །གྲོལ་བའི་སྤོབས་པ་དང་ལྡན་པ་
ཞེས་བྱ་བ་ནི་ཐགས་ཐོགས་མེད་པར་སྟོན་པའི་ཕྱིར་རོ། །བསོད་ནམས་བྱ་བའི་གཞི་ཞེས་བྱ་བ་ལ། བསོད་ནམས་བྱ་བ་ཞེས་བྱ་བ་ནི་དགེ་བ་སྤེལ་བའོ། །དེའི་གཞི་ཞེས་བྱ་བ་ནི་རྒྱུའོ། །དེ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་། སྒོམ་པ་ཞེས་བྱ་བ་གསུམ་པོ་དག་གོ། །དེ་དག་གི་བསྔགས་པ་བརྗོད་
ཅིང་ཞེས་བྱ་བ་ནི་ཕན་ཡོན་བསྒྲགས་ཤིང་ངོ་། །དེ་དག་ལ་བཀོད་ནས་ཞེས་བྱ་བ་ནི་བཞག་ནས་སོ། །རྣམ་པར་བཤད་ཅེས་བྱ་བ་ནི་རྣམ་པར་ཕྱེ་བའོ། །རིན་ཆེ་བ་ཞེས་བྱ་བ་ནི་རིན་ཐང་ཆེ་བའོ། །ཆེ་བར་འོས་པ་ཞེས་བྱ་བ་ནི་བཀྲ་བའོ། །བར་ཇི་སྲིད་པ་ཞེས་བྱ་བ་ནི་ཐག་ཇི་སྲིད་པར་རོ། །ནད་པའི་
རྐྱེན་དང་སྨན་གྱི་ཡོ་བྱད་ཅེས་བྱ་བ་ནི་ནད་པའི་རྐྱེན་མཁོ་བའི་ཡོ་བྱད་བུ་རམ་ལ་སོགས་པ་གང་དག་ཡིན་པ་དང་། སྨན་གྱི་ཟོང་ལ་སོགས་པ་སྨན་ཡོ་བྱད་གང་དག་ཡིན་པ་དེ་དག་ནི་ནད་པའི་རྐྱེན་དང་སྨན་གྱི་ཡོ་བྱད་དག་ཅེས་བྱའོ། །ཐུགས་ལས་ཆུང་ངུ་ཞེས་བྱ་བ་ནི་བསམ་མི་དགོས་
པའོ། །གནས་དེ་ལྟ་བུ་ཡོད་པས་ཞེས་བྱ་བ་ལ། འདིར་གནས་ཞེས་བྱ་བ་ནི་སྲིད་པ་འམ་རྒྱུའོ། །དུས་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་དགོས་པའི་དུས་གང་ཡིན་པ་ཤེས་པར་འགྱུར་བའོ། །བཞིན་བསྒྱུར་ཞིང་ཞེས་བྱ་བ་ནི་ངོམ་ཟུམ་བྱེད་པའོ། །ཡོངས་སུ་བཏང་བ་ལས་བྱུང་བའི་བསོད་ནམས་ཞེས་བྱ་
ནི་ཡོངས་སུ་གཏོང་བའི་རྒྱུ་ལས་བྱུང་བ་དངོས་ཀྱི་དུས་སུ་བྱུང་བའོ། །ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བ་སེམས་ཅན་ལ་ཕན་པའི་དུས་སུ་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་ཀྱི་ཞེས་བྱ་བ་ནི་ཆེས་མཛེས་ཀྱིའོ། །ལམ་དུ་
ཞུགས་པ་ཞེས་བྱ་བ་ནི་ངལ་བས་ཉམ་ཐག་པའི་མི་དག་ལམ་དེར་སྒྲ་མེད་པར་འཇུག་པས་སྒྲ་མེད་པ་ནི་ལམ་མོ། །དེར་ཞུགས་པ་ནི་ལམ་དུ་ཞུགས་པའོ། །ཡང་དག་པར་བླངས་ཏེ་འཇུག་པ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པའོ། །ཤེས་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །རྫས་ཞེས་བྱ་བ་ནི་
Vol. 157 · folio 50a
གཞིའོ། །ཡོ་བྱད་ཅེས་བྱ་བ་ནི་བཞག་པའོ། །འབྲང་ཞིང་ཞེས་བྱ་བ་ནི་ཕྱི་བཞིན་འབྲང་བའོ། །དེ་ལྟར་ན་ཞེས་བྱ་བའི་སྒྲ་ནི་མི་བཟོད་པའོ། །ལམ་དུ་བཟླ་བ་ཞེས་བྱ་བ་ནི་བསྐུར་བའོ། །རི་བྲགས་ཞེས་བྱ་བ་ནི་རིའི་གྲོང་ངོ་། །རུང་བར་བྱས་ཏེ་ཞེས་བྱ་བ་ལོངས་སྤྱད་པར་
འོས་པའོ། །མཐའ་ཆགས་ཞེས་བྱ་བ་ནི་ཁ་ཚར་གྱི་མཐའ་བཙེམས་པའོ། །རང་ཆགས་ཞེས་བྱ་བ་ནི་ཕུན་ཚར་གྱི་མཐའ་བཙེམས་པའོ། །ཁ་ཅིག་ན་རེ་མཐའ་ཆགས་ཞེས་བྱ་བ་ནི་ཁ་ཚར་བཅད་པའོ་ཞེས་ཟེར་རོ། །བ་ལང་གི་ལྕི་བ་བཙིར་བ་ཞེས་བྱ་བ་ནི་བ་ལང་གི་ལྕི་བའི་ཁུ་བའོ། །ཕོངས་པ་དག་ཏུ་
ཞེས་བྱ་བ་ནི་ཕོངས་པའི་དུས་ཏེ། གང་དུ་བཙོ་བླག་ལ་སོགས་པ་གཞིའི་ཆོ་ག་མི་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་ཐ་མལ་པ་དག་ཏུ་ཞེས་བྱ་བ་ནི་མི་བྲེལ་བ་དག་ཏུའོ། །དྲུག་སྡེ་ཞེས་བྱ་བ་ནི་དགའ་བོ་དང་ཉེ་དགའ་དང་འཆར་ཀ་དང་འགྲོ་མགྱོགས་དང་ནབ་སོ་དང་འདུན་པ་ཞེས་བྱ་བ་དག་
གོ། །ལྷུང་བཟེད་ནག་པོ་ཅན་ཞེས་བྱ་བ་ནི་བསོད་སྙོམས་པའོ། །རྐང་པ་སྤྲེའུའི་ཞག་གིས་བསྐུས་ཏེ་ཞེས་བྱ་བ་ནི་རྐང་པ་བསྐུ་བ་ལ་དེ་མཁོ་སྟེ། དེས་ན་ཇི་ལྟར་འདོད་པའི་ཡུལ་དུ་འགྲོ་བ་འགྲུབ་པ་དང་། ཇི་ལྟར་བསམས་བའི་དོན་ཡང་འགྲུབ་པའོ། །ཁྲོན་པའི་རུས་སྦལ་ཞེས་བྱ་བ་ནི་ཁྲོན་པའི་
ནང་ན་འདུག་པའི་རུས་སྦལ་ལོ། །འགྲུབ་པར་རོ་ཞེས་བྱ་བ་རྙེད་པར་རོ། །མཐོན་དམན་ཅན་ཞེས་བྱ་བ་ནི་འབར་འབུར་ཅན་ནོ། །བུད་མེད་ཀྱི་ཡུལ་གནས་ངན་ལེན་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་བུད་མེད་མི་དགེ་བ་སྟེ། ཕལ་ཆེར་དགེ་སློང་དག་ལ་ཀུན་དུ་ཆགས་པའི་ཕྱིར་རོ། །མ་བསྒྱུར་ཏེ་ཞེས་བྱ་
