འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 157 · folio 160b
བྱ་བ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅུང་ཟད་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པའམ། ཆ་ཕྲ་བའམ། ངན་པའམ།
བཟང་པོ་འམ། ཐག་རིང་བ་འམ། ཐག་ཉེ་བ་གང་ཡིན་པ་དེ་ཐམས་ཅད་ལ། འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་ནང་གི་སྐྱེ་
མཆེད་དྲུག་པོ་འདི་དག་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ནོ། །འདི་ནི་བདག་གི་བདག་མ་ཡིན་ནོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་བལྟ་སྟེ། དེ་དེ་ལྟར་ཡང་དག་པར་རྗེས་སུ་ལྟ་ན་འཇིག་རྟེན་ལ་ཆུང་ཟད་ཀྱང་མི་ལེན་ཏོ། །མི་ལེན་ན་ཡོངས་སུ་གདུང་བར་མི་འགྱུར་རོ། །ཡོངས་སུ་
གདུང་བ་མེད་ན་སོ་སོར་ཉིད་ལ་བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་པ་ཡིན་ནོ། །མདོ་སྡེའི་མཐའ་ལ་རྟོན་ཅེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པའོ། །འཛུམ་ཕྱུང་ཞེས་བྱ་བ་
ནི་བགད་པའོ། །གཞུག་པ་འཛུད་པ་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་འཛུད་པའོ། །བཅབ་པའི་སེམས་ཞེས་བྱ་བ་ནི་མཁྱུད་པའི་བསམ་པའོ། །དགེ་སློང་གི་ཚུལ་གྱིས་བར་ཆད་ཅེས་བྱ་བ་ནི། ལམ་བསྒོམ་པའི་གེགས་སོ། །ཚངས་པར་སྤྱོད་པའི་བར་ཆད་ཅེས་བྱ་བ་ནི། དེ་དགེ་སློང་གི་དངོས་པོ་དང་
མི་མཐུན་པའོ། །དགེ་འདུན་དབྱེ་བ་ཞེས་བྱ་བ་ནི་འཁོར་ལོ་དབྱེ་བའོ། །དགེ་འདུན་འཁྲུགས་པ་ཞེས་བྱ་བ་ནི་དགེ་འདུན་འཐབ་པའོ། །དགེ་འདུན་གཉིས་སུ་འགྱུར་བ་ཞེས་བྱ་བ་ནི་ལས་དབྱེ་བའོ། །དགེ་འདུན་ཐ་དད་པར་འགྱུར་ཞེས་བྱ་བ་ནི་གནས་ལ་སོགས་པ་དབྱེ་བའོ། །གནས་ངན་ལེན་འཆབ་པའི་
ལྟུང་བྱེད་དེ་ལྔ་བཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཀླན་ཀ་ཚོལ་ཞེས་བྱ་བ་ནི་ཚོལ་བ་སྟེ། ཟན་བཅད་པའི་དོན་དུ་རྩོལ་བར་བྱེད་པའོ། །ཇི་ཙམ་འདོད་པ་ཞེས་བྱ་བ་ནི་ཇི་ཙམ་དགའ་བའོ། །སྨྲ་བ་ཞེས་བྱ་བ་ནི་ཕེབས་པར་སྨྲ་བའོ། །འདུག་པ་ཞེས་བྱ་བ་ནི་རྐུབ་ཚོས་འཇོག་པའོ། །
Vol. 157 · folio 161a
ཆེད་དུ་བསམས་ཏེ་དགེ་སློང་གི་ཟན་གཅོད་དུ་འཇུད་ན་ཞེས་བྱ་བ་ནི་ཟན་གཅོད་དུ་གཞུག་པའི་ཕྱིར་རྩོལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཟན་གཅོད་དུ་འཇུད་པའི་ལྟུང་བྱེད་དེ་ལྔ་བཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དྲང་ཞེས་བྱ་བ་ནི་དྲང་བའོ། །བདེ་
བ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ། །ལམ་ཁ་ཞེས་བྱ་བ་ནི་ལམ་སྲོལ་ལོ། །བསྲེལ་བགྱིའོ་ཞེས་བྱ་བ་ནི་བསྐྱལ་བར་བྱ་བའོ། །དགེ་བའི་རྩ་བ་འདི་ཞེས་བྱ་བ་ནི་ཆགས་པ་མེད་པ་ལ་སོགས་པའོ། །ལེགས་པར་སྤྱད་པ་འདིར་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་ཀྱིས་སོ། །བསྐལ་བ་བཅུ་གསུམ་དུ་ཞེས་
བྱ་བ་ནི་བར་གྱི་བསྐལ་པ་བཅུ་གསུམ་དུའོ། །ལོག་པར་ལྟུང་བ་ཞེས་བྱ་བ་ནི་ངན་སོང་གི་འགྲོ་བའོ། །སྲིད་པ་ཐ་མ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་སྟེ་རྣམ་པར་སྨིན་པའི་འབྲས་བུའོ། །གནས་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དེ་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་འདུག་པའི་གནས་ཡིན་པའི་ཕྱིར་རོ། །
གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་སོ། །ལུས་ཐ་མ་ཐོབ་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མི་ལྡན་པའི་རྒྱུན་ནོ། །ལས་དེ་ཉིད་ཅེས་བྱ་བ་ནི་ཡིད་ཀྱི་ལས་སོ། །ཤིང་ལྗོན་པ་ཁོང་སྟོང་ཞེས་བྱ་བ་ནི་ཤིང་ལྗོན་པ་སྐམ་པའོ། །གྲངས་པ་དག་གིས་ཞེས་བྱ་བ་ནི་མི་གྲང་བཞིན་དུ་གྲངས་པར་འཆོས་པ་
དག་གིས་ཏེ། གྲངས་པས་ཟིལ་གྱིས་གནོན་པ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་ཅལ་ཞེས་ཟེར་བ་ཞེས་བྱ་བ་ནི་ཆུའི་ནང་དུ་ཤིང་སྒྱེལ་བའི་སྒྲ་མི་གསལ་བའོ། །ཅལ་ཅལ་ཟེར་བ་བྱུང་ངོ་ཞེས་བྱ་བ་ནི་རི་བོང་དག་གིས་སྒྲ་དེ་ཐོས་ནས་ཅལ་ཅལ་ཟེར་བ་ཞེས་པའི་སྲོག་ཆགས་ཨ་ཙི་བ་ཞིག་ཡིན་པར་
བརྟགས་ཏེ་བྱུང་ངོ་། །འོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །རི་དྲུང་དང་ཉེ་བ་ཞེས་བྱ་བ་ནི་རི་ཤོད་དང་ཉེ་བའོ། །རལ་པ་ཅན་ཞེས་བྱ་བ་ནི་པདྨའི་གེ་སར་དང་འདྲ་བའི་སྤུ་རལ་པ་མཐོན་པོ་དག་དེ་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ཅོད་པན་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནི་ཅོད་པན་གྱི་རྣམ་པ་ལྟ་བུ་ཁ་དོག་དཀར་པོའི་
སྤུ་དག་སྐྱེ་བ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་གྲགས་པ་ཞེས་བྱ་བ་ནི་འཇིག་རྟེན་ན་གྲགས་པ་སྟེ་དེས་ཐམས་ཅད་དུ་འགྲོ་བར་མི་བྱའོ་ཞེས་བྱ་བར་བསམས་སོ། །རྐང་པ་བཞི་མེད་པ་ཞེས་བྱ་བ་ནི་རྐང་བཞི་པས་སྟོང་པར་རོ། །རེ་ཞིག་འདུལ་བ་ལ་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །
Vol. 157 · folio 161b
ཞེས་བྱ་བ་ནི་མེ་ལ་རེག་པའི་སྐབས་འཇིག་རྟེན་ན་སྨད་པར་འགྱུར་བ་མེད་པའི་ཕྱིར་རོ། །འབར་ཞེས་བྱ་བ་ནི་ཆུང་ཟད་འབར་བའོ། །རབ་ཏུ་འབར་བ་ཞེས་བྱ་བ་ནི་འབྲིང་ཚད་དུ་མཆེད་པའོ། །ཀུན་དུ་རབ་ཏུ་འབར་བ་ཞེས་བྱ་བ་ནི་ཆེར་འབར་བའོ། །མེ་ལྕེ་གཅིག་ཏུ་གྱུར་ཅིང་འབར་བ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་འབར་
བར་གྱུར་པའོ། །འཇིགས་པ་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་འཇིགས་པའི་རྒྱུ་ལས་གྲོལ་བའོ། །བག་ཚ་བ་མེད་པ་ཞེས་བྱ་བ་ནི་མ་འོངས་པའི་འཇིགས་པའི་རྒྱུ་ལས་གྲོལ་བའོ། །ཉེས་པ་ཉེས་པའི་སྒོ་ནས་ཤོགས་ཤིག་ཅེས་བྱ་བ་ནི། སྐྱོན་སྐྱོན་ཉིད་དུ་སྨོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ལ་གཏོང་བས་
རྩེ་བར་བྱེད་ཅེས་བྱ་བ་ནི་རྩེད་མོ་གང་ལ་བྱིས་པས་ཤིང་བུ་མེས་སྤར་ཏེ། གཅིག་གི་ལག་ནས་གཅིག་གི་ལག་ཏུ་གཞན་ལ་ཐོང་ཤིག་ཅེས་གཞན་ལ་གཏོང་བར་བྱེད་པ་ཡོད་པ་དེས་རྩེ་བར་བྱེད་པའོ། །ཟླ་བ་ཡང་བྱེད་ཅེས་བྱ་བ་ནི་ཟླ་བ་ལྟ་བུའི་འཁོར་ལོ་ཡང་བྱེད་པའོ། །ཉི་མ་ཡང་བྱེད་ཅེས་བྱ་བ་ཡང་ཉི་མ་ལྟ་
བུའི་འཁོར་ལོ་ཡང་བྱེད་པའོ། །མགལ་མེའི་འཁོར་ལོ་ཡང་བྱེད་ཅེས་བྱ་བ་ནི་མགལ་མེ་རྫ་མཁན་གྱི་འཁོར་ལོ་འདྲ་བར་བསྐོར་བའོ། །རེག་གམ་ཞེས་བྱ་བ་ནི་རེག་པར་བྱེད་པའོ། །རེག་ཏུ་འཇུད་ན་ཞེས་བྱ་བ་ནི་རེག་ཏུ་འཇུད་པར་བྱེད་པའོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཞེས་བྱ་བ་ནི་དེ་
བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོ་དག་བླངས་ནས་མཆོད་པའི་ཕྱིར། མཆོད་རྟེན་གང་དག་བྱས་པའོ། །དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ལས་ཟིན་གྱི་བར་གྱི་ཡུན་རིང་པོར་རོ། །དུས་བྱིན་གྱིས་བརླབས་པར་སྦར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ལ་
སོགས་པ་ནི་དུས་ཀྱང་མེད་ལ་བྱིན་གྱིས་ཀྱང་མ་བརླབས་པར་སྦར་བར་བྱེད་པ་ལ་སོགས་པ་ལ་ལྟུང་བྱེད་དུ་འགྱུར་བར་གསུངས་སོ། །དུས་ཡོད་ལ་བྱིན་གྱིས་མ་བརླབས་པར་སྦར་བར་བྱེད་པ་ལ་སོགས་པ་ལ་ནི་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །མེ་མ་མུར་ཞེས་བྱ་བ་ནི་ཐལ་བར་གྱུར་
པ་ལ་ཐུག་པའོ། །མེར་སྐྲ་ལ་སོགས་པ་འཇུད་པ་ཉེས་བྱས་ཞེས་གསུངས་པ་ནི་རེག་ཏུ་འཇུད་པ་དང་གཉིས་ཀྱིས་བཅུག་པ་མེད་པའི་ཕྱིར་ན་སྨད་དོ། །མེ་ལ་རེག་པའི་ལྟུང་བྱེད་དེ་ལྔ་བཅུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བྲེལ་བ་ཞེས་བྱ་བ་ནི་ཡིད་བྲེལ་བ་ཉིད་དོ། །
Vol. 157 · folio 162a
བསྐྱེད་པར་བྱའོ་ཞེས་བྱ་བ་ནི་དབྱུང་བར་བྱ་བའོ། །གྱ་ཚོམ་དུ་ཞེས་བྱ་བ་ནི་ཅི་དེ་རྒྱུ་དེ་ཉེ་བར་ཞི་བའམ་འོན་ཏེ་མ་ཞི་ཞེས་རྣམ་པར་མ་དཔྱད་པར་རོ། །ནན་གྱིས་ཞེས་བྱ་བ་ནི་རིགས་པས་ཡིན་ཡང་བཙན་ཐབས་ཀྱིས་མ་གུས་པས་སོ། །ཁོ་བོས་འདུན་པ་མ་ཕུལ་ལོ་ཞེས་བྱ་བ་ནི་ཡུལ་
དེ་ལས་མ་དད་པའི་ཕྱིར་རོ། །ཁོ་བོས་འདུན་པ་ཉེས་པར་ཕུལ་ལོ་ཞེས་བྱ་བ་ནི་མ་བརྟགས་པར་ཕུལ་བའི་ཕྱིར་རོ། །སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་སྟོན་ཅིང་འགོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདུན་པ་ཕྱིར་སྒྱུར་བའི་ལྟུང་བྱེད་དེ་ལྔ་བཅུ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།
རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་ནུབ་གཉིས་ལས་ལྷག་པར་མ་ཉལ་བའི་ཕྱིར་རོ། །ལོ་མ་མ་ཡིན་པའི་སྤྱིལ་བུ་ཞེས་བྱ་བ་ནི་སྤྲུལ་པ་བྱས་པའོ། །སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པའི་གཙོ་བོ་ཞེས་བྱ་བ་ནི་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཆེན་
པོའོ། །ཚད་ཅེས་བྱ་བ་ནི་ཁུང་ངོ་། །དངོས་བཙན་པ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་ན་ཕ་རོལ་གྱི་ཡུལ་འཁོར་ཕེབས་པར་ནུས་ན་བདག་ཉིད་མ་སོང་ན་ཕེབས་པར་མི་ནུས་སོ། །དགེ་སློང་མ་འོངས་པ་རྣམས་ལ་ནི་གཞེས་པར་མཛད་ལ་ཞེས་བྱ་བ་ནི་སྡོད་པར་མཛད་པའོ། །ཕྱིར་གཏོང་བར་མི་མཛད་
ཅེས་བྱ་བ་ནི་འཇོག་པར་མཛད་པའོ། །དགྲ་བཅོམ་པའི་སྒོ་ང་དང་ལྡན་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་ས་བོན་དང་ལྡན་པའོ། །འཁྲུ་བའི་ནད་ཅེས་བྱ་བ་ནི་འཁྲུ་བག་གི་ནད་དོ། །ལྷན་ཅིག་འདུག་སྟེ་ཞེས་བྱ་བ་ནི་དཀྱིལ་འཁོར་གཅིག་ཏུའོ། །ཉེ་འཁོར་དུ་སྤང་བར་བྱའོ་ཞེས་བྱ་བ་ནི་གནས་ཁང་གི་སྒོ་
དང་འབྲེལ་བའི་ཁྱམས་ཀྱི་ཕྱོགས་སུ་སྤང་བར་བྱ་བའོ། །དགེ་སློང་སྡིག་ཅན་ཞེས་བྱ་བ་ནི་སུན་འབྱིན་པའོ། །གནས་པར་ཁས་མ་བླངས་པ་ཞེས་བྱ་བ་ནི་དབྱར་གྱི་གནས་ཁས་མ་བླངས་པའོ། །གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་གནས་ཁང་གཅིག་ཏུ་ཉལ་བར་མི་བྱ་བའོ། །རྫོགས་
པར་མ་བསྙེན་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་ལྔ་བཅུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཞེས་བྱ་བ་ལ། སྡིག་པ་ཅན་གྱི་ལྟ་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་ལ་སྐུར་པ་འདེབས་པས་ལོག་པའི་ཤེས་པ་ཡིན་གྱི། ལོག་པའི་ལྟ་
Vol. 157 · folio 162b
བ་ནི་མ་ཡིན་ཏེ། ལྟ་བ་ལོག་ན་སྡོམ་པ་ཡང་མེད་པར་འགྱུར་བའི་ཕྱིར་རོ། །རྣམ་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །བྱུང་སྟེ་ཞེས་བྱ་བ་ནི་སྐྱེས་པ་སྟེ་ཁྱིམ་པ་དག་གིས་ཀྱང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་མཐོང་བའི་ཕྱིར་བར་དུ་གཅད་པའི་ཆོས་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་སྙམ་པའི་ལྟ་བའི་
རྣམ་པ་སྐྱེས་པའོ། །བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི་དགེ་བའི་ཆོས་ཀྱི་གེགས་བྱེད་པའོ། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དགེ་བའི་ཆོས་ཀྱི་བགེགས་བྱེད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ལ་སྐུར་བ་མ་འདེབས་ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་
པ་ཉིད་མ་སྤོང་ཤིག་ཅེས་བྱ་བའོ། །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་མི་འདོད་པ་འབྱུང་བའི་ཕྱིར་རོ། །ཞལ་གྱིས་བཞེས་པའི་ཕྱིར་སྐུར་པར་མི་འགྱུར་རོ་སྙམ་པ་ལ། དེའི་ཕྱིར་བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་ཞེས་བྱ་བ་གསུངས་སོ། །བཅོམ་
ལྡན་འདས་དེ་སྐད་མི་གསུང་བར་ཇི་ལྟར་ཤེས་སྙམ་པ་ལ། དེའི་ཕྱིར་ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ཀྱི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། གང་གི་ཕྱིར་བར་དུ་གཅོད་པའི་ཆོས་རྣམས་ནི་ཚུལ་ཁྲིམས་འཆལ་བར་བྱེད་པ་ཡིན་པས་བཅོམ་
ལྡན་འདས་ཀྱིས་གནས་ཏེ་ལྟ་བུ་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པས་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་
བསླང་དུ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མས་བར་དུ་གཅོད་པ་ཉིད་ཡིན་པར་གསུངས་པ་དེའི་ཕྱིར་བཅོམ་ལྡན་འདས་ལ་ནི་ལན་འགའ་ཡང་དེ་སྐད་མི་གསུང་ངོ་། །ལུང་དང་འགལ་བ་ཉིད་དུ་བསྟན་ནས་མངོན་སུམ་དང་འགལ་བ་བསྟན་པའི་ཕྱིར། དེ་དག་བརྟེན་ན་བར་དུ་གཅོད་
པ་ཉིད་དུ་འགྱུར་གྱི་ཞེས་བྱ་བ་གསུངས་ཏེ། མ་ཆགས་པ་ལ་སྩོགས་པ་དང་མངོན་སུམ་དང་འགལ་བའི་ཕྱིར་རོ། །ཐམས་ཅད་ཀྱི་ཐམས་ཅད་ཅེས་བྱ་བ་ནི་ནང་གི་བདག་ཉིད་ཀྱིས་སོ། །རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་བདག་ཉིད་ཀྱིས་སོ། །གཏམ་འདྲེ་བར་མི་བྱེད་ཅེས་བྱ་བ་
Vol. 157 · folio 163a
ནི་ལུང་འབོགས་པ་སྦྱིན་པས་སོ། །ཕེབས་པར་སྨྲ་བར་མི་བགྱི་ཞེས་བྱ་བ་ནི་དམིགས་ཀྱིས་འདྲི་བ་སྦྱིན་པས་སོ། །དཔེར་ན་གདོལ་བུ་བཞིན་དུ་ཞེས་བྱ་བ་ནི་ངེས་པ་ཁོ་ནར་ཡོངས་སུ་སྤང་བར་བྱ་བ་ཡིན་པར་བསྟན་པའི་ཕྱིར་རོ། །སྨད་པ་ཞེས་བྱ་བ་ནི་སྨད་པར་བྱ་བ་ཉིད་དུ་རྣམ་པར་གཞག་
པ་སྟེ་བཤུང་ཞིང་སྨད་པ་ཡིན་ནོ། །མཆོག་ཏུ་སྨད་པ་ཞེས་བྱ་བ་ནི་གནས་ནས་དབྱུང་ཞིང་སྤང་བའོ། །དགེ་སློང་གི་ཚུལ་གྱིས་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ལ། འདིར་དགེ་སྦྱོང་གི་ཚུལ་གྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་མ་འཆལ་བའོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་
བཅུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དེ་སྐད་ཟེར་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་རྣམས་ལོག་པར་སྨྲ་བའོ། །ཆོས་བཞིན་མ་བྱས་པ་ནི་ཕྱིར་བཅོས་པ་མ་བྱས་པའོ། །ཆོས་དང་མཐུན་པར་མ་བྱས་པ་ཞེས་བྱ་བ་ནི་རང་བཞིན་ཕྱིར་མ་བླངས་པ་སྟེ་ལེགས་པར་
མ་སྦྱངས་ཞེས་བྱ་བའི་ཐ་ཚིག་གོ། །ན་བར་གྱུར་པ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་དབྲལ་བར་འདོད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་དབང་ཡིན་པའི་ཕྱིར། ལྟུང་བ་མེད་དོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དེ་ལྔ་བཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།
རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ་ཞེས་བྱ་བ་ནི་བསྐྱེད་པའོ། །ཐོས་པའི་ཉེན་ཀོར་ནས་སྤངས་ཏེ་ཞེས་བྱ་བ་ནི་གང་དུ་ལས་དེ་མི་ཐོས་པ་དེར་བཀྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བྱ་བ་ནི་ཐག་ཤིན་ཏུ་རིང་པོར་གཞན་སོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །
བསྙིལ་བ་སྡུད་པའི་ལྟུང་བྱེད་དེ་ལྔ་བཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རི་རབ་ཀྱི་བང་རིམ་ཞེས་བྱ་བ་ནི་མཆོད་རྟེན་གྱི་བང་རིམ་ལྟར་བྱུང་བའི་བང་རིམ་མོ། །གཞལ་མེད་ཁང་པའི་ཆ་ལུགས་ཞེས་བྱ་བ་ནི་ལྷ་གང་དག་གཞལ་མེད་ཁང་ན་གནས་པ་དག་གི་ཆ་ལུགས་
སོ། །རྒྱལ་རིགས་ནི་མངོན་པའི་ང་རྒྱལ་ཅན་ཡིན་པས་ཞེས་བྱ་བ་ནི་དཔའ་རྟུལ་ཕོད་པའི་ང་རྒྱལ་ཅན་ཏེ་གཟི་བྱིན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །དག་པའི་མཐའ་ཅན་ཞེས་བྱ་བ་ནི་ཡིད་བརྟན་ཞིང་གསང་ལ་གཏོགས་པ་རྒྱལ་པོའི་དྲུང་གི་མཐའ་ན་འདུག་པའོ། །དམ་པའི་ཆོས་ལ་གུས་པར་
Vol. 157 · folio 163b
མཛད་ཅེས་བྱ་བ་ནི་དེ་དག་དམ་པའི་ཆོས་མྱ་ངན་ལས་འདས་པ་ལམ་དང་བཅས་ཚོགས་དང་བཅས་པ་ལ་གུས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དགྲ་བཅོམ་པ་དག་ཀྱང་བླ་མར་བྱེད་དེ་ཞེས་བྱ་བ་གསུངས་ཏེ་གང་གི་ཕྱིར་རིགས་གསུམ་དང་ལྡན་པའི་དགྲ་བཅོམ་པ་ཐམས་ཅད་མྱ་
ངན་ལས་འདས་པའི་ཆོས་བླ་མར་སྒྲུབ་པར་བྱེད་ཅིང་དེའི་དོན་དུ་ཚོགས་ཆེན་པོ་སོགས་པར་བྱེད་པ་དེའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དམ་པའི་ཆོས་ལ་གུས་པར་མཛད་དོ། །མྱ་ངན་སེལ་མཛད་པ་ཞེས་བྱ་བ་ནི་རྒ་བ་དང་འཆི་བ་དང་། སྡུག་པ་དང་བྲལ་བ་ལ་སོགས་པའི་མྱ་ངན་
གཏན་དུ་ཞི་བར་མཛད་པའི་ཕྱིར་རོ། །བདག་ལ་ལེགས་འདོད་ཅེས་བྱ་བ་ནི་བདག་ཉིད་ལ་ཕན་པར་འདོད་པའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་མི་སློབ་པ་ཉིད་དོ། །སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་གུས་པར་བསྟན་པའོ། །རབ་ཏུ་དང་སེམས་མེད་པ་ཞེས་བྱ་བ་ནི་
མ་དད་པས་ཀུན་ནས་དཀྲིས་པའོ། །ཞེ་སྡང་ཅན་ཞེས་བྱ་བ་ནི་ཁོང་ཁྲོ་བ་དང་བཅས་པའོ། །འཁྲུགས་པ་ཞེས་བྱ་བ་ནི་ཁྲོ་བ་དང་བཅས་པའོ། །དམ་ཆོས་ཞེས་བྱ་བ་ནི་ལམ་དང་བསྟན་པའོ། །ཉེས་རྩོམ་ཞེས་བྱ་བ་ནི་ཁྲོ་བ་དང་ཞེ་སྡང་གི་རྗེས་སུ་འཇུག་པའོ། །བཏུལ་བྱས་ཤིང་ཞེས་བྱ་
