འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 161 · folio 1b
༄༅༅། །གང་ལ་ཤིང་བལ་གྱིས་གོས་པར་བྱ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཤིང་བལ་གྱིས་གོས་པར་བྱས་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་གྱི་ཁྲིའམ་ཁྲིའུ་དག་ལ་ཞེས་
བྱ་བ་ནི་གོང་དུ་བསྟན་ཟིན་ཏོ། །ཅི་རང་ཉིད་ཀྱིས་གོས་པར་བྱས་པ་ལའམ་ཞེ་ན། དེའི་ཕྱིར་རང་ངམ་བསྐོས་པས་སོ་ཞེས་བྱ་བ་སྨོས་སོ། །འདིར་ཤིང་བལ་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་
ཤིང་བལ་ནི་ལྔ་སྟེ། ཤམ་ལའི་དང་། ཨརྐའི་དང་། ཀ་ཤའི་དང་། སྤྲ་བའི་དང་། ཨེར་ཀའི་འོ་ཞེས་བྱ་བ་སྨོས་ཏེ། འདི་ནི་འདྲེས་པས་ཉམས་པར་བྱེད་པ་སྟེ། ཚིག་དེ་དག་ནི་གོས་དང་ལུས་མ་
རུངས་པར་གྱུར་པ་དགག་པའི་ཕྱིར་རོ། །ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དོ། །ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་རྐང་པའི་བསླབ་པའི་གཞི་ལས་བསླབ་པའི་གཞི་གསུམ་པ་ཞེས་བྱ་བར་བརྗོད་དོ། །
དེ་ལ་གང་གིས་ཞེས་བྱ་བ་ལྟོས་པ་ལ་བརྗོད་པར་བྱ་སྟེ་གདིང་བའིའོ་ཞེས་བྱ་བ་སྨོས་ཏེ། དེའི་ཚད་གང་ཞེ་ན། དེའི་ཕྱིར་འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ་ཞེས་བྱ་བ་སྨོས་སོ། །མི་ཆོག་ན་ཁྲུ་ཕྱེད་དང་
Vol. 161 · folio 2a
དོ་མན་ཆད་བཀྱེད་དོ་ཞེས་བྱ་བ་ནི་གང་ལ་ཁྲུ་གསུམ་གྱིས་མི་ཆོག་པ་དེས་ཇི་ཙམ་བཀྱེད་པས་དོན་འགྲུབ་པ་དེ་ཙམ་བཀྱེད་པར་བྱ་སྟེ། ཁྲུ་ཕྱེད་དང་དོ་མན་ཆད་བཀྱེད་པར་བྱའོ། །ཆེན་པོ་དང་བར་མ་དང་ཁྲུ་ཕྱེད་ལས་བསྒྲུབ་
པར་མི་བྱ་བའི་དོན་ཏོ། །འདིའི་ཞེང་དུ་ནི་ཁྲུ་དོ་དང་སོར་དྲུག་གོ་ཞེས་བྱ་བ་ནི་འདིའི་ཚད་ཅེས་བྱ་བ་དང་སྦྱར་རོ། །དེ་ཆུང་ངུ་ལ་བྱིན་གྱིས་རློབ་ན་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་གདིང་བ་དེའོ། །འོག་མ་གཉིས་ལ་ཡང་ངོ་ཞེས་བྱ་བ་ནི་གཡན་པ་དགབ་
པ་ལས་གྱུར་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་ཞེས་བྱ་བ་གཉིས་ལ་ཡང་ཚད་པས་ཆུང་བ་ལ་བྱིན་གྱིས་བརླབས་པ་ལ་ཉེས་བྱས་སུ་འགྱུར་བའོ། །བྲམ་ཟེའི་བུ་མོ་ལས་མདོ་གཉིས་པོ་འདི་ཡིན་ཏེ། འོག་མ་གཉིས་ལ་དེར་ཚིག་
སྦྱར་ཏེ། དབྱར་གྱི་རས་ཆེན་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །དེ་བཞིན་དུ་གཡན་པ་དགབ་པ་ཡང་དེ་དང་འདྲའོ་ཞེས་གསུངས་པ་ཡིན་ཏེ། དེའི་རྗེས་སུ་འབྲང་བས་གདིང་བ་ལ་ཡང་དེ་སྐད་ཅེས་སྨྲས་སོ། །གཞན་འདི་ཚད་ལས་
འདས་པའི་རྣམ་པར་གཞག་པ་ནི་ཉེས་བྱས་འདི་གཞན་དུ་རིག་པར་བྱ་སྟེ། འདིར་གཏོགས་པ་ནི་མ་ཡིན་ནོ། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དོ། །ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ལྟུང་བྱེད་བཞི་པ་གང་ཡིན་པ་བརྗོད་
Vol. 161 · folio 2b
པ། དེ་ལ་གང་གིས་ཞེས་བྱ་བ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། དེའི་ཕྱིར་གཡན་པ་དགབ་པའི་འོ་ཞེས་བྱ་བ་སྨོས་སོ། །དེའི་ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་ཁྲུ་དྲུག་དང་གསུམ་མོ་ཞེས་བྱ་བ་སྨོས་ཏེ། སྲིད་དུ་ནི་ཁྲུ་དྲུག་གོ། །ཞེང་དུ་ནི་གསུམ་མོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་
བྱེད་དོ། །ལྔ་པ་གང་གིས་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ལ་གང་ཞིག་ཞེས་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། དེའི་ཕྱིར་དབྱར་གྱི་རས་ཆེན་གྱིའོ་ཞེས་བྱ་བ་སྨོས་ཏེ། དེའི་ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་དགུ་དང་གསུམ་དང་སོར་བཅོ་བརྒྱད་དོ་ཞེས་བྱ་བ་སྨོས་ཏེ།
ཁྲུ་ཞེས་བྱ་བར་སྦྱར་རོ། །སྲིད་དུ་ནི་ཁྲུ་དགུའོ། །ཞེང་དུ་ནི་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དོ།། །།སྟོན་པ་རང་གི་ཁྲུ་ལྔ་དང་གསུམ་པའི་ཆོས་གོས་སོ་ཞེས་བྱ་བ་ནི་གང་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་
པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེའི་ལུས་ཙམ་མེད་པར་དེའི་ཚད་དམ་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་ལས་ལྷག་པར་བྱེད་དམ་བྱེད་དུ་བཅུག་པ་ལའོ། །ཅི་བདེ་བར་གཤེགས་པའི་ཆོས་
གོས་ཀྱི་ཚད་ཐམས་ཅད་ལ་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་དེའི་ལུས་ཙམ་མེད་པར་ཞེས་བྱ་བ་སྨོས་ཏེ། གང་ལ་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པ་དེས་སོ། །བདེ་བར་གཤེགས་པའི་སྐུའི་ཚད་ཀྱི་ལུས་ཡོད་པ་ལ་ནི་ལྟུང་བ་མེད་དོ། །
དེའི་འོག་ཏུ་ལྷག་པ་ལ་ནི་ཅི་རིགས་པར་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ལ་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པ་དེས་དེ་ལ་ཆོས་གོས་ཀྱི་ཚད་ལ་སོགས་པ་བྱེད་དམ་བྱེད་དུ་བཅུག་པ་ལ་ལྟུང་བྱེད་དོ། །བདེ་བར་གཤེགས་པའི་ཆོས་གོས་ལས་ནི་ཆུང་ལ་
རང་གི་ལུས་ལས་ནི་ཆེ་བའི་ཆོས་གོས་བྱེད་དམ་བྱེད་དུ་བཅུག་པ་ལ་ཉེས་བྱས་སོ། །གང་ལ་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་མམ། དེ་ལས་ལྷག་པའི་ལུས་ཡོད་པ་དེས་རང་གི་ཁྲུ་སུམ་འགྱུར་ལ་སོགས་པ་བྱེད་དམ་བྱེད་དུ་བཅུག་ན་ལྟུང་བྱེད་དེ་སུམ་འགྱུར་དུ་མ་ཆོག་པ་ལ་ཉེས་བྱས་ཞེས་
Vol. 161 · folio 3a
བྱ་བར་འདིར་རྣམ་པར་གཞག་པར་རྟོགས་པར་བྱའོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས་ཚད་དང་ལྡན་པར་བགྱིད་པ་ལ་ལྟུང་བར་འགྱུར་བ་དང་། ཚད་དང་ལྡན་པར་མི་བགྱིད་པ་ལ་ལྟུང་བར་མི་འགྱུར་བ་འགའ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཡོད་དེ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ལྟུང་བྱེད་དོ། །དཀྱིལ་འཁོར་གྱི་ཚད་དུ་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་བཅང་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་ཆོས་གོས་སམ་བདེ་བར་གཤེགས་
པའི་ཆོས་གོས་ལས་ལྷག་པ་བྱེ་བྲག་མ་སྨོས་པའི་ཕྱིར་རོ། །ལུས་དང་འབྲེལ་པས་སམ་གཞན་ཡང་རུང་སྟེ། བྱིན་གྱིས་བརླབས་ནས་སམ་རྣམ་པར་བརྟགས་ནས་སམ། རྣམ་པར་མ་བརྟགས་པར་བཅང་བར་མི་བྱའོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས་བཙུན་པ་བདེ་བར་
གཤེགས་པའི་ཆོས་གོས་ཙམ་ལས་དེ་འདིར་གསུངས་པ་ཡིན་ཏེ། དེ་ནི་ཆོ་གའི་རྗེས་སུ་འབྲང་བར་འོག་མ་ཡང་ཁོངས་སུ་བསྡུས་པར་རིག་པར་བྱའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ། །ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་
སོ།། །།དགེ་སློང་མ་ལས་བསོད་སྙོམས་ལེན་པའི་སོ་སོར་བཤགས་པར་བྱ་བ་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ། །ཅི་ཞིག་
རྗེས་སུ་སྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་རང་གིས་མི་འདྲིམ་པར་བསྒྲུབས་པའི་བཅའ་བ་དང་བཟའ་བ་བདག་ཉིད་གྲོང་ན་འདུག་པས་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་གྲོང་ངམ་གཞན་གང་ཡང་རུང་བ་ན་འདུག་པས་རང་གི་ལག་གིས་མི་འདྲིམ་པའི་རྣམ་པས་དགེ་
སློང་བདག་ཉིད་གྲོང་ན་འདུག་པས་རང་གི་ལག་གིས་བླངས་ཏེ་བཅའ་བ་དང་བཟའ་བ་དག་ཞེས་པའི་དོན་ཏོ། །རང་གིས་ཞེས་བྱ་བ་ནི། བྱིན་ལེན་བྱེད་པ་པོ་ལ་སྨོས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་སྦྱིན་བདག་ཉིད་མ་ཡིན་པས་ཏེ། དེའི་རྗེས་སུ་འབྲངས་ནས་འདི་བྱས་པ་ཡིན་ནོ། །རྗེས་སུ་
Vol. 161 · folio 3b
མཐུན་པ་གཞན་ལ་ལེན་པ་ལ་ཀུན་ནས་ཆགས་པའི་དམིགས་ཀྱིས་བསལ་བ་ཞེས་བྱ་བ་རང་གི་གཟུང་བ་ལ་ཡོངས་སུ་ཤེས་པའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་མའི་དབྱར་ཁང་ན་མཆིས་པ་ན་དགེ་སློང་མ་གྲོང་ན་གནས་པས་མཆིས་སམ་བཅའ་བ་དང་བཟའ་བ་རྩོལ་ལ། དེས་དེ་
ན་མཆིས་པ་ལས་ལེན་ཅིང་བླངས་ནས་འཚལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདིར་ལེན་པ་པོ་གྲོང་ན་གནས་པའི་ཉིད་རྟེན་ཏོ། །སྦྱིན་པ་མོ་ལ་ནི་ཁྱད་པར་མེད་དོ། །གཉིས་ཀ་ལ་ཡང་འདིའི་ཡན་ལག་ཉིད་ལ་འདིར་ཉེས་བྱས་སུ་རྣམ་
པར་གཞག་པའོ། །གང་ཞིག་ལམ་ལ་བརྟེན་པས་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ནི་ཞེས་བྱ་བ་གསུངས་ན་དགེ་སློང་ལ་གྲོང་ན་གནས་པ་ཉིད་འདི་ལ་བསྟན་པའི་དོན་དུ་ཚུལ་འདི་ཞུ་བའི་གཞུང་འདི་ཉིད་ལས་ཤེས་པར་བྱའོ། །གང་ཞིག་འདི་རྫས་ཞེས་བྱ་བའི་ཚིག་འདི་ལས་རང་གིས་མི་འདྲིམ་
པར་ཞེས་བྱ་བ་མདོར་བྱས་པས་བསོད་སྙོམས་སྡུད་པ་ལ་འདི་བསྟན་པ་ཡིན་གྱི་མི་མཐུན་པའི་རྣམ་པ་ཉིད་ཀྱང་འདིར་རྣམ་པར་གནས་པ་ཡིན་ནོ། །དབྱར་ཁང་ནི་གྲོང་ཉིད་མ་ཡིན་ནོ་ཞེས་བྱ་བའི་གཞུང་ནི་ཞུ་བ་ལས། ལྟུང་བ་མེད་དོ་ཞེས་སྔར་བསྟན་མ་ཐག་པ་ཡིན་ནོ། །དགེ་སློང་གི་གནས་
ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་གྲོང་ཉིད་མ་ཡིན་པའོ། །འདིར་གཞུང་ནི་ཞུ་བ་ལ་སོགས་པའི་གཞུང་ཁ་ཅིག་ལས། བཙུན་པ་རེ་ཞིག་གནས་ཙམ་དུ་འཛིན་པ་ཡོད་དེ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཁྱིམ་གཞན་དུ་ཞུགས་པ་ལས་བཅའ་བ་དང་བཟའ་བ་བླངས་ཏེ་འཆོས་ཤིང་
འཚལ་ན་ལྟུང་བར་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་དགེ་སློང་གནས་ན་འདུག་པས་དགེ་སློང་མའི་ཁྱིམ་གཞན་ན་འདུག་པ་ལས་ལེན་ནའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མའི་གནས་ལས་དགེ་སློང་གི་གནས་ལ་དགོས་པའི་ཁྱད་པར་འདི་ཡོད་པ་མ་ཡིན་ཏེ། དེ་བས་ན་སྔ་མ་
ལས་ཀྱང་འདི་ཐོབ་པའོ། །ནམ་མཁའ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་གྲོང་གི་སྟེང་གི་ནམ་མཁའ་ལ་འདུག་པ་བླངས་ཏེ་ཟ་ན་ཉེས་བྱས་སུ་འགྱུར་བ་ཞེས་བྱ་བའི་དོན་ཏོ། །འཇོག་པར་བྱེད་པ་ཉེ་བར་མི་གནས་ན་གཞག་པ་ལེན་པ་ནི་དེ་ལས་མ་ཡིན་ནོ་ཞེས་བྱ་བའི་ཚིག་ནི་འཇོག་པར་བྱེད་པས་བཟའ་བར་
Vol. 161 · folio 4a
བྱ་བ་གང་ཡིན་པ་འཇོག་པར་བྱེད་པ་ཉེ་བར་མི་གནས་པ་ལ་དེ་ལེན་པར་བྱེད་ཀྱང་འཇོག་པར་བྱེད་པ་དེའི་དྲུང་ནས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་མས་གྲོང་དུ་བཞག་པར་གྱུར་པ་དགེ་སློང་གིས་ཡིད་གཅུགས་པས་བླངས་ཏེ་ཟ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་
པ་ཡིན་ནོ། །གལ་ཏེ་ཡིད་གཅུགས་པ་མེད་པས་ལེན་ན་ནི་ཁ་ན་མ་ཐོ་བ་འདིར་མི་འགྱུར་ཏེ། འོན་ཀྱང་མ་བྱིན་པར་ལེན་པར་གཏོགས་པའོ། །དེ་ལྟ་བས་ན་ཡིད་ཆེས་པའི་ཚིག་འདི་ལ་བྱེད་པའོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ།། །།
བཤགས་པར་བྱ་བ་གཉིས་པ་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་དེའམ་དགེ་སློང་གཞན་དག་ལ་བཟའ་བའམ་བཏུང་བ་འམ་སྲན་ཚོད་དམ། བཅའ་བའམ་ཡང་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་བསྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ་ནི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ།
སོགས་པ་ཞེས་བྱ་བའི་སྒྲས་ནི་ཟས་ལྷག་མ་དག་སྟོབས་པ་ཡང་བསྡུས་པའི་ཕྱིར་རོ། །བསྐོ་ཤམ་བྱེད་པ་ཞེས་བྱ་བ་འདིས་འདི་ལ་འབྲེལ་པ་ཡིན་ཏེ། དེའི་འདི་ངོ་བོ་ཉིད་བརྗོད་པ་ཡིན་ནོ། །བསྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་པ་ལ་ནི་དེ་བས་ན་ཚིག་འདིའོ། །དེའམ་
དགེ་སློང་གཞན་ལ་ཞེས་བྱ་བ་ལ། དེའམ་ཞེས་བྱ་བ་ལྟུང་བ་འབྱིན་པ་པོ་ཉིད་ལ་མངོན་པར་བརྟེན་པའི་དགེ་སློང་གཟུང་བའོ། །ཅི་དགེ་སློང་མ་དེ་ལྟ་བུར་གྱུར་པ་ཐམས་ཅད་ཀྱི་འདུག་པ་དེ་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་དེའི་ཚིག་གིས་སམ། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་
ནའོ་ཞེས་བྱ་བ་སྨོས་ཏེ་བསྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་དེ་ལ་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་ནའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དེའི་ཚིག་གིས་ཉེ་དུའི་གནས་ནས་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བསྐོ་ཤམ་བྱེད་པ་ལ་སྤྱིར་གཏང་བ་བསྟན་ནས་དམིགས་ཀྱིས་བསལ་
བ་བསྟན་པའི་ཕྱིར་བྱུག་རིས་སྟོན་པ་དང་། མ་བྱིན་པ་ལ་བྱིན་དུ་འཇུག་པ་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། རེ་ཞིག་འདིར་བྲིམས་ཤིག་ཅེས་བྱ་བ་ལ་སོགས་པས་གྲལ་རིམས་བཞིན་དུ་མདུན་དུ་བྱུག་རིས་སྟོན་པར་བྱེད་པའོ། །མ་བྱིན་པ་ལ་སྦྱིན་དུ་འཇུག་པ་ནི། མ་བྱིན་པ་ལ་སྦྱིན་དུ་འཇུག་པའོ། །
Vol. 161 · folio 4b
ཅི་ཞིག་བྱས་ན་དེ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་དེ་ལ་དགེ་སློང་གང་ཡང་རུང་བས་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བར་དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ནའོ་ཞེས་བྱ་བ་སྨོས་ཏེ། སྡོད་ཅིག་ཅེས་བྱ་བ་ནི་འདི་ནི་
བཟློག་པའི་དོན་ལ་མཚོན་པ་ཡིན་ཏེ། སུས་མ་བསྒོ་བར་ཞེ་ན། དེའི་ཕྱིར་དགེ་སློང་གིས་ཞེས་བྱ་བ་སྨོས་ཏེ། ཅི་ལྟུང་བ་འབྱིན་པར་བྱེད་པ་ཁོ་ནས་སམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨོས་སོ། །སྔར་ལངས་པ་དེས་བསྒོ་བ་བྱས་ན་ཡང་དེ་ལ་བསྒོ་བ་ཉིད་ཡིན་པས་
དེའི་ཕྱིར་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་དགེ་སློང་གཞན་དག་ཟོས་ཏེ་འབྱུང་ཞིང་གཞན་དག་འཇུག་པས་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ལངས་པར་གྱུར་ཟིན་ཅིང་གཞན་དག་འཁོད་པར་གྱུར་ན་འདུག་པའི་མདུན་རོལ་དུ་ཞུགས་པ་མ་ཡིན་ཏེ། དེའི་ཕྱིར་
འདིར་ཟན་གཅིག་པ་ཉིད་མི་འཐད་པའོ། །དེ་བས་ན་ཟ་བ་པོ་ཐམས་ཅད་མ་ལངས་པ་ཉིད་ལ་སུ་ཞིག་གིས་ལངས་ན་ཞེས་བྱ་བའི་དོན་ཏོ། །འདིར་ཟན་གཅིག་པའི་དབང་དུ་བྱས་ཏེ་འདི་བརྗོད་པར་རྣམ་པར་གནས་པ་ཡིན་ནོ། །དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་ནའོ་ཞེས་བྱ་བ་ནི། དེ་ཟོས་པ་ལའོ། །
ཅི་མགྲོན་དུ་བོས་པ་གང་ཡང་རུང་བ་ཟོས་པ་ལའམ་ཞེ་ན། དེའི་ཕྱིར་ཁྱིམ་དུའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་མགྲོན་དུ་བོས་པ་དེས་སོ། །ཁྱིམ་ཉིད་དུ་ཟོས་ན་སྟེ་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་དགོན་པ་དང་གཙུག་ལག་ཁང་ལ་སོགས་པ་སྦྱིན་
བདག་ཁྱིམ་གྱི་མི་ཐམས་ཅད་འདུས་པའམ་དེས་བསྐོས་པ་ལ་སོགས་པ་ཉེ་བར་གནས་པས་ཟ་བས་ཏེ། དེའི་ཁྱིམ་དུ་ནི་མ་ཡིན་ཞེས་ཤེས་པར་བྱའོ། །ཁྱིམ་ཞེས་སྨོས་པས་ནི་དེས་ཁོངས་སུ་བསྡུ་བ་འགྲུབ་པའི་ཕྱིར་རོ། །འདིར་རང་གི་ཚོགས་རྣམས་ལས་དམན་པ་བདག་ཉིད་གནས་པས་མ་མོའི་
ཚོགས་ཀྱི་ཆོས་སོ། །རིགས་འདི་གང་གིས་འདི་ཉེས་པར་སྤྱོད་པ་དེ་བས་ན་ཤིན་ཏུ་དམན་པར་ཁས་ལེན་པར་གྱུར་པ་འདིའི་ཟང་ཟིང་འཕྲོག་པ་ཉིད་རྟེན་དུ་གྱུར་པ་ཟང་ཟིང་གི་གཙོ་བོ་ཉིད་དུ་རྗེས་སུ་འགྲོ་བར་གྱུར་པ་གང་ཞིག་བདག་པོར་མ་གྱུར་ཀྱང་བདག་པོ་བཞིན་དུ་རང་གི་ཚོགས་ཀྱི་ཁོངས་སུ་བསྡུས་པ་མ་མོའི་
Vol. 161 · folio 5a
ཚོགས་ཟང་ཟིང་ལ་འཇུག་པར་གྱུར་པ་ལྷག་པར་གནས་ཏེ་ཟང་ཟིང་དེ་ལ་ཉེ་བར་ལོངས་སྤྱོད་པ་དེ་བས་ན་འདི་ནི་ཁ་ན་མ་ཐོ་བའོ། །མང་པོར་གྱུར་པ་རྣམས་ལ་དེ་ལྟར་མི་བརྟེན་པ་འདིར་ཡོངས་སུ་གྱུར་པ་ཁྱིམ་གྱི་ཟས་ལས་གཞན་པས་འདིར་ཤིན་ཏུ་དཀའ་བ་ཉིད་ཀྱི་ཕྱིར་ཉེ་བར་
གནས་པ་ལ་ཡང་ཁྱིམ་གྱི་སྐྱེ་བོ་ལ་འདིར་ཤིན་ཏུ་རྫོགས་པར་གྱུར་པ་ཉིད་ཀྱིས་གསོལ་བ་ཉམས་པའོ། །དེ་བས་ན་འདི་རྣམས་ལ་འདིར་ཁྱད་པར་རྣམས་བརྟེན་པའོ། །ཁྱིམ་གྱི་ཟན་ལས་གཞན་པ་གཙུག་ལག་ཁང་ལ་སོགས་པའི་ཟན་ལ་གཅིག་གམ་གཉིས་ཟ་བར་བྱེད་ན་རྗེས་སུ་འབྲངས་པས་
རྟོགས་པར་བྱའོ། །འདིར་དགེ་སློང་མ་ཐག་ཇི་སྲིད་ན་འདུག་པར་གྱུར་པ་ན་ཁ་ན་མ་ཐོ་བ་ཇི་ལྟ་བུའི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་བ་ན་དངོས་གཞིའོ། །གལ་ཏེ་མི་རུང་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ་སྲིང་མོ་ཁྱོད་སྡོད་ཅིག་ཅེས་བྱ་བ་སྨོས་ན་གལ་ཏེ་དགེ་སློང་མ་