བ་ནི་མ་བཙོངས་ཏེའོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་གོམས་པའོ། །ཕྱིར་འོང་བའི་དོན་མཐུན་ཞེས་བྱ་བ་ནི་ཁ་ཕྱིར་བལྟས་ཏེ་འོང་བའི་ཚོང་པའོ། །གོས་དཀར་པོ་ཅན་ཞེས་བྱ་བ་ནི་ཆོམ་རྐུན་པ་དག་ནི་གོས་སྔོན་པོ་ཅན་ཡིན་པས་འདི་དག་ནི་དངོས་ཆོམ་རྐུན་པ་མ་ཡིན་པས་གོས་དཀར་པོ་གོན་ཡང་
ཆོམ་རྐུན་པ་དང་འདྲ་བས་ཆོམ་རྐུན་པ་ལྟ་བུ་ཞེས་གསུངས་སོ། །ལྕེ་རྟེན་གྱིས་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་སོ། །བདེན་པ་ཞེས་བྱ་བ་ནི་རིགས་པ་ཐོབ་པས་སོ། །རྫས་ཐམས་ཅད་འཕྲོག་པར་བྱེད་པས་ཞེས་བྱ་བ་ནི་ནོར་ཐམས་ཅད་འཕྲོག་པར་བྱེད་པའོ། །འཚེར་ཞིང་ཞེས་བྱ་བ་ནི་འཇིགས་
Vol. 157 · folio 50b
ཤིང་ངོ་། །ལག་པ་ལ་འགྲམ་པ་གཏད་དེ་ཞེས་བྱ་བ་ནི་ལག་པར་འགྲམ་པ་མཁུར་ཚོས་བཞག་སྟེའོ། །ཀུན་ཤེས་པ་ཞེས་བྱ་བ་ནི་ཀུན་དུ་གྲགས་པའོ། །གང་དུ་སྒོ་དང་སྒེའུ་ཆུང་དག་ནས་ཤོ་གམ་གཅོད་པར་གྲགས་པ་ད་ནི་ཀུན་ཤེས་པའི་ཤོ་གམ་ཅན་ནོ། །སྒེའུ་ཆུང་ཞེས་བྱ་བ་ནི་མ་གྲགས་པའི་
ལམ་མོ། །གནོད་སྦྱིན་ལ་གཏོར་མ་བྱས་ཏེ་ཞེས་བྱ་བ་ནི་ལྷ་ལ་གཏོར་མ་ཕུལ་ཏེའོ། །མིག་ལམ་ཞེས་བྱ་བ་ནི་མིག་ལམ་སྟེ་སྣང་བའོ། །འདེབས་ཤིང་ཞེས་བྱ་བ་ནི་དེད་ཅིང་ངོ་། །མཚན་མོ་ནམ་ལངས་པ་ཞེས་བྱ་བ་ནི་མཚན་མོ་ཟད་པའོ། །སྲང་དུ་ཞེས་བྱ་བ་ནི་ཚོང་དུས་སུའོ། །དགེ་སྦྱོང་གི་ཚུལ་
ཞེས་བྱ་བ་ནི་རབ་ཏུ་བྱུང་བའོ། །ཚིག་པ་ཡིན་ནོ་ཞེས་བྱ་བ་ནི་ཉམས་པའོ། །བྲམ་ཟེའི་ཚུལ་ཞེས་བྱ་བ་ནི་རིགས་ཀྱི་ཆོས་སོ། །གཞན་གྱི་འཚོ་ཞེས་བྱ་བ་ནི་གཞན་གྱི་འཚོ་བའི་ཐབས་སོ། །གནོད་པ་བྱེད་ཅེས་བྱ་བ་ནི་མེད་པར་བྱེད་པའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་མིང་ནས་འབྱིན་ཅིང་ཉེས་པ་སྒྲོགས་
པའོ། །ཕྱར་ཀ་གཏོང་བར་བྱེད་ཅེས་བྱ་བ་ནི་གཞོགས་ཀྱིས་སྙད་འདོགས་པས་སོ། །ཁ་ཟེར་བར་བྱེད་ཅེས་བྱ་བ་ནི་སྤྱོ་བར་བྱེད་པའོ། །དགེ་སྦྱོང་མི་བསྲུང་བ་ཞེས་བྱ་བ་ནི་ཆད་པ་དང་བྲལ་བའོ། །ངོ་བྱའོ་ཞེས་བྱ་བ་ནི་རག་ལུས་པར་བྱ་བའོ། །སྡིག་པ་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི་ལྡོག་པར་
གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཚར་གཅད་པར་བྱ་ཞེས་བྱ་བ་ནི་ཕམ་པར་བྱ་བའོ། །མི་ཉལ་བར་སྦྱོར་ཞེས་བྱ་བ་ནི་མི་ཉལ་བ་ལ་བརྩོན་པའོ། །དེའི་རྗེས་སུ་སོང་བ་ནི་མི་ཉལ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པའོ། །ཡོངས་སུ་གཡོ་བ་དང་བཅས་པ་ཞེས་བྱ་བ་ནི་འཁྲུགས་པ་དང་བཅས་པའོ། །
མཚན་མོ་དང་བཅས་པ་ཞེས་བྱ་བ་ནི་ནམ་མཁའ་ཕན་ཕུན་ཙམ་གྱི་དུས་ཞེས་བྱ་བའི་ཐ་ཚིག་གོ། །བཀྲེན་པ་དག་ཅེས་བྱ་བ་ནི་ཉོན་མོངས་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །རྒྱས་པ་ཞེས་བྱ་བ་ནི་རྒྱུན་མི་འཆད་པའོ། །འཕེལ་བ་ཞེས་བྱ་བ་ནི་འབྲས་བུ་མང་བའོ། །ཡངས་པ་ཞེས་བྱ་བ་ནི་ཞིང་ལ་སོགས་
པའི་ས་གཞི་མང་བའོ། །དབང་བའི་ཞེས་བྱ་བ་ནི་འཐོབ་པའིའོ། །བསླུས་ཏེ་ཞེས་བྱ་བ་ནི་བྲིད་དེའོ། །ཁུ་ཚུར་ཞེས་བྱ་བ་ནི་སོར་མོ་བཅངས་པས་བརྡེག་པའོ། །རང་ཐག་གི་རྡོ་ཞེས་བྱ་བ་ནི་རྡོ་བའོ། །རྩ་ཕུག་གི་ཞེས་བྱ་བ་ནི་ཁྲག་གཏར་བའོ། །བྲལ་ཞེས་བྱ་བ་ནི་ཐག་རིང་དུ་སོང་བའོ། །འདའ་
Vol. 157 · folio 51a
བར་བགྱིད་པ་མ་ལགས་ཀྱི་ཞེས་བྱ་བ་ནི་འཁུ་བར་བྱ་བ་མ་ཡིན་པའོ། །ཚོང་པར་མི་འགྱུར་བ་ཞེས་བྱ་བ་ནི་ཟོང་ཟད་པའོ། །དྲལ་དྲལ་ཅིང་ཞེས་བྱ་བ་ནི་བཟླས་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །ལོ་ཐང་འདུ་བ་ཞེས་བྱ་བ་ལ། ལོ་ཐང་ཞེས་བྱ་བ་ནི་རྒྱལ་པོའི་དཔྱའོ། །