བ་ནི་སོ་སོར་གསལ་བར་བྱས་ཤིང་ངོ་། །རབ་དང་མེད་པ་ཞེས་བྱ་བ་ནི་མ་དད་པའོ། །ཀུན་ནས་མནར་སེམས་ཞེས་བྱ་བ་ནི་ཁྲོ་བ་དང་ཞེ་སྡང་གི་བདག་ཉིད་དོ། །སྤོང་བ་ཞེས་བྱ་བ་ནི་མི་ཕྱོགས་པའོ། །ངམ་གྲོག་ཆུང་ངུ་དག་ཅེས་བྱ་བ་ནི་གཡང་ས་ཆུང་ངུ་དག་གོ། །ངམ་གྲོག་ཆེན་པོ་དག་
ཅེས་བྱ་བ་ནི་གཡང་ས་ཆེན་པོ་དག་གོ། །ཉམས་པ་ཞེས་བྱ་བ་ནི་ཀླུའི་སྐྱེས་གནས་དང་བྲལ་བའོ། །ཤི་བ་ཞེས་བྱ་བ་ནི་ལུས་དང་བྲལ་བའོ། །བྲོས་པ་ཞེས་བྱ་བ་ནི་རང་དག་སོང་བའོ། །གཟུང་བ་ཞེས་བྱ་བ་ནི་མི་འདོད་བཞིན་དུ་ཁྲིད་པའོ། །མ་རུང་བས་སོ་ཞེས་བྱ་བ་ལ། བས་སོ་ཞེས་བྱ་བའི་
སྒྲ་ནི་དེ་ལྟར་འགྱུར་སྲིད་པར་བསྟན་པའི་ཕྱིར་རོ། །མི་གཙོ་བོ་དག་ཅེས་བྱ་བ་ནི་རྒྱལ་པོ་ལ་སོགས་པའོ། །འཆོས་ཞེས་བྱ་བ་ནི་གཟུགས་བརྙན་བྱེད་པའོ། །འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ཅེས་བྱ་བ་ནི་རྒྱལ་ཆེན་བཞི་པ་དང་། སུམ་ཅུ་རྩ་གསུམ་དང་། མཐུན་འབྱུང་དང་། དགའ་ལྡན་དང་།
Vol. 157 · folio 164a
འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་འདོད་པ་ན་སྤྱོད་པ་དྲུག་པོ་དག་གོ། །ལན་གསུམ་ཡོངས་སུ་སྦྱང་བ་བྱེད་དུ་བཅུག་སྟེ་ཞེས་བྱ་བ་ནི་མིའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་ལན་གསུམ་གྱི་བར་དུ་ཁས་ལེན་དུ་བཅུག་སྟེའོ། །དེ་ཡང་འདུལ་བའི་གཞི་ལས་བཟོད་ལྡན་
དག་ཁོ་བོ་ནི་དགའ་ལྡན་གྱི་ལྷའི་རིས་འདི་ནས་འཕོས་ནས་མི་རྣམས་ཀྱི་ནང་དུ་རྒྱལ་པོ་ཟས་གཙང་གི་བཙུན་མོ་དམ་པའི་མངལ་དུ་ཉིང་མཚམས་སྦྱོར་བ་ལེན་པར་འགྱུར་གྱི་ཁྱེད་ཅག་ལས་གང་བདུད་རྩི་དོན་དུ་གཉེར་བ་དེས་ཀྱང་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཉིང་མཚམས་སྦྱོར་བ་ལོང་
ཤིག་ཅེས་ལན་གསུམ་ཁས་ལེན་དུ་བཅུག་གོ་ཞེས་གསུངས་པ་ཡིན་ནོ། །བླ་རེ་ཞེས་བྱ་བ་ནི་སྟེང་དུ་བྲེ་བའི་བླ་རེའོ། །ཨེ་མའོ་གར་བྱས་སོ་ཞེས་བྱ་བ་ནི་ངོ་མཚར་ཆེ་བར་བསྟན་པའོ། །གད་མོའི་སྒྲ་ཆེན་པོ་ཞེས་བྱ་བ་ནི་གད་རྒྱངས་ཆེན་པོའོ། །བཅོས་སོ་ཞེས་གྲག་ཅེས་བྱ་བ་ལ་གྲག་ཅེས་སྨོད་པ་ནི་ལྐོག་ཏུ་
གྱུར་པའི་དོན་བསྟན་པའི་ཕྱིར་རོ། །སྒྲ་མི་སྙན་ཞེས་བྱ་བ་ནི་རྒྱལ་པོ་སྒྲ་མི་སྙན་གྱི་བྱུང་བའི་མཐའ་དེས་བརྗོད་པའི་ཕྱིར་ཏེ། ཐ་དད་པ་མ་ཡིན་པར་གདགས་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཆ་ལུགས་ཞེས་བྱ་བ་ནི་ཆ་ལུགས་ཀྱི་ཆེད་ཀྱི་གོས་སོ། །གསར་པར་གསར་པ་ཡིན་པར་དགོངས་སོ་ཞེས་བྱ་བ་ནི་
དེ་དགའ་བ་ཡིན་པའི་ཕྱིར་དང་། གཙོ་བོ་ཡིན་པའི་ཕྱིར་རོ། །བཙག་ཅེས་བྱ་བ་ནི་སའི་ཁམས་ཏེ། དེ་ནི་གྲགས་པའི་ཕྱིར་དཔེ་ཡིན་ནོ། །ཤིང་ཤུན་ཞེས་བྱ་བ་ནི་བསྐུ་བའི་ཚོན་ཏེ་དེ་ནི་མེ་ཏོག་ལ་སོགས་པའི་དཔེ་ཡིན་ནོ། །གྱོན་ནའོ་ཞེས་བྱ་བ་ནི་གོས་ཀྱི་ལོངས་སྤྱོད་ནི་ལུས་དཀྲི་བ་ཡིན་པས་དེ་བསྟན་པ་
ཡིན་པས་དེ་བསྟེན་པའི་ཕྱིར་རོ། །ཐ་ན་ལྷུང་བཟེད་ཀྱི་ཁ་ཡོགས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ལྷུང་བཟེད་ཀྱི་ཁ་ཡོགས་ཞེས་བྱ་བ་རས་ཁྲུ་གང་གི་ཚད་ཙམ་ཡོད་པ་དེ་དང་མཉམ་པར་གོས་སར་པ་ཞིག་རྙེད་ན་ཡང་ཁ་བསྒྱུར་བར་བྱ་བའི་དོན་ཡིན་གྱི་ལྷུང་བཟེད་ཀྱི་ཁ་ཡོགས་དངོས་ནི་གོས་སུ་བགོ་
བ་མ་ཡིན་པས་ཁ་བསྒྱུར་མི་དགོས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ལྷུང་བཟེད་ཀྱི་ཁ་ཡོགས་ཀྱང་ཁ་བསྒྱུར་བ་ཉིད་ཡིན་ནོ་ཞེས་ཀྱང་ཟེར་རོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དེ་ལྔ་བཅུ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བསྐལ་པ་དང་པོའི་མི་ཞེས་བྱ་བ་ནི་བསྐལ་པ་
Vol. 157 · folio 164b
ཐོག་མའི་མིའོ། །ལམ་ལམ་ལམ་ཞིང་འདུག་པ་ཞེས་བྱ་བ་ནི་འབར་ཞིང་འདུག་པའོ། །སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་སྦྲུལ་དུག་དྲག་པ་ཞེས་སྨོས་པ་ནི་ནོར་ནི་འཇིག་རྟེན་གཉི་གར་གནོད་པ་བྱེད་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །སྡིག་པའི་གྲོགས་པོ་ལྷས་བྱིན་གྱིས་ཉེ་བར་
བསྐོར་བས་ཞེས་བྱ་བ་ནི་སྡིག་པའི་གྲོགས་པོས་ཟིན་པའོ། །ཁྱིམ་གྱི་འབྱོར་པ་དག་ཅེས་བྱ་བ་ནི་ཁྱིམ་གྱི་ལོངས་སྤྱོད་བཟའ་བ་དང་། བཏུང་བ་ལ་སོགས་པ་དག་གོ། །གཉའ་ཟུངས་བརྒྱུད་མོ་ཞེས་བྱ་བ་ནི་གཉའ་བ་ནས་དབུལ་བ་བརྒྱུད་པ་སྟེ་དང་པོས་གཉའ་བ་ནས་ཕུལ་ཏེ་གཉིས་པའི་ལག་ཏུ་བཏང་བ་
ལ། གཉིས་པས་གཉའ་བ་ནས་བཟུང་སྟེ་གསུམ་པའི་ལག་ཏུ་བཏང་བ་ལ་སོགས་པའི་རིམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །མི་གོས་སྔོན་པོ་གྱོན་པ་ཞེས་བྱ་བ་ནི་གཤེད་མ་རྣམས་ཀྱི་རྟགས་ཡིན་ནོ། །ཀ་ར་བཱི་རའི་མེ་ཏོག་དམར་པོ་དག་མགྲིན་པར་བཅིངས་པ་ཞེས་བྱ་བ་ནི་གསད་པ་དག་གི་རྟགས་
ཡིན་ནོ། །བྱུང་རྒྱལ་དུ་སྨྲས་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་གློང་བོས་སུ་སྨྲ་བའོ། །འདི་ནི་རེ་ཞིག་འབྱུང་བ་ཡིན་ཏེ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་རེག་པའི་ཉེས་དམིགས་སྣང་བའི་ཕྱིར་རོ། །བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་མ་རེག་པའི་ཕྱིར་རོ། །འཕོང་གི་
དཔོང་ས་ཞེས་བྱ་བ་ནི་མཚོན་གྱི་སྒྱུ་རྩལ་ལ་བསླབ་པའི་གནས་སོ། །གཡོན་འཕངས་པ་ཞེས་བྱ་བ་ནི་ལག་པ་གཡོན་པས་མདའ་འཕངས་པ་སྟེ་ཉམ་ང་ལག་ཏུ་འཕེན་དུ་ཞེས་བྱ་བའི་ཐ་ཚིག་གོ། །གཡས་འཕངས་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གོམ་སྟངས་ཞེས་བྱ་བ་ནི་གཡས་
བརྐྱང་ལ་སོགས་པར་རྐང་པ་གཞག་པར་བྱས་པའོ། །རྐེད་ཆིངས་ཀྱིས་བཅིངས་ཏེ་ཞེས་བྱ་བ་ནི་རྐེད་ཆིངས་ཀྱིས་བདག་ཉིད་ཀྱི་ལྟོ་ཕྱོགས་བཅིངས་པའོ། །བཅད་པ་བྱས་པས་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པའི་འབེན་བཙུགས་པ་བཅད་ཅེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་འདུལ་བ་ལ་ཉན་ཐོས་
རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་མ་རེག་པའི་ཕྱིར་རོ། །རོལ་མོའི་དཔོང་ས་ཞེས་བྱ་བ་ལ། རོལ་མོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་གཡོག་འཁོར་བ་དྲི་ཟ་ཞེས་བྱ་བ་གླུ་དང་རོལ་མོའི་སྒྲ་ལ་མཁས་པ་དེ་དག་གི་སྒྱུ་རྩལ་གླུ་དབྱངས་གང་ཡིན་པ་དེ་རོལ་མོ་ཞེས་བྱའོ། །
Vol. 157 · folio 165a
དེ་སྟོན་པའི་གནས་ནི་རོལ་མོའི་དཔོང་ས་ཡིན་ནོ། །དྲུག་ལྡན་ཞེས་བྱ་བ་ལ་སོགས་པ་ནི་སྒྲའི་བྱེ་བྲག་གོ། །དེ་དག་འབྱིན་པ་ནི་བྱེད་པའོ། །བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་རེག་པ་མེད་པའི་ཕྱིར་རོ། །གནོད་སྦྱིན་གྱི་ནོར་ཞེས་བྱ་བ་ནི་གནོད་སྦྱིན་གྱི་ཕྱིར་
བྱིན་པའི་ནོར་རོ། །རྡུལ་གྱི་ཚོགས་ཞེས་བྱ་བ་ནི་ས་རྡུལ་གྱི་གནས་སོ། །བསླབ་པའི་གཞི་འཆའ་བར་མི་མཛད་དོ་ཞེས་བྱ་བ་ཡང་རིན་པོ་ཆེ་ལ་སོགས་པ་ལ་རེག་པ་འཇིག་རྟེན་གྱིས་སྨད་པར་མ་གྱུར་པའི་ཕྱིར་རོ། །ཡོ་བྱད་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་བུམ་པ་དང་། རིལ་བ་ལ་སོགས་པ་ཁྲུས་ཀྱི་སྣོད་
དག་གོ། །སོ་ཕག་ཅེས་བྱ་བ་ནི་དྲུད་པར་བྱ་བའོ། །བསྐ་བ་ཞེས་བྱ་བ་ནི་སྤུ་དབྱི་བ་ལ་སོགས་པའི་སྨན་ནོ། །སྐྱེད་མོས་ཚལ་དུ་སྤྱད་པ་ཞེས་བྱ་བ་ནི་སྐྱེད་མོས་ཚལ་དུ་དགོས་པའོ། །གཡུལ་ངོར་སྤྱད་པའོ་ཞེས་བྱ་བ་ནི་གཡུལ་ངོར་དགོས་པའོ། །རིན་པོ་ཆེ་ཞེས་བྱ་བ་ནི་དཀོན་ཞིང་རིན་ཆེ་བ་གསེར་ལ་
སོགས་པའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི་རིན་པོ་ཆེ་དང་འདྲ་བ་མཚོན་ཆ་དང་རོལ་མོའི་ཆ་སྤྱད་དོ། །རིན་པོ་ཆེ་དང་འདྲ་བར་བདེ་བ་བསྒྲུབ་པའི་ཕྱིར་རོ། །སྣ་མའི་ཡལ་ག་ཞེས་བྱ་བ་ནི་སྣ་མའི་ལྕུག་ཕྲན་གྱི་ཚོགས་སོ། །ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་གཙུག་ལག་ཁང་
གི་ས་གཞིར་གཙུག་ལག་ཁང་གི་ཕྱི་རོལ་དུ་ལྟུང་བའོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་གནས་ཁང་གི་ནང་དུ་འདུག་པའོ། །རྒྱན་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་རྒྱན་འདོད་ཅིང་རྒྱན་དོན་དུ་གཉེར་བ་སྟེ། ཡང་དང་ཡང་དུ་རྒྱན་ཚོལ་ཞེས་བྱ་བའི་ཐ་ཚིག་གོ། །ནོར་ཆུད་མི་ཟ་
བ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་ནོར་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྲེ་མོ་ལྟ་བུའི་རྐྱལ་བུ་ཞེས་བྱ་བ་ནི་སྲེ་མོའི་རྣམ་པ་འདྲ་བ་ཁ་རུབ་པའི་སྣོད་དོ། །འདི་ནི་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཡིན་སྲེ་མོ་ལྟ་བུའི་རྐྱལ་བུ་ནི་དེ་ན་ར་དག་གིས་གང་བ་མ་ཡིན་གྱི་མི་ལེན་ཏོ་ཞེས་བྱ་བ་ནི་
ལས་ཀྱི་དབང་གིས་དེ་ལྟར་མི་འཁྲུལ་པ་ཡིན་གྱི་དངོས་པོ་ཉིད་དེ་ལྟར་གྱུར་བ་ནི་མ་ཡིན་ནོ། །སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་ཞེས་བྱ་བ་ནི་སུས་ཐོབ་པར་འགྱུར་བ་དེས་ཕྱིས་ལེན་པར་འགྱུར་གྲང་སྙམ་པའོ། །ཆོ་ག་ཞེས་བྱ་བ་ནི་གྲུབ་པའི་མཐའི་གཞུང་ལགས་སོ། །མ་བདར་བ་ལེན་ན་ཉེས་
Vol. 157 · folio 165b
བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ནོར་བུར་མ་གྲུབ་པས་ཆེས་ན་སྨད་པའི་ཕྱིར་རོ། །ནོར་བུ་མཆིང་བུ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ནོར་བུ་དང་འདྲ་བའི་ཕྱིར་རོ། །སོག་མའི་ཕྲེང་བ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་རིན་པོ་ཆེའི་ཕྲེང་བ་དང་འདྲ་བའི་ཕྱིར་རོ། །འོད་མ་ཞེས་བྱ་བ་ནི་ཀུ་བ་
འོད་མ་ཅན་ལ་འདིར་འོད་ཅེས་བྱ་བའི་གླིང་བུ་ནི་མ་ཡིན་ཏེ། དེ་ལ་རྒྱུད་ཀྱི་སྦྱོར་བ་མེད་པའི་ཕྱིར་རོ། །བ་ལ་རི་དང་མ་ཧ་ཏི་དང་སུ་ཀོ་ཤ་ཀ་ཞེས་བྱ་བ་དག་ཀྱང་རྒྱུད་ཅན་གྱི་བྱེ་བྲག་ཡིན་ནོ། །མཆུ་སྦྲང་ཞེས་བྱ་བ་ནི་ཤིང་བུ་ལས་བྱས་པ་རྒྱུད་གཅིག་པར་འདུག་པ་བྱིས་པ་དག་རྩེ་བའི་ཆ་སྤྱད་ཡིན་ནོ། །སྒྲ་འབྱིན་པ་
ཞེས་བྱ་བ་ནི་བུད་དུ་རུང་བའོ། །རྫ་རྔ་ཁ་གཅིག་པ་ལེན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་སྒྲ་ཆུང་བའི་ཕྱིར་རོ། །གཞུའུ་ཞེས་བྱ་བ་ནི་རས་བལ་རྨལ་བ་ལ་དགོས་པའི་གཞུའོ། །མདའ་ལྟར་བཅོས་པ་ཞེས་བྱ་བ་ནི་ཤིང་བུ་ལ་སོགས་པ་དག་ལས་ལྟོང་ཙམ་གཏོད་ཅིང་འོལ་བྱི་ཙམ་མདའ་འདྲ་བ་
བྱིས་པ་དག་འཕེན་པ་ཡང་ཡིན་ནོ། །སྐུ་གདུང་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ། སྐུ་གདུང་མེད་པ་ལེན་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་ཉིད་ཡིན་ཡང་སྐུ་གདུང་མེད་ན་མཐར་ཐུག་པ་མ་ཡིན་པས་ན་སྨད་དོ། །སྟོན་པའི་འདུ་ཤེས་ཉེ་བར་གཞག་སྟེ་
ལེན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་སྟོན་པའི་བློས་རིན་པོ་ཆེའི་བློ་ལྡོག་པའི་ཕྱིར་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་འབྱིན་པའི་ཚལ་གསེབ་དག་ཏུ་ཞེས་བྱ་བ་ནི་སྒྲ་འབྱིན་པས་མཛེས་པ་བྱས་པའི་ཚལ་གསེབ་དག་ཏུའོ། །བྱ་དགའ་ཞེས་བྱ་བ་ནི་དགའ་བའི་སྦྱིན་པའོ། །ལོངས་པའི་གཞིར་གཏོགས་
པའི་ལྟུང་བྱེད་དེ་ལྔ་བཅུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཆུ་དྲོན་གསུམ་ཞེས་བྱ་བ་ནི་ཁྲུས་ཀྱི་འབབ་ཆུ་གསུམ་མོ། །དེའི་ཚེ་ན་བདག་སྟོད་པར་བགྱིད་ལ་ཞེས་བྱ་བ་ནི་བསྡད་པར་བྱ་བའོ། །དྲི་མའི་རྫས་ཀྱིས་གོས་པའི་ལུས་ཞེས་བྱ་བ་ནི་དྲི་མའི་རྫས་ཀྱིས་འབགས་པའི་ལུས་
སོ། །དྲི་མའི་རྫས་འཆང་བས་འདག་པར་འགྱུར་རམ་ཞེས་བྱ་བ་ནི་དེ་ལ་ཉོན་མོངས་པ་སྤོང་བར་འགྱུར་རམ་ཞེས་བྱ་བའོ། །སྐྱ་བོ་བསེང་བསེང་པོ་ཞེས་བྱ་བ་ནི་སྐྱ་བོའི་རྣམ་པའོ། །མངོན་པར་ལྟར་ཞེས་བྱ་བ་ནི་ཤིན་ཏུ་གཤེར་བའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་ཞེས་བྱ་བ་ནི་གང་གི་
Vol. 157 · folio 166a
ཉིན་མོ་ཁྲུས་བྱས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཡང་ཁྲུས་གཞན་མི་བྱ་སྟེ་ཉི་མ་དེ་ཉིད་ཀྱང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ། ཞག་བཅོ་ལྔའི་མདུན་རོལ་ཞག་བཅུ་བཞི་པ་ཚུན་ཆད་ཀྱི་བར་དུ་ནི་ཁྲུས་བྱར་མི་རུང་གི་ཞག་བཅོ་ལྔ་ལ་ཁྲུས་བྱར་རུང་བར་གསུངས་པ་ཡིན་ནོ། །དེ་
ལས་འདུམས་པར་བྱེད་ན་ཞེས་བྱ་བ་ནི་གང་གི་ཉིན་མོ་ཁྲུས་བྱས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཡང་ཉི་མ་གཅིག་ཏུ་བརྩི་ཞིང་དེ་ནས་བརྩམས་ཏེ་ཞག་བཅོ་ལྔ་པ་ལ་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་པ་སྟེ། ཞག་བཞི་བཅུ་པ་ཚུན་ཆད་དུ་ཁྲུས་བྱེད་ན་ལྟུང་བྱེད་དུ་འགྱུར་བར་གསུངས་པ་
ཡིན་ནོ། །སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི་སོ་གའི་དུས་རྣམས་ལ་ཟླ་བ་གཉིས་ཡོད་དེ་དཔྱིད་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ནས། དབྱར་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཅིག་དང་། དབྱར་ཟླ་ར་བ་ཚེས་བཅུ་དྲུག་ནས། དབྱར་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཅིག་ནི་སོ་གའི་དུས་
རྣམས་ཀྱི་ཟླ་བ་གཉིས་ཡིན་ནོ། །དེ་ལ་དཔྱིད་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ནས། དཔྱིད་ཟླ་ཐ་ཆུངས་གནམ་སྟོང་གི་བར་གྱི་ཟླ་བ་ཕྱེད་བཞག་སྟེ་དེའི་ལྷག་མ་དབྱར་ཟླ་ར་བ་ཚེས་ནས། དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་དང་གཉིས་སོ། །དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ནི་སྐབས་འདིར་དབྱར་གནས་
པར་ཁས་བླངས་པ་སྔ་མའི་དུས་རྣམས་ཀྱི་དང་པོ་ཟླ་བ་གཅིག་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས། དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་གོ། །དཔག་ཚད་གཅིག་ཏུ་སོང་ངམ་ཞེས་བྱ་བ་ནི་རང་གི་གནས་ནས་ཕར་སོང་ཡང་རུང་། གཞན་གྱི་གནས་ནས་ཚུར་འོངས་ཀྱང་རུང་སྟེ་
སྤྱིར་དཔག་ཚད་གཅིག་པ་རྐྱང་པར་སོང་བའོ། །དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ཞེས་བྱ་བ་ནི་རང་གི་གནས་ནས་ཕར་སོང་སྟེ་ཕྱིར་འོངས་ཀྱང་རུང་གཞན་གྱི་གནས་ནས་ཚུར་འོངས་ཤིང་ཕྱིར་ལོག་ཀྱང་རུང་སྟེ་སྤྱིར་དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་པ་ལ་དཔག་ཚད་གཅིག་རངས་པར་སོང་བའི་
ཚད་དང་མཉམ་པར་ཤེས་པར་བྱའོ། །གོས་ཀྱི་གྲྭ་ཞེས་བྱ་བ་ནི་གོས་ཀྱི་མཐའ་མའོ། །བསྒུལ་བ་ཞེས་བྱ་བ་ནི་བསྐྱོད་པའོ། །རྫི་ཆར་ཞེས་བྱ་བ་ནི་རླུང་དང་ཆར་འདྲེས་པ་སྟེ། དེའི་ཕྱིར་རླུང་དང་ཆར་གྱི་དུས་གཉིས་ལས་ཐ་དད་པར་གཞག་གོ། །དབང་བསྐུར་བའི་ཁྲུས་དང་འཇུག་པའི་ཁྲུས་ཞེས་བྱ་བ་
Vol. 157 · folio 166b
གཉིས་ནི་རྒྱུའི་བྱེ་བྲག་གིས་ཐ་དད་པར་ཤེས་པར་བྱ་སྟེ། དབང་བསྐུར་བའི་ཁྲུས་ཞེས་བྱ་བ་ནི་བུམ་པ་ལ་སོགས་པས་ལུས་ཀྱི་སྟེང་ནས་དབང་བསྐུར་བའི་ཚུལ་དུ་ཆུ་བླུགས་ཤིང་དེས་བཀྲུའོ། །འཇུག་པའི་ཞེས་བྱ་བ་ནི་ཆུའི་ནང་དུ་འཇུག་ཅིང་ལུས་བཀྲུ་བའོ། །ཆུས་ལྟེ་བར་སོན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་
བྱ་བ་ནི་ལུས་ཀྱི་ཕྱེད་གཤེར་ན་ཁྲུས་རྫོགས་པ་ཡིན་པས་ལྟུང་བྱེད་དུ་བསྟན་ཏེ། དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་ཆུས་ལྟེ་བར་སོན་པ་དང་། འཇུག་པས་རྐང་མཐིལ་ནས་བརྩམས་ཏེ་ཆུས་ལྟེ་བར་སོན་པ་རྣམ་པ་གཉིས་ཀ་ལ་ཁ་ན་མ་ཐོ་བ་རེ་རེ་རྫོགས་པར་འགྱུར་རོ། །དབང་བསྐུར་བའི་
ཁྲུས་ཀྱིས་ཁྲུས་བྱས་ནས་འཇུག་པ་ཁྲུས་ཀྱིས་ཁྲུས་བྱེད་ན་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་དབང་བསྐུར་བ་དང་འཇུག་པ་གཉིས་ཀ་དུས་གཅིག་ཏུ་ཁྲུས་རྩོམ་པ་ན། དེ་གཉིས་ལྟེ་བའི་ཕྱོགས་གཅིག་ཏུ་ཕྲད་པར་འགྱུར་བ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་གཅིག་ཏུ་འགྱུར་བར་སྟོན་ཏོ། །འདི་ལ་
འགྱོད་པར་མི་བྱ་བར་ཞེས་བྱ་བ་ནི་ཁྲུས་ཀྱི་དོན་ཉིད་མ་ཡིན་པའི་ཕྱིར་རོ། །ཁྲུས་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།མདའ་ལྔ་འཕངས་པ་ཞེས་བྱ་བ་ནི་བྱ་བ་གང་ལ་མདའ་ལྔ་འཕེན་པར་བྱེད་པ་དེ་ནི་མདའ་ལྔ་འཕངས་པ་ཞེས་བྱ་བའོ། །ཚོད་ཡོད་པ་ཞིག་
གོ་ཞེས་བྱ་བ་ནི་ཅུང་ཟད་རུང་ངོ་ཞེས་བྱ་བར་བསམས་པའོ། །རས་བལ་གྱི་གཞུའུ་བཞིན་དུ་བདུངས་ཏེ་ཞེས་བྱ་བ་ནི་ལག་པ་གཉིས་ཁོ་ནས་བདུངས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུད་སྒྲ་བསྒྲེངས་ཞེས་བྱ་བ་ནི་གཞུ་རྒྱུད་ཀྱི་སྒྲ་བསྒྲེངས་པའོ། །འདིར་ནི་གཙོ་ཆེར་དུད་འགྲོ་གསོད་པ་ཉིད་དུ་དགོངས་པ་