འདི་ཉེ་བར་སྤྱོད་པ་ཐོབ་པར་འགྱུར་ཏེ། གང་དུ་སྨྲ་བར་ནུས་ན་ལྟུང་བ་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །གལ་ཏེ་ཉེ་བར་མ་གདམས་ཤིང་མ་བསྒོ་ན་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མ་དག་གི་སོ་སོར་བཤགས་པར་བྱ་བ་ལ་འདིར་ཉེས་བྱས་ཀྱི་གཞུང་ནི་གང་དག་བར་མའི་ས་
ལ་ཟ་བར་བྱེད་པ་དེ་རྣམས་ཀྱིས་དྲི་བར་བྱའོ། །དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ། །གང་དག་སྒོ་ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །
འདིར་དངོས་གཞིའི་གཞུང་ནི་དགེ་སློང་དག་ཁ་ཅིག་ནི་ཁང་ཐོག་ན་ཟ་བར་བྱེད་ལ། ཁ་ཅིག་ནི་བར་ཁང་ན་ཟ་བར་བྱེད་ལ། དེ་ལ་གལ་ཏེ་དགེ་སློང་མ་བསྐོ་ཤམ་བྱེད་ཅིང་འདུག་པར་གྱུར་ན་དགེ་སློང་དེ་རྣམས་ཀྱིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟན་ཟ་ན་སོ་སོར་བཤགས་པར་འགྱུར་རོ། །
འདིར་གཞུང་དགགས། དགེ་སློང་དག་ཁ་ཅིག་ནི་འོག་ཁང་ན་ཟ་བར་བྱེད་ལ། ཁ་ཅིག་ནི་སྒོ་ཁང་ན་ཟ་བར་བྱེད་ལ། དེ་ན་གལ་ཏེ་དགེ་སློང་མ་བསྐོ་ཤམ་བྱེད་ཅིང་འདུག་པར་གྱུར་ན་དགེ་སློང་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་སོ་སོར་བཤགས་པར་འགྱུར་རོ་ཞེས་གསུངས་པ་ཡིན་
Vol. 161 · folio 5b
ནོ། །གང་ཞིག་འདིར་དྲི་བར་བྱ་བ་ཉིད་ཀྱི་ཚིག་འདུ་ཤེས་པས་བསྒོ་བར་བྱེད་པ་ཉིད་དུ་རྣམ་པར་གནས་པ་དེ་བས་ན་འདི་འདྲི་བར་བྱ་བ་ཉིད་ཅེས་བྱ་བ་དེ་ལ་འདི་སྟོན་པར་བྱེད་པ་ཡིན་ནོ། །དེ་ཉིད་བརྗོད་པར་བྱ་སྟེ་འདི་ལ་བསྒོ་བ་ཉིད་དུ་རྣམ་པར་གནས་པ་ནི་ཤེས་གཙོའོ། །དེའི་ཕྱིར་དྲི་བ་ལ་བརྩོན་པར་བྱའོ་ཞེས་
བྱ་བ་སྨོས་ཏེ། ཤེས་གཙོའོ་ཞེས་བྱ་བ་ནི་གང་གི་ཕྱིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་བསླབ་པའི་གཞི་ལ་བསྒོ་བ་རྣམ་པར་གཞག་པ་ལའོ། །འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱའོ་ཞེས་བྱ་བ་ནི་དྲི་བ་འདི་ལ་རྒན་པས་འཇུག་པར་བྱའོ། །དེ་མི་འཇུག་ན་གསར་བུས་འཇུག་པར་བྱའོ། །
གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའོ།། །།དད་པ་ཅན་གལ་ཏེ་བྱིན་ན་དེ་ཕོངས་པར་འགྱུར་བ་ལྟ་ན་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བ་ལ། དད་པ་ཅན་ཞེས་བྱ་བ་ནི་ཁྱིམ་བདག་སྟེ། དེ་ལ་ཁྱིམ་གྱི་
བསླབ་པའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྦྱིན་ན་ཕོངས་པར་གྱུར་པ་ལྟ་ན་ཞེས་བྱ་བ་ནི་གལ་ཏེ་སྦྱིན་པ་བྱིན་ན་དད་པ་ཅན་དེ་ཡོ་བྱད་རྣམས་ཀྱིས་ཕོངས་པར་འགྱུར་བ་ལྟ་ན་དེ་ནས་སྡོམ་པ་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ཕལ་ཆེར་ཁས་བླངས་ཏེ་སྐྱེ་བའི་དབང་གིས་བསླབ་པ་
རྣམས་བརྗོད། འདིར་ཕལ་ཆེར་འཕགས་པ་ལ་སྦྱིན་པ་ལ་དད་པ་འཇུག་པར་བྱེད་པར་འགྱུར་བ་ཡིན་ཏེ། དེ་བས་ན་སོ་སོའི་སྐྱེ་བོ་ལ་ཡང་ཆོ་ག་འདི་ཡིན་ནོ། །དད་པ་ཅན་བཟང་པོ་དེ་དགེ་བའི་བསམ་པ་དང་ལྡན་པ་དེ་ལ་ཅུང་ཟད་མི་སྟེར་བ་དང་མི་འདོར་བར་ཡོངས་སུ་འདོར་མི་ཕོད་པ་ཡོད་པ་ཡིན་ཏེ།
སངས་རྒྱས་ལ་ཞེས་བྱ་བ་ལ་སོགས་པས་དད་པ་ཙམ་གྱིས་འབུལ་བ་ཁས་བླངས་པས་ཤིན་ཏུ་བདེ་བླག་ཏུ་ཡང་སོ་སོའི་སྐྱེ་བོ་ལ་བསྲུང་བར་བྱ་བ་ཉིད་དུ་རྣམ་པར་ངེས་ཏེ་འདིར་དད་པ་ཙམ་ཞེས་སྨོས་པས་སློབ་བཞིན་པའི་དད་པ་ལ་ནི་མ་ཡིན་ནོ། །ཁྱིམ་གྱི་ཞེས་བྱ་བ་ལ་ཁྱིམ་ལ་ལྷག་པར་གནས་པའི་བསླབ་
པ་ནི་ཁྱིམ་གྱི་བསླབ་པའོ། །དེའི་སྡོམ་པ་ནི་སྡོམ་པར་གྱུར་ཅིང་ངེས་པ་ཡིན་པས་དགེ་སློང་རྣམས་ལ་སྡོམ་པ་དེ་སྦྱིན་པར་བྱའོ། །ཇི་ལྟར་འཇུག་ཅིང་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བས་སོ་ཞེས་བྱ་བ་སྨོས་ཏེ། གསོལ་བ་འབའ་ཞིག་གི་ལས་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བག་ཡངས་སུ་བྱ་
Vol. 161 · folio 6a
ཞེ་ན། དེའི་ཕྱིར་བག་ཡངས་སུ་བྱ་བ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། འདི་ཡང་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱ་བའོ་ཞེས་བྱ་བའི་དོན་ཏོ། །བྱིན་པ་དེའི་སེམས་རྟོགས་ནས་ཁྱིམ་དུ་འགྲོ་བ་དང་། སྟན་ལ་འདུག་པ་དང་ཆོས་བསྟན་པ་དག་བྱའོ་ཞེས་བྱ་བ་ལ་བྱིན་པ་དེའི་ཞེས་
བྱ་བ་ནི་གང་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བྱིན་པ་དེ་ནི་བྱིན་པ་དེ་ཞེས་བྱ་བ་སྟེ་དེའི་སེམས་རྟོགས་པས་སོ། །ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དུ་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བསོད་སྙོམ་ལས་སྣུམ་ཁུར་སྦྱིན་པར་བྱ་ཞིང་
རིལ་གྱིས་ནི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། རིལ་པོ་དང་རིལ་པོ་མ་ཡིན་པ་ཞེས་བྱ་བའི་ཁྱད་པར་མ་བརྗོད་པས་ཐལ་ཆེས་པ་ལ་རིལ་པོ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །གང་དུ་ཁྱིམ་གྱི་བསླབ་པའི་སྡོམ་པ་འདི་ལ་བག་ཡངས་སུ་བྱའམ་ཞེ་ན། དེའི་ཕྱིར་འདོད་ན་བག་ཡངས་སུ་བྱའོ་ཞེས་བྱ་བ་སྨོས་ཏེ།
གལ་ཏེ་དད་པ་ཅན་དེ་བག་ཡངས་སུ་བྱ་བ་དེ་འདོད་པར་གྱུར་ན་དེའི་ཚེ་དེ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བག་ཡངས་སུ་བྱ་ཞིང་གཞིག་པར་བྱའོ། །གང་ལ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་དེའི་སྦྱིན་པའི་མདུན་དུ་མགྲོན་དུ་མ་བོས་
པས། བསླབ་པའི་སྡོམ་པ་སྦྱིན་པའི་ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལས་ཏེ། ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ཇི་སྲིད་དུ་གཅིག་ཏུ་སྦྱིན་པ་ཉིད་དེ་སྲིད་དུ་འདིར་ཁྱིམ་གཅིག་པ་ཉིད་དོ། །འདིར་ཁྱིམ་ནི་མཚོན་པ་ཙམ་
ཡིན་ཏེ། ཡོངས་སུ་གཟུང་བ་མེད་པར་དགེ་སློང་ལ་སོགས་པས་སློབ་མ་ལ་སོགས་པ་གསོ་བར་བྱེད་པ་ལ་ཆོ་ག་འདི་ཡིན་ནོ། །བསླབ་པའི་སྡོམ་པ་སྦྱིན་པའི་རིགས་པས་གཟུང་སྟེ། བཅའ་བར་བྱ་བ་དག་ཟ་བར་བྱེད་ན་ཞེས་བྱ་བ་དེ་ལྟར་འདི་འབྲེལ་པའོ། །ཅི་འདི་ཐམས་ཅད་ལ་བཤགས་པར་བྱའོ་ཞེས་
བྱ་བ་འདི་ལ་སྦྱིན་པའི་སྔ་རོལ་དུ་སྤྱན་མ་དྲངས་པ་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པའི་སྦྱིན་པ་ལས་སྔ་རོལ་དུ་སྤྱན་དྲངས་པ་ལ་བསླབ་པ་བྱིན་ནས་ཟ་བར་བྱེད་པ་ལ་ལྟུང་བ་མེད་དོ། །ཅི་བཅའ་བར་བྱ་བ་ཐམས་ཅད་ཟ་བར་བྱེད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་
Vol. 161 · folio 6b
གཏོགས་སོ་ཞེས་བྱ་བ་སྨོས་ཏེ། དེ་རྣམས་ཟ་བར་བྱེད་པ་ལ་ལྟུང་བ་མེད་དོ། །འདི་ནི་ཧ་ཅང་ཡང་འདོད་པ་ཆེ་བ་ཡིན་ཏེ་གང་ཞིག་ཁྱད་པར་ཅན་གྱི་བསླབ་པ་ཉམས་པར་བྱས་ནས་འཇུག་པ་ཞེས་བྱ་བ་སྨོས་པ་ནི་ལྟུང་བ་རྣམ་པར་གཞག་པའོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་
པའོ།། །།ནགས་ཉུལ་བའི་དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བ་ནི་འདིར་གཞན་ལ་ཡིད་ཆེས་པར་བྱ་བ་མ་ཡིན་ཏེ། དེ་བས་ན་དགེ་སློང་ལ་འདི་ལྟར་བརྟེན་པའོ། །དེ་གང་གི་ཕྱིར་བསྐོ་བ་དེའི་ལས་བསྟན་པའི་ཕྱིར་དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །འཇིགས་པ་དང་བཅས་པ་ཉིད་
ཡིན་ན་དུད་བརྡ་བཏུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདབ་མའི་ཆང་བུ་ལམ་ཀར་གཞག་པར་བྱའོ། །གཞན་དུ་ན་དཀར་པོ་དག་གོ། །འདོད་པ་ཉིད་ཡིན་ན་ནི་དེ་ལ་ཁྱེའུ་སུས་དང་གྲོགས་དག་ཀྱང་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ནགས་ཉུལ་བ་དོན་དུ་གཉེར་བ་ཡོད་པར་གྱུར་ན་སྦྱིན་པར་བྱའོ། །ཤེས་
གཙོའོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་ནགས་མ་ཉུལ་བ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། རེ་ཞིག་བདག་གི་དོན་ནི་གྲུབ་ཟིན་གྱི། དགེ་འདུན་གྱི་དང་སྦྱིན་པ་པོའི་གནོད་པ་བསྲུང་བ་འདིས་ཁོ་བོ་ལ་ཅི་ཞིག་བྱ་ཞེས་བྱ་བ་བདག་ཉིད་བཀང་བ་ཙམ་གྱིས་
ཆོག་པར་འཛིན་ཅིང་འཇིགས་པ་དང་བཅས་པའི་གནས་སུ་ཟས་བླངས་ཏེ་ཟ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་གཞུང་ནི་དགེ་འདུན་གྱི་དགོན་པའི་གནས་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་
བཅས་པར་གྲགས་པ་ཞིག་ཏུ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་བསྲུང་བ་བསྒྲུབ་པ་དང་། འཇིགས་པའི་གནས་གཞན་ལ་འཇུག་པར་གྱུར་པ་ཉིད་ལ་ན་སྨད་པར་བརྗོད་པ་དེ་བས་ན་འཇིགས་པ་དང་བྲལ་བ་ཉིད་ཀྱིས་མ་ལུས་པར་ཤེས་པ་ཉིད་ལས། འདིར་ནགས་ལ་ཞེས་བྱ་བ་འདིའི་དོན་རྟོགས་
པར་བྱའོ། །དགོན་པར་གྱུར་པ་ཉིད་ཙམ་ལས་དགོངས་ཏེ་གསུངས་པ་ཡིན་གྱི་ཤིང་ལྗོན་པའི་ཚོགས་ཐིབས་པོ་འབའ་ཞིག་ལ་མི་བྱའོ། །འཇུག་པ་གང་ལ་འདི་བྱེད་པ་པོ་ཡིན་ཞེ་ན། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨོས་ཏེ། དགོན་པ་
Vol. 161 · folio 7a
ནས་རྒྱང་གྲགས་ཀྱི་མཐའ་གང་ཡིན་པ་དེ་ནི་གྲོང་དང་ཀུན་དགའ་ར་བ་ལ་སོགས་པ་དགེ་སློང་རྣམས་ཀྱི་སྤྱིལ་པོའི་གནས་སོ། །དེའི་ཕྱི་རོལ་དུ་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་སོ་སོར་བླངས་ཏེ། གང་ཡང་རུང་བར་དེ་དག་ཟོས་ན་ཞེས་བྱ་བའི་དོན་ཏོ། །བསྲུང་བ་
བསྒྲུབས་ན་ཕྱེད་ཉིད་དོ་ཞེས་བྱ་བ་ནི། འཇིགས་པ་མེད་པ་ཉིད་དུ་བྱུལ་བས་དགོན་པའི་བསྲུང་བ་བསྒྲུབས་པར་གྱུར་པ་དེའི་ཚེ་བཅའ་བ་དང་། བཟའ་བ་དག་ཟོས་ན་ཕྱེད་ཉིད་དེ་མ་ཆོག་པས་ཉེས་བྱས་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་མདོ་སྔ་མ་དང་འདི་གཉིས་ཀྱི་གཞུང་ནི་ཞུ་བ་ལས་
བཙུན་པ་རེ་ཞིག་དགེ་སློང་གི་ཀུན་དགའ་ར་བའི་ཕྱི་རོལ་དུ་རང་གི་ལག་པས་བཅའ་བ་དང་བཟའ་བ་བླངས་ཏེ་འཚལ་བར་བགྱིད་ཅིང་། ཆོམ་རྐུན་པ་དག་ཀྱང་སླར་བཟློག་པར་བགྱིད། སྦྱིན་པ་པོ་དང་སྦྱིན་བདག་ཀྱང་བདེ་བར་ཀུན་དགའ་ར་བར་འཇུག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་
བྱས་སོ་ཞེས་བྱ་བ་གསུངས་པ་ནི་མདོ་སྔ་མའི་གཞུང་ཡིན་ནོ། །བཤུལ་གྱི་ཕྱེད་དུ་མཆིས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །འཇིགས་པ་དང་བཅས་པའི་གནས་ལས་གཞན་དུ་གྱུར་པ་ཉིད་དུ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཟ་བ་ལ་ཡང་ཕྱེད་
ཉིད་དོ་ཞེས་བྱ་བའི་རྗེས་སུ་བསྙགས་པའི་ཕྱིར་སྨོས་སོ། །སོ་སོར་བཤགས་པར་བྱ་བ་གསུམ་པོ་རྣམས་ལ་ཡང་རང་གིས་ཤེས་པ་མ་སྨོས་པས་སྤྲིང་ཡིག་ལ་སོགས་པ་དང་མངགས་པས་བླངས་པ་ལ་ཡང་ཁ་ན་མ་ཐོ་བ་འདྲ་བར་རིག་པར་བྱའོ། །ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་
པར་བྱ་བ་སྟེ་བཞི་པའོ། །སོ་སོར་བཤགས་པ་རྣམས་རྫོགས་སོ།། །།ཤམ་ཐབས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བྱའོ་ཞེས་བྱ་བ་ལ། འདུག་པ་ཞེས་བྱ་བ་ནི་མཉམ་པར་འདུག་པའོ། །ཧ་ཅང་རྩེངས་པ་མ་ཡིན་པར་ཡང་ངོ་། །ཧ་ཅང་འཇོལ་བ་
མ་ཡིན་པར་རོ་ཞེས་བྱ་བ་ནི་ཟླུམ་པོར་ཞེས་བྱ་བ་འདི་ལ་མ་བསམས་པར་གྱུར་པ་འདི་མཆོག་ཏུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གཞན་དང་འབྲེལ་པ་ཞེས་བྱ་བའི་དོན་འདི་ཤེས་པར་བྱ་བའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པར་རོ་ཞེས་བྱ་བ་ལ། གྲྭ་ཞེས་
Vol. 161 · folio 7b
བྱ་བ་ནི་ཕྱོགས་གཅིག་སྟེ་འོག་མ་ལ་ཡང་འདི་དང་འབྲེལ་བར་རིག་པར་བྱའོ། །གླང་པོ་ཆེའི་སྣ་ལྟར་ཞེས་བྱ་བ་འདི་ལ་འདིར་ཁ་ཚར་དང་ཕུན་ཚར་གྱི་མཐའ་མ་བཅད་པའི་གྲྭ་དག་ལ་ཤིན་ཏུ་འབྱུང་བའོ། །གོང་དུ་མ་ལྟེབས་པར་རོ་ཞེས་བྱ་བ་ནི་ལྟེ་བའི་གོང་རོལ་དུ་ལྟེབས་ཤིང་གནས་པའོ། །སྦྲུལ་
མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པར་རོ་ཞེས་བྱ་བའི་རྣམ་པ་འདི་ནི་མདུན་གྱི་ནང་ན་འབྲེལ་པའི་རིམ་པ་ལ་གོང་དུ་མ་ལྟེབས་པར་རོ་ཞེས་བྱ་བའི་རྣམ་པ་འདི་དག་རིག་པར་བྱའོ། །ཕུར་མ་ལྟར་འདུག་པ་མ་ཡིན་པར་རོ་ཞེས་བྱ་བ་ནི། འདི་ནི་སྟེང་གི་ཁ་ལོགས་ན་གནས་པའི་རྣམ་པ་ཡིན་
གྱི། གློ་ནས་ཕྱི་རོལ་གྱི་རིམ་པ་དང་འབྲེལ་པ་ནི་མ་ཡིན་པའོ། །ཆོས་གོས་ཅི་ནས་ཀྱང་དང་པོ་གསུམ་ལྟར་འགྱུར་བ་དེ་ལྟར་བགོ་བར་བྱའོ་ཞེས་བྱ་བ་ལ། ཆོས་གོས་ཞེས་བྱ་བ་ནི་བླ་གོས་དང་སྣམ་སྦྱར་རོ། །ཤམ་ཐབས་བྱིན་གྱིས་བརླབས་པ་ལ་སོགས་པ་དག་ལ་ཡང་རྣམ་པ་འདི་དག་རིག་པར་
བྱའོ། །དང་པོ་གསུམ་ཞེས་བྱ་བ་ནི་ཟླུམ་པོར་འདུག་པ་དང་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་ཞེས་བྱ་བ་དེ་དག་གོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་རྣམ་པར་རབ་ཏུ་བརྟག་པ་ལ་ངེས་པར་སྦྱར་བ་སྟེ། ལེགས་པར་བགོས་ཤིང་ངོ་། །སྐྲ་བསྐྱུང་
ཞིང་ངོ་། །མིག་གཡེང་བར་མི་བྱ་ཞིང་ངོ་། །གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ངོ་ཞེས་བྱ་བ་ནི་མིག་གི་དབང་པོ་གཡེང་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡོད་པར་འགྱུར་བ་མ་ངེས་པས་ཐམས་ཅད་དུ་བལྟ་བར་བྱ་བའམ་སྙམ་པའི་ཐལ་བ་སྤངས་པའི་ཕྱིར་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ངོ་། །མགོ་མི་
གཡོགས་པའི་རྣམ་པས་སོ། །མི་བརྫེ་བར་རོ་ཞེས་བྱ་བ་སྟེ། རྣམ་པས་སོ་ཞེས་བྱ་བ་ནས་བརྫེས་ཏེ་འགྲོ་བར་མི་བྱ་ཞེས་བྱ་བའི་དོན་དུ་སྦྱར་བར་བྱའོ། །དེ་ལྟ་བས་ན་ཐ་མལ་པར་གནས་པ་ཆར་པ་ལ་སོགས་པའི་གནོད་པ་བྱུང་ཡང་ཤམ་ཐབས་དང་ཆོས་གོས་བརྫེས་ཏེ་འགྲོ་བར་མི་བྱ་སྟེ། སྲོག་གི་བར་
ཆད་ནི་མ་གཏོགས་སོ་ཞེས་བྱ་བར་རྟོགས་པར་བྱའོ། །མཉམ་པའི་གནས་སྐབས་སུ་ཤིན་ཏུ་མཆོག་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་མི་གཟར་བར་རོ་ཞེས་བྱ་བ་སྨོས་ཏེ། སོ་སོར་གཟར་ཏེ་སྟེང་དུ་བགོས་ཏེ་གཟར་བ་ནི་ཆོས་གོས་ཀྱི་དངོས་པོའོ། །དགེ་སློང་དག་ལ་ནི་ཕྲག་པ་གཡོན་པར་
Vol. 161 · folio 8a
གཟར་བ་ཉིད་ཡིན་ལ། གང་ཞིག་དེ་རྣམས་ལ་ངོས་གཉིས་ཀར་སོར་བཅུ་གཉིས་ཀྱི་རྣམ་པ་ཉིད་ཀྱིས་མི་གཟར་བའོ། །གཉའ་གོང་དུ་མི་བསྣོལ་བར་རོ་ཞེས་བྱ་བ་ནི་དལ་བའམ་ཤིན་ཏུ་མྱུར་བར་ལག་པ་བརྐྱང་ཞིང་གཉའ་བ་ལ་སོགས་པར་དཔུང་པའམ་ལག་ངར་གཞག་པས།
གང་ཞིག་ཀུན་ནས་འདུག་པས་ལག་པ་ཕན་ཚུན་བསྣོལ་ཞིང་དེ་ལྟར་བྱས་ནས་ནི་མ་ཡིན་ནོ། །ལྟག་པར་མི་བསྣོལ་བར་རོ་ཞེས་བྱ་བ་ནི་ལྟག་པའི་ཕྱོགས་སུ་ལག་པ་ཕན་ཚུན་ནས་སྤྲད་དེ་སོར་མོ་བསྣོལ་བ་ནི་ལྟག་པར་བསྣོལ་བ་ཞེས་བྱ་སྟེ། དེ་ལྟར་མི་བསྣོལ་བར་རོ། །མི་བརྐྱང་བར་རོ་ཞེས་
བྱ་བ་ནི་སྒྱིད་པ་གཉིས་ཀས་སམ། གཉིས་ཀས་མ་ཡིན་པས་བརྐྱང་བསྐུམ་བྱེད་ཅིང་འགྲོ་བར་མི་བྱའོ། །མི་མཆོང་བར་རོ་ཞེས་བྱ་བ་ནི་མཆོང་ཞིང་མཆོང་ཞིང་འགྲོ་བར་མི་བྱའོ། །ཙོག་པུས་མ་ཡིན་པར་རོ་ཞེས་བྱ་བ་ནི་ཙོག་པུས་འགྲོ་བར་མི་བྱའོ། །བྲང་བས་མ་ཡིན་པར་རོ་ཞེས་བྱ་བ་ནི་
བྲང་བས་འདིས་བྱས་པ་ཞེས་བྱ་བར་སྦྱར་ཏེ། བྲང་བས་བྱས་པ་ཞེས་བྱ་བའི་དོན་ཏོ། །དཀུར་མི་བརྟེན་པར་རོ་ཞེས་བྱ་བ་ནི་ལག་པ་གཉིས་རྐེད་པའི་ཕྱོགས་སུ་བརྟེན་ཏེ་གྲུ་མོའི་ཕྱོགས་སུ་སྨྱུང་སྨྱུང་པོར་བྱས་ཏེ་འགྲོ་བར་མི་བྱའོ། །ལུས་མི་བསྒྱུར་བར་རོ་ཞེས་བྱ་བ་ནི་གང་དུ་འགྲོ་བ་དེར་ལུས་
བསྒྱུར་ཞིང་འགྲོ་བ་ནི་ལུས་བསྒྱུར་ཞིང་འགྲོ་བ་ཞེས་བྱ་སྟེ་དེ་ནི་བྱ་བའི་བྱེ་བྲག་ཡིན་པས་དེ་ལ་འབྲེལ་བ་དེ་འདིས་ནི་འོག་མ་དག་ཀྱང་བཤད་པའོ། །ལག་པ་མི་ཀྱོག་པར་རོ། །མགོ་མི་སྒྱུར་བར་རོ། །ཕྲག་པ་མི་སྤྲད་པར་རོ་ཞེས་བྱ་བ་ནི་ཕྲག་པ་གཉིས་སྤྲད་པས་མ་ཡིན་ནོ། །ལག་པ་མི་སྒྲེལ་བར་རོ་
ཞེས་བྱ་བ་ནི་ལག་པ་སྦྲེལ་བ་བཀག་པ་མ་སྦྲེལ་བའི་རྣམ་པས་གང་ཞིག་སྦྲེལ་བ་ཞེས་བྱ་བར་རྟོགས་པའོ། །ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་ལེགས་པར་བགོས་ཤིང་ཞེས་བྱ་བ་ལ་སོགས་པ་འདིའི་མཐར་ཐུག་པར་སྦྱར་བར་བྱའོ། །དེར་མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་
དེར་ཞེས་བྱ་བ་ནི་ཁྱིམ་གྱི་ནང་དུའོ། །སྟན་ལ་མ་བརྟགས་པར་མི་བྱའོ་ཞེས་བྱ་བ་ནི་འདུག་པར་མི་བྱའོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་རོ་ཞེས་བྱ་བ་ནི་ཁྱིམ་གཞན་དེ་སྟན་ལ་ཟོན་ཡོད་པར་དལ་བུས་ལུས་ཕབ་སྟེ་འདུག་པར་བྱའི། གྱ་ཚོམ་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་
Vol. 161 · folio 8b