དེའི་འབྱུང་ཁུངས་ནི་རྐུ་བའོ། །དེ་མི་སྐྱེ་བ་ནི་མི་འབྱུང་བའོ། །བཙོན་རར་བཅུག་སྟེ་ཞེས་བྱ་བ་ནི་བཙོན་དུ་བཟུང་སྟེའོ། །ཀུན་ཤེས་པའི་ཤོ་གམ་ཅན་ཞེས་བྱ་བ་ནི་གྲགས་པའི་ཤོ་གམ་ཅན་ནོ། །ཉེས་པ་བྱེད་པའི་ཤོ་གམ་ཅན་ཞེས་བྱ་བ་ལ། ཉེས་པ་ཞེས་བྱ་བ་ནི་སྐྱོན་ནམ་གནོད་པའམ་ནན་ཏུར་རོ། །
དེ་བྱེད་པ་ནི་ཉེས་པ་བྱེད་པ་སྟེ། ཤོ་གམ་འདྲ་བ་དག་གི་ནོར་འཕྲོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྒྱལ་སྲིད་བྱེད་དུ་བཅུག་ཅེས་བྱ་བ་ནི་བློན་པོ་དག་ཡུལ་སྲུང་བ་བྱེད་དུ་བཅུག་པའོ། །འདུན་པ་ཞེས་བྱ་བ་ནི་སྐྱེ་བོ་མང་པོ་འདུ་བའི་གནས་སོ། །གཟིགས་སུ་གསོལ་ཞེས་བྱ་བ་ནི་ལྟོས་ཤིག་ཅེས་
བྱ་བའོ། །ར་མདའ་ཟློག་པའི་སྐད་ཅེས་བྱ་བ་ནི་ཐར་བར་བྱ་བའི་སྒྲའོ། །བསྔགས་པ་ཞེས་བྱ་བ་ནི་ཡོན་ཏན་བརྗོད་པའོ། །ཧ་ཅང་བྱ་བ་བྱེད་པ་ཞེས་བྱ་བ་ནི་ལན་མང་དུ་ཚོད་མི་ཤེས་པ་ཉིད་དུ་བྱེད་པར་རོ། །རྡེའུ་སྲིན་ཞེས་བྱ་བ་ནི་སའི་ནང་ནས་སྐྱེས་པའོ། །སྦྲུལ་ཁས་སྡིགས་པ་དག་ཅེས་བྱ་བ་ནི་གང་
དག་སྦྲུལ་གྱི་ཁ་ཉེ་བར་བསྟན་ཏེ་སྡིགས་པ་ལ་སོགས་པས་འཚོ་བར་བྱེད་པ་དག་གོ། །ཁ་ལུངས་པའི་ཡང་བ་ན་དག་ཅེས་བྱ་བ་ལ། ཁ་ལུངས་པ་ཞེས་བྱ་བ་ནི་འབྲོག་ཕྱོགས་ན་གནས་པའོ། །ཡང་བ་ན་ཞེས་བྱ་བ་ནི་མིའི་རིགས་ཀླ་ཀློ་དག་ཅིག་གི་མིང་ངོ་། །འཆའ་ཞིང་ཞེས་བྱ་བ་ནི་ལྡང་བའོ། །ཡུལ་
ཕྱོགས་ཞེས་བྱ་བ་ནི་འདུ་བའི་གནས་སོ། །བརྡ་ཞེས་བྱ་བ་ནི་དུས་བརྡའོ། །མཚན་མ་ཞེས་བྱ་བ་ནི་མངོན་མཚན་ཅན་ནོ། །དམར་སེར་ཅན་ཞེས་བྱ་བ་ནི་བླ་གོས་སེར་པོ་དང་བཅས་པའི་སྣམ་སྦྱར་དམར་པོ་འམ་ཡང་ན་ཉིས་རིམ་མོ། །ཁར་བ་སྦུབས་ཅན་ཞེས་བྱ་བ་ནི་ལྕགས་ཀྱི་སྦུབས་ཀྱིས་དཀྲིས་པའོ། །ཡུལ་
ཕྱོགས་ལ་སོགས་པ་དེ་དག་ནི་རྐུ་བར་བྱེད་པའི་ཡུལ་དུ་ཁྲིད་པའི་མཐའ་ཡིན་ཏེ། དེ་ཉིད་བརྐུས་པ་ཡིན་པར་ཤེས་པར་བྱའོ། །མངོན་སུམ་དུ་བབས་པ་ཞེས་བྱ་བ་ནི་གཞན་དག་གི་དགེ་སློང་གི་མངོན་སུམ་དུ་ལྟུང་བར་བྱས་པའོ། །ཁྱུ་ནས་དགར་བ་ཞེས་བྱ་བ་ནི་ཁྱུ་ནས་དབྱུང་བའོ། །མིག་སྔར་སྣང་བ་ཞེས་བྱ་
Vol. 157 · folio 51b
བ་ནི་ཁྱུའི་ཡུལ་ནས་སམ་རྫི་བོའི་ཡུལ་ནས་སྣང་བའོ། །གྲོག་མ་ཞེས་བྱ་བ་ནི་གྲོར་སྦུར་དག་གོ། །ཏིལ་ཟ་བ་ཞེས་བྱ་བ་ནི་ཏིལ་ཉམས་པར་བྱེད་པའོ། །ཕུབ་མ་ཟ་བར་བྱེད་པ་ཞེས་བྱ་བ་ནི་ཟས་སུ་ཕུབ་མ་ཟ་བ་དག་གོ། །རུལ་པ་ཟ་བ་ཞེས་བྱ་བ་ནི་ཤིང་རུལ་པ་སྟེ་ཤིང་སྲིན་གྱི་རིགས་དག་གོ། །ཏྲཻམ་
བུ་ཀ་ཞེས་བྱ་བ་ནི་ཕྲ་མོའོ། །ཏྲེའུ་ཏ་ལ་ཞེས་བྱ་བ་ནི་རགས་པའོ། །གནོད་བྱེད་དག་ཅེས་བྱ་བ་ནི་ཆད་པས་བཅད་པའི་མི་དག་གོ། །ཆད་པས་བཅད་ཅེས་བྱ་བ་ནི་ཆད་པ་ལ་ཐུག་པ་དག་གོ། །གསུག་ཅེས་བྱ་བ་ནི་གསང་སྟེ་གཞལ་དུ་གཞུག་པའོ། །བུམ་པ་སོ་མ་བཏང་བ་ཞེས་བྱ་བ་ནི་འཇིག་པར་བྱེད་པའི་
ཕྱིར་རོ། །ནག་པོ་ཞེས་བྱ་བ་ནི་གནག་པའོ། །གནས་སྐབས་མཉམ་པར་སྤྱོད་པ་ཞེས་བྱ་བ་ནི་བྱ་བ་མཐུན་པའོ། །ལུས་ཆུང་ཞེས་བྱ་བ་ནི་ལུས་ཀྱི་བོང་ཆུང་བའོ། །ཡང་ན་དབང་ཐང་ཆུང་བའོ། །ངན་ཅིང་ཞེས་བྱ་བ་ནི་རིན་ཆུང་ཞིང་ངོ་། །ཡོངས་སུ་རྙིངས་པ་ཞེས་བྱ་བ་ནི་དེངས་པའོ། །མེད་ནས་ཞེས་བྱ་བ་
ནི་མི་འདུག་ནས་སོ། །དྲིན་ཅན་ཞེས་བྱ་བ་ནི་ཕན་གདགས་པའི་རྒྱུ་ལྕི་བ་ཉིད་དོ། །གཞན་ནས་གཞན་དུ་ཞེས་བྱ་བ་ནི་གོང་ནས་གོང་དུའོ། །མཚུངས་པར་འདོད་པ་ཞེས་བྱ་བ་ནི་གླག་པ་དང་ཁ་ཏོན་དང་མཐུན་པའོ། །མཛེས་པ་ཞེས་བྱ་བ་ནི་ཡིད་དུ་འོང་བས་སོ། །ཁ་དོག་གིས་གསལ་བ་ཞེས་བྱ་བ་ནི་འཇམ་
པ་ཉིད་ཀྱིས་སོ། །ཟླུམ་པ་ཞེས་བྱ་བ་ནི་ཟླུམ་རིལ་ལོ། །ལོངས་སྤྱད་བཟོད་པ་ཞེས་བྱ་བ་ནི་སྤྱད་བཟོད་པའོ། །དགེ་བའི་ཕྱོགས་ཞེས་བྱ་བ་ནི་དགེ་བ་སྤེལ་བའོ། །སྤྱོད་པ་ཞེས་བྱ་བ་ནི་རྗེས་སུ་སྒྲུབ་པའོ། །ཐབས་ཡིན་ནོ་ཞེས་བྱ་བ་ནི་ཁས་བླངས་པའོ། །གླ་རྔན་ཞེས་བྱ་བ་ནི་རིན་ནོ། །བསྒྲུབས་ཀྱིས་ཞེས་