ཡིན་གྱི། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་སྐབས་མ་ཡིན་པར་བསྟན་པའི་ཕྱིར་དུད་འགྲོ་གསོད་པའི་ལྟུང་བྱེད་ལོགས་ཤིག་ཏུ་བཅའ་བ་མཛད་དོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དེ་དྲུག་ཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དབང་པོ་ཡོངས་སུ་སྨིན་པར་ཞེས་
བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་རྣམས་ཡོངས་སུ་སྨིན་ཅིང་འབྲས་བུ་ཐོབ་པ་དང་མཐུན་པའོ། །ངེས་པར་འཇུག་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་འཇུག་པའོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཐོབ་པའོ། །དགེ་བའི་རྩ་བ་ཆད་པ་ཞེས་བྱ་བ་ནི་ལྟ་བ་ལོག་པའོ། །ཁྱེད་ཅག་ལོ་
Vol. 157 · folio 167a
ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པས་ཁྱེད་ཅག་ངེས་པ་ལ་འཇུག་པ་དང་ཟག་པ་ཟད་པར་འགྱུར་རེ་སྐན་ཞེས་བྱ་བ་ནི་འཆར་ཀས་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་དེ་དག་ཐ་ན་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱ་བའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་དེ་སྐད་སྨྲས་པར་ཟད་ཀྱི་
ཡང་དག་པར་ན་བཙུན་པ་འཆར་ཀས་ལས་དང་པོ་པ་ལ་ཉེས་པ་མེད་པས་དེ་དག་རྫོགས་པར་བསྙེན་པ་ཡིན་པ་དང་། རྫོགས་པར་མ་བསྙེན་པས་ཀྱང་ངེས་པ་ལ་འཇུག་པ་དང་། ཟག་པ་ཟད་པ་ཐོབ་པར་འགྱུར་བའི་གྲུབ་པའི་མཐའ་ཁོང་དུ་ཆུད་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ལས་དང་པོ་པ་ལ་
ལྟུང་བ་མེད་དོ་ཞེས་གསུངས་པ་དེ་མ་ཐོས་སམ་ཞེས་བྱ་བ་ནི་མཁན་པོ་ལ་ལྟུང་བ་མེད་པ་དང་། དེར་འདུས་པའི་དགེ་འདུན་ལ་ཉེས་བྱས་མེད་པ་འདིར་སྐབས་མ་ཡིན་པས་མི་གཟུང་གི་འདིར་ནི་གང་ཟག་དེ་ཡང་རྫོགས་པར་མི་འགྱུར་ལ་ཞེས་གསུངས་པའི་ཉེས་པ་མེད་དོ་ཞེས་གསུངས་པ་དེ་མ་ཐོས་སམ་
ཞེས་བྱ་བར་བསམས་པ་ཡིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མ་ཆགས་པ་དང་ཉམས་པ་གཉིས་ཀྱི་སྒོ་ནས་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་སྐྱེད་པ་ལས་ལྟུང་བྱེད་དུ་འགྱུར་བར་སྟོན་ཏོ། །དགེ་འདུན་ལྷག་མ་ལ་སོགས་པའི་དོན་གྱིས་འགྱོད་པ་སྐྱེད་པ་ལ་ནི་
ཉེས་བྱས་སུ་འགྱུར་རོ། །དུས་ཕྱི་མ་ཡིན་པས་ཞེས་བྱ་བ་དང་། མཚམས་མ་བཅད་པ་དང་། དཀྱིལ་འཁོར་པ་བློ་མཐུན་པར་མ་བྱས་པ་ཡིན་པས་ཞེས་བྱ་བ་དང་། དེ་གཉིས་ནི་ཚུལ་ཁྲིམས་འཆལ་པ་ཡིན་པས་ཞེས་བྱ་བའི་ཚར་རྣམས་ཀྱིས་ནི་བདག་ཉིད་ལོ་ཉི་ཤུ་མ་ལོན་པ་དང་། ལས་ཀྱི་གནས་
མཚམས་མ་བཅད་པ་དང་། ལས་བྱེད་པ་ཚུལ་ཁྲིམས་འཆལ་པའི་སྒོ་ནས་མ་ཆགས་པ་བསྟན་ཏོ། །དེ་ནི་གཅན་སྒོ་ཡིན་པས་ཞེས་བྱ་བ་ནི་རྐུ་སེམས་ཀྱིས་བླངས་པས་ཞེས་བྱ་བ་དང་། མིའི་ཆོས་བླ་མ་སྨྲས་པ་ཞེས་བྱ་བ་ཚར་རྣམས་ཀྱིས་ནི་ཉམས་པའི་དོན་གྱིས་འགྱོད་པ་སྐྱེས་པ་བསྟན་ཏོ། །
རྫོགས་པར་མ་བསྙེན་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་མ་སྐྱེས་པའོ། །ཉེས་པར་རྫོགས་པར་མ་བསྙེན་ཞེས་བྱ་བ་ནི་རྫོགས་པར་བསྙེན་པའི་ཆོ་ག་མ་ཚང་བར་བྱས་པའོ། །ཡང་རྫོགས་པར་བསྙེན་པར་བྱ་ཞེས་བྱ་བ་ནི་གལ་ཏེ་འདོད་ནའོ། །དཀྱིལ་འཁོར་བར་བློ་མཐུན་པར་མ་བྱས་པ་ནི་ལས་ཀྱིས་
Vol. 157 · folio 167b
མཐུན་པར་སྤོང་བའི་ཕྱིར་དཀྱིལ་འཁོར་བའི་མཚམས་བཅད་པའོ། །དོན་གཞན་ཞེས་བྱ་བ་ནི་ན་ཚོད་ཤེས་པར་བྱ་བ་ལ་སོགས་པའི་དགོས་པ་གཞན་གྱིས་སོ། །འདུལ་བའི་ཡོ་བྱད་ཅེས་བྱ་བ་ལ་འདིར་འདུལ་བ་ཞེས་བྱ་བ་ནི་དགེ་བ་ལ་གཞུག་པའོ། །དེ་བསྒྲུབ་པ་ནི་ཡོ་བྱད་དེ་རྒྱུ་དེས་ཞེས་བྱ་བའི་ཐ་ཚིག་
གོ། །འདི་གཉིས་ལ་ནི་འགྱོད་པ་སྐྱེས་པའི་བསམ་པ་མེད་པས་ལྟུང་བ་མེད་དོ། །འགྱོད་པ་སྐྱེས་པའི་ལྟུང་བྱེད་དེ་དྲུག་ཅུ་རྩ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སོར་མོས་ག་ག་ཚིལ་བྱེད་ཅེས་བྱ་བ་ནི་སོར་མོས་རེག་ནས་མཐར་གྱིས་སྤོ་བས་ལུས་ལ་འདྲུད་པ་སྟེ་བཞད་
གད་དང་ལུས་ཀྱི་སྐྱི་གཡའ་བ་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་པ་དང་། ལུས་ཀྱི་གཡོ་བ་ཞེས་བྱ་བ་ནི་སྦྱོར་བ་དང་། དངོས་གཞི་དང་། མཇུག་ཡིན་པར་ཤེས་པར་བྱའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ནི་རེག་པ་རེ་རེ་ལས་འགྱུར་བ་
སྐྱེ་བའི་ཕྱིར་སོར་མོ་གཅིག་ལ་སོགས་པ་སྦྱོར་བ་གཅིག་པ་ཇི་སྙེད་ཀྱིས་རེག་ཀྱང་ལྟུང་བ་ཐ་དད་དུ་དབྱེ་བ་མེད་པ་དེ་ལྟུང་བྱེད་གཅིག་ཏུ་འགྱུར་རོ། །ལུས་མ་ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་། སྐྲ་དང་། སེན་མོ་དང་། སོ་དག་གིས་རེག་པ་ནི་ཉེས་བྱས་སོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་
རྩ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།མོས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་སྟེ། དེ་དག་ཐམས་ཅད་བདག་གི་ལུས་དང་འབྲེལ་པར་མོས་པའི་ཕྱིར་རོ། །སེམས་ནི་གློག་དང་འདྲ་ཞེས་བྱ་བ་ནི་གཡོ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་རྡོ་རྗེ་དང་འདྲ་ཞེས་
བྱ་བ་ནི་ཉོན་མོངས་པའི་རི་བོ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་འཇོམས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་གྱི་སྔོན་དུ་གཏི་མུག་འགྲོ་ལ་གཏི་མུག་གི་གཉེན་པོ་ནི་ཡེ་ཤེས་ཡིན་པའི་ཕྱིར་རོ། །རྩེ་ཞེས་བྱ་བ་ནི་བདག་འབའ་ཞིག་གོ། །རྩེད་མོ་ཞེས་བྱ་བ་
ནི་ཟླ་དང་ངོ་། །དགའ་ཞེས་བྱ་བ་ནི་རང་གི་ལུས་འོག་ཏུ་ནུབ་པ་དང་སྟེང་དུ་བྱུང་བ་ལ་སོགས་པའོ། །སིམ་པ་ཞེས་བྱ་བ་ནི་བསིལ་བའོ། །སློབ་མའི་བསམ་པ་ཞེས་བྱ་བ་ནི་ལག་སྟངས་ལ་སོགས་པའོ། །བེམ་ཏོལ་གྱིས་བརྡེགས་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཆུང་བའི་ཕྱིར་རོ། །བུམ་པ་ལ་སོགས་
Vol. 157 · folio 168a
པ་ལ་ཉེས་བྱས་སུ་འགྱུར་བ་ནི་ནང་དུ་མ་ཞུགས་པའི་ཕྱིར་རོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དེ་དྲུག་ཅུ་རྩ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཕན་པ་མཛད་པ་ཞེས་བྱ་བ་ནི་གནོད་པ་ཟློག་པའི་ཕྱིར་རོ། །ལེགས་པར་མཛད་པ་ཞེས་བྱ་བ་ནི་ཕན་པ་སྒྲུབ་པའི་ཕྱིར་རོ། །
ཇི་ལྟར་ཕན་པ་དང་ལེགས་པ་མཛད་པ་ཡིན་ཞེ་ན། དེའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡུག་བསྔལ་གྱི་ཆོས་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དག་གོ། །སེལ་བར་མཛད་ཅེས་བྱ་བ་ནི་ཟློག་པར་མཛད་པའོ། །བདེ་བའི་ཆོས་ཞེས་བྱ་བ་ནི་ཡིད་
བདེ་བ་ལ་སོགས་པ་དགའ་བ་དག་གོ། །སྒྲུབ་པར་མཛད་པ་ཞེས་བྱ་བ་ནི་སྟོབས་པར་མཛད་པའོ། །སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་དག་གོ། །དགེ་བའི་ཆོས་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པའོ། །མ་རྒལ་བ་ཞེས་བྱ་བ་ནི་ངན་འགྲོ་དག་ལས་མ་ཐར་
བའོ། །མ་གྲོལ་བ་ཞེས་བྱ་བ་ནི་འདོད་པའི་འཆིང་བ་དག་ལས་སོ། །དབུགས་མ་ཕྱིན་པ་ཞེས་བྱ་བ་ནི་གཟུགས་དང་ལྡན་པའི་འདོད་ཆགས་ཀྱིས་ཏེ། བདེ་བ་དང་ཡིད་བདེ་བ་ལ་སོགས་པ་སྐྱོན་ལས་རྣམ་པར་མ་གྲོལ་བའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་ཞེས་བྱ་བ་ནི་ཁམས་
གསུམ་པ་ལས་རྣམ་པར་མ་གྲོལ་བ་སྟེ་ཡང་སྲིད་པ་ལ་སོགས་པའི་སྡུག་བསྔལ་མ་ལུས་པར་མ་སྤངས་པའི་ཕྱིར་རོ། །སྤྱི་བརྟོལ་ཅན་ཞེས་བྱ་བ་ནི་ཐུག་ཐུབ་ཅན་ནོ། །གཡོ་ཞེས་བྱ་བ་ནི་གཡོས་བསྐྱེད་པའི་ཡིད་ཀྱི་ལས་སོ། །གྱ་གྱུར་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བསྐྱེད་པའི་ངག་གི་ལས་སོ། །
ཡ་ཡོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བསྐྱེད་པའི་ལུས་ཀྱི་ལས་སོ། །ཡང་དེ་གསུམ་ནི་གཡོ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཤེས་པར་བྱའོ། །ཡ་མཚན་སྣ་ཚོགས་དང་ལྡན་པའི་མཆོད་སྦྱིན་ཞེས་བྱ་བ་ནི་གང་ལ་རབ་ཏུ་བྱུང་བ་ཐམས་ཅད་མཆོད་པར་བྱེད་པའོ། །རྣ་སྦྲང་ཞེས་བྱ་བ་ནི་མདའི་མདེའུ་རྔ་
རྔོ་ཅན་ནོ། །མིའི་སྐལ་བ་བཟང་པོ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་ན་ཤིན་ཏུ་བཟང་ཞིང་བསོད་ནམས་ལྷག་པར་འབར་བའོ། །གནས་གཅིག་ཏུ་ཉལ་བ་ཞེས་བྱ་བ་ནི་གཅིག་ནས་གཅིག་ཏུ་དུས་གཅིག་ཏུ་གློས་ཕབ་སྟེ། གཉིད་ལོག་པར་བྱེད་པའོ། །སྐས་བསྡུ་བར་བྱ་བའམ། སྒོ་གཏན་པས་གཅད་
Vol. 157 · folio 168b
པར་བྱ་བ་འམ། སྲུང་བ་དགེ་སློང་གཞག་པར་བྱའོ་ཞེས་བྱ་བ་ནི་གནོད་པ་བྱེད་པ་བཟློག་པའི་ཕྱིར་རོ། །སྲུང་བ་དགེ་སློང་གཞག་པ་ནི་འཁྲུལ་པ་མེད་པའི་ཕྱིར་རོ། །བར་ཁ་བ་ལ་སོགས་པ་ནི་དཔེ་ཙམ་དུ་ཟད་དེ་གཅིག་ནས་གཅིག་ཏུ་རྒྱུར་རུང་ན་གནས་གཅིག་པ་ཉིད་དུ་འགྱུར་ལ། སྐས་བསྡུ་བ་འམ། སྒོ་
གཏན་པས་གཅད་པ་ལ་སོགས་པར་རྒྱུར་མི་རུང་ན་གནས་ཐ་དད་པར་བལྟའོ། །སྒོའི་ཕྱི་རོལ་ནས་གཅད་པ་དང་སྒོ་ནང་རོལ་ནས་གཅད་པར་བྱ་ཞེས་བྱ་བ་ནི་སྒོ་བདག་ཉིད་ཀྱི་དབང་དུ་བྱ་བའི་ཕྱིར་རོ། །ཁྱིམ་ཐབ་ཀྱིས་བསྲུངས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བུད་མེད་ཀྱི་ཡུལ་ཁྱིམ་ཐབ་ཀྱིས་བསྲུངས་ན་དགེ་
སློང་ལ་རྔོད་ཅིང་རྩོལ་བར་ཐུགས་མི་ཐུབ་པའི་ཕྱིར་རོ། །ཕྱོགས་དེ་རེ་ལྡེ་ལ་སོགས་པས་བསྐོར་བར་བྱ་བ་ནི་དེར་བཟློག་པའི་ཕྱིར་རོ། །སྐྱ་རེངས་ཤར་བ་ན་ཉེས་བྱས་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གནས་ཉིད་མེད་པའི་ཕྱིར་རོ། །ངེས་པར་སྐལ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་ངེས་པར་འགྱུར་བའོ། །འཁོར་
བ་འཇིག་ཅེས་བྱ་བ་ལ་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་འཁོར་བའོ། །འཇིག་ཅེས་བྱ་བ་ནི་དེ་སྤོང་ཞིང་སེལ་བར་མཛད་པས་སྲིད་པ་སེལ་བར་མཛད་པ་སྟེ། སྲིད་པ་སེལ་ཞེས་བྱ་བའི་ཐ་ཚིག་གོ། །མར་མེའི་སྙིང་པོ་བསྐུལ་བ་ཞེས་བྱ་བ་ནི་བཏེག་པའོ། །བུད་མེད་དང་ལྷན་ཅིག་ཉལ་བའི་
ལྟུང་བྱེད་དེ་དྲུག་ཅུ་རྩ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྔངས་ཞེས་བྱ་བ་ནི་སེམས་ཀྱིས་སོ། །སྐྲག་ཅེས་བྱ་བ་ནི་ལུས་ཀྱིས་སོ། །གནོད་སྦྱིན་གོས་སྔོན་པོ་གྱོན་པ་ཞེས་བྱ་བ་ནི་ལག་ན་རྡོ་རྗེའི་འཁོར་གནོད་སྦྱིན་གོས་སྔོན་པོ་ཅན་དག་སྟེ། རྒྱལ་བྱེད་ཀྱི་ཚལ་གྱི་སྲུང་མ་གཉུག་མར་གནས་
པ་ཡིན་ནོ། །ཉེས་པ་སྦོམ་པོར་འགྱུར་ཞེས་བྱ་བ་ནི་གསོད་པའི་ཕམ་པར་འགྱུར་བའི་སྐབས་ཀྱིའོ། །སྔངས་པ་ཞེས་བྱ་བ་ནི་འཇིགས་པ་བསྐྱེད་པའི་རྒྱུའོ། །བྱེད་ཅེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་འཇུད་ཅེས་བྱ་བ་ནི་གཞན་ནོ། །ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཐ་ན་རྒོད་བག་
གི་བསམ་པས་ཀྱང་རུང་བའོ། །དེ་ལ་ལྟུང་བ་ཇི་ལྟར་རུང་བར་འགྱུར་ཞེ་ན་ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་ཉེ་བར་སྒྲུབ་པར་བྱེད་པ་ལ་ནི་དངོས་གཞིར་འགྱུར། ཡིད་དུ་འོང་བ་ཉེ་བར་སྒྲུབ་པར་བྱེད་པ་ལ་ནི་ཉེས་བྱས་སུ་འགྱུར། སྐྱོ་བར་བྱ་བའི་ཆེད་དུ་ཉེ་བར་སྒྲུབ་པར་བྱེད་པ་ལ་ནི་ལྟུང་བ་མེད་པར་སྟོན་ཏོ། །
Vol. 157 · folio 169a
འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཞེས་བྱ་བ་ཇི་ལྟ་བུ་ཡིན་པའི་དཔེ་ཡིན་གྱི། ཡི་དགས་དང་ལྷ་ལ་སོགས་པའི་གཟུགས་ལ་སོགས་པའི་དཔེ་ནི་མ་ཡིན་ནོ། །སྐྱོ་བར་བྱ་བ་ཞེས་བྱ་བ་ནི་ཡིད་འབྱུང་བར་བྱ་བའོ། །སྔོངས་པར་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་རྩ་དྲུག་པའི་
ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བཤུགས་ཞེས་བྱ་བ་ནི་སྟན་ལས་བསླང་བའོ། །དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཞེས་བྱ་བ་ནི་རུང་བ་དང་ཚད་དང་ལྡན་པའོ། །འཇིགས་པ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པའོ། །སྦེད་པའི་ལྟུང་བྱེད་དེ་དྲུག་ཅུ་རྩ་བདུན་པའི་ཚིག་རྣམ་པར་བཤད་
པ་རྫོགས་སོ།། །།ཁོ་བོ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྩྭས་བཅིངས་ན་ཡང་དུས་བྱེད་པར་འགྱུར་གྱི་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་ཁོ་བོ་རྩོལ་བར་མི་བྱེད་པས་དེའི་ཕྱིར་རྩྭས་བཅིངས་ན་ཡང་འཆི་དགོས་པས་ཁོ་བོ་གཏམས་པ་མི་ལེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །གདེང་མེད་
པར་ཞེས་བྱ་བ་ནི་མ་བསླངས་ཤིང་གནང་བར་མ་བྱས་པའོ། །དགའ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་གང་གིས་གོས་སྤྱོད་པ་དེ་གལ་ཏེ་དགའ་བ་དང་། གཅུགས་པ་དང་། ཡིད་དུ་འོང་བ་ཡིན་ནོ། །བྱིན་པ་ལ་ཉེ་བར་འཚོ་བའི་ལྟུང་བྱེད་དེ་དྲུག་ཅུ་རྩ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།
དེའི་ཚེ་ན་ནི་ཞེས་བྱ་བ་ནི་གང་གི་ཚེ་དེ་གཉིས་ཀྱིས་དེ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་པའི་ཚེ་ནའོ། །སྐུར་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྐུར་པ་གདབ་པའི་བསམ་པས་སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཉན་པ་པོ་སླུ་བའི་བསམ་པས་བརྫུན་དུ་སྨྲ་བ་ནི་ལྟུང་བྱེད་ཡིན་ཏེ།
དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །གཞི་བཅུས་ནི་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ཞེས་བྱ་བ་ནི་གཞི་གསུམ་མོ། །ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་པ་དེ་ཡང་བརྗེད་ཅེས་བྱ་བ་ནི་གཞི་གཉིས་སོ། །ཐོས་པ་ལ་ཡིད་ཆེས་པ་དང་། ཐོས་པ་ལ་ཡིད་མ་ཆེས་
པ་ཞེས་བྱ་བ་ནི་གཞི་གཉིས་སོ། །ཐོས་པ་ལ་དོགས་པ་དང་། ཐོས་པ་ལ་མི་དོགས་པ་ཞེས་བྱ་བ་ནི་གཞི་གཉིས་སོ། །དོགས་པ་ལ་དོགས་པ་ཞེས་བྱ་བ་ནི་གཞི་གཅིག་པ་སྟེ། དེ་ལྟར་གཞི་བཅུས་ལྟུང་བར་འགྱུར་རོ། །གཞི་ལྔས་ལྟུང་བར་མི་འགྱུར་ཞེས་བྱ་བ་ནི་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ཞེས་
Vol. 157 · folio 169b
བྱ་བ་གཞི་གསུམ་མོ། །ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ཞེས་བྱ་བ་ནི་གཉིས་ཏེ་དེ་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་རོ། །གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་འདིར་མཐོང་ལ་དེ་ཡང་བརྗེད་པ་ཞེས་བྱ་བ་སྔ་མ་བཅུའི་སྟེང་དུ་བསྣན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་
དྲུག་ཅེས་བྱ་བར་ཡང་དེས་མཐོང་བ་དེ་ཡང་མ་བརྗེད་པ་ཞེས་བྱ་བ་སྔ་མ་ལྔའི་ཐོག་ཏུ་བསྣན་པར་ཤེས་པར་བྱའོ། །སྐུར་པ་འདེབས་པའི་ལྟུང་བྱེད་དེ་དྲུག་ཅུ་རྩ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བུ་ཞེས་བྱ་བ་ནི་ཁྱེའུ་དང་བུ་མོ་དག་གོ། །ར་རོ་ཞེས་བྱ་བ་ནི་ཆང་གིས་མྱོས་པ་ཟིན་པའོ། །
བར་སྐབས་སོ་ཞེས་བྱ་བ་ནི་བར་མ་དོའོ། །སྐྱེས་པ་མེད་པར་བུད་མེད་དང་ཞེས་བྱ་བ་ནི་གང་ལ་གྲོགས་སྐྱེས་པ་གཞན་མེད་པའི་ཐ་ཚིག་གོ། །གང་བུད་མེད་བསེལ་བྱེད་དུ་འཇུད་པ་ལ་སོགས་པ་ནི་བར་ཆད་ཀྱི་དབང་གིས་འགྲོ་བ་ཡིན་པས་ལྟུང་བ་མེད་དོ། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དེ་བདུན་
ཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྟོང་པར་འདོང་ཞེས་བྱ་བ་ནི་ཁུར་མེད་པའོ། །ཁུར་དག་གིས་འདོང་ཞེས་བྱ་བ་ནི་ཁུར་ཐོགས་ཏེ་འདོང་བའོ། །ཕྱི་བཞིན་འགྲོ་ཞེས་བྱ་བ་ནི་ཕྱི་བཞིན་འབྲང་བའོ། །སེམས་ནི་མར་དང་འདྲ་ཞེས་བྱ་བ་ནི་རྒྱུད་མཉེན་པའོ། །དོན་མཐུན་རྐུན་མ་ཞེས་བྱ་བ་
ནི་ཆོམ་རྐུན་གྱི་ཚོགས་སོ། །རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དེ་བདུན་ཅུ་རྩ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དགེ་སློང་གི་དངོས་པོར་རྫོགས་པར་བསྙེན་པར་བྱེད་ཅེས་བྱ་བ་ནི་དགེ་སློང་གི་སྡོམ་པའི་ཕྱིར་ཉེ་བར་ཁྲིད་པར་བྱེད་པའོ། །གཞན་ལས་ཚིག་གི་ལམ་ངན་པ་སྨྲས་
པ་དང་། ངན་པ་འོངས་པ་དག་ཅེས་བྱ་བ་ལ། ཚིག་གི་ལམ་ཞེས་བྱ་བ་ནི་ཐབ་མོའི་རྒྱུའོ། །ངན་པ་སྨྲས་པ་ཞེས་བྱ་བ་ནི་བརྒྱད་བཀག་ལ་སོགས་པའི་ངག་གི་ལས་སོ། །ངན་པ་འོངས་ཞེས་བྱ་བ་ནི་བརྡེག་པ་ལ་སོགས་པ་ལུས་ཀྱི་ལས་མི་འདོད་པ་དག་གོ། །མི་བཟོད་ཅེས་བྱ་བ་ནི་དང་དུ་ལེན་པར་མི་ནུས་པའོ། །
ཟག་པ་དག་ལ་ཇི་མི་སྙམ་པར་བྱ་བ་ཡང་མི་བཟོད་ཅིང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཟག་པ་བསྩལ་བར་བྱ་བ་ཡང་མི་ནུས་པའོ། །དང་དུ་ལེན་མི་ནུས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་སེམས་ཀྱིས་བཟོད་པར་མི་ནུས་པའོ། །དགེ་སློང་དེ་དག་ཀྱང་ཞེས་བྱ་བ་ནི་ལས་བྱེད་པ་ལ་སོགས་པའོ། །སྨད་པར་
Vol. 157 · folio 170a