ཁྲིག་ཅེས་བྱ་བར་འདུག་པར་མི་བྱ་སྟེ། གང་གི་ཕྱིར་དལ་བུ་དལ་བུས་སྟན་ལ་འདུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྐང་པ་མི་བསྣོལ་བར་རོ། །བརླ་མི་བསྣོལ་བར་རོ། །ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་རོ་ཞེས་བྱ་བ་ལ། མི་བསྣོལ་བར་རོ་ཞེས་བྱ་བ་འདི་གཉིས་ཀ་ལ་སྦྱར་བར་བྱའོ། །
རྐང་པ་མི་དགུག་པར་རོ། །རྐང་པ་མི་གདང་བར་རོ། །མདོམས་མི་སྣང་བར་རོ་ཞེས་བྱ་བ་འདིས་ནི་བརླ་གཉིས་སམ་བྱིན་པ་གཉིས་སམ་རྐང་པ་གཉིས་སམ་ཡང་ན་ཐམས་ཅད་ཀྱང་རུང་སྟེ། ཐད་ཀར་གདངས་ཏེ་འདུག་པར་མི་བྱ་བ་བསྟན་ཏོ། །ལག་པ་འགྲམ་པ་ལ་བརྟེན་ཏེ་མི་བྱའོ་ཞེས་བྱ་བ་
ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་རྣམ་པ་འདི་ལ་རྣམ་འབྱེད་དུ་གྱུར་པ་དང་མདོར་གྱུར་པའི་གཞུང་མཐོང་བར་ཡིན་ནོ། །སྟན་ཐབས་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི་སྟན་གང་ལ་འདུག་འདུག་པ་དེ་རྒྱབ་ཀྱིས་ཁུར་ཞིང་འགྲོ་བར་མི་བྱའོ་ཞེས་བྱ་བའི་དོན་དེ་འདི་ཡང་དགེ་སློང་མའི་རྣམ་པར་འབྱེད་པ་
ལས་སོ། །ཐམས་ཅད་དུ་ལེགས་པར་ཟས་བླང་བར་བྱའོ་ཞེས་བྱ་བ་ནི་གྲོང་ཁྱེར་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་འདི་ནི་གཞན་འོག་མ་རྣམས་ཐམས་ཅད་ལ་སློབ་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །བླང་བར་བྱའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་ཡང་བསླབ་པ་ནི་འདི་ཡིན་ནོ། །དེ་ལྟ་བས་ན་གཞན་གྱི་
དོན་ཅན་གྱི་ཚིག་གིས་བསྟན་པའོ། །མུ་དང་ཁ་ད་ཆད་དུ་མ་ཡིན་པར་རོ་ཞེས་བྱ་བ་ལ་མུ་ཞེས་བྱ་བའི་སྒྲ་ནི་ཁ་ལོགས་ཀྱི་མུ་ལ་བྱ་སྟེ། ཅི་ནས་ཀྱང་མུ་དང་ཁ་ད་ཆད་དུ་འགྱུར་བ་དེ་ལྟར་བླང་བར་མི་བྱ་སྟེ་འདི་ནི་འཇུག་པའི་ལམ་ཞེས་བྱ་བའི་འཇུག་པ་འདིས་སོ། །ཇི་ལྟར་དེ་དང་མཉམ་པ་གཞན་འགྱུར་
བ་དེ་ལྟར་བླང་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །མ་ཆོག་པ་ཉིད་ཇི་སྙེད་པ་ཉིད་ལ་མ་ཆོག་པར་བཏགས་པ་དེ་སྙེད་པ་ཉིད་ནི་འདིར་ལྟུང་བ་མེད་པར་བྱས་པ་ཉིད་ལ་མཐར་ཐུག་པར་རིག་པར་བྱའོ། །མཐེ་བོའི་ལྟོ་གང་གིས་མུ་ལ་རེག་པར་མི་བྱ་ཞེས་བྱ་བ་དང་འགལ་བར་འདི་ལྟར་ཤེས་པར་བྱ་བ་མ་ཡིན་ཏེ།
དེ་ནི་དོན་ལ་ལྷུང་བཟེད་ཀྱི་ཚད་ལ་རིགས་པ་མ་ཡིན་པས་དེའི་ཕྱིར་ཚིག་འདིའོ། །ཚོད་མ་དང་མཉམ་པ་མ་ཡིན་པར་རོ་ཞེས་བྱ་བ་ནི་བཟའ་བ་གང་ལ་ཚོད་མ་དང་མཉམ་པ་དེ་ནི་ཚོད་མ་དང་མཉམ་པ་སྟེ། དེ་ལྟར་བླང་བར་མི་བྱའོ། །འདིར་ཚོད་མ་ཞེས་བྱ་བ་ནི་བྱ་ན་ཐམས་ཅད་ཀྱི་དཔེ་ཡིན་ནོ། །ཚོད་
Vol. 161 · folio 9a
མ་ཇི་ཙམ་གྱི་མུ་དང་ཁ་ད་ཆད་དུ་འགྱུར་བ་སྟེ། འདིར་དགག་པ་ནི་མ་ཡིན་ཏེ་དེ་བས་ན་ཚིག་འདིའོ། །སྔ་མ་ཁོ་ནས་བྱས་པ་ཉིད་ཀྱི་ཕྱིར་འདིར་ཐམས་ཅད་གྲུབ་ཅིང་སྨིན་པར་བཟའ་བར་བྱ་བ་ཐམས་ཅད་བསོད་སྙོམས་ཉིད་དུ་བསྟན་པ་རྣམ་པར་གནས་པ་ཡིན་ནོ། །དེའི་ཕྱིར་
ལུས་དང་སྦྱར་བས་རང་ལ་དགོས་པའི་ཚད་ལས་ལྷག་པར་ཚོད་མ་ལེན་པ་དེ་བཀག་པ་ཡིན་ནོ། །འདིར་ཚོད་མ་སྨོས་པ་ནི་མཚོན་པ་ཙམ་ཡིན་གྱི། ཚོད་མ་ལ་ཡང་རྣམ་པ་འདི་ཡིན་ཏེ། དེ་ལྟར་ཡང་འདིར་གཞུང་ནི་མ་མོ་ལས་ཇི་ཙམ་གྱིས་དེ་འཚོ་བར་གྱུར་པ་དེ་ལས་ལྷག་པར་ལེན་ཏམ་ཟ་
ན་ཐ་ན་ཁམ་གཅིག་ཙམ་དུ་ཟིན་ཀྱང་དད་པས་སྦྱིན་པར་བྱ་བ་ཆུད་གསན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མ་མོ་ལས་གང་གི་ཚེ་ཚོད་འཛིན་པར་མི་ནུས་སམ་ཕྱིར་བཟློག་པར་མི་ནུས་པས། ཡོན་བདག་གིས་ནན་གྱིས་བླུགས་པ་དང་རྗེས་སུ་སྙིང་བརྩེ་བས་ལེན་ན་དེའི་ཚེ་འབྲས་
ཆན་ལ་སོགས་པ་ལྷག་པར་ལེན་ཅིང་གཞན་ནམ་སུ་ཡང་རུང་བ་ལ་སྦྱིན་ནོ་སྙམ་པ་དེ་ལ་ནི་ལྟུང་བ་མེད་པར་རིག་པར་བྱའོ། །མཐར་ཆགས་སུའོ་ཞེས་བྱ་བ་ནི་སྟན་ལ་ཅི་ལྟར་འདུག་པའི་གྲལ་གྱི་རིམ་པ་བཞིན་དུ་ཟན་བླང་བར་བྱའོ། །འདིར་རྒན་རིམས་སུ་བྱ་བ་ནི་མ་ཡིན་གྱི་དེ་བས་ན་ཇི་ལྟར་རྒན་རིམས་
ཀྱིས་འདུག་པ་ལ་ཉེས་པ་འདི་མི་བསྐྱེད་པའོ། །འདིར་ཉེས་དམིགས་འདི་ནི་མཉམ་པ་ཡིན་ཏེ། གང་དུ་ཐ་སྙད་འདིའོ། །དེ་ནི་སྔོན་དྲུག་སྡེ་རྣམས་ཟན་ཟ་བ་ན་ཚོད་མ་འཕྲལ་དུ་བྲིམ་པ་མི་ནོད་པར་འོག་ཏུ་ཐག་རིང་དུ་ཐལ་བ་དང་འདོད་པས་བྲིམ་པ་འཁྲུགས་ཤིང་ལོང་ལོང་དུ་གྱུར་པའི་ཉེས་དམིགས་
དེ་ལྟ་བུ་བསལ་བའི་ཕྱིར་རོ། །ལྷུང་བཟེད་ལ་ལྟ་ཞིང་ངོ་ཞེས་བྱ་བ་ལ་འདིར་ལྷུང་བཟེད་ལ་བལྟ་བ་ཞེས་བྱ་བ་ནི་འདིར་ཡིད་ཀྱིས་བལྟ་བ་ལ་བྱའོ། །མིག་གི་དབང་པོས་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལྷུང་བཟེད་དང་འབྲེལ་པའི་ཡིད་ཀྱིས་ཟས་ལེགས་པར་བླང་བར་བྱ་བ་ཡིན་གྱི། ཐ་སྙད་ལས་བྱུང་བ་
ནི་གཉའ་ཤིང་གང་ཙམ་དུ་ལྟ་བའི་སྐབས་སུ་བཀག་ཟིན་ཏོ། །བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་རོ་ཞེས་བྱ་བ་ནི་ལྷུང་བཟེད་དོ། །སྟེང་དུ་བཟུང་བར་མི་བྱའོ་ཞེས་བྱ་བ་ནི་བཅའ་བ་དང་བཟའ་བ་ལ་ལྷུང་བཟེད་དོ། །ལེགས་པར་ཟས་བཟའ་བར་བྱའོ། །ཁམ་ཧ་ཅང་
Vol. 161 · folio 9b
ཆུང་བར་མ་ཡིན་པར་རོ། །ཁམ་ཧ་ཅང་ཆེ་བར་མ་ཡིན་པར་རོ་ཞེས་བྱ་བ་ལ། ཁམ་ཞེས་བྱ་བ་ནི་ཁར་ཁམ་ཚད་དུ་གཞུག་ཅིང་མིད་པར་བྱ་བའི་ཕྱིར་ཁམ་ཞེས་བྱ་བ་སྟེ་དེ་བས་ན་ཁམ་རན་པར་རོ། །ཁམ་མ་གཟས་པར་ཁ་མི་གདང་ངོ་། །ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བྱའོ། །
ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པར་རོ། །ཙུག་ཙུག་མི་བྱའོ་ཞེས་བྱ་བ་ནི་ཙུག་ཙུག་ཟེར་ཞིང་ཟས་བཟའ་བར་མི་བྱའོ། །དགབ་པ་དང་གདང་བ་ཞེས་བྱ་བ་འདི་དག་ལ་འདི་ལ་ནུས་པ་མེད་པའི་ཕྱིར་འབྲེལ་པ་མེད་པ་ཉིད་དོ། །དེ་བས་
ན་འདིར་མངོན་པར་འབབ་པའོ། །དེ་ཙམ་གྱིས་འདི་ལ་རྟོགས་པ་ཉིད་ཀྱི་ཕྱིར། རྣམ་པ་འདི་དག་བར་དུ་བཅད་པའི་ཕྱིར་བརྟག་པ་མ་ཡིན་ནོ། །ཅག་ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ་ཞེས་བྱ་བ་ནི་དེ་སྐད་ཟེར་ཞིང་བསོད་སྙོམས་བཟའ་བར་མི་བྱའོ། །ཁ་ཁམ་གྱིས་བཀང་
སྟེ་མི་སྨྲ་བར་བྱའོ། །འབྲུ་ནས་ཐ་དད་མི་བྱའོ་ཞེས་བྱ་བ་ནི་དེ་ལྟར་བྱས་ཏེ་བསོད་སྙོམས་བཟའ་བར་མི་བྱའོ། །འདིར་རིགས་པ་ནི་དེ་མ་ཐག་ཏུ་སྨོས་པ་དེ་ཉིད་ཡིན་ཏེ། དེ་རྣམས་ནི་ཁའི་རྣམ་པར་འགྱུར་བའི་སྒྲའི་བྱེ་བྲག་ཡིན་པས་འདི་ནི་རྣམ་པར་འགྱུར་བ་བྱེད་པའི་ཕྱིར་དགག་པ་ཡིན་གྱི། དེ་
བརྟག་པའི་ཕྱིར་དགག་པ་ནི་མ་ཡིན་པར་ཤེས་པར་བྱའོ། །འཕྱས་མི་གདགས་སོ། །མཁུར་བ་མི་སྤོའོ། །ཁམ་འཕྲོར་མི་གཅད་དོ། །ལྕེ་ཕྱུང་སྟེ་ཟས་མི་ཟའོ། །མཆོད་རྟེན་འདྲ་བར་བྱ་སྟེ་མི་གཞོམ་མོ། །ལག་པ་མི་བལྡག་གོ། །ལྷུང་བཟེད་མི་བྱོག་གོ། །ལག་པ་མི་སྤྲུག་
གོ། །ལྷུང་བཟེད་མི་བསྐྱམ་མོ། །རྐན་མི་གཏོག་གོ་ཞེས་བྱ་བ་ལ་འདི་ནི་གཟུང་བའི་ཚིག་ཡིན་ཏེ་ལག་པ་མི་བལྡག་པ་དང་ལྷུང་བཟེད་མི་བྱོག་པ་དང་། ལག་པ་མི་སྤྲུག་པ་དང་། ལྷུང་བཟེད་མི་བསྐྱམ་པ་དང་། རྐན་མི་གཏོག་པ་ཞེས་བྱ་བ་ནི་འདིར་དགེ་སློང་མའི་རྣམ་པར་འབྱེད་པ་ལས་
སོ། །ལྷུང་བཟེད་ཀྱི་འདུ་ཤེས་ཅན་ཁ་ཟས་ཡང་དག་པར་ཤེས་ཤིང་ལྷུང་བཟེད་དང་འབྲེལ་པའི་མིག་གིས་ཞེས་བྱ་བའི་དོན་ཏོ། །འདིར་མིག་ནི་ཡིད་ཡིན་ཏེ། དེ་བས་ན་དེ་དང་འབྲེལ་པའི་ཡིད་ཅེས་བྱ་བ་དེ་ལ་འདི་བསྟན་པའོ། །ལྷུང་བཟེད་ཀྱི་དགོས་པ་ལ་བསྟན་པར་རིགས་པ་མ་ཡིན་ཏེ།
Vol. 161 · folio 10a
དེ་བས་ན་དེའི་དབང་གིས་འདིར་ལྟ་བའི་རྣམ་པར་རྟོག་པར་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་བདག་ཉིད་ཅན་གྱི་དོན་ལ་རྗེས་སུ་བསྒྲུབ་པ་མཐོང་ཞིང་བལྟ་བའོ། །ལག་པ་ཟས་དང་འབགས་པས་
ཆུ་སྣོད་ལ་མི་བཟུང་ངོ་། །དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་རོ། །ཁྱིམ་པ་འདུག་པ་ལ་མ་དྲིས་པར་དེའི་ཁྱིམ་དུ་མི་དབོའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཟས་དང་འབགས་པའི་ཆུའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་རོ། །ལྷུང་བཟེད་ལེན་
གསུམ་བཀྲུས་ཏེ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་དག་གིས་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་རོ། །འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་རོ། །དེ་གཉིས་དེ་གསུམ་དུ་མི་བྱ་བར་རོ་ཞེས་བྱ་བ་ལ་གཉིས་པོ་ནི་
བཀྲུ་བ་དང་གཞག་པའོ། །གད་ཀ་མ་ཡིན་པར་རོ། །གཡང་ས་མ་ཡིན་པར་རོ། །དཀན་གཟར་པོ་མ་ཡིན་པར་རོ། །ལམ་གྱི་བཞི་མདོར་མི་བྱའོ། །དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བར་རོ། །བཤང་གཅི་ཡན་ཆད་ནི་མི་ན་བ་ལའོ། །ལངས་ཏེ་བཤང་གཅི་མི་
བྱའོ་ཞེས་བྱ་བ་འདིའི་གོང་རོལ་དུ་དེ་དག་ལ་ནི་མིན་བའོ་ཞེས་བྱ་བར་སྦྱར་བར་བྱའོ། །དེར་བཤང་བ་དང་གཅི་བ་ལ་དེ་དང་ཡང་དག་པར་ལྡན་པའི་རྣམ་པ་དེ་རྣམས་ལ་མི་བྱའོ་ཞེས་སྦྱར་བར་བྱའོ། །འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་རོ། །ཉལ་བ་ལ་འདུག་སྟེ་མི་བཤད་པར་རོ། །
སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་མི་བཤད་པར་རོ་ཞེས་བྱ་བ་ལ། འདིར་སྟན་ཞེས་པས་ནི་འདུག་པའི་ས་ཕྱོགས་ཀྱང་གཟུང་བར་རིག་པར་བྱའོ། །ངན་པ་དང་བཟང་པོ་ཡང་དེ་བཞིན་ནོ་ཞེས་བྱ་བས་ནི་མཐོན་པོ་དང་དམའ་བ་གཉིས་གཏོགས་པར་བྱའོ། །རྒྱ་
ཆེ་བའི་སྟན་ལ་འདུག་ཅིང་ཆོས་ཉན་པར་བྱེད་ཅིང་བདག་ཉིད་ཤིན་ཏུ་དམའ་བ་ལ་འདུག་ཅིང་ཆོས་སྟོན་པར་བགྱིད་ན་སྒུར་མཆོག་གིས་ཞུས་པ་ལས། དེ་ལྟར་ཆོས་བསྟན་པར་མི་བྱའོ་ཞེས་གང་ཞིག་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བས་ན་མདོ་འདིའོ། །མདུན་དུ་འགྲོ་བ་ལ་
Vol. 161 · folio 10b
ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ་ཞེས་བྱ་བ་ནི་ཇི་ལྟར་ལམ་མ་ཡིན་པ་ནས་སོ། །ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ། །མགོ་གཡོགས་པ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་མཆོང་བ་ལ་སོགས་པ་རྣམ་པར་འབྱེད་པའི་གཞུང་ལས་
གཟང་བ་རྣམས་སོ། །གླང་པོ་ཆེ་དང་རྟ་ཞོན་པ་དང་ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་ཞོན་པ་ན་ཞེས་བྱ་བ་ལ་སོགས་པ་ལ་རེ་རེ་ནས་བཞོན་པའི་སྒྲས་འབབ་པ་མ་ཡིན་ཏེ། ང་རྒྱལ་གྱི་གནས་སུ་འབྲེལ་
པ་ཉིད་ཀྱི་ཕྱིར་འདི་བཀག་པ་ཡིན་གྱི་མཐོན་པོའི་གནས་དང་འབྲེལ་པ་ཉིད་ཀྱིས་ནི་མ་ཡིན་ཏེ། དེར་བཀག་ཟིན་པ་ཉིད་ཀྱི་ཕྱིར་དེ་བས་ན་གནས་སྐབས་ཐམས་ཅད་དུ་འདི་བཀག་པའོ། །མགོ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་ཅོད་པན་ཅན་དང་ཕྲེང་བ་ཅན་དང་དཀྲིས་པ་ལ་མི་བཤད་པར་
རོ། །ལག་ན་ཁར་བ་དང་གདུགས་དང་མཚོན་དང་། རལ་གྲི་དང་དགྲ་སྟ་ཐོགས་པ་དང་གོ་ཆ་གྱོན་པ་ལ་མི་བཤད་པར་རོ། །འགྲེང་སྟེ་བཤང་གཅི་མི་བྱ་བར་རོ། །རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་ཡང་མི་བྱ་མི་དོར་བར་རོ་ཞེས་བྱ་བ་ནི་བཤང་གཅི་མི་བྱ་ཞེས་བྱ་བར་སྦྱར་རོ། །མི་དོར་
བར་རོ་ཞེས་བྱ་བ་ནི་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅིའོ། །མཆིལ་མ་དང་སྣབས་དང་། སྐྱུགས་པ་དང་རླུགས་པ་ཡང་ངོ་ཞེས་བྱ་བ་ནི་དེ་ཡང་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་མི་བྱ་མི་དོར་བའོ། །ཆུའི་ནང་དུ་མི་བྱ་བར་རོ་ཞེས་བྱ་བ་ནི་བཤང་གཅི་དང་མཆིལ་མ་ལ་སོགས་
པ་མི་བྱ་བ་དང་མི་དོར་བའོ། །གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་རོ་ཞེས་བྱ་བ་ནི་མི་གང་ཙམ་ལས་མཐོར་མི་འཛེག་ཅེས་བྱ་བའི་དོན་ཏོ། །བསླབ་པ་རྣམས་ཀྱིས་ཡུལ་གྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་དགུ་སྟེ། གོས་བགོ་བ་དང་
སྤྱོད་ཡུལ་དུ་འགྲོ་བ་དང་། དེར་སྟན་ལ་འདུག་པ་དང་། ཟས་བླང་བ་དང་། ཟན་བཟའ་བ་དང་། ལྷུང་བཟེད་སྤྱོད་པ་དང་། ཆོས་བསྟན་པ་དང་། སྒྲུབ་པའི་ཚུལ་དང་རྒྱུ་བ་སྟེ། དེ་རྣམས་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །བསླབ་པ་རྣམས་སོ། །དགེ་སློང་གི་རྣམ་པར་འབྱེད་
Vol. 161 · folio 11a
པ་རྫོགས་སོ།། །།འདིར་གང་ཞིག་བྱེ་བྲག་མེད་པར་ཚུལ་ཁྲིམས་བཤད་ཟིན་པ་དང་། འཆད་པར་འགྱུར་བ་ལ་ཐམས་ཅད་དུ་བསྙེན་པར་རྫོགས་པ་དང་བཅས་པ་ལ་དེ་རིག་པར་བྱ་སྟེ། བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་དུ་ལུས་ཀྱི་བསྙེན་པར་རྫོགས་པར་བྱ་བ་མ་ཡིན་པ་
ཐམས་ཅད་ལས་ལྡོག་པ་དང་། བྱ་བ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ལ་རྣམ་པར་གཞག་པ་ཞེས་བྱ་བ་འདིའི་ངོ་བོའོ། །གང་ཞིག་འདིར་འགའ་ཞིག་ཏུ་ཚུལ་ཁྲིམས་རྣམ་པར་གཞག་པ་ལ་མི་སྲིད་པའི་ཕྱིར། དེ་ལྟ་བུའི་རྟེན་འདི་གང་གི་ཕྱིར་འདིར་ཡོད་པ་ལ་ཉེས་དམིགས་སུ་འགྱུར་རོ་
སྙམ་པ་དེ་ལྟ་བུ་ལ་སེམས་འཇོག་པ་འདི་ནི་བྱ་བ་དང་བྱ་བ་མ་ཡིན་པར་གྱུར་པ་གང་ཞིག་ཉེས་པ་ཆུང་བ་ཉིད་རྣམ་པར་གཞག་པ་དེ་ནི་ཤིན་ཏུ་ཆེ་བ་སྤོང་བའི་དོན་དུ་ནི་མ་ཡིན་ནོ། །གང་ཞིག་ཉེས་པ་ཆེ་བ་ཉིད་དུ་རྣམ་པར་གཞག་པ་ཡང་ཡོད་དེ། དེ་ནི་ཤིན་ཏུ་ཆེན་པོ་སློང་བའི་ཕྱིར་རོ། །དེ་བས་ན་དགེ་སློང་
མ་ལ་ཡང་འདི་ཇི་ལྟར་སྲིད་པར་ཚུལ་ཁྲིམས་གཏོགས་པར་བྱའོ། །དེ་ལ་གང་ཞིག་རྣམ་པར་འབྱེད་པར་གཏོགས་པ་མི་སྲིད་པའི་ཕྱིར་དང་། བར་དུ་གཅོད་པར་བྱེད་པའི་ཕྱིར་འདི་ལ་རྣམ་པར་གཞག་པ་མ་བྱས་པ་གང་ཞིག་ཡང་ཉེས་པ་མང་ཉུང་གིས་གང་མི་མཚུངས་པ་ཉིད་དུ་རྣམ་པར་གཞག་པ་
དེ་རྣམས་ཐམས་ཅད་བརྗོད་པར་བྱ་སྟེ། དེ་ལ་ལྟུང་བ་ལ་སྦྱོར་བའི་ཚིག་ཡན་ཆད་དགེ་སློང་མ་རྣམས་ཀྱིའོ་ཞེས་བྱ་བ་ནི་འདི་ནས་བརྩམས་ཏེ། འོག་ནས་ཉམས་པ་དང་མ་སྐྱེས་པ་དག་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ་ཞེས་འབྱུང་བའི་ཚིག་ཡན་ཆད་ནི་དགེ་སློང་མར་གྱུར་པ་ལ། དེ་རྟོགས་པ་པོའམ་
བྱེད་པ་པོ་ལ་ལྟ་བར་བྱའོ། །རེ་ཞིག་ཕམ་པར་འགྱུར་བ་རྣམས་ལ་གསུངས་པ་ཐམས་ཅད་འདིར་བལྟ་བར་བྱ་བ་སྟེ། བཞི་པོ་དག་གོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་ལ་སོགས་པ་བཞི་ནི་དགེ་སློང་བཞིན་དུ་དགེ་སློང་མ་ལ་ཡང་ངོ་། །གཞན་གྱི་ལྟུང་བ་འཆབ་པ་དང་སྤངས་པའི་རྗེས་སུ་ཕྱོགས་
པ་དག་གིས་ཚུལ་ཁྲིམས་གང་ལ་ལ་ཞིག་དང་ལུས་ཀྱི་རེག་པའི་འཇུག་པ་ཐམས་ཅད་ལ་ཕམ་པར་འགྱུར་བ་ཉིད་དོ། །དེ་ལ་གང་ལ་རེག་པའི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨོས་སོ། །ཡན་ལག་གང་གིས་ཤེ་ན། དེའི་ཕྱིར་མིག་ནས་པུས་མོའི་བར་གྱིས་
Vol. 161 · folio 11b
སོ་ཞེས་བྱ་བ་སྨོས་ཏེ་མིག་གི་གནས་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་ཀྱི་བར་དེས་སོ། །དེ་ཅི་ཞིག་བདག་གིར་བྱེད་པ་ལ་ཞེ་ན་དེའི་ཕྱིར་རེག་པའོ་ཞེས་བྱ་བ་སྨོས་ཏེ། ནོམ་པར་བྱེད་ཉུག་པར་བྱེད་ལ་ཞེས་གསུངས་པ་ནི་འདིའི་དཔེ་ཡིན་ཏེ། འདི་ལྟར་ནོམ་པར་བྱེད་ཉུག་པར་བྱེད་ལ་ཞེས་བྱ་
བ་དེའི་རྣམ་པར་འབྱེད་པ་ནི་ལུས་ལ་ལུས་ཀྱིས་ཉེ་བར་གཞོལ་བར་བྱས་ལ་ཞེས་གསུངས་པ་ཡིན་ནོ། །གང་གི་རེག་པ་ཞེ་ན། དེའི་ཕྱིར་ཕོའི་འོ་ཞེས་བྱ་བ་སྨོས་སོ། །ལུས་ཀྱི་དབང་པོའི་ཕྱོགས་ཀྱིས་བདག་གིར་བྱེད་པ་ལ་གསུངས་པ་དེ་ལ་བསམ་པ་གང་གིས་ཤེ་ན། དེའི་ཕྱིར་འཁྲིག་པའི་
འདོད་ཆགས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། བདེ་བ་ཉམས་སུ་མྱོང་བར་འདུན་པས་དེའི་ཀུན་ཏུ་ཆགས་པ་དང་མཚུངས་པར་ལྡན་པས་གང་ཞིག་འདི་སྐད་སྨོས་པ་དེ་ལ་ཚིག་འདིའོ། །ལུས་ཀྱི་དབང་པོའི་ཕྱོགས་ཀྱིས་བདག་གིར་བྱེད་པ་ལ་གསུངས་པ་དེ་ལ་བསམ་པ་གང་གིས་ཤེ་ན། འདིར་མདོ་
གཞན་ལས་སྐྱེས་པ་ཆགས་པར་འགྱུར་བ་ཞེས་བྱ་བ་ནི་ཆགས་པ་དང་། ཀུན་ནས་ཆགས་པ་དང་། ཀུན་ནས་འཁྲིག་ཅིང་འདོད་པའི་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་གང་ཡིན་པའོ་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་འབྱུང་ངོ་། །གལ་ཏེ་ཡང་འདིར་ཆགས་པར་འགྱུར་བས་ཞེས་བྱ་བ་སྐྱེས་
པ་ལ་ཡང་ཆགས་པར་གྱུར་པའི་ཚིག་ཏུ་བྱས་པ་དེ་ལྟར་ཡང་ཆགས་པར་མ་གྱུར་པའི་སྐྱེས་པ་ལ་ཡང་རྣམ་པར་འབྱེད་པ་ལས་ཆགས་པར་འགྱུར་བ་སྐྱེས་པ་མ་ཆགས་པས་པུས་མོ་ཡན་ཆད་མིག་མན་ཆད་ནོམ་པར་བྱེད་ཉུག་པར་བྱེད་པ་བདག་གིར་བྱེད་ན། ལྟུང་བ་ཕམ་པར་འགྱུར་རོ་ཞེས་གསུངས་
པའི་ཕྱིར། ཕམ་པ་ཉིད་ཅེས་བྱ་བ་ལ་ཕོ་ལ་འདིར་ཆགས་པ་མངོན་པར་མི་བསྟན་ནོ། །ཡན་ལག་གཞན་གྱིས་ནི་སྦོམ་པོའོ་ཞེས་བྱ་བ་ནི་མིག་ནས་པུས་མོའི་བར་ལས་གཞན་པའི་ཡན་ལག་གིས་ཕོའི་རེག་པ་འཁྲིག་པའི་འདོད་ཆགས་ཀྱིས་བདག་གིར་བྱེད་པ་ལ་ནི་ཉེས་པ་སྦོམ་པོར་འགྱུར་