བྱ་བ་ནི་གྲུབ་པར་བྱས་པའོ། །ཁྱིམ་བདག་མགོ་རེག་ཅེས་བྱ་བ་ནི་དགེ་སློང་ཐམས་ཅད་ཀྱི་སྦྱིན་བདག་ཏུ་གྱུར་པའོ། །འཕྲལ་གྱི་ཞེས་བྱ་བ་ནི་འཕྲལ་ངག་གི་བྱ་བའོ། །ཐོག་མར་འགྲོ་བ་ནི་གྲོགས་བྱ་བའོ། །སྐབས་ཞེས་བྱ་བ་ནི་གླགས་སོ། །རྙང་རྙིང་དག་ཅེས་བྱ་བ་ནི་གོས་དེངས་པ་དག་གོ། །ལྕགས་
ཀྱི་ཐུ་ལུམ་ཞེས་བྱ་བ་ནི་ལྕགས་བསྒོངས་པ་སྟེ། འཇུ་དཀའ་བ་ཉིད་ཀྱིས་དེ་དང་འདྲ་བའི་ཕྱིར་རོ། །སྐལ་བ་ཡོད་ཅེས་བྱ་བ་ནི་རུང་བའོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ནའོ། །ཉེས་དམིགས་ཞེས་བྱ་བ་ནི་ཉེས་པའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་མ་བྱིན་པ་ཉིད་མེད་པས་དེའི་ཕྱིར་དེ་སྦོམ་པོར་
Vol. 157 · folio 52a
འགྱུར་རོ། །ཤར་ནས་སྐྱེས་པ་ཞེས་བྱ་བ་ནི་ཤར་ཕྱོགས་ནས་སྐྱེས་པའོ། །ཕྲག་པ་ལ་གྱོན་པ་ཞེས་བྱ་བ་ནི་ཐལ་གོང་དུ་བཞག་པའོ། །འཕྱང་བར་གྱུར་ནས་ཞེས་བྱ་བ་ནི་ནར་བར་གྱུར་ནས་སོ། །ཆོས་ཀྱི་ཞུགས་ཞེས་བྱ་བ་ནི་དད་པ་ལྷག་པའོ། །མི་བསམ་པས་
ཞེས་བྱ་བ་ནི་མི་ལྟ་བས་སོ། །ཡོངས་སུ་ཉམས་པར་འགྱུར་བས་ཞེས་བྱ་བ་ནི་བགེགས་སུ་འགྱུར་བས་སོ། །དབྱར་ཁང་ཞེས་བྱ་བ་ནི་དགེ་སློང་མའི་གཙུག་ལག་ཁང་ངོ་། །མྱུར་བ་མྱུར་བ་ཞེས་བྱ་བ་ནི་རིངས་པ་སྟེ། གུས་པར་བསྒྲིམས་པའི་ཕྱིར་ལན་གཉིས་སུ་བཟླས་སོ། །ནད་དང་བཅས་
པས་ཞེས་བྱ་བ་ནི་ཁོན་དང་བཅས་པའོ། །སྐད་ཀྱི་ངེས་པའི་ཚིག་ཅེས་བྱ་བ་ལ། སྐད་ཅེས་བྱ་བ་ནི་ཐ་སྙད་གདགས་པའི་ཕྱིར་སྨྲ་བའོ། །དེས་ངེས་པར་སྨྲ་བ་ནི་སྐད་ཀྱི་ངེས་པའི་ཚིག་གོ། །ཡུལ་ཞེས་བྱ་བ་ནི་ཡུལ་གྱི་འཁོར་གྱི་ཕྱོགས་གཅིག་གོ། །ལྗོངས་ཞེས་བྱ་བ་ནི་ཡུལ་འཁོར་རོ། །ཏིང་
ངེ་འཛིན་གྱི་མཚན་མ་ཞེས་བྱ་བ་ནི་བསམ་གཏན་གྱི་ལམ་མོ། །བཟང་བ་ཞེས་བྱ་བ་ནི་འཁྲུག་པ་མེད་པའོ། །དགེ་སྐོས་ཞེས་བྱ་བ་ནི་དགེ་འདུན་གྱི་ལས་ལ་དབང་བྱེད་པའོ། །དགེ་འདུན་གྱིས་ཅི་བདེར་བྱའོ་ཞེས་བྱ་བ་ནི་དེའི་ས་གཞིར་དེ་བྱུང་བའི་ཕྱིར་རོ། །རྣམ་པར་རྒྱལ་བར་བྱ་བ་ལས་རྣམ་པར་
རྒྱལ་བ་ཞེས་བྱ་བ་ལ། འདིར་རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལམ་ཁམས་གསུམ་པ་སྟེ། དེ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཐ་ཚིག་གོ། །བསྟབས་པ་ཞེས་བྱ་བ་ནི་མགྲོན་དུ་བོས་པའོ། །ཡང་དག་པར་སྟོབས་པ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པས་སོ། །རྟོག་པས་སྟོབས་
ཞེས་བྱ་བ་ནི་འཇིག་རྟེན་གྱི་ཚུལ་ལོ། །བ་གམ་པ་ཞེས་བྱ་བ་ནི་བརྟག་པའོ། །ལྟོ་གང་ངོ་ཞེས་བྱ་བ་ནི་ཕལ་ཆེ་བར་བསྟན་པའོ། །ལྕགས་ཀྱི་སེའུ་དང་འདྲ་སྟེ་ཞེས་བྱ་བ་ནི་ལྕགས་ལས་བྱས་པའི་བལ་པོ་སེའུ་དག་འདྲའོ། །ངེས་པ་ལ་འཇུག་པར་ཡང་མི་འགྱུར་ཞེས་བྱ་བ་ལ། ངེས་པ་ཞེས་བྱ་བ་ནི་
ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པར་བྱེད་པ་ངེས་པ་སྟེ་མཐོང་བའི་ལམ་མོ། །དེར་འཇུག་པ་ནི་ངེས་པ་ལ་འཇུག་པའོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཐོབ་པའོ། །ཐོག་མ་དང་བར་དང་ཐ་མར་དགེ་བ་ཞེས་བྱ་བ་ལ། མདོར་སྟོན་པར་བྱེད་པ་ནི་ཐོག་མའོ། །རྒྱས་པར་
Vol. 157 · folio 52b
འཆད་པར་བྱེད་པ་ནི་བར་རོ། །ངེས་པར་སྦྱོར་བ་ནི་ཐ་མར་རོ། །ཡང་ན་ཉན་པ་ནི་ཐོག་མར་རོ། །སེམས་པ་ནི་བར་རོ། །སྒོམ་པ་ནི་ཐ་མའོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་སྟེ། ངེས་པ་ལ་འཇུག་པའོ། །རྫོགས་པར་བྱང་ཆུབ་ཅེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དེ་ཟག་པ་