འགྱུར་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པར་འགྱུར་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ། ལོ་ཉི་ཤུ་ཡང་མ་ལོན་པ་ལ་ལོ་ཉི་ཤུ་མ་ལོན་པར་ཡང་འདུ་ཤེས་ཤིང་དྲིས་ན་ཡང་བདག་ལོ་ཉི་ཤུ་ཡང་མ་ལོན་ནོ་ཞེས་ཟེར་བ་ནི་གང་ཟག་གཅིག་གོ། །ལོ་ཉི་ཤུ་ཡང་མ་ལོན་ལ་ལོ་ཉི་ཤུ་མ་
ལོན་པར་ཡང་འདུ་ཤེས་ཤིང་དྲིས་ན་ཡང་ཤེས་ཤིང་དྲན་ལ་ཡིད་གཉིས་མི་ཟ་སྟེ། བདག་ལོ་ཉི་ཤུ་མ་ལོན་ནོ་ཞེས་ཟེར་བ་ནི་གང་ཟག་གཉིས་པའོ། །ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་ཤིང་དྲིས་ན་ཡང་བདག་ལོ་ཉི་ཤུ་ལོན་ནོ་ཞེས་ཟེར་བ་ནི་གང་ཟག་གསུམ་པའོ། །ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་
པར་འདུ་ཤེས་ཤིང་དྲིས་ན་ཡང་ཤེས་ཤིང་དྲན་ལ་ཡིད་གཉིས་མི་ཟ་སྟེ། བདག་ལོ་ཉི་ཤུ་ལོན་ནོ་ཞེས་ཟེར་བ་ནི་གང་ཟག་བཞི་པའོ། །ལོ་ཉི་ཤུ་མ་ལོན་པ་ལ་དེས་མི་ཤེས་མི་དྲན་ཡིད་གཉིས་མི་ཟ་བ་ནི་གང་ཟག་ལྔ་པའོ། །ལོ་ཉི་ཤུ་ལོན་ལ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ཤིང་དྲིས་ན་ཡང་བདག་ལོ་ཉི་ཤུ་མ་ལོན་ནོ་
ཞེས་ཟེར་བ་ནི་གང་ཟག་དྲུག་པའོ། །ལོ་ཉི་ཤུ་ལོན་ལ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ཤིང་དྲིས་པ་ན། ཤེས་ཤིང་དྲན་ལ་ཡིད་གཉིས་མི་ཟ་སྟེ། བདག་ལོ་ཉི་ཤུ་ལོན་ནོ་ཞེས་ཟེར་བ་ནི་གང་ཟག་བདུན་པའོ། །ལོ་ཉི་ཤུ་ཡང་ལོན་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་ཤིང་དྲིས་པ་ན་བདག་ལོ་ཉི་ཤུ་ལོན་ནོ་ཞེས་ཟེར་བ་ནི་གང་
ཟག་བརྒྱད་པའོ། །ལོ་ཉི་ཤུ་ལོན་ལ་ལོ་ཉི་ཤུ་ལོན་པར་ཡང་འདུ་ཤེས་ཤིང་དྲིས་པ་ན། ཤེས་ཤིང་དྲན་ལ་ཡིད་གཉིས་མི་ཟ་སྟེ། བདག་ལོ་ཉི་ཤུ་ལོན་ནོ་ཞེས་ཟེར་བ་ནི་གང་ཟག་དགུ་པའོ། །ལོ་ཉི་ཤུ་ལོན་ལ་དེས་མི་ཤེས་མི་དྲན་ལ་ཡིད་གཉིས་ཟ་བ་ནི་གང་ཟག་བཅུ་པའོ། །དེ་ལ་དང་པོ་ཉིད་ནས་རྫོགས་པར་
བསྙེན་ཅིང་ཞེས་བྱ་བ་ནི་དུས་ལས་གྱུར་པའི་ལས་སུ་རུང་བ་ཉིད་ཀྱང་མེད་པའི་ཕྱིར་དང་། འདུ་ཤེས་ལས་སྐྱེས་པ་སྤྲོ་བ་ལས་གྱུར་པའི་ལུས་རུང་བ་ཉིད་ཀྱང་མེད་པའི་ཕྱིར་རྫོགས་པར་བསྙེན་པ་ཉིད་མ་ཆགས་ཏེ། ཟ་མ་ལ་སོགས་པ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོགས་པ་དང་ལོངས་སྤྱོད་པ་ལ་
ཡང་ལྟུང་བར་འགྱུར་ལ་ཞེས་བྱ་བ་ལ། འགྲོགས་པ་ལ་ལྟུང་བར་འགྱུར་བ་ལ་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པའི་ལས་ཉམས་སུ་མྱོང་བ་ནི་དེ་དང་གཞན་དག་ལ་ཡང་ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་པ་ལ་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་ཉམས་སུ་
Vol. 157 · folio 170b
མྱོང་བ་ན་དེ་དང་གཞན་དག་ལ་ཡང་ལྟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་མི་འོས་པ་རྫོགས་པར་བསྙེན་པར་བྱེད་པའི་ཕྱིར་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་ཞེས་བྱ་བ་ནི་ལོ་གྲངས་ཤེས་
པའོ། །དྲན་ཞེས་བྱ་བ་ནི་ལོ་ཚིགས་དྲན་པའོ། །ཡིད་གཉིས་མི་ཟ་ཞེས་བྱ་བ་ནི་འདི་ལ་ཐམས་ཅད་དུ་ངེས་པ་དང་ལྡན་པ་སྟེ། ལོ་ཉི་ཤུ་ལོན་ནམ་མ་ལོན་སྙམ་དུ་ཡིད་གཉིས་མི་ཟ་བའོ། །དེའི་མོད་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཆགས་ཤིང་ཞེས་བྱ་བ་ནི་ལས་བྱེད་པ་དེའི་
མོད་ལ་རེ་ཞིག་སྐྱེས་པའི་རྩལ་དང་སེམས་ལས་གྱུར་པའི་ཞིང་ཡོད་པའི་ཕྱིར་དགེ་སློང་གི་དངོས་པོ་ཆགས་ཤིང་ཕྱིས་ནི་གལ་ཏེ་འདུ་ཤེས་ཆད་ན་དགེ་སློང་གི་དངོས་པོ་སྔར་ཆགས་པ་ཡང་འཇིག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ཤེས་ཞེས་བྱ་བ་ནི་ལོ་གྲངས་མི་ཤེས་པའོ། །མི་དྲན་ཞེས་བྱ་བ་ནི་
ལོ་ཚིགས་མི་དྲན་པའོ། །ཡང་ན་མི་ཤེས་ཞེས་བྱ་བ་ནི་བདག་གིས་ལོ་དུ་ལོན་པ་བཙལ་ཀྱང་མི་ཤེས་པའོ། །མི་དྲན་ཞེས་བྱ་བ་ནི་སྔོན་ཤེས་པ་ཡང་དེའི་ཚེ་ན་བརྗེད་པའོ། །ཡིད་གཉིས་ཟ་ཞེས་བྱ་བ་ནི་བློ་ལ་ཐེ་ཚོམ་ཟ་བའོ། །གང་ཟག་བཅུ་གཉིས་པོ་དེ་དག་གི་བྱེ་བྲག་བསྟན་པའི་ཕྱིར་དེ་ལ་གང་ཟག་དང་
པོ་གཉིས་པོ་གང་དག་ཡིན་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གང་ཟག་དང་པོ་གཉིས་སོ་ཞེས་བྱ་བ་ནི་ལོ་ཉི་ཤུ་ཡང་མ་ལོན་ལ་ལོ་ཉི་ཤུ་མ་ལོན་པར་ཡང་འདུ་ཤེས་ཤིང་དྲིས་ན་ཡང་བདག་ལོ་ཉི་ཤུ་མ་ལོན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་དང་། ལོ་ཉི་ཤུ་ཡང་མ་ལོན་ལ་ལོ་ཉི་ཤུ་མ་
ལོན་པར་ཡང་འདུ་ཤེས་ཤིང་དྲིས་ན་ཡང་ཤེས་ཤིང་དྲན་ལ་ཡིད་གཉིས་མི་ཟ་སྟེ། བདག་ལོ་ཉི་ཤུ་མ་ལོན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་གཉིས་ཡིན་པར་བལྟ་བར་བྱའོ། །རྐུ་ཐབས་སུ་གནས་པ་ཡིན་ཏེ་ཞེས་བྱ་བ་ནི་རྐུ་ཐབས་སུ་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་བྱེད་པ་ཡིན་ཏེ། ལན་གཉིས་སུ་
རྐུ་ཐབས་སུ་ལས་ཉམས་སུ་མྱོང་བར་བྱེད་པའི་ཕྱིར་རོ། །བསྙིལ་བར་འོས་པ་དག་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་སྡོམ་པ་འཆགས་པའི་རྟེན་མ་ཡིན་པའི་ཕྱིར་ཡོངས་སུ་སྤང་བར་འོས་པ་དག་ཡིན་ནོ། །མངལ་ན་གནས་པའི་ཟླ་བ་ཞེས་བྱ་བ་ནི་ཐོག་མ་མངལ་དུ་ཆགས་ནས་མངལ་གྱི་སྒོར་མ་བཙས་གྱི་བར་
Vol. 157 · folio 171a
གྱི་ཟླ་བ་དུ་ཡོད་པ་དག་གོ། །ཤོལ་གྱི་ཟླ་བ་དག་ཅེས་བྱ་བ་ནི་ཟླ་བ་ལྷག་མ་དག་གོ། །བརྩི་བར་བྱ་བ་སྟེ་ཞེས་བྱ་བའི་ཚིག་ནི་འདི་ལྟར་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་མངལ་ན་གནས་པའི་ཚེ་ཟླ་བ་དང་ཟླ་བ་ལྷག་པ་དག་ལོགས་ཤིག་ཏུ་མི་བརྩི་མོད་ཀྱི་འོན་ཀྱང་ཡང་དག་པའི་སེམས་ལ་བརྩི་བར་
བྱ་སྟེ། མངལ་ན་གནས་པའི་ཚེ་ཡང་ལུས་སྐྱེས་པ་ཡིན་ལ་ཤོལ་གྱི་ཟླ་བ་དག་འདས་པ་ན་ཡང་དུས་ལས་གྱུར་པའི་ལུས་རུང་བ་ཉིད་དུ་སྐྱེ་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ། །ས་སྤོ་བར་བྱ་བ་ཞེས་བྱ་བ་ནི་དགེ་ཚུལ་ཉིད་དུ་བཀྲི་བར་བྱ་བའོ། །ཡང་རྫོགས་པར་བསྙེན་པར་བྱ་ཞེས་བྱ་བ་ནི་ལུས་གྱུར་པའི་
ཞིང་ཉིད་ནི་སེམས་ཀྱི་བྱེ་བྲག་ནི་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པ་ཉམས་པས་རྫོགས་པར་བསྙེན་པ་ཡང་ཉམས་པའི་ཕྱིར་རོ། །ཆོས་མངོན་པ་ལས་འདི་སྡོམ་པ་གཏོང་བའི་རྒྱུ་ཉིད་དུ་མ་བགྲངས་པ་ནི་མ་ངེས་པའི་ཕྱིར་རོ། །གལ་ཏེ་ཚང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དཔྱད་ཁོངས་སུ་གཞུག་པ་སྟེ།
མངལ་ན་གནས་པའི་ཟླ་བ་དག་ཀྱང་ལས་ཀྱི་དབང་གིས་མང་ཉུང་མ་ངེས་པའི་ཕྱིར་རོ། །འདི་ལྟར་གང་ཟག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་འཐོབ་པ་ནི་དཀོན་པའི་ཕྱིར་རོ་ཞེས་བྱ་བ་ནི། འདི་ལྟར་དགེ་སློང་གི་དངོས་པོ་ཐོབ་པ་
ལ་དོགས་པ་ལ་སོགས་པ་གཅད་པའི་ཕྱིར་ཏེ། འདི་ལྟར་འདུལ་བ་ལ་སོགས་པས་ཡོངས་སུ་བཏང་བ་བྱས་ནས་གལ་ཏེ་ཡང་བླངས་པ་བཅོས་པར་བྱེད་ན་དེའི་ཚེ་ན་བ་དང་། འཆི་བ་དང་། གྲོགས་མེད་པ་དང་། ཡུལ་འཁྲུགས་པ་ལ་སོགས་པའི་དབང་གིས་ཕྱིར་ཐོབ་པར་ཤིན་ཏུ་དཀའ་བས་དེའི་ཕྱིར་
དགེ་སློང་གི་དངོས་པོ་ཇི་ལྟར་ཐོབ་པའི་ལོ་ཚད་དྲན་པ་རྙེད་ན་ལེགས་པར་རྫོགས་པར་བསྙེན་པ་ཡིན་ཏེ། ཡང་རྫོགས་པར་བསྙེན་པར་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པར་བྱ་ཞེས་བྱ་བ་ནི་འདུ་ཤེས་ཐོབ་པར་བྱ་བའོ། །དྲན་པར་བྱ་ཞེས་བྱ་བ་ནི་སྔོན་གྱི་བྱུང་བའི་མཐའ་ཉེ་བར་བསྒྲུབ་པ་
ལ་སོགས་པས་ལོའི་དྲན་པ་འཐོབ་པར་བྱའོ། །ཡིད་གཉིས་སྤང་བར་བྱ་ཞེས་བྱ་བ་ནི་ལོ་ལ་ངེས་པ་བསྐྱེད་པས་ཐེ་ཚོམ་སྤང་བར་བྱ་བའོ། །དེ་དག་ནི་འགྱོད་པ་ལ་སོགས་པ་བསལ་བའི་ཕྱིར་བསྒོ་བར་བྱ་བ་ཡིན་པར་ཤེས་པར་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་།
Vol. 157 · folio 171b
ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་མཁན་པོ་ལ་ལྟུང་བྱེད་མེད་པ་དང་། དགེ་འདུན་ལ་ཉེས་པ་མེད་པ་དང་། གང་ཟག་དེ་རྫོགས་པར་བསྙེན་པར་མི་འགྱུར་བ་མ་ཡིན་པའི་ཚིག་ཡིན་ནོ། །མ་ལོན་པར་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དེ་བདུན་ཅུ་གཉིས་པའི་ཚིག་རྣམ་པར་
བཤད་པ་རྫོགས་སོ།། །།བམ་པོ་བཅོ་ལྔ་པ། རྣང་སྒལ་ཞེས་བྱ་བ་ནི་རྣང་གི་མཚམས་སོ། །སྤྱུར་བར་བྱེད་ཅེས་བྱ་བ་ནི་བདག་ཉིད་ཀྱིས་ཕུང་པོར་བྱེད་པའོ། །སྤྱུར་དུ་འཇུད་པར་བྱེད་ཅེས་བྱ་བ་ནི་གཞན་སྤུང་དུ་འཇུད་པར་བྱེད་པའོ། །ཡུར་བ་ཞེས་བྱ་བ་ནི་ཆུ་སྲོལ་ལོ། །རང་བཞིན་ཅན་ཞེས་བྱ་བ་
ནི་ཤིན་ཏུ་འཐས་པའི་རང་བཞིན་ཅན་ནོ། །རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཤིན་ཏུ་འཐས་པའི་རང་བཞིན་ཅན་མ་ཡིན་པ་གཞན་ནོ། །ཆར་ཆུ་ཞོད་ཅེས་བྱ་བ་ནི་ཆར་ཆེ་ཞིང་ལན་གསུམ་མམ་བཞི་ལ་སོགས་པ་ཆར་འབབ་པའོ། །ཆར་ཆུ་མ་ཞོད་ཅེས་བྱ་བ་ནི་དེ་ལས་བཟློག་པའོ། །ས་ཞག་ཅེས་
བྱ་བ་ནི་ས་འགོག་པའོ། །གྲུགས་པ་ཞེས་བྱ་བ་ནི་གྱོང་གྲུགས་སུ་གྱུར་པ་སྟེ་ཉམས་པའི་ཤས་ཆེ་བས་དེ་ལ་ཉེས་བྱས་སུ་འགྱུར་རོ། །ཕུར་པ་འབྱིན་པ་ཞེས་བྱ་བ་ནི་འཆོས་པ་དང་འདྲ་བའི་ཕྱིར་ཉེས་བྱས་བྱེད་པ་ཡིན་ནོ། །ཤོད་དགོད་པའི་བསམ་པ་ཞེས་བྱ་བ་ནི་ཡི་གེ་ལ་སོགས་པ་བྲི་བའི་བསམ་པ་སྟེ།
གཞིག་པའི་བསམ་པ་མེད་པའི་ཕྱིར་འདི་ལ་ལྟུང་བ་མེད་དོ། །ངོགས་ཞེས་བྱ་བ་ནི་ཆུ་ཀླུང་ཟློག་པར་བྱེད་པའོ། །འདམ་སྐྱོད་པ་ཞེས་བྱ་བ་ནི་འདམ་རྫབ་འཁྲུག་པར་བྱེད་པ་སྟེ། འཇིག་པར་བྱེད་པ་དང་འདྲ་བའི་ཕྱིར་དེ་ལ་ཉེས་བྱས་སུ་འགྱུར་རོ། །ཚྭ་སྒོ་ཞེས་བྱ་བ་ནི་ཆར་པ་ལ་སོགས་པ་ལས་
གྱུར་པའི་ས་འབུས་པ་སྟེངས་མ་ཡིན་པའི་ཕྱིར་དེ་ལ་ཉེས་བྱས་སུ་འགྱུར་རོ། །རྡོ་བ་ཅན་ཞེས་བྱ་བ་ནི་རྡོ་བ་ཡོད་པའོ། །གལ་ཏེ་ས་ཆེས་མང་ལ་ཞེས་བྱ་བ་ནི་སའི་ཁམས་རང་བཞིན་ཅན་ཞེས་མང་བ་ཉིད་དུ་སྟོན་ཏོ། །བྱེ་མ་ཅན་ཞེས་བྱ་བ་ནི་བྱེ་མ་ཡོད་པའོ། །རྒྱུ་སྐར་གྱི་སྦྱོར་བ་ཞེས་བྱ་བ་ནི་རྒྱུ་སྐར་
དང་འབྲེལ་པས་ཕོངས་པའི་དུས་ཡིན་པའི་ཕྱིར་འཇིག་རྟེན་གྱིས་སྨད་པར་འགྱུར་བས་འདི་ལ་ལྟུང་བ་མེད་དོ། །རུང་བར་བྱེད་པ་མེད་ན་ཞེས་བྱ་བ་ནི་དེ་ཡང་རྫོགས་པར་མ་བསྙེན་པ་གཞན་མེད་ན་གནང་གི་ཡོད་ན་མི་གནང་ངོ་། །ས་རྐོ་བའི་ལྟུང་བྱེད་དེ་བདུན་ཅུ་རྩ་གསུམ་པའི་ཚིག་རྣམ་པར་བཤད་
Vol. 157 · folio 172a
པ་རྫོགས་སོ།། །།བདེ་བའི་སྨན་ཞེས་བྱ་བ་ནི། ཞུན་མར་དང་འབྲུ་མར་ལ་སོགས་པ་བདེ་བ་རྣམས་ཀྱིས་སྦྱང་དུ་རུང་བ་གང་ཡིན་པའོ། །དུས་སུ་རུང་བ་ཞེས་བྱ་བ་ནི་སྔ་དྲོའི་དུས་སུ་བཟར་རུང་བ་ཕྱེ་དང་སྣུམ་ཁུར་ལ་སོགས་པ་གང་ཡིན་པའོ། །ཐུན་ཚོད་དུ་རུང་བ་ཞེས་བྱ་བ་ནི་ཐུན་
ཚོད་ཀྱི་མཐའི་དུས་ཚུན་ཆད་དུ་བཏུང་དུ་རུང་ལ་ལེགས་པར་སྦྱར་བའི་བཏུང་བ་ལ་སོགས་པ་གང་ཡིན་པའོ། །ཞག་བདུན་པ་ཞེས་བྱ་བ་ནི་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་བཟའ་བ་བུ་རམ་ལ་སོགས་པ་གང་ཡིན་པའོ། །འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་བྱིན་གྱིས་བརླབས་ཏེ་
བཟའ་བ་ལན་ཚྭ་ལ་སོགས་པ་གང་ཡིན་པའོ། །གཤེགས་སྟོན་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་སྟོན་མོའོ། །ཧ་ཅང་སློང་བ་ཞེས་བྱ་བ་ནི་སྒྲུབ་དཀའ་བའི་ཟས་ཧ་ཅང་སློང་བའོ། །དཔུང་རྒྱན་དང་རྣ་ཆ་གདུབ་འཁོར་དང་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་དང་། བྱུག་པས་བརྒྱན་པར་གྱུར་
ཏེ་ཞེས་བྱ་བ་ནི་བརྒྱན་པར་གྱུར་ཏེ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །ཉེ་འཁོར་ཞེས་བྱ་བ་ནི་གམ་ཡོའོ། །ཚིགས་བཅད་དག་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་གནས་སུ་གྱུར་ཅེས་བྱ་བ་ནི་ཞེ་སྡང་བར་བྱ་བའི་གནས་ཏེ་མི་སྡུག་པའོ། །ཧ་ཅང་སློང་བས་བདག་ལ་བསྡིགས་བྱེད་པ། །
རལ་གྱི་རྡོ་དང་འབྲུ་མར་བདར་བ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་རལ་གྱི་རྡོ་ཕྱེ་དང་འབྲུ་མར་གྱིས་བདར་བ་རྣོན་པོས་བསྡིགས་པར་བྱེད་ན་གནོད་པ་སྐྱེ་བར་འགྱུར་བ་དེ་བཞིན་ཁྱོད་ཧ་ཅང་སློང་བ་རལ་གྱི་ངང་འདྲ་བས་བདག་ལ་བསྡིགས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཁྱོད་གནས་ཕྱིན་ཆད་
བདག་འོང་ན། །བདག་གི་ཀླད་པར་རྡོ་བས་བསྣུན་གྱིས་ཤིག །ཅེས་བྱ་བ་ནི་དེའི་ཕྱིར་གལ་ཏེ་ཁྱོད་ཀྱི་གནས་སུ་ཕྱིན་ཆད་བདག་འོང་བར་གྱུར་ན་བདག་གི་ཀླད་པར་རྡོ་བས་བསྣུན་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཚེར་མ་ནི་དགྲ་ཡིན་པས་ཞེས་བྱ་བ་ནི་མི་མཐུན་པ་ནི་དགྲ་ཡིན་པའོ། །ཕྲུ་གུ་ཞེས་བྱ་བ་
ནི་བུའོ། །ཟླ་བ་བཞིར་མགྲོན་དུ་བོས་པ་ཞེས་བྱ་བ་ནི་དབྱར་གྱི་དུས་ཟླ་བ་གཅིག་དང་། དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག་དང་། དབྱར་རིང་པོའི་དུས་ཟླ་བ་གཉིས་དང་། ཞག་ཉི་ཤུ་རྩ་དགུ་པོ་དག་ཏུ་སྟེ། དབྱར་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་བཞིར་རོ། །སོ་སོར་
Vol. 157 · folio 172b
མགྲོན་དུ་བོས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་སོ་སོར་མགྲོན་དུ་བོས་པ་ནི་གུས་པའི་ཕྱིར་དགེ་འདུན་སྤྱན་དྲངས་པའི་དུས་ལས་ལྷག་པ་ལ་ཡིན་པས་ལྟུང་བ་མེད་དོ། །ཡང་ཡང་མགྲོན་དུ་བོས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཡང་དང་ཡང་དུ་མགྲོན་དུ་བོས་པ་ན་འབད་པའི་ཕྱིར་དགེ་འདུན་སྤྱན་དྲངས་པའི་དུས་
ལས་ལྷག་པ་བརྟེན་པ་ཡིན་པས་ལྟུང་བ་མེད་དོ། །དུས་ཀྱིས་མགྲོན་དུ་བོས་པ་མ་གཏོགས་ཞེས་བྱ་བ་ནི་དུས་ཀྱིས་མགྲོན་དུ་བོས་པ་ནི་མངོན་པར་ཞེན་པའི་དབང་གིས་དགེ་འདུན་སྤྱན་དྲངས་པའི་དུས་ལས་ལྷག་པ་ལ་བརྟེན་པ་ཡིན་པས་ལྟུང་བ་མེད་དོ། །རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་
མངོན་སུམ་དུ་གཞན་ལ་བརྟེན་པ་ཡིན་པས་ལྟུང་བ་མེད་དོ། །དགེ་སློང་གིས་ཇི་ཙམ་ཅུང་ཟད་ཟླ་བ་བཞིར་མགྲོན་དུ་བོས་པ་ལས་ལྷག་པར་བདག་གིར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་དབྱར་ཟླ་བ་བཞིར་མགྲོན་དུ་བོས་པ་ཡོངས་སུ་རྫོགས་པའི་འོག་ཏུ་སོ་སོར་མགྲོན་དུ་བོས་པ་ལ་
སོགས་པ་དུས་མེད་པ་བཅའ་བ་དང་བཟའ་བ་ངན་པ་ཡང་རུང་བསོད་པ་ཡང་རུང་ལ་བསླངས་ཏེ་ཟན་སློང་བའི་ཚེ་ན་ཉེས་བྱས་སུ་འགྱུར་ལ། ཟོས་ན་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གིས་ངན་པ་ལ་མགྲོན་དུ་བོས་པ་ན་བསོད་པ་སློང་ན་དེ་སློང་བ་ན་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་
བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་སྔར་མགྲོན་དུ་བོས་པའི་གནས་ཀྱི་ཡུལ་ལ་ཁ་ན་མ་ཐོ་བ་འདི་རྣམ་པར་གཞག་གི་སྔར་མགྲོན་དུ་མ་བོས་པའི་གནས་ཀྱི་ཡུལ་ལ་བསོད་པ་སློང་བའི་ཁ་ན་མ་ཐོ་བར་འགྱུར་ཏེ། དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །དགེ་སློང་གི་བསོད་པ་ལ་མགྲོན་དུ་མ་བོས་པ་ན་ངན་པ་
སློང་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡང་སྔར་མགྲོན་དུ་བོས་པའི་གནས་ཀྱི་ཡུལ་ལ་ནི་མགྲོན་དུ་བོས་པ་ལས་རིང་དུ་འདུག་པའི་གནས་སྐབས་ཀྱི་ཁ་ན་མ་ཐོ་བ་འདི་རྣམ་པར་གཞག་གོ། །སྔར་མགྲོན་དུ་མ་བོས་པའི་ཡུལ་ལ་ནི་བསོད་པ་སློང་
བའི་སྐབས་ཀྱི་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། དེ་གཉིས་ཀྱི་བྱེ་བྲག་ཀྱང་དེ་ཡིན་ནོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་བུད་མེད་ཀྱི་ཡུལ་ཟས་ཁྱེར་ཏེ་འོངས་ན་དགེ་སློང་གིས་སློང་མོ་ཆོ་ག་མི་འདོད་དོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་བུད་མེད་ཀྱི་ཡུལ་ན་རེ་འཕགས་པ་ཅི་ཞིག་བཞེད་ཅེས་ཟེར་ན་
Vol. 157 · folio 173a
བསྟབས་པར་བརྗོད་པར་བྱའོ། །གང་འདོད་པ་དེ་བསླང་བར་བྱའོ་ཞེས་བྱ་བ་ནི་སྔར་ཟླ་བ་བཞིར་མགྲོན་དུ་བོས་པ་ཡོངས་སུ་རྫོགས་པའི་འོག་ཏུ་ཁྱིམ་དེ་ཉིད་ནས་སྦྱིན་བདག་དེ་སྐད་ཟེར་ན་བསྟབས་པ་ཡིན་པས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དུ་མི་འགྱུར་ལ། སྔར་
མགྲོན་དུ་མ་བོས་པའི་ཁྱིམ་ནས་སྦྱིན་བདག་དེ་སྐད་ཟེར་ན་ཡང་བསྟབས་པ་ཡིན་པས་བསོད་པ་སློང་བའི་ལྟུང་བྱེད་དུ་མི་འགྱུར་ཏེ། དེ་གཉིས་ཀྱི་བྱེ་བྲག་ཀྱང་དེ་ཡིན་པར་ཤེས་པར་བྱའོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དེ་བདུན་ཅུ་རྩ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།
ཐུན་མོང་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ཐུན་མོང་ངོ་། །གཉི་གའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་གཉི་གའི་དགེ་འདུན་ནོ། །ཁུར་བསླང་ཞེས་བྱ་བ་ནི་བྱིས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་ངག་གི་ཉེས་པར་སྤྱོད་པ་དག་གིས་ཕུང་པོར་བསྩགས་པའོ། །མགོ་