རོ། །སྐྲ་དག་དང་དེ་དང་འབྲེལ་པའི་གོས་ཀྱིས་བར་དུ་མི་ཆོད་པར་རེག་ན་དངོས་གཞིར་འགྱུར་བ་ལ་བར་དུ་ཆོད་པར་རེག་ན་སྦོམ་པོའོ་ཞེས་བྱ་བ་འདིར་དགེ་སློང་དུ་གཏོགས་པ་ལ་རེག་པའི་བསླབ་པའི་གཞིར་བཏགས་པ་ལས་རྟོགས་པར་བྱའོ། །སེམས་གཞན་གྱིས་ནི་ན་སྨད་དོ་ཞེས་བྱ་བ་ནི་
Vol. 161 · folio 12a
འཁྲིག་པའི་འདོད་ཆགས་ཀྱི་སེམས་མ་ཡིན་པས་བདག་གིར་བྱེད་པ་ལ་ནི་གང་ལ་ཕམ་པར་འགྱུར་བར་གསུངས་པ་དེ་ལ་ནི་སྦོམ་པོར་ན་སྨད་ན་གང་ལ་སྦོམ་པོར་གསུངས་པ་དེ་ལ་ནི་ཉེས་བྱས་སུ་ན་སྨད་དོ་ཞེས་བྱ་བའི་དོན་ཏོ། །ཅི་ཐམས་ཅད་ལ་རྣམ་པ་དེ་དང་འདྲའམ་ཞེ་ན།
དེའི་ཕྱིར་གལ་ཏེ་དེའི་ཚེ་དེ་ལས་སྐྱེས་པའི་དེས་ཤེས་པ་ནའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དུས་དེའི་ཚེ་དགེ་སློང་མ་དེ་ལ་འདོད་པའི་འདོད་ཆགས་ཀྱིས་བདག་ཉིད་ཀྱི་སེམས་དེ་ཡོད་པར་དགེ་སློང་མ་དེས་སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་འདུ་ཤེས་པ་དེ་ལ་འདི་ཆོ་ག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
དེས་སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་འདུ་ཤེས་པར་གྱུར་ཏེ། འདོད་པའི་འདོད་ཆགས་ཀྱིས་སེམས་མངོན་སུམ་དུ་མ་གྱུར་དུ་ཟིན་ཀྱང་རང་ལ་བསམ་པའི་ཉེས་པ་ཡོད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་འདིར་སྐྱེས་པའི་འདོད་ཆགས་ཡན་ལག་ཉིད་ཡིན་ནོ། །གལ་ཏེ་མེད་ན་ནི་དེ་ལས་ཀྱང་ངོ་ཞེས་
བྱ་བ་ནི་གལ་ཏེ་དེའི་ཚེ་སྐྱེས་པ་ལ་འདོད་པའི་འདོད་ཆགས་མེད་དམ་ཞེས་ཡོད་ན་ཡང་དེ་ལ་མ་ཡིན་ནམ། དེ་མ་ཡིན་ན་ཡང་མི་ཤེས་ན་ནི་དེའི་ཚེ་ན་སྨད་པ་དེ་ལས་ཀྱང་ན་སྨད་པར་བྱ་སྟེ། གང་ལ་ན་སྨད་པ་ལས་སྦོམ་པོར་འགྱུར་བ་དེ་ལ་ནི་ཉེས་བྱས་སུ་འགྱུར་ལ་གང་ལ་ཉེས་བྱས་སུ་འགྱུར་བ་དེ་ལ་ནི་
ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་ཡང་བདག་གིར་མི་བྱེད་ཅིང་དང་དུ་མི་ལེན་པ་དེ་ལ་ནི་བཅའ་བ་འདིར་གཏོགས་པའི་ཁ་ན་མ་ཐོ་བའི་ལྟུང་བ་ནི་མེད་དོ། །བུ་ལ་རེག་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བ་ནི་འདོད་ཆགས་
དང་བྲལ་བ་ལ་ནི། འདིར་མས་བུ་ལ་བྱམས་པའི་སེམས་གཞན་མ་ཡིན་པ་དང་། རྣམ་པར་འགྱུར་བར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་བུ་ལ་བྱམས་པ་ཉིད་ཀྱིས་རེག་པ་ལ་སྐྱོན་ཆགས་པ་མེད་པའི་ཚིག་འདིའོ། །རྣམ་པར་འགྱུར་བ་མེད་པའི་སེམས་ཀྱིས་གཞན་གྱི་ཡིན་ན་བྱིས་པ་ལ་
ཡང་རེག་པར་མི་བྱའོ་ཞེས་བྱ་བ་ནི་ཕོ་ནུའམ་ཕ་ཁུ་འམ་མཚན་ཞང་ངམ་བུ་ཚ་ལ་སོགས་པ་ལ་བྱམས་པའི་སེམས་ལྟ་བུའམ། དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རྟོག་པའོ། །མདོ་འདི་གཉིས་ཀྱི་གཞུང་ནི་ཕྲན་ཚེགས་དག་ལས་རིག་པར་བྱའོ། །འདོད་པ་
Vol. 161 · folio 12b
དང་ལྡན་པ་ལ་བརྟེན་པ་དང་ཚིག་ལ་དེ་དང་ལྡན་པའི་དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་དང་ལྡན་པའི་བསླབ་པའི་གཞི་ལ་ནི་བསྟེན་པའི་མཐུ་ཡོད་པ་ཉིད་ཀྱི་སྐྱེས་པ་ཉིད་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དོ། །ཆོས་
བསྟན་པ་ལ་སོགས་པ་ལ་ནི་དེ་དང་ལྡན་པའི་དོན་འདོད་པ་དང་ཚིག་བརྗོད་པའི་དོན་ཡོངས་སུ་ཤེས་ཤིང་གོ་བར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་སྐྱེས་པ་ནི་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །མཐུ་མེད་པ་ཉིད་ནི་བྱེད་པ་ཉིད་མ་ཡིན་ནོ་ཞེས་དོན་གྱིས་བརྗོད་པར་འགྱུར་རོ། །དགེ་སློང་གི་རྣམ་
པར་འབྱེད་པ་ལས་འདིའི་ཚིག་གང་ཡིན་པ་དེའི་རྗེས་སུ་འབྲངས་ནས་འདིར་ཡང་དེ་ལ་བརྟེན་ཏོ། །རེག་པའི་ཕམ་པར་འགྱུར་བའོ། །གང་ལ་ལུས་ཀྱི་བཀན་པའི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་ལུས་བཀན་པ་ལའོ་ཞེས་བྱ་བ་སྨོས་ཏོ། །འདིར་ལུས་ཀྱིས་ལུས་སུ་ཞེས་བརྗོད་པ་ཡིན་
ནོ། །ཀང་དང་འབྲེལ་པ་ཞེ་ན། ཉེ་བར་གནས་པའི་དགོས་པ་དང་བཅས་པའི་ཚིག་ལས་འདི་ལ་རུང་བ་ཉིད་ཡོད་པ་ལ་ལྟུང་བ་འབྱིན་པ་པོ་ནི་འདི་ལྟར་འདིར་དགེ་སློང་མ་ཉེ་བར་གནས་པ་དེ་བས་ན་དེ་དང་འབྲེལ་པ་ཞེས་བྱ་བ་ཤུགས་ཀྱིས་མངོན་པའོ། །སེམས་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ཆགས་
པར་གྱུར་པས་བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་མ་དེ་ལ་བརྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ལ་ལུས་བཀན་ན་དེ་ཕམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་སོ་སོར་གནས་པའི་
ཕྱིར་ཆགས་པར་ལུས་བཀན་པར་འགྱུར་རོ་སྙམ་དུ་ནི་ཤེས་པར་བྱ་བ་མ་ཡིན་ཏེ་དེ་བས་ན་ཆགས་པར་འགྱུར་བ་ཞེས་བྱ་བའི་ཚིག་དོན་མེད་པར་འགྱུར་རོ་ཞེ་ན། དོན་མེད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་སྲན་པའི་ཕྱིར་ཡང་བདག་འདི་ལྟུང་བ་ནི། རེ་ཞིག་བཙུན་པ་ཁྱེད་ལ་ལན་འགའ་
སྲན་པའི་ཕྱིར་གལ་ཏེ་ཁྱོད་ཁོ་མོ་ལ་ཞོན་ཕོད་ན་ཁོ་མོ་ཉལ་ལོ་ཞེས་ལུས་བཀན་པ་ཡང་སྲིད་པས་དེའི་ཕྱིར་དེ་ལ་འཇིགས་པའི་དབང་གིས་ལུས་བཀན་པ་ལ་ནི་ལྟུང་བ་མེད། སྲན་པའི་ཕྱིར་ནི་ཉེས་བྱས་སོ་ཞེས་བྱ་བ་འཐོན་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་འགལ་ཟླའི་ཕྱིར་བཀན་
Vol. 161 · folio 13a
པ་ཞེ་ན། དེའི་ཕྱིར་དེ་ལ་བརྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བརྟེན་པའི་ཕྱིར་ཉེ་བར་གནས་པ་ལ་ཆགས་པའི་བུད་མེད་དེ་ལ་ཞེས་བྱ་བའི་ཚིག་འདི་དོན་མེད་དོ་སྙམ་དུ་ཡང་ཤེས་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ།
གང་གི་ཕྱིར་སྔར་ཉེ་བར་གནས་པའི་བུད་མེད་མཚན་ཉིད་དང་བྲལ་བ་ལ་ཡུན་རིང་ཞིག་སྡོད་སྡོད་པས་དེ་ལ་ཡང་གནས་སྐབས་དེ་ལ་བལྟ་བར་གྱུར་པ་ལ་རྨི་ལམ་འགྱུར་བའམ། སེམས་གཞན་ཉིད་དུ་འགྱུར་བ་དེ་བས་ན་དོན་མེད་པ་ཉིད་ནི་མ་ཡིན་ནོ། །ཅི་ཐམས་ཅད་དུ་ལུས་བཀན་པ་
ཇི་སྐད་བསྟན་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་དེ་སྤྲད་དུ་རུང་བ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ་སྤྲད་དུ་རུང་བ་ཉིད་ཡིན་ན་སྟེ། ཆགས་པ་ཅན་དེ་དག་ལྷན་ཅིག་ཏུ་བསྟེན་པ་དེ་ཉེ་བར་གནས་པའི་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་
ཕྱོགས་སུ་ལུས་བཀན་ན་ཞེས་བྱ་བ་ནི་འདི་ལ་མདོ་འདི་ཡིན་ཏེ་དེ་ལྟ་བུའི་ཕྱོགས་སུ་ཞེས་བྱ་བ་ནི་ཕྱིར་བཟློག་ཏུ་མེད་པའི་གནས་སུའོ། །ལུས་བཀན་པ་ཞེས་བྱ་བ་ནི་ཉལ་ན་སྟེ། དེ་ལྟར་གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་ལ་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་སོ། །ཇི་སྐད་དུ་ལྟུང་བ་
བསྟན་པ་ལས་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་པར་བྱེད་ན་གང་དུ་སྐྱེས་པས་བུད་མེད་ལ་བགྲོད་པར་བྱ་བར་འགྱུར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱེད་ན་སྦོམ་པོའོ་ཞེས་བྱ་བ་ལ། འདིར་
གཞུང་ནི། ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱེད་པ་ཉེས་པ་སྦོམ་པོར་འགྱུར་རོ། །བུད་མེད་བྱེད་དམ་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པས་འགྲོ་བ་དང་འོང་བ་དང་འོང་བ་བདག་གིར་བྱེད་ན་ཇི་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་ཞེས་
བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཕྱར་གཡེང་ངོ་ཞེས་བྱ་བ་ནི་འདིར་གཉིས་ཀ་ཡང་ཆགས་པས་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཕྱར་གཡེང་ངོ་ཞེས་བྱ་བ་ནི་འཇུག་པ་ཤིན་ཏུ་མྱུར་བ་མ་ཡིན་པ་དང་། བརྟན་པ་མ་ཉམས་པ་དང་ཧྲལ་བག་བྱེད་པའི་བྱ་བར་རིག་པར་བྱའོ། །ཙབ་ཧྲལ་ལོ་ཞེས་བྱ་
Vol. 161 · folio 13b
བ་ནི་ཤིན་ཏུ་མྱུར་བའི་འགྲོ་བ་དང་བརྟན་པ་ཉམས་པ་དང་། བཙུན་སྤུ་ཉམས་ཤིང་བསྟན་པའི་གཞོལ་བ་ལ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས་ལུས་དང་ངག་གི་ལས་སོ། །དེ་ལས་དུས་མལ་མནོས་ན་ཡང་ངོ་ཞེས་བྱ་བ་ནི་སྐྱེས་པ་ཆགས་པར་གྱུར་པ་དེ་ལ་སྐྱེད་མོས་ཚལ་ཆེ་གེ་མོ་ཞིག་ཏུ་ཤོག་
ཤིག་ཅེའམ། ཁྱོད་ཀྱི་ཁྱིམ་ག་གེ་མོ་ཞིག་ཏུ་ཁོ་མོ་འོང་ངོ་ཞེས་དུས་མལ་ཚིག་གིས་ནོད་པ་དང་། སྐྱེས་པ་ཆགས་པར་གྱུར་པས་ཁོ་མོ་སྐྱེད་མོས་ཚལ་ཆེ་གེ་མོ་ཞིག་ཏུ་འོང་གིས་ཁྱོད་ཀྱང་གནས་དེར་ཤོག་ཤིག་ཅེས་དུས་མལ་བཏབ་པའི་ཚིག་གིས་ནོད་ན་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་བྱ་བས་དང་
དུ་ལེན་ན་ཉེས་བྱས་སོ། །གང་ཞེ་ན། འདིར་གཞུང་ནི་སྤྱིར་བསྟན་པ་ལས། ཚིག་གིས་ཞེས་གསུངས་པ་ཡིན་ནོ། །བརྡའོ་མཚན་མའོ་ཞེས་བྱ་བ་ནི་སྐྱེས་པ་ཆགས་པ་ལ་བྱེད་པ་དང་ནོད་པ་ལ་ཞེས་བྱ་བར་སྦྱོར་རོ། །བརྡ་ཞེས་བྱ་བ་ནི་དུས་ཚོད་ཀྱི་བརྡ་སྟེ། ཁོ་མོ་སྔ་དྲོ་སྟ་གོན་བྱེད་དོ་ཞེས་བྱ་བ་ལ་སོགས་
པའི་དུས་ཚོད་ཀྱི་བརྡས་དུས་འདེབས་པར་བྱེད་པར་རིག་པར་བྱའོ། །མཚན་མས་ཞེས་བྱ་བ་ནི་ཁོ་མོ་གོས་འདི་ལྟ་བུ་གོན་པ་ཁྱོད་ཀྱིས་མཐོང་ན་སྟ་གོན་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའི་མཚན་མ་བྱེད་པར་རིག་པར་བྱའོ། །དེའི་འོང་བ་དང་འགྲོ་བའི་འཇུག་པ་བདག་གིར་བྱེད་ནའོ་ཞེས་བྱ་བ་ལ། འོང་བ་
ཞེས་བྱ་བ་ནི་གང་ན་དེ་འདུག་པ་དེར་འོང་བའོ། །འགྲོ་བ་ཞེས་བྱ་བ་ནི་དུས་མལ་བཏབ་པའི་གནས་སུ་འགྲོ་བའོ། །སྐྱེས་པ་ཆགས་པར་གྱུར་པ་དེའི་འོང་བ་དང་འགྲོ་བའི་འཇུག་པ་བདག་གིར་བྱེད་ན་དགེ་སློང་མ་ལ་ནི་སྦོམ་པོར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལུས་བཀན་པ་ནི་དགེ་སློང་ལ་ནི་སྦོམ་པོ་སྟེ།
གཞན་ནི་ཚིག་ཏུ་མ་སྨྲས་ན་ནི་ཉེས་བྱས་སོ་ཞེས་བྱ་བ་དེའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བུད་མེད་ལ་ཚིག་ཏུ་སྨྲས་ན་ནི་དགེ་འདུན་ལྷག་མའོ། །ལུས་བཀན་པའི་ཕམ་པར་འགྱུར་བའོ། །གང་ལ་ཁ་ན་མ་ཐོ་བ་འཆབ་པའི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་མའི་ཕམ་པར་འགྱུར་བ་འཆབ་
པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་དང་འབྲེལ་པའི་བརྒྱད་པོ་དག་ལས་གང་ཡང་རུང་བ་ལ་ཡང་ངོ་། །སུའི་ཕམ་པར་འགྱུར་བ་ཞེ་ན། དེའི་ཕྱིར་འདིར་དགེ་སློང་མའི་ཞེས་སྨོས་ཏེ། འདིར་ཉིན་མཚན་གྱི་མཐར་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ལ། མདུན་རོལ་དུ་ནི་ན་སྨད་དོ། །འདིར་
Vol. 161 · folio 14a
གཞུང་ནི་གཏམ་གྱི་གཞི་ལས། དགེ་སློང་མ་མི་ཚངས་པར་སྤྱོད་པ་བྱེད་པ་མཐོང་ལ་དེ་བཅབས་ཤིང་འདུ་ཤེས་སྦས་ན་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ན་སྨད་ན་སྦོམ་པོ་སྟེ། དེ་བས་ན་སྡེ་པ་འདི་ལ་སྦོམ་པོ་ཞེས་རྟོགས་པར་བྱའོ། །འཆབ་
པའི་ཕམ་པར་འགྱུར་བའོ། །ཅི་ཞིག་བྱས་ན་བཟློག་པའི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གནས་ནས་ཕྱུང་བ་བཟོད་པ་གསོལ་བར་ངེས་པ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་ཤེས་བཞིན་དུ་དེ་ལས་བཟློག་པ་ཉིད་མི་གཏོང་ནའོ་ཞེས་བྱ་བ་སྨོས་ཏེ། འདི་སྐད་བསྟན་ཏེ་
དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་ནས་བཅོམ་ལྡན་འདས་ཀྱི་བཀས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་ལས་བྱས་ཤིང་དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱས་ནས། གཉིས་ཀའི་དགེ་འདུན་གྱིས་ཕྱི་རོལ་དུ་
བྱས་པའི་དགེ་སློང་གི་དགེ་འདུན་ལ་བཟོད་པར་གསོལ་ལོ་ཞེས་ངེས་པར་གྱུར་ནས། སྦོམ་དགའ་མོས་དོན་དེ་ཤེས་བཞིན་དུ་ཕྱིར་བཟློག་པ་དེ་ལ་དགེ་སློང་མའི་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་ལ་སོགས་པ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་ནི་བཟློག་པ་དེ་ཉིད་མ་གཏོང་བ་དེ་ལ་ཕམ་
པར་འགྱུར་བ་བཅས་པ་ཡིན་ཏེ། དེ་བས་ན་འདིར་མདོ་འདི་བྱས་པ་ཡིན་ནོ། །ཕྱག་བྱ་བ་མ་ཡིན་པའི་སྡོམ་པ་བྱས་ནས་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་བྱས་པ་ནི་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་འདི་ལ་དེ་ལྟ་བས་ན་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པའོ། །དགེ་སློང་
གནས་ནས་ཕྱུང་བ་ཞེས་བྱ་བ་ནི། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་ཤེས་བཞིན་དུ་དགེ་འདུན་གྱིས་གནས་ནས་ཕྱུང་བ་བཟོད་པར་གསོལ་བར་ངེས་པར་ཤེས་ནས། དེ་ལས་བྱུང་བ་བཟོད་པར་གསོལ་བར་ངེས་ནས་དེ་ལས་བཟློག་པ་ཉིད་གང་ཡིན་པ་དེ་མི་གཏོང་ན་ཕམ་པར་
ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་གཏོང་བ་ལ་ཞེ་ན། དེའི་ཕྱིར་དབྱེན་ལ་བརྟུལ་བ་ཉིད་དང་འདྲའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་དེ་མི་གཏོང་བ་ལ་ལྟུང་བར་འགྱུར་བ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་དང་འདྲ་བར་བཞམས་པ་དང་གསོལ་བ་
Vol. 161 · folio 14b
མངོན་དུ་བཏང་བའི་ལས་བྱས་ཏེ། ཇི་སྲིད་འདའ་བར་བྱེད་པ་དེ་སྲིད་ཐ་དད་པར་བརྗོད་པ་བསྒོ་བ་དང་འབྲེལ་པའི་རིམ་པ་དང་། དེའི་རྒྱུ་མཚན་འཇུག་པ་དང་འབྲེལ་པ་དེ་ཐམས་ཅད་འདིར་ཅི་རིགས་པར་རྟོགས་པར་བྱའོ། །དགེ་སློང་མ་བཟློག་པ་ལ་ནི་འདི་ལ་ལྟུང་བྱེད་ཁོ་ནར་རིག་པར་བྱའོ། །
བཟློག་པའི་ཕམ་པར་འགྱུར་བའོ། །དགེ་སློང་མའི་ཕམ་པར་འགྱུར་བ་རྣམས་རྫོགས་སོ།། །།ཁུ་བ་འབྱིན་པར་གཏོགས་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་དུ་རྣམ་པར་གཞག་ཟིན་ཏོ། །རེག་པར་གཏོགས་པའི་ཕམ་པ་འཇུག་པ་ཉིད་ཀྱིས་སོ། །དེ་བཞིན་དུ་བརྗོད་པ་དང་འབྲེལ་པའི་བསྙེན་བཀུར་
བསྔགས་པ་འབྱུང་བའོ། །གང་གི་ཕྱིར་བསྙེན་བཀུར་བསྔགས་པ་དང་འཁྲིག་པ་ལ་ནི་བུད་མེད་དོ། །བསྙེན་བཀུར་བྱེད་པར་འགྱུར་བ་ལ་ནི་མ་ཡིན་ནོ། །འདིར་སྐྱེས་པ་ནི་གཡོག་ཕྲན་གྱི་ཆ་དང་བུད་མེད་ཀྱི་ཁང་པ་དང་གཙུག་ལག་ཁང་དང་འབྲེལ་པའི་འཇུག་པ་ལའོ། །ཤིན་ཏུ་ཡང་འབྱུང་བ་མ་ཡིན་ཏེ།
གང་གི་ཕྱིར་འདི་དག་ལ་མཐུ་དང་ལྡན་པའི་བྱེད་པ་པོ་ཉིད་ཡོད་པ་མ་ཡིན་ནོ། །བྱེད་དུ་བཅུག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། བདག་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །བུད་མེད་རྣམས་ལ་ཁྱིམ་བྱེད་པའི་ཉོན་མོངས་པ་ལ་ནི་ཤིན་ཏུ་ཡང་གནས་པ་མ་ཡིན་ཏེ། སྐྱེས་པ་ནི་སྟོབས་དང་ལྡན་པ་ཉིད་དོ། །དགེ་
འདུན་གྱི་ལྷག་མ་འཇུག་པའི་ལྷག་མ་རྣམས་ནི་འདི་ལ་ཁ་ན་མ་ཐོ་བ་མ་ཆོག་པ་ལྷག་མ་རྣམས་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་ལ་ནི་དགེ་སློང་ལ་དགེ་འདུན་གྱི་ལྷག་མ་འཇུག་པ་ཉིད་ཀྱིས་རྣམ་པར་གཞག་པ་བྱས་པ་ཡིན་ནོ། །དེ་གཉིས་ཀྱང་བརྗོད་པར་བྱ་སྟེ་དེ་ལ་ཐུན་མོང་བ་ནི་མིང་ཙམ་རྣམ་པར་
གཞག་པ་དག་ཅི་བསྟན་པའི་ཕྱིར་སྨྱན་བྱེད་པའོ་ཞེས་བྱ་བ་སྨོས་ཏེ། གཞན་སྨྱན་བྱེད་པ་ནི་ངོ་བོ་བསྟན་པས་སོ། །དགེ་འདུན་ལྷག་མ་ཁ་ན་མ་ཐོ་བ་འདིའི་མཚན་ཉིད་སྔར་ཇི་སྐད་བསྟན་པ་དེ་ཉིད་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །སྐབས་འདི་དང་འོག་མ་དག་ལས་ཆོས་འདི་ནི་
དང་པོས་ལྟུང་བར་འགྱུར་ལ་ཞེས་གསུངས་པའི་ཚིག་དེའི་རྣམ་པར་འབྱེད་པ་ནི་མདོ་ལས་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེའི་དོན་ནི་སྤྱད་པ་ཙམ་གྱིས་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། ཡང་དང་ཡང་དུ་ཕྱིར་བཟློག་ཅིང་མི་གཏོང་བ་ལ་ནི་མ་ཡིན་པར་རིག་པར་བྱའོ། །འབྱུང་བར་འགྱུར་
Vol. 161 · folio 15a
བས་ཏེ་ཞེས་བྱ་བ་ནི་གང་ཞིག་ལྟུང་བ་ལས་འབྱུང་བ་དང་རྗེས་སུ་མཐུན་པ་དེ་ནི་ཕམ་པར་འགྱུར་བ་དག་ལྟར་ཕྱིར་བཅོས་སུ་མི་རུང་བ་མ་ཡིན་ནོ། །དེ་ལྟར་ཡང་དེའི་རྣམ་པར་འབྱེད་པ་ནི་ལྟུང་བ་དང་བཅས་པའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཅུང་ཟད་དགེ་སློང་མ་ལ་བརྟེན་ཏེ་
ཕྲན་ཚེགས་དག་ལས་ཅུང་ཟད་ལྷག་པར་གསུངས་པ་དག་བསྟན་པའི་ཕྱིར་དགེ་སློང་མ་ལ་ཁྱིམ་པ་མོ་ཉིད་ཀྱི་བསྔགས་པ་བརྗོད་ན་སྦོམ་པོའོ་ཞེས་བྱ་བ་སྨོས་ཏེ། བསྔགས་པ་བརྗོད་པ་ཞེས་བྱ་བ་ནི་གང་ཞིག་འབྲེལ་པ་བསྟན་པས་ཡང་དག་པར་འཛིན་དུ་འཇུག་པའོ། །འདི་ཡང་འདོད་པ་ལ་བརྟེན་པ་