ཟད་པའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཡང་འབྱུང་བ་མེད་དོ། །འགྱུར་བ་ཡིན་ན་ཞེས་བྱ་བ་ནི་དེའི་དོན་དུ་འབྲས་བུར་འགྱུར་བ་ཡིན་པའོ། །སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་ཞེས་བྱ་བ་ནི་སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ལ་ལྷ་མོ་བགྲོད་དཀའ་མཆོད་ནས་ཆོམ་རྐུན་བྱེད་པ་དག་གོ། །བརྩལ་མི་དགོས་པར་
ཞེས་བྱ་བ་ནི་འབད་མི་དགོས་པར་རོ། །འཚོ་བའི་བར་གྱི་འཚོ་བ་ཡོད་པ་ཞེས་བྱ་བ་ནི་ཁྱེའུ་དག་ཐར་བར་བྱ་བའི་ཕྱིར་རྙེད་པ་མང་པོ་འབྱུང་བས་སོ། །ཐབས་སོམས་ཤིག་ཅེས་བྱ་བ་ནི་ཕྱིར་དགུག་པའི་ཐབས་སོམས་ཤིག་པའོ། །བརྩོན་པར་མཛད་དུ་གསོལ་ཞེས་བྱ་བ་ནི་བརྩལ་བར་མཛད་དུ་གསོལ་ཞེས་
བྱ་བའོ། །མ་བསམས་ན་ཞེས་བྱ་བ་ནི་མ་བལྟས་ནའོ། །གླགས་ཞེས་བྱ་བ་ནི་སྐོན་ནོ། །གཞན་དུ་གྱུར་པ་ཉིད་ཅེས་བྱ་བ་ནི་འགྱོད་པའོ། །རྫུ་འཕྲུལ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་འབྲས་བུའོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྒྱུའོ། །ཕྱིར་བརྟུལ་ནས་ཞེས་བྱ་བ་ནི་བསྡུས་
ནས་སོ། །ཐར་པར་བྱ་བ་ཞེས་བྱ་བ་ནི་བཏང་བའོ། །གོ་བསྐོན་ཏེ་ཞེས་བྱ་བ་ནི་ཅི་ལས་མ་རག་པར་བཅས་ཏེའོ། །རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ནི་ཡོན་ཏན་ཆེ་བའོ། །མཐུ་ཆེ་བ་ཞེས་བྱ་བ་ནི་ནུས་པ་ཆེ་བའོ། །ཚེ་འདི་ཞེས་བྱ་བ་ནི་འཇིག་རྟེན་འདིའོ། །ཚེ་ཕྱི་མ་ཞེས་བྱ་བ་ནི་ཚེ་ཕ་རོལ་ལོ། །ཚེ་འདི་དང་
ཕྱི་མ་ཞེས་བྱ་བ་ནི་གཉི་གའོ། །སྤྱི་བོ་ཞེས་བྱ་བ་ནི་སྐྲ་མེད་པའི་ཕྱིར་རམ་ཡོན་ཏན་ཆུང་བའི་ཕྱིར་རོ། །གོ་བར་བྱས་སོ་ཞེས་བྱ་བ་ནི་ལན་གླན་པའོ། །དོན་ཉུང་ངུ་ཞེས་བྱ་བ་ནི་བསོད་སྙོམས་པ་སྟེ་བྱ་བ་ཉུང་བའི་ཕྱིར་རོ། །སྐབས་ཞེས་བྱ་བ་ནི་གླེང་བའི་སྐབས་སོ། །ལྟུང་བ་སྡེ་ལྔ་ཞེས་བྱ་བ་ནི་ཕམ་པར་
གྱུར་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་དག་གོ། །བསམ་གཏན་ཞེས་བྱ་བ་ནི་བཞིའོ། །ཐར་པ་ཞེས་བྱ་བ་ནི་བརྒྱད་དེ། སེམས་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ཅེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའམ་
Vol. 157 · folio 53a
རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པའོ། །སྙོམས་པར་འཇུག་པ་ཞེས་བྱ་བ་ནི་མཐར་གྱིས་སྙོམས་པར་འཇུག་པ་དགུ་སྟེ་སེམས་སྙོམས་པར་འཇུག་པར་བྱེད་པའི་ཕྱིར་རོ། །བདེ་བ་ཞེས་བྱ་བ་ནི་དེ་དག་ལས་བྱུང་བའི་ཞི་བ་ཉིད་དོ། །ལྟུང་བ་ཞེས་བྱ་
བ་ནི་སྦོམ་པོ་འམ་ཉེས་བྱས་སོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བས་འདུལ་བ་ལས་གསུངས་པའི་ཆོ་ག་ཡོངས་སུ་མི་གཏོང་ཞེས་བྱ་བའི་ཐ་ཚིག་གོ། །སླར་མཛོད་ཅིག་ཅེས་བྱ་བ་ནི་ཉེ་བར་ཞི་བར་གྱིས་ཤིག་ཅེས་བྱ་བ་སྟེ་ཤོགས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ལྟུང་བ་མཐོང་ཞེས་བྱ་བ་ནི་
ལྟུང་བ་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དང་། །རྫུ་འཕྲུལ་གྱི་སེམས་ནི་མ་བསྒྲིབས་ལ་ལུང་མ་བསྟན་པའི་ཕྱིར་དང་། ལུང་དུ་མ་བསྟན་པའི་སེམས་ཀྱིས་བསླང་བ་ནི་ཉོན་མོངས་པ་ཅན་ཡིན་པ་མི་འཐད་པའི་ཕྱིར་དང་། ཕྲོགས་པའི་སེམས་མེད་པའི་ཕྱིར་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་
ནས་དབྱུང་བ་ཞེས་བྱ་བ་ནི་དགེ་འདུན་ལས་དགར་བའོ། །ཆོས་ཀྱི་སྒྱུ་ཐབས་ཞེས་བྱ་བ་ནི་ཆོས་ལྟར་བཅོས་པའོ། །མི་མཐུན་པ་ཞེས་བྱ་བ་ནི་འགལ་བའོ། །ཡོངས་སུ་གནས་པ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་བཅས་པའི་ཆད་པའི་ལས་བྱ་བའོ། །གཞི་ནས་ཡོངས་སུ་གནས་པ་ཞེས་བྱ་བ་ནི་ཡོངས་སུ་