ཞེས་བྱ་བ་ནི་ལུས་སོ། །ནོད་དོ་ཞེས་བྱ་བ་ནི་ལེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱུགས་ཆུང་ཞེས་བྱ་བ་ནི་ལོང་ཚོ་ལ་བབ་པ་གཞོན་ནུ་མའོ། །མདོ་སྡེ་མཐའ་དག་འཛིན་པ་ཞེས་བྱ་བ་ནི་མདོ་སྡེའི་གཞུང་འཛིན་པའོ། །འདུལ་བ་མཐའ་དག་འཛིན་པ་དང་། མ་མོ་མཐའ་དག་འཛིན་པ་ཞེས་བྱ་བ་ཡང་འདུལ་བའི་
གཞུང་དང་མ་མོའི་གཞུང་འཛིན་པའོ། །བློ་གྲོས་རྨོངས་པ་ཁ་ཅིག་མ་མོའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདུལ་བ་མ་མོ་ཡིན་པར་གསུངས་ཀྱི། ཆོས་མངོན་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་པས་མ་མོ་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་གཞུང་ནི་འདིར་འདུལ་བ་མཐའ་དག་འཛིན་
པ་ཞེས་གསུངས་པས་འདུལ་བའི་མ་མོ་ནི་ཡང་འདུལ་བ་མཐའ་དག་ཅེས་བྱ་བའི་ཁོངས་སུ་གཏོགས་པས་འདུལ་བའི་སྡེ་སྣོད་ཉིད་དུ་གསུངས་སོ། །མ་མོ་མཐའ་དག་འཛིན་པ་ཞེས་བྱ་བ་ལོགས་ཤིག་ཏུ་གསུངས་པས་ཆོས་མངོན་པ་ཉིད་མ་ཡིན་པར་བསྟན་པས་བསལ་བར་ཤེས་པར་བྱའོ། །ཉེས་
པར་བསམ་པ་སེམས་པ་ཞེས་བྱ་བ་ནི་བརྣབ་སེམས་ལ་སོགས་པ་ཡིད་གཉིས་པར་སྤྱོད་པ་གསུམ་སེམས་པའོ། །ཉེས་པར་སྨྲ་བར་བརྗོད་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་ཉེས་པར་བརྗོད་པ་བཞི་བརྗོད་པའོ། །ཉེས་པར་བྱ་བའི་ལས་བྱེད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལུས་
Vol. 157 · folio 173b
ཀྱི་ཉེས་པར་སྤྱོད་པ་གསུམ་བྱེད་པ་སྟེ། དེ་དག་གིས་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་བྲལ་བ་བསྟན་ཏེ། །མདོ་སྡེ་འཛིན་པ་མ་ཡིན་པ་ཞེས་བྱ་བ་ནི་མདོ་སྡེའི་ཚིག་འཛིན་པ་མ་ཡིན་པའོ། །འདུལ་བ་འཛིན་པ་མ་ཡིན་པ་དང་། མ་མོ་འཛིན་པ་མ་ཡིན་པ་དང་ཞེས་བྱ་བ་ཡང་འདུལ་བའི་ཚིག་འཛིན་པ་མ་
ཡིན་པ་དང་། མ་མོའི་ཚིག་འཛིན་པ་མ་ཡིན་ཏེ། དེ་དག་གིས་ནི་ལུང་ལས་སྐྱེས་པའི་ཤེས་རབ་དང་བྲལ་བ་བསྟན་ཏོ། །མདོ་སྡེ་ལ་མི་གསལ་བ་ཞེས་བྱ་བ་ནི་མདོ་སྡེའི་གོ་མི་ཤེས་པའོ། །འདུལ་བ་ལ་མི་གསལ་བ་དང་། མ་མོ་ལ་མི་གསལ་བ་ཞེས་བྱ་བ་ཡང་འདུལ་བའི་དོན་མི་ཤེས་པ་དང་།
མ་མོའི་དོན་མི་ཤེས་པ་སྟེ། དེ་དག་གིས་ནི་བསམས་པ་ལས་བྱུང་བའི་ཤེས་རབ་དང་བྲལ་བ་བསྟན་ཏོ། །མདོ་སྡེ་ལ་མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེའི་དོན་ཤེས་པ་ལ་ཤིན་ཏུ་མ་གོམས་པའོ། །འདུལ་བ་ལ་མི་མཁས་པ་དང་། མ་མོ་ལ་མི་མཁས་པ་ཞེས་བྱ་བ་ཡང་འདུལ་བའི་དོན་ཤེས་པ་
ལ་ཤིན་ཏུ་མ་གོམས་པ་དང་། མ་མོའི་དོན་ཤེས་པ་ལ་ཤིན་ཏུ་མ་གོམས་པ་སྟེ། དེ་དག་གིས་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ལ་གོམས་པ་དང་བྲལ་བ་བསྟན་ཏོ། །ཡང་དག་པ་ཁོ་ནར་བྱིས་པ་དང་། གླེན་པ་དང་། མི་གསལ་བ་དང་། མི་མཁས་པ་ཡིན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་
བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་བློ་མེད་པས་འདི་ལ་བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བ་ནི་མེད་ཀྱི་མིའི་སྐྱོན་ནས་སྨྲ་བའི་ལྟུང་བ་མེད་པ་མ་ཡིན་ནོ། །བསླབ་པ་ལ་ཉེ་བར་འཇོག་པའི་ལྟུང་བྱེད་དེ་བདུན་ཅུ་རྩ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གྲོས་བྱེད་ཅེས་
བྱ་བ་ནི་བློ་མཐུན་པར་བྱེད་པའོ། །འཇབ་ཅེས་བྱ་བ་ནི་སྒོ་དང་སྐར་ཁུང་ལ་སོགས་པ་ནས་བདག་ཉིད་སྦས་ཏེ་འཇབ་པའོ། །སྤན་སྤུན་ཞེས་བྱ་བ་ནི་རྩྭ་ལ་སོགས་པ་ཐིབས་པོ་དག་གོ། །ཚང་ཚིང་ཞེས་བྱ་བ་ནི་ལྕུག་མ་དང་གེལ་བ་དག་ལ་སོགས་པ་ཐིབས་པོ་དག་གོ། །ཉན་རྣ་ཞེས་བྱ་བ་ནི་འཇབ་ཅིང་
དྲུང་དུ་འདུག་སྟེ་ཉན་པའོ། །དེ་ལྟ་བུའི་བསམ་པས་གཉེན་པོ་ཞེས་བྱ་བ་ནི་གྲོས་བྱེད་པ་དེ་དག་གི་མི་མཐུན་ཕྱོགས་སུ་གྱུར་པའི་དགེ་སློང་རྣམས་ཀྱི་བློའི་མི་མཐུན་ཕྱོགས་ཀྱིས་མི་མཐུན་པ་བསྒྲུབ་པར་བྱའོ་སྙམ་པའོ། །སྒྲ་ཐོས་ཞེས་བྱ་བ་ནི་སྒྲ་ཉི་ཚེ་ཐོས་པའོ། །སྒྲའི་དོན་གོ་བ་ཞེས་བྱ་བ་ནི་ཚིག་གི་
Vol. 157 · folio 174a
དོན་གོ་བའོ། །ནད་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །གྱ་ཚོམ་དུ་འཇུག་པ་ཞེས་བྱ་བ་ནི་འདི་ནི་ཅི་བྱེད་སྙམ་དུ་མ་བརྟགས་པར་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །མཉན་ནས་ཉེ་བར་ཞི་བར་བྱའོ་སྙམ་པ་ཞེས་བྱ་བའི་ཐབ་མོ་ཉེ་བར་ཞི་བར་བྱ་བའི་
ཕྱིར་ཉན་པ་སྟེ། དེ་ལ་ནི་ཉན་རྣ་བ་ལས་གྱུར་པའི་ལྟུང་བར་མི་འགྱུར་རོ། །ཉན་རྣ་བ་ལས་གྱུར་པའི་ལྟུང་བྱེད་དེ་བདུན་ཅུ་རྩ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བསླང་ཞེས་བྱ་བ་ནི་བསྒྲེང་བའོ། །འདོད་པ་སྨྲོས་ཤིག་ཅེས་བྱ་བ་ནི་གང་ཅི་འདོད་པ་སྨྲོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །
གཏམ་རྣམ་པར་གཏན་ལ་འབེབས་པ་ཞེས་བྱ་བ་ནི་གཏམ་རྣམ་པར་དཔྱོད་པའོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དེ་བདུན་ཅུ་རྩ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གླང་ཆེན་ལྷས་ཀྱི་བདག་པོ་ཞེས་བྱ་བ་ནི་དགེ་སློང་ནག་པའི་ཕའི་མིང་ངོ་། །ནག་པ་ཞེས་བྱ་བ་ནི་དགེ་སློང་དེ་
ཉིད་ཀྱི་མིང་ངོ་། །འདི་ནི་ཆོས་སོ་ཞེས་བྱ་བ་ནི་དངོས་པོའི་དོན་གཞག་པ་སྟེ། ཆོས་མངོན་པའི་མཚན་ཉིད་དོ། །འདི་ནི་འདུལ་བའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་རྣམ་པར་གཞག་པ་སྟེ་འདུལ་བའི་མཚན་ཉིད་དོ། །འདི་ནི་སྟོན་པའི་བསྟན་པའོ་ཞེས་བྱ་བ་ནི་བདེན་པ་བཞི་ཉེ་བར་སྟོན་པ་རྣམ་པར་གཞག་པ་སྟེ་
མཚན་ཉིད་དོ། །གཅིག་པུས་དགེ་འདུན་ཟློག་པར་བྱེད་ཅེས་བྱ་བ་ནི་བློ་འབྱེད་པར་བྱེད་པའོ། །གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅེས་བྱ་བ་ནི་བྱ་བ་དང་བྱེད་པ་ལ་མི་མཐུན་པར་བྱེད་པའོ། །རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ཅེས་བྱ་བ་ནི་དགེ་འདུན་དང་ལྷན་ཅིག་འགལ་བར་བྱེད་ཅིང་འདུག་པའོ། །
གཏམ་གྱི་འཇུག་སྡོད་པར་མི་བྱེད་ཅེས་བྱ་བ་ནི་དགེ་འདུན་གྱི་གཏམ་གྱི་བར་དུ་གཅོད་ཅིང་མི་སྡོད་པར་གློ་བུར་དུ་གཏམ་ཟེར་བའོ། །གུས་པར་མི་བྱེད་ཅེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱིས་མི་འཇིགས་པ་ངོ་ཚ་བ་མེད་པའོ། །རྗེས་མི་བྱེད་ཅེས་བྱ་བ་ནི་འཇིག་རྟེན་འདིས་མི་འཇིགས་པའི་ངོ་ཚ་མེད་པའོ། །ཕྱིར་
སྨྲ་བར་བྱའོ་སྙམ་དུ་སེམས་ཞེས་བྱ་བ་ནི་བཟློག་པར་བྱའོ་སྙམ་དུ་སེམས་པའོ། །དགེ་འདུན་ཞེས་བྱ་བ་ནི་དགེ་འདུན་གྱི་ཡུལ་ལའོ། །གང་ཟག་ལ་ཞེས་བྱ་བ་ཡང་གང་ཟག་གི་ཡུལ་ལོ། །དགེ་འདུན་གྱི་ཐ་སྙད་ཅེས་བྱ་བ་ནི་དགེ་འདུན་གྱིས་གང་ཟག་གི་ལས་བཅུ་གཉིས་ལ་སོགས་པར་བསྐོས་པའོ། །ཤད་
Vol. 157 · folio 174b
ཀྱིས་སྦྱང་བ་ཞེས་བྱ་བ་ནི་ལན་ནོ། །མ་གུས་པའི་ཚུལ་གྱི་ལྟུང་བྱེད་དེ་བདུན་ཅུ་རྩ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཟོང་ཟོང་མ་ཡིན་པར་གྱུར་ཅེས་བྱ་བ་ནི་ཆུད་ཟོས་པར་གྱུར་པའོ། །ཁྱེའུ་ཡི་གྲྭ་ཞེས་བྱ་བ་ནི་མཁན་པོའི་ཁྱིམ་མོ། །ཕྲུ་ཏོག་བཙུགས་ཞེས་བྱ་བ་ནི་ཐབ་ཏུའོ། །ཕྱི་
བཞིན་འབྲང་ཞེས་བྱ་བ་ནི་དགོངས་མལ་ཤིན་ཏུ་སྤགས་པའོ། །སྲིད་པ་ཐ་མ་པ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་པ་ལས་གཞན་དུ་སྐྱེ་བར་མི་འགྱུར་བའོ། །གློ་བས་ཞེས་བྱ་བ་ནི་ཁྲེལ་བའོ། །ཆང་སར་པ་ཞེས་བྱ་བ་ནི་བུ་རམ་ཆང་གི་བྱེ་བྲག་སྟེ་ཤིན་ཏུ་མྱོས་པར་འགྱུར་བའོ། །ལེགས་འོངས་སྒྲ་ནི་བསྐྱུད་གྱུར་
ན་ཞེས་བྱ་བ་ལ་བསྐྱུད་གྱུར་ཅེས་བྱ་བ་ནི་ཐ་སྙད་བརྗེད་པའོ། །ངེས་པར་ཞེས་བྱ་བ་ནི་གསལ་བར་རོ། །མ་ལེགས་ཞེས་བྱ་བ་ནི་སྡུག་བསྔལ་ལོ། །ལེགས་པ་ཞེས་བྱ་བ་ནི་བདེ་བའོ། །མགོན་ཞེས་བྱ་བ་ནི་ཡོངས་སུ་སྐྱོང་བའོ། །གང་དག་ཁྱོད་ཀྱིས་གསུང་དགའ་དང་ཞེས་བྱ་བ་ནི་སློབ་པ་དག་དང་སོ་སོའི་
སྐྱེ་བོ་དགེ་བ་དག་གོ། །འཕགས་པ་ཞེས་བྱ་བ་ནི་ཟག་པ་ཟད་པའོ། །དེ་དག་ལེགས་འོངས་ལགས་ཞེས་བྱ་བ་ནི་དེ་དག་གི་མིའི་ནང་དུ་འོངས་པ་དང་སོང་བ་ནི་ལེགས་པ་ཡིན་པའོ། །བདག་ནི་སྐལ་བ་དང་བྲལ་བ་སྟེ་ཞེས་བྱ་བ་ནི། བསོད་ནམས་ཉམས་པའོ། །བརྩེ་གནས་ཞེས་བྱ་བ་ནི་སྙིང་བརྩེ་བར་བྱ་
བའོ། །དྲག་པོའི་གནས་ཐོབ་པ་ཞེས་བྱ་བ་ནི་ཉམ་ང་བའི་གནས་སྐབས་སུ་གྱུར་པའོ། །མྱ་ངན་ཟུག་རྔུས་གཟིར་བ་ལགས་ཞེས་བྱ་བ་ནི་མྱ་ངན་གྱི་ཕུར་པས་ཟུག་པའོ། །ཟད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་གཏུགས་པར་མི་འགྱུར་བའོ། །ཀུན་དགའི་ར་བ་རྒྱལ་བུ་དུམ་བུ་ཞེས་བྱ་བ་ནི་ཀོ་ས་
ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ནུ་བོ་རྒྱལ་བུ་ནག་པོ་ཞེས་བྱ་བ་སྟེ་དེ་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དང་། བཙུན་མོའི་འཁོར་གྱིས་དེ་ལ་མེ་ཏོག་གིས་གཏོར་བ་རྒྱལ་པོས་ཐོས་ནས། རྒྱལ་པོས་དེའི་ལག་པ་དུམ་བུ་དུམ་བུར་གཏུབས་ཏེ་བཞག་པ་དང་། དེས་བདེན་པའི་ཚིག་
བརྗོད་ནས། དུམ་བུ་དེ་དག་ཕྱིར་འབྱོར་བར་འགྱུར་བ་ན་འཇིག་རྟེན་གྱིས་དེའི་མིང་དུམ་བུ་ཞེས་བྱ་བར་བཏགས་སོ། །དེ་སངས་རྒྱས་ལ་མངོན་པར་དད་པས་བཅོམ་ལྡན་འདས་ཀྱི་ཕྱིར་ཀུན་དགའི་ར་བ་བརྩིགས་ཏེ་མེ་ཏོག་དག་ཏུ་འབུལ་བས་ཀུན་དགའི་ར་བ་ཞེས་ཀྱང་བྱའོ། །ལྷ་མི་རྣམས་ཀྱི་
Vol. 157 · folio 175a
མཆོད་གནས་ཞེས་བྱ་བ་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའོ། །དེ་དག་གི་མཆོད་པའི་གནས་ནི་འཕགས་པ་ཤཱ་རིའི་བུ་ལ་སོགས་པའོ། །དེ་དག་གིས་ཀྱང་ཆེས་མཆོད་པ་ནི་ཐུབ་པ་ཞི་བ་བདག་ཉིད་ཅེས་བྱ་བ་སྟེ། །བཅོམ་ལྡན་འདས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
ཚུར་གཤེགས་སྤྱོན་ཞེས་བྱ་བ་ནི་ཚུར་གཤེགས་ཚུར་གཤེགས་ཞེས་བྱ་བའི་དོན་ཏེ་གུས་པར་སྒྲིམ་པའི་ཕྱིར་ལན་གཉིས་བཟླས་སོ། །མིག་ལ་ཕན་ཞེས་བྱ་བ་ནི་མིག་དང་མཐུན་པའོ། །ཟད་པར་སྔོན་པོའི་སྐྱེ་མཆེད་ཅེས་བྱ་བ་ནི་ཟད་པར་གྱི་སྐྱེ་མཆེད་བཅུའི་སྐབས་སོ། །ཐབས་ཀྱི་ཞགས་
པ་ཞེས་བྱ་བ་ནི་ལས་སྦྱང་བ་ལ་སོགས་པའོ། །བདག་ནི་སྔོན་ཆད་ལེགས་འོངས་གྱུར་ཅེས་བྱ་བ་ནི་ཕ་གསོན་པའི་ཚེ་ནའོ། །ཀུན་མཁྱེན་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །ལྕགས་འདྲ་བ་དག་གིས་ནི་ཞེས་བྱ་བ་ནི་བདག་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཉེས་པ་དུ་མས་གང་བའི་ཕྱིར་དང་།
ལས་སུ་མི་རུང་བའི་ཕྱིར་ལུས་ལྕགས་དང་འདྲ་བར་གྱུར་པའོ། །ཁྱོད་ཀྱི་གསུང་བདེན་པ་བཞི་བསྟན་པའི་མཆོག་ཐོས་པར་གྱུར་ནས། ད་ནི་གསེར་དང་འདྲ་བ་ཡི། །ཟག་པ་མེད་པའི་ལུས་ཀྱང་ཐོབ། །ཅེས་བྱ་བ་ནི་ཉོན་མོངས་པ་མེད་པའི་ལུས་ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །རིན་ཆེན་
ལ་སོགས་པ་འཐོབ་པ་དང་། །མཐོ་རིས་ཐར་པ་འཚལ་བ་ཡིས། །རྟག་ཏུ་ཕན་པ་བཞེད་པ་ཡི། །དགེ་བཤེས་བསྟེན་པར་བགྱི་བ་བཟང་། །ཞེས་བྱ་བ་ནི་རིན་པོ་ཆེ་དང་རྒྱལ་སྲིད་ལ་སོགས་པ་འཇིག་རྟེན་པའི་ཚེ་འདིའི་དོན་འཐོབ་པར་འདོད་པ་དང་། འཇིག་རྟེན་པའི་ཚེ་ཕྱི་མའི་དོན་མཐོ་རིས་
འདོད་པ་དང་། འཇིག་རྟེན་ལས་འདས་པའི་དོན་ཐར་པ་འདོད་པས་རྟག་ཏུ་ཕན་པ་བཞེད་པ་ཐུགས་རྗེ་དང་ལྡན་པ་དེ་བཞིན་གཤེགས་པ་རྣམས་བརྟེན་པར་བྱ་སྟེ་འདི་ལྟར་དགེ་བའི་བཤེས་གཉེན་རྣམས་དང་། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཟིན་པའི་སེམས་ཅན་རྣམས་བཟང་ཞིང་བདེ་
བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་མཛེས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང་། རྫོགས་པར་བསྙེན་པ་ཐམས་ཅད་ཀྱིས་མཛེས་པ་ཡིན་པའོ། །གང་དུ་རྡིབ་པ་ཞེས་བྱ་བ་ནི་བཀུར་སྟི་མ་ཡིན་པ་ཐོབ་པའོ། །ཀླུ་ཨ་མྲའི་ཆུ་ངོགས་པ་ཞེས་བྱ་བ་ནི་རྫིང་གི་ཆུ་གང་ཤིང་ཨ་མྲས་མཚོན་
Vol. 157 · folio 175b
པ་དེ་ནི་ཨ་མྲའི་ཆུ་ཡིན་ལ། ཆུའི་ངོགས་ན་གནས་པའི་ཀླུ་གང་ཡིན་པ་དེ་ནི་ཀླུ་ཨ་མྲའི་ཆུའི་ངོགས་པ་ཞེས་བྱའོ། །ཁོན་མ་མཆིས་པ་རྣམས་ལ་ཁོན་དུ་འཛིན་ཞེས་བྱ་བ་ནི་ཡིད་སྡང་བ་མེད་པ་རྣམས་ལ་ཡིད་སྡང་བར་འཛིན་པའོ། །མི་འགྲན་པ་རྣམས་ལ་འགྲན་ཚོལ་ཞེས་བྱ་བ་ནི་གནོད་པ་
མི་བྱེད་པ་རྣམས་ལ་གནོད་པ་བྱེད་པའོ། །མི་འཁུ་བ་རྣམས་ལ་འཁུ་ཞེས་བྱ་བ་ནི་མི་སླུ་བ་རྣམས་ལ་སླུ་བའོ། །གང་ཀླུ་ཨ་མྲའི་ཆུ་ངོགས་པ་འདུལ་བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་བྱ་བ་ནི་འཕགས་པ་ལེགས་འོངས་ཀྱི་ཆེ་བ་ཉིད་བསྒྲག་པའི་ཕྱིར་ཏེ། འདི་ལྟར་གང་ལ་བཅོམ་
ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་དག་ཀྱང་མི་འཇུག་པ་དེ་འདིས་བྱས་སོ་ཞེས་བསྟན་པའི་ཕྱིར་རོ། །ཁྱོད་ཀྱིས་ལུས་ཀྱི་དབང་པོ་བསྲུང་བར་བྱའོ་ཞེས་བྱ་བ་ནི་དགྲ་བཅོམ་པ་དང་བག་ཡོད་པའི་ཕྱིར་དང་། དགེ་འདུན་གྱི་ནང་ན་འཕགས་པ་ལེགས་འོངས་སེང་གེའི་སྒྲ་
སྒྲོག་ཏུ་གཞུག་པའི་ཕྱིར་རོ། །བཀའ་ཉན་ཞེས་བྱ་བ་ནི་འདའ་བར་མི་བྱ་བའོ། །གཡོ་བར་མི་ནུས་ཞེས་བྱ་བ་ནི་འགུལ་བར་མི་ནུས་པའོ། །ཤི་བར་གཏམ་ཐོས་སམ་ཞེས་བྱ་བ་ནི་ཤི་བར་གྲགས་པ་ཐོས་སམ་ཞེས་བྱ་བའོ། །དུལ་བའི་གནས་ཞེས་བྱ་བ་ནི་གདུལ་བའོ། །ཉེ་བར་མ་
ཞི་བ་ཞེས་བྱ་བ་ནི་སྐྱོན་ཅན་ནོ། །ཇི་བགྱི་བ་ཞེས་བྱ་བ་ནི་ཇི་ཞིག་བྱ་བའོ། །བྱ་མོ་ལབ་ཅེས་བྱ་བ་ནི་དགའ་བའི་སྦྱིན་པའོ། །ཀྲོག་ཀྲོག་དཀྲུགས་ཏེ་ཞེས་བྱ་བ་ནི་བསྡོམས་པའི་སྒྲ་ཀྲོག་ཀྲོག་དཀྲུགས་ཏེའོ། །ལོ་མ་མ་ཡིན་པའི་སྤྱིལ་བུ་ཞེས་བྱ་བ་ནི་རྡོ་ལ་སོགས་པ་ལས་བྱས་པའོ། །སྦྲུལ་ཕྲུ་གུ་
ཞེས་བྱ་བ་ནི་སྦྲུལ་གྱི་ཕྲུ་གུའོ། །མ་བསམས་སོ་ཞེས་བྱ་བ་ནི་སོ་སོར་མ་བརྟགས་པའོ། །འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ཞེས་བྱ་བ་ལ། འབྲུའི་ཆང་དང་བཅོས་པའི་ཆང་གི་མཚན་ཉིད་ནི་མྱོས་པར་འགྱུར་བར་བྱ་བ་སྟེ་ར་རོ་བར་བྱེད་པའོ། །དེ་འཐུང་བ་ནི་
མགུལ་དུ་མིད་པའོ། །མྱང་བ་ཞེས་བྱ་བ་ནི་མྱང་བར་བྱ་བ་མ་ཡིན་པས་མྱང་བ་སྟེ། རེག་བྱ་མིན་པར་ཤེས་པར་བྱའོ། །འབའ་ཞིག་ཅེས་བྱ་བ་ནི་དེ་ལ་སོགས་པ་དང་བྲལ་བའོ། །མ་འདྲེས་པ་ཞེས་བྱ་བ་ནི་མྱོས་པར་འགྱུར་བ་དང་བྲལ་བའོ། །དེ་ཇི་ལྟར་སྲིད་ཅེ་ན། དེའི་ཕྱིར་དེ་ཡང་
Vol. 157 · folio 176a
ཚ་ཉིད་དུ་གྱུར་པའོ་ཞེས་བྱ་བ་གསུངས་ཏེ་ཡང་མྱོས་པ་ཉིད་དུ་མི་འགྱུར་བ་ཡིན་ནོ། །ནུ་རྫི་ཞེས་བྱ་བ་ནི་སྙིགས་མའོ། །སྦང་མ་ཞེས་བྱ་བ་ནི་ཆང་གི་སྦང་མའོ། །ཚིགས་མ་ཞེས་བྱ་བ་ནི་མྱོས་པར་འགྱུར་བའི་ཚིགས་མའོ། །ཕབས་ཞེས་བྱ་བ་ནི་འབྲུའི་ཆང་དང་མནན་པའི་རྫས་ཏེ་འདི་
ལ་ནི་མགུལ་པར་བཏུང་བ་མེད་པས་ཉེས་བྱས་སུ་གསུངས་སོ། །མེ་ཏོག་དང་འབྲས་བུ་མོས་པར་འགྱུར་བ་དག་ཟ་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཡང་མགུལ་དུ་མིད་པའི་བཏུང་བ་མེད་པའི་ཕྱིར་རོ། །བསྐོལ་བ་འཐུངས་པ་ལ་ནི་མྱོས་པ་མེད་པའི་ཕྱིར་ལྟུང་བ་མེད་དོ། །ཁུར་བར་བསྲེལ་བ་
དག་ལུས་དག་སྐུད་པ་ནི་ན་བའི་ཕྱིར་ཉེས་བྱས་ཀྱང་མེད་དོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དེ་བདུན་ཅུ་རྩ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།མཆོག་ཐོབ་པ་ཞེས་བྱ་བ་ནི་བག་མར་འགྲོར་ཉེ་བའོ། །ལེགས་པར་སྦས་པ་ཞེས་བྱ་བ་ནི་གཞན་དག་གིས་ཟིལ་གྱིས་མི་
ནོན་པའོ། །ལེགས་པར་བསྲུང་བ་ཞེས་བྱ་བ་ནི་བདག་ཉིད་གཞན་དག་དང་མི་སྤྱོད་པའོ། །གྲོང་བར་ཞེས་བྱ་བ་ནི་ཕྱོགས་སོ། །ཕས་དྲངས་ཚུས་དྲངས་ཞེས་བྱ་བ་ནི་ཕན་ཚུན་ནས་དྲངས་པའོ། །སྤོབས་པ་ཅན་ཞེས་བྱ་བ་ནི་སེལ་གྱི་ཞག་པར་རྟོགས་པའོ། །གྲོག་མ་ཕྲ་མོ་ཞེས་བྱ་བ་ནི་ཐུར་མས་མཚོན་
དགོས་པ་ཆུང་ངུའོ། །ལུས་བརྟན་པ་ཞེས་བྱ་བ་ནི་སྟོབས་དང་ལྡན་པའོ། །མཁྲང་བ་ཞེས་བྱ་བ་ནི་ལུས་རྒྱས་ཤིང་ཧ་ཅང་གཞོན་ཤ་ཅན་མ་ཡིན་པའོ། །དམ་པ་ཞེས་བྱ་བ་ནི་ལུས་ཚིགས་ཤིན་ཏུ་འབྱོར་པའོ། །མགོ་དྲུང་བ་ཅན་གཅད་ཅེས་བྱ་བ་ནི་གཉའ་བ་གཅད་པའོ། །གསེར་གྱི་འོད་ལྟ་བུ་ཞེས་བྱ་བ་ནི་གསེར་གྱི་
འོད་འབར་བ་ལྟ་བུར་སེར་ལམ་མེར་འདུག་པའོ། །ནད་ངན་ཞེས་བྱ་བ་ནི་གཞང་འབྲུམ་མོ། །དགེ་སློང་འདུག་པ་ལ་སྨྲ་བར་བྱའོ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལ་ཁོ་བོ་གྲོང་དུ་འགྲོ་བའོ་ཞེས་སྨྲ་བར་བྱའོ། །བཀའ་མཆིད་ཀྱང་སུ་མེད་ཅེས་བྱ་བ་ནི་སུ་ཞིག་སེམས་ཞེས་བྱ་བའོ། །སྡང་བ་མ་མཆིས་
ཞེས་བྱ་བ་ནི་འདི་སྡང་བའི་སེམས་མེད་པའོ། །གནོད་པ་མ་བགྱིས་ཞེས་བྱ་བ་ནི་གནོད་པར་འགྱུར་བ་མ་བྱས་པའོ། །བ་ལང་གི་མཆོད་སྦྱིན་ཞེས་བྱ་བ་ནི་བ་ལང་མང་པོ་གསོད་པའོ། །བ་ལང་གི་འབུ་སྒྲ་ཞེས་བྱ་བ་ནི་བ་ལང་གི་སྒྲའོ། །རྔ་བྲན་ཞེས་བྱ་བ་ནི་བ་ལང་གཞོན་ནུའོ། །སེམས་པ་གཡོས་ཞེས་བྱ་བ་