དང་ཕན་ཡོན་བསྟན་པས་གང་ཡང་རུང་བའི་མངོན་པར་འདོད་པ་གླེང་གཞི་ལས་རྟོགས་པའོ། །རབ་ཏུ་འབྱུང་བ་འདོད་པ་རྣམས་ལ་བརྟེན་པར་མཛོད་ཅིག་ཅེས་བྱ་བ་ཉོན་མོངས་པ་དག་གིས་གནོད་པར་འགྱུར་བ་རྣམས་ཀྱིས་གོ་བར་བྱས་པ་ན་སྦོམ་དགའ་མོས་ཚིག་དེ་སྐད་བརྗོད་པ་ལས། འདི་
བཅས་ཏེ་དེ་ནི་སྨྱན་བྱེད་པ་དང་། རིགས་མཐུན་པ་ཉིད་ཡིན་པའི་ཕྱིར་འདི་དང་འབྲེལ་པ་ཉིད་ཀྱིས་འདི་རྣམས་ཤེས་པར་བྱའོ། །དགེ་སློང་མ་སྨད་འཚོང་མར་འགྱུར་བ་སུ་ཞིག་ལ་འགའ་ཞིག་ཏུ་ཉེས་པ་མེད་པ་ཉིད་ནི་མ་ཡིན་ཏེ། དེ་བས་ན་དགེ་སློང་ལ་ཡང་དེའི་རྗེས་སུ་འབྲངས་པས་ཉེས་པ་སྦོམ་
པོར་འགྱུར་བར་ཤེས་པར་བྱའོ། །གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་པ་ལ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྦོམ་པོ་ཞེས་བྱ་བ་ལ་བསྙེག་པའི་དོན་དུའོ། །བདག་ཉིད་ལ་བུད་མེད་གཞན་སྨད་འཚོང་མ་ཉིད་དུ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །སྨད་འཚོང་མ་ཞེས་བྱ་
བའི་སྒྲ་ནི་འཇུད་མཐུན་མ་ཞེས་བྱ་བ་སྟེ། འཇུད་པ་ཞེས་བྱ་བ་ནི་ཕོའི་དབང་པོ་ལ་བྱས་ཏེ། འཇུད་པར་བྱེད་པ་ཡིན་པས་འཇུད་པ་སྟེ། དེས་འཇུད་པ་གང་ལ་ཡོད་པ་དེ་ནི་འཇུད་མཐུན་མ་ཡིན་ཏེ་སྨད་འཚོང་མའོ། །བྲན་མོ་ཟོང་ཉིད་དུ་གཏོང་བ་ནི་དེ་ལས་ཕྱི་རོལ་དུ་གྱུར་པ་ཉིད་མ་ཡིན་ནོ་
ཞེས་བྱ་བ་ནི་དགེ་སློང་མས་བྲན་མོ་ཟོང་གི་ཕྱིར་སླར་གཏོང་བ་གང་ཡིན་པ་དེ་ལ་སྨད་འཚོང་མ་ཉིད་དུ་འཇུག་པ་ཞེས་བསྟན་པ་དེ་ལས་ཕྱི་རོལ་དུ་གྱུར་པ་ཉིད་མ་ཡིན་ཏེ། དོན་འདྲ་བས་འདི་ལ་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཟོང་འགྲེམས་པའི་ཚུལ་གྱིས་
Vol. 161 · folio 15b
འཇུག་པ་འདི་ནི་གྲགས་པའི་དབང་གིས་འདི་ལྟར་མདོར་བྱས་པའོ། །དགེ་སློང་མ་སྨྱན་བྱེད་པའི་དགེ་འདུན་ལྷག་མའོ།། །།གཞི་མེད་པའོ། །བག་ཙམ་མོ་ཞེས་བྱ་བ་ནི་དགེ་འདུན་གྱི་ལྷག་མ་དང་བཅས་པའི་ཁ་ན་མ་ཐོ་བ་འདི་དག་ཇི་ལྟར་སྨོས་པ་དེ་དགེ་སློང་མ་རྣམས་ཀྱི་ཡང་
ཡིན་པར་རིག་པར་བྱའོ། །བུད་མེད་སྐྱེས་པ་ཉིད་དང་བཅས་པ་འདི་ལ་སོགས་པ་ཐམས་ཅད་ལ་བྱེ་བྲག་ནི་འདི་ཡོད་པར་རིག་པར་བྱ་སྟེ། ཕོ་ཉིད་ལ་ནི་མོ་ཉིད་དོ། །དེ་ལ་ཕོ་ཉིད་དོ་ཞེས་བྱ་བ་ནི་ཕོའི་རྟགས་ཀྱི་གནས་སུ་ནི་མོའི་རྟགས་བལྟ་བར་བྱ་ལ། མོའི་རྟགས་ཀྱི་གནས་
སུ་ནི་ཕོའི་རྟགས་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ་གཉིས་སོ། །གང་ལ་ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མར་གྱུར་ཞེ་ན། དེའི་ཕྱིར་ཅི་ཡང་རུང་བ་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། དངོས་པོའི་ཚོགས་གང་
ཡིན་པ་དེ་ནི་ཕྱག་དར་ནས་བརྩམས་ཏེ་ཅི་ཡང་རུང་བའོ། །ཀ་ཡིག་ནི་སྨོད་པ་ལའོ། །འཁྲིག་པའི་དངོས་པོ་ཉིད་ཀྱི་ཕྱིར་རྣམ་པ་འདི་ལ་འཁྲིག་པ་ལ་ལྟོས་པའི་དབང་གིས་སྦྱིན་པར་བྱ་བ་ཉིད་ལ་རྣམ་པར་གནས་པ་ཉིད་ལ་འདིར་སྨོས་པ་ཞེས་བྱ་བར་ཤེས་པའོ། །བདག་གིར་བྱེད་པ་ཞེས་བྱ་
བ་ནི་རང་ཉིད་ཀྱིས་མངོན་པར་བསྟན་པར་གྱུར་པ་སྟེ་ལེན་པར་བྱེད་པའོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་བདག་གིར་བྱེད་པ་ནི་ལེན་པར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟ་བུར་གྱུར་པས་ཤེ་ན། དེའི་ཕྱིར་དགེ་སློང་མ་ཆགས་པར་གྱུར་པས་སོ་ཞེས་བྱ་བ་སྨོས་ཏེ། འདི་དང་འོག་
མ་དག་ལས་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་པས་ཞེས་བྱ་བའི་དོན་རྟོགས་པའོ། །གང་ལས་བདག་གིར་བྱེད་ཅེ་ན་དེའི་ཕྱིར་སྐྱེས་པ་ཆགས་པར་འགྱུར་བ་ལས་སོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་ལས་ཤེ་ན། དེའི་ཕྱིར་ཆགས་པར་མ་གྱུར་པས་ནི་སྦོམ་པོའོ། །ཆགས་པར་
མ་གྱུར་པ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་ཆགས་པར་མ་གྱུར་པས། སྐྱེས་པ་ཆགས་པ་ལས་ཅི་ཡང་རུང་བ་དང་དུ་ལེན་པར་བྱེད་པ་ལ་ནི་སྦོམ་པོའོ། །ཆགས་པར་མ་གྱུར་པ་ལས་ནི་ཉེས་བྱས་སོ་ཞེས་བྱ་བའི་ཚིག་གིས་ཆགས་པ་ལས་ཞེས་བྱ་བ་གོང་མ་ལས་ཤེས་
Vol. 161 · folio 16a
པར་བྱའོ། །ཅུང་ཟད་ཀྱང་མི་ཤེས་པར་གྱུར་པ་ལ་སྐྱེས་པ་ཆགས་པར་གྱུར་པས་བསམ་པ་སྐྱོན་ཅན་དུ་གྱུར་པ་དང་མཐུ་དང་ལྡན་པ་ཉིད་ལ་འདི་བྱེད་པ་པོ་ཉིད་དོ། །མེད་པ་ལ་མེད་པར་ཤེས་པ་ཉིད་ཀྱིས་དེ་ལ་མངོན་པར་ཆགས་པས་ཀྱང་ལྕི་བ་ཉིད་དོ། །བསམ་པའི་ཉེས་པ་ལའོ། །
དེ་ལྟ་བས་ན་ཅི་ཡང་རུང་བ་བདག་གིར་བྱེད་པ་དང་། སྐྱེས་པ་ཆགས་པར་གྱུར་པ་འདི་གཉིས་ནི་ཤེས་ཀྱང་རུང་དོགས་ཀྱང་རུང་། ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། ཡོད་པ་ཉིད་ལ་བརྟེན་པར་གྱུར་ན། དེ་ལྟ་ན་ཇི་སྐད་བསྟན་པ་ཉིད་དོ། །དེ་ལ་སོགས་པ་བཅུ་གསུམ་ཁ་ཅིག་ཏུ་རྒྱུ་བའི་བཞི་པོ་
དག་ལ་ནི། དགེ་སློང་རྣམས་ལ་གཅིག་པུ་འགྲོ་བ་ལ་ལྟུང་བ་མེད་དོ། །ལྷག་མ་ལ་ནི་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། །འགའ་ཞིག་ཏུ་ནི་ལྟུང་བྱེད་དུ་འགྱུར་རོ། །ཡང་ན་ལྟུང་བ་མེད་པ་ནི་དཔེར་ན་ཤི་བའི་ནོར་ལེན་པ་ལྟ་བུའོ། །ཆོས་གོས་ཀྱི་རིན་བཀུར་བ་ལས་བླང་བའི་ཆོ་ག་
གང་ཡིན་པ་དེ་ལས་འདས་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་ལ། མ་འདས་ན་ནི་ལྟུང་བ་མེད་དོ། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མའོ། །གང་ལ་ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་ཆགས་པར་མ་གྱུར་པས་ཆགས་པར་གྱུར་པ་ལས་ཅི་
ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དགེ་སློང་མ་ལ་གོ་བར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཆགས་པར་མ་གྱུར་པས་ཞེས་བྱ་བ་ནི་འདིར་འདོད་ཆགས་མངོན་སུམ་དུ་མ་གྱུར་པ་ལ་བྱའི་མི་ལྟོས་པ་ཉིད་ལ་ནི་མ་ཡིན་ནོ། །དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་
ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་ལ་གོ་བར་བྱེད་པ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་སྦོམ་དགའ་མོས་གཙུག་དགའ་མོ་ལ་ཀྱེ་ཁྱོད་ཆགས་པར་མ་གྱུར་ན། ཁྱོད་ཆགས་སུ་མེད་པས་ཆགས་པར་གྱུར་པ་
ལས་ཅི་ཡང་རུང་བ་བདག་གིར་བྱ་བ་རུང་ངོ་ཞེས་ཉེས་པ་སྦོམ་པོ་ཡང་དག་པར་ལེན་དུ་བཅུག་པ་དེ་ལ་ཁ་ན་མ་ཐོ་བ་འདིར་གསུངས་པ་ཡིན་པས། དེའི་ཕྱིར་ཆགས་པར་གྱུར་པ་ལས་བདག་ཏུ་བྱ་བ་ཅི་ཡང་རུང་བ་ལེན་དུ་འཇུག་པ་ལ་ཤིན་ཏུ་ལྕི་བ་ཉིད་ཀྱི་ཕྱིར་ཁ་ན་མ་ཐོ་བ་འདིར་གཏོགས་པར་བྱའོ། །ལྟོས་
Vol. 161 · folio 16b
པ་མེད་པས་གཟུང་བ་ལན་དུ་འཇུག་པ་ལ་བར་དུ་གཅོད་པ་མེད་པ་ཉིད་ཀྱི་ཕྱིར་ཁ་ན་མ་ཐོ་བའི་ཚིག་ཅན་འདི་ལ་སྦོམ་པོར་རྟོགས་པར་བྱའོ། །ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མའོ། །འོག་མ་བཞི་པོ་དག་ལ་ནི་དགེ་སློང་མ་མེད་པར་རོ་ཞེས་བྱ་བ་ནི་མཚན་མོ་འབྲལ་བ་ལ་སོགས་པ་
རྣམས་ལ་འདིའི་འོག་མ་བསླབ་པའི་གཞི་བཞི་པོ་དག་ལ་དགེ་སློང་མ་མེད་པར་འགྲོ་ན་ཚིག་འདི་རྟོགས་པར་བྱའོ། །དགེ་སློང་མ་ཉིད་ནི་སུམ་ཆ་དང་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སུམ་ཆ་དང་བྲལ་ཞིང་སུམ་གཉིས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དགེ་སློང་མ་སུམ་ཆ་མ་ཡིན་ཏེ། དགེ་སློང་
མ་མ་ཡིན་པ་མ་ཡིན་ཏེ་དེ་དགེ་སློབ་མ་ལས་སུམ་ཆ་གཉིས། དགེ་སློང་མ་དང་བྲལ་བས་རྗེས་སུ་བསྒྲུབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འདིར་སུམ་ཆར་གྱུར་པའི་སུམ་ཆའི་ཚིག་ལ་དངོས་གཞིའི་ཁ་ན་མ་ཐོ་བའི་ཉེས་བྱས་སུ་འགྱུར་རོ། །དེ་མ་ཐག་པའི་ཚིག་ལ་ཉེས་བྱས་ཕྲ་
མོར་འགྱུར་རོ། །གསུམ་པ་ལ་ཤིན་ཏུ་མ་ཆོག་པ་དེ་བས་ན་དེ་ལ་འདི་བསྟན་པའོ། །དགེ་ཚུལ་མ་ནི་སུམ་ཆའོ་ཞེས་བྱ་བ་ནི་དགེ་ཚུལ་མ་དེ་ནི་དགེ་སློང་མ་དང་ལྷན་ཅིག་འགྲོགས་པའི་སུམ་ཆ་རྗེས་སུ་བསྒྲུབ་ཅིང་དགེ་སློང་མ་དང་བྲལ་བ་ལ་རྗེས་སུ་བསྒྲུབ་པར་འགྱུར་ཏེ། གཉིས་པོ་
ནི་རྗེས་སུ་མ་གྲུབ་པར་འགྱུར་རོ། །དེ་བས་ན་འདིར་སྦོམ་པོ་ཆ་གཅིག་རྗེས་སུ་བསྒྲུབ་པ་ལ་ཁ་ན་མ་ཐོ་བ་ཆུང་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །མི་འདོད་བཞིན་དུ་འབྲལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་བྲལ་བ་ལ་ལྟུང་བ་མི་སྐྱེད་དོ་ཞེས་བྱ་
བའི་དོན་ཏོ། །འདིར་གཞུང་ནི། གལ་ཏེ་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་མ་བརྡེགས་སམ། ཤིའམ་ཉམས་སམ་ལྟུང་བར་གྱུར་ཏམ། གཞན་གྱི་ཡུལ་འཁོར་རམ་གཞན་གྱི་ཡུལ་དུ་བྲོས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མི་འདོད་པ་ལས་སྐྱེས་པ་བྲལ་བ་རྩེ་
གཅིག་པ་ཉིད་དུ་འདིར་རྣམ་པར་གནས་པ་ཡིན་ནོ། །འདིར་རྒྱུ་མཚན་གཞན་ཡང་འཕྲོག་པ་དང་ཉམས་པ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་བས་ན་དེ་སྐད་ཅེས་སྨོས་སོ། །ཁྱིམ་པའི་དངོས་པོར་གཏོགས་པ་ལ་འདིར་དགེ་སློང་མ་ཉིད་དུ་གཏོགས་པ་ལ་ཉམས་པ་ལ་ཞེས་སྨོས་
Vol. 161 · folio 17a
སོ། །ལྟུང་བ་ཞེས་བྱ་བ་འདིས་ནི་ལྟུང་བ་ཉིད་བསྟན་པ་ཡིན་ཏེ། ལྟུང་བ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའོ། །བར་ཆད་བྱུང་བའི་དབང་ཉིད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་དང་། ཚངས་པར་སྤྱོད་པའི་བར་ཆད་བྱུང་བའི་དབང་ཉིད་ཀྱིས་ཁྲིམས་ཟླ་དང་བྲལ་
བ་ལ་ཡང་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དུས་དང་འབྲེལ་པ་ལས་མཐའ་ཉིད་ཀྱི་མདུན་རོལ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་དུས་འགའ་ཞིག་ལ་བརྟེན་པའི་བྱ་བའི་ཁྱད་པར་གང་ཞིག་བརྗོད་པ་ནི་འདི་ལྟ་སྟེ། དཔེར་ན་མཚན་མོ་དང་ཉིན་མོའི་དུས་ཀྱི་མཐའི་སྐད་ཅིག་མ་ལ་བྱ་བ་གང་
འབྱུང་བ་དེ་ལ་ནི་དངོས་གཞི་ཉིད་དུ་འགྱུར་རོ། །མདུན་རོལ་དུ་ནི་དེའི་གང་ཞིག་དེ་མ་ཐག་པའི་ཚིག་ཉིད་ཀྱི་དོན་ཏོ། །དུས་ཀྱི་ཁོངས་སུ་གཏོགས་པ་ལས་གང་ཞིག་མདུན་རོལ་གྱི་དུས་སུ་བྱ་བ་གང་ཡིན་པ་དེ་ལ་ནི་སྦྱར་བ་ཉིད་དོ། །མཐའི་དུས་སུ་གྱུར་པ་ཉིད་ལ་བྱ་བ་གང་ཡིན་པ་དེ་ལ་
ནི་དངོས་གཞི་ཉིད་ཡིན་ནོ། །དེ་གང་ལ་ཤེས་ཤེ་ན། དེའི་ཕྱིར་དབྱར་ཁང་དང་བྲལ་བར་གྱུར་ཅིང་གཞན་དུ་མཚན་མོ་སྐྱ་རེངས་འཆར་བར་བྱེད་ནའོ་ཞེས་གསུངས་པ་ལ་སྟེ། དགེ་སློང་མ་གཅིག་པུ་དབྱར་ཁང་གི་ཕྱི་རོལ་གཞན་དུ་མཚན་མོ་སྐྱ་རེངས་འཆར་བར་བྱེད་ན་ཐམས་ཅད་དུ་
དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་དེ་གཉིས་ཀྱིས་ནི་འདིར་ཉིན་མོ་འབྲལ་བ་དང་། མཚན་མོ་འབྲལ་བ་གཉིས་བསྟན་ཏོ། །འདིར་མཐར་ཙམ་ལ་དངོས་གཞིར་གསུངས་པས་དེའི་ཕྱིར། མདུན་རོལ་གྱི་དུས་ལ་ནི་སྦྱོར་བ་ཉིད་ཁོ་ནར་སྦྱར་ཏེ། དེ་བས་འདི་ལྟར་ཉེ་བར་
འབྲེལ་པའོ། །ཉི་མ་ནུབ་པའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ་ཞེས་བྱ་བ་ནི། ཉི་མ་ནུབ་ཀར་འཇུག་པའི་མཐའ་ནི་ཉིན་མོའི་མཐའོ། །དེ་ཕན་ཆད་ནི་མཚན་མོར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོག་མ་བཞི་པོ་དག་གི་ཐུན་མོང་གི་མཚན་ཉིད་བཤད་
ཟིན་ཏོ། །ད་ནི་སོ་སོར་རྟོགས་པ་བརྗོད་པར་བྱ་སྟེ། གང་ལ་མཚན་མོ་འབྲལ་བའི་དགེ་འདུན་ལྷག་མར་འགྱུར་རོ་ཞེ་ན། དེའི་ཕྱིར་མཚན་མོ་དབྱར་ཁང་ལས་ཕྱི་རོལ་དུ་གྱུར་པའོ་ཞེས་བྱ་བ་སྨོས་ཏེ། འདིར་དབྱར་ཁང་ན་གནས་པ་ནི་གནས་ཉིད་ཀྱི་ཉེ་བར་མཚོན་པ་ཡིན་ཏེ།
Vol. 161 · folio 17b
ཁྱིམ་གྱི་ནང་དུ་ཡང་འདིར་གནས་པ་ཉིད་དུ་བརྟེན་པ་འཕེན་པའོ། །གྲོང་དང་སྐྱེད་མོས་ཚལ་ལ་སོགས་པའི་ཕྱི་རོལ་གྱི་གནས་ལ་བསྙེགས་པའོ། །དགོན་པ་ལ་ཡང་དོན་དང་བཅས་པའི་ས་ཕྱོགས་ཀྱི་ཕྱོགས་གཅིག་ལ་སོགས་པ་ཡང་བསྙེགས་པའོ། །བུད་མེད་འཇུག་པ་ལ་ཡང་འདི་རྣམ་
པར་སྦྱོར་བ་གང་ཞིག་དེ་ལ་སོགས་པ་ངེས་པ་བཞི་པོ་རྣམས་སོ། །དེ་བས་ན་འདིར་ཕྱི་རོལ་གྱི་ངོས་ནི་དབྱར་ཁང་གི་མཚམས་སོ། །གལ་ཏེ་འདི་ལ་སྐོར་བ་ཡོད་ན་ནི་དེ་ཉིད་ལའོ། །གལ་ཏེ་མེད་ན་ནི་དེ་ཉིད་ལའོ། །མཚན་མོ་འབྲལ་བའི་དགེ་འདུན་ལྷག་མའོ། །གང་ལ་ཉིན་མོ་
བྲལ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་ཉིན་མོའི་ཞེས་བྱ་བ་སྨོས་ཏེ། དབྱར་ཁང་ལ་ཕྱི་རོལ་དུ་གྱུར་ནའོ་ཞེས་བྱ་བར་སྦྱོར་རོ། །གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་ལོ་ཉེས་བྱུང་བའི་ཕྱིར་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པའི་གནང་བ་ཐོབ་ན་འགྲོ་བར་བྱའོ་
ཞེས་བྱ་བ་ནི་གླེང་གཞི་དག་ལས། ཉེ་དུ་རྣམས་ཀྱི་ལུས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པ་གནང་བ་ཐོབ་ནའོ། །དེའི་དོན་དུ་འགྲོ་བ་ན་དགེ་སློང་མའི་དགེ་འདུན་ལས་ཐོབ་པར་གྱུར་ན་དགེ་སློང་མ་གཅིག་པུ་གཉེན་འདུན་གྱི་ཁྱིམ་རྣམས་སུ་བཟའ་བའི་ཕྱིར་འགྲོ་བར་བྱའོ། །ཅི་དུས་ཐམས་ཅད་
དུའམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་ལོ་ཉེས་བྱུང་བའི་ཚེའོ། །དེ་སྦྱིན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བར་ཉེ་བར་སྤྱོད་པ་གནང་བའོ། །ཉིན་མོ་འབྲལ་བའི་དགེ་འདུན་ལྷག་མའོ། །གང་ལ་ལམ་དུ་འཇུག་པའི་དགེ་འདུན་ལྷག་མར་
འགྱུར་ཞེ་ན། དེའི་ཕྱིར་ལམ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་གྲོང་གི་ཉེ་འཁོར་ལས་འདས་ན་ལམ་དུ་ཞུགས་པ་ཡིན་ནོ། །འདིར་གྲོང་མེད་པ་ཉིད་ལ་ཁྱིམ་གྱི་གནས་ནི་གྲོང་ཉིད་དོ། །དོན་དང་བཅས་པ་ཉིད་ལ་གྲོང་ལ་སོགས་པའི་ཉེ་འཁོར་དང་བཅས་པ་ལ་ཆོས་གོས་དང་བྲལ་
བའི་སྐབས་སུ་ཇི་སྐད་བསྟན་པ་རྣམས་ཐམས་ཅད་འདིར་ཡང་དེ་བཞིན་དུ་གཟུང་བར་བྱའོ། །སྐྱེད་མོས་ཚལ་དང་ལྷའི་གནས་དང་ཚོགས་པའི་ནང་ལ་སོགས་པ་ནི་མ་གཏོགས་ཏེ། གལ་ཏེ་སྐྱེད་མོས་ཚལ་ལ་སོགས་པ་གྲོང་གི་ཉེ་འཁོར་དང་འབྲེལ་པ་ཡིན་ན། དེ་ཡང་གྲོང་ལ་སོགས་པས་བསྐོར་བ་ཉེ་འཁོར་
Vol. 161 · folio 18a
ཉིད་ཡིན་ཏེ། ཐག་རིང་པོས་བར་དུ་ཆོད་པ་ལ་ཉེ་བར་སྤྱོད་པ་ཉིད་དོ། །སྦོམ་དགའ་མོ་གཅིག་པུ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ཏུ་འཕྱེན་པའི་གླེང་གཞི་དེ་ལས་བསླབ་པའི་གཞི་འདི་བཅས་སོ། །ལམ་དུ་འཇུག་པའི་དགེ་འདུན་ལྷག་མའོ། །གང་ལ་ཆུ་རྒལ་བའི་དགེ་འདུན་
ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་ཆུ་ཀླུང་གི་ཕ་རོལ་དུ་རྒལ་བ་ལའོ་ཞེས་བྱ་བ་སྨོས་ཏེ། ལམ་དུ་འགྲོ་བ་ལ་ཁ་ན་མ་ཐོ་བ་འདི་ཡིན་ནོ། །དེ་ལྟ་བས་ན་གྲུ་ཚུགས་ཙམ་ལས་འདས་ན་ཁ་ན་མ་ཐོ་བ་འདི་ཡོངས་སུ་རྫོགས་པར་འགྱུར་རོ། །རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན། འདིར་
ཕ་རོལ་དུ་ཞེས་བརྗོད་པ་ནི་དཔེ་ཙམ་དུ་རྟོགས་པར་བྱའོ། །ལག་རྐྱལ་དག་གིས་ཕ་རོལ་དུ་ཕྱིན་ནའོ་ཞེས་བྱ་བ་ནི་ཆུ་ཀླུང་གི་ཕ་རོལ་དུ་རྒལ་བ་ལ་གྲུ་ཚུགས་ཙམ་ལས་འདའ་བར་བྱེད་ན་དགེ་འདུན་ལྷག་མའི་ལྟུང་བ་འདིའི་ཕ་རོལ་ཏུ་ཕྱིན་ན་ཞེས་བྱ་བའི་དོན་ཏོ། །ལག་པ་གཉིས་ཀྱིས་ལག་རྐྱལ་དག་གིས་རྒལ་བ་ནི་
ཕ་རོལ་དུ་སོན་པ་ཁོ་ན་ལ་ནི་དངོས་གཞི་རྣམ་པར་གཞག་པའོ། །མདུན་རོལ་དུ་ནི་སྦོམ་པོ་ཞེས་བྱ་བ་ནི་གཅིག་པུ་ལག་རྐྱལ་དག་གིས་ཆུ་ཀླུང་གི་ཕ་རོལ་དུ་འགྲོ་བ་ན་ཕ་རོལ་དུ་ཕྱིན་པའི་མདུན་རོལ་དུ་ནི་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །ཡུར་ཕྲན་གྱི་ཕ་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་ཕྱིན་ན་ཞེས་བྱ་བར་སྦྱར་རོ། །
ཡུལ་ཕྲན་ཞེས་བྱ་བ་ནི། གང་ཞིག་མཆོངས་པས་རྒལ་བར་ནུས་པས་ཏེ། དེ་ལ་ཡུར་ཕྲན་ཉིད་དུ་མངོན་པར་བརྟེན་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །རྒྱུན་ལྷག་མ་རྣམས་ལ་ནི་སྔ་མ་བཞིན་ཅི་རིགས་པར་སྦྱར་རོ། །ཆུ་རྒལ་བའི་དགེ་འདུན་ལྷག་མའོ། །གང་ལ་རབ་ཏུ་འབྱིན་པའི་དགེ་འདུན་
ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་རབ་ཏུ་བྱུང་བ་འདི་པ་དང་སྐལ་བ་མཉམ་པ་ཉིད་དུ་བྱེད་པ་གཙོ་བོ་ཡིན་ནོ། །དེ་བས་ན་གལ་ཏེ་དང་པོ་ཁོ་ནར་དགེ་ཚུལ་མ་ལ་སོགས་པའི་དངོས་པོར་བྱེད་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་ཉེ་
བར་སྡུད་པ་ལ་སོགས་པ་ནི་འདིར་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །ཞུ་བ་ལ་སོགས་པ་ནི་འདིར་སྦྱོར་བ་ཉིད་དེ་སྦོམ་པོ་ཞེས་རྣམ་པར་གནས་པ་ཡིན་ནོ། །གང་ཞིག་ཅེ་ན། དེའི་ཕྱིར་ཚོགས་པ་ཡིད་མཐུན་པ་བདག་པོས་ཡོངས་སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་དུ་