གནས་པ་གཞི་ནས་བསླང་བའོ། །མགུ་བར་བྱ་བ་ཞེས་བྱ་བ་ནི་དགེ་འདུན་མགུ་བར་བྱ་བའི་ཕྱིར་ཆད་པའི་ལས་བྱེད་པའོ། །གཞི་ནས་མགུ་བར་བྱ་བ་ཞེས་བྱ་བ་ནི་དེ་ཉིད་གཞི་ནས་བསླང་བའོ། །འབྱིན་པ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བའི་ཟུག་རྔུ་འབྱིན་པའོ། །ཐམས་ཅད་མཁྱེན་པ་
ཞེས་བྱ་བ་ནི་ཤེས་པས་རང་གི་མཚན་ཉིད་མཁྱེན་པའི་ཕྱིར་རོ། །ཐམས་ཅད་གཟིགས་པ་ཞེས་བྱ་བ་ནི་མཐོང་བས་དངོས་པོ་ཐམས་ཅད་ཀྱི་བྱེ་བྲག་མཁྱེན་པའི་ཕྱིར་རོ། །མཁྱེན་པ་དང་ཤེས་བྱ་དག་ལ་བླ་ན་མེད་པའི་མངའ་བརྙེས་པ་ཞེས་བྱ་བ་ལ་མཁྱེན་པ་ཞེས་བྱ་བ་ནི་ཆོས་ཤེས་པ་དག་ལའོ། །ཤེས་
བྱ་དག་ལ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་དག་ལ་སོགས་པའི་ཡུལ་དག་ལའོ། །བླ་ན་མེད་པ་ཞེས་བྱ་བ་ནི་ཟླ་མེད་པའོ། །མངའ་བརྙེས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དབང་ཐོབ་པའོ། །ཟུང་ཤིག་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་གྱིས་ཤིག་པའོ། །བསམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་སྙིང་
Vol. 157 · folio 53b
རྗེ་བའི་བསམ་པ་དང་འཕྲོག་པ་མེད་པའི་བསམ་པས་ཞེས་བྱ་བའི་ཐ་ཚིག་གོ། །དགའ་བའི་ཆོས་ཅན་དག་ཅེས་བྱ་བ་ནི་དགའ་བ་ལ་རག་ལུས་པ་དག་གོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་དང་རྗེས་སུ་འབྲེལ་པའོ། །ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནི་མ་གོ་བ་གོ་བར་མཛད་པའོ། །ཡང་
དག་པར་འཛིན་དུ་འཇུག་པར་མཛད་ཅེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལ་ངེས་པར་སྦྱོར་བར་མཛད་པའོ། །ཡང་དག་པར་གཟེངས་བསྟོད་པར་མཛད་ཅེས་བྱ་བ་ནི་ད་ལྟར་བྱུང་བའི་ཡོན་ཏན་བརྗོད་པས་དགའ་བར་མཛད་པའོ། །ཡང་དག་པར་རབ་ཏུ་དགའ་བར་མཛད་ཅེས་བྱ་བ་ནི་ཕྱིས་འབྱུང་བར་
འགྱུར་བའི་ཡོན་ཏན་བརྗོད་པས་དགའ་བར་མཛད་པའོ། །རྣམ་གྲངས་དུ་མར་ཞེས་བྱ་བ་ནི་རྣམ་པ་མང་པོར་རོ། །རལ་བ་ཞེས་བྱ་བ་ནི་རྡིབ་པའོ། །འདྲུམས་པ་ཞེས་བྱ་བ་ནི་གས་པའོ། །རང་ཉིད་ཀྱིས་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་བདག་ཉིད་ཁོ་ནས་ལས་བྱེད་པའོ། །ལྷན་ཅིག་གནས་
པ་ཞེས་བྱ་བ་ནི་སློབ་མའོ། །བདེན་པ་ཞེས་བྱ་བ་ནི་ཡང་དག་པའོ། །མཐུན་པ་ཞེས་བྱ་བ་ནི་ཕན་པའོ། །ངོ་ཟློག་ཕོད་པར་སྨྲ་བ་ཞེས་བྱ་བ་ནི་གྱ་གྱུ་མེད་པར་སྨྲ་བའོ། །འཁྲུག་ལོང་ཞེས་བྱ་བ་ནི་ཕན་ཕུན་ནོ། །ཨེ་མ་ཞེས་བྱ་བའི་སྒྲ་ནི་འདོད་པའི་དོན་ཡིན་ནོ། །སྡུམ་པ་ཞེས་བྱ་བ་ནི་ཁྱིམ་མོ། །
རྒྱལ་པོའི་ཁབ་ཀྱི་ཕྱི་རོལ་དང་འོད་མའི་ཚལ་གྱི་ཕྱི་རོལ་གྱི་བར་དུ་ཞེས་བྱ་བ་ནི་དེ་གཉིས་ཀྱི་བར་དུའོ། །ལྷ་འབངས་ཞེས་བྱ་བ་ནི་ལས་སུ་རུང་བར་བྱེད་པས་བྱེད་ཅེས་བྱ་བའོ། །དགེ་འདུན་གྱི་ཀུན་དགའ་ར་བ་ཞེས་བྱ་བ་ནི་གཙུག་ལག་འཁོར་དང་བཅས་པའོ། །རྩེ་རྒོད་ཅེས་བྱ་བ་ནི་དགེ་འདུན་གྱི་ཀུན་དགའི་ར་བ་སྐྱོང་
བར་བྱེད་པས་ཀུན་དགའི་ར་བ་ཞེས་བྱའོ། །ཀླག་ཅོར་ཞེས་བྱ་བ་ནི་ཅ་ཅོའོ། །ནང་པར་སྔར་ཞེས་བྱ་བ་ནི་དུས་སྔ་མ་དང་བཅས་པའོ། །དགེ་སློང་གི་རྒྱུས་ཤེས་པ་ཞེས་བྱ་བ་ནི་དགེ་སློང་དང་འདྲེ་འདྲེ་བའོ། །སྒོ་འཕར་ཞེས་བྱ་བ་ནི་སྒོ་དྲུང་གི་ཐེམ་པའོ། །ལན་བདུན་ཞེས་བྱ་བ་ནི་རེས་བདུན་ནོ། །བྱི་
དོར་ཞེས་བྱ་བ་ནི་བཅིལ་ཏེ་སས་མ་གོས་པར་བྱ་བའོ། །ཁྲུས་བྱས་ཤིང་ཞེས་བྱ་བ་ནི་སྔར་ཁྲུས་བྱས་ཏེ་ཕྱིས་གོས་དཀར་པོ་དང་དྲི་དང་ཕྲང་བ་བརྒྱུས་པས་བརྒྱན་ཏོ་ཞེས་བྱ་བར་སྦྱར་རོ། །མ་བསྒོ་འམ་ཞེས་བྱ་བའི་སྒྲ་ནི་དྲི་བའི་ཚིག་ཡིན་ནོ། །བསྙེམས་པ་ཞེས་བྱ་བ་ནི་རློམ་པའོ། །སྦྲན་ཏེ་ཞེས་བྱ་བ་ནི་
Vol. 157 · folio 54a
བསྐུལ་ཏེའོ། །དགོངས་ཀ་ཟ་འདོད་པས་ཞེས་བྱ་བ་ནི་མཚན་མོ་ཟ་འདོད་པས་སོ། །ནང་པར་ཟ་འདོད་པས་ཞེས་བྱ་བ་ནི་སྔ་དྲོ་ཟ་འདོད་པས་སོ། །འདོང་བར་བྱེད་དོ་ཞེས་བྱ་བ་ནི་འགྲོ་བར་བྱེད་པའོ། །ལེ་ལོའི་རང་བཞིན་ཅན་ཞེས་བྱ་བ་ནི་བརྩོན་འགྲུས་ཞེན་པའོ། །སོམས་