Vol. 157 · folio 176b
ནི་ལས་འདུ་བྱེད་སེམས་པ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་མཆོད་རྟེན་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་སྐུ་གདུང་གི་མཆོད་རྟེན་ནོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དེ་བརྒྱད་ཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རྒྱུས་མི་ཤེས་ཞེས་བྱ་བ་ནི་དགེ་སློང་གི་རྣམ་པར་གཞག་པ་མངོན་
པར་མི་ཤེས་པའོ། །ཅི་བདེ་གྱིས་ཤིག་ཅེས་བྱ་བ་ནི་གདན་དག་སྟོབས་ཤིག་ཅེས་བྱ་བའོ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །ཞེས་བྱ་བ་ནི་གཞན་ལ་རག་ལས་པ་ནི་དགའ་བ་མ་ཡིན་པའི་ཕྱིར་རོ། །བདག་དབང་ཐམས་ཅད་བདེ་བ་ཡིན། །ཞེས་བྱ་བ་ནི་ཅི་དགར་ཉེ་བར་སྤྱད་དུ་ཡོད་པས་དགའ་བ་ཡིན་
པའི་ཕྱིར་རོ། །དེའི་ཕྱིར། ཐུན་མོང་དག་གིས་གནོད་བྱེད་དེ། །ཞེས་བྱ་བ་གསུངས་ཏེ། གཞན་ལ་རག་ལས་པའི་དོན་དག་གིས་ནི་གནོད་པ་སྐྱེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འབྲེལ་པ་ཤིན་དུ་འདའ་བར་དཀའ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཐུན་མོང་བའི་རྫས་དང་འབྲེལ་པ་རྐྱེན་དང་ཚོགས་
པའི་དབང་གཞན་ལ་རག་ལས་པས་གནོད་པ་བྱེད་པ་ཡིན་པ་དེའི་ཕྱིར་ཐུན་མོང་གི་རྫས་དག་གིས་གནོད་པ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཟས་ཐོབ་ནས་ཞེས་བྱ་བ་ནི་ཟས་ཆུང་ཟད་བྲིམས་ནས་སོ། །ཟས་མ་ཐོབ་པ་ཁོ་ནར་ཞེས་བྱ་བ་ནི་ཟས་ཡེ་མ་བྲིམས་པ་ཁོ་ནར་རོ། །ཟང་ཟིང་གི་ཆེད་
ལ་ཞེས་བྱ་བ་ནི་ཟང་ཟིང་གི་རྒྱུ་ལའོ། །ཆོས་ཀྱི་ཆེད་ལ་ཞེས་བྱ་བ་ཡང་ཆོས་ཀྱི་རྒྱུ་ལའོ། །རྒྱུ་བར་བྱེད་ཅེས་བྱ་བ་ནི་འགྲོ་བར་བྱེད་པའོ། །ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཁོ་བོ་ལ་མ་སྡོད་པར་བྲིམས་ཤིག་ཅེས་བསྒོ་བར་བྱ་སྟེ། སྦྱིན་བདག་ལ་དེ་སྐད་ཆེམས་གཞག་པར་བྱའོ། །
སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཞེས་བྱ་བ་ནི་ཅིག་ཅར་གསུངས་པས་སྔ་དྲོ་དང་གཉི་ག་ཁྱིམ་པ་ལ་མ་བསྒོ་བར་ཁྱིམ་རྒྱུར་སོང་ན་དངོས་གཞི་གཅིག་ཏུ་འགྱུར་གྱི། སྔ་དྲོའམ་ཕྱི་དྲོ་ཁྱིམ་དུ་སོང་བ་ལ་ནི་ཉེས་བྱས་སུ་རིག་པར་བྱའོ། །གྲོང་རྒྱུ་བའི་ལྟུང་བྱེད་དེ་བརྒྱད་ཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་
རྫོགས་སོ།། །།རི་རབ་ཀྱི་བང་རིམ་ཞེས་བྱ་བ་ནི་རི་རབ་ལས་རིམ་པ་ཕྱིར་འཐོན་པ་བཞི་ཡོད་པ་ནི་རི་རབ་ཀྱི་བང་རིམ་ཞེས་བྱ་བའོ། །གསེར་གྱི་རི་བདུན་ཞེས་བྱ་བ་ནི་གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། བལྟ་ན་སྡུག་དང་། རྟ་རྣ་དང་། རྣམ་པར་འདུད་དང་།
Vol. 157 · folio 177a
མུ་ཁྱུད་འཛིན་ཞེས་བྱ་བ་དག་གོ། །མཚོ་ཆེན་པོ་མ་དྲོས་པ་དང་། རྫིང་བུ་དལ་གྱིས་འབབ་པ་ན་ཞེས་བྱ་བ་ནི་དེ་དག་གི་དྲུང་ན་གནས་ཡོད་པའོ། །རིན་པོ་ཆེ་སྣ་བཞི་ཞེས་བྱ་བ་ནི་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་ལོ། །བསྐལ་པར་གནས་པ་ཞེས་བྱ་བ་ནི་འདིར་བསྐལ་པ་བར་མ་
བཞི་བཅུ་ལ་བསྐལ་པར་ཤེས་པར་བྱའོ། །ས་འཛིན་པ་ཞེས་བྱ་བ་ནི་ས་ཡོངས་སུ་སྐྱོང་བའོ། །འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཞེས་བྱ་བ་ནི་ནམ་མཁའ་ལྡིང་ངོ་། །དེ་དབྱུང་བར་མི་ནུས་ཞེས་བྱ་བ་ནི་ཟིལ་གྱིས་མི་གནོན་པའོ། །ཁྱད་པར་ཅན་མ་ལགས་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་མ་ཡིན་པའོ། །
ཁྱད་པར་ཅན་ཞེས་བྱ་བ་ནི་སྐྱེས་བུ་དམ་པའོ། །རྩིབ་རར་དངར་ཞེས་བྱ་བ་ནི་འགྲོ་བའི་སྟ་གོན་བྱས་པའོ། །ལྔ་ཉིད་དུ་བསྒྲུབས་ཞེས་བྱ་བ་ནི་གསད་པ་སྟེ་འབྱུང་བ་ཆེན་པོ་བཞི་དང་། ནམ་མཁའི་ཁམས་དང་ལྔའི་བག་ལ་ཞར་བྱས་པའི་ཕྱིར་རོ། །སྦྱིན་བདག་སྦྱིན་ཞེས་བྱ་བ་ནི་གཞན་ལ་ཕན་
གདགས་པའི་ཕྱིར་རོ། །བསོད་ནམས་དག་ཅེས་བྱ་བ་ནི་མཆོད་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ཞེས་བྱ་བ་ནི་འདྲ་བར་སྨིན་པས་རྣམ་པར་སྨིན་པ་སྟེ། །ལོངས་སྤྱོད་ཀྱི་འབྲས་བུ་ཡིན་ནོ། །གནོད་པ་མེད་པ་ཞེས་བྱ་བ་བདག་ལ་གནོད་པ་མེད་པ་སྟེ་གཏན་ཡོངས་སུ་བཏང་ཞིང་
ཕྱིས་ལྟོས་པ་མེད་པ་དང་། བདག་ལ་གནོད་པ་མེད་པ་སྟེ། གཞན་ལས་ཕྲོགས་པ་ལ་སོགས་པ་མ་ཡིན་པའོ། །འདོད་པར་བྱེད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བའོ། །ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བྱ་བ་ནི་འབྱོར་པ་རྒྱ་ཆེན་པོའོ། །ཨར་མོ་ནིག་ཅེས་བྱ་བ་ནི་ཐགས་མ་ཁྲ་བོའོ། །རྣམ་
པར་རྒྱལ་བྱེད་ཡིད་དུ་འོང་བ་ཞེས་བྱ་བ་ནི་རྒྱལ་མཚན་མཛེས་པའོ། །ཤུར་བུས་ལྷས་པ་ཞེས་བྱ་བ་ནི་ཐགས་སུ་བཏགས་པའོ། །སྟན་སྦྱར་མ་དང་། ནང་ཚངས་ཅན་དང་། ཁྲ་བོ་དང་། ཆེན་པོ་དང་། བཟང་པོ་དང་ཞེས་བྱ་བ་ནི་འོག་རིམས་སུ་གདིང་བའི་སྟན་ནོ། །སུམ་ཚན་གྱི་གོས་ཀྱི་སྟེང་གཡོགས་
ཞེས་བྱ་བ་ནི་སྟེང་རིམ་དུ་གདིང་བའི་སྟན་ཏེ་ཡུལ་སུམ་ཚན་ཞེས་བྱ་བ་ནས་བྱུང་བའི་རས་སོ། །སྟེང་ནས་བགོ་བའི་གོས་དང་བཅས་པ་ཞེས་བྱ་བ་ནི་ལུས་ཀྱི་སྟེང་ནས་བགོ་བའི་གོས་དང་བཅས་པའོ། །གཉིས་སུ་རྒྱབ་དམར་པོ་བཞག་པ་ཞེས་བྱ་བ་ནི་སྔས་དང་རྟེན་མའི་ཕྱོགས་སུ་སྔས་ནང་ཚངས་ཅན་
Vol. 157 · folio 177b
དམར་པོ་རེ་རེ་བཞག་པའོ། །རས་ཟུང་ཞེས་བྱ་བ་ནི་རས་ཡུག་གཉིས་སོ། །ཁར་བའི་ཟོ་བ་ཅན་ཞེས་བྱ་བ་ནི་འོ་མ་བཞོ་བའི་སྣོད་ཁར་བ་ལས་བྱས་པའི་ཟོ་བ་དང་བཅས་པའོ། །རས་བཅོས་བུ་ཕྲུགས་ཀྱིས་གཡོགས་པ་ཞེས་བྱ་བ་ནི་རས་ཟུང་གཅིག་གིས་གཡོགས་པའོ། །མགུལ་རྒྱན་དང་བཅས་
པ་ཞེས་བྱ་བ་ནི་གསེར་གྱི་མགུལ་རྒྱན་ཅན་ནོ། །ལྷག་པ་ཅན་ཞེས་བྱ་བ་ནི་སྦྲང་རྩི་ལ་སོགས་པའོ། །གཞིབས་པ་ཞེས་བྱ་བ་ནི་ཨ་མྲའི་འབྲས་བུ་ལ་སོགས་པའོ། །ཕྱི་རོལ་པ་ཞེས་བྱ་བ་ནི་འཕགས་པའི་ལམ་མ་སྐྱེས་པའོ། །འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདོད་
པའི་འདོད་ཆགས་སྤངས་པའོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་ངེས་པ་ལ་མ་ཞུགས་པ་སྟེ། འདིར་སོ་སོའི་སྐྱེ་བོ་ཞེས་སྨོས་པ་ནི་ཁ་ཅིག་ན་རེ་འདོད་ཆགས་དང་བྲལ་བ་དག་པས་ཀྱང་ཁྱད་པར་དུ་འཕགས་པ་ངོ་མཚར་ཆེ་བར་བསྟན་པའི་ཕྱིར་རོ། །ཁ་ཅིག་ན་རེ་རིགས་པ་ཐོབ་ནས་བརྩམས་ཏེ་འཕགས་
པའི་ལམ་ཐོབ་པ་དག་བྱང་ཆུབ་སེམས་དཔའ་ཡིན་པར་རྟོགས་པ་བསལ་བའི་ཕྱིར་རོ་ཞེས་ཟེར་རོ། །འཛམ་བུའི་ཚལ་དུ་འོངས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་འཛམ་བུ་གླིང་དུ་སྐྱེས་པའོ། །འདི་དྲང་སྲོང་གི་འོག་ཏུ་སྨོས་ལ་ཕྱི་མ་དག་ཏུ་མ་སྨོས་པ་ནི་སོ་སོའི་སྐྱེ་བོ་ཉིད་ཡང་དྲང་
སྲོང་འདོད་ཆགས་དང་བྲལ་བ་དག་དང་འདྲ་བར་བསྟན་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་ཟན་བྱིན་པ་ཞེས་བྱ་བ་ལ། འདིར་ཟན་བྱིན་པ་ཞེས་བྱ་བ་ནི་བཏང་བ་ལས་བྱུང་བ་ནི་མ་ཡིན་ཏེ། མངོན་པར་རྟོགས་པ་ལ་ཞུགས་པ་ཉིད་ལ་དེ་མེད་པའི་
ཕྱིར་རོ། །གཏན་གྱི་རྐྱེན་རིས་ཞེས་བྱ་བ་ནི་ཀུན་དགའི་ར་བ་དང་། ཞིང་དང་། ཟོང་ལ་སོགས་པ་སྦྱིན་བདག་གིས་ཡང་དང་ཡང་དུ་བསམ་མི་དགོས་པར་གཏན་གྱི་འཚོ་བ་འབྱོར་བར་འགྱུར་བའི་ཡོ་བྱད་དག་གོ། །མཐུན་པའི་མཆོད་སྦྱིན་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་མཐུན་པ་དང་མ་འདྲེས་
པའོ། །མི་རྟག་པར་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་གང་དངོས་པོ་རྣམས་ལ་ལན་འགའ་འབྱུང་བར་ལྟ་བའོ། །ཟད་པར་རྗེས་སུ་ལྟ་ཞེས་བྱ་བ་ནི་གང་དངོས་པོ་འབྱུང་བ་རྣམས་ལ་ཟད་པར་ལྟ་བའོ། །འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་ཞེས་བྱ་བ་ནི་གང་འདོད་ཆགས་སྤོང་བར་ལྟ་བའོ། །འགོག་པར་
Vol. 157 · folio 178a
རྗེས་སུ་ལྟ་ཞེས་བྱ་བ་ནི་གང་དངོས་པོ་ཟག་པ་དང་བཅས་པ་རྣམས་སྤོང་བར་ལྟ་བའོ། །སྤོང་བར་རྗེས་སུ་ལྟ་ཞེས་བྱ་བ་ནི་གང་དངོས་པོ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ལྟ་བའོ། །མདོ་འདི་ནི་ཁྱིམ་བདག་ངན་པ་
བཟང་བྱིན་གཟུགས་དང་གཟུགས་མེད་པ་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལ་སྦྱར་བར་བྱ་བའི་ཕྱིར་གསུངས་སོ། །མེའི་བྱ་བ་ཞེས་བྱ་བ་ནི་སྲེག་པ་ལ་སོགས་པའི་མེའི་ལས་སོ། །རིམ་པ་གསུམ་པ་ཞེས་བྱ་བ་ནི་ཆ་གསུམ་པའོ། །ཆེས་འཕགས་པ་ཞེས་བྱ་བ་ནི་འཕང་མཐོ་
བའོ། །ཆེས་གྱ་ནོམ་པ་ཞེས་བྱ་བ་ནི་ཆེས་གསལ་བའོ། །གཏམས་པ་བསྲུང་བ་ཞེས་བྱ་བ་ནི་གཏམས་པ་འཛིན་པའོ། །བརྒལ་ཞིང་བརྟག་པ་ཞེས་བྱ་བ་ནི་རིགས་པར་བདའ་བའོ། །རིགས་པས་བསྐྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པས་སོ། །ནོར་མང་བ་ཞེས་བྱ་བ་ནི་ཡུལ་གྱི་
ལོངས་སྤྱོད་ཉེ་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་མངོན་པ་ཞེས་བྱ་བ་ནི་དངོས་པོའི་མཚན་ཉིད་དེ་ཆོས་མངོན་པའི་བསྟན་བཅོས་སོ། །འདུལ་བ་ལ་མངོན་པར་ཞེན་ཞེས་བྱ་བ་ནི་བསླབ་པའི་གཞིའི་མཚན་ཉིད་དེ་འདུལ་བའི་ཆོ་གའོ། །ཡང་ན་འདོད་ཆགས་ལ་སོགས་པ་འདུལ་བ་སྟེ་
འཕགས་པའི་ལམ་མོ། །དུས་ཤེས་པ་ཞེས་བྱ་བ་ནི་དུས་དང་དུས་མ་ཡིན་པའི་བྱེ་བྲག་ལ་མཁས་པའོ། །དུས་རིག་པ་ཞེས་བྱ་བ་ནི་དུས་དང་དུས་མ་ཡིན་པར་རྗེས་སུ་བསྒྲུབ་པ་ལ་མཁས་པའོ། །ཝ་ལམ་ཅན་ཞེས་བྱ་བ་ནི་དུར་ཁྲོད་དོ། །བཙུན་མོའི་འཁོར་ལ་འོས་པའི་གོས་སོ་ཞེས་བྱ་
བ་ནི་སྲབ་མོ་ལུས་སྣང་བ་ཆགས་པར་འགྱུར་བའོ། །ནམ་མ་ནངས་པ་ཞེས་བྱ་བ་ནི་མཚན་མོ་མ་ཟད་པའོ། །ནམ་མ་ནངས་པ་ཉིད་བསྟན་པའི་ཕྱིར་སྐྱ་རེངས་མ་ཤར་ཞེས་བྱ་བ་གསུངས་ཏེ། སྐྱ་རེངས་དང་པོ་མ་ཤར་བའོ། །རིན་པོ་ཆེ་དག་ཅེས་བྱ་བ་ནི་སྒྲོན་མ་ལ་སོགས་པའི་ཆོས་ཀྱི་ནོར་བུ་
དང་མུ་ཏིག་ལ་སོགས་པ་དག་གོ། །རིན་པོ་ཆེར་སྨོས་པ་དག་གོ་ཞེས་བྱ་བ་ནི་རལ་གྱི་དང་དུང་ལ་སོགས་པ་བསྲུང་བ་དག་རྩེད་མོའི་ཆེད་དག་གོ། །མ་བསྡུས་པར་ཞེས་བྱ་བ་ནི་མ་བརྟུལ་བའོ། །རྒྱལ་པོ་ཞེས་བྱ་བ་ནི་དངོས་བརྩོན་པའོ། །སྒོ་གཏན་ཞེས་བྱ་བ་ནི་རྒྱལ་པོའི་བཙུན་མོའི་འཁོར་གྱི་
Vol. 157 · folio 178b
སྒོ་གཅད་པའི་ཤིང་ངོ་། །སྒོ་གཏན་གྱི་ཉེ་འཁོར་ཞེས་བྱ་བ་ནི་གང་ན་སྒོ་གཏན་ཏེ་མེད་པ་དེ་ན་འོས་པའི་ཉེ་འཁོར་གྱི་གནས་སོ། །འདའ་བར་བྱེད་ཅེས་བྱ་བ་ནི་ལུས་ཀྱིས་འདའ་བར་བྱེད་པའོ། །བཙུན་མོའི་གན་དུ་སོང་བ་ཞེས་བྱ་བ་ནི་ཉེ་བར་སྤྱད་པའོ། །གསང་ཚིག་ཅེས་བྱ་བ་ནི་ཚིག་གསང་བ་དག་གོ། །
གསད་པར་སེམས་པ་ཞེས་བྱ་བ་ནི་གསོད་པར་བྱེད་པའོ། །མཐོན་པོ་ཞེས་བྱ་བ་ནི་ཆེན་པོའོ། །གནས་དམའ་བ་ཞེས་བྱ་བ་ནི་གོ་འཕང་དམའ་བའོ། །འགྲོ་བ་ཞེས་བྱ་བ་ནི་གཡུལ་འགྱེད་པའི་ཕྱིར་འགྲོ་བའོ། །ལྡོག་པ་ཞེས་བྱ་བ་ནི་གཡུལ་ལས་ཕྱིར་ལྡོག་པའོ། །ཐོབ་རྒྱལ་དུ་བསྒྲགས་ནས་
ཞེས་བྱ་བ་ནི་གང་གིས་གང་བླངས་པ་དེ་མནངས་སུ་ཁྱེར་ཅིག་ཅེས་བསྒྲགས་ནས་སོ། །དེའི་འོག་ཏུ་ཆད་པ་ཆེན་པོ་རྗེས་སུ་སྟོན་པར་བྱེད་ཅེས་བྱ་བ་ནི་རྫས་འདོར་དུ་འཇུད་པའི་ཕྱིར་གསང་བ་ལ་བསྔགས་པའི་བསྡིགས་མོ་བྱེད་པའོ། །ད་ནི་མཇུག་བསྡུ་བའི་སྒོ་ནས་ཉེས་དམིགས་ལྷག་པ་དག་
བསྟན་པའི་ཕྱིར་དགེ་སློང་དག་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་པར་ཤེས་པར་བྱའོ། །གླང་པོ་ཆེའི་གནོད་པ་ཞེས་བྱ་བ་ནི་གླང་པོ་ཆེའི་ཕན་ཕུན་ཏེ་དེས་གནོད་པར་འགྱུར་བའི་ཕྱིར་རོ། །རུང་བ་མ་ཡིན་པ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་
དང་ཁོང་ཁྲོ་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཚུལ་དང་མཐུན་པ་མ་ཡིན་པ་ཞེས་བྱ་བ་ནི་ཁྱིམ་པའི་ལམ་ཉིད་ཀྱིས་མི་མཐུན་པའོ། །དགེ་སློང་གི་ཚུལ་དང་མི་མཐུན་པ་ཞེས་བྱ་བ་ནི་དགེ་སློང་གི་ཚུལ་དང་འགལ་བའོ། །ད་ནི་གདུལ་བའི་དབང་གིས་རྒྱལ་པོའི་ཕོ་བྲང་དུ་འཇུག་པ་ལ་ཇི་ལྟར་ཚུལ་
དང་མཐུན་པར་མི་འགྱུར་བ་དེ་བསྟན་པའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ་ཞེས་བྱ་བ་ལ་སོགས་རྒྱ་ཆེར་གསུངས་སོ། །མ་མཐོང་བའི་གྲོགས་ཞེས་བྱ་བ་ནི་མ་མཐོང་བར་སྙིང་དུ་སྡུག་
པའོ། །ཆུ་ཞེང་ཞེས་བྱ་བ་ལ། ཆུ་ཞེས་བྱ་བ་ནི་སྲིད་དོ། །ཞེང་ཞེས་བྱ་བ་ནི་རྒྱའོ། །རང་གིས་མཚོན་འདེབས་པ་ཞེས་བྱ་བ་ནི་རང་ཉིད་གཡུལ་འགྱེད་པའོ། །ནོར་བུའི་ཁྲབ་ཅེས་བྱ་བ་ནི་རིན་པོ་ཆེའི་ཡ་ལད་དོ། །དུས་ཚིགས་སུ་རེག་ན་བདེ་བ་ཞེས་བྱ་བ་ནི་ཚ་བའི་དུས་སུ་རེག་པ་བསིལ་ལ་གྲང་བའི་དུས་སུ་
Vol. 157 · folio 179a
ནི་རེག་པ་དྲོ་བའོ། །གཅད་དཀའ་བ་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པས་གཅད་དཀའ་བའོ། །དབུག་དཀའ་བ་ཞེས་བྱ་བ་ནི་མདའ་ལ་སོགས་པས་དབུག་དཀའ་བའོ། །དུག་འཇིལ་བ་ཞེས་བྱ་བ་ནི་དུག་གསོད་པའོ། །སྣང་བའི་བདག་ཉིད་ཅེས་བྱ་བ་ནི་འོད་གསལ་བའོ། །རིན་ཐང་མེད་
པ་ཞེས་བྱ་བ་ནི་རིན་ཐང་གྲངས་མེད་པའོ། །ལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ནི་མིག་གི་བློ་དག་གི་ལྟ་བས་ངོམས་མི་ཤེས་པ་སྟེ་ཡུལ་དེས་སྐྱོ་ནས་གཞན་ལ་རྟོག་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བྱས་ཟིན་ནས་ཞེས་བྱ་བ་ལ། བྱས་ཞེས་བྱ་བ་ནི་ཡན་ལག་དང་ཉིང་ལག་གཏོང་བའོ། །ཟིན་ནས་ཞེས་བྱ་
བ་ནི་གསལ་བ་དང་། སྤུ་རིས་དང་། བཅད་པ་ལ་སོགས་པ་བྱི་དོར་ཟིན་པའོ། །ཁས་ལེན་པ་ཞེས་བྱ་བ་ནི་སྐྱབས་སུ་ཁས་ལེན་པའོ། །བསླབ་པའི་གཞི་ཞེས་བྱ་བ་ནི་བསྒྲུབ་པའི་གཞིའོ། །འབྱུང་བ་ཞེས་བྱ་བ་ནི་འཇིག་རྟེན་དང་རྗེས་སུ་མཐུན་པར་རྟེན་ཅིང་འབྲེལ་པར་འབྱུང་བས་སྐྱེ་བའོ། །ལྡོག་པ་ཞེས་
བྱ་བ་ནི་འཇིག་རྟེན་གྱི་ལྡོག་པ་རྟེན་ཅིང་འབྲེལ་པར་འབྱུང་བས་འཁོར་བ་ལས་ཐར་པའོ། །མངོན་པར་སྤྲོ་བར་བྱ་ཞེས་བྱ་བ་ནི་བསྐུལ་བར་བྱ་བའོ། །གཙུག་ལག་ཁང་ལྔ་བརྒྱ་ཞེས་བྱ་བ་ནི་གནས་ཁང་ལྔ་བརྒྱའོ། །ཆུད་ཟ་བའི་མཚན་ཞེས་བྱ་བ་ནི་འཆི་ལྟས་སོ། །བསྙེན་བཀུར་ནི་བགྱིས་ལགས་ན་ཞེས་བྱ་
བ་ནི་མགུ་བ་བྱས་ཟིན་པའོ། །བརྟུལ་ཅེས་བྱ་བ་ནི་ཕན་ཚུན་བྱས་པའོ། །ཁྱིམ་གྱི་ནང་ན་གནས་ཞེས་བྱ་བ་ནི་བཙུན་མོའི་འཁོར་གྱི་ནང་ན་གནས་པའོ། །དགེ་སློང་ཨུ་དྲ་ཡ་ན་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ལ། མི་དབང་ཞེས་བྱ་བ་ནི་ཀྱེ་རྒྱལ་པོ་ཞེས་བོད་པའི་ཚིག་
གོ། །བོར་བའི་བསོད་སྙོམས་ཚོལ་བ་ཞེས་བྱ་བ་ནི་ཡོངས་སུ་བཏང་བའི་ཟས་ཚོལ་བར་བྱེད་པའོ། །ཇི་ལྟར་ཡོངས་སུ་མི་གདུང་བ་ཞེས་བྱ་བ་ནི་ཇི་མྱ་ངན་མི་བྱེད་དམ་ཞེས་བྱ་བའི་ཐ་ཚིག་གོ། །སྲང་ཚད་བརྒྱ་པ་ཞེས་བྱ་བ་ནི་སྲང་ཚད་བརྒྱའི་ཚད་དང་ལྡན་པའོ། །ཤས་བརླན་པ་ཞེས་བྱ་བ་ནི་ཤ་ཁུས་སྤངས་པའོ། །
རླུང་མེད་ཅེས་བྱ་བ་ནི་བདེ་ཞིང་དྲོ་བའོ། །སྒོ་གཏན་བསྡམས་པ་ཞེས་བྱ་བ་ནི་སྒོ་བཅད་པའོ། །མཚུངས་པ་ཞེས་བྱ་བ་ནི་རིགས་མཉམ་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་སྙིང་དུ་སྡུག་པའོ། །གུས་པར་ཉན་ཞེས་བྱ་བ་ནི་བསྒོ་བ་བཞིན་བྱེད་པའོ། །སྙན་སྨྲ་བ་ཞེས་བྱ་བ་ནི་སྙན་པར་སྨྲ་བའོ། །ནོར་མང་ལྡན་པའི་
Vol. 157 · folio 179b
མཛོད་ཅེས་བྱ་བ་ནི་ནོར་མང་པོས་གང་བའི་མཛོད་དོ། །ཅི་ཡང་མེད་པ་ཞེས་བྱ་བ་ནི་རྫས་ཅི་ཡང་མེད་པའོ། །ཨུ་དྲ་ཡ་ནས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །གལ་ཏེ་གདུལ་དཀའ་བ་གཞན་གྱི་ཟས་ཀྱིས་འཚོ་བྱེད་ན། མ་གྲུབ་པས་ནི་དེ་འདུལ་ཏེ། །གཉའ་ཤིང་བ་
ལང་འདུལ་བ་བཞིན། །ཞེས་བྱ་བ་ནི་སྐྱེས་བུ་གདུལ་བ་དཀའ་བའི་སེམས་ལེགས་པར་མ་དུལ་བ་ཆོག་མི་ཤེས་པར་གྱུར་ན་དེའི་ཕྱིར་དེ་རབ་ཏུ་བྱུང་སྟེ། གཞན་གྱིས་བྱིན་པའི་ཟས་ཀྱིས་འཚོ་བར་བྱེད་ན། གང་གི་ཚེ་གཞན་གྱི་ཟས་དེ་མ་གྲུབ་ཅིང་མ་ཐོབ་པས་དེའི་སེམས་གདུལ་དཀའ་བ་ཆོག་ཤེས་པ་
ལ་འཇོག་ཅིང་འདུལ་བར་བྱེད་དེ། དཔེར་ན་བ་ལང་གདུལ་དཀའ་བ་གཉའ་ཤིང་གིས་མནན་པས་ལེགས་པར་འདུལ་བ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དམན་པ་བཞིན་དུ་ཞེས་བྱ་བ་ནི་དབུལ་པོ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ཀྱིས་གང་དང་གང་འདོད་པ་ཞེས་བྱ་བ་ནི་སེམས་ཀྱིས་ཅི་དང་
ཅི་འདོད་པའོ། །ཨུ་དྲ་ཡ་ནས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་གང་ཞིག་འཇིག་རྟེན་ན། །ལུས་ཀྱིས་ཆོས་རེག་བཀྲེན་པ་མིན། །ཞེས་བྱ་བ་ནི་རྒྱལ་པོ་གང་ཞིག་ལུས་ཀྱིས་ཚུལ་ཁྲིམས་ལ་སོགས་པའི་ཆོས་ལ་རེག་འཛིན་པ་དེ་ནི་བཀྲེན་པ་དབུལ་བ་མ་ཡིན་པར་ཤེས་པར་བྱའོ་ཞེས་
བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ནི་ངེས་པར་ལྷ་ཉིད་དང་། །ཡང་ན་མྱ་ངན་འདའ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་ནི་ཉོན་མོངས་པ་ལྷག་མ་དང་བཅས་པ་ཉིད་དུ་རྣམ་པར་བཞག་ན་ཡང་ལྷ་ཉིད་དུ་མཐོ་རིས་སུ་གནས་པར་འགྱུར་བ་དང་། ཉོན་མོངས་པ་ལྷག་