Vol. 161 · folio 18b
འགྱུར་བའི་གང་ཟག་གང་ལ་ཚོགས་པའི་ཡིད་མཐུན་པ་ཉིད་དང་བདག་པོས་ཡོངས་སུ་བཏང་བ་ཉིད་དང་། རྒྱལ་པོས་རྗེས་སུ་གནང་བ་ཉིད་ཀྱི་ཆོས་གསུམ་པོ་དེ་དག་ཡོད་པའི་བུད་མེད་དེ་ལྟ་བུ་ལ་ཞེས་བྱ་བའི་དོན་ཏོ། །ཡན་ལག་དེ་དག་ལས་གཅིག་ཡོད་ན་ནི་སྦོམ་པོ་ཁོ་ནར་འགྱུར་བར་རིག་པར་བྱའོ། །དོན་
གང་ལ་ཚོགས་པ་ཡིད་མཐུན་པ་ཉིད་ལ་སོགས་པ་དག་ཅི་ཞིག་གི་ཕྱིར་ཞེ་ན། དེའི་ཕྱིར་གསད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སྦྱོར་བ་གང་གིས་རབ་ཏུ་འབྱིན་ཞེ་ན། དེའི་ཕྱིར་མཁན་མོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཞན་དེ་ལ་སྦྱོར་བ་དེ་ལ་ཉེས་བྱས་སུ་མཐོང་བ་ཡིན་ནོ། །ཅི་ལྟ་བུ་
ཞིག་གིས་རབ་ཏུ་བྱུང་བ་ཡིན་ཞེ་ན། དེའི་ཕྱིར་དེ་ཤེས་པ་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། ཚོགས་པ་ཞེས་བྱ་བ་ལ་སོགས་པ་གསུམ་ཉིད་དུ་རྣམ་པར་གཞག་པ་ལ་དེ་ལས་འདའ་བར་བྱེད་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །གླེང་གཞི་ནི་སྡེ་བྱེད་ཀྱི་བུ་མོ་མཻ་ན་ཀ་ཞེས་བྱ་བ་སྐྱེས་པ་གཞན་རྣམས་
ཀྱིས་ལོངས་སྤྱོད་པར་བྱེད་དེ། བུད་མེད་འདི་གསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ་དང་། བདག་པོས་ཡོངས་སུ་བཏང་བ་དང་། རྒྱལ་པོས་རྗེས་སུ་གནང་བའི་གཞི་དེ་དག་ཤེས་པ་ཉིད་ཀྱིས་སོ་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའོ། །གང་ལ་ནོར་ལེན་
པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་ཤི་བའི་ནོར་ལེན་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཐོ་འཚམས་པའི་བློ་འདི་སོ་སོར་གནས་པ་ཡིན་ཏེ། འདི་ནི་བུད་མེད་རྣམས་ལ་ཚེགས་དང་བཅས་པ་དེ་བས་ན་འདི་ནི་ཁ་ན་མ་ཐོ་བར་འགྱུར་རོ། །ཤི་བའི་ནོར་དེད་པ་ཁོ་ན་ལ་སྟེ། ཐོབ་པའི་དུས་འབའ་ཞིག་ཏུ་
ནི་མ་ཟད་དོ། །དེད་པའི་དུས་དེ་ནི་ཐོ་འཚམས་པ་སྟེ། དེ་བས་ན་ཤི་བའི་ཞེས་སྨོས་པ་ནི་འདིར་ནོར་གྱི་བདག་པོ་མེད་པ་གཙོ་བོ་ཡིན་ཏེ། བདག་པོ་དང་བཅས་པ་ཉིད་ལ་ལེན་པ་དེ་དང་འདྲ་བ་ཉིད་ཀྱིས་སྦོམ་པོར་རྣམ་པར་གནས་པ་ཡིན་ནོ། །གཞན་ལེན་དུ་བཅུག་ན་ནི་འདིར་ན་སྨད་པའོ། །དགེ་འདུན་ལ་ཡང་
རྙེད་པ་རྣམ་པ་འདི་ལྟ་བུར་འགྱུར་རམ་ཞེ་ན། དེ་དམིགས་ཀྱིས་བསལ་བའི་ཕྱིར་དགེ་འདུན་གྱི་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་གྱིས་ཐོབ་པ་ནི་དགེ་འདུན་གྱིས་ཏེ། ཤི་བའི་ནོར་དེ་ལེན་པ་ལ་ནི་ལྟུང་བ་མེད་དོ། །ཅི་རྣམ་པ་ཐམས་ཅད་དུའམ་ཞེ་ན། དེའི་ཕྱིར་གལ་ཏེ་ཚེགས་ཆུང་ངུས་ནའོ་ཞེས་
Vol. 161 · folio 19a
སྨོས་ཏེ། དེ་དེད་ཅིང་ལེན་པ་ལ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །འདིར་ཚེགས་ཆུང་ངུས་ཞེས་བྱ་བ་ནི་ཆོས་གོས་ཀྱི་རིན་ཆུང་བ་མ་ཡིན་པ་བཀུར་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་རིགས་པ་ལས་མི་འདའ་བར་རིག་པར་བྱའོ། །གཞན་དུ་ན་གལ་ཏེ་ཚེགས་དང་བཅས་ཤིང་རང་གི་དོན་དང་
བཅས་པ་ཉིད་དུ་ལེན་ན་ནི་དགེ་འདུན་གྱི་ལྷག་མའོ། །གཞན་གྱི་དོན་ཉིད་ཙམ་དུ་ཟད་ཀྱི་མངོན་པར་མི་འདོད་པ་ཉིད་ལ་རང་གི་ཆ་དང་འབྲེལ་པའི་བསམ་པ་མེད་པ་ཉིད་ལ་ནི་སྦོམ་པོར་རྣམ་པར་གནས་པ་ཡིན་ནོ། །ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མའོ། །གང་ལ་བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་
གྱི་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་མཚམས་ཀྱི་ཕྱི་རོལ་དུ་བཟོད་པ་གསོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། བསྡིགས་པ་ལ་སོགས་པའི་ཆད་པའི་ལས་ལ་རྣམ་པར་གཞག་པའི་དགེ་སློང་མ་མཚམས་ཀྱི་ཕྱི་རོལ་དུ་བཟོད་པ་གསོལ་དུ་འཇུག་ནའོ་ཞེས་བྱ་བའི་དོན་ཏོ། །འདིར་མཚམས་ཀྱི་ནང་དུ་བཟོད་
པར་གསོལ་དུ་འཇུག་པ་ལ་ནི་སྡིག་ཤིན་ཏུ་ཆེ་བར་སྣང་སྟེ། དེ་བས་ན་དགེ་འདུན་ནམ་ཆད་པའི་ལས་བྱེད་པ་པོ་རྣམས་མེད་པ་ན་དེ་ལ་འདི་གཙོ་བོ་ཆེ་བ་ཡིན་ནོ། །འདི་ལྟར་དེ་ནི་དབྱེན་གྱི་རྣམ་པར་ཚོགས་པ་མི་འཇིག་པར་འགྱུར་བའོ། །བུད་མེད་རྣམས་ཀྱི་བསྒྲུབ་པ་ལ་ནི་སྟོབས་དང་ལྡན་པ་སྟེ། དེ་བཞིན་
དུ་མཐུན་པ་འབྱེད་པར་འགྱུར་བ་ནི་ཤིན་ཏུ་ཡང་སྨད་པར་བྱ་བས་ན། འདི་རྣམས་ཤིན་ཏུ་སྤྱི་བརྟོལ་ཆེ་བ་ཡིན་པས། དེའི་ཕྱིར་ཁ་ན་མ་ཐོ་བར་འགྱུར་བའོ། །ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་གང་ལ་དགེ་སློང་མའི་དགེ་འདུན་མཐུན་པས་གནས་ནས་དབྱུང་བར་བྱ་བའི་ལས་བྱས་པར་ཤེས་བཞིན་དུ་དེ་
མཚམས་ཀྱི་ཕྱི་རོལ་དུ་ཁྲིད་དེ་བཟོད་པར་བྱེད་ན། དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །དེའི་ཕྱིར་འདིར་གནས་ནས་དབྱུང་བའི་ལས་ཞེས་སྨོས་པ་ནི་ཆད་པའི་ལས་དག་གི་དཔེ་ཙམ་དུ་ཟད་དོ། །དེ་བས་ན་དེ་ཉིད་སྐྱེད་པའི་དབང་གིས་རྣམ་པར་གནས་པ་ཡིན་ནོ། །གཞན་དུ་ན་ཆད་པའི་ལས་བྱས་པར་
འཇུག་པ་འདི་ཉམས་པ་ཉིད་ཀྱི་ཕྱིར་འདིར་གནས་ནས་དབྱུང་བར་བྱ་བའི་ལས་བྱེ་བྲག་ཏུ་མ་སྨོས་སོ། །བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མའོ། །གང་ལ་སྤོང་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་དཀོན་མཆོག་གཏོང་ངོ་། །འདི་དང་མཚུངས་པ་ཉིད་ཀྱི་དགེ་སློང་གཞན་དག་
Vol. 161 · folio 19b
ཀྱང་ཡོད་ཀྱི། དེ་དག་ལ་ཚངས་པར་སྤྱད་པ་ཉིད་སྤྱོད་དོ་ཞེས་བྱ་བའི་ཚིག་དེ་ལ་ཞུགས་པ་མི་གཏོང་བ་ལའོ་ཞེས་བྱ་བ་སྨོས་ཏེ། དཀོན་མཆོག་གཏོང་ངོ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་ལས་རབ་ཏུ་བྱུང་བའི་དགེ་སློང་མ་ནག་མོ་ཞེས་བྱ་བ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ཀྲོལ་བྱེད་ཅིང་སངས་རྒྱས་
གཏོང་ངོ་། །ཆོས་གཏོང་ངོ་། །དགེ་འདུན་གཏོང་ངོ་ཞེས་ཟེར་བ་དེ་ཉིད་ཡིན་ནོ། །དེ་བས་ན་འདི་དང་མཚུངས་པ་ཉིད་ཀྱིས་ཞེས་སྨོས་པ་ཡིན་ནོ། །དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱི་ཞེས་བྱ་བ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་ཉིད། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་པ། དགེ་བའི་
ཆོས་ཅན་མ་ཡིན་གྱི། དགེ་སྦྱོང་དང་། བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་པ། དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱི་ཞེས་ཟེར་བ་ཡིན་ནོ། །དེ་དག་ལ་ཚངས་པར་སྤྱད་པ་ཉིད་སྤྱོད་དོ་ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་གཞན་དེ་དག་ལའོ། །ཚངས་
པར་སྤྱད་པའི་དངོས་པོ་ཉིད་ཚངས་པར་སྤྱད་པ་ཉིད་སྤྱད་པ་སྟེ། དེ་དག་གི་དྲུང་དུ་ཚངས་པར་སྤྱད་པ་ཉིད་སྤྱད་དོ་ཞེས་ཟེར་བ་དེ་བསྡུ་བའོ། །གང་ཡང་རུང་བ་སྨོས་པ་ལ་དེ་དག་ཐམས་ཅད་སྨོས་པར་འགྱུར་ཞེས་བྱ་བ་ཕྱོགས་གཅིག་ཏུ་སྨོས་པ་འདི་ལ་ཡང་དངོས་གཞིའི་ལྟུང་བ་བྱེད་པ་པོ་ཉིད་དོ། །ཚིག་དེ་ལ་ཞུགས་
པ་གང་ཡིན་པ་དེ་ནི་མི་གཏོང་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཇི་ལྟར་མི་གཏོང་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དེ་ལ་སྦྱོར་བའི་ལྟུང་བ་རྣམས་དངོས་གཞིར་འགྱུར་བ་ལྟར་འདི་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་འདི་ལ་འདའ་བར་བྱེད་པ་ཉིད་ཀྱིས་བསྟན་པར་
རིག་པར་བྱའོ། །འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི་འདི་ནས་བརྩམས་ཏེ། འོག་མའི་འཇུག་པ་རྣམས་ལས་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་མི་གཏོང་བ་ལ་དགེ་འདུན་གྱི་ལྷག་མར་འགྱུར་རོ། །སྤོང་བའི་དགེ་འདུན་ལྷག་མའོ། །གང་ལ་འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན།
དེའི་ཕྱིར་དགེ་སློང་མ་རྣམས་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་ལའོ་ཞེས་བྱ་བ་སྨོས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའོ། །སོགས་པའི་སྒྲས་ནི་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་ཞེས་བྱ་བ་དག་ཀྱང་བསྡུས་པ་སྟེ། དེ་དག་གིས་ཁྱིམ་
Vol. 161 · folio 20a
སུན་འབྱིན་པའི་དགེ་འདུན་ལྷག་མའི་རྗེས་སུ་འབྲངས་པས་ཤེས་པར་བྱའོ། །ཤིན་ཏུ་ངོ་ཚ་བ་དང་བྲལ་བར་གྱུར་པའི་བུད་མེད་ཀྱི་ཚོགས་ཀྱི་མདུན་དུ་འདིར་འདི་རྒུད་པ་ཆེན་པོ་ཡིན་ཏེ། ཁྱད་པར་གྱི་མཐར་ཐུག་པའོ། །འདི་ལས་ལྡོག་པ་དང་མི་འདོད་པ་དང་ཉེ་བར་
ཕྲད་པས། ཉེ་བར་གནས་པ་གང་ཡིན་པ་དེ་ལ་དགེ་འདུན་སྨྲ་བར་བྱེད་པའི་མི་གཏོང་བ་དེ་བས་འདི་ཁ་ན་མ་ཐོ་བའོ། །དོན་གང་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་ལ་ཞེ་ན། དེའི་ཕྱིར་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ཀྲོལ་དང་མཚང་འབྲུ་བ་དང་། རྩོད་པ་དང་འགྱེད་པ་བཟློག་པ་ལའོ་
ཞེས་བྱ་བ་སྨོས་ཏེ། འཐབ་ཀྲོལ་ཞེས་བྱ་བ་ནི་རྩུབ་མོ་སྨྲ་བ་དང་ཕྱིར་སྨྲ་བའོ། །མཚང་འབྲུ་བ་ཞེས་བྱ་བ་ནི་རྩུབ་ཀྱང་རུང་འཇམ་པོ་ཡང་རུང་བའི་ཚིག་གི་བྱ་བས་ཅོ་འདྲི་བའོ། །རྩོད་པ་ཞེས་བྱ་བ་ནི་ཁོན་དུ་འཛིན་ཅིང་གནས་པའོ། །འགྱེད་པ་ཞེས་བྱ་བ་ནི་ཤགས་འགྱེད་པའོ། །གང་དང་ལྷན་ཅིག་འཐབ་
ཀྲོལ་ལ་སོགས་པ་བྱེད་པ་ལ་ཞེ་ན། དེའི་ཕྱིར་དགེ་སློང་མ་རྣམས་དང་ཞེས་བྱ་བ་སྨོས་ཏེ། འདིར་དགེ་སློང་དང་ལྷན་ཅིག་ལྕི་བའི་ཆོས་ཀྱི་ཁ་ན་མ་ཐོ་བར་རིག་པར་བྱའོ། །གང་ཟག་གཞན་དང་ལྷན་ཅིག་ཏུ་འཐབ་རྩོད་ལ་སོགས་པ་བྱེད་པ་ལ་ནི་ཉེས་བྱས་སོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མའོ། །
གང་ལ་བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་སྡེ་ཞིང་གནས་པ་ལའོ་ཞེས་བྱ་བ་སྨོས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་དང་། དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །སུ་དང་སྡེ་ཞིང་གནས་པ་ལ་ཞེ་ན། དེའི་ཕྱིར་དགེ་སློང་མ་དང་ངོ་ཞེས་
བྱ་བ་སྨོས་ཏེ། ལྷན་ཅིག་ཅེས་བྱ་བ་བདག་ཏུ་བྱ་བས་རྟོགས་པར་བྱའོ། །གླེང་གཞིའི་དབང་གིས་དགེ་སློང་མ་དང་ཞེས་གསུངས་པར་ཟད་ཀྱི་ཁྱིམ་པ་མོ་དང་མུ་སྟེགས་ཅན་མོ་དང་དགེ་ཚུལ་མ་དང་དགེ་སློབ་མ་དང་ལྷན་ཅིག་སྡེ་ཞིང་གནས་པ་ནི་ཤིན་ཏུ་སྡིག་ཆེ་བའི་ཕྱིར་སྨོས་པ་ཡིན་ནོ། །ཁྱིམ་པ་མོ་དང་མུ་
སྟེགས་ཅན་མོ་དག་ལ་འདིར་སྡུག་བསྔལ་བ་དོན་འདིར་དགེ་སློང་མ་སྡེ་ཞིང་གནས་པ་ཞེས་བྱ་བ་འབྱུང་བར་དགའ་བ་ཉིད་ཀྱི་ཕྱིར་ཡང་མི་བསྟན་པའོ། །སྐྱེས་པ་དང་ལྷན་ཅིག་སྡེ་ཞིང་གནས་པ་ལ་ཕམ་པའི་སྦྱོར་བ་ཉིད་དུ་རིག་པར་བྱའོ། །རྣམ་པ་ཇི་ལྟར་སྡེ་ཞིང་གནས་པ་ལ་ཞེ་ན། དེའི་ཕྱིར་གཞོགས་སྟེགས་དང་
Vol. 161 · folio 20b
འཕྱར་གཡེང་དང་རྩབ་ཧྲལ་གྱི་རྒྱུར་འགྱུར་བ་དག་གིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཞོགས་སྟེགས་ལ་སོགས་པ་རྣམས་ཀྱི་དོན་ཐོ་འཚམས་པ་དང་ཀུན་དུ་རྩེ་བ་དང་། ཀུན་དུ་ཅ་ཅོ་འདོན་པ་རྣམ་གྲངས་ཇི་ལྟ་བ་བཞིན་དུ་དོན་བརྗོད་པའོ། །ཆགས་དང་བཅས་པ་ཐམས་ཅད་ལ་འདུ་འཛིའི་སྐྱོན་ལ་འདིས་བསྡུས་
པ་ཉིད་དུ་རིག་པར་བྱའོ། །མཚན་ཉིད་ཇི་ལྟ་བར་ཡང་འདིར་ལྟུང་བ་གཞན་རྣམས་སྐྱེས་པའོ། །བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མའོ། །གང་ལ་བུད་མེད་དང་བསྟེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་སྡེ་པ་དེ་ཡང་དག་པར་འཛིན་དུ་འཇུག་པ་ལའོ་ཞེས་བྱ་བ་
སྨོས་ཏེ། གཞོགས་སྟེགས་ལ་སོགས་པའི་རྒྱུར་འགྱུར་བའི་རྒྱུན་སྔར་བསྟན་མ་ཐག་པ་དག་གིས་དགེ་སློང་མ་དང་ལྷན་ཅིག་སྡེ་པ་དེ་ཡང་དག་པར་འཛིན་དུ་འཇུག་པ་ལ་མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བར་སྦྱར་རོ། །ཡང་དག་པར་འཛིན་དུ་འཇུག་
པའི་དགེ་འདུན་ལྷག་མའོ། །གང་ལ་དགེ་འདུན་གྱི་དབྱེན་ལ་སོགས་པའི་དགེ་འདུན་གྱི་ལྷག་མ་བཞི་པོར་འགྱུར་ཞེ་ན། དེའི་ཕྱིར་དགེ་འདུན་འབྱེད་པ་ལ་སོགས་པ་བཞི་པ་ནི་དགེ་སློང་མའི་སྐབས་ལས་སོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མའི་དགེ་འདུན་འབྱེད་པའི་དགེ་སློང་མའི་རྗེས་སུ་འཇུག་
པས་དགེ་སློང་མ་རྣམས་ལ་ལོག་པའི་འཇུག་པ་རྗེས་སུ་སྦྱར་བས་དགེ་སློང་མ་རྣམས་ལ་མི་སྨྲ་བ་ཉིད་དུ་བྱེད་པས་མི་གཏོང་བ་ལ་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་ཞེས་བྱ་བའི་དོན་ཏོ། །དགེ་སློང་མའི་དགེ་འདུན་ལྷག་མ་རྣམས་རྫོགས་སོ།། །།སྡོམ་གྱི་ཚིགས་སུ་བཅད་པ་
དང་པོ་ལས། འཆང་བ་ལ་སོགས་པ་ཇི་སྐད་གསུངས་པའི་རིམ་པས་སྤང་བ་རྣམས་ལ་དགེ་སློང་གི་རྣམ་པར་འབྱེད་པར་གཏོགས་པ་རྣམས་སྔར་ཇི་སྐད་བསྟན་པ་བཞིན་དུ་བལྟ་བར་བྱ་སྟེ། གསེར་དང་དངུལ་ལ་རེག་པ་དང་། མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱེད་པ་དང་། ལྷུང་
བཟེད་ཚོལ་བ་དང་། འཐག་ཏུ་འཇུག་པ་དང་། འཐག་པ་བསྐྱེད་པ་དང་། འཕྲོག་པ་དང་། བསྔོས་པ་ལས་བསྒྱུར་བ་དང་། སོག་འཇོག་ལས་གྱུར་པའོ་ཞེས་བྱ་བ་སྟེ། འདིར་གྱུར་པ་ཞེས་བྱ་བའི་སྒྲས་ནི་རེ་རེ་དང་སོ་སོར་སྦྱར་ཏེ། གསེར་དངུལ་ལ་རེག་པ་ལས་གྱུར་པ་ཞེས་བྱ་བའི་
Vol. 161 · folio 21a
བྱེ་བྲག་ནི་སྔར་གྱི་མདོ་འདི་ལ་བརྟེན་ཏེ། ཕོ་ཉིད་ལ་ནི་མོ་ཉིད་དོ། །དེ་ལ་ཕོ་ཉིད་དོ་ཞེས་བསྟན་པ་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་འདི་ནི་འཁྲུར་འཇུག་པ་ལ་སོགས་པ་ལ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་གཞན་དུ་གསལ་བ་ཉིད་ཀྱི་དོན་དུ་བསྡུས་པ་ལ་
ཆུང་བ་ཉིད་ཀྱི་ཕྱིར་བསྟན་པ་དེ་བས་ན་ཉེ་བར་བསྟན་པར་བྱ་སྟེ། འཁྲུ་བ་ལ་སོགས་པའི་དགེ་སློང་གིའོ་ཞེས་བྱ་བ་ནི་གང་ཞིག་དགེ་སློང་མས་དགེ་སློང་དབང་བའི་གོས་གང་ཡིན་པ་དེ་གོས་འཁྲུ་བ་ལ་སོགས་པ་སྤང་བའི་ལྟུང་བྱེད་དོ། །དེ་ལས་ལེན་ནའོ་ཞེས་བྱ་བ་ནི་དགེ་སློང་ལས་བླངས་ན་
སྤང་བར་འགྱུར་བ་ཡིན་གྱི་དགེ་སློང་མ་ལས་ནི་མ་ཡིན་ཏེ་དགེ་སློང་ལ་ཞེས་བྱ་བའི་དོན་ཏོ། །འོ་ན་གང་ཞིག་དགེ་སློང་ལ་ཁ་ན་མ་ཐོ་བ་དེ་ཉིད་འདིར་སྨོས་ན། འདིར་འཁྲུ་བ་ལ་སོགས་པའི་སྤང་བའི་ལྟུང་བ་ཉིད་རྟེན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་རྣམ་པ་བདུན་པོ་དང་པོར་སྲིན་བལ་གྱི་སྟན་བྱེད་པ་
ནས་བལ་རྨེལ་དུ་འཇུག་པའི་མཐར་ཐུག་པ་དག་དང་། བཅུ་པ་གསུམ་པ་ལས་ལྷུང་བཟེད་འཆང་བ་དང་། བརྟད་པ་ལས་བྱུང་བ་དང་། ཞག་བདུན་ན་འབྲལ་བ་དང་། དབྱར་གྱི་རས་ཆེན་གྱི་སྤང་བ་ཞེས་བྱ་བ་བཞི་པོ་དག་སྟེ། རྣམ་པ་བཅུ་གཅིག་པོ་དེ་དག་ནི་འདིར་སྤངས་པའོ། །ལྷ་རྟེན་
བཅང་བར་མི་བྱའོ་ཞེས་བྱ་བ་ནི་སྦོམ་དགའ་མོ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན། དེས་ལྷ་བོན་མོ་ལྷ་རྟེན་ཐོགས་ཤིང་རྒྱུ་བ་ཞིག་མཐོང་ནས། སྦོམ་དགའ་མོས་བསམས་པ། ཐབས་འདི་ནི་བཟང་པོ་ཞིག་ཡིན་པས། བདག་གིས་སང་ཤེས་པར་བྱའོ་སྙམ་ནས། དེའི་ཕྱི་དེའི་ཉིན་
པར་ལྷ་རྟེན་ཐོགས་ཏེ། མཉན་ཡོད་དུ་ཞུགས་ནས། ཁྱེའུ་དང་བུ་མོ་དག་ལ་སྲུང་སྐྱོབ་བྱེད་ཅིང་དེས་གང་དང་གང་ལ་སྲུང་སྐྱོབ་བྱས་པ་དེ་དང་དེ་དག་བདེ་བར་གནས་པར་གྱུར་ནས། དེའི་ཕྱིར་གང་དང་གང་དག་ལ་སྲུང་སྐྱོབ་བྱ་དགོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་སྦོམ་དགའ་མོ་སྲུང་སྐྱོབ་བྱེད་དུ་འཇུག་
པར་བྱེད་ན་ལྷ་བོ་ན་མོ་འཕྱ་བར་གྱུར་པ་ནས། ཇི་སྲིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་ལྷ་རྟེན་བཅང་བར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ལྷ་རྟེན་ཞེས་བྱ་བ་ནི་སྲུང་སྐྱོབ་བྱ་བ་དེའི་ཕྱིར་སྣོད་ཟ་མ་ཏོག་གིས་བརྒྱན་ཅིང་ས་ལས་བྱས་པའི་གཟུགས་
Vol. 161 · folio 21b
ཀྱིས་བཀང་བ་ཡིན་ནོ་ཞེས་ཟེར་རོ། །གང་ལ་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་པར་འཆང་བ་ལའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་རྣམས་ནི་ཡོ་བྱད་ལ་ལྷག་པར་ཆགས་པ་ཤིན་ཏུ་དམ་པས་ན་དེའི་ཕྱིར་ཞག་གཅིག་ལས་འདས་
པར་འཆང་བ་ལ་ཁ་ན་མ་ཐོ་བ་འདིར་རྣམ་པར་གཞག་གོ། །ལྷུང་བཟེད་འཆང་བའི་སྤང་བའོ། །གང་ལ་བྱིན་གྱིས་མི་རློབ་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བྱིན་གྱིས་བརླབ་ཏུ་རུང་བ་ཉི་མ་དང་པོ་ལའམ། ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བརླབས་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་ཕྱེད་