ཤིག་ཅེས་བྱ་བ་ནི་ཤེས་པར་གྱིས་ཤིག་པའོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་འདོད་པའི་དོན་ཡིན་ནོ། །ལེགས་སོ་ཞེས་བྱ་བ་ནི་མཛེས་པའོ། །བཟང་པོ་ཞེས་བྱ་བ་ནི་གནོད་པ་མེད་པའི་ཕྱིར་ཆེས་མཛེས་པའོ། །ཉི་མ་གཉིས་ཀྱི་ཞེས་བྱ་བ་ནི་ཉིན་མཚན་གཉིས་ཀྱི་དགོས་པའོ། །ཉི་མ་གསུམ་གྱི་ཞེས་བྱ་བ་ནི་
ཉིན་མཚན་གསུམ་གྱི་དགོས་པའོ། །ཉི་མ་བདུན་གྱི་ཞེས་བྱ་བ་ནི་ཉིན་མཚན་བདུན་གྱི་དགོས་པའོ། །བར་གྱི་ཞེས་བྱ་བ་ནི་མཐའོ། །གསོག་འཇོག་གི་ཡོངས་སུ་སྤྱོད་པས་ཞེས་བྱ་བ་ནི་སོགས་ཤིང་ཟ་བས་སོ། །བྱིངས་དང་བྱིངས་མ་ཡིན་པ་དག་ན་ཞེས་བྱ་བ་ནི་གཏོས་དང་གཏོས་མ་ཡིན་པ་དག་
ནའོ། །མཚམས་ཞེས་བྱ་བ་ནི་རྡོ་བསྒྲེང་བ་ལ་སོགས་པའི་མཚན་མ་བྱ་བའོ། །མུ་ཐུག་ཅེས་བྱ་བ་ནི་འདི་ནི་ཁྱོད་ཀྱིའོ་འདི་ནི་ངའི་ཞེས་བགོ་བཤའ་བྱ་བའོ། །ཆོས་ཀྱིས་ཞེས་བྱ་བ་ནི་བགོ་བཤའ་བྱ་བའི་ངང་ཚུལ་ཉིད་འདོད་པ་མེད་པ་ཡིན་པས་འདིར་ཆོས་སུ་ཤེས་པར་བྱའོ། །འདྲེན་པར་བྱེད་ཅེས་བྱ་བ་ནི་
གཞིའི་གནས་ནས་སྐྱོད་པར་བྱེད་པའོ། །ཁྲིད་པར་བྱེད་ཅེས་བྱ་བ་ནི་འདོད་པའི་གནས་སུ་ཁྲིད་པར་བྱེད་པའོ། །ཆད་པས་གཅད་པར་ཞེས་བྱ་བ་ནི་ཆད་པས་གཅད་པར་འོས་པ་དག་གོ། །ཕན་གདགས་པར་བྱ་བ་ཞེས་བྱ་བ་ནི་བསྲུང་བར་བྱ་བ་དག་གོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་རིགས་པ་
དང་ལྡན་པ་སྟེ་དྲུག་ཆ་ཞེས་བྱ་བའོ། །ཐོག་ཤས་ཞེས་བྱ་བ་ནི་རིན་ངེས་པའོ། །བཀུར་ཞེས་བྱ་བ་ནི་གསོལ་བ་བཏབ་པའོ། །སྨས་པ་ལ་སྐྱོབ་པར་བྱེད་ཅེས་བྱ་བ་ནི་སྡུག་བསྔལ་ལས་ཡོངས་སུ་སྲུང་བར་བྱེད་པའོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་འདིར་ངེས་པ་སྟེ་དེའི་སྤྱད་པ་རྗེས་སུ་བསྒྲུབ་པའོ། །
དེས་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་རྗེས་སུ་ཐ་སྙད་འདོགས་པ་ནི་ཚུལ་ཁྲིམས་ཀྱི་སྤྱོད་པ་རྗེས་སུ་སྤྱོད་དེ། དེས་ཆོས་ཀྱིས་སྐྱེ་དགུ་དགའ་བར་བྱེད་པས་སོ། །ཤེས་རབ་ཀྱི་སྤྱོད་པ་ཞེས་བྱ་བ་ནི་བློ་སྔོན་དུ་གཏོང་བའི་རྗེས་སུ་བསྒྲུབ་པའོ། །དེས་ཀུན་ཏུ་སྤྱོད་པ་ཞེས་བྱ་བ་རྗེས་སུ་ཐ་སྙད་འདོགས་པ་ནི་ཤེས་རབ་ཀྱི་
Vol. 157 · folio 54b
སྤྱོད་པ་ཀུན་དུ་སྤྱོད་པ་སྟེ། དེས་ཆོས་ཀྱིས་སྐྱེ་དགུ་དགའ་བར་བྱེད་པས་སོ། །རྒྱལ་རིགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་རྒྱལ་རིགས་ཀྱི་སྡེ་ཚན་ཏེ་རྒྱལ་རིགས་ཀྱི་རིགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཆོས་ཀྱིས་ཡིན་གྱི་ཞེས་བྱ་བ་ནི་སྐྱེ་དགུ་སྲུང་བར་བྱེད་ཅིང་སེམས་ཅན་ལ་རྗེས་སུ་སྙིང་བརྩེ་བ་ཉིད་འདིར་ཆོས་
ཡིན་ནོ། །ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་བདག་གིར་བྱེད་པའམ་ཡོངས་སུ་བཟུང་བའི་རྫས་སོ། །ནད་ཅེས་བྱ་བ་ནི་སྦུབས་ནང་དུ་བལྟས་པའི་རྨའོ། །འབྲས་ཞེས་བྱ་བ་ནི་སྦུབས་ཕྱིར་བལྟས་པའི་རྨའོ། །ཟུག་རྔུ་ཞེས་བྱ་བ་ནི་འཇུག་པ་གློ་བུར་བའོ། །དེ་དག་ནི་ནད་ལ་སོགས་པ་དང་འདྲ་བའི་ཕྱིར་
སྨོས་པ་ཡིན་ནོ། །སྡུག་བསྔལ་གྱི་རྩ་བ་ཞེས་བྱ་བ་ནི་ལུས་དང་སེམས་ངལ་བའི་རྒྱུ་ཡིན་པའོ། །དགོན་པའི་གནས་ཞེས་བྱ་བ་ནི་དགོན་པའི་འདུག་གནས་སོ། །སྤྱིལ་པོ་ཞེས་བྱ་བ་ནི་ཁྱིམ་མོ། །བསམ་གཏན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །རབ་ཏུ་དབེན་པ་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པའམ་འདོད་