མ་མེད་པར་རྣམ་པར་བཞག་ན་ནི་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་རོ། །མི་དབང་གང་ཞིག་ཆོས་སྤོང་ཞིང་། །འདི་ལ་ཆོས་མིན་དགའ་བྱེད་པ། །རྒྱལ་པོ་དེ་བཀྲེན་ཤེས་པར་བྱ། །མུན་ནས་མུན་པར་འགྲོ་བར་འགྱུར། །ཞེས་བྱ་བ་ནི་མིའི་དབང་པོ་རྒྱལ་པོ་གང་ཞིག་ཚུལ་ཁྲིམས་ལ་
སོགས་པའི་ཆོས་སྤོང་ཞིང་དྲན་ནས་ཚེ་འདི་ལ་ཆོས་མ་ཡིན་པ་སྡིག་པ་ལ་དགའ་བར་བྱེད་པའི་རྒྱལ་པོ་དེ་ནི་དབང་ཕྱུག་ཡོད་ཀྱང་བཀྲེན་པར་ཤེས་པར་བྱ་སྟེ། འདི་ལྟར་མུན་པ་ནས་མུན་པར་འགྲོ་བར་འགྱུར་ཏེ་སྡུག་བསྔལ་ནས་སྡུག་བསྔལ་ཆེན་པོ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་
Vol. 157 · folio 180a
གོ། །གང་འདོད་པར་ཞེས་བྱ་བ་ནི་གང་དགའ་བར་རོ། །བཅུ་པའི་བཅུ་པོ་འདི་ཞེས་བྱ་བ་ནི་ལོ་བཅུ་པའི་ཚད་ཀྱི་གནས་སྐབས་བཅུ་པོ་འདི་ལྟ་སྟེ་བྱིས་པའི་གནས་སྐབས་དང་། གཞོན་ནུའི་གནས་སྐབས་དང་ལང་ཚོའི་གནས་སྐབས་ལ་སོགས་པའོ། །རྩེད་མོ་ཞེས་བྱ་བ་ནི་དགའ་
དགུར་སྤྱོད་པའོ། །དགའ་བ་ཞེས་བྱ་བ་ནི་ཡིད་བདེ་བའོ། །བུ་ཡིས་དགའ་བ་སྟོན་བྱེད་དེ། །ཞེས་བྱ་བ་ནི་བུ་ནི་ཕ་དགའ་བའི་རྒྱུ་ཡིན་པའོ། །ཆུང་མས་ཁེངས་པ་རྗོད་པར་བྱེད། །ཅེས་བྱ་བ་ནི་ཡང་ཆུང་མ་ནི་ཁྱོ་ང་རྒྱལ་སྐྱེད་པའི་རྒྱུ་ཡིན་པའོ། །མཐར་བྱེད་པ་ལས་ཞེས་བྱ་བ་ནི་འཆི་བ་ལས་སོ། །རིག་སྔགས་
ཀུན་ཞེས་བྱ་བ་ནི་གསང་སྔགས་རྣམས་སོ། །དཔུང་དག་ཅེས་བྱ་བ་ནི་དམག་དག་གོ། །དཔའ་བརྟུལ་ཞེས་བྱ་བ་ནི་རང་གིས་ཕ་རོལ་གནོན་པའོ། །སྐྱོབ་ནུས་མིན་ཞེས་བྱ་བ་ནི་སྲུང་བར་མི་ནུས་པའོ། །ཁྱབ་འཇུག་གི་བུ་དང་། མུན་བྱེད་ཀྱི་བུ་དང་། སྒྲ་ངན་གྱི་བུ་དང་། སྐྱ་བསེང་གི་བུ་དང་ཞེས་བྱ་བ་
དག་ནི་མི་རིགས་ཀྱི་བྱེ་བྲག་གོ། །དེས་ཀྱང་འཆི་བ་བཟློག་མ་ནུས། །ཞེས་བྱ་བ་ནི་རྒྱལ་པོ་དེ་དག་གིས་ཀྱང་འཆི་བ་མི་འོང་བར་བཟློག་པར་མ་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྡོམ་བརྩོན་ཞེས་བྱ་བ་ནི་སེམས་ཀྱི་ངེས་པའོ། །དཀའ་ཐུབ་ཅེས་བྱ་བ་ནི་ལུས་ཀྱི་ངེས་པའོ། །ལས་ཞེས་བྱ་བ་ནི་སྐྱེ་བོ་མགུ་བར་བྱ་བ་
ལ་སོགས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་སྤྲོ་བའོ། །བརྟུལ་བ་ཞེས་བྱ་བ་ནི་འགྱེད་པའོ། །འཁོར་ཚོགས་ཞེས་བྱ་བ་ནི་གཡོག་འཁོར་གྱི་ཚོགས་སོ། །རྒྱ་ཆེན་ནོར་དག་གིས་ཞེས་བྱ་བ་ནི་ནོར་རྒྱ་ཆེན་པོ་དག་གིས་སོ། །མི་ཚུགས་ཞེས་བྱ་བ་ནི་ཟིལ་གྱིས་མི་ནོན་པའོ། །ཐི་བའི་མདོག་འདྲ་བ་ཞེས་
བྱ་བ་ནི་བསྲེགས་པའོ། །བོར་ཞིང་ཞེས་བྱ་བ་ནི་སྤངས་ཤིང་ངོ་། །ཕྱོགས་ཕྱོགས་རྣམ་འཐོར་བ་ཞེས་བྱ་བ་ནི་ལྷུ་ཚིགས་དག་བྲལ་ཞིང་ཡུལ་ཐ་དད་པར་རྣམ་པར་འཐོར་བའོ། །དུང་གི་མདོག་འདྲ་བ་ཞེས་བྱ་བ་ནི་དཀར་པོའོ། །བོར་ཞིང་ཞེས་བྱ་བ་ནི་བཏང་ཞིང་ངོ་། །ཀུ་བ་ལྟུང་བ་ལྟ་བུ་ཞེས་བྱ་བ་ནི་ཀུ་བ་
ལྟུང་བ་ལྟ་བུར་ས་ལ་འདུག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚ་ན་སྒྲིབ་པར་བྱེད་ཅིང་ཞེས་བྱ་བ་ནི་ཉི་མ་བྱུང་ན་གདུགས་ལ་སོགས་པས་སྒྲིབ་པར་བྱེད་པའོ། །གྲང་ན་གཡོགས་པར་བྱེད་པ་ཞེས་བྱ་བ་ནི་ལྷགས་པ་བྱུང་ན་གོས་ཀྱིས་དྲོ་བར་བྱེད་པའོ། །བདག་ཉིད་ཅེས་བྱ་བ་ནི་ལུས་སོ། །མི་འོས་ཇི་ཙམ་ཟས་
Vol. 157 · folio 180b
ཟོས་ཤིང་། །གྱོན་ནམ་ཡང་ན་བྱིན་པ་དེ། །དེ་ཡི་རང་གིར་ཤེས་བྱ་སྟེ། །གཞན་ནི་བོར་ཏེ་འགྲོ་བར་འགྱུར། །ཞེས་བྱ་བ་ནི་མི་གོས་དང་ཟས་དང་གོས་ཀྱི་བདག་པོས་བདག་ཉིད་ཀྱིས་ཟས་ཇི་ཙམ་ཟོས་ཤིང་གོས་ཇི་ཙམ་གྱོན་པ་དང་། གཞན་ལ་བྱིན་པ་གང་ཡིན་པ་དེ་ནི་དེའི་རང་གིར་ཤེས་པར་བྱའོ། །ལྷག་
པ་གཞན་གྱི་འདིར་བོར་ཏེ་བདག་ཉིད་འཇིག་རྟེན་ཕ་རོལ་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བླང་བར་བྱ་བ་བསྟན་པའི་ཕྱིར། མི་འོས་རྐུན་པོས་མི་འཕྲོགས་དང་། །གཞན་དང་ཐུན་མོང་མ་ཡིན་པའི། །གཏེར་ནི་སྦྱིན་པའམ་ཡང་ན་ནི། །ལེགས་བྱས་གཞན་གྱིས་སྦ་བར་བྱ། །ཞེས་
བྱ་བ་གསུངས་ཏེ། མི་འོས་པ་བསོད་ནམས་ཀྱི་གཏེར་ཆོམ་རྐུན་པས་མི་འཕྲོགས་པ་དང་། བུ་ལོན་པ་གཞན་དང་ཐུན་མོང་མ་ཡིན་པར་སྦྱིན་པས་སྦ་བར་བྱ་བའམ་ཡང་ན་ཚུལ་ཁྲིམས་དང་བསྒོམ་པའི་ལེགས་པར་བྱས་པ་གཞན་གྱིས་སྦ་བར་བྱ་སྟེ། བདག་ཉིད་ཀྱི་རྒྱུད་ལ་ཡོད་པར་བྱ་ཞེས་བྱ་བའི་
ཐ་ཚིག་གོ། །སྟག་གིས་རི་དགས་བསད་འདྲེན་ལྟར། །ན་རྒ་འཆི་བས་ཁྱོད་མྱུར་འདྲེན། །མཛའ་བཤེས་བློན་ཚོགས་ཀུན་འདུས་པས། །ཁྱོད་ཀྱི་ནད་ནི་སེལ་མི་ནུས། །ཞེས་བྱ་བ་ནི་དཔེར་ན་སྟག་གིས་རི་དགས་བསད་དེ་རང་གི་གནས་སུ་འདྲེན་པར་བྱེད་པ་ལྟར་ཁྱོད་ཀྱང་ན་བ་དང་། རྒས་པ་དང་།
འཆི་བས་མྱུར་དུ་བར་ཆད་མེད་པར་འཇིག་རྟེན་ཕ་རོལ་དུ་འདྲེན་པར་བྱེད་དེ། དེ་ལ་ཁྱོད་ཀྱི་ནད་ནི་མཛའ་བཤེས་དང་བློན་པོའི་ཚོགས་ཀུན་འདུས་པས་ཀྱང་སེལ་བར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བུ་ལ་སོགས་པ་ནོར་ལྷུར་ལེན་བསྟན་པའི་ཕྱིར། དེ་ལ་བཅད་ལྷག་ནོར་འབྲུ་དང་།
གསེར་དངུལ་གང་དག་ཡོད་པ་དང་། བུ་དང་ཆུང་མ་འཁོར་བཅས་དག །བགོ་སྐལ་ཉིད་དུ་སེམས་པར་བྱེད། །ཅེས་བྱ་བ་གསུངས་ཏེ། ཤི་བ་དེ་ལ་སྤྱད་པའི་ལྷག་མ་ནོར་དང་། འབྲུ་དང་། གསེར་དངུལ་ལ་སོགས་པ་གང་དག་ཕྱི་ན་ཡོད་པ་ལ་བུ་དང་། ཆུང་མ་གྲོགས་ཀྱི་འཁོར་དང་བཅས་པ་དག་
རིགས་རྒྱུད་ཀྱིས་འཐོབ་པའི་ནོར་གྱི་བགོ་སྐལ་ཉིད་ཡིན་པར་སེམས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཕ་ཤི་བུ་ལོན་ཆགས། །བུ་སྡུག་དེ་ལ་མེ་མི་ཁྱེར། །ཤི་ནའང་མི་འཆི་མི་ངུ་ཞིང་། །བདག་གི་ཕའམ་རྗེར་མི་སྨྲ། །ཞེས་བྱ་བ་ནི་གལ་ཏེ་ཕ་ཤི་བ་ནི་དེ་ལ་གཞན་གྱི་བུ་ལོན་ཆགས་པ་ཡོད་
Vol. 157 · folio 181a
ན་བུ་སྡུག་པ་ཡང་བདག་ལ་གཞན་གྱི་ཕའི་བུ་ལོན་ཆགས་པ་བདས་ཀྱི་དོགས་པས། ཕ་ཤི་བ་དེ་ལ་རོ་བསྲེག་པའི་མེ་མདུན་དུ་ཁྱེར་ལ། ཕ་ཤི་ན་ཡང་མཆི་མའི་བཞིན་གྱིས་མི་ངུ་ཞིང་། ཤི་བ་འདི་བདག་གི་ཕའམ་རྗེ་བོ་ཡིན་ནོ་ཞེས་ཀྱང་མི་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱུག་
ཤེས་བདག་གི་ཕ་ཟེར་ཞིང་། །སྐྲ་བཤིག་མཆི་མའི་བཞིན་གྱིས་ངུ་། །མེ་ཡང་མདུན་དུ་ཁྱེར་བྱེད་ཅིང་། །ཀྱེ་མ་འདི་ནི་ལྷར་འགྱུར་ཟེར། །ཞེས་བྱ་བ་ནི་གལ་ཏེ་ཕ་ཤི་བ་དེ་ཕྱུག་པོ་ཡིན་པར་ཤེས་ཞེས་བྱ་བ་ནི་བུ་ནོར་འདོད་པས་བདག་གི་ཕ་ཡིན་ནོ་ཞེས་ཟེར་ཞིང་ཤི་ན་སྐྲ་བཤིག་ཅིང་མཆི་མའི་བཞིན་གྱིས་ངུ་ལ།
རོ་བསྲེག་པའི་ཕྱིར་མེ་ཡང་མདུན་དུ་ཁྱེར་བར་བྱེད་ཅིང་ཀྱེ་མ་ཕ་འདི་ལྷར་སྐྱེ་བར་གྱུར་ཅིག་ཅེས་ཟེར་བའོ། །མེ་བཏང་ཞེས་བྱ་བ་ནི་མེ་སྤར་ནས་སོ། །དེ་གཅིག་སྐྱེ་ཞིང་སྐྱེ་ཚེ་གཅིག །དེ་བཞིན་གཅིག་འཆི་འཆི་ཚེ་གཅིག །ཅེས་བྱ་བ་ནི་སེམས་ཅན་དེ་ནི་གཅིག་ཏུ་སྐྱེ་ཞིང་སྐྱེ་བའི་ཚེ་ན་ཡང་གཅིག་པུ་ཡིན། གཅིག་
པུ་འཆི་ཞིང་འཆི་བའི་ཚེ་ན་ཡང་གཅིག་པུ་ཡིན་ཏེ་གྲོགས་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྐྱེ་འདིར་ཞེས་བྱ་བ་ནི་སྐྱེ་བ་པོས་འཁོར་བ་འདིར་རོ། །དེ་མཐོང་ཞེས་བྱ་བ་ནི་ན་བ་དང་། རྒས་པ་དང་། འཆི་བ་དང་བྲལ་བ་ལ་སོགས་པ་མཐོང་ནས་སོ། །འདི་ལ་ཞེས་བྱ་བ་ནི་ཚེ་འདི་ལའོ། །དམ་པ་
རྣམས་ལ་རབ་འབྱུང་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་རྣམས་རབ་ཏུ་འབྱུང་བར་བྱེད་པའོ། །ཁྱིམ་ན་འདུག་མི་བྱེད་ཅེས་བྱ་བ་ནི་ཁྱིམ་ན་གནས་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་འབྱུང་བའི་འབྲས་བུ་བསྟན་པའི་ཕྱིར། དེ་དག་ཆགས་པ་ཀུན་བྲལ་ནས། །ཕྱིན་ཆད་མངལ་གནས་འཇུག་མི་འགྱུར། །ཞེས་བྱ་བ་
གསུངས་ཏེ། སྐྱེས་བུ་དམ་པ་དེ་དག་སྲེད་པ་ལ་སོགས་པའི་ཉེས་པ་ཐམས་ཅད་དང་བྲལ་ཞིང་སྤངས་ནས་ཕྱིན་ཆད་མངལ་གྱི་གནས་སུ་མི་སྐྱེ་ཞིང་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བར་ཆད་མ་མཆིས་པའི་སྦྱོར་བས་ཞེས་བྱ་བ་ནི་རྒྱུན་མི་འཆད་པས་སོ། །དུས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དཔྱིད་ལ་
སོགས་པའི་དུས་སོ། །སྲེད་པ་ཕྱོགས་པ་དང་ལྡན་པ་ཞེས་བྱ་བ་ནི་མངོན་པར་འཕེལ་བའི་ངང་ཚུལ་དང་ལྡན་པའོ། །སོ་སོར་རྟོག་པའི་སྟོབས་ཞེས་བྱ་བ་ནི་དགེ་བའི་ཤེས་རབ་ཀྱི་སྟོབས་སོ། །རྡོ་གཅིག་གིས་ཞེས་བྱ་བ་ནི་གཅིག་གི་ཁར་རོ། །འགྱེས་རྔ་ཞེས་བྱ་བ་ནི་འགྱེས་པའི་རྔ་བོ་ཆེའོ། །ཕན་ཚུན་
Vol. 157 · folio 181b
ཞེས་བྱ་བ་ནི་འཁྲུག་ལོང་ངོ་། །ཁྱིམ་དད་པར་བྱེད་པ་ཞེས་བྱ་བ་ནི་ཁྱིམ་དག་འདུལ་བའོ། །རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ཞུགས་པ་ཡིན་པས་ཞེས་བྱ་བ་རབ་ཏུ་བྱུང་བ་ནི་གཞན་དག་ལ་ཕན་པས་ཡུན་རིང་པོར་བདེ་བས་རྗེས་སུ་འཛིན་ཅིང་ཕན་འདོགས་པར་བྱེད་པ་དེ་ཞུགས་པ་ཡིན་ན་ཞེས་བྱ་
བའི་ཐ་ཚིག་གོ། །གཉིས་ཀ་ནས་བཏུལ་ཞིང་ཞེས་བྱ་བ་ནི་སྐྱེས་པའི་སྒོ་དང་བུད་མེད་ཀྱི་སྒོ་གཉི་ག་ནས་བསྒྲུབས་པའོ། །བཞག་གོ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་པོ་དག་ལ་ངེས་པར་བྱས་པའོ། །ཁྱིམ་མི་དང་བཅས་པ་ཞེས་བྱ་བ་ནི་ཁྱིམ་གྱི་མི་དང་བཅས་པའོ། །དང་དུ་བླང་ཞེས་བྱ་བ་ནི་
རིགས་པར་བཟུང་བ་སྟེ་དེ་ལྟར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཀུར་སྟིར་བྱས་ཞེས་བྱ་བ་ནི་སེམས་ཀྱིས་གུས་པར་བྱས་པའོ། །བླ་མར་བྱས་ཞེས་བྱ་བ་ནི་བློས་བཟུང་བའོ། །རི་མོར་བྱས་ཞེས་བྱ་བ་ནི་ལུས་ཀྱིས་ཕྱག་ལ་སོགས་པ་བྱས་པའོ། །མཆོད་པ་བྱས་ཞེས་བྱ་བ་ནི་མེ་ཏོག་དང་། མཆོད་ཡོན་དང་
གོས་ལ་སོགས་པ་ཡོ་བྱད་དག་གིས་མཆོད་པའོ། །མི་སྡུག་པ་ཞེས་བྱ་བ་ནི་གཟུགས་མི་སྡུག་པའོ། །ཡམ་སྲེག་ཤིང་ཞེས་བྱ་བ་ནི་སྦྱིན་སྲེག་གི་བུད་ཤིང་ངོ་། །རྙིང་པ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་འབྲས་བུའོ། །སར་པ་ཞེས་བྱ་བ་ནི་བསོད་ནམས་གསར་རོ། །སྐྱེད་མི་བྱེད་ཅེས་བྱ་བ་ནི་འཕེན་པར་
མི་བྱེད་པའོ། །མཆི་མས་བརྣངས་པའི་བཞིན་ཞེས་བྱ་བ་ནི་ངུ་བ་བཞིན་ནོ། །བགགས་ཏེ་བསད་ཅེས་བྱ་བ་ནི་མགུལ་པ་བགགས་ཏེའོ། །གྲོང་སྤྲང་མོ་ཞེས་བྱ་བ་ནི་གྲོང་ཁྱེར་དུ་སྤྲང་མ་མོའོ། །མ་ལེགས་པ་བྱས་ཏེ་ཞེས་བྱ་བ་ནི་དགྲ་བཅོམ་པ་གསོད་པའི་སྦྱོར་བའི་སྦྱོར་བ་དེས་བྱས་པའི་ཕྱིར་རོ། །ལྷུང་
བཟེད་ཀྱི་ཆུ་ཞེས་བྱ་བ་ནི་ལྷུང་བཟེད་བཀྲུ་བའི་ཆུའོ། །ཐབས་ཡིན་གྱི་སང་ཁོ་བོ་བདག་ཉིད་དང་གཉིས་འོང་ཞེས་བྱ་བ་ནི་སླན་ཆད་མ་བྱོན་ཅིག་ཅེས་ཟེར་བ་ནི་དེས་བདག་གཅིག་པུ་དེ་བཞིན་དུ་མ་འོངས་ཤིག་ཅེས་བཟློག་གོ། །ཕྱིན་ཆད་བདག་གྲོགས་དང་བཅས་པ་མགྲོན་དུ་བོས་པ་ལྟ་སྙམ་དུ་བསམས་
པའོ། །འགྲངས་ཞེས་བྱ་བ་ནི་ཚིམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དང་པོའི་གོས་ཞེས་བྱ་བ་ནི་ཐོག་མ་གང་གྱོན་པའི་གོས་སོ། །སྣོག་ཟན་ཞེས་བྱ་བ་ནི་ཁྱི་བདག་མེད་པ་ན་བཟའ་བ་བསོད་པ་བྱེད་པའོ། །གདུང་བར་བགྱིད་པ་མང་པོ་དག་ཅེས་བྱ་བ་ནི་སྡུག་བསྔལ་བར་འགྱུར་བ་མང་པོ་དག་གོ། །
Vol. 157 · folio 182a
མེ་ཏོག་དག་དགྲམ་པར་བྱས་ཞེས་བྱ་བ་ནི་མེ་ཏོག་དག་གཏོར་བར་བྱས་པའོ། །སྨྱོ་བྱེད་ལྡན་གྱུར་ཏམ་ཞེས་བྱ་བ་ནི་སྨྱོ་བྱེད་ཀྱི་གདོན་གྱིས་ཟིན་ཏམ་བྱ་བའོ། །མྱོས་པར་གྱུར་ཏམ་ཞེས་བྱ་བ་ནི་ཆང་ལ་སོགས་པས་འདུ་ཤེས་མེད་པར་གྱུར་ཏམ་ཞེས་བྱ་བའོ། །འཆར་ཀ་ནག་པོ་ཞེས་
བྱ་བ་ནི་འཕགས་པ་འཆར་ཀ་སྔོན་བྱང་ཆུབ་སེམས་དཔའ་གཞོན་ནུ་རོལ་པའི་ཞམ་འབྲིང་དུ་སོང་བ་ན་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་དབུགས་ཀྱིས་བསྲེགས་ནས་ནག་པོར་གྱུར་པས་མིང་འཆར་ཀ་ནག་པོ་ཞེས་བྱ་བར་ཡང་བཏགས་པའོ། །གསང་སྔགས་ཀྱི་ཕུར་བུ་ཕྱུང་ཞེས་བྱ་བ་ནི་གསང་
སྔགས་ཀྱི་ལྷ་རྣམས་ཀྱི་མཐུ་ཉམས་པར་བྱས་པས་དེས་བཏབ་པའོ། །གང་སེམས་པ་ཞེས་བྱ་བ་ནི་ཡིད་ཀྱི་འདོད་པའོ། །གང་འདོད་པ་ཞེས་བྱ་བ་ནི་ཚིག་གི་འདོད་པའོ། །རླིག་བར་དུ་སོང་ཤིག་ཅེས་བྱ་བ་ནི་མདོམས་ཀྱི་ཕྲག་ཏུ་ཞུགས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཁ་ཚིག་གི་ཞར་ལ་ཞེས་
བྱ་བ་ནི་རིག་བྱེད་བརླག་པའི་ཆེད་དུའོ། །བློན་པོའི་སྐྱོན་ནི་ཆགས་པ་དང་། །ཞེས་བྱ་བ་ནི་དབང་དུ་མི་འགྱུར་བའོ། །ཟས་ལ་སྐྱོན་ནི་ཆགས་པ་དག །ཅེས་བྱ་བ་ནི་དུག་ལ་སོགས་པ་དག་གོ། །ཤེས་རབ་དང་ནི་འདུལ་ལ་མཁས། །ཞེས་བྱ་བ་ནི་ཤེས་རབ་དང་ཐ་སྙད་ལ་མཁས་པའོ། །མཛོད་གནས་ཞེས་
བྱ་བ་ནི་ནོར་དང་ལྡན་པའོ། །གོ་འཕང་གནས་ཞེས་བྱ་བ་ནི་དམག་དང་ལྡན་པའོ། །མ་བརྡུངས་ཞེས་བྱ་བ་ནི་དུམ་བུར་མ་བྱས་པའོ། །མ་བསལ་བ་ཞེས་བྱ་བ་ནི་ཤིན་ཏེ་མ་མེད་པར་མ་བྱས་པའོ། །མ་བསྲོས་པ་ཞེས་བྱ་བ་ནི་མ་བསྐོར་བའོ། །མ་བཙིར་བ་ཞེས་བྱ་བ་ནི་འཁྲུལ་འཁོར་གྱིས་མ་བཙིར་བའོ། །
ཕས་ཀྱིས་བསྡོ་བ་ཞེས་བྱ་བ་ནི་ཕ་རོལ་གྱིས་གནོད་པའོ། །ཡུལ་ཡོངས་སུ་བཏང་བ་ནི་མིང་ངོ་ཞེས་བྱ་བ་ནི་བླའི་ཞེས་བྱ་བའི་ཐ་ཚིག་གོ། །བཞིན་གྱུར་ཅིང་ཞེས་བྱ་བ་ནི་བཞིན་གྱི་དབྱིབས་གྱུར་ཅིང་ངོ་། །ཉམས་ཏེ་ཞེས་བྱ་བ་ནི་བཞིན་གྱི་མདོག་ཉམས་པའོ། །མཆི་མས་བརྣངས་པའི་སྙིང་གིས་ཞེས་བྱ་བ་
ནི་ངུ་སྐད་ཀྱིས་འགགས་པའི་གྲེ་བའོ། །གལ་ཏེ་དགྲ་ཁྱོད་ཞུགས་གྱུར་ན། །ཞེས་བྱ་བ་ནི་དགྲ་བོ་རྣམས་ཀྱི་ནང་དུ་ཞུགས་པར་གྱུར་ནའོ། །ས་ཕུང་འཕེལ་བ་ཉིད་དུ་བྱ། །ཞེས་བྱ་བ་ནི་བསད་དེ་དུར་ཁྲོད་དུ་གཞག་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དོན་དུ་དེ་ནུབ་ཅེས་བྱ་བ་ནི་དགྲ་བོ་གཅིག་པུ་དེ་གསད་པའི་དོན་དུ་
Vol. 157 · folio 182b
སྟོང་དང་བཅས་པའི་གྲུ་དེ་ཆུའི་ནང་དུ་ནུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་བདག་གིར་བྱ་བ་ཞེས་བྱ་བ་ནི་རག་ལས་པའོ། །ལས་ཀྱིས་རིང་དུ་འདྲེན་བྱེད་དེ། །ཞེས་བྱ་བ་ནི་ལས་ཀྱིས་ཡུལ་ཐག་རིང་བར་འཁྲིད་པར་བྱེད་པའོ། །རིང་ནས་ལས་ཀྱིས་འདྲེན་པར་བྱེད། །ཅེས་བྱ་བ་ནི་ཡུལ་ཐག་རིང་པོ་ནས་ལས་ཀྱིས་
འགུགས་པར་བྱེད་པའོ། །མི་མཆོག་ཁྱོད་ཀྱི་ཚུལ་དང་མཐུན་པ་ཡིན། །འཕགས་དངོས་མངོན་རྟགས་གང་ལགས་ཁྱོད་ཀྱིས་མཛད། །ཅེས་བྱ་བ་ལ། མི་མཆོག་ཅེས་བྱ་བ་ནི་བོད་པའི་ཚིག་གོ། །ཁྱོད་ཀྱི་ཡུལ་དང་མཐུན་པ་ཞེས་བྱ་བ་ནི་ཁྱོད་ཀྱི་བྱ་བའི་ལས་ཀྱི་ཆ་ཡིན་པས་ལས་སོ། །དེ་ཡང་གང་ཞེ་ན།
འཕགས་དངོས་མངོན་རྟགས་གང་ལགས་ཤེས། །ཞེས་བྱ་བ་ནི་སྟེ། སྐྱེས་བུ་དམ་པ་ཉིད་ཡིན་པར་ཉེ་བར་མཚོན་པར་བྱེད་པའི་ལས་གང་ཡིན་པའོ། །དེ་ཁྱོད་ཀྱིས་མཛད་ཅེས་བྱ་བ་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་པ་དང་། ཆོས་ཀྱི་དོན་དུ་རབ་ཏུ་བྱུང་བ་ལ་སོགས་པ་བྱས་པའོ། །ཞི་བ་དེ་ཡི་ཚུལ་མཐུན་གང་
ལགས་པ། །དེ་ནི་དེ་རིང་ཉེ་བར་གཟིགས་པར་འགྱུར། །ཞེས་བྱ་བ་ལ། ཞི་བ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །དེའི་ཚུལ་མཐུན་གང་ལགས་ཞེས་བྱ་བ་ནི་གཙུག་ཕུད་ཅན་དེའི་ཚུལ་དང་མཐུན་པ་ལས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པ་དང་། ཕ་གསོད་པ་ལ་སོགས་པ་འཕགས་པའི་དངོས་པོ་
མ་ཡིན་པའི་མངོན་རྟགས་གང་ཡིན་པ་སྟེ། དེ་ནི་དེ་རིང་ཁྱོད་ཀྱིས་གཟིགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྲས་ནི་ཁྱོད་གསོན་པར་མི་དགའ་སྟེ་ཞེས་བྱ་བ་ནི་ཁྱོད་ཀྱི་སྲས་གཙུག་ཕུད་ཅན་ནི་ཁྱོད་གསོན་པར་མི་དགའོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཅག་བྱུར་རན་ཅེས་བྱ་བ་ནི་བསོད་ནམས་ཆུད་
པ་སྟེ། མི་དགའ་བཞིན་དུ་དབང་མེད་པར་ཁྱོད་གསོད་པའི་གཤེད་མར་བསྐོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོས་བསྐོས་རྣམས་ཀྱིས་ཞེས་བྱ་བ་ནི་རྒྱལ་པོ་གཙུག་ཕུད་ཅན་གྱིས་མངགས་པ་རྣམས་ཀྱིས་སོ། །མང་དུ་ཐོས་པ་མདོ་སྡེ་དང་མངོན་པ་ལ་སོགས་པའི་བསྟན་བཅོས་ལ་མཁས་པའོ། །
མདུད་པ་ཞེས་བྱ་བ་ནི་བརྣབ་སེམས་དང་། གནོད་སེམས་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། །འདི་བདེན་སྙམ་དུ་ཞེན་མཆོག་ཏུ་འཛིན་པ་དབུས་ཀྱི་མདུད་པ་དག་གོ། །སྦྱོར་བ་ཞེས་བྱ་བ་ནི་འདོད་པ་དང་། སྲིད་པ་དང་། ལྟ་བ་དང་། མ་རིག་པའི་སྦྱོར་བ་དག་གོ། །
Vol. 157 · folio 183a
ཟུག་རྔུ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་དང་། འདོད་པ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དག་གོ། །སྒྲིབ་པ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་སྒྲིབ་པ་དག་གོ། །
རྒྱལ་པོའི་ཆོས་ཞེས་བྱ་བ་ནི་གྱ་གྱུ་ཅན་ལས་ཚེར་མ་ལྟ་བུར་དབྱུང་བར་བྱའོ་ཞེས་བསྟན་པ་ལ་སོགས་པའོ། །མཚམས་མེད་པ་ཞེས་བྱ་བ་ལ། མཚམས་ཞེས་བྱ་བ་ནི་བར་དུ་ཆོད་པའོ། །དེ་མེད་པར་འགྲོ་བ་དང་། མཚམས་མེད་པ་ལ་སོགས་པ་གང་གིས་བར་ཆད་མེད་པ་ཁོ་ནར་སེམས་ཅན་དམྱལ་