ཕྱེད་ཀྱི་སྒྲས་ནི་ལན་གཉིས་སུ་བརྗོད་པའོ། །ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ལྔ་པོ་མེད་པ་ཉིད་ཀྱིས་ཉི་མ་གང་ལ་ཆོས་གོས་གང་ཡང་རུང་བ་ཞིག་རྙེད་ན་ཉི་མ་དེ་ཉིད་ལ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་དེ་ཕྱིན་ཆད་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་འདི་འདིར་རྣམ་པར་གཞག་
པའོ། །དེར་མེད་པ་ཉིད་ལ་ཆོས་གོས་རྙེད་པའི་ཞག་ལ་བྱིན་གྱིས་མི་རློབ་ནའོ། །ཡོད་པ་ཉིད་ལ་ནི་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བརླབས་ན་སྤང་བར་འགྱུར་རོ། །ཆོས་གོས་བྱིན་གྱིས་བརླབས་པ་དེ་ཉིད་ཀྱང་ཉིན་ཞག་བར་མ་ཆད་པ་དེ་ཉིད་དང་པོར་བྱ་སྟེ། ཐོག་མ་ཉིད་དུ་མངོན་པར་
བསྟན་ནས་ཉི་མ་དང་པོ་དེ་ལ་ཟླ་བ་ཕྱེད་ཕྱེད་དུ་ཆོས་གོས་བྱིན་གྱིས་བརླབ་རྒྱུ་བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་དགེ་སློང་ལ་ནི་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་མེད་ན་འདི་དང་བྲལ་བའི་སྐྱ་རེངས་ཤར་བ་སྤང་བར་མི་འགྱུར་བ་དེ་བས་ན་ཉེས་བྱས་སུ་རིག་པར་
བྱ་སྟེ། གཞན་ལ་ནི་ལྟུང་བ་མེད་དོ། །སྤོང་བ་འོག་མ་རྣམས་ལ་ཡང་ཐ་མ་གཉིས་ནི་ལྟུང་བ་མེད་དེ་གཞན་ལ་ནི་ཉེས་བྱས་སུ་འགྱུར་རོ། །བྱིན་གྱིས་མི་རློབ་པའི་སྤང་བའོ། །གང་ལ་འབྱིན་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་དཔྱིད་ཟླ་ར་བའི་ཉའི་ཉིན་མོའི་མདུན་རོལ་དུ་སྲ་
བརྐྱང་འབྱིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དཔྱིད་ཟླ་ར་བའི་ཉའི་ཉིན་མོ་གང་ཡིན་པ་དེའི་མདུན་རོལ་ཕན་ཆད་ཀྱི་དུས་གང་ཡང་རུང་བར་སྲ་བརྐྱང་འབྱིན་པའི་དགེ་འདུན་མ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་བུད་མེད་རྣམས་ཀྱི་རྙེད་པ་ལ་ཐ་སྙད་འདི་ནི་
Vol. 161 · folio 22a
དགེ་འདུན་བྱེད་པ་པོ་ཉིད་ཡིན་གྱི་གང་ཟག་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་འདུན་ཐམས་ཅད་ལ་སོ་སོར་འདི་བསྐྱེད་པར་འགྱུར་རོ། །དགེ་འདུན་མའི་ཚད་རྣམ་པར་ཆད་པ་ལ་སྤང་བའི་ལྟུང་བྱེད་བསྐྱེད་པའོ། །དེ་བས་ན་རྣམ་པར་འབྱེད་པ་མ་ཡིན་པ་ལས་འདི་ནི་སྤང་
བ་ཉིད་དོ། །དེའི་ཚེ་ན་སྒྲུབ་པ་མ་བྱས་པ་དང་རྣམ་པར་མ་ཕྱེ་བ་ལ་སྤང་བར་བྱ་བ་ཉིད་མེད་དོ། །དགེ་སློང་མ་ཆོམ་རྐུན་པས་ཀྱང་བཅོམ་པའི་དོན་ཉིད་དུ་ནི་ལྟུང་བ་མེད་དོ་ཞེས་བྱ་བར་ནི་འདིར་དོན་གཅིག་ལ་མདུན་རོལ་དུ་སྲ་བརྐྱང་འབྱིན་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་
གི་ཚེ་དགེ་སློང་མ་ཆོམ་རྐུན་པ་དག་གིས་བཅོམ་པར་གྱུར་ན་དེའི་དོན་ཉིད་དུ་ཉེས་བྱས་སོ་ཞེས་བྱ་བ་ནི་བྱེ་བྲག་བཤད་མཚོ་ལས་ཤེས་པར་བྱའོ། །སྲ་བརྐྱང་འབྱིན་པའི་སྤང་བའོ། །གང་ལ་མི་འབྱིན་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་མི་འབྱིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། སྲ་བརྐྱང་ཞེས་
བྱ་བར་སྦྱར་རོ། །མི་འབྱིན་པ་ཞེས་བྱ་བ་ནི་ཚོགས་པ་སྦྱིན་པར་མི་བྱེད་པར་རྣམ་པར་གནས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་གང་ཞིག་སྲ་བརྐྱང་འབྱིན་པའི་དོན་དུ་སྲ་བརྐྱང་འབྱིན་པའི་ལས་ལ་ཚོགས་པ་སྦྱིན་པ་ཞེས་བྱ་བ་ལྟུང་བྱེད་འབའ་ཞིག་པར་རྣམ་པར་གཞག་པ་དེ་ནས་འདི་ལ་དུས་ཀྱི་བྱེ་བྲག་ཙམ་གྱི་བྱེ་བྲག་
ཤེས་པར་བྱའོ། །སྲ་བརྐྱང་དབྱུང་བའི་དོན་དུ་ཚོགས་པ་སྦྱིན་པར་མི་བྱེད་པ་ལ་སྤང་བའི་ལྟུང་བྱེད་དོ། །རྙེད་པའི་རྒྱུ་མཚན་རྗེས་སུ་མ་གནང་བ་ལ་ནི་མེད་པའི་ཕྱིར་རོ། །སྲ་བརྐྱང་འབྱིན་པའི་དོན་དུ་ཚོགས་པ་སྦྱིན་པར་མི་བྱེད་པ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་རོ། །གང་གི་ཕྱིར་འདིར་རྙེད་
པའི་རྒྱུ་མཚན་དུ་གྱུར་པ་མ་བྱས་པ་སྟེ། དེ་བས་ན་ཅི་སྙེད་པ་འདིར་ཚོགས་པ་སྦྱིན་པར་མི་བྱེད་པ་དེ་འདི་སྙེད་རྣམས་ལ་ལྟུང་བ་འདི་སྐྱེད་པ་ཡིན་པར་རིག་པར་བྱའོ། །དུས་ནམ་གྱི་ཚེ་ན་མི་འབྱིན་པ་ཡིན་ཞེ་ན། དེའི་ཕྱིར་དཔྱིད་ཟླ་ར་བའི་ཉའི་མདུན་རོལ་དུའོ་ཞེས་བྱ་བ་སྨོས་སོ། །སྲ་
བརྐྱང་མི་འབྱིན་པའི་སྤང་བའོ། །གང་ལ་རིན་པོ་ཆེ་སློང་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་དབྱིག་དང་གསེར་སློང་བ་ལའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མདོ་འདི་ལས་མངོན་མཚན་ཅན་ཞེས་བྱ་བ་སྨོས་ཏེ། ཡང་དགེ་སློང་མ་བདག་གི་ཕྱིར་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་
Vol. 161 · folio 22b
བྱེད་དོ་ཞེས་གསུངས་མོད་ཀྱི་དེའི་རྣམ་པར་འབྱེད་པ་ལས་ངོ་བོ་འདི་བཤད་པའོ། །མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་ཞེས་གསུངས་ཏེ། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་མཚོན་པའི་དོན་དུ་བྱེ་བྲག་མེད་པའི་ཕྱིར་ཏེ། དེ་ལ་གཙོ་བོར་རྣམ་པར་གནས་པ་ཡིན་ནོ། །དེ་
བས་ན་རིན་པོ་ཆེ་ཐམས་ཅད་ལ་འདིས་བསྟན་པ་ཉིད་དུ་ཤེས་པར་བྱའོ། །འདིར་རིན་པོ་ཆེ་འགའ་ཞིག་ལ་མངོན་པར་བརྟེན་པ་ནི་མི་རིགས་པ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སློང་བ་སྔོན་དུ་བཏང་ནས་སྤང་བའི་ཡོད་པ་ཉིད་ནི་གླགས་རྙེད་པ་མ་ཡིན་ཏེ། འདིར་སློང་བ་གྲུབ་ལ་སྤང་བ་ཉིད་
ཀྱི་ཡོད་པ་ཉིད་གླགས་རྙེད་པ་ནི་མ་ཡིན་ནོ། །དེ་བས་ན་སློང་བ་ཉིད་ལ་ཐབས་ཀྱིས་འདི་བསྟན་པའོ། །དེ་བས་ན་གང་ཞིག་འདིར་སློང་བའི་ཚིག་གོ། །གང་དུ་སློང་བ་སྔོན་དུ་བཏང་ནས་ལེན་པ་ལ་ནི་སྤང་བར་བརྗོད་པ་དེ་ལ་ནི་འབྲས་བུ་དང་བཅས་པ་ཉིད་དོ། །གང་དུ་འདིར་ཡང་མ་བླངས་པ་ལ་དབྱར་ཁང་
གི་དགོས་པའི་དབང་གིས་སློང་བ་དང་། ལེན་པ་ལ་ཉེས་པ་མེད་དོ། །དེ་བས་ན་འདིར་ཞུགས་པའོ། །རིན་པོ་ཆེ་སློང་བའི་སྤང་བའོ། །གང་ལ་གོས་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཆེད་དུ་རྙེད་པའི་གོས་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལའོ་ཞེས་བྱ་བ་
སྨོས་ཏེ། ཟས་ལས་གཞན་པ་གླེགས་བམ་བྲིས་པ་ལ་སོགས་པའི་ཆེད་དུ་རྙེད་པའི་གོས་ཟས་སུ་བསྒྱུར་ཞིང་བྱས་ཏེ། ཚོང་གིས་བསྒྱུར་བ་བཟའ་བར་བྱའོ་ཞེས་དེའི་ཕྱིར་ངེས་པར་འཇོག་པར་བྱེད་པའི་དོན་འདི་རྣམ་པར་ངེས་པ་ཞེས་བྱ་བའི་དོན་ཏོ། །འདིར་དོན་གཞན་ཉིད་ལ་ནི་ཁྱད་པར་ཡོངས་
སུ་བཟུང་བ་ཡོད་པ་མ་ཡིན་ཏེ། གཞན་གྱི་དངོས་པོ་ཞེས་བྱ་བ་ནི་འདིར་མདོའི་ཚིག་སྟེ། གཞན་གྱི་དངོས་པོ་ཞེས་བྱ་བ་ནི། དངོས་པོ་གཞན་ལ་ཡོངས་སུ་བསྔོས་པས་ཞེས་བྱ་བ་འདིའི་རྣམ་པར་འབྱེད་པའོ། །དེ་བས་ན་འདིར་དོན་གཞན་ཉིད་ཙམ་ཁས་བླངས་པ་སྟེ། འདིར་
ཁས་བླངས་པ་ཡིན་གྱི་ཁྱད་པར་བསྟན་པ་ནི་མ་ཡིན་ནོ། །གོས་ཟ་བ་ལས་གྱུར་པའི་སྤང་བའོ། །གང་ལ་གོས་ཀྱི་རྒྱུ་ཟ་བ་ལས་གྱུར་པ་དང་། མལ་ཆ་ཟ་བ་ལས་གྱུར་པ་དང་། དབྱར་ཁང་རྒྱུ་ཟ་བ་ལས་གྱུར་པའི་སྤང་བ་གསུམ་དུ་འགྱུར་ཞེ་ན། དེའི་ཕྱིར་གོ་རིམས་བཞིན་དུ་གོས་
Vol. 161 · folio 23a
དང་མལ་ཆ་དང་དབྱར་ཁང་གི་ཆེད་དུ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱ་སྟེ། བཟའ་བའི་ཕྱིར་འཇོག་པ་ལའོ་ཞེས་བྱ་བའི་རྗེས་སུ་བསྙེགས་པའི་ཕྱིར་མདོ་སྔ་མ་ལས་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གང་ཡང་རུང་བའོ་ཞེས་བྱ་བ་ནི་
གོས་གཅིག་པུ་ལ་ནི་མ་ཡིན་ཏེ། སྒྲའི་རྗེས་སུ་འབྲངས་པས་འཇུག་པར་གྱུར་པ་རྣམས་བསལ་བའི་དོན་དུ་ཐ་སྙད་འདི་གདགས་སོ། །གོས་རྒྱུ་ལ་སོགས་པ་ཟ་བ་ལས་གྱུར་པའི་སྤང་བའོ།། །།གང་ལ་གང་གིས་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བར་འགྱུར་ཞེ་ན།
དེའི་ཕྱིར་དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མའི་བདག་ཉིད་ཀྱི་སྐྱེ་བོ་མང་པོའི་ཕྱིར་དངོས་པོ་སྦྱོར་དུ་བཅུག་པ་གང་ཡིན་པ་དེ་བདག་ལ་ཡོངས་སུ་སྒྱུར་བར་བྱེད་པ་ལ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་རྣམས་ཀྱི་ཚོགས་ནི་སྐྱེ་
བོ་སྟེ། སྐྱེ་བོ་བཞི་ཡན་ཆད་ལ་སོགས་པའོ། །དེ་ལྟ་བས་ན་བཞི་ལ་སོགས་པ་ནི་སྐྱེ་བོ་མང་པོར་རྟོགས་པར་བྱའོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས། སྐྱེ་བོ་མང་པོ་ཇི་ལྟ་བ་བཞིན་དུ་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མའི་
དགེ་འདུན་གྱི་དོན་དུ་ཞེས་བྱ་བ་ཚིག་ཏུ་མ་སྨོས་པའི་ཕྱིར་དེའི་གནས་ཀྱི་ས་དང་ཉེ་བར་འགྲོ་བའི་དགེ་འདུན་ལས་ཕྱེད་བཅད་པའི་ཚོགས་ལས་ཇི་ལྟར་ཡིད་ཆེས་པར་འགྱུར། དེའི་ཁྱིམ་གྱི་གནས་དང་ཉེ་བར་འགྲོ་བའི་དགེ་འདུན་ཐམས་ཅད་ལ་མངོན་པར་བརྟེན་པ་ཉིད་ཀྱིས་རྟོགས་པར་མ་གྱུར་ཅིག་ཅེས་
བྱ་བའི་ཕྱིར་དང་། འོག་ནས་ཀྱང་དགེ་འདུན་ཞེས་སྨོས་པར་བྱའོ། །དགེ་སློང་གི་ཕྱིར་དང་རབ་ཏུ་བྱུང་བ་འདི་ལ་བསྙེན་པར་མ་རྫོགས་པའི་ཕྱིར་དང་། མུ་སྟེགས་ཅན་རབ་ཏུ་བྱུང་བའི་ཕྱིར་དང་། ཁྱིམ་པའི་ཕྱིར་སྦྱོར་དུ་བཅུག་པ་རང་ལ་ཡོངས་སུ་བསྒྱུར་བ་ན་ཉེས་བྱས་སུ་ཤེས་པར་བྱའོ། །སྐྱེ་
བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ། །གང་ལ་རང་ལ་ཡོངས་སུ་བསྒྱུར་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ཕྱིར་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་ཕྱིར་སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ནའོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ། །
Vol. 161 · folio 23b
འདིར་ཡང་རྣམ་པར་འབྱེད་པའི་ཚིག་ཉིད་ལས། དགེ་འདུན་གྱི་ཞེས་སྨོས་པ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཞེས་གསུངས་པ་ཡིན་ཏེ། དེ་བས་ན་དགེ་སློང་མའི་ཚིག་གོ། །འདི་ཡང་དོན་གཞན་ཉིད་ལ་ནི་སྔ་མ་བཞིན་དུ་ཉེས་བྱས་སུ་རིག་པར་བྱའོ། །འདིར་དགེ་འདུན་ཞེས་སྨོས་པ་ནི་གྲངས་ཆད་
པ་མེད་པར་དགེ་འདུན་མ་སྤྱི་ཕྱིར་སྦྱོར་དུ་བཅུག་པ་ཡིན་ནོ་ཞེས་བྱ་བ་བསླབ་པའི་གཞི་སྔ་མ་ལས་ཤེས་པའོ། །དེའི་ཕྱིར་གྲངས་ཆད་པ་མེད་པའི་ཚོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུས་སྤྱོད་པ་ལ་ནི་སྔ་མར་གཏོགས་པའི་བྱ་བར་རིག་པར་བྱའོ། །དགེ་འདུན་ལ་བསྔོས་པ་བྱིན་གྱིས་བརླབ་པའི་
སྤང་བའོ། །གང་ལ་བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་ཚིག་ཉན་དུ་གཞུག་པའི་ཕྱིར་རྫས་བཅིངས་པ་འགྲོལ་དུ་གཞུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་གཙུག་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་ཆགས་ནས་དེས་དེའི་ཚིག་ཉན་དུ་གཞུག་པའི་ཕྱིར་དེ་
ལས་རྫས་ཉོ་ཞིང་ཐུམ་བུ་བཅིངས་ཤིང་བཅིངས་ཤིང་ཡང་དང་ཡང་འགྲོལ་དུ་བཅུག་ན་ཐམས་ཅད་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པ་ཡིན་ནོ། །འདིར་ཚིག་ཉན་དུ་གཞུག་པའི་ཕྱིར་ཞེས་བྱ་བའི་གཞུང་ནི་ལྟུང་བ་བསྟན་པ་ལས། དགེ་སློང་མས་དེ་ཚིག་ཉན་དུ་གཞུག་པའི་ཕྱིར་ཇི་ཙམ་དུ་ཐུམ་
བུ་བཅིང་དུ་བཅུག་ཅིང་ཡང་དང་ཡང་འགྲོལ་དུ་བཅུག་ན་ཐམས་ཅད་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་ལ་བདེན་པར་གནས་པའི་དོན་དུ་དེ་ལྟ་བུའི་ཟླ་བོ་ལ་བཅིངས་པ་འགྲོལ་དུ་འཇུག་པ་ལ་ཉེས་པར་རིགས་པ་མ་ཡིན་ཏེ། དེ་བས་ན་འདི་ཉེ་བར་བསྡུའོ། །འཁྲིག་
པའི་རོ་ཉེ་བར་གསོ་བར་བྱེད་པ་ནི་བདག་ཏུ་བྱེད་པའོ། །མཚན་ཐ་དད་པ་མ་ཡིན་པ་སྐྱེས་པ་བསྟེན་པའི་མཐུ་ཡོད་པ་དེ་ལྟ་བུ་ལ་འཁྲིག་པ་ཉེ་བར་སྡུད་པ་འདུལ་བ་ལས་འགལ་བའི་ཟླ་ནི་མངོན་པར་གྲགས་པ་སྟེ། དེ་བས་ན་འདི་ལ་ཡང་འདིས་བསྟན་པ་ཉིད་དོ། །མཚན་མཐུན་པ་ལ་སོགས་པ་
ལ་ནི་ཉེས་བྱས་སོ་ཞེས་བྱ་བའི་རྗེས་སུ་འབྲངས་པས་རྟོགས་པའོ། །རྫས་བཅིངས་པ་ཞེས་བྱ་བའི་ཚིག་འགྲོལ་བའི་ངོ་བོ་བསྟན་པའི་དོན་དུའོ། །འདིར་ཐུམ་བུ་ཞེས་སྨོས་པ་ནི་ཐམས་ཅད་དུ་ནང་གི་བདག་ཉིད་ཀྱི་སྙིམ་པ་ལ་སོགས་པ་འདི་དང་ཕྱི་རོལ་གྱི་སྤྲོག་མ་ལ་སོགས་པ་དག་ནི་རྫས་ཉིད་
Vol. 161 · folio 24a
དུ་བཟུང་བའོ། །འོ་ན་སྤང་བའི་སྙིམ་པ་ལ་སོགས་པ་འགྲོལ་དུ་བཅུག་པ་འགལ་ལོ་ཞེ་ན། འདི་ནི་མ་ཡིན་ཏེ་ཐམས་ཅད་མ་ཡིན་པ་གསལ་བའི་ཕྱིར་ཆོས་ཀྱིས་ཀྱང་སྤྱིའི་འགྲེལ་པ་ཉེ་བར་བསྟན་པའི་ཕྱིར་ནུ་མ་བཞི་དང་ལྡན་པའི་བ་ལང་གི་རིགས་ཞེས་བྱའོ། །གཞན་དབང་
བའི་ཐུམ་བུ་བཅིང་བ་དང་འགྲོལ་དུ་བཅུག་པ་ལ་ཡང་དོན་མེད་པར་འགྲོལ་དུ་འཇུག་ན་ཤིན་ཏུ་སྡིག་ཆེ་བ་ཉིད་ཀྱི་ཕྱིར་འདི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་རྣམ་པར་གནས་པ་ཉིད་དོ། །དེ་བས་ན་གཞན་གྱིས་བཅིངས་པ་འགྲོལ་དུ་བཅུག་པ་དང་ཐུམ་བུ་འགྲོལ་དུ་བཅུག་པ་བྱེ་བྲག་ཅུང་ཟད་ཀྱང་
ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྐྱེ་བའི་དབང་གིས་འདིར་མཚོན་པ་ཙམ་ཉིད་ཀྱི་དགོངས་པ་ཙམ་ཐུམ་བུའི་ཚིག་གོ། །དེ་བས་ན་འདིར་འདི་ཁོངས་སུ་བསྡུ་བ་མ་ཡིན་ནོ། །བཅིངས་པ་འགྲོལ་དུ་འཇུག་པའི་སྤང་བའོ། །གང་ལ་གོས་ལྕི་བ་བསྟན་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་
སྲང་བརྒྱ་པ་ལ་སོགས་པ་ནས་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། བསླབ་པའི་གཞི་འདི་ནི་མཆོད་སྦྱིན་གྱིས་རལ་གྲི་མཐུ་ཅན་གྱིས་ཁྲོམ་ནས་ལ་བ་རིན་པོ་ཆེ་རིན་ཐང་ཆེན་པོ་རྙེད་ནས་དེས་ཀྱང་སྦོམ་དགའ་མོ་ལ་བྱིན་པས། དེས་དེ་གྱོན་ཏེ་
བསོད་སྙོམས་ལ་ཞུགས་པ་དེ་ལས་བཅས་ཏེ། ཡང་དགེ་སློང་མ་གོས་ལྕི་བ་དང་རིན་ཐང་ཆེན་པོ་འཆང་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་འདི་དང་། འོག་མའི་ཡང་མདོ་ཡིན་ཏེ། འཆང་དུ་འཇུག་ན་ཞེས་བྱ་བ་འདི་ནི་ལྟུང་བ་བསྟན་པ་ལས་སོ། །འཆང་བར་བྱེད་ན་ཞེས་བྱ་བའི་རྣམ་པར་
འབྱེད་པ་ནི་བདག་གིར་བྱེད་ཅེས་གསུངས་པ་ཡིན་ནོ། །དེའི་ཕྱིར་བདག་གིར་བྱེད་པ་ལས་ཞེས་བྱ་བ་སྨོས་པ་དང་། འདིར་བརྗེ་བའི་ཕྱིར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མས་གོས་རིན་ཐང་ཆེན་པོ་བརྗེ་བའི་ཕྱིར། བདག་ཏུ་བྱའོ་ཞེས་བྱ་བ་འདིས་བསྟན་པར་རིག་པར་བྱའོ། །
བཙོང་པ་ལ་སོགས་པའི་ཕྱིར་བདག་གིར་བྱེད་པ་ལ་ནི་ཐམས་ཅད་དུ་སྤང་བར་འགྱུར་རོ། །གཞན་གྱིས་གོན་པ་ལས་ཡང་སྤང་བར་བྱ་བའི་དངོས་པོ་མེད་དུ་ཟིན་ཀྱང་ཁ་ན་མ་ཐོ་བ་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལས་སྐྱེས་པའི་རིན་པོ་ཆེ་ཡང་འདི་ལས་ལྗིད་དང་རིན་ཐང་ཆེན་པོ་ཞེས་བྱ་བ་རིན་གྱིས་རྙེད་
Vol. 161 · folio 24b
པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་བརྟགས་པ་གང་དག་གིས་རིན་པོ་ཆེ་ལེན་པ་དེ་རྣམས་ཀྱིས་འདི་ལེན་པ་ལ་ལྟུང་བ་མེད་དོ་ཞེས་རྟོགས་པར་བྱའོ། །བུད་མེད་ནི་གོས་བཟང་པོ་གྱོན་ན་གསོ་རོ་སྐྱེ་བས་དེའི་ཕྱིར་གོས་འདི་གཉིས་བཀག་པ་ཡིན་ནོ། །འདིར་ལེན་པ་ནི་སྦྱང་པའི་ཕྱིར་བདག་ཏུ་བྱའོ། །
དེ་བས་ན་གོས་ལ་ཡང་ཁ་ན་མ་ཐོ་བ་འདིའོ། །འདིར་གཞན་གྱིས་གྱོན་པ་ལ་ཡང་སྤང་བར་བྱ་བའི་དངོས་པོ་མེད་དུ་ཟིན་ཀྱང་གཅིག་པའི་དངོས་པོ་མེད་པས་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །སྲང་བརྒྱ་ལ་སོགས་པ་དག་ཅེས་བྱ་བ་ནི་མེ་ཏོག་དང་སྣམ་བུ་དང་བླངས་པའི་ལ་བ་ལ་སོགས་པ་དེའི་རིགས་
ཅན་ལའོ། །ཀཱར་ཥཱ་པ་ཎ་ལ་སོགས་པ་གཉི་གའི་སོགས་པ་ཞེས་བྱ་བའི་སྒྲ་སྨོས་པ་ནི་འོག་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་བའི་ཕྱིར། དེ་ཡུལ་གྱི་ཐ་སྙད་ཀྱིས་རྣམ་པར་གཞག་པ་ཞེས་བྱ་བ་འདི་མ་བྱིན་པར་ལེན་པའི་ཕམ་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །གོས་ཞེས་བྱ་བ་ནི་ཀ་ཤི་ཀའི་
རས་ཕྲན་དང་དར་ལ་དང་། དར་གོས་ལ་སོགས་པ་གཞན་ཡང་རུང་བ་སྟེ་གང་ཞིག་རྣམ་པར་འབྱེད་པ་ལས་སྨོས་པ་དེ་ནི་འདིར་མཚོན་པ་ཙམ་ཡིན་ཏེ། རིན་ཐང་ཆེན་པོ་འདིར་རིན་ཐང་ཆེན་པོ་གཞན་ལས་དངོས་པོ་འདི་ལ་ཁྱད་པར་མེད་པས་རྣམ་པར་གནས་པ་ཡིན་ཏེ། དེ་ལྟ་བས་ན་ཁས་མ་བླངས་སོ། །
གོས་ལྕི་བ་བསྟེན་པའི་སྤང་བའོ། །གང་ལ་གོས་ཡང་བ་བསྟེན་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྲང་ལྔ་པའི་མཐར་ཐུག་པའོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཀཱར་ཥཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་བདག་གིར་བྱེད་པ་ལའོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ། །འདིར་