ཆགས་དང་བྲལ་བའོ། །མངོན་པར་རྫོགས་པར་མ་རྟོགས་པ་ཞེས་བྱ་བ་ནི་ཁོང་དུ་མ་ཆུད་པའོ། །སྔགས་ཞེས་བྱ་བ་ནི་དུག་སེལ་བ་ལ་སོགས་པའི་འབྲས་བུ་དང་ལྡན་པ་སྐྱེས་བུ་ཆེན་པོའི་ཚིག་གོ། །གཞུང་ཞེས་བྱ་བ་ནི་འདོད་པའི་གོ་རིམས་བཞིན་དུ་སྡེབས་པའོ། །རིག་བྱེད་ཅེས་བྱ་བ་ནི་ཤེས་པ་བསྟན་པའི་
ཚིག་གོ། །སྦྱར་ཞེས་བྱ་བ་ནི་དོན་དང་ལྡན་པའི་འབྲེལ་པས་སྦྱར་བའོ། །ཅི་ནུས་ཞེས་བྱ་བ་ནི་ཇི་ལྟར་སྤྲོ་བའོ། །ཅི་ལྕོགས་ཞེས་བྱ་བ་ནི་ནོར་ཇི་ལྟ་བར་རོ། །ཕྱི་རོལ་དུ་སེམས་པ་ཞེས་བྱ་བ་ནི་མི་ཕྱོགས་པའོ། །དེ་ཡང་ཆོས་ཀྱི་ཡིན་ཞེས་བྱ་བ་ནི་འདིར་ཡང་འདོད་པ་མེད་པ་ལ་སོགས་པ་ནི་ཆོས་ཡིན་
ནོ། །ཁང་ཁྱིམ་སོ་སོ་དང་ལྡན་པ་ཞེས་བྱ་བ་ནི་ཁང་ཁྱིམ་སོ་སོར་མཁོ་བའོ། །བཟོའི་གནས་ཞེས་བྱ་བ་ནི་བུམ་པ་དང་ཕྲུ་བ་བྱེད་པ་ལ་སོགས་པའོ། །ལས་ཀྱི་གནས་ཞེས་བྱ་བ་ནི་ཞིང་ལས་དང་བ་ལང་བཙའ་བ་དང་ས་ཕྱགས་པ་ལ་སོགས་པའོ། །དེ་ཡང་ཆོས་ཀྱིས་ཡིན་གྱི་ཞེས་བྱ་བ་ནི་འདིར་བརྩོན་
འགྲུས་ལ་ཆོས་ཞེས་བྱ་བའོ། །མངོན་དུ་སྨྲ་བ་ཞེས་བྱ་བ་ནི་ཕྱག་འཚལ་ལོ་ཞེས་མངོན་དུ་སྨྲ་བའོ། །ཕྱག་བྱ་བ་ཞེས་བྱ་བ་ནི་ལུས་ཀྱིས་འདུད་པའོ། །ལྡང་བ་ཞེས་བྱ་བ་ནི་མངོན་དུ་ལྡང་བའོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བའི་ལས་སོ། །འདུད་པའི་ལས་ཞེས་བྱ་བ་ནི་ལུས་འདུད་པ་
Vol. 157 · folio 55a
དང་མགོ་བོས་ཕྱག་བྱ་བ་ལ་སོགས་པའོ། །ཁ་ཅིག་ན་རེ་སྐབས་འདིར་བྲམ་ཟེའི་དཀྱིལ་འཁོར་དང་རྗེའུ་རིགས་ཀྱི་དཀྱིལ་འཁོར་དང་དགེ་སྦྱོང་གི་དཀྱིལ་འཁོར་འཇིག་རྟེན་དུ་འབྱུང་བའི་གཏམ་དང་སྐྱོན་མེད་ཅིང་ཆུ་བུར་མེད་པ་ཞེས་སྨོས་པ་ནི་བ་སི་ཏའི་བུའི་མདོ་ལས་གསུངས་
པ་ཁ་ཅིག་གིས་འདིར་བཏུས་པ་ཡིན་ཏེ། བདེ་བར་གཤེགས་པས་འདུལ་བའི་སྐབས་འདིར་གསུངས་པ་མ་ཡིན་ཞེས་ཟེར་རོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་ཕམ་པར་འགྱུར་བ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་
སོ།། །།སྒྲ་བསྒྲགས་པར་ཞེས་བྱ་བ་ནི་སྒྲ་དབྱུང་བར་རོ། །སོ་སོར་རྟོག་པ་མི་མང་བ་ཞེས་བྱ་བ་ནི་བློས་རྟོག་པ་མི་མང་བའོ། །འཕྲོད་པ་ཞེས་བྱ་བ་ནི་རྫས་སུ་མཐུན་པའོ། །འདག་རྫས་ཞེས་བྱ་བ་ནི་ལྕི་སྐམ་དང་ཐལ་བ་ལ་སོགས་པ་ཁྲུས་ཀྱི་ཆལ་ལོ། །ཧ་ཅང་ཟས་དྲགས་ནས་ཞེས་བྱ་བ་ནི་ཧ་ཅང་
ཚིམ་ཆེས་སོ། །ཡི་ག་བརྒྱངས་ཏེ་ཞེས་བྱ་བ་ནི་མི་གསལ་བར་རོ། །མི་མཐུན་པ་ཞེས་བྱ་བ་ནི་མི་འཕྲོད་པའོ། །ཡི་ཆད་པའི་བཞིན་གྱིས་ཞེས་བྱ་བ་ནི་མི་དགའ་བའི་གདོང་གིས་སོ། །རྣོན་པོ་ཞེས་བྱ་བ་ནི་མཐུ་ཆེ་བའོ། །དུས་ལ་བབ་པོ་ཞེས་བྱ་བ་ནི་ཤི་བ་སྟེ། ཐ་མའི་དུས་ལ་བབ་པའི་ཕྱིར་རོ། །འཆི་
བའི་ཕྱིར་རྩོལ་བར་བྱེད་པ་ཞེས་བྱ་བ་ནི་འཇུག་པར་བྱེད་པའོ། །འདི་ནི་རེ་ཞིག་བྱུང་བ་ཡིན་གྱི་ཞེས་བྱ་བ་ནི་འཆི་བ་སྨོས་པར་བྱེད་པའི་ཕྱིར་རོ། །བསླབ་པའི་གཞི་འཆའ་བར་མི་མཛད་དོ་ཞེས་བྱ་བ་ནི་ད་དུང་གསོད་པའི་ལྟུང་བའི་གཞི་ཉིད་མ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཁྱིམ་བདག་ཅེས་བྱ་བ་ནི་རྒྱལ་
རིགས་ལ་སོགས་པ་སྟེ། ཁྱིམ་ཁོལ་གྱི་བདག་པོ་ཡིན་པའི་ཕྱིར་རོ། །འདི་གཉིས་འདོང་ན་ཞེས་བྱ་བ་ནི་བདག་ཅག་གི་རྗེས་སུ་དགའ་བའི་བསམ་པ་ཡོད་ན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འདབ་མ་ལ་སོགས་པ་འབུལ་བར་འདོད་ན་འབུལ་དུ་ཆུག་ཅེས་བྱ་བའི་ཐ་ཚིག་གོ། །གྲིམས་པ་ཞེས་བྱ་བ་ནི་སྒྲིན་
པའོ། །ལེ་ལོ་མེད་པ་ཞེས་བྱ་བ་ནི་ལེ་ལོ་ཅན་མ་ཡིན་པའོ། །སྒྲུབ་ཕོད་པ་ཞེས་བྱ་བ་ནི་མཐུ་དང་ལྡན་པའོ། །སྟོབས་དང་སྙེམས་པ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ལ། སྟོབས་དང་ལྡན་པ་ནི་ལུས་ཀྱི་མཐུ་དང་ལྡན་པའོ། །སྙེམས་པ་དང་ལྡན་པ་ནི་རྒྱགས་པ་དང་ལྡན་པའོ། །ཡང་ན་སྟོབས་ཀྱི་རྒྱུའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words