བར་ངེས་པར་འགྲོ་བའི་ལས་དེ་ནི་མཚམས་མེད་པ་ཞེས་བྱ་བའོ། །གཉིས་ཞེས་བྱ་བ་ནི་སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པས་འདིར་མཚམས་མེད་པ་གཅིག་ལ་མིང་གཉིས་སུ་བཏགས་པ་སྟེ་འགྱོད་པ་བསྐྱེད་པར་བྱ་བའི་ཕྱིར། མིང་གཉིས་སུ་བརྗོད་དོ། །སྡིག་པ་
སྡིག་པ་ལས་ཤོགས་ཤིག་ཅེས་བྱ་བ་ནི་ཉེས་པ་ཉེས་པ་ཉིད་དུ་སྨད་པའི་ཕྱིར་བཤགས་པར་བྱའོ། །བསླབ་པ་ཉིད་ཅེས་བྱ་བ་ནི་དེའི་གྲོགས་ཀྱི་ལས་སྦྱོར་བའི་དུས་ན་སྐྱེ་བ་ངེས་པར་མྱོང་བར་འགྱུར་བ་རྣམས་རྣམ་པར་མནན་པའོ། །ཡོངས་སུ་ཟད་པ་ཞེས་བྱ་བ་ནི་དངོས་གཞིའི་ཚེ་ན་སྐྱེ་བ་རྣམས་རྣམ་པར་
མནན་པའོ། །ཡོངས་སུ་མཐར་ཐུག་པ་ཞེས་བྱ་བ་ནི་མཇུག་གི་ཚེ་ན་སྐྱེ་བ་རྣམས་རྣམ་པར་མནན་པའོ། །ཤེས་པ་ལ་མཁས་པ་ཞེས་བྱ་བ་ནི་མཛངས་པའོ། །སྐྱེ་བོའི་བཀའ་མཆིད་ཅེས་བྱ་བ་ནི་འཇིག་རྟེན་པའི་གཏམ་མོ། །རེ་ཞིག་ཉི་མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་ཞེས་བྱ་བ་ལ་སོགས་པ་ནི་གྲོང་
ཁྱེར་བྱི་དོར་བྱ་བ་ནི་མེ་ཏོག་དང་གོས་ལ་སོགས་པའི་ཆར་འབབ་པ་ནི་སྐྱེ་བོའི་ཚོགས་དེའི་ལོངས་སྤྱོད་མྱོང་བར་འགྱུར་བའི་ལས་ངེས་པ་རྣམས་མཐར་ཐུག་པར་བྱ་བའི་ཕྱིར་འབབ་པར་ཤེས་པར་བྱའོ། །ཁར་ཕོར་ཞེས་བྱ་བ་ནི་ཁར་བའི་སྣོད་དོ། །བྱུར་བུར་གང་ཞེས་བྱ་བ་ནི་རྩེས་བཏགས་ཏེ་གང་བའོ། །
གྲོང་མི་རྣམས་ལ་ཞེས་བྱ་བ་ནི་གྲོང་ཁྱེར་ན་གནས་པའི་མི་རྣམས་ལའོ། །གསོལ་བ་འདེབས་པ་སྟེ་ཞེས་བྱ་བ་ནི་གོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གནས་གཞི་ཞེས་བྱ་བ་ནི་ལྷ་ཁང་གི་གནས་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པས་འགྲོ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་འགྲོའོ་ཞེས་བྱ་བའི་ཐ་ཚིག་
Vol. 157 · folio 183b
གོ། །འདོད་པའི་དྲི་ང་ཞེས་བྱ་བ་ནི་འདོད་ཆགས་ཀྱི་དྲི་ངའོ། །གཞོལ་བ་ཞེས་བྱ་བ་ནི་སྡོང་པོའི་དྲི་མ་འདུད་པའོ། །འབབ་པ་ཞེས་བྱ་བ་ནི་བར་གྱི་ཡལ་གའི་གྲིབ་མ་ཆེས་འབབ་པའོ། །བབ་པ་ཞེས་བྱ་བ་ནི་སྟེང་གི་ཡལ་གའི་གྲིབ་མ་ཤིན་ཏུ་འབབ་པའོ། །བུ་མོ་བཟང་མོ་ཞེས་བྱ་བ་ནི་སྐྱོན་མེད་པ་སྟེ་ཡ་
རབས་མ་ཡིན་པ་དང་། མ་རེག་ཅེས་བྱ་བའི་ཐ་ཚིག་གོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཞེས་བྱ་བ་ནི་རང་སངས་རྒྱས་ལ་བསྙེན་བཀུར་མ་ཡིན་པ་བྱས་པ་དེ་བདེ་བའི་རྒྱུ་ཉིད་དུ་ལྟ་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཨུ་དྲ་ཡ་ནའི་
རྟོགས་པ་བརྗོད་པ་འདིས་སྔོ་བསངས་ཅན་ཀཽ་ཤཱམྦཱིར་ཞུགས་པའི་དོན་དང་ལྡན་པ་རྒྱ་ཆེར་བསྟན་ཏོ།། །།ད་ནི་ཇི་ལྟར་སྔོ་བསངས་ཅན་བསྟན་པ་དེ་དང་འདྲ་བ་བྱུང་བའི་མཐའ་བཙུན་མོ་དཔལ་ལྡན་བྱུང་བ་ལ་བརྟེན་ནས། རྒྱལ་པོའི་ཕོ་བྲང་དུ་འཇུག་པ་གནང་བ་དེ་རྒྱ་ཆེར་བསྟན་པར་བྱའོ། །ཀཽ་ཤཱམྦཱི་ན་ཁྱིམ་
བདག་ནོར་བཟངས་ཞེས་བྱ་བ་ལ་སོགས་པ་ལ། གསེར་གཞག་པ་ཞེས་བྱ་བ་ནི་མི་སྤྱད་པར་སྦ་བའོ། །ཁྱིམ་ཁོལ་ཞེས་བྱ་བ་ནི་བཟའ་མི་ཙམ་གྱི་རྗེ་དཔོན་དེ་ཞིང་ལས་ཀྱིས་འཚོ་བའི་མི་དག་གོ། །ཆོས་དང་རིག་པས་ཞེས་བྱ་བ་ལ་འདིར་ཆོས་ཞེས་བྱ་བ་ནི་ཆགས་པ་མེད་པ་ལ་སོགས་པའོ། །རིག་པ་ཞེས་
བྱ་བ་ནི་འཇིག་རྟེན་གྱི་གདགས་པའོ། །རྒྱུ་བ་དང་གནས་པ་ལས་ཞེས་བྱ་བ་ལ་རྒྱུ་བ་ཞེས་བྱ་བ་ནི་འགྲོ་བའོ། །གནས་པ་ཞེས་བྱ་བ་ནི་འདུག་པའོ། །སྔོན་མ་བྱུང་བའི་རྟགས་དང་ཆ་ལུགས་ཅན་ཞེས་བྱ་བ་ནི་མ་གྲགས་པའི་རབ་ཏུ་བྱུང་བའི་ཆ་ལུགས་འཆང་བའོ། །འབྱོར་པ་ཐོབ་པ་དང་རྙེད་པ་ཐོབ་ཅིང་ཞེས་བྱ་བ་
ལ། འབྱོར་པ་ཐོབ་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་དོན་གྲུབ་པའོ། །རྙེད་པ་ཐོབ་པ་ཞེས་བྱ་བ་ནི་གྲུབ་པའི་ཁེ་སྤོགས་བྱིན་པའོ། །ཤིན་ཏུ་ལྷམ་མེ་ཞེས་བྱ་བ་ནི་ལུས་དང་འབྲེལ་པའི་གཟི་བརྗིད་ཀྱིས་གསལ་བའོ། །ལྷན་ནེ་ཞེས་བྱ་བ་ནི་ལུས་ལས་ཕྱིར་བྱུང་བའི་གཟི་བརྗིད་ཀྱིས་ཕྱིས་གསལ་བའོ། །ལྷང་
ངེ་ཞེས་བྱ་བ་ནི་དབྱིབས་དང་རྒྱན་གྱིས་མཛེས་པའོ། །མགྲོན་ཞེས་བྱ་བ་ནི་ཕན་གདགས་པའོ། །དབྱར་འདས་ནས་ཞེས་བྱ་བ་ནི་དབྱར་གྱི་དུས་འདས་ནས་སོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཞེས་བྱ་བ་ནི་དེ་དག་སྔར་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །
Vol. 157 · folio 184a
དཔེས་མཚོན་པ་གང་དག་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་སྤོང་བ་མེད་པར་གནོད་པ་ཁོ་ནར་ནི་འགྱུར་ཏེ་ས་བོན་མ་བཙལ་བའི་ཕྱིར་རོ་ཞེས་ཟེར་བདག་གི་ལུགས་ནི་གཞུང་འདི་དང་འགལ་བར་ཤེས་པར་བྱའོ། །བགྲོད་པ་ཞེས་བྱ་བ་ནི་གཞིའི་གནས་ནས་དངོས་སུའོ། །འགྲོ་བ་
ཞེས་བྱ་བ་ནི་ལམ་ཡོགས་སུ་ཞར་ལའོ། །གནས་པ་ཞེས་བྱ་བ་ནི་མི་གཡོ་བའི་ཚུལ་གྱིས་སོ། །དེ་ཐམས་ཅད་བྱས་ཤིང་བསྒྲུབས་ནས་ཞེས་བྱ་བ་ནི་གཙོ་ཆེར་བྱ་བ་ནི་བྱས་པ་མཐར་ཐུག་པར་བྱ་བ་ནི་བསྒྲུབས་ནས་སོ། །ཚལ་ཞེས་བྱ་བ་ནི་མེ་ཏོག་དང་འབྲས་བུ་མེད་པའི་ཚལ་ལོ། །རྒྱུན་ལུགས་ཉུང་ཞེས་
བྱ་བ་ནི་སྐྱེ་བོའི་འདྲུལ་ཟགས་ཉུང་བའོ། །གླག་ཅོར་ཉུང་ཞེས་བྱ་བ་ནི་སྒྲ་ཆུང་བའོ། །མཚན་མོ་སྒྲ་ཆུང་ཞེས་བྱ་བ་ནི་མེལ་ཚེ་བྱེད་པའི་སྐྱེ་བོ་དང་བཙུན་མོའི་འཁོར་གྱི་སྐྱེ་བོ་དང་། བྲམ་ཟེ་ལ་སོགས་པའི་སྐྱེ་བོས་མཚན་མོ་ཤིན་ཏུ་ཀུ་ཅོ་དང་གླུ་དབྱངས་དང་། གློག་གི་སྒྲ་ལ་སོགས་པས་འཁྲུག་པ་མེད་
པའོ། །འུར་སྒྲ་ཞེས་བྱ་བ་ནི་རྫ་རྔ་དང་རྔ་པ་ཊ་ཧ་ལ་སོགས་པའི་སྒྲ་ཆུང་བའོ། །གནས་བརྟན་དག་གིས་ཀྱང་ཞེས་བྱ་བ་ནི་བཅོམ་ལྡན་འདས་བཞུགས་པའི་དུས་ནི་དང་པོར་ཡང་དག་པར་སྡུད་པར་བྱེད་པ་དག་གིས་སོ། །རྟག་ཏུ་རྒྱུན་མི་འཆད་པར་ཞེས་བྱ་བ་ལ། རྟག་ཏུ་ཞེས་བྱ་བ་ནི་དུས་ཚིགས་ཐམས་ཅད་
དུའོ། །རྒྱུན་མི་འཆད་པ་ཞེས་བྱ་བ་ནི་སྐད་ཅིག་མའི་རྒྱུན་གྱིས་དེ་སྐད་ཅིག་རེ་རེ་ལ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་འབའ་ཞིག་མངོན་པར་འཕེལ་བར་ཞེས་བྱ་བ་ནི་སྐྱེ་བ་སྐྱེ་བའི་རྒྱུན་མི་འཆད་པའི་ཕྱིར་རོ། །བསོད་ནམས་འབའ་ཞིག་ཉེ་བར་སྐྱེ་བ་ཞེས་བྱ་བ་ནི་གཞན་དང་གཞན་སྐྱེ་བའི་ཕྱིར་རོ། །
རྫས་ལས་བྱུང་བ་ཞེས་བྱ་བ་ནི། ཕྱི་རོལ་གྱི་རྫས་ཀྱི་རྒྱུ་ལས་བྱུང་བ་སྟེ་ས་གཞི་ལ་སོགས་པ་ལ་ལྟོས་པའི་ཕྱིར་རོ། །བསོད་ནམས་བྱ་བའི་གཞི་ཞེས་བྱ་བ་ནི་བསོད་ནམས་ཞེས་བྱ་བ་ནི་དགེ་བའོ། །བྱ་བ་ནི་ཞེས་བྱ་བ་ནི་ལས་ཏེ། ལུས་ཀྱི་ལས་ལ་སོགས་པའོ། །གཞི་ཞེས་བྱ་བ་ནི་གནས་ཏེ་སེམས་པའི་
ཡུལ་ཡིན་པས་བསོད་ནམས་བྱ་བའི་གཞིའོ། །དེ་ལ་རིག་བྱེད་ལས་བྱུང་བ་རྣམ་པ་བདུན་སྦྱིན་པ་ནི་བསོད་ནམས་ཀྱང་ཡིན་ཏེ། དགེ་བའི་སེམས་ཀྱིས་བསླང་བའི་ཕྱིར་རོ། །བྱ་བ་ཡང་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཞི་ཡང་ཡིན་ཏེ་ལུས་དང་ངག་གི་ལས་སེམས་པས་
Vol. 157 · folio 184b
ཡུལ་དུ་བྱ་བའི་ཕྱིར་རོ། །རྫས་ལས་བྱུང་བ་མ་ཡིན་པ་ལ་བྱ་བ་ནི་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ངེས་པར་འབྱུང་བ་དང་ལྡན་པ་དང་། དེ་ལྟའོ་སྙམ་པ་དང་། དེ་ལ་བསྙེན་བཀུར་བྱའོ་སྙམ་པ་དང་། དེས་བསྟན་པ་རྗེས་སུ་བསྒྲུབ་པོ་སྙམ་པའོ། །དེ་ལྟ་བུའི་ལུས་ཀྱི་ལས་དང་ངག་གི་ལས་
རྣམ་པར་རིག་བྱེད་དང་། རིག་བྱེད་མ་ཡིན་པའི་ངོ་བོ་ཉིད་ནི་བསོད་ནམས་ཀྱང་ཡིན་ཏེ། དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་ཕྱིར་རོ། །བྱ་བ་ཡང་ཡིན་ཏེ། ལུས་དང་ངག་གི་ལས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཞི་ཡང་ཡིན་ཏེ་དེས་ཀུན་ནས་བསླང་བ་ནི་སེམས་པའི་ཡུལ་ཡིན་པའི་ཕྱིར་
རོ། །ཡང་བསོད་ནམས་ཞེས་བྱ་བ་ནི་དགེ་བ་དག་རྗེས་སུ་བསྒྲུབ་པའོ། །དེའི་རྒྱུ་ནི་བསོད་ནམས་བྱ་བའི་གཞི་སྟེ། དངོས་གཞི་སྦྱིན་པ་དང་ངེས་པར་བྱ་བ་ལ་སོགས་པའི་རྒྱུ་དག་གིས་བསོད་ནམས་བསྒྲུབ་པའི་ཕྱིར་རོ། །ཡང་ན་བསོད་ནམས་ཞེས་བྱ་བ་ནི་སེལ་བར་བྱེད་པས་བསོད་ནམས་ཏེ། འཕགས་
པའི་ལམ་མོ། །དེ་བསྒྲུབ་པར་བྱ་བ་ནི་བསོད་ནམས་བྱ་བའོ། །དེའི་རྩ་བ་བསོད་ནམས་བྱ་བའི་གཞི་སྟེ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ལམ་ལེགས་པར་བསྒྲུབ་པའི་ཕྱིར་རོ། །ཡང་ན་བསོད་ནམས་ཞེས་བྱ་བ་ནི་སེམས་ཅན་སེལ་ཞིང་སྦྱོང་བར་བྱེད་ཅིང་བསོད་ནམས་ཏེ། མྱ་ངན་ལས་འདས་པའོ། །དེའི་
དོན་བྱེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བསོད་ནམས་བྱ་བའོ། །དེའི་གཞི་ནི་རྒྱུའོ། །ཡང་དེ་ཉིད་གཞི་སྟེ་དེ་ལ་ཡུལ་དང་གནས་ཡོད་པས་བསོད་ནམས་བྱ་བའི་གཞི་སྟེ། སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཀྱིས་བརྒྱུད་པའི་འབྲས་བུ་ལམ་ཡིན་པའི་ཕྱིར་རོ། །འབྲས་
བུ་ཆེ་བའོ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་རྒྱ་ཆེ་བའོ། །ཕན་ཡོན་ཆེ་བ་ཞེས་བྱ་བ་ནི་ཚེ་འདིའི་འབྲས་བུ་གསལ་བའོ། །སྣང་བ་ཆེ་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་གསལ་བའོ། །རྒྱས་པ་ཆེ་བ་ཞེས་བྱ་བ་ནི་བདག་པོའི་འབྲས་བུ་རྒྱ་ཆེ་བའོ། །ཡང་ན་འབྲས་བུ་ཆེ་བའི་ཞེས་བྱ་བ་ནི་རྣམ་པར་
སྨིན་པའི་འབྲས་བུས་སོ། །ཕན་ཡོན་ཆེ་བ་ཞེས་བྱ་བ་ནི་བྲལ་བའི་འབྲས་བུས་སོ། །སྣང་བ་ཆེ་བ་ཞེས་བྱ་བ་ནི་དཔའ་བརྟུལ་ལ་སོགས་པ་གང་ཡིན་པའི་འབྲས་བུས་སོ། །རྒྱས་པ་ཆེ་བ་ཞེས་བྱ་བ་ནི་འཁོར་རྒྱ་ཆེ་བའི་འབྲས་བུས་སོ། །གདགས་སུ་རུང་བ་ཞེས་བྱ་བ་ནི་བསྟན་པར་ནུས་སམ་ཞེས་
Vol. 157 · folio 185a
བྱ་བའོ། །བསོད་ནམས་སམ་ཞེས་བྱ་བ་ནི་བརྒྱ་འགྱུར་རམ་སྟོང་འགྱུར་ཞེས་བྱ་བ་ལ་སོགས་པའོ། །བསོད་ནམས་ཀྱི་འབྲས་བུའམ་ཞེས་བྱ་བ་ནི་རྒྱལ་སྲིད་དམ་ལྷ་ཉིད་ཅེས་བྱ་བ་ལ་སོགས་པའོ། །བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་
འབྲས་བུ་ཚེ་རབས་བཅུའམ། ཚེ་རབས་བརྒྱའམ། ཚེ་རབས་སྟོང་ཞེས་བྱ་བ་ལ་སོགས་པའོ། །བསོད་ནམས་ཀྱི་ཚད་གཟུང་པར་མི་ནུས་ཏེ་ཞེས་བྱ་བ་ནི་འཇིག་རྟེན་པས་མཐའ་རྟོགས་པར་མི་ནུས་པ་སྟེ། གྲངས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བ་ནི། མྱ་
ངན་ལས་འདས་པའི་མཐའ་སྟེ། ཕུང་པོ་ཞེས་བྱ་བ་ནི་གྲངས་དང་ཐ་སྙད་དུ་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་མི་དད་པར་ཞེས་བྱ་བ་ནི་འདྲེས་པར་རོ། །འབབ་པ་ཞེས་བྱ་བ་ནི་འགྲོ་བའོ། །རྫས་ལས་བྱུང་བ་མ་ཡིན་ཞེས་བྱ་བ་ནི་རྫས་གང་དག་དང་བྲལ་བ་སྟེ། ས་གཞི་ལ་སོགས་པ་ལ་མི་ལྟོས་པའི་
ཕྱིར་རོ། །གྲོང་ཚིགས་ག་གེ་མོ་ཞེས་བྱ་བ་ནི་གྲོང་གི་ཕྱོགས་གང་ཡང་རུང་བའོ། །དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ངེས་པར་འགྱུར་བ་དང་ལྡན་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ལ། དགའ་བ་དང་མཆོག་ཏུ་དགའ་བ་དང་ཞེས་བྱ་བ་ནི། འཕགས་པའི་ལམ་ཐོབ་པའི་གང་ཟག་གི་ཡུལ་ལ་དགའ་
བ་དང་མཆོག་ཏུ་དགའ་བ་འཐོབ་པའོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་བལྟ་བར་བྱ། བསྙེན་བཀུར་བྱ། ཆོས་མཉན་པར་བྱ་བའོ། །དེའི་ཚིག་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་ནུས་པ་ཁ་ཕྱིར་བལྟས་ཏེ་འཇུག་པ་དང་།
ཁ་ནང་དུ་བལྟས་ཏེ་འཇུག་པ་ཉིད་དོ། །སེམས་འབའ་ཞིག་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞིར་སྨྲ་བ་དག་ནི་རྒྱ་ཆེན་པོ་ཞེས་བྱ་བ་ཆེ་བ་སྟེ། རྒྱུད་ཡོངས་སུ་འགྱུར་བ་ཆ་ཕྲ་མོ་སྐྱེ་བར་ནུས་པའོ་ཞེས་ཟེར་ཏེ། དེ་དག་ལ་འདོད་ཆགས་ལ་སོགས་པ་ལ་ཞེན་པ་དང་། དགེ་བའི་སེམས་ཉིད་དང་མི་
ལྡན་པས་དགེ་བའི་སེམས་དེ་དང་སེམས་ལས་བྱུང་བ་ཤིན་ཏུ་ཕྲ་མོ་ཡང་རྒྱུད་ལས་འགྱུར་བ་མེད་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འབའ་ཞིག་མངོན་པར་འཕེལ་བ་དང་། བསོད་ནམས་འབའ་ཞིག་མངོན་པར་ཉེ་བར་སྐྱེ་བ་ཞེས་བྱ་བ་དེ་མི་རུང་སྟེ། དགེ་བ་དང་མི་དགེ་བའི་གནས་སྐབས་དག་ཕན་
Vol. 157 · folio 185b
ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་སེམས་འབའ་ཞིག་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་བདུན་པ་ཡིན་པར་གྱུར་ན། དེ་ལྟར་རྫས་ལས་བྱུང་བ་མ་ཡིན་པ་བསོད་ནམས་བྱ་བའི་གཞི་བདུན་པ་ལ། སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་དག་ལེན་པར་བྱེད་པ་འདི་ནི་རྫས་
ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་བདུན་པ་ཡིན་ནོ། །བྱ་བ་དེ་རེ་ཞིག་མི་གསུང་བ་དེར་ཡང་བསླབ་པའི་གཞི་དག་བླངས་ནས་ཀྱང་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་འཐོབ་པར་བྱེད་པ་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་
བདུན་པ་ཡིན་ནོ་ཞེས་སེམས་ཀྱི་བྱེ་བྲག་བསྟན་པའི་ཚིག་བཀའ་སྩལ་པའི་རིགས་ན། དེ་སྐད་མ་གསུངས་པས་སེམས་པའི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞིར་མི་འགྱུར་རོ། །གང་དག་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་
བའི་གཞིར་འདོད་པ་དེ་དག་ལ་ནི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བླང་བའི་ཚིག་ཉིད་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པས་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་གཞི་བསྟན་པ་གྲུབ་པས་དེའི་འོག་ཏུ་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་
པ་ཐོབ་པར་བྱེད་པ་ཞེས་བྱ་བའི་ཚིག་མ་སྨོས་ཀྱང་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །དགའ་བ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །ངེས་པར་འབྱུང་བ་དང་ལྡན་པ་ཞེས་བྱ་བ་ནི་ངེས་པར་འགྲོ་བས་ན་ངེས་པར་འབྱུང་བ་སྟེ། འདོད་པ་དང་བྲལ་བའི་མིང་ངོ་། །དེའི་
དངོས་པོ་ནི་ངེས་པར་འབྱུང་བ་དང་ལྡན་པ་སྟེ་ཆགས་པ་མེད་པ་ཉིད་དོ། །དེ་དང་མཚུངས་པར་ལྡན་པའི་དགའ་བ་དང་མཆོག་ཏུ་དགའ་བ་ནི་ངེས་པར་འབྱུང་བ་དང་ལྡན་པ་ཡིན་ནོ། །ཚུར་གཤེགས་པར་རྩོལ་བ་ཞེས་བྱ་བ་ནི་ཚུར་བྱོན་པར་བརྩམས་པའོ། །གྲོང་ཚིགས་དེ་ཉིད་དུ་ཞེས་བྱ་བ་ནི་བདག་ཉིད་དུ་
འདུག་པའི་གྲོང་གི་གནས་སུའོ། །མཐོང་ནས་ཀྱང་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ནི་འཕགས་པ་འདི་ནི་ཞི་བ་ཉིད་ཀྱིས་འདི་ལས་བདག་གིས་ཆོས་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པར་རིག་བྱེད་ཀུན་ནས་སློང་བའོ། །
Vol. 157 · folio 186a
ཐོས་ནས་ཀྱང་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ནི་ཆོས་འདི་ནི་བཟང་གི་རྗེས་སུ་བསྒྲུབ་པར་བྱ་བ་ལ་སོགས་པའི་རྣམ་པའི་རིག་བྱེད་ཀུན་ནས་སློང་བའོ། །གཟུང་སླ་བར་བྱ་བ་དང་སྐྱེ་བོ་མ་ཐོས་པ་རྣམས་ཉན་དུ་
གཞུག་པའི་ཕྱིར་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྩམས་སོ། །མཚོ་མཆོག་ཅེས་བྱ་བ་ནི་གཏིང་དང་ཕ་རོལ་མེད་པའི་ཕྱིར་རོ། །བཀྲ་ཤིས་ཞེས་བྱ་བ་ནི་རྒྱ་མཚོ་ནི་ལྷ་བརྒྱ་ཕྲག་དུ་མས་གང་བའི་ཕྱིར་རོ། །གཙང་མ་ཞེས་བྱ་བ་ནི་གཙང་བ་
ཉིད་དེ། གཙང་བའི་གནས་སུ་བྱ་བ་གང་གཱ་ལ་སོགས་པ་ཐམས་ཅད་པས་ཀྱང་འདི་ཤི་བའི་རོ་དང་ལྷན་ཅིག་མི་གནས་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ངོགས་བདེ་བ་ཞེས་བྱ་བའི་རིམ་གྱིས་གཞོལ་བའི་ཕྱིར་དང་། ངོགས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །རིན་ཆེན་འབྱུང་
གནས་ཞེས་བྱ་བ་ནི་རིན་པོ་ཆེ་འབྱུང་བའི་ཕྱིར་རོ། །འདིར་དོན་ནི་འདི་ཡིན་ཏེ་གང་གཱ་ལ་སོགས་པ་མི་དང་རི་དགས་ཀྱིས་བསྟེན་པའི་ཆུ་ཀླུང་ཐ་དད་པར་འབེབ་པར་གྱུར་པ་དག་རྒྱ་མཚོར་འགྲོ་བ་དེ་བཞིན་དུ་བསོད་ནམས་ཀྱི་རྒྱུན་ཐ་དད་པ་དག་ཀྱང་སྦྱིན་བདག་གོས་དང་། ཟས་དང་། སྐོམ་དང་། མལ་
ཆ་དང་། སྟན་དང་གདིང་བ་སྦྱིན་པར་བྱེད་པའི་མི་ལ་རྣམ་པ་ཀུན་གྱི་སྒོ་ནས་འོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་ཀླུང་ཆུ་འབབ་རྒྱ་མཚོ་ཇི་བཞིན་ནོ། །ཞེས་བྱ་བ་ཡང་བཟླས་ཏེ་གསུངས་པ་ནི་བསོད་ནམས་ཀྱི་རྒྱུ་ཚད་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་ཆུ་ཀླུང་འབབ་ཅིང་ཆུས་གང་བ་
ཐ་དད་པ་དག་ལ་ཚད་མེད་པ་བཞིན་དུ་བསོད་ནམས་ཀྱི་རྒྱུན་དེ་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐད་ཕྱུང་ཞེས་བྱ་བ་ནི་གདངས་ཕྱུང་བའོ། །དེའི་ཚེ་ཡང་རྒྱལ་པོ་ཤར་བས་གདངས་ལས་ཤེས་པར་འགྱུར་བ་ལ་ཞེས་བྱ་བ་ནི་སྐད་ཕྱུང་བ་འདིས་དེ་དག་སྤྱན་དྲངས་སོ་ཞེས་བཤད་པའི་ཕྱིར་
རོ། །སྟོང་ཐུབ་ཅེས་བྱ་བ་ནི་གཅིག་པུས་སྟོང་ཐུབ་ཅིང་མི་འཕམ་པའོ། །མདའ་ལྔ་བརྒྱ་པའི་དོང་པ་གཉིས་ཞེས་བྱ་བ་ནི་མདའ་ལྔ་བརྒྱ་ལྔ་བརྒྱས་གང་བའི་དོང་པ་གཉིས་སོ། །དཔའ་བོ་ཡོངས་སུ་སྤང་བ་ཞེས་བྱ་བ་ནི་ལམ་དབྱེ་བའོ། །ཕན་ཚུན་མདའ་ཁར་དགྱེ་བ་ཞེས་བྱ་བ་ནི་མདའ་འཕངས་པའོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words