མཐར་ཐུག་པའི་སྒྲས་ནི་སྐྱེ་བོའི་གྲངས་བཟུང་བར་བྱས་པར་རིག་པར་བྱའོ། །འདིར་གཞུང་ནི་སྤང་བ་ཞེས་བྱ་བ་ནི་སྲང་ལྔའམ་ལྔ་ལས་ཆུང་བའོ་ཞེས་བྱ་བ་གསུངས་པ་ཡིན་ཏེ། འདིས་ནི་འདི་ལྟ་སྟེ་བུད་མེད་ནི་གོས་བཟང་པོ་གྱོན་ན་གསོ་རོ་སྐྱེ་བས་དེའི་ཕྱིར་འདི་གཉིས་བཀག་པའོ། །གོས་ཡང་
བ་བསྟེན་པའི་སྤང་བའོ། །སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།ད་ནི་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དག་བཤད་པར་བྱ་སྟེ། དེ་ལ་བདུན་ཅུ་རྩ་གཉིས་སོ་ཞེས་བྱ་བ་ནི་སྔར་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་ཟིན་ཏོ། །དེ་དག་ཀྱང་གང་
Vol. 161 · folio 25a
ཞེ་ན། མ་བསྐོས་པ་ལ་སོགས་པ་བཅུ་དང་། སྐྲོད་པ་དང་། ཡང་ཡང་ཟ་བ་དང་། ཟས་བསོད་པ་སློང་བ་དང་། འདུག་པ་དང་། འགྲེང་བ་དང་། ཕྱིར་མ་བླངས་པ་སྤྱོད་པ་དང་། མ་ལོན་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ལྟུང་
བྱེད་དགུ་བཅུ་པོ་འདི་དག་ལས་བཅོ་བརྒྱད་པོ་འདི་དག་མ་གཏོགས་པ་ལྷག་མ་ཇི་སྙེད་པར་གྱུར་པ་རྣམས་ཞེས་བྱ་བའི་དོན་ཏོ། །འདིར་ཁ་ཅིག་ནི་མི་སྲིད་པའི་ཕྱིར་དགེ་སློང་མ་རྣམས་ཀྱི་ལྟུང་བར་མི་གཞག་པ་ཡང་ཡོད་དེ། འདི་ལྟ་སྟེ་མ་བསྐོས་པར་སྟོན་པ་ལ་སོགས་པ་རྣམས་ཏེ། གང་གི་ཕྱིར་དགེ་སློང་མ་
རྣམས་ཀྱིས་དགེ་སློང་དག་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་ཤིན་ཏུ་སྨད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་བླངས་པ་ཟ་བའི་ལྟུང་བྱེད་དེ་གང་གི་ཕྱིར་སྐྱེས་པས་བླངས་པ་ཟ་བ་ལ། བུད་མེད་ཀྱིས་ཟ་བ་ནི་སྨད་པར་བྱ་བ་མ་ཡིན་ཏེ། དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་རིག་པར་
རྟོགས་པར་བྱའོ། །དགེ་སློང་མའི་ལྟུང་བྱེད་རྣམས་ལ། དགེ་སློང་གི་ཅུང་ཟད་འཇུག་པ་མཉམ་པ་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། སྐྲོད་པའི་ལྟུང་བྱེད་ལྟ་བུའོ། །ཅུང་ཟད་མེད་པ་ནི་འདི་ལྟ་སྟེ། མ་བསླབས་པའི་བསླབ་པ་ལ་བསྙེན་པར་རྫོགས་པ་རྣམ་པར་མ་བཞག་པའི་ཕྱིར།
སྐྱེས་པ་བསླབ་པ་སྤྱོད་པ་ལའོ། །འགའ་ཞིག་ཏུ་ལྟུང་བ་མེད་དོ། །ཉེས་པའི་གླགས་མི་རྙེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ་ལོ་རེ་རེར་རབ་ཏུ་འབྱིན་ཏུ་བཅུག་པ་ལ་གང་གི་ཕྱིར་བུད་མེད་ཀྱི་ཚོགས་ལ་ཉེ་བའི་ཉོན་མོངས་པ་སྲེད་པ་ཤས་ཆེ་བ་ཡིན་གྱི་སྐྱེས་པ་ལ་ནི་དེ་ལྟ་མ་ཡིན་ནོ། །འགའ་ཞིག་ཏུ་
ཇི་ལྟར་ཐོབ་པའི་ཉེས་བྱས་ནི་འདི་ལྟ་སྟེ་ཁྲི་གཅིག་ལ་དགེ་སློང་དག་ཉལ་བ་ལྟར་ཀུན་ནས་རེག་པར་འགྱུར་ནའོ། །འདིར་ནི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་གྱི། རྒྱས་པར་ནི་བྱེ་བྲག་བཤད་མཚོ་ལས་ཤེས་པར་བྱའོ། །ཆོས་ཡོངས་སུ་ཞུས་པ་ལས་དགེ་སློང་ལས་དགེ་སློང་མས་ཟང་ཟིང་ཉེ་བར་
བསྒྲུབ་ཏུ་རུང་ངོ་ཞེས་བྱ་བ་འདི་གནས་ལས་ཐོབ་པ་ཕྲན་ཚེགས་དག་ལས་སྡུད་པ་པོ་རྣམས་ཀྱིས་ཡང་དག་པར་བཅུག་པ་དེ་བསྟན་པར་བྱ་སྟེ། དགེ་སློང་གིས་རབ་ཏུ་བྱུང་བ་མོའི་ཕྱིར་ཟང་ཟིང་ཉེ་བར་སྒྲུབ་ཏུ་རུང་སྟེ། ཆུང་མར་གྱུར་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི་སྔོན་ཁྱིམ་པར་གནས་པའི་ཚེ་གང་ཞིག་
Vol. 161 · folio 25b
ཆུང་མར་གྱུར་པ་ཉིད་ལས་ཏེ། དེ་ལ་ཡང་དགེ་སློང་མ་ཉིད་དུ་གྱུར་ཟིན་པ་ལ་དགེ་སློང་གིས་ཉེ་བར་བསྒྲུབ་ཏུ་རུང་བ་ཁོ་ན་སྟེ། དེ་ནི་རུང་བ་མ་ཡིན་པར་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་བླང་དུ་རུང་ངོ་ཞེས་བྱ་བ་ནི་དགེ་སློང་མ་དེས་ཟང་ཟིང་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་དེ་ལས་ཟང་ཟིང་བླང་དུ་རུང་
བ་ཁོ་ན་ཡིན་པའོ། །ཕྲན་ཚེགས་དག་ལས་སྐྱེས་པ་རྣམས་དང་ལྷན་ཅིག་མལ་དུ་གཏོགས་པ་ཡང་དག་པར་ཞུགས་པ་བརྗོད་པར་བྱ་སྟེ། བུ་ཆུང་ངུ་དང་ལྷན་ཅིག་ཉལ་བ་ལ་ནི་མ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བྱིས་པ་གང་མ་མེད་པར་མཚན་མོ་ཉལ་མི་ནུས་པ་དེ་ནི་བུ་ཆུང་ངུ་ཞེས་བྱ་བར་
རྣམ་པར་གནས་པ་ཡིན་ཏེ། རང་གི་བུ་ཆུང་ངུ་དེ་དང་ལྷན་ཅིག་གནས་པའི་དོན་དུ་འདི་རྗེས་སུ་གནང་བ་ནི་གླེང་གཞི་དང་དོན་ལས་གཏོགས་པར་འགྱུར་བའི་ཕྱིར་རོ། །ཅི་དགེ་སློང་མ་ཐམས་ཅད་ལས་མ་གཏོགས་པ་ཉིད་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གནང་བ་ཐོབ་པ་ལའོ་ཞེས་བྱ་བ་སྨོས་
ཏེ། བུ་ཆུང་ངུ་མ་ཡིན་པ་དང་གང་གིས་ལྷན་ཅིག་ཉལ་བའི་གནང་བ་ཐོབ་པར་གྱུར་པ་དེ་ལས་མ་གཏོགས་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལ་གནང་བ་དེ་སྦྱིན་པ་ཆོས་དང་མཐུན་པ་ཉིད་རིགས་སམ་ཞེ་ན། དེའི་ཕྱིར་དེ་སྦྱིན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། འདི་ལ་དགེ་སློང་མའི་དགེ་འདུན་གྱིས་
གནང་བ་སྦྱིན་པ་ལ་ནི་ཆོས་དང་མཐུན་པ་ཉིད་ཡིན་ཏེ། ངེས་པར་སྦྱིན་པ་དང་། ངེས་པར་ལེན་པ་དང་། ཡང་དག་པར་བསྒྲུབ་པ་དང་། ཚངས་པར་སྤྱད་པ་དང་། ཡོ་བྱད་དང་། རྩེ་བ་དང་། འཇོ་སྒེག་དང་། སྟན་གདིང་བ་དང་། བཟའ་བ་དང་། གོས་དང་། སེར་སྣ་བྱེད་པ་དང་། གནས་ཁང་
ན་འདུག་པར་འགྲོ་བ་དང་། ངེས་པར་འབྱུང་བ་ལ་གཏོགས་པའི་འཇུག་པ་རྣམས་ལས་གཞན་པའི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་བརྒྱ་རྩ་བརྒྱད་པ་དག་ནི་ཡུལ་དུ་གྱུར་པའི་སྤྱོད་པ་དེ་དག་ལ་རྣམ་པར་གཞག་པ་ཡིན་ནོ། །ད་ནི་འདི་མན་ཆད་རྣམ་པར་བཤད་པར་བྱ་སྟེ། གང་ལ་བདག་ཉིད་ཀྱི་མ་ལོན་པ་འཇོག་
པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རབ་ཏུ་འབྱིན་པ་དང་། བསྙེན་པར་རྫོགས་པར་བྱེད་པ་ལའོ་ཞེས་བྱ་བ་སྨོས་སོ། །གནས་སྐབས་གང་ལ་ཞེ་ན། དེའི་ཕྱིར་ལོ་བཅུ་གཉིས་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨོས་སོ། །གང་གིས་ཤེ་ན་དེའི་ཕྱིར་བདག་ཉིད་བསྙེན་པར་རྫོགས་པས་སོ་ཞེས་བྱ་བ་སྨོས་
Vol. 161 · folio 26a
ཏེ། བདག་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པར་རབ་ཏུ་འབྱིན་པ་དང་། བསྙེན་པར་རྫོགས་པར་བྱེད་དུ་འཇུག་པ་ལ་ལྟུང་བྱེད་འདི་རྣམ་པར་གཞག་གོ། །མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དོ། །འཁོར་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་
པར་བྱའོ་ཞེས་བྱ་བ་ནི། འཁོར་ཉེ་བར་གཞག་པའི་གནང་བ་དང་། འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་དགེ་སློང་མ་རྣམས་ཀྱིས་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་མེའི་སྒྲ་ནི་མང་པོ་ལས་ཏེ། དེ་བས་ན་འཁོར་མང་པོ་གཞན་ཞེས་བྱ་བ་འདི་ལས་རྟོགས་པ་མང་པོས་ཚོལ་བ་ཉིད་དོ། །མེའི་
ཆོས་རྣམས་གང་ཡིན་པ་དེ་དང་རྟོགས་པ་མང་པོ་ཉིད་ཀྱི་རྒྱུ་མཚན་གྱིས་འདིར་མེའི་སྒྲ་འདི་འཇུག་པ་ཡིན་ནོ། །ཅི་དགེ་སློང་མ་ཐམས་ཅད་ལ་སྦྱིན་པར་བྱའམ་ཞེ་ན། དེའི་ཕྱིར་དེ་ཉེ་བར་འཇོག་ནུས་པ་ལའོ་ཞེས་བྱ་བ་སྨོས་ཏེ། འཁོར་དེ་ཉེ་བར་འཇོག་པ་དང་འཇོག་ནུས་པའི་གནང་བ་སྦྱིན་པའོ། །འདིར་
ནུས་ཞེས་བྱ་བ་ནི་གཉིས་ཀ་ལ་ཡང་ནད་གཡོག་དང་འགྱོད་པ་བསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གང་ཡིན་པ་དེ་སྔ་མ་ལ་གཏོགས་པར་བྱའོ། །ཕྱི་མ་བསྒྲུབ་པའི་ཕྱིར་འབྱུང་བ་རྣམས་ཀྱི་ནུས་པའོ། །འདིར་གཞུང་ནི་གང་གིས་འཁོར་ཉེ་བར་གཞག་པར་ནུས་པ་དེས་དགེ་འདུན་ལ་འཁོར་ཉེ་བར་གཞག་
པའི་གནང་བ་ཐོབ་ནས་འཁོར་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལོ་བཅུ་གཉིས་ལོན་ལགས་ཏེ། འཁོར་ཉེ་བར་གཞག་པར་སྤྲོ་ནས་ཞེས་བྱ་བ་ཡང་སྔ་མ་དང་ཕྱི་མ་ལ་གང་ཞིག་དང་ལྡན་པ་དེས་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་གསོལ་ན་ཞེས་བྱ་བ་
ལ་སོགས་པ་ཡིན་ནོ། །བདག་མིང་འདི་ཞེས་བྱ་བ་ལོ་བཅུ་གཉིས་ལོན་ལགས་ཏེ། འཁོར་མང་པོ་ཉེ་བར་གཞག་པ་སྤྲོ་ནས་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་གསོལ་ནས་བདག་མིང་འདི་ཞེས་བགྱི་བ་ལོ་བཅུ་གཉིས་ལོན་པ་འཁོར་མང་པོ་གཞག་པའི་དོན་དུ་སྤྲོ་བ་ཞེས་བྱ་བ་ཡང་ངོ་། །ཅི་ནུས་པ་
ཐམས་ཅད་ལ་གནང་བ་དེ་སྦྱིན་པར་བྱའམ་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་ལུང་ནི་གནང་བ་སློང་བའི་སྔགས་རྣམས་ལ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ཞེས་བྱ་བ་ལ་སོགས་པའོ། །བསླབ་པའི་གཞི་སྔ་མ་
Vol. 161 · folio 26b
བཅས་པ་ལ་ཡང་འདི་ཐོབ་པའོ། །གནས་སྦྱིན་པ་ལ་ཡང་ལོ་བཅུའི་གནས་ལ་ཡང་ལོ་བཅུ་གཉིས་ལོན་པ་ཉིད་དགེ་སློང་མ་རྣམས་ལ་འདི་ལས་སྐྱེས་པ་ཉིད་དུ་རིག་པར་བྱའོ། །གཞན་གྱིས་གསོལ་བར་མི་བྱའོ་ཞེས་བྱ་བ་ནི་མི་ནུས་པ་ལོ་བཅུ་གཉིས་མ་ལོན་པས་གནང་བ་འདི་དག་གསོལ་བར་མི་བྱའོ་
ཞེས་བྱ་བའི་དོན་ཏོ། །འདིར་ཡང་ཚིག་འདི་དག་ཉིད་མདོ་ལས་རྟོགས་པར་བྱའོ། །གང་ཡང་ནུས་པ་ཞེས་བྱ་བ་དེ་འདིར་དངོས་ཀྱི་ཚིག་སྟེ། དོན་གཞན་དང་གཞན་ལས་ཐོབ་པར་བྱེད་པའོ། །གང་ལ་འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གནང་བ་མ་ཐོབ་པ་ལའོ་ཞེས་བྱ་བ་
སྨོས་ཏེ། དགེ་སློང་མ་གང་གིས་སྔར་འཁོར་ཉེ་བར་གཞག་པའི་གནང་བ་མ་ཐོབ་པ་དེ་ལའོ། །འཇུག་པ་གང་ལ་ཅི་ཞིག་བྱ་ན་དེ་ལ་དེར་འགྱུར་ཞེ་ན། དེའི་ཕྱིར་འཁོར་ཉེ་བར་འཇོག་ནའོ་ཞེས་བྱ་བ་སྨོས་ཏེ། སླར་དེ་ཉེ་བར་གཞག་པ་ནི་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་དང་། དགེ་
སློབ་མར་བྱེད་པ་དང་། གནས་སྦྱིན་པ་ཞེས་བྱ་བ་རྣམ་པ་བཞི་པོ་དག་གིས་ཤེས་པར་བྱ་བ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ། །འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དོ། །གང་ལ་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཅིག་ཤོས་ནི་འཁོར་མང་པོ་ཞེས་བྱ་བ་
སྨོས་ཏེ། ཉེ་བར་འཇོག་པ་ལའོ་ཞེས་བྱ་བར་སྦྱར་རོ། །སྔར་གནང་བ་མ་ཐོབ་པ་ལའོ་ཞེས་བྱ་བ་དང་། འཁོར་མང་པོ་ཉེ་བར་འཇོག་ནའོ་ཞེས་བྱ་བ་གཉིས་ཀྱང་དོན་གྱིས་བསྒྱུར་ཏེ། འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་
བྱེད་དོ། །གང་ལ་ལོ་བཅུ་གཉིས་མ་ལོན་པར་ཉེ་བར་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། སྔར་བསྙེན་པར་རྫོགས་པའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་བསྟན་པས་དེའི་ཕྱིར།
བུད་མེད་ཁྱིམ་སོ་བཟུང་བ་བག་མར་བཏང་བ་ནི་ན་ཚོད་བཅུ་གཉིས་ལོན་པའི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ། །གཞན་དུ་གང་ལ་ཡིན་ཞེ་ན། དེའི་ཕྱིར་གཞན་ནི་ལོ་ཉི་ཤུའི་འོ་ཞེས་བྱ་བ་སྨོས་ཏེ། མདུན་རོལ་དུ་
Vol. 161 · folio 27a
བསྙེན་པར་རྫོགས་པར་བྱེད་ན་ཉེ་བར་ལྟུང་བའོ། །ལོ་ཞེས་སྨོས་པ་ནི་ལོ་རྣམས་ནི་ལོ་སྟེ་ཞེས་བྱ་བ་དོན་གྱིས་ཉེ་བར་བསྒྱུར་བ་ལ་ཉེ་བར་ལྟུང་བའོ། །ཁྱིམ་སོ་བཟུང་བ་ལས་གཞན་པའི་ཁྱིམ་སོ་མ་བཟུང་བ་ནི་ན་ཚོད་ལོ་ཉི་ཤུ་ལོན་པའི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །
འདིས་ནི་བྱེ་བྲག་ཙམ་བསྟན་པ་ཡིན་ཏེ། འདི་ལས་གཞན་པ་ཐམས་ཅད་འདི་དག་གི་བསྙེན་པར་རྫོགས་པའི་དངོས་པོ་ལྟུང་བྱེད་དུ་བསྒྲུབ་པར་རྟོགས་པར་ཤེས་པར་བྱའོ། །ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ། །གང་ལ་ཚིག་ལས་བཟླས་པའི་ལྟུང་བྱེད་གཉིས་སུ་འགྱུར་ཞེ་ན། དེའི་
ཕྱིར་བསླབ་པ་མ་བྱིན་པ་གཉིས་མཁན་པོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་སོ་བཟུང་བ་དང་བསླབ་པ་གནང་བ་མ་བྱིན་པ་ཉིད་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་གཉིས་སུ་རྣམ་པར་གཞག་པ་ཡིན་ནོ། །སྦོམ་དགའ་མོས་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཞིག་དང་།
ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་ལོན་པ་གཅིག་བསླབ་པའི་སྡོམ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱས་པ་ལས། བསླབ་པའི་གཞི་གཉིས་སོ་སོར་བཅའ་བ་མཛད་པ་གང་ཡིན་པ་དེ་ལ་སྐྱེས་པའི་དབང་གིས་ཡུལ་ཐ་དད་པ་ལ་བརྟེན་ནས་བཅའ་བ་གཉིས་མཛད་པ་ཡིན་ནོ། །དེའི་རྗེས་སུ་འགྲོ་བས་བསླབ་
པའི་གཞི་གཉིས་བསྟན་པ་མཛད་པ་འདི་ཡུལ་ཐ་དད་པ་ལ་བརྟེན་པའོ། །བུད་མེད་ལ་ནི་ཚིགས་གསུམ་ཡོད་དེ། དགེ་ཚུལ་མ་ཉིད་དང་། དགེ་སློབ་མ་ཉིད་དང་། དགེ་སློང་མ་ཉིད་རྣམས་སོ། །དེ་ལྟ་བས་ན་ཚིགས་གཅིག་ལས་འདས་པར་འགྱུར་བ་ཞེས་བྱ་བ་དོན་གྱིས་འདི་དག་ལ་མིང་དང་ཚིགས་ལས་
འདའ་བར་བྱེད་པ་ཞེས་བྱ་བའོ། །ཚིགས་ལས་འདས་པའི་ལྟུང་བྱེད་གཉིས་སོ། །གང་ལ་སྤྱད་པ་ལས་འདའ་བར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་ལས་མ་སྤྱད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བསླབ་པ་འདི་ལ་ལོ་གཉིས་སུ་ཇི་ལྟར་བྱས་པའི་མ་སྤྱད་པ་ཉིད་ལ་མཁན་མོ་ཉིད་ཀྱིས་བསྙེན་པར་
རྫོགས་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །བསླབ་པའི་གཞི་འདི་ནི་སྦོམ་དགའ་མོས་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་རབ་ཏུ་ཕྱུང་སྟེ། ལོ་གཉིས་སུ་དགེ་སློབ་མའི་བསླབ་པའི་སྡོམ་པ་བྱིན་ནས་ལོ་གཉིས་མ་ལོན་པ་ཁོ་ནར་བསྙེན་པར་རྫོགས་པར་བྱས་པ་ལས་བཅས་པ་ཡིན་ནོ། །བསླབ་པ་ལ་མ་བསླབས་
Vol. 161 · folio 27b
པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ། །གང་ལ་གཞན་བསླབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྤྱད་པ་ཉིད་མི་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ལོ་གཉིས་སུ་དགེ་སློབ་མའི་བསླབ་པ་ལ་སྤྱད་ཟིན་པ་ཉིད་ལ་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
ཡང་དགེ་སློང་མ་གང་གིས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་རྣམས་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་རྐྱེན་མ་ཚང་བའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད་པ་ལ་ནི་ཉེས་པ་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་རྗེས་སུ་མི་མཐུན་
པར་འབྱུང་བ་བསྙེན་པར་རྫོགས་པ་མ་ཡིན་པ་འདིའི་ངོ་བོའོ། །འདི་ནི་བསླུ་བར་གྱུར་པ་ཡིན་ཏེ། གང་ཞིག་བརྟུལ་ཞུགས་རྫོགས་པ་ཉིད་ལ་གང་གི་དོན་དུ་བརྟུལ་ཞུགས་སྦྱིན་པ་དེ་མ་གྲུབ་པའོ་སྙམ་པ་དེ་བས་ན་འདི་ཁ་ན་མ་ཐོ་བའོ། །བསླབ་པ་ལ་བསླབ་པ་བསྙེན་པར་རྫོགས་པར་མི་བྱེད་པའི་
ལྟུང་བྱེད་དོ། །གང་ལ་ཆོས་འཚོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་ཁོ་མོ་ལ་གོས་བྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་བསྙེན་པར་རྫོགས་པར་འདོད་པ་ལ་ཟེར་བ་ལའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡོད་པར་གྱུར་པ་ལ་ཆོས་གང་འཚོང་བར་འགྱུར་ཞེས་བྱ་བ་
ཆོས་འཚོང་བའི་ཞེས་བྱ་བ་འདི་བརྗོད་པའི་དོན་ཉིད་ནི་རྙེད་པ་སྟེ། འདིར་མཐུ་དང་ལྡན་པའི་ཆོས་ལ་སྒྱིད་ལུག་པ་དེ་བས་ན་འདིར་ཁ་ན་མ་ཐོ་བའོ། །དེའི་ཕྱིར་འདིར་གོས་ཞེས་སྨོས་པ་ནི་མཚོན་པ་ཙམ་ཡིན་ཏེ། ཤིན་ཏུ་མཆོག་ཏུ་གྱུར་པའི་དོན་ཁས་བླངས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། དེར་
སེར་སྣའི་ཆོས་ལ་ཤིན་ཏུ་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་དམན་པའི་ཐ་མ་རྐང་པ་ཉེད་པ་ལ་ཡང་ལྟུང་བྱེད་ཁོ་ནའོ། །འདིར་ཤིན་ཏུ་ཡང་ཆོས་ལ་ལྟུང་བ་ཉིད་སྐྱེ་བར་འགྱུར་རོ། །བདེ་བར་གཤེགས་པའི་ཆོས་སུ་འགྱུར་བའི་དོན་འདི་ལ་སངས་རྒྱས་ཀྱི་བཀའ་ཀློག་པ་ལ་སོགས་པ་ལ་
ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། །སྡོམ་པ་གཞན་སྦྱིན་པའི་ཕྱིར་ཀློག་པ་ལ་སོགས་པ་སྟེ། དེ་ཁོ་མོ་ལ་ཆོས་གོས་སྟེར་བལྟ་ན་དེའི་ཕྱིར་ཁྱོད་རབ་ཏུ་དབྱུང་བར་བྱའོ་ཞེའམ། ཀློག་ཏུ་གཞུག་གོ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ལ་ནི་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། །བུད་མེད